བརྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་འགྲེལ་དག་ལྡན། ༡

༼ཆ༽

༄༅། །བརྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་འགྲེལ་དག་ལྡན་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། རྗེ་བཙུན་བླ་མ་རིན་པོ་ཆེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཀའ་དྲིན་ཅན་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །གང་ཞིག་རྡོ་རྗེ་འཆང་དབང་ཉིད་ཀྱང་ཐུགས་རྗེས་ཕལ་པའི་གཟུགས་འཛིན་དཔལ་ལྡན་བླ་མ་མཆོག་དེ་དང༌། །གང་ཞིག་རྟོགས་པར་བྱ་བ་སྤངས་ཀྱང་དེ་ཉིད་ཐུགས་སུ་ཆུད་གྱུར་དཔལ་ལྡན་སྤྲོས་པ་ཀུན་གྲོལ་ཞིང༌། །གང་ཞིག་འཛིན་པའི་དྲི་མ་མ་ལུས་སྤངས་ཀྱང་ཟག་མེད་བདེ་བས་རྒྱུད་གང་བསྐྱོད་པར་མི་མཛད་པ། །གང་ཞིག་དམིགས་བྱ་སྤངས་ཀྱང་ཐུགས་རྗེས་གཞན་དོན་རྟག་ཏུ་མཛད་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བདག་གི་དཔལ་ལྡན་བླ་ཆེན་གྱིས་ནི་རྣམ་འགྲེལ་ཉུང་ཟད་མཛད་པ་རྡོ་རྗེའི་ཚིག་ལྟར་མི་ཕྱེད་པས། །རྒྱུད་དོན་མ་རྟོགས་དེ་གསལ་བྱ་ཕྱིར་ཐུགས་རྗེས་བསྐུལ་ནས་བདག་གི་བླ་མ་བསོད་ནམས་མཐའ་ཡས་རྩེས། །རྣམ་འགྲེལ་རྒྱ་ཆེར་མཛད་ཀྱང་སྡེབ་སྦྱོར་བྱིངས་ཆེ་ཚིག་དོན་བརླིང་པོ་ཤེས་རབ་དམན་པས་མ་རྟོགས་ནས། །བདག་ལ་ཡང་ཡང་བསྐུལ་བས་རྡོ་རྗེས་ཕུག་རྗེས་སྐུད་པས་བརྒྱུས་བཞིན་བླ་མའི་རྗེས་འབྲངས་བྲི་བར་བྱ། །བློ་དམན་རྣམས་ཀྱིས་གོ་བྱའི་ཕྱིར། །སྙན་དངགས་སྡེབ་སྦྱོར་རྣམ་སྤངས་ཏེ། །རྒྱུད་དོན་རྣམ་འགྲེལ་བརྗོད་པ་ལ། །བླ་མ་རྣམས་ཀྱིས་བཟོད་པར་མཛོད། །དེ་ལ་དཔལ་ལྡན་ཆོས་སྐྱོང་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་མཐུ་སྟོབས་ཀྱི་དབང་ཕྱུག་གི་དགོངས་པས་རྒྱུད་སྡེ་གང་འཆད་ཀྱང་སྔོན་དུ་ཚུལ་བཞི་རྟོགས་ནས་འཇུག་པ་ཡིན་ཏེ། མདོ་རྒྱུད་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་བྱ་བའི་དོན་དུ་སྔོན་དུ་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་དང༌། རང་རང་གི་རྒྱུད་ངོས་གཟུང་བར་བྱ་བའི་དོན་དུ་མཚན་གྱི་དོན་བཤད་པ་དང༌། མཚན་དེ་དང་ལྡན་པའི་རྒྱུད་འཆད་པར་བྱེད་པའི་ཚུལ་བཤད་ཐབས་ཀྱི་མན་ངག་དང༌། བཤད་ཐབས་ཀྱི་མན་ངག་དེས་བཤད་པའི་རྒྱུད་དེ་ཉམས་སུ་བླང་བའི་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་དང་བཞིའོ། །དེ་ལ་དང་པོ་གསུམ་ནི་བདག་གི་བླ་མས་ཕྱོགས་གཅིག་ཏུ་བྱས་པའི་བསྟན་བཅོས་མཛད་ཟིན་ལ། མངོན་པར་རྟོགས་པའང་བདག་ཉིད་ཀྱིས་སྦྱར་ཟིན་པས་དེ་ཉིད་དུ་བལྟ་བར་བྱའོ། །འདིར་བརྟག་པ་གཉིས་ཀྱི་བདག་ཉིད་ལེའུ་ཉི་ཤུ་རྩ་གསུམ་ཤློ་ཀ་བདུན་བརྒྱ་ལྔ་བཅུ་པའི་གཞུང་འདིའི་བཞུགས་ལུགས་དང༌། གང་ཟག་གི་རྒྱུད་ལ་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་ཅུང་ཟད་ཙམ་བརྗོད་ན། དང་པོ་ནི་ཚོང་པ་ཚོང་གི་ཁེ་མཐོང་ནས་འཇུག་པ་དང་འདྲ་བར་ཐོག་མར་འབྲས་བུ་བསྟན། དེ་ནས་ཐབས་ཀྱི་རྒྱུད། དེ་ནས་ལམ་ལ་འཇུག་པ་སྨིན་པར་བྱེད་པའི་དབང་བསྟན་ཏོ། །གཞུང་དེ་ལྟར་གནས་ཀྱང་རྟེན་གྱི་གང་ཟག་གི་རྒྱུད་ལ་སྐྱེ་བའི་རིམ་པ་བླ་མའི་མན་ངག་གིས་འཁྲུགས་བསྡེབས་ནས་བརྗོད་ན། ཐོག་མར་རྒྱུ་རྒྱུད། དེ་ནས་ཐབས་རྒྱུད་དེ་ནས་འབྲས་བུའི་རྒྱུད་བསྟན་ཏོ། །དང་པོ་རྒྱུའི་རྒྱུད་ལ་ལྟོས་པ་སེམས་ཅན་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་ཉིད་ཡིན་ནོ་ཞེས་བསྟན་པ་ནི། ཕྱི་མའི་ལེའུ་བཞི་པ་ལས། རང་དང་རང་གིས་རྟོགས་པ་ལས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། །བྱེ་བྲག་ཏུ་གྲུབ་ཉེ་བ་ལ་དགོངས་ནས་རིགས་ལ་ལྟོས་པ་ནི། ཕྱི་མའི་ལེའུ་བཅུ་གཅིག་པ་ལས། ལུས་ཅན་རང་གི་རིགས་བཤད་ཀྱིས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྤང་བྱ་ལ་ལྟོས་པ་ནི། ཕྱི་མའི་ལེའུ་བཞི་པ་ལས། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བྱེ་བྲག་ཏུ་རྐྱེན་བསྒྲུབ་ཏུ་རུང་བ་རྐྱེན་ལ་ལྟོས་པ་ཐུན་མོང་གིས་རྒྱུད་སྦྱངས་ནས་འཇུག་པ་དང༌། སྐལ་བ་དང་ལྡན་པ་རྒྱུད་མ་སྦྱངས་ཀྱང་འཇུག་ཏུ་རུང་བ་གཉིས་ཀ་ཕྱི་མའི་ལེའུ་གཉིས་པ་ལས། དགེ་བ་བཅུ་ལ་གོམས་པ་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཐབས་ཀྱི་རྒྱུད་ལ་གཉིས་ལས། སྐལ་བ་དང་མི་ལྡན་པ་རིམ་གྱིས་སྦྱང་བ་ནི། ཕྱི་མའི་ལེའུ་བརྒྱད་པ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པ་ལ་གཉིས། སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པའོ། །དེ་ལ་དང་པོ་སྨིན་པར་བྱེད་པ་ནི་བརྟག་པ་དང་པོའི་ལེའུ་བཅུ་པ་དང༌། ཕྱི་མའི་ལེའུ་གསུམ་པའི་ཆ་དང༌། ལྔ་པའི་ཆ་དང༌། བཅུ་གཉིས་པའི་ཆ་རྣམས་ཀྱིས་སྟོན་ཏོ། །དེའང་དབང་རིམ་གྱིས་བསྐུར་བ་དང་ཅིག་ཅར་གྱིས་བསྐུར་བའི་ཚུལ་གཉིས་ཡིན་ནོ། །དེ་ལ་རིམ་གྱིས་བསྐུར་བའི་དབང་དུ་བྱས་ན་དང་པོར་བུམ་པའི་དབང་ཙམ་བསྐུར་ནས་དེའི་རྗེས་སུ་འབྲེལ་པའི་ལམ་སྟོན་པས་དམ་ཚིག་དང་སྡོམ་པ་ལ་སོགས་པ་ནས་བརྩམས་ཏེ། བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་སྟོན་ཏོ། །དེ་ནས་འོས་སུ་གྱུར་པ་ན་མཆོག་དབང་གསུམ་བསྐུར་ནས་རྟོགས་པའི་ལྟ་བ་ནས་བརྩམས་ཏེ་རིམ་པ་གཉིས་སྟོན་ཀྱང་གཙོ་བོར་རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་སྟོན་པ་ཡིན་ནོ། །དབང་ཅིག་ཅར་དུ་བསྐུར་བའི་དབང་དུ་བྱས་ན་དང་པོ་རྟོགས་པའི་ལྟ་བ་བསྟན་ནས། དེས་ལམ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་བར་བྱས་ནས། དེ་ནས་རིམ་པ་གཉིས་སྤྱོད་པ་དང་ཉེ་བའི་རྒྱུ་དང་བཅས་པ་ལམ་གྱི་གཙོ་བོ་རྣམས་སྟོན། དེ་ནས་བཟླས་པ་ལ་སོགས་པ་ལམ་གྱི་ཡན་ལག་རྣམས་སྟོན་པ་ཡིན་ནོ། །དེ་ལྟར་ལུགས་གཉིས་པོ་དེའང་གང་ཟག་མཆོག་རྣམས་ལ་ཅིག་ཅར་བ་མཆོག་ཡིན་ལ། གང་ཟག་འབྲིང་མན་ཆད་ལ་དབང་རིམ་གྱིས་བསྐུར་བ་མཆོག་ཡིན་ནོ། །དེ་བས་ན་བླ་མ་དམ་པས་རྒྱུད་དུ་གསུངས་པ་གང་ཟག་མཆོག་གི་དབང་དུ་བྱས་ནས་དབང་ཅིག་ཅར་བསྐུར་བའི་ལུགས་སུ་སྦྱར་ཏེ་གསུངས་ལ། ཉམས་སུ་བླང་བའི་དུས་སུ་དབང་རིམ་གྱིས་བའི་ཕྱག་ལེན་དུ་མཛད་དེ་འགལ་བ་ཡོད་པ་མ་ཡིན་ནོ། །འདིར་དབང་ཅིག་ཅར་དུ་བསྐུར་བའི་དབང་དུ་བྱས་ཏེ་བརྗོད་ན། གཙོ་བོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ་ནས་བརྗོད་པར་བྱ་སྟེ། ཐོག་མར་དབང་གི་རྗེས་ལ་ལྟ་བ་སྟོན་པ་ནི། བརྟག་པ་དང་པོའི་ལེའུ་དང་པོ་དང༌། ལྔ་པའི་ཕྱོགས་གཅིག་དང༌། དགུ་པའི་ཆ་དང༌། བཅུ་པའི་ཆ་དང༌། ཕྱི་མའི་ལེའུ་གསུམ་པ་དང༌། བཞི་པའི་ཆ་བསྟན་ཏོ། །ལྟ་བ་ལ་གནས་པ་དེས་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་བསྒོམ་པ་ནི་བརྟག་པ་དང་པོའི་ལེའུ་གསུམ་པ་དང༌། བཞི་པ་དང༌། བརྒྱད་པའི་ཆ་དང༌། དགུ་པའི་ཆ་དང༌། ཕྱི་མའི་ལེའུ་གཉིས་པའི་ཆ་དང༌། གསུམ་པའི་ཆ་དང༌། བཞི་པའི་ཆ་དང༌། ལྔ་པ་རྣམས་ཀྱིས་བསྟན་ཏོ། །དེ་ལ་བརྟེན་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི་བརྟག་པ་དང་པོའི་ལེའུ་དང་པོ་དང༌། ལེའུ་ལྔ་པ་དང༌། བརྒྱད་པའི་སྨད་དང༌། ཕྱི་མའི་ལེའུ་གཉིས་པ་དང༌། གསུམ་པའི་ཆ་དང༌། བཞི་པའི་ཆ་དང༌། བརྒྱད་པའི་ཆ་དང༌། བཅུ་གཅིག་པ་རྣམས་ཀྱིས་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ཀ་བསྒོམ་དགོས་པ་ཡང་དང་པོའི་བརྒྱད་པ་དང༌། ཕྱི་མའི་གཉིས་པ་ལས་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ལ་གནས་ནས་དྲོད་ཐོབ་པས་སྤྱོད་པ་སྤྱད་པར་བསྟན་པ་ནི་བརྟག་པ་དང་པོའི་ལེའུ་དྲུག་པ་དང༌། བདུན་པ་དང༌། ཕྱི་མའི་གཉིས་པ་དང༌། གསུམ་པའི་ཆ་རྣམས་ཀྱིས་བསྟན་ཏོ། །སྤྱོད་པ་ལ་གནས་ནས་ཉེ་བའི་རྒྱུ་བསྟན་པ་ནི། བརྟག་པ་དང་པོའི་ལེའུ་བརྒྱད་པ་ནི་གཙོ་བོ་ཡིན་ལ། ལེའུ་བཅུ་པ་ལས་མིང་ཙམ་བསྟན་ལ། ཕྱི་མའི་ལེའུ་གཉིས་པས་བསྟན་ཏོ། །དེའི་བསྒོམ་པའི་ཚུལ་ནི་སྔར་བསྟན་པའི་རྫོགས་པའི་རིམ་པ་དང་འདྲ་བས་ན་དེ་རྫོགས་པ་རྣམས་ཉིད་ཀྱིས་བསྟན་ཏོ། །དེ་ལྟ་བུ་དེའི་ལམ་གྱི་ཡན་ལག་ལ་དྲུག་ལས། དང་པོར་བཟླས་པ་ནི་བརྟག་པ་དང་པོའི་ལེའུ་གཉིས་པ་དང༌། ཕྱི་མའི་ལྔ་པ་དང༌། དགུ་པ་དང༌། བཅུ་པ་རྣམས་ཀྱིས་བསྟན་ཏོ། །གཏོར་མ་ནི་དང་པོའི་གཉིས་པ་དང་ཕྱི་མའི་བཞི་པ་ལས་བསྟན་ཏོ། །སྦྱིན་སྲེག་ནི་ཕྱི་མའི་དང་པོ་ལས་སོ། །རབ་གནས་ཀྱང་ལེའུ་དེ་ཉིད་ལས་སྟོན་ཏོ། །སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་ནི་བརྟག་པ་དང་པོའི་ལེའུ་གཉིས་པ་དང་བཅུ་གཅིག་པ་དང་ཕྱི་མའི་དགུ་པ་ལས་སྟོན་ཏོ། །གཉིས་ཀ་ལ་དགོས་པའི་དམ་ཚིག་དང་སྡོམ་པ་ནི། སྤྱིར་ལས་དང་པོ་པའི་དམ་ཚིག་དང༌། བརྟན་པ་ཐོབ་པའི་དམ་ཚིག་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་ཅེས་བྱ་བ་གསུམ་ཡིན་ལ། རེ་རེ་ལའང་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང་གཉིས་སམ། བསྟེན་པའི་དམ་ཚིག་ཅེས་བྱ་བ་གསུམ་དུའང་བསྡུ་བའོ། །བསྲུང་བ་ནི་དབང་སོ་སོའི་བསྲུང་བ་རྩ་ལྟུང་བཅུ་བཞི་པ་ལ་སོགས་པ་སྟེ། འདིར་དང་པོའི་ལེའུ་བཅུ་གཅིག་པ་དང༌། དྲུག་པ་ལ་སོགས་པའི་ཆ་འགའ་ཙམ་དང༌། ཕྱི་མའི་གསུམ་པར་དབང་གོང་མའི་དམ་ཚིག ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ལ་སོགས་པ་ཡིན་ནོ། །བཟའ་བའི་དམ་ཚིག་ལ་རྒྱུན་དུ་བསྟེན་པ་ནི་ཤ་ལྔ་བདུད་རྩི་ལྔ་སྟེ། དང་པོའི་བཅུ་གཅིག་པར་རོ། །ཁྱད་པར་གྱི་བཟའ་བའི་དམ་ཚིག་ནི་ཚོགས་ཀྱི་འཁོར་ལོ་སྟེ། དང་པོའི་བདུན་པ་དང༌། །ཕྱི་མའི་གསུམ་པ་དང༌། བདུན་པས་བསྟན་ཏོ། །ཕྱི་མའི་བཞི་པའི་གླུ་གར་ཡང་དེ་དང་འབྲེལ་པའོ། །བསྟེན་པའི་དམ་ཚིག་ནི་བསྲུང་བའི་ཁོངས་སུ་འདུའོ། །དེ་ལ་གཉིས་ཏེ། རང་དང་འབྲེལ་པ་དང༌། གཞན་དང་འབྲེལ་པའོ། །དང་པོ་ནི་ལམ་རིམ་པ་གཉིས་བསྒོམ་པ་དང་སྨོན་ལམ་ལ་སོགས་པ་ལ་བརྩོན་པ་ནི་མི་ཉམས་པར་བྱ་བའོ། །ཉམས་པ་ཕྱིར་བཅོས་པ་ནི་ཚོགས་འཁོར་དང་བདག་འཇུག་གོ །གཞན་དང་འབྲེལ་པ་ནི་སློབ་མ་ཡོངས་སུ་སྨིན་པར་བྱེད་པའོ། །མི་འབྲལ་བའི་དམ་ཚིག་ནི་ཕྱི་མའི་དྲུག་པ་དང༌། བདུན་པས་བྲིས་སྐུ་དང་གླེགས་བམ་དང་རྒྱན་དྲུག་རྣམས་བསྟན་ཏོ། །བརྟན་པ་ཐོབ་པའི་དམ་ཚིག་ནི་རྫོགས་པའི་རིམ་པ་ཉིད་དེ་དབང་གསུམ་གྱི་དམ་ཚིག་གོ །བརྟན་པ་ཆེར་ཐོབ་པའི་དམ་ཚིག་ནི་སྔར་བསྟན་པའི་སྤྱོད་པ་ཉིད་དོ། །སྤྱིར་དམ་ཚིག་དང་སྡོམ་པའི་ནང་དུ་ཆོས་མཐའ་དག་ཀྱང་འདུ་སྟེ། དཔེར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མཐའ་དག་ཀྱང་འདུ་བ་དང་འདྲའོ། །དེ་ལྟར་ལམ་བསྒྲུབས་པ་ལས་འབྲས་བུ་ས་ཐོབ་པའི་རིམ་པ་ནི། བརྟག་པ་དང་པོའི་ལེའུ་བདུན་པ་ལས་གནས་ལ་སོགས་པ་ས་བཅུ་གཉིས་གསུངས་སོ། །དེ་ལས་འབྲས་བུ་གྲུབ་པ་དངོས་ནི་བརྟག་པ་དང་པོའི་ལེའུ་དང་པོ་ལས་གཙོར་བསྟན་ལ། བཅུ་པ་དང༌། ཕྱི་མའི་གཉིས་པ་ལས་ཅུང་ཟད་གསུངས་པ་ཡིན་ནོ།།  །།དེ་ལྟ་བུའི་མངོན་པར་རྟོགས་པ་མཐའ་དག་ཀྱང་འདིར་མདོ་ཙམ་གསུངས་པ་དེ་བླ་མའི་མན་ངག་གིས་བཤད་པའི་རྒྱུད་ཀྱི་དགོངས་པས་ཁ་བསྐང་ཞིང་ཉམས་སུ་བླང་བར་བྱའོ། །མངོན་པར་རྟོགས་པ་དེ་དག་ཀྱང་གསལ་བ་དང་མི་གསལ་བའི་དབྱེ་བས་རྒྱུ་དང་ཐབས་དང་འབྲས་བུའི་རྒྱུད་ཀྱི་རིམ་པར་གཞག་གི ཐམས་ཅད་ཀྱང་རྟེན་གྱི་གང་ཟག་གཅིག་གིས་ད་ལྟ་ཉིད་དུ་ཉམས་སུ་བླང་བ་ཉིད་ལས་མ་གཏོགས་པ་གཞན་མེད་པས་ཐམས་ཅད་ཉམས་སུ་བླང་བར་བྱ་བ་ཁོ་ན་ཡིན་ནོ། །རེ་ཞིག་བཞུགས་ལུགས་དང་མངོན་པར་རྟོགས་པ་གང་ནས་གང་འབྱུང་བ་མདོར་བསྡུས་པའི་ཚུལ་གྱིས་ཅུང་ཟད་བསྟན་ཟིན་ཏོ། །ལེའུ་གང་ནས་བརྗོད་བྱ་གང་འབྱུང་བ་ནི་རྒྱས་པར་བཤད་པའི་སྐབས་ནས་འབྱུང་བས་རེ་ཞིག་འདིར་བརྗོད་པར་མི་བྱའོ།།  །།ད་ནི་རྒྱུད་ཀྱི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བའོ། །དང་པོ་ལ་བཤད་ཚུལ་གྱི་དབང་དུ་བྱས་ན་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་གི་དབང་དུ་བྱས་ནས་འཁོར་དང་སྟོན་པ་ཐ་དད་ཀྱི་ཚུལ་གྱིས་གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་དུ་བཤད་པ་དང༌། འཁོར་དང་སྟོན་པ་ཐ་མི་དད་ཀྱི་དབང་དུ་བྱས་ཏེ་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་ལྟར་བཤད་པའོ། །དང་པོའི་དབང་དུ་བྱས་ན་གླེང་གཞི་འདི་ནི་སྟོན་པའི་བཀའ་མ་ཡིན་ཏེ་སྡུད་པ་པོས་དོན་གྱི་གླེང་གཞི་རྟོགས་པ་བསྐྱེད་པའི་ཕྱིར་བྲིས་པ་ཡིན་ནོ། །དེ་ལྟ་ན་བཀའི་ཐོག་མར་སྟོན་པ་ཅིའི་ཕྱིར་ཞེ་ན། འདིའང་རྗེས་སུ་གནང་བའི་བཀར་འགྱུར་ཏེ། སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། མ་འོངས་པའི་དུས་སུ་ངའི་ཆོས་རྣམས་སྡུད་པར་བྱེད་པ་དེའི་ཚེ་ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གླེང་སློང་ལ། བར་དུ་མཚམས་སྦྱོར་གྱི་ཚིག་ཆུག་ལ། མཇུག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ཆུག་ཅིག་ཅེས་གསུངས་པ་ཡིན་པས་ཐོག་མར་འབྱུང་བ་ལ་ཉེས་པ་མེད་དོ། །ཡང་གླེང་གཞི་འདི་ནི་ནི་དཱ་ན་ཞེས་བྱ་བ་ཡིན་ལ། དེ་ནི་བྱུང་བར་ངས་པ་ཞེས་བྱ་བ་སྟེ། དོན་གྱི་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ནི་ཆོས་འབྱུང་བའི་རྒྱུར་བྱུང་བར་ངེས་ཏེ། འདི་ལྟར་ཆོས་ཕུན་སུམ་ཚོགས་པ་དང༌། འཁོར་དང༌། དུས་དང༌། སྟོན་པ་དང༌། གནས་ཕུན་སུམ་ཚོགས་པ་སྟེ་ལྔ་པོ་གང་རུང་ཅིག་མེད་ཀྱང་ཆོས་འབྱུང་བའི་རྒྱུར་མི་འགྱུར་བས། སྔོན་ལྔ་ཀ་ཚང་བའི་ཚེ་ཆོས་འབྱུང་བ་ཡིན་ནོ། །སྒྲའི་གླེང་གཞི་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ནི་སྡུད་པ་པོ་ངས་སྔོན་ཕུན་སུམ་ཚོགས་པ་ལྔ་འཛོམ་པའི་དུས་སུ་ཆོས་འདི་ལྟ་བུ་ཐོས་སོ་ཞེས་མ་འོངས་པའི་རྒྱུད་ལ་ཕུན་སུམ་ཚོགས་པ་ལྔའི་རྟོགས་པ་བསྐྱེད་པའི་ཕྱིར་བྱུང་བར་ངེས་ཏེ། རོལ་རྙེད་མ་ཕྲོགས་པའམ། གནོད་སྦྱིན་ཁ་པ་ར་བསད་པའི་ལོ་རྒྱུས་ཀྱིས་དེ་དག་གི་རྟོགས་པ་བསྐྱེད་པ་དང་འདྲའོ། །བཤད་ཚུལ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་དུ་བཤད་པ་དང་འབྲེལ་ལོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཡིན་ལ། བཅོམ་ལྡན་འདས་ལ་ཡི་གེའི་དོན་ཅུང་ཟད་ཀྱང་འཇུག་གོ །མངོན་པར་རྟོགས་པ་ནི་ཐུན་མོང་གི་ཐེག་པ་ལ་རིམ་གྱིས་བསླབ་པ་དང་འབྲེལ་ལ། བཤད་པའི་རྒྱུད་ནི་སཾ་པུ་ཊའི་བརྟག་པ་དང་པོ་དངོས་ཀྱིས་གསལ་བར་བྱེད་དོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ཚིག་གི་དོན་བརྗོད་པར་བྱ་སྟེ། ཐོག་མར་ཐོས་ཞེས་བྱ་བ་དེ་ལ་རྐྱེན་གང་ཞེས་བྱ་བ་བྱིན་ལ་ཕུན་སུམ་ཚོགས་པ་ལྔ་ཀའི་དྲི་བར་སྦྱར་ཏེ། གང་ཐོས། གང་གིས་ཐོས། གང་གི་ཚེ་ཐོས། གང་ལས་ཐོས། གང་དུ་ཐོས་ཞེས་བྱ་བ་ལྔའི་དྲི་བ་ལས། གང་ཐོས་ན་ཆོས་ཕུན་སུམ་ཚོགས་པ་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཁོ་ན་ལས་དབྲི་བསྣན་མེད་ཅིང་སྒྲོ་སྐུར་དང་བྲལ་བ་སྟོན་ཏེ། སཾ་པུ་ཊ་ལས་འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི། དེ་སྐད་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་ཚོགས་ལ་སྙེགས་སོ་ཞེས་བརྗོད་དོ་ཞེས་གསུངས་སོ། །གང་གིས་ཐོས་ན་འཁོར་ཕུན་སུམ་ཚོགས་པ་བདག་གིས་ཐོས་ཏེ། ཉེ་བ་མངོན་སུམ་གྱི་ཚིག་གིས་བཅོམ་ལྡན་འདས་ཉིད་ལས་ཐོས་ཀྱི། གཞན་དང་གཞན་ལས་བརྒྱུད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་ཞེས་བྱ་བ་ནི་རྣ་བའི་དབང་པོ་སྐྱོན་མེད་ཅིང་དྲན་པ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་ཐོས་པའི་ཤེས་རབ་ཀྱིས་ཐོས་ཀྱི། བསྒོམས་བྱུང་གི་ཤེས་རབ་ཀྱིས་དོན་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་སྐད་དུ་སཾ་པུ་ཊ་ལས། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་ཡེ་ཤེས་ཀྱིས་ཐོས་པ་ཡིན་གྱི་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །མངོན་དུ་གྱུར་པའི་སྐྱོན་གང་ལགས། བཀའ་སྩལ་པ། སྡུད་པ་པོ་དང་འཆད་པར་བྱེད་པ་དག་དབྱེར་མེད་པར་འགྱུར་རོ་ཞེས་གསུངས་ཏེ། འདིས་ནི་འཁོར་ཕུན་སུམ་ཚོགས་པའི་ནང་ནས་བྱེ་བྲག་ཏུ་སྡུད་པ་པོའང་བསྟན་ཏོ། །དུས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་གང་གི་ཚེ་ཐོས་ན་དུས་གཅིག་གི་ཚེ་ཐོས་ཞེས་བྱ་སྟེ། དུས་ཞེས་བྱ་བ་ནི་སྟོན་པ་སྤྱོད་ལམ་གྱི་དུས་དང༌། ནང་དུ་ཡང་དག་འཇོག་གི་དུས་དང༌། སྙོམས་པར་འཇུག་པའི་དུས་དང༌། ཆོས་འཆད་པ་སྟེ་བཞི་ལས་གསུང་གི་ཕྲིན་ལས་ཆོས་འཆད་ཅིང་བཞུགས་པའི་དུས་སུ་ཐོས་སོ། །གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ། །འདིས་ཆེ་བ་གསུམ་དང་ལྡན་པར་བསྟན་ཏེ། སྟོན་པ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པའི་ཕྱིར་དབྱར་དགུན་ལ་སོགས་པའི་དུས་ཀྱི་ངེས་པ་གཟུང་བར་མི་ནུས་ཏེ། ཆོས་འཆད་པ་གཅིག་གི་ཚེ་གློག་དང་འདྲ་བའི་ལྗགས་བསྐྱོད་ནས་སྐད་ཅིག་ལ་གསུངས་པས་ན། འཆད་བྱེད་སྟོན་པའི་ཆེ་བ་ཡིན་ནོ། །དུས་གཅིག་ལས་ལན་གཉིས་སུ་རྒྱུད་ཀྱི་དོན་འདི་རྣམ་པ་ཐམས་ཅད་དུ་མ་གསུངས་ཏེ། རྒྱུད་ཀྱི་དོན་རྙེད་པར་དཀའ་བས་ན་བཤད་བྱ་ཆོས་ཀྱི་ཆེ་བ་ཡིན་ནོ། །གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཉིད་ལ་འདི་རྟོགས་ཤིང་ཁོང་དུ་ཆུད་པས་ན་སྡུད་པ་པོ་ཤེས་རབ་ཕུན་སུམ་ཚོགས་པར་བསྟན་ལ། དུས་གཅིག་གི་ཚེ་འདི་ཐོས་ལ་གཞན་དུ་ནི་གཞན་ཡང་ཐོས་སོ་ཞེས་ཤུགས་ཀྱིས་བསྟན་པས་སྡུད་པ་པོ་ཐོས་པ་མང་བ་ཕུན་སུམ་ཚོགས་པ་སྟེ་གཉིས་པོ་འདིས་ནི་ཉན་པ་པོ་འཁོར་གྱི་ཆེ་བ་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་གང་ལས་ཐོས་ན་བཅོམ་ལྡན་འདས་ལས་ཐོས་ཏེ། དེ་ལ་བཅོམ་པ་དང་ལྡན་པ་གང་ལ་ཡོད་པ་ནི་བཅོམ་ལྡན་ཏེ། བྷ་ག་ཝཱཉྫ་ན་ཞེས་བྱ་བའི་སྒྲས་བདུད་བཞི་བཅོམ་པས་བཅོམ་ལྡན་འདས་ཞེས་བྱ་བར་འགྱུར་ཏེ། ཐོག་མར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཐའ་དག་བཅོམ་ཞིང་སྤངས་པ་ནི་ཉོན་མོངས་པའི་བདུད་བཅོམ་པའོ། །ཉོན་མོངས་པ་མེད་པས་གང་གིས་ཀྱང་བར་དུ་གཅད་པར་མི་ནུས་པས་ལྷའི་བུའི་བདུད་བཅོམ་པའོ། །དེ་བས་ན་འཆི་བ་མེད་དེ་ཚེ་ལ་དབང་ཐོབ་པས་ན་འཆི་བདག་གི་བདུད་བཅོམ་པའོ། །འཆི་བ་མེད་པས་ན་ཕུང་པོ་ཉིང་མཚམས་སྦྱོར་བ་མེད་པས་ཕུང་པོའི་བདུད་བཅོམ་པའོ། །དེ་བས་ན་བཅོམ་པའི་སྒྲ་ནི་བདུད་བཞི་བཅོམ་པ་ལ་འཇུག་སྟེ། དཔལ་རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང༌། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །ཅེས་སོ། །ཡང་བྷ་ག་ཨཾ་ས་ཞེས་བྱ་བའི་སྒྲར་དྲངས་ན་ལྡན་པར་འགྱུར་ཏེ། ལྡན་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་གི་སྐལ་བ་དང་ལྡན་པའོ། །དེའང་འདི་ལྟར་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་སྟོན་པ་འདི་ལ་འཇིག་རྟེན་ན་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་གང་གིས་ཀྱང་ཆོས་དང་མཐུན་པར་རྒོལ་བ་མེད་པ་སྟེ་ལམ་གྱི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །གཟུགས་བཟང་བ་ནི་བ་སྤུའི་ཁུང་བུ་གཅིག་ལའང་བསྐལ་བའམ་བསྐལ་པ་ལས་ལྷག་པར་བལྟས་ཀྱང་ཆོག་མི་ཤེས་པ་སྟེ་བཟོད་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །གྲགས་པ་ནི་གདུལ་བྱ་གང་ན་གནས་པ་དེར་བཅོམ་ལྡན་འདས་ཀྱི་གྲགས་པ་དང་སྙན་པས་ཁྱབ་སྟེ་དེ་དག་གི་ཡིད་ཚིམ་པར་བྱེད་པ་སྟེ། ལྷ་རྣམས་ནི་བདག་ཅག་ལྷ་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ་ཚུལ་ཁྲིམས་མཐར་ཕྱིན་པའོ། །དཔལ་ནི་ཞིང་ཁམས་དང་འཁོར་གྱི་ཚད་ཡོངས་སུ་གཟུང་བར་མི་ནུས་པ་སྟེ་སྦྱིན་པ་མཐར་སྤྱིན་པའོ། །ཡེ་ཤེས་ནི་སྐད་ཅིག་གཅིག་གིས་ཁོངས་སུ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཇི་སྙེད་པ་དང་ཇི་ལྟ་བ་ཐམས་ཅད་མཁྱེན་པ་སྟེ་བསམ་གཏན་མཐར་ཕྱིན་པའོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་སྐད་ཅིག་མ་གཅིག་ལ་གདུལ་བྱ་མཐའ་དག་གི་སྐལ་བ་ཇི་ལྟ་བ་བཞིན་དོན་མཛད་པ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །དེ་ལྟར་དྲུག་ལ་སྐལ་བ་ཡིན་པར་ཡང་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་གསུངས་སོ། །དཔལ་ཁ་སྦྱོར་ལས་ཀྱང་འདི་ལྟ་སྟེ། དབང་ཕྱུག་དང་གཟུགས་བཟང་བ་དང་དཔལ་དང་གྲགས་པ་དང་ཡེ་ཤེས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ་དེ་འདི་ལ་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་གང་ཞིག་མི་མཐུན་པའི་ཕྱོགས་ཀྱི་ཆོས་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ་ཞེས་གསུངས་སོ། །འདས་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་གྱི་ལེགས་ལྡན་ལས་ཁྱད་པར་དུ་བསྟན་པའི་ཕྱིར་བོད་ཀྱི་མཁས་པ་དག་གིས་བླ་ཐབས་སུ་བསྣན་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྟོན་པ་འདི་ནི་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། རྒྱུད་ཕྱི་མ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་འབྱུང་བའི་ཕྱིར་རོ། །འདིའི་རྣམ་པའང་མི་བསྐྱོད་ཀྱེའི་རྡོ་རྗེའི་གནས་མནན་པ་སྟེ། གཉིས་སུ་མེད་པར་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ་རྒྱུད་འདིར་གདུལ་བྱའི་ཕྱིར་ཀྱེའི་རྡོ་རྗེའི་གཟུགས་ཅན་ཞལ་བརྒྱད་པ་ཕྱག་བཅུ་དྲུག་ཞབས་བཞི་པ་སྟེ་ཟླ་བ་ཆུ་ཤེལ་ནོར་བུའི་འོད་དོ། །དེ་ལྟ་བུའི་རྣམ་པ་ཡིན་པར་ཡང་ཕྱི་མའི་ལྔ་པ་ལས། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པ་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མས་ནི་སྐུ་ལ་འཁྱུད། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །བདག་མེད་མ་ནི་ཉིད་ཀྱིས་ཞུས། །ཞེས་གསུངས་པས་ཤེས་པར་ནུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་འདི་རྣམས་སྟོན་པའི་ཁྱད་པར་ཡིན་པར་བླ་མ་དག་གསུངས་ལ། རྣམ་བཤད་བྱེད་པ་ཕལ་ཆེར་རྣམས་ཀྱིས་གནས་ཀྱི་ཁྱད་པར་དུ་འཆད་དོ། །དེ་ལ་སྟོན་པའི་ཁྱད་པར་དུ་སྦྱར་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང་གཟུགས་ཀྱི་སྐུ་དེ་བཞིན་ཉིད་ལས་སླར་ཡང་གཤེགས་པའི་ཕྱིར་ཏེ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའི་སྒྲ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའམ་དེ་ལས་དབྱེ་བས་བསམ་གྱིས་མི་ཁྱབ་པའི་བར་དུ་གཟུང་ངོ༌། །དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྡུ་བ་ནི་སྐུའི་གསང་བ་དང་གསུང་གི་གསང་བ་དང་ཐུགས་ཀྱི་གསང་བ་ཞེས་བྱ་བ་འདི་གསུམ་དུ་བསྡུ་བའི་ཕྱིར་རོ། །ཡང་ན་སྐུ་ནི་མཚན་དང་དཔེ་བྱད་འབར་བའོ། །གསུང་ནི་དབྱངས་ཀྱི་ཡན་ལག་དྲུག་ཅུའོ། །ཐུགས་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའོ། །དེ་རྣམས་ཀྱི་སྙིང་པོ་ཞེས་བྱ་བ་ནི་དེ་རྣམས་ལས་མཆོག་ཏུ་གྱུར་པའམ། དེ་རྣམས་ཀྱི་འབྱུང་བའི་གནས་ཏེ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་འབར་བ་ཁ་སྦྱོར་གྱི་སྐུ་གང་ཡིན་པའོ་ཞེས་གསུང་ངོ༌། །དེ་དག་གནས་ལྟར་དུ་བཤད་ན་བཅོམ་ལྡན་འདས་དེ་གང་ན་བཞུགས་སྙམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ལ་སྟེ་གསང་བ་གསུམ་པོ་དེ་ཉིད་དབྱེར་མི་ཕྱེད་པ་ལ་སྙིང་པོ་ཞེས་བྱ་བའམ། ཡང་ན་གསང་བ་གསུམ་པོ་དེའི་འབྲས་བུའམ་བཅུད་དམ་མཆོག་གོ །དཔེ་ཁ་ཅིག་ལ་སྙིང་པོ་ཞེས་བྱ་བ་མི་སྣང་སྟེ། དེའི་ལུགས་ནི་བཤད་སླ་མོད་ཀྱི་མི་དག་སྟེ། འོག་ནས་སྙིང་པོ་ཞེས་བརྗོད་བྱའི་གཙོ་བོར་འབྱུང་བའི་ཕྱིར་རོ། །དེ་ལྟར་གསང་བ་གསུམ་པོ་མཚོན་པར་བྱེད་པའི་བརྡར་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ནི་གྲུ་གསུམ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིག་མའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །སྐུ་གསུང་ཐུགས་སུ་དབྱེ་བ་ཡིས། །གྲུ་གསུམ་རྣམས་སུ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ནི་ཇི་ལྟར་རྡོ་རྗེ་རིན་པོ་ཆེ་གཞན་གང་གིས་ཀྱང་མི་ཕྱེད་པ་ལྟར་ནམ་མཁའ་གང་གིས་ཀྱང་མི་ཕྱེད་པ་རྡོ་རྗེའི་རང་བཞིན་ནམ་མཁའི་ཁམས་ཟུར་གསུམ་པའོ། །དེ་ཉིད་རྡོ་རྗེ་བཙུན་མོའི་བྷ་ག་ཞེས་སྨོས་ཏེ། བཙུན་མོ་ནི་སངས་རྒྱས་རྣམས་ཀྱིས་བསྟེན་པར་བྱ་བས་ན་སྤྱན་ལ་སོགས་པ་རྡོ་རྗེ་ལྷ་མོའོ། །ཡང་ན་རྡོ་རྗེ་ནི་རིགས་ལྔའོ། །དེའི་བཙུན་མོ་ནི་སྤྱན་ལ་སོགས་པའོ་ཞེས་མར་སྦྱར་བར་བྱའོ། །བྷ་ག་ནི་འཇོམས་པ་སྟེ་དེའི་ཉེར་གནས་སུ་རྣམ་རྟོག་འཇོམས་པས་སམ། ཡང་ན་ལོངས་སྤྱད་པའི་གནས་ཏེ། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཞེས་སཾ་པུ་ཊ་ལས་གསུངས་སོ། །དེ་ཉིད་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་ཡངས་པའི་ཕྱིར་གདེངས་ཁ་གྱེན་ལ་ཕྱོགས་པའོ། །ཐབས་དང་ཤེས་རབ་ཟུང་དུ་ཆུད་པ་ཉིད་ཀྱིས་ན་ཕྱི་དཀར་ལ་ནང་དམར་བའོ། །དེ་ལྟ་བུའི་ཆོས་འབྱུང་གི་ནང་ནའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྣམ་པར་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་གི་ནང་ན་བཞུགས་སོ། །དེ་ལྟར་ཡིན་པར་ཅིས་ཤེས་ན། ཕྱི་མའི་ལེའུ་ལྔ་པ་ལས། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །མཚམས་བཞི་པ་ལ་སྒོ་བཞི་པ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །དེ་ལ་དབུས་སུ་ང་ཡོད་དེ། །ཞེས་གསུངས་པས་སོ། །གལ་ཏེ་དེས་འདིར་ཤེས་པར་མི་ནུས་ཏེ། དེ་ནི་རྗེས་འཇུག་གིས་བསྒོམ་པའི་མངོན་པར་རྟོགས་པའི་སྐབས་ཡིན་པའི་ཕྱིར་རོ་སྙམ་ན་མ་ཡིན་ཏེ། སྔོན་བྱུང་གི་རྣམ་པར་འཕྲུལ་པ་དང༌། རྗེས་འཇུག་གི་བསྒོམ་པ་དང༌། འབྲས་བུ་མཐར་ཕྱིན་པ་ལ་ཁྱད་པར་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཤུགས་ཀྱིས་ཀྱང་ཤེས་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་གྲོང་ཁྱེར་ན་བཞུགས་སོ་ཞེས་ཟེར་ཡང་སྲང་བར་ལ་སོགས་པ་ན་མི་བཞུགས་ཏེ། ཁང་བཟངས་མཆོག་ན་བཞུགས་པ་དོན་གྱིས་ཤེས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་ག་ན་བཞུགས་ཞེས་ཟེར་ཡང༌། དེའི་ཁོངས་སུ་ཆུད་པའི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་པ་ན་བཞུགས་པར་དོན་གྱིས་ཤེས་སོ། །དེ་ལྟར་ན་དེ་ཉིད་འདུས་པ་ལ་སོགས་པ་ལྟར་བཅོམ་ལྡན་འདས་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་ན་བཞུགས་སོ་ཞེས་མི་སྨོས་པར་རྡོ་རྗེ་བཙུན་མོའི་བྷ་ག་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གདུལ་བྱ་འདོད་ཆགས་ཅན་ཉེ་བར་གཞུག་པ་དང༌། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་བྱུང་བ་བསྟན་པའི་དགོས་པའོ། །དེའང་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུན་མི་དབྱུང༌། །གང་གཞན་དམ་ཚིག་གསུམ་པོ་རྣམས། །དེ་ཉིད་ཀྱི་ནི་ནང་དུ་འདུས། །ཞེས་གསུངས་སོ། །ཡང་དག་པར་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་གཅིག་ཏུ་བསྲེ་བའི་གདམས་ངག་ཐམས་ཅད་ཀྱང་འདི་ཉིད་ཀྱིས་བསྟན་ཏེ་རིམ་གྱིས་བླ་མས་འཆད་པར་འགྱུར་རོ། །དེ་ལྟར་ན་བཞུགས་སོ་ཞེས་བྱ་བས་དོན་བསྡུས་ནས་སྟོན་པ་ཡིན་ཏེ། དེའང་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཆུད་པའི་གཞལ་ཡས་ཁང་པ་ན། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ། འཁོར་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པའི་འཁོར་ཏིལ་གྱི་གང་བུ་དང་མཉམ་པ། དཔའ་བོའི་འཁོར་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ། རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ། འགྲོ་བ་རྒྱུད་ཡོངས་སུ་དག་པ་ལྷ་དང་མི་བསམ་གྱིས་མི་ཁྱབ་པའི་འཁོར་གྱིས་བསྐོར་ནས། དུས་ཕུན་སུམ་ཚོགས་པ་ཆོས་འཆད་ཅིང་བཞུགས་པའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་རྩ་བའི་རྒྱུད་འདི་བྱུང་ངོ་ཞེས་དོན་གྱི་གླེང་གཞི་ནི་སྔོན་བྱུང་ཉིད་ཡིན་ལ། ཚིག་གི་གླེང་གཞི་གཞུང་འདིར་བཀོད་པ་ནི་མ་འོངས་པ་ལ་མངོན་པར་རྟོགས་པ་བསྐྱེད་པའི་ཕྱིར་ཡིན་ནོ། །འཁོར་དེ་དག་གང་ནས་བཤད་ཅེ་ན། རྒྱུད་ཕྱི་མ་དང་སཾ་པུ་ཊས་ཤེས་པར་ནུས་སོ། །གཞུང་ཕལ་ཆེར་ན་ཡོད་པ་བཞིན་གླེང་གཞིའི་ནང་དུ་འཁོར་མི་འོང་བ་ཅིའི་ཕྱིར་ཞེ་ན། རྒྱུད་རྒྱས་པར་བསྟན་པ་ཡིན་ལ། འདིར་བསྡུས་པའི་སྐབས་ཡིན་པས་མ་སྨོས་པ་ཡིན་ནོ། །འཁོར་དང་སྟོན་པ་ཐ་དད་ཀྱི་དབང་དུ་བྱས་ཏེ་གླེང་གཞི་ཕུན་སུམ་ཚོགས་པའི་བཤད་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་འཁོར་དང་སྟོན་པ་ཐ་མི་དད་ཀྱི་དབང་དུ་བྱས་ཏེ་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་ལྟར་བཤད་ན། ཡང་དག་པར་ན་གླེང་གཞིའི་ཚིག་ཡི་གེ་བཞི་བཅུ་པོ་དེའང་སྡུད་པ་པོས་སྨྲས་པ་མ་ཡིན་ཏེ། རྡོ་རྗེ་འཛིན་པ་ཉིད་ཀྱིས་ཨེ་ཝཾ་ཞེས་པ་ནས་གསུངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འདི་ཉིད་ནས། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། སཾ་པུ་ཊ་དང༌། དགོངས་པ་ལུང་སྟོན་པ་དང༌། ལྷའི་དབང་པོས་ཞུས་པ་ལ་སོགས་པ་ནས་གླེང་གཞི་རྣམས་ཀྱི་བཤད་པ་མཛད་པར་མི་རིགས་ཏེ། སྡུད་པ་པོས་ཕྱིས་རྩ་བ་སྨྲས་པ་ལ་བཅོམ་ལྡན་འདས་ཀྱིས་སྔོན་དུ་འགྲེལ་པ་མཛད་པ་འགལ་བའི་ཕྱིར་རོ། །དེ་བས་ན་དཔལ་གསང་བ་གྲུབ་པ་ལས། འདི་སྐད་ཐོས་པའི་ཚིག་གང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་བདག་གིས་ཐོས་པ་ཞེས་བྱ་བ་སྨོས་པས་ཉན་ཐོས་ལྟ་བུར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་ཐོས་པ་ཞེས་བྱ་བ་ནི་རྟོགས་སོ་ཞེས་བྱ་བ་ལ་སོགས་པར་འགྱུར་ཏེ། རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །དེ་བས་ན་རྒྱུད་ཀྱི་ལུས་རྣམ་པར་གཞག་པའི་མན་ངག་ཡིན་ནོ། །འདི་ལ་གསུམ། སྤྱི་དང༌། སྦས་པ་དང༌། མཐར་ཐུག་པའོ། །དེ་ལ་དང་པོ་འདིའི་བརྗོད་བྱ་ནི་བསྐྱེད་པའི་རིམ་པ་སྤྱིའོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཏོ། །མངོན་པར་རྟོགས་པ་ནི་རྫོགས་རིམ་གྱི་རྟེན་བསྐྱེད་རིམ་མོ། །བཤད་པའི་རྒྱུད་ནི་སཾ་པུ་ཊ་དང༌། རྡོ་རྗེ་གུར་གྱི་ཆ་ཤས་ལས་ཅུང་ཟད་ཤེས་པར་ནུས་སོ། །ཚིག་གི་དོན་བརྗོད་ན། འདི་སྐད་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་མ་ཚང་བ་མེད་པའོ། །ཐོས་པ་ནི་ཐོབ་པ་སྟེ་བསོད་ནམས་ཀྱི་ཚོགས། དུས་གཅིག་ན་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་སྐད་ཅིག་ལ། རྡོ་རྗེ་བཙུན་མོའི་བྷ་གས་ནི་ཆོས་ཀྱི་འབྱུང་གནས་ཏེ། དེས་མཚོན་ནས་སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་པ། དེར་གཙོ་བོ་བསྐྱེད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ཕྱག་གཉིས་པ། གསུང་རྡོ་རྗེ་ཕྱག་བཞི་པ། ཐུགས་རྡོ་རྗེ་ཕྱག་དྲུག་པ། སྙིང་པོ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པའོ། །བདག་གིས་ཞེས་བྱ་བས་ནི་རྡོ་རྗེ་སྙིང་པོ་སྟེ་དེས་འཁོར་གྱི་གཙོ་བོ་བསྟན་པས་གཽ་རཱི་ལ་སོགས་པའི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་ན་བཞུགས་སོ་ཞེས་བྱ་བ་འདིས་ཕུན་སུམ་ཚོགས་པ་ལྔའི་དོན་བསྡུས་ཏེ། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཆུད་པའི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་པ། སྟོན་པ་ཕུན་སུམ་ཚོགས་པ་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་ལ། འཁོར་ཕུན་སུམ་ཚོགས་པ་གཽ་རཱི་ལ་སོགས་པའི་འཁོར་གྱིས་བསྐོར་ནས། དུས་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་ལ། ཆོས་ཕུན་སུམ་ཚོགས་པ་བསྐྱེད་པའི་རིམ་པ་འདི་བྱུང་ཞེས་བྱ་བས། འོག་ནས་འབྱུང་བའི་བསྐྱེད་པའི་རིམ་པ་མཐའ་དག་དང༌། སྔོན་དུ་འགྲོ་བ་བུམ་པའི་དབང་དང༌། རྗེས་ལས་བྱུང་བ་བཟླས་པ་དང༌། གཏོར་མ་དང༌། སྦྱིན་སྲེག་དང༌། རབ་གནས་དང༌། ལས་ཀྱི་ཚོགས་དང༌། དམ་ཚིག་དང་སྡོམ་པ་མཐའ་དག་གི་ལུས་རྣམ་པར་གཞག་པའང་འདི་ཉིད་ཡིན་ནོ། །བསྐྱེད་པའི་རིམ་པའི་གླེང་གཞི་འདི་ལ་ཡི་གེ་སུམ་ཅུ་སོ་བདུན་དང༌། ལྷ་སུམ་ཅུ་སོ་བདུན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ལ་སྦྱོར་བའང་གནས་སྐབས་འགའ་ཞིག་ཏུ་གསུང་ངོ༌། །བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་བཤད་པ་བསྟན་ཟིན་ཏོ།།  །།ཡང་གླེང་གཞི་འདི་སྦས་པ་ལས་རང་བྱིན་བརླབ་ཏུ་བཤད་ན། བརྗོད་བྱ་སྦས་པ་རང་བྱིན་བརླབ། རྗོད་བྱེད་ཡན་ལག་དང་ཡི་གེ་དང་བསྡུས་དོན་གསུམ་ཀ མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས་རང་བྱིན་བརླབ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོ་དངོས་ཡིན་ནོ། །ཚིག་གི་དོན་བརྗོད་ན་འདི་སྐད་བདག་གིས་ཞེས་བྱ་བ་ནི་ཨེ་ཝྃ་མ་ཡ་ཡིན་ལ། འདིས་འཁོར་ལོ་བཞི་བསྟན་ཏེ་འཁོར་ལོ་རེ་རེ་ལ་ཡང་ཡི་གེ་བཞི་ལས་གང་ཡིན་པ་དང༌། འབྱུང་བ་བཞི་ལས་གང་ཡིན་པ་དང༌། དེ་བཞིན་དུ་ཕྱག་རྒྱ་དང༌། ལྷ་མོ་དང༌། ཚད་མེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། རིགས་དང༌། ཁ་དོག་དང༌། གནས་དང༌། རྩ་འདབ་ཀྱི་གྲངས་དང༌། མིང་གང་ཡིན་པ་ཞེས་བྱ་བ་བཅུ་གཅིག་བཅུ་གཅིག་གིས་རྟོགས་པར་བྱ་ལ། རྒྱུད་འདི་ཉིད་དང་སྦྱར་ནས་དགའ་བ་དང་སྐད་ཅིག་མ་ལ་སོགས་པ་དང་སྦྱར་ན་བཅོ་བརྒྱད་དམ་ཉི་ཤུར་ཡང་འགྱུར་རོ། །དེ་སྐད་དུ་སཾ་པུ་ཊ་ལས། ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་ཏེ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་རྣམ་པར་གནས། །ཝཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་བྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་རྣམ་པར་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་གསུངས་སོ། །དེ་ལྟར་འཁོར་ལོ་བཞི་ལ་ཡི་གེ་དགོད་པའང་འོག་ནས་འབྱུང་བ་བླ་མའི་མན་ངག་གིས་གསལ་གདབ། འོག་གི་སྐུ་གསུང་ཐུགས་ཀྱི་རྩ་གསུམ་དང་ལས་བྱེད་པའི་འཁོར་ལོ་ཡང་གསལ་བཏབ་ལ་འོག་རླུང་གིས་ལྟེ་བའི་ཨཾ་མེར་སྦར་གཡས་རོ་མ་ནས་སོང་སྟེ་འཁོར་ལོ་གོང་མ་གསུམ་བསྲེགས། སྣ་བུག་གཡས་པ་ནས་སོང་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་ལོ་རྣམས་ཀྱང་བསྲེགས་ནས་བྱང་ཆུབ་ཀྱི་སེམས་ཁྱེར་ཏེ་འོངས། སྣ་གཡོན་ནས་ཞུགས་པ་རྐན་ཡན་ཆད་ཀྱི་འཁོར་ལོ་བཀང་ནས་གཡོན་རྐྱང་མ་ནས་བབས་ཏེ་འཁོར་ལོ་རྣམས་རིམ་གྱིས་གསོས་བཏབ་སྟེ་ལྟེ་བའི་ཨཾ་ལ་རེག ཨཾ་ཆེར་འཕྲོས་ནས་མེ་ཆ་ཕྲ་བ་དབུ་མ་ན་ཡར་ཞུགས་ནས་སྙིང་གའི་ཧཱུྃ་དང་མགྲིན་པའི་ཨཾ་བཅོམ་སྟེ་སྤྱི་གཙུག་གི་ཧཾ་ལ་རེག་པས། ཧཾ་བཞུ་བའི་བྱང་ཆུབ་ཀྱི་སེམས་དེ་ལྟེ་བའི་སྟེང་དུ་བབས་ནས་འབར་འཛག་ལ་བློ་གཏད་དེ་བསྒོམ་པར་བྱའོ། །དེ་དག་གི་དོན་ཡང་ཐོས་པ་ནི་སྲུ་ཏ་སྟི། སྲུ། སྲ་བ་དྷཱ་ཏུ་ནི་ཁམས་བྱང་ཆུབ་ཀྱི་སེམས་འཛག་པ། ཏ། བིསྟཱ་ར་ནི་རྒྱས་པ་སྟེ། སྲུ་ཞེས་བྱ་བ་ནི་འཛག་པར་གསུངས་སོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ་ཞེས་གསུངས་སོ། །དུས་ནི་རྣམ་པ་གསུམ་སྟེ། མེ་སྦོར་བ་ནི་སྡུག་བསྔལ་གྱི་དུས། འཛག་པ་ནི་བདེ་བའི་དུས། འབར་འཛག་དབུ་མར་ཐིམ་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་སོ། །རང་བྱུང་གི་ཡེ་ཤེས་དེ་རྣམ་པར་རྟོག་པའི་ཟླ་མེད་པས་ན་གཅིག་གོ །དེ་ལྟར་ཡང༌། ས་མ་ཡེ་ནི་དུས་གསུངས་ཏེ། །དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ལྟར་སྣ་བུག་ཏུ། །འོང་བ་བདེ་བའི་དུས་སུ་བརྗོད། །མེ་ཡི་གཟུགས་ཀྱིས་འགྲོ་བ་ནི། །སྡུག་བསྔལ་དུས་ཀྱང་དེ་གཅིག་གྲགས། །དུས་ནི་བསམ་གྱིས་མི་ཁྱབ་དུས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེར་མངོན་དུ་བྱས་པའི་རང་བྱུང་གི་ཡེ་ཤེས་ཞུ་བ་དང་བདེ་བ་དང་མི་རྟོག་པ་དང་རང་རིག་པ་གསལ་བའི་ཆོས་བཞི་ལྡན་ཏེ་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པས་བཅོམ་ལྡན་འདས་སོ། །ལྟེ་བའི་གནས་སུ་ཡང་ནས་ཡང་དུ་བྱོན་ཞིང་གཤེགས་པས་དེ་བཞིན་གཤེགས་པའོ། །ཐམས་ཅད་ནི་བདུད་རྩི་དང་འབྱུང་བ་དང་དབང་པོའི་དྭངས་མ། སྐུ་ནི་ཞུ་བ། གསུང་བདེ་བ། ཐུགས་མི་རྟོག་པ། སྙིང་པོ་ནི་རང་རིག་པ་གསལ་བའོ། །ཡང་ན་སྐུ་རླུང་མགོ་ཟུག་པ། གསུང་ལོངས་སྤྱོད་པ། ཐུགས་ཐིམ་པ། སྙིང་པོ་དེར་མྱོང་བའི་ཡེ་ཤེས་སོ། །རྡོ་རྗེ་ནི་རྟོག་པས་མི་ཕྱེད་པའོ། །བཙུན་མོ་ནི་བདེ་བའོ། །བྷ་ག་ནི་རྟོག་པ་རྣམས་བཅོམ་པའོ། །བཞུགས་སོ་ཞེས་བྱ་བ་ནི་དེ་ལྟ་བུའི་སྟོན་པ་རང་བྱུང་གི་ཡེ་ཤེས་ཆོས་བཞི་ལྡན་དེ། གནས་འཁོར་ལོ་བཞི་དང་རྩ་ཐམས་ཅད། ཁྱད་པར་དུ་ལྟེ་བར། འཁོར་ཕུང་པོ་ནི་དེ་བཞིན་གཤེགས་པའི་དང༌། དབང་པོ་ནི་བྱང་ཆུབ་སེམས་དཔའི་དང༌། འབྱུང་བའི་དྭངས་མ་ནི་ལྷ་མོའི་འཁོར་གྱིས་བསྐོར་ནས། དུས་བསམ་གྱིས་མི་ཁྱབ་པའི་དུས་སུ་བཞུགས་ནས། ཆོས་རང་བྱུང་གི་ཡེ་ཤེས་གསུངས་ཏེ། མདོར་ན་རང་བྱིན་གྱིས་བརླབ་པ། སྔོན་འགྲོ་གསང་དབང༌། དེའི་ཡན་ལག་རླུང་དང་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་དང་བཅས་པ་ཐམས་ཅད་ཀྱི་ལུས་རྣམ་པར་གཞག་པ་བསྟན་པ་ཡིན་ནོ། །རང་བྱིན་གྱིས་བརླབ་པའི་སྦས་པ་བསྟན་ཟིན་ཏོ།།  །།ཡང་རྡོ་རྗེའི་ཚིག་དེ་ཉིད་དཀྱིལ་འཁོར་འཁོར་ལོའི་ཐབས་སུ་བཤད་ན། བརྗོད་བྱ་དཀྱིལ་འཁོར་འཁོར་ལོའི་སྦས་པ། རྗོད་བྱེད་ཡན་ལག་དང་ཡི་གེ་དང་དུས་དོན་གསུམ་ཀ མངོན་པར་རྟོགས་པ་དཀྱིལ་འཁོར་འཁོར་ལོའི་ཐབས། བཤད་པའི་རྒྱུད་ནི་སཾ་པུ་ཊའི་བརྟག་པ་དང་པོ་དངོས་སོ། །ཚིག་གི་དོན་བསྟན་པར་བྱས་ཏེ། ཨེ་ཝཾ་མ་ཡ་སྲུ་ཏཾ་ཞེས་བྱ་བ། ཨེ་ནི་ཤེས་རབ་ལྷར་བསྐྱེད་ཅིང་དེའི་བྷ་ག་ཨ་ལས་པདྨར་བསྐྱེད་པའོ། །རྩ་མཛེས་པའི་སྤྱི་བོ་ནི་ཝཾ་མོ། །ཡང་ཝཾ་ནི་སྒྲུབ་པ་པོ་ལྷར་བསྐྱེད་པ་དང་དེའི་རྡོ་རྗེ་ཧཱུྃ་ལས་བསྐྱེད་པའོ། །འདོམ་གྲུ་གསུམ་ནི་ཨེའོ། །དེ་ལྟར་ཡང་གསུངས་པ། ཨེས་ནི་ཤེས་རབ་བརྗོད་པར་བྱ། །ཝཾ་ནི་ཐབས་དང་ལྡན་པ་ཉིད། །ཝཾ་གྱིས་རྣམ་པར་བརྒྱན་པ་དང༌། །ཨེས་ནི་ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེང་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཉིད་དང་ནི་ཝཾ་ཉིད་ནི། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །ཅེས་སོ། །མ་ནི་མ་ཧཱ་རཱ་ག་སྟེ་འདོད་ཆགས་ཆེན་པོ་ཡིན་ལ། ཡ་ནི་བཱ་ཡུ་ཞེས་བྱ་བ་སྟེ་འདོད་ཆགས་ཆེན་པོ་དེའི་དབང་གིས་བྱང་ཆུབ་ཀྱི་སེམས་འདུས་པ་རྣམས་དལ་བར་རྒྱུ་བའི་རླུང་གིས་དབང་གི་གནས་སུ་མངོན་དུ་བྱེད་པ་གང་ཡིན་པའོ། །བསྲུབ་པ་དང་སྲུབ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་འཛག་པ་ནི་སྲུ་སྲ་བ་དྷཱ་ཏུའོ། །དེ་ལས་བདེ་བ་ཆེན་པོ་རྒྱས་པ་ནི། ཏ། བིསྟཱ་རའོ། །ཡང་གསུངས་པ། མ་ཡ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ། །སྲུ་ཞེ་བྱ་བ་ནི་འཛག་པའོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ་ཞེས་སོ། །དུས་ནི་རྣམ་པ་གསུམ་སྟེ། སྣ་ཚོགས་དང་རྣམ་སྨིན་བདེ་བའི་དུས། རྣམ་ཉེད་སྡུག་བསྔལ་གྱི་དུས། མཚན་ཉིད་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་དུས་སོ། །གཅིག་ནི་དེའི་ཚེ་རྣམ་པར་རྟོག་པའི་ཟླ་མེད་པའོ། །ཡང་གསུངས་པ། དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །ཞེའོ། །བཅོམ་ལྡན་ནི་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ནི་རྣམ་པར་རྟོག་པ་བཅོམ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པས་སོ། །དེ་བཞིན་གཤེགས་པ་ནི་དབང་གི་གནས་སུ་བྱོན་ཞིང་གཤེགས་པས་སོ། །ཐམས་ཅད་ནི་བདུད་རྩི་ལྔ་མ་ལུས་པའོ། །སྐུ་དགའ་བ། གསུང་མཆོག་དགའ། ཐུགས་དགའ་བྲལ། སྙིང་པོ་ལྷན་སྐྱེས་སོ། །ཡང་སྐུ་ནི་ཞུ་བའོ། །གསུང་ནི་བདེ་བའོ། །ཐུགས་ནི་མི་རྟོག་པའོ། །སྙིང་པོ་ནི་རང་རིག་པ་གསལ་བའོ། །རྡོ་རྗེ་ནི་རིགས་རྣམ་པ་ལྔའི་སྒྲུབ་པ་པོ་རྣམས་སོ། །དེས་བསྟེན་པར་བྱ་བ་ཡིན་པས་ན་བཙུན་མོ་སྟེ་བྲམ་ཟེ་མོ་ལ་སོགས་པ་སྤྱན་ལ་སོགས་པར་བསྐྱེད་པའོ། །དེའི་བྷ་ག་ནི་གསང་བའི་གནས་ཏེ་སྤྱད་པར་བྱ་བའི་དོན་གྱིས་ན་བྷ་ག་སྟེ། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་སྟེ། སྟོན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། གནས་དབང་གི་གནས་དེར། དུས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་དུས་སུ། འཁོར་བདུད་རྩི་དང་དབང་པོ་དང་འབྱུང་བའི་དྭངས་མའི་འཁོར་གྱིས་བསྐོར་ནས། ཆོས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། མདོར་ན་ཕྱག་རྒྱའི་རྣལ་འབྱོར་ཡེ་ཤེས་དང་བཅས་པ་མཐའ་དག་དང༌། སྔོན་འགྲོ་དབང་གསུམ་པ་དང༌། དེའི་ལམ་གྱི་ཡན་ལག་ཏུ་གྱུར་པ་མཐའ་དག་གི་ལུས་རྣམ་པར་གཞག་པར་འགྱུར་བ་ཡིན་ནོ། །དཀྱིལ་འཁོར་འཁོར་ལོའི་སྦས་པ་བསྟན་ཟིན་ཏེ། སྦས་པ་གཉིས་ཀའང་བསྟན་ཟིན་ཏོ།།  །།རྡོ་རྗེའི་ཚིག་དེ་ཉིད་མཐར་ཐུག་པའི་དོན་དུ་བཤད་ན། བརྗོད་བྱ་མཐར་ཐུག རྗོད་བྱེད་ཡན་ལག་དང་ཡི་གེའི་དོན། མངོན་པར་རྟོགས་པ་འབྲས་བུའི་རྒྱུད། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོ་དངོས་སོ། །དེ་ལྟར་གོང་དུ་བསྟན་པའི་འཁོར་དང་སྟོན་པ་ཐ་དད་དམ་ཐ་མི་དད་ཀྱང་རུང་གླེང་གཞི་སྟོན་པའི་བཀའ་ཡིན་པ་དང་མ་ཡིན་པ་གང་ལྟར་ཡང་རུང་སྟེ། ཕུན་སུམ་ཚོགས་པ་ལྔ་ཀ་ཡང་སྟོན་པ་ཉིད་ཀྱི་རྣམ་པར་འཕྲུལ་པ་ལས་གུད་ན་མེད་དེ། དཔལ་གསང་བ་གྲུབ་པ་ལས། འདི་ལ་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོ་དེ་སྡུད་པའང་དེ། །ཞེས་གསུངས་སོ། །དེས་ན་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྣང་བ་གཅིག་ཉིད་འདི་སྐད་ཅེས་བྱ་བ་ཆོས་ཕུན་སུམ་ཚོགས་པ་དང༌། བདག་གིས་ཐོས་པ་ཞེས་བྱ་བ་སྡུད་པ་པོའི་སྣང་བ་དང༌། དུས་ཞེས་བྱ་བ་དུས་ཀྱི་སྣང་བ་དང༌། སྟོན་པའི་སྣང་བ་ལ་སོགས་པ་དུ་མར་འབྱུང་སྟེ། སཾ་པུ་ཊ་ལས། གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ། །ཐོས་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིས་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པར་མོས་པའི་ཏིང་ངེ་འཛིན་རྙེད་དོ་ཞེས་བྱ་བར་སྙེགས་སོ་ཞེས་བྱ་བ་དང༌། ཡང་ན་ཐོས་པ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ནས་ཡིན་གྱི། འཆད་པ་པོ་ཉིད་སྡུད་པར་བྱེད་པ་ཡིན་ཏེ། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །དེ་དག་ཐ་དད་ཀྱི་སྣང་བ་ལ་ཇི་ལྟར་འཚལ་བར་བགྱི། གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པ་ན་གཅིག་ཉིད་གཅིག་དང་དུ་མའི་རོ། །ཞེས་བྱ་བའི་ཚིག་གི་རོལ་པར་མཛད་པའོ་ཞེས་ལེགས་པར་བཀའ་སྩལ་ཏོ། །དེ་ལྟར་ན་བཞུགས་སོ་ཞེས་བྱ་བ་འདིས་ནི་སྐུ་གསུམ་གྱི་བཞུགས་ལུགས་བསྟན་པ་ཡིན་ཏེ། བཞུགས་པ་པོ་ཆོས་ཀྱི་སྐུ་ནི་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ། །བཞུགས་པའི་གནས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཞུགས་པ་ཡིན་ནོ། །བཞུགས་པའི་ཚུལ་ནི་འཁོར་འདས་དབྱེར་མི་བྱེད་པའི་ཚུལ་གྱིས་བཞུགས་པ་སྟེ། དེས་ན་བཞུགས་པ་པོ་བཅོམ་ལྡན་འདས་དེ། རྡོ་རྗེ་སྟོང་པ་ཉིད་ཀྱི་རང་བཞིན། བཙུན་མོ་བདེ་བ་ཆེན་པོའི་རང་བཞིན་ཏེ་བདེ་སྟོང་གཉིས་མེད་ཀྱི་བྷ་ག་ལ་རྟག་ཏུ་བཞུགས་ཞེས་སྦྱར་རོ། །ལོངས་སྐུའི་བཞུགས་ཚུལ་ནི་བཞུགས་པ་པོ་སྟོན་པ་ལོངས་སྤྱོད་རྫོགས་པ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་རྒྱུར་གྱུར་པ། ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་རྫོགས་པའི་རང་བཞིན་ཅན་དེ། བཞུགས་པའི་གནས་འོག་མིན་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཆུད་པའི་གཞལ་ཡས་ཁང་པ་ན། བཞུགས་པའི་ཚུལ་སྤྱན་ལ་སོགས་པ་ལྷན་ཅིག་སྤྱོད་མ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་རྗེས་སུ་འབྲང་མའི་འཁོར་གྱིས་བསྐོར་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་ཅིང་བཞུགས་སོ། །དེའང་སཾ་པུ་ཊ་ལས། རང་གི་ཡེ་ཤེས་ལ་རང་གི་ཡེ་ཤེས་ཀྱིས་ལོངས་སྤྱོད་པ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་སྤོང་བར་མི་མཛད་དེ་ཞེས་བྱ་བ་དང༌། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེ་དོན་གང༌། །བཙུན་མོ་ཉེ་བར་མཛད་པའོ། །ཞེས་གསུངས་སོ། །སྤྲུལ་པའི་སྐུའི་བཞུགས་ལུགས་ཀྱི་དབང་དུ་བྱས་ན་བཞུགས་པ་པོ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སྤྲུལ་བའི་སྐུ་དེ། བཞུགས་པའི་གནས་གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། བཞུགས་པའི་ཚུལ་གང་ལ་ཅིས་འདུལ་དེ་ལ་དེའི་བསམ་པ་འགེངས་ཤིང་བཞུགས་ཏེ། དེའང་བཞུགས་པ་ལ་སྐད་སོར་བཞག་ན་བི་ཛ་ཧ་ར་ཞེས་བྱ་བ་ལ། བི། བི་ཙི་ཏྲ་ནི་ཐབས་སྣ་ཚོགས་པས། ཛ། ཛནྨ་ནི་གདུལ་བྱའི་སྐྱེ་བོའོ། །ཧ། ཧ་ར་ནི་ཡིད་འཕྲོག་པ་ཞེས་བྱ་སྟེ། དཔལ་ཡང་དག་པར་སྦྱོར་བ་ལས། ཀྱེ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བས་ཅི་གསུངས་པ་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ། ཐབས་སྣ་ཚོགས་ཀྱིས་གདུལ་བྱའི་སྐྱེ་བོའི་ཡིད་འཕྲོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་སོ། །དེ་དག་གིས་ནི་ཕུན་སུམ་ཚོགས་པ་ལྔ་སྟོན་པའི་རང་བཞིན་དུ་དབྱེར་མེད་པ་བསྟན་ལ། དེས་འོག་ནས་འབྱུང་བའི་དབང་བཞི་པ་དང༌། དེའི་ལམ་དང་འབྲས་བུ་ཐམས་ཅད་ཀྱི་ལུས་རྣམ་པར་གཞག་པར་ཡང་འགྱུར་བ་ཡིན་ནོ། །གླེང་གཞི་མཐར་ཐུག་པའི་དོན་དུ་བཤད་པ་བསྟན་ཟིན་ཏེ། གླེང་གཞི་ཕུན་སུམ་ཚོགས་པས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་ཐམས་ཅད་ཀྱང་བསྟན་ཟིན་ཏོ།།  །།ད་ནི་གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་བཤད་པར་བྱའོ། །འདི་ལ་གཉིས་ཏེ། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱས་ཏེ་བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བཤད་པ་དང༌། དེ་གསལ་བར་བྱེད་པའི་རྒྱུད་ཕྱི་མའོ། །དང་པོ་ལ་གསུམ། འབྲས་བུ་དང༌། ཐབས་དང༌། རྟེན་གྱི་གང་ཟག་གོ །ཡང་ན་གཉིས་ཏེ། འབྲས་བུ་དང༌། ལམ་མོ། །དེ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་དོན་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། གྲོལ་བར་བྱེད་པ་དང༌། སྨིན་པར་བྱེད་པའོ། །དང་པོ་ལ་གསུམ། དང་པོར་བསྟན་པའི་འཐད་པ་དང༌། དེས་མི་འཆིང་ཞིང་གྲོལ་བའི་རྒྱུར་བསྟན་པ། ཡན་ལག་རྒྱས་པར་བཤད་པའོ། །སྨིན་བྱེད་ལ་གཉིས་ཏེ། ལས་དང་པོ་པ་དབང་གིས་སྨིན་པར་བྱ་བ་དང༌། སེམས་ཅུང་ཟད་བརྟན་ནས་ལྟ་སྟངས་ཀྱིས་སྨིན་པར་བྱ་བའོ་ཞེས་ཀྱང་རྟོགས་པར་བྱ་སྟེ་འདི་ནི་ལེགས་པའོ། །འདིར་རེ་ཞིག་ཐོག་མའི་ལུགས་སུ་བརྗོད་ན་དོན་གསུམ་དུ་གནས་པ་ལས། ཐོག་མར་འབྲས་བུའི་རྒྱུད་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་མཐར་ཐུག་པའི་དོན་དུ་བཤད་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་དུ་བཤད་པའོ། །མངོན་པར་རྟོགས་པ་ནི་བཤད་གཞི་སྐུ་བཞི་ལ། འཆད་བྱེད་ཡན་ལག་ལྔས་འཆད་པ། འདིར་ངག་རྫོགས་པར་ཞིབ་ཏུ་བཤད་པར་བྱ་སྟེ། རྒྱུད་ཀྱི་མངོན་པར་རྟོགས་པར་བལྟ་བར་བྱའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ། སཾ་པུ་ཊའི་བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་གོང་མ་གསུམ་གྱིས་གསལ་བར་བྱེད་དེ་དེ་དག་ཏུ་བལྟ་བར་བྱའོ། །དེ་ལ་འབྲས་བུའི་རྒྱུད་འདིའི་ཐོག་མར་ཞུ་བ་བསྡུས་པ་ཙམ་ལས་མི་སྣང་བའི་ཕྱིར་འདིར་ཞུ་བ་རྒྱས་པར་འབྱུང་ངོ༌། །ཁ་ཅིག་ནི་གླེང་གཞིའི་རྗེས་ཁོ་ན་ལ་དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་འབྱུང་བས་ཞུ་བ་མེད་དོ་ཞེས་ཟེར་ཏེ། འདི་ནི་མི་རིགས་ཏེ། ཞུ་བ་མེད་ན་རྡོ་རྗེ་སྙིང་པོ་ལ་ཨེ་མའོ་ཞེས་པའི་ངོ་མཚར་བ་དང༌། ལེགས་སོ་ཞེས་པའི་གཏང་རག་བྱིན་ནས་མཉན་པར་གདམས་པ་འབྱུང་བར་མི་རིགས་ཏེ། གཞུང་དེ་ལྟ་ནའང་ཐམས་ཅད་ཀྱི་སྔོན་དུ་ཞུ་བ་ཁ་བསྐང་བར་བྱའོ། །དེའང་ཞུ་བ་རྒྱས་པ་ནི་རྒྱུད་རྒྱས་པར་འབྱུང་བ་ཡིན་མོད། འདིར་རྒྱུད་བསྡུས་པ་ལ་ཞུ་བའང་བསྡུས་པ་ཙམ་འབྱུང་བ་ཡིན་ནོ། །དེའང་བཤད་པའི་རྒྱུད་ལས་ཀྱང་འབྱུང་ཞིང༌། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་འགྲེལ་པ་ལས་ཀྱང་འབྱུང་སྟེ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་བྱེ་བྲག་ཏུ་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་ཞེས་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བའང་ཉན་པར་འཚལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་གང༌། གསུང་ནི་གང༌། ཐུགས་ནི་གང༌། སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་བྱ་བ་འབྱུང་བ་ཡིན་ནོ། །དེ་དག་གི་དོན་ནི་ཕུན་སུམ་ཚོགས་པ་ལྔ་འཛོམ་ནས་ཆོས་གསུང་བ་དེའི་ཚེ་འབྲས་བུའི་རྒྱུད་ཞུ་བ་ལ་སྤོབས་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ལ་སྤྱན་གྱིས་གཟིགས། ཞལ་འཛུམ་པ་མཛད། ཐུགས་དཔལ་གྱི་བེའུ་ལས་འོད་ཟེར་ཕྱུང་ནས་བསྐུལ་བས། རྡོ་རྗེ་སྙིང་པོས་གོ་སྟེ་ལུས་ཀྱི་སྤྱོད་ལམ་དང་ལྡན་པའི་སྒོ་ནས་ཞུ་བའི་ཚིག་རྣམས་བརྗོད་པ་ཡིན་ནོ། །དེའང་གླེང་གཞི་སྟོན་པའི་བཀའ་ཡིན་ན་ཡང་གླེང་གཞིར་གསུངས་པའི་སྐུ་ལ་སོགས་པའི་དོན་འདྲི་ལ། གླེང་གཞི་སྟོན་པའི་བཀའ་མ་ཡིན་ན་ཡང་འབྲས་བུ་སྐུ་བཞི་ཇི་ལྟ་བུ་ཡིན་ཞེས་རྣམ་པར་རྟོག་པ་སྐྱེས་ནས་འདྲི་བ་ཡིན་ནོ། །ཚིག་གི་དོན་ཅུང་ཟད་ཙམ་བརྗོད་ན། རྗེ་བཙུན་ཞེས་བྱ་བ་ནི་དད་སྒྲོལ་ཏེ། དད་པ་ཅན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་སྟེ། འཇིག་རྟེན་གྱི་ལྷ་རྣམས་ལས་ཁྱད་པར་དུ་འཕགས་སོ། །གསང་བ་ཞེས་བྱ་བ་ནི་གསང་སྔགས་ཀྱིས་བསྒྲུབས་པའི་འབྲས་བུ་དེ་སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ལའང་དོན་དེ་སྦས་པས་ན་ཤིན་ཏུ་གསང་བའོ། །སྔགས་ཀྱི་རྒྱུད་སྡེ་འོག་མ་རྣམས་ལ་ཡང་མ་གྲགས་པས་ན་ཆེས་གསང་བ་སྟེ། དམན་པ་རྣམས་ཀྱིས་དད་པ་ཙམ་ཡང་བྱ་བར་དཀའ་བའི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ནི་དེ་ལྟ་བུའི་འབྲས་བུའི་རྒྱུད་ཞུ་བ་ལ་ངོ་མཚར་བའོ། །ལེགས་སོ་ཞེས་བྱ་བ་ལན་གཉིས་ནི་འབྲས་བུའི་རྒྱུད་ཞུ་བ་ལ་ངོ་མཚར་ཞིང་དགྱེས་པས་ཚིག་གཅིག་ལན་གཉིས་སུ་བསྣན་པ་སྟེ། ཇི་སྐད་དུ། ངོ་མཚར་དང་ནི་རྩོད་པ་དང༌། །ཁྲོ་དང་ཞུམ་དང་ངེས་བཟུང་དང༌། །དད་དང་དགའ་བ་ཉིད་ལ་ནི། །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན། །ཞེས་སོ། །དེ་ལྟར་རྡོ་རྗེ་སྙིང་པོས་ཞུས་པ་ལས་མཚན་གྱི་རྣམ་གྲངས་ཀྱིས་ཡོན་ཏན་གྱི་ཁྱད་པར་གཞན་ཤེས་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་མཉན་པར་གདམས་ནས། རྡོ་རྗེ་སྙིང་པོས་ཀྱང་ཐུན་མོང་གི་སྐུ་གསུམ་ཞུས་ཤིང་བཅོམ་ལྡན་འདས་ཀྱིས་ཀྱང་དེའི་ལན་གསུངས་པ་ཡིན་ནོ། །དེ་ལ་ཐུན་མོང་གི་སྐུ་གསུམ་དང་ཁྱད་པར་བ་བཞི་པ་གཉིས་ལས། དང་པོ་འདི་ལ་རྗེ་བཙུན་ག་ཡ་དྷ་རས་སྐུ་གསུམ་དུ་གསུངས་ཏེ། དེའང་རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུ་སྟེ། དེ་ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཉིད་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བརྗོད་དེ། མངོན་པར་རྟོགས་པའི་རྒྱན་ལས། ཟག་མེད་ཆོས་རྣམས་རྣམ་ཀུན་ཏུ། །རྣམ་པར་དག་གྱུར་གང་དག་ཡིན། །དེ་དག་ཆོས་ཀུན་རང་བཞིན་ཅན། །ཐུབ་པའི་ངོ་བོ་ཉིད་སྐུ་ཡིན། །ཞེས་གསུངས་སོ། །དེ་ལ་ཅིའི་ཕྱིར་རྡོ་རྗེ་ཞེས་བྱ་ཞེ་ན། རྡོ་རྗེ་ལྟར་སྟོང་པ་ཉིད་དེ་རྣམ་པར་རྟོག་པས་མི་ཕྱེད་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་པ་ཡིན་ནོ། །སེམས་དཔའ་ནི་དེ་བཞིན་ཉིད་དུ་སྲིད་པ་གསུམ་རོ་གཅིག་པ་སྟེ། ཡོད་ཅིང་འབྱུང་བའི་དོན་གྱིས་སྲིད་པ་ཡིན་ལ་གསུམ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའོ། །དེ་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པའི་ཤེས་རབ་ཀྱི་རིགས་པ་འདིས་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཆོས་ཀྱི་སྐུ་དེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྟེན་བྱེད་པས་སྐུ་དང་འདྲ་བའི་ཕྱིར་སྐུ་རྡོ་རྗེ་ཞེས་ཀྱང་བརྗོད་དོ། །གཉིས་པ་སེམས་དཔའ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡེ་ཤེས་ཆེན་པོ་ལྔ་སྐུ་དང་རོ་གཅིག་ཏུ་གྱུར་པའི་ཟག་པ་མེད་པའི་བདེ་བ་ཆེན་པོའི་རོས་རྒྱུད་ཡོངས་སུ་གང་བ། འོག་མིན་ལས་བསྐྱོད་པར་མི་མཛད་ཅིང་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་སེམས་དཔའ་ཆེན་པོར་གྱུར་པའོ། །དེའང་མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བཟང་པོའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་པས། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་སོ། །དེ་ཉིད་གསུང་གི་སྒོ་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུངས་པས་ན་གསུང་རྡོ་རྗེ་ཞེས་ཀྱང་བརྗོད་དོ། །གསུམ་པ་དམ་ཚིག་སེམས་དཔའ་ནི་སྤྲུལ་པའི་སྐུ་སྟེ་ལམ་གྱི་གནས་སྐབས་སུའང་སངས་རྒྱས་སྒྲུབ་པའི་དམ་ཚིག་གི་གཙོ་བོ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་རྒྱུ་ལམ་གྱི་གནས་སྐབས་སུ་རྟག་ཏུ་བསྐྱངས་པས་འབྲས་བུའི་གནས་སྐབས་སུ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའི་སྤྲུལ་པའི་སྐུ་འབྱུང་བ་ཡིན་ཏེ། བྱམས་པས་ཀྱང༌། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་སོ། །དམ་ཚིག་དེ་དག་རྟག་ཏུ་སེམས་ཀྱིས་བསྐྱངས་པའི་མཐུས་སྤྲུལ་པའི་སྐུ་འབྱུང་བས་ན་ཐུགས་རྡོ་རྗེ་ཞེས་ཀྱང་བྱ་བ་ཡིན་ནོ། །ཐུན་མོང་གི་འབྲས་བུ་གསུམ་བསྟན་ཟིན་ཏོ།།  །།ཐུན་མོང་མ་ཡིན་པའི་འབྲས་བུ་ནི་ངོ་བོ་ཉིད་ཀྱི་སྐུའམ་ཤིན་ཏུ་རྣམ་པར་དག་པ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། སྐུ་གསུམ་ལས་སྙིང་པོའམ་མཆོག་ཏུ་གྱུར་པ། དམིགས་པ་མེད་པའི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ཡི་གེ་བཞིའི་དོན་དང་ལྡན་པ་སྟེ། རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བ་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཡིན་ནོ། །ཚིག་གི་དོན་བརྗོད་པ། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །ཅེས་བྱ་བ་སྟེ། ཧེ་ནི་ཀྱེ་སྟེ་འཇིག་རྟེན་ན་འབོད་ཅིང་བསྐུལ་བ་བཞིན་དུ་སྙིང་རྗེས་ཀྱང་སེམས་ཅན་གྱི་དོན་ལ་འབོད་པར་བྱེད་དེ། དང་པོ་ལམ་ལ་ཞུགས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བར་དུ་གཞན་དོན་ལ་བསྐུལ་བར་བྱེད་པའི་ཚིག་ཡིན་ནོ། །ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བརྩེ་བ་རྒྱ་ཆེ་བ་སྟེ། དེའང་དམིགས་པ་མེད་པའི་སྙིང་རྗེ་ཡིན་ནོ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་རྫས་ཀྱི་རྡོ་རྗེས་ཕར་ཐམས་ཅད་འཇོམས་ཤིང་ཚུར་གང་གིས་ཀྱང་གཞིག་པར་མི་ནུས་ཏེ། ཇི་སྐད་དུ། གང་ཞིག་ལྕགས་ཀྱི་ཁམས་རྣམས་ནི། །ངེས་པར་ས་སྟེང་རིན་པོ་ཆེ། །རྡོ་རྗེ་དེ་ཡིས་ངེས་པར་འཇོམས། །དེ་ནི་གཞན་གྱིས་གཞིག་མི་ནུས། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱིས་ཀྱང་ཕར་མཚན་མ་དང་རྣམ་རྟོག་འཇོམས་ལ། ཚུར་གང་གིས་ཀྱང་མི་ཚུགས་ཏེ། རྡོ་རྗེ་རྩེ་མོ་ལས། བདེན་པ་དེ་བཞིན་ཉིད་ཤེས་པ། །ཤེས་པས་ཤེས་རབ་ཕ་རོལ་ཕྱིན། །ཞེས་བྱ་བ་དང༌། ཡང༌། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །ཅེས་སྔར་བརྗོད་པ་དེ་དྲན་པར་བྱའོ། །དེ་ལྟར་ན་འབྲས་བུ་ཀྱེའི་རྡོ་རྗེ་འདི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར་རྒྱུ་ཆོས་ཅན་དང་ཆོས་ཉིད་ཀྱང་ཀྱེའི་རྡོ་རྗེ་ཡིན་ཞིང༌། ལམ་གྱི་སྟོང་པ་དང་སྙིང་རྗེ་དང༌། བསྐྱེད་པ་དང་རྫོགས་པ་དང༌། ལྟ་བ་འཁོར་འདས་དབྱེར་མེད་ཀྱང་ཀྱེའི་རྡོ་རྗེ་ཡིན་པས་ན་གླེང་གཞི་ཀྱེའི་རྡོ་རྗེ་ཡིན་པའི་ཕྱིར་གླེང་བ་ཐམས་ཅད་ཀྱང་ཀྱེའི་རྡོ་རྗེར་གླེང་ལ། དེ་དག་སྟོན་པར་བྱེད་པའི་གཞུང་འདི་ལའང་ཀྱེའི་རྡོ་རྗེ་ཞེས་གདགས་སོ། །དེ་སྐད་དུ་སློབ་དཔོན་ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ནི་དེ་སྒྲ་ཡིན། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ལས་གསུངས་ཏེ། འདིར་ཡང༌། ཀྱེ་ཡི་རྡོ་རྗེ་དེ་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ནི་དེ་སྒྲ་ཡིན། །ཞེས་སྦྱར་བར་བྱའོ། །དེ་ལྟར་ན་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་འདི་ནི་བརྗོད་བྱ་ཀྱེའི་རྡོ་རྗེ་ཡིན་ལ་ལམ་དེ་ལྟར་ཤེས་པ་ནི་དགོས་པ་ཡིན་ཞིང་དེ་ལྟར་བསྒྲུབས་པས་འབྲས་བུ་ཀྱེའི་རྡོ་རྗེ་མངོན་དུ་གྱུར་པ་ནི་དགོས་པའི་དགོས་པ་ཡིན་ལ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་རག་ལས་པ་ལས་ཆོས་སུ་གྱུར་པ་ནི་འབྲེལ་པ་ཡིན་ནོ། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་གི་གསུང་གི་འབྲས་བུ་བསྟན་ཟིན་ཏོ།།  །།འབྲས་བུ་འདི་ལ་སློབ་དཔོན་མི་ཐུབ་ཟླ་བས་འདི་ལྟར་བཞེད་དེ། འབྲས་བུ་སྐུ་བཞི་རེ་རེའི་སྟེང་དུ་སྤྱིའི་དོན་དང་ཡན་ལག་གི་དོན་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མིང་དོན་བསྟན་པའོ། །དང་པོ་ལ་ལྔ་སྟེ། རྡོ་རྗེ་སེམས་དཔའ་རང་གི་ངོ་བོ་གང་ཡིན་པ་དང༌། གདུལ་བྱ་ཐུན་མོང་བ་ལ་ཇི་ལྟར་སྣང༌། ཐུན་མོང་མ་ཡིན་པ་ཀྱེའི་རྡོ་རྗེས་འདུལ་བའི་གདུལ་བྱ་ལ་ཇི་ལྟར་སྣང༌། དེ་ལྟར་སྣང་བའི་རྒྱུ་མཚན། དེ་ལ་སྐུ་རྡོ་རྗེ་ལ་སོགས་པར་འཇོག་པའི་རྒྱུ་མཚན་ནོ། །དེ་ལ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནི་སྤྲོས་པ་དང་བྲལ་བ་ཡིན་ནོ། །ཐུན་མོང་པའི་གདུལ་བྱ་ལ་མཚན་དང་དཔེ་བྱད་རབ་ཏུ་འབར་བའི་སྐུར་སྣང་ངོ༌། །ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་ཕྱག་གཉིས་པར་སྣང་ངོ༌། །དེ་ལྟར་སྣང་བའི་རྒྱུ་མཚན་ནི། ཆོས་ཀྱི་དབྱིངས་དེ་ཆོས་ཅན་དག་པ་དང་མ་དག་པ་གཉིས་ཀ་ལ་ཡོད་པ་མཚོན་པའི་ཕྱིར་ཕྱག་གཉིས་པར་སྣང་ངོ༌། །དེ་བཞིན་ཉིད་དེ་དཀར་པོའི་ཕྱོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པས་ན་སྐུ་རྡོ་རྗེར་གཞག་གོ །སྤྱིའི་དོན་ཏོ། །འདིའི་ཡན་ལག་གི་དོན་ནི་སྔར་བཤད་པ་དང་མཐུན་ནོ། །ཡེ་ཤེས་ཆེན་པོའི་རང་གི་ངོ་བོ་ནི་ཡེ་ཤེས་ཆེན་པོ་གཞན་ལ་སྟོན་པ་ཡིན་ནོ། །ཐུན་མོང་གི་གདུལ་བྱ་ལ་གསུང་དབྱངས་ཡན་ལག་དྲུག་ཅུར་སྣང་ངོ༌། །ཐུན་མོང་མ་ཡིན་པ་ཀྱེའི་རྡོ་རྗེས་འདུལ་བ་རྣམས་ལ་ཕྱག་བཞི་པར་སྣང་ངོ༌། །དེའི་རྒྱུ་མཚན་ནི་མགྲིན་པ་ན་ཡ་ར་ལ་ཝ་བཞི་ལས་ཡེ་ཤེས་ཀྱི་རླུང་བཞིའི་འབྱུང་གནས་གསུང་དུ་མཚོན་པར་བྱེད་པའི་ཕྱིར་ཕྱག་བཞིའོ། །ཡེ་ཤེས་དེ་གཞན་ལ་སྟོན་པའི་ངག་ཡིན་པའི་ཕྱིར་གསུང་རྡོ་རྗེར་གཞག་སྟེ་སྤྱིའི་དོན་ཏོ། །ཚིག་གི་དོན་ནི། ཡེ་ཤེས་ཆེན་པོའི་རོས་གང་བ། །ཞེས་བྱ་བ་ལ། ཡེ་ཤེས་དང་སེམས་དཔའ་གཉིས་ཀ་ནི་ཐ་མལ་པའི་ཤེས་པ་ལ། ཆེན་པོ་ནི་སོ་སོ་སྐྱེ་བོའི་ཤེས་པ་ལས་ཁྱད་པར་དུ་གྱུར་པའི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་བས་ན་སེམས་དཔའ་དང་ཡེ་ཤེས་ཀྱང་ཡིན་ལ་ཆེན་པོའང་ཡིན་པས་ན་ཡེ་ཤེས་ཆེན་པོ་སྟེ་མེ་ལོང་ལྟ་བུ་ལ་སོགས་པ་ལྔའོ། །རོས་གང་བ་ཞེས་བྱ་བ་ནི་ཡེ་ཤེས་གཞན་ལ་སྟོན་པའང་མགྲིན་པ་ནས་སྟོན་ལ། རོ་ཉམས་སུ་མྱོང་བའང་མགྲིན་པ་ཡིན་པའི་ཕྱིར་ཡེ་ཤེས་དང་རོ་ཐ་མི་དད་པས་གསུང་གི་གནས་ཡོངས་སུ་གང་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་ཡེ་ཤེས་ནི་ལྔ་ཡིན་ལ། རོ་ནི་དྲུག་ཡིན་པས་གྲངས་ཀྱང་མི་མཐུན་ལ། ཡེ་ཤེས་ནི་རིག་པ་ཡིན་ལ། རོ་ནི་བེམས་པོ་ཡིན་པས་ངོ་བོ་ཡང་མི་མཐུན་ནོ་ཞེ་ན། མཐུན་ཏེ། རྡོ་རྗེ་གུར་ལས། ཁ་བ་ཚ་བ་རྡོ་རྗེར་དབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་རབ་ཏུ་བརྟག་པར་བྱ། །ཞེས་འབྱུང་བ་ཡིན་པས་ན། རོ་གཉིས་ཡེ་ཤེས་གཅིག་གིས་བསྡུས་པས་གྲངས་ཀྱང་མཐུན་ལ། རོ་དང་ཡེ་ཤེས་གཉིས་ཀ་ཉམས་སུ་མྱོང་བ་ཡིན་ཞིང་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གཅིག་པས་ངོ་བོ་ཡང་མཐུན་ནོ། །དེ་ལྟ་ན་ཡེ་ཤེས་ཆེན་པོ་ལ་ཐུགས་དཔའ་བར་གྱུར་པས་ན་སེམས་དཔའ་ཆེན་པོ་ཞེས་བྱའོ། །དམ་ཚིག་སེམས་དཔའི་རང་གི་ངོ་བོ་ནི་ཡེ་ཤེས་ལྔ་ཉིད་ཀྱི་ཐུགས་སུ་ཆུད་པ་ཡིན་ལ། ཐུན་མོང་བ་ལ་ཇི་ལྟར་བ་དང་ཇི་སྙེད་པ་མཁྱེན་པར་སྣང་ལ། ཐུན་མོང་མ་ཡིན་པ་ལ་ཕྱག་དྲུག་པར་སྣང་ཞིང༌། དེ་ལྟར་འོང་བ་ཡང་རྣམ་པར་ཤེས་པ་ཚོགས་དྲུག་གནས་གྱུར་ནས་ཡེ་ཤེས་ལྔ་དབྱིངས་དང་དྲུག་ཏུ་མཚོན་པའི་ཕྱིར་ཕྱག་དྲུག་པའོ། །ཡེ་ཤེས་ལྔ་ཐུགས་སུ་ཆུད་པའི་ཕྱིར་ཐུགས་རྡོ་རྗེ་ཞེས་ཀྱང་གདགས་ཏེ་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི། རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར། །ཞེས་བྱ་བ་ལ། རྟག་ཏུ་ནི་རྒྱུན་དུ་སྟེ་ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུའོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་སྟེ་བསྐྱང་བར་བྱ་བའོ། །དེ་བས་ན་རྒྱུ་དུས་ཀྱི་དམ་ཚིག་བསྟེན་པས་འབྲས་བུའི་དུས་སུ་ཡེ་ཤེས་ལྔ་ཉིད་ཀྱི་ཐུགས་སུ་ཆུད་པ་འདི་ནི་དམ་ཚིག་སེམས་དཔའ་འོ། །དེ་ལ་རྒྱུ་དུས་ཀྱི་དམ་ཚིག་ནི་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་གོ །བསྲུང་བ་ནི་བཞི་སྟེ། རང་རང་གི་ཡུལ་ལ་རྣམ་པར་ཤེས་པ་ལྔའི་ལུས་བསྲུང་བའི་དམ་ཚིག་དང༌། ཕུང་པོ་ལྔ་འདུལ་བའི་དམ་ཚིག་དང༌། ཁམས་བཞི་འདུས་པའི་དམ་ཚིག་དང༌། རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་བྱང་ཆུབ་ཀྱི་སེམས་འདྲིས་པར་བྱེད་པ་དང་གོམས་པར་བྱེད་པའི་དམ་ཚིག་ཅེས་བྱ་བ་རྣམས་སོ། །དེ་ལ་དང་པོ་གསུམ་ནི་བསྐྱེད་རིམ་གྱིས་ཐ་མལ་གྱི་རྣམ་པར་རྟོག་པ་ལས་བློ་ལྡོག་པར་བྱེད་པ་སྟེ། དེའང་དང་པོས་ནི་དབང་པོའི་སྒོ་བསྡམས་པས་རྣམ་པར་ཤེས་པ་ཡུལ་ལ་རྣམ་པར་མི་གཡེང་བར་བྱེད་པ་སྟེ། འདིས་ནི་སྡོམ་པའི་ཚུལ་ཁྲིམས་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྲུབ་བོ། །བར་མ་གཉིས་པོས་ནི་ཐ་མལ་གྱི་རྣམ་པར་རྟོག་པ་རྩ་བ་ནས་འབྱིན་པར་བྱེད་པ་ཡིན་ཏེ། འདིས་དགེ་བའི་ཕྱོགས་ཐམས་ཅད་སྡུད་པར་བྱེད་དོ། །བཞི་པ་བྱང་ཆུབ་ཀྱི་སེམས་ནི་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་པའོ། །ཀུན་རྫོབ་ནི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་སེམས་ཅན་གྱི་དོན་བྱེད་པའི་རྒྱུར་གྱུར་པས་མྱ་ངན་ལས་འདས་པའི་མཐའ་མནན་པའོ། །དོན་དམ་པས་ནི་རྣམ་པར་རྟོག་པ་ཐམས་ཅད་བཤིགས་པས་འཁོར་བའི་མཐའ་མནན་པའོ། །བཟའ་བའི་དམ་ཚིག་ནི་ཤ་ལྔ་བདུད་རྩི་ལྔ་བསྟེན་པའོ། །དེ་ལ་ཅིའི་ཕྱིར་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་སྙམ་ན། རྒྱུ་དུས་ཀྱི་དམ་ཚིག་དེའང་རང་གི་ཐུགས་ཀྱིས་བསྟེན་པར་བྱ་བ་ཡིན་གྱི། ལུས་ངག་གིས་བསྟེན་པར་མི་ནུས་ལ། བཟའ་བའི་དམ་ཚིག་ཉིད་ཀྱང་ལུས་འབའ་ཞིག་གིས་བསྟེན་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ཡན་ལག་གི་དོན་དེ་དག་གིས་རྡོ་རྗེ་སེམས་དཔའ་ལ་སོགས་པར་འཇོག་པའི་རྒྱུ་མཚན་ཡང་བསྟན་པ་ཡིན་ནོ། །དེ་ལྟར་དགེ་སློང་དཔའ་བོ་རྡོ་རྗེའི་གསུང་གིས་རེ་རེ་ལ་ཡང་སྐུ་གསུམ་དུ་སྣང་སྟེ། རང་གི་ངོ་བོ་རྣམས་ནི་ཆོས་ཀྱི་སྐུ། གདུལ་བྱ་ཐུན་མོང་བ་ལ་སྣང་བ་རྣམས་ནི་སྤྲུལ་པའི་སྐུ། ཐུན་མོང་མ་ཡིན་པ་ལ་སྣང་བ་རྣམས་ནི་ལོངས་སྐུ་ཡིན་ནོ་ཞེས་གསུང་ངོ༌། །སྐུ་གསུམ་པོ་འདི་ལ་རྡོ་རྗེ་སྙིང་པོའི་འགྲེལ་པ་ལས། རྒྱུ་དང༌། ལམ་བསྐྱེད་རྫོགས་མཐའ་དག་དང༌། འབྲས་བུ་སྐུ་གསུམ་ལའང་སྦྱར་ཏེ་བཤད་པ་ཡང་སྣང་མོད་འདིར་སྤྲོ་བར་ག་ལ་ནུས། བཞི་པ་ཐུན་མོང་མ་ཡིན་པའི་འབྲས་བུ་སྐུ་བཞི་པའི་རང་གི་ངོ་བོ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། གདུལ་བྱ་ཐུན་མོང་བ་ལ་སྐུ་གསུམ་དབྱེར་མེད་དུ་སྣང་ཞིང༌། ཐུན་མོང་མ་ཡིན་པ་ལ་སྟོང་པ་དང་སྙིང་རྗེའི་དོན་སྟོན་པའི་ཁྲོ་ཆགས་ཀྱི་རྣམ་པའི་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་པར་སྣང་སྟེ། འདི་ལ་ཉན་ཐོས་ལ་སོགས་པས་དད་པ་ཙམ་ཡང་བྱ་བར་ཤིན་ཏུ་དཀའ་འོ། །དེ་ལྟར་སྣང་བའི་རྒྱུ་མཚན་ནི། ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་མཚོན་བྱེད་ཁྱད་པར་ཅན་འདི་ལ་ཡོད་པ་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་མཚོན་པ་ནི་སྤྱན་གསུམ། དེ་ཉིད་ནང་ཚན་གྱིས་དབྱེ་ན་སྟོང་ཉིད་བཅུ་དྲུག་ནི་ཕྱག་བཅུ་དྲུག་གོ །ཐབས་སྙིང་རྗེ་བསྡུ་བའི་དངོས་པོ་བཞི་ནི་ཞབས་བཞི་ལ། དེ་རྟོགས་པས་ཕྱེ་ན་རྣམ་པར་ཐར་པ་བརྒྱད་ནི་ཞལ་བརྒྱད་དོ། །དེ་ལྟར་ན་མཚོན་བྱེད་ཁྱད་པར་ཅན་འདི་ལ་ཡོད་དོ། །དེ་ལ་སྙིང་པོ་རྡོ་རྗེའམ། རྗེ་བཙུན་ཆེས་གསང་བར་འཇོག་པའི་རྒྱུ་མཚན་ནི། གོང་དུ་བསྟན་པའི་སྐུ་གསུམ་དབྱེར་མི་ཕྱེད་པར་སྣང་བའི་ཕྱིར་རོ། །དེ་ལ་ཁ་ཅིག་འདི་སྐད་དུ་ཅི་གལ་ཏེ་སྟོང་པ་དང་སྙིང་རྗེ་ནི་ལམ་ཡིན་པས་འབྲས་བུར་མི་རིགས་སོ་ཞེས་བྱ་བ་ནི་རྒོལ་བ་དང་པོའོ། །གལ་ཏེ་འབྲས་བུ་ཡིན་དུ་ཆུག་ཀྱང་སྐུ་གསུམ་ལས་ལྷག་པ་ཡོད་པར་མི་རིགས་ཏེ། མདོ་རྒྱུད་རྣམས་སུ་སྐུ་གསུམ་ལས་ལྷག་པ་མ་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བ་གཉིས་པའོ། །དེའི་ལན་ནི་སྐུ་གསུམ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་སྙིང་རྗེ་དང་ཤེས་རབ་འབྲས་བུ་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། རྒྱུ་དང་ལམ་ལས་འབྲས་བུ་ལོགས་ན་ཡོད་པ་མ་ཡིན་ཏེ་ལམ་ཉིད་འབྲས་བུར་འགྱུར་རོ། །དེ་བས་ན་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང༌། །འབྲས་བུར་རྒྱུ་ཡི་རྒྱས་གདབ་བྱ། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱས་ཀྱང་དངོས་གྲུབ་རྙེད་མི་འགྱུར། །ཞེས་གསུངས་སོ། །འོ་ན་འབྲས་བུ་དང་ལམ་གྱི་ཁྱད་པར་ཅི་ཡིན་སྙམ་ན། ལམ་དུ་ནི་འབྲས་བུ་དང་ཆ་འདྲ་བ་ཙམ་དུ་བསྒོམས་པས་མཐུན་པའི་དོན་དམ་པ་ཞེས་བྱ་ལ། འབྲས་བུ་ནི་དངོས་སུ་མངོན་དུ་གྱུར་པའོ། །དེ་བས་ན་ལམ་གྱི་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་གཉིས་ཀའང་དམིགས་པ་མེད་པར་མོས་པ་ཙམ་ཡིན་གྱི། དམིགས་པ་མེད་པར་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །འབྲས་བུ་ནི་མངོན་དུ་གྱུར་པ་སྟེ། དཔལ་ཡང་དག་པར་སྦྱོར་བ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་མཛད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་སོ། །ཡང་མདོ་རྒྱུད་གཞན་དུ་མ་གྲགས་པས་འབྲས་བུ་དེ་མི་རིགས་སོ་ཞེས་རྒོལ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། གང་དང་གང་དུ་འབྲས་བུ་འདི་མ་གྲགས་པ་དེ་ན་ལམ་མེད་པ་ཉིད་ཡིན་ཏེ། དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་སྐུ་གསུམ་དང་ཡེ་ཤེས་བཞི་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མ་གྲགས་པ་དེར་ཡང་དེ་ཐོབ་པར་བྱེད་པའི་ལམ་མ་བསྟན་པར་རིག་པར་བྱའོ། །ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡེ་ཤེས་ལྔ་རིགས་ལྔར་བསྟན་པ་ལ་སོགས་པ་མ་གྲགས་པ་དེར་ཡང་དེ་ལྟ་བུའི་ལམ་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཀྱེའི་རྡོ་རྗེའི་མ་བསྟན་པ་དེར་ཡང་ཀྱེའི་རྡོ་རྗེའི་ལམ་མེད་པར་ཤེས་པར་བྱའོ། །གང་དང་གང་དུ་སྟོང་ཉིད་སྙིང་རྗེ་མེད་པ་དེ་ནི་རྒྱུད་སྡེ་དམན་པ་ཡིན་ལ། རྒྱུད་སྡེ་གང་དུ་འབྲས་བུ་ཀྱེའི་རྡོ་རྗེ་དང༌། དེ་ཐོབ་པར་བྱེད་པའི་ལམ་དེ་དང་མཐུན་པར་སྟོན་པ་བསྐྱེད་པའི་རིམ་པ་ཁྲོ་ཆགས་ཀྱི་རྣམ་པ་ཅན་དང༌། རྫོགས་པའི་རིམ་པ་ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་ཟབ་མོ་ལ་སོགས་པ་སྟོན་པའི་རྒྱུད་དེ་ནི་གསང་བ་ལས་ཀྱང་ཆེས་གསང་བ་ཡིན་པས་ན་དེའི་ཕྱིར་རྒྱུད་འདིར་ཡང༌། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་བྱ་བར་སྦྱར་རོ། །ཀྱེའི་རྡོ་རྗེའི་ཚིག་གི་དོན་ནི་སྔར་བཤད་པ་དང་འདྲ་བ་ཉིད་ཡིན་ཏེ། སྦྱང་དཀའ་ཟླ་བའི་བཞེད་པ་བསྟན་ཟིན་ཏོ།།  །།དེ་ལྟར་ན་འབྲས་བུའི་རྒྱུད་ཐོག་མར་བསྟན་པས་འབྲས་བུ་ལ་བྲོད་པ་སྐྱེས་ནས་ལམ་ལ་འཇུག་པའི་ཕྱིར་བསྟན་པ་ཡིན་ཏེ། འབྲས་བུའི་རྒྱུད་ཐམས་ཅད་ཀྱང་བསྟན་ཟིན་ཏོ།།  །།ད་ནི་ཐབས་ཀྱི་རྒྱུད་སྟོན་པ་ལས་ཐོག་མར་བཤད་པར་དམ་བཅའ་བ་ཚིག་རྐང་གཉིས་སྟོན་ཏེ། དེ་ལྟར་འབྲས་བུ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཡིན་པ་བཞིན་དུ་རྒྱུད་ནས་བྱུང་བའི་ཆོས་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྟན་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་བྱ་བ་གསུངས་ཏེ། དེ་ལ་རྒྱུའི་རྒྱུད་ཀྱི་དབང་དུ་བྱས་ན་ཐབས་ནི་དངོས་པོ་སྣ་ཚོགས་སུ་སྣང་བའི་བདག་ཉིད་དེ་ཧེའི་དོན་ཏོ། །ཤེས་རབ་ནི་དེ་ཉིད་རང་བཞིན་མེད་པ་སྟེ་བཛྲའི་དོན་ཏོ། །བདག་ཉིད་རྒྱུད་ནི་སེམས་ཅན་གཅིག་གི་རྒྱུད་ལ་དབྱེར་མི་ཕྱེད་པས་གཉིས་སུ་མེད་པའི་དོན་ཏོ། །ལམ་གྱི་དབང་དུ་བྱས་ན། བསྐྱེད་པ་ཐབས། རྫོགས་པ་ཤེས་རབ། བསྐྱེད་པའིའང་ལྷ་ཡབ་ཀྱི་རྣམ་པ་ཐབས། ཡུམ་གྱི་རྣམ་པ་ཤེས་རབ། རྫོགས་རིམ་གྱིའང༌། རང་བྱིན་བརླབ་ཐབས། དཀྱིལ་འཁོར་འཁོར་ལོ་ཤེས་རབ། རང་བྱིན་བརླབ་ཀྱིའང་དམིགས་བཅས་ཐབས། དམིགས་མེད་ཤེས་རབ། དམིགས་བཅས་ཀྱིའང་འཁོར་ལོ་གོང་མ་ཐབས། འོག་མ་ཤེས་རབ། དཀྱིལ་འཁོར་འཁོར་ལོའིའང་སྒྲུབ་པ་པོ་ཐབས། ཕྱག་རྒྱ་ཤེས་རབ། ལྟ་བའིའང་སྣང་བ་ཐབས། སྟོང་པ་ཤེས་རབ་བོ། །དེ་རྣམས་ཐམས་ཅད་ཀྱང་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་དབྱེར་མི་ཕྱེད་པར་ཉམས་སུ་ལེན་པར་བྱེད་པས་བདག་ཉིད་རྒྱུད་ཅེས་བྱ་བ་ཡིན་ནོ། །འབྲས་བུའི་རྒྱུད་ཀྱི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནི་གོང་དུ་བསྟན་ཟིན་ཏོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། ཤེས་རབ་ཐབས་ནི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་སོ། །རྒྱུད་ཅེས་བྱ་བ་ནི་རྒྱུན་ཆགས་པ་སྟེ་རང་གི་སེམས་ཀྱི་མཚན་ཉིད་དོ། །དེ་ནི་རྣམ་པ་གསུམ་སྟེ། རྒྱུ་དང༌། ཐབས་དང༌། འབྲས་བུའོ། །དེའང་གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་སོ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་བྱ་བ་ནི་ཉན་པ་པོ་གུས་པ་བསྐྱེད་པའི་ཕྱིར་ཡིན་ནོ། །ཡང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་འདི་འདུས་པ་དང་བདེ་མཆོག་ལ་སོགས་པ་ལའང་སྣང་ན་ཅིའི་ཕྱིར་ཧེ་བཛྲ་ཁོ་ན་ལ་སྦྱོར་སྙམ་ན། ཐམས་ཅད་ཀྱང་གཉིས་སུ་མེད་པའི་རྒྱུད་ཡིན་མོད། གཙོ་ཆེ་ཆུང་གི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པའི་ལུང་རྡོ་རྗེ་སྙིང་པོའི་འགྲེལ་པ་ལས་འབྱུང་བ། རྣལ་འབྱོར་མ་ནི་ཀུན་སྤྱོད་ཅིང༌། །གང་དུ་ཐབས་ནི་ངེས་གནས་པ། །ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། །བྱིས་པ་རྣམས་ལ་ང་ཡིས་བསྟན། །གང་དུ་ཐབས་ནི་ཀུན་སྤྱོད་ཅིང༌། །ཤེས་རབ་གནས་པར་གྱུར་པ་ནི། །ཀུན་རྫོབ་ཐབས་ཀྱི་རྒྱུད་ཅེས་པར། །གང་ཡིན་དེ་ནི་ང་ཡིས་བསྟན། །ཤེས་རབ་ཐབས་ནི་སྙོམས་འཇུག་པས། །ཀྱེ་རྡོར་འདི་ནི་ཕྱོགས་གཅིག་མིན། །དོན་གྱིས་འདུས་པ་ལ་སོགས་ཀུན། །ཤེས་རབ་ཐབས་ཀྱི་བདག་ཉིད་དོ། །ཞེས་གསུངས་སོ། །བཤད་པར་དམ་བཅའ་བ་བསྟན་ཟིན་ཏོ།།  །།ད་ནི་རྒྱུད་ཀྱི་དོན་རྒྱས་པར་བསྟན་པ་ལས། ཐོག་མར་ལུས་རྣམ་པར་གཞག་པ་བསྟན་པ་ནི། ཡེ་ཤེས་ཞེས་བྱ་བས་ལེའུ་དང་པོ་དང༌། ལྔ་པ་དང༌། བརྒྱད་པའི་སྨད་དང་དགུ་པ་རྣམས་ཀྱིས་ལུས་རྣམ་པར་གཞག་པ་ཡིན་ནོ། །དགུག་པ་དང༌། དོན་བྱེད་རྣམ་མང་དང༌། རེངས་པ་དང༌། སྐྲོད་པ་དང༌། སྡེ་རེངས་བྱེད་པ་དང༌། མངོན་སྤྱོད་དང༌། དོན་བྱེད་དང༌། རྣམ་ཤེས་ཏེ་ཚིག་དུམ་བུ་བརྒྱད་ཀྱིས་ལེའུ་གཉིས་པའི་ལུས་རྣམ་པར་གཞག་པའོ། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་བྱ་བས་ལེའུ་གསུམ་པ་དང༌། བཞི་པའི་ལུས་རྣམ་གཞག་གོ །དོན་བྱེད་རྣམ་མང་གིས་ནི་ལེའུ་དྲུག་པའི་ཡིན་ལ། བརྡ་ཆེན་གྱིས་ནི་ལེའུ་དྲུག་པ་དང་བདུན་པ་གཉིས་ཀའི་ཡིན་ནོ། །ཇི་ལྟར་རིགས་པ་དང༌། རྣལ་འབྱོར་མའི་བསྐྱེད་པ་དང༌། གནས་དང༌། བྱེད་རྒྱུ་སྟེ་ཚིག་དུམ་བུ་བཞིས་ནི་ལེའུ་བརྒྱད་པའི་སྟོད་ཀྱི་ཡིན་ནོ། །དོན་བྱེད་ཅེས་བྱ་བ་ནི་སློབ་མའི་དོན་བྱེད་པས་ལེའུ་བཅུ་པའི་ལུས་རྣམ་གཞག་གོ །ལྟ་སྟངས་ནི་ལེའུ་བཅུ་གཅིག་པའིའོ། །ཚིག་གི་དོན་ཅུང་ཟད་བརྗོད་ན། ལྟ་ལྟངས་ནི་ལྟུང་བ་ལ་སོགས་པ་རྣམ་པ་བཞིའོ། །གྲོགས་རྣལ་འབྱོར་མ་དགུག་པ་དང༌། དེ་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་ཆེན་དང༌། ཆར་དབབ་པ་ལ་སོགས་པའི་ལས་ཀྱི་ཚོགས་དུ་མ་དང༌། སྤྱོད་པའི་རྣམ་པར་འཕྲུལ་པ་དུ་མ་ནི་དོན་བྱེད་རྣམ་མང་བརྗོད་པ་དང༌། གདུག་པ་ཅན་རེངས་པར་བྱ་བ་དང༌། གནས་ནས་བསྐྲད་པ་དང༌། རྡོ་རྗེ་གྲི་གུག་གིས་སྡེ་རེངས་པར་བྱ་བ་དང༌། གསད་པ་ནི་མངོན་སྤྱོད་དོ། །དམན་པ་དང་མཆོག་གི་བྱེ་བྲག་ནི་ཇི་ལྟར་རིགས་པ། རྣལ་འབྱོར་མ་བསྐྱེད་པ་ནི་སྐུ་བསྐྱེད་པ། གནས་ནི་གཞལ་ཡས་ཁང༌། བྱེད་རྒྱུ་ནི་མངོན་བྱང་ལྔའོ། །དོན་བྱེད་ནི་སློབ་མ་ཡོངས་སུ་སྨིན་པར་བྱེད་པ། ཡེ་ཤེས་ནི་ཡང་དག་པའི་དོན་སྟོན་པ་སྟེ། ལྟ་བ་དང༌། རྫོགས་རིམ་དང༌། དག་པ་གསུམ་མོ། །རྣམ་ཤེས་ནི་གསལ་བས་ན་རྐུན་པོ་ངོས་བཟུང་བའོ། །ལྷ་རྣམས་ཇི་ལྟར་འབྱུང་བའོ་ནི། བསྐྱེད་པའི་ལྷ་སྐྱེད་པའི་ཆོ་ག་རྣམས་སོ་ཞེས་བྱ་བ་ནི་རྗེ་བཙུན་གྱི་གསུང་ངོ༌། །སློབ་དཔོན་སྤྱོད་པ་བས་ནི་ཚིགས་བཅད་གོང་མས་ནི་གཞུང་གང་ན་འདུག་ནའང་འདུག ལམ་གྱི་ཡན་ལག་ལུས་ངག་གི་བྱ་བ་གཙོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལུས་རྣམ་གཞག་ཡིན་ལ། ཚིགས་བཅད་འོག་མས་ནི་གཞུང་གང་ན་སྣང་ཡང་ལམ་གྱི་གཙོ་བོ་སེམས་ཀྱི་བྱ་བ་གཙོར་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་རྣམས་ཀྱི་མདོར་བསྟན་དུ་བཞེད་དོ། །ལུས་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།ད་ནི་ཐོག་མར་ཐབས་ཀྱི་རྒྱུད་བསྟན་པའི་རྒྱུ་མཚན་ནི། དེ་ལྟར་བསྟན་པའི་གོ་རིམ་ཐོག་མར་འབྲས་བུའི་རྒྱུད་བསྟན་པ་ལྟར་སྐྱེ་བའི་གོ་རིམ་ཀྱང་འབྲས་བུ་ནས་སྐྱེའམ་སྙམ་ན་མ་ཡིན་ཏེ། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །ཞེས་བྱ་བ་འབྲས་བུའི་ཧེ་རུ་ཀ དེ་བསྐྱེད་པའི་རྒྱུ་ལམ་ཡིན་པས་ན། དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་བྱ་བ་ལམ་ཡིན་ནོ། །ལམ་གྱིའང་ཐོག་མར་བསྐྱེད་རིམ་ཡིན་ལ། དེ་ལ་རྫོགས་རིམ་བསྒོམ་པ་ཡིན་ནོ། །རྫོགས་རིམ་གྱིའང་ཐོག་མར་དམིགས་བཅས་ཡིན་ལ། དེ་ནས་དམིགས་མེད་ཡིན་ནོ། །དེའང་ཅིག་ཤོས་ཞེས་བྱ་བ་ཐོག་མར་རགས་པ་ནས་བསྒོམ་པའི་དོན་ཡིན་ནོ། །ལུས་རྣམ་པར་གཞག་པ་བཅུ་དྲུག་ལས་ཀྱང་ཐོག་མར་ལྷ་རྣམས་ཇི་ལྟར་འབྱུང་བའི་དོན་བསྒོམ་པར་བྱ་སྟེ། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་འབྱུང་བ་ཡིན་ནོ། །དཔལ་གསང་བ་གྲུབ་པ་ལས་ཀྱང༌། དང་པོར་ཡི་གེ་དགོད་པར་བྱ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ཏེ། །སེམས་ཅན་དང་པོའི་ལས་ཅན་རྣམས། །གཞུག་ཕྱིར་རྒྱུད་ལས་དང་པོར་བསྟན། །ཞེས་གསུངས་ལ། རིམ་པ་ལྔ་པ་ལས་ཀྱང༌། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་གསུངས་པ་ཡིན་ནོ། །ཐབས་ཀྱི་རྒྱུད་དང་པོར་བསྟན་པའི་འཐད་པ་བསྟན་ཟིན་ཏོ།།  །།ད་ནི་དེས་མི་འཆིང་ཞིང་གྲོལ་བའི་རྒྱུ་བསྟན་པར་བྱ་སྟེ། དེ་ལྟར་ལམ་བསྟན་ཀྱང་འཁོར་བ་ལས་ཐར་བར་མི་འགྱུར་རམ་སྙམ་ན། ཐར་བར་འགྱུར་ཏེ། འཁོར་བར་སྐྱེ་བར་འགྱུར་བའི་རྒྱུ་ནི་ལས་ཡིན་ལ། དེའི་རྩ་བ་ནི་ཉོན་མོངས་པ་ཡིན་ཞིང༌། ཉོན་མོངས་པའང་རྣམ་པར་རྟོག་པ་ལས་བྱུང་ལ། རྣམ་པར་རྟོག་པའང་ཀུན་ཏུ་བརྟགས་པ་དང༌། ཀུན་ཏུ་རྟོག་པ་ཞེས་བྱ་བར་འདུ་ལ། དེ་ལ་ཀུན་ཏུ་བརྟགས་པ་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བས་ཞི་བར་བྱེད་ལ། ཀུན་ཏུ་རྟོག་པ་ནི་བསྐྱེད་པའི་རིམ་པས་སྦྱོང་ཞིང༌། བསྐྱེད་པའི་རིམ་པའི་རྟོག་པ་དེའང་རྫོགས་པའི་རིམ་པའི་ཡེ་ཤེས་ཀྱིས་ཞི་བར་བྱེད་པས་ན་ལམ་འདིས་སྲིད་པའི་རྒྱ་མཚོའི་སྡུག་བསྔལ་ལས་ངེས་པར་ཐར་བར་བྱེད་པ་ཡིན་ནོ། །ཡང་ཁ་ཅིག་བདག་གྲོལ་བར་འདོད་པ་སྲིད་པ་ལ་ཞེ་སྡང་བ། ཐེག་པ་དམན་པར་མོས་པ་ཟབ་མོའི་ལམ་རིམ་པ་གཉིས་ལ་རྒྱབ་ཀྱིས་ཕྱོགས་པ་དག་རྣམ་པར་མི་རྟོག་པས་སྡུག་བསྔལ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཐོབ་པར་བྱེད་པ་ལ་གཟུགས་ལ་སོགས་པ་འདི་རྣམས་དང་བྲལ་དགོས་ལ། བསྐྱེད་པའི་རིམ་པ་དང་རྩའི་འཁོར་ལོ་ལ་སོགས་པ་འདི་རྣམས་ཀྱིས་ཅི་བྱ་སྙམ་ན། དེ་དགག་པ་ནི། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཞེས་བོས་ནས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་གསུངས་ཏེ། དངོས་པོ་ཞེས་བྱ་བ་ནི་འབྱུང་ཞིང་བྱ་བྱེད་དང་བཅས་པ་ཕུང་པོ་ལ་སོགས་པའི་ལུས་ཏེ། འདི་ཉིད་ལ་བརྟེན་ནས་བསྐྱེད་པའི་རིམ་པའི་དངོས་པོས་གྲོལ་བར་འགྱུར་རོ། །འོ་ན་བྱིས་པ་རྣམས་གང་གིས་བཅིངས་ཤེ་ན། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་སྨོས་ཏེ། དངོས་པོ་ལ་མངོན་པར་ཞེན་ཞིང་བདེན་པར་འཛིན་པ་རྣམས་འཆིང་ངོ༌། །འོ་ན་གྲོལ་བ་གང་ཞེ་ན། དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། གཟུགས་ལ་སོགས་པ་རང་བཞིན་གྱིས་མ་སྐྱེས་པར་ཤེས་པར་བྱས་ལ། དེ་ཉིད་ལྷའི་རང་བཞིན་དུ་ཤེས་པས་གྲོལ་བར་འབྱུང་ཏེ། རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་འཆད་པར་འགྱུར་རོ། །དེ་བས་ན་ཡུལ་གཅིག་ལ་བློའི་བྱེ་བྲག་གིས་དུ་མར་འགྱུར་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་རྣམས་ནི་ཆགས་བྲལ་གྱུར། །མཁས་པ་རྣམས་ཀྱིས་གཟུགས་ཀྱི་ནི། །དེ་ཉིད་ཤེས་ན་ཡང་དག་གྲོལ། །ཞེས་གསུངས་པ་ཡིན་ནོ། །དངོས་པོ་མེད་པའང་ཡོངས་ཤེས་པས། །ཞེས་བྱ་བ་ནི་དངོས་པོ་བཞིན་དུ་དངོས་པོ་མེད་པའང་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དངོས་པོ་བསྒོམ་འགྱུར་ཞེས་བྱ་བ་དངོས་པོ་མེད་པ་ནམ་མཁའ་འང་ལྷའི་སྐུར་བསམ་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་བསྒོམ་པར་བྱའོ། །འདིས་ཉན་ཐོས་ལྟར་མྱ་ངན་ལས་འདས་པའི་མཐར་ཞེན་པ་སྤང་བར་བྱ་བའི་དགོས་པ་ཡིན་ནོ། །དངོས་པོ་མེད་པ་ཡོངས་ཤེས་པས། །ཞེས་བྱ་བ་ནི་བདེན་འཛིན་གྱི་དངོས་པོའམ་ཐ་མལ་དུ་ཞེན་པ་མེད་པར་བྱེད་དེ། འདིས་འཁོར་བའི་མཐའ་སེལ་བར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་མཐའ་ཡོངས་སུ་ཤེས་པར་བྱས་ལ་བསྐྱེད་པའི་རིམ་པའི་ཧེ་རུ་ཀ་བསྒོམས་ན་ཐ་མལ་གྱི་དངོས་པོ་ཡོངས་སུ་འཇིག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་བསྐྱེད་པའི་རིམ་པ་ལ་སྦྱར་བ་ཡིན་ནོ། །རྫོགས་པའི་རིམ་པ་ལ་སྦྱར་ན། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་བྱ་བ་བསྐྱེད་པའི་རིམ་པ་ཉིད་ཀྱིས་གྲོལ་ཞེས་བྱ་བ་ཉིད་ཡིན་ནོ། །འོ་ན་རྫོགས་པའི་རིམ་པ་བསྒོམ་པ་ལ་དོན་མེད་དོ་སྙམ་ན། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་བྱ་སྟེ། བསྐྱེད་པའི་རིམ་པ་ཉིད་ལ་ཞེན་ནའོ། །དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་བྱ་བ་ནི་ལྷའི་དེ་ཉིད་ཡོངས་སུ་ཤེས་ནའོ། །དངོས་པོ་མེད་པའང་ཡོངས་ཤེས་པ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་ཡེ་ཤེས་ཉིད་ལའང་ཞེན་པ་མེད་པར་བྱ་བའོ། །དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །ཞེས་བྱ་བ་ནི་རང་བཞིན་མེད་པའི་ཡེ་ཤེས་དེས་དངོས་པོ་ཐམས་ཅད་ཀྱང་བྱིན་གྱིས་བརླབས་ལ་བསྒོམ་པར་བྱའོ། །དངོས་པོ་མེད་པ་ཡོངས་ཤེས་པ། །ཞེས་བྱ་བ་ནི་ལྷའི་རྣམ་པའི་དངོས་པོ་དང༌། རྫོགས་པའི་རིམ་པའི་ཡེ་ཤེས་གཉིས་ཀ་རང་བཞིན་མེད་པ་བརྗོད་བྲལ་དུ་ཤེས་པར་བྱས་ནས་ཉམས་སུ་ལེན་པའོ། །བརྗོད་བྲལ་དུ། ཇི་ལྟར་ཉམས་སུ་བླང་ཞེ་ན། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བ་རྫོགས་པའི་རིམ་པའི་ཧེ་རུ་ཀ་ཡི་གེ་བཞི་ལྡན་དུ་ཉམས་སུ་བླང་སྟེ། ཤྲཱི་ནི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས། ཧེ། ཧེ་ཏུ་ཤཱུ་ནྱ་ཏཱ་ནི་དང་པོ་སྐྱེ་བའི་རྒྱུས་སྟོང་པ། རུ། རཱུ་པ་ཀ་ཏ་ཤཱུ་ནྱ་ཏཱ་ནི་མཐར་འགག་པའི་འབྲས་བུས་སྟོང་པ། ཀ ཀ་ན་ཀུ་ཙི་ཏ་ཏིཥྛ་ན་བར་དུ་རང་གི་ངོ་བོ་གནས་པས་སྟོང་པ་སྟེ། དེ་ལྟ་བུ་བསྒོམ་པར་བྱའོ། །དེ་ལྟར་ན་ལམ་རིམ་པ་གཉིས་འབྲེལ་པ་ཅན་དུ་བསྒོམས་པས་འཁོར་བའི་རྒྱ་མཚོ་ལས་ཐར་བར་འགྱུར་རོ། །རིམ་པ་གཉིས་ཀྱི་མངོན་པར་རྟོགས་པ་རྫོགས་པར་ནི་ལེའུ་བརྒྱད་པ་དང༌། ཕྱི་མའི་ལེའུ་གཉིས་པའི་སྐབས་སུ་འཆད་པར་འགྱུར་རོ། །ཐབས་ཀྱི་རྒྱུད་དེས་མི་འཆིང་ཞིང་གྲོལ་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།ད་ནི་ཐབས་ཀྱི་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་གཉིས། ལེའུ་དང་པོས་ལྷན་ཅིག་སྐྱེས་པའི་མཚན་ཉིད་བསྟན་པ་དང༌། ལེའུ་གཉིས་པ་ལ་སོགས་པས་དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་ཀྱི་རྒྱུད་རྒྱས་པར་བཤད་པའོ། །དེ་ལ་ལེའུ་དང་པོ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་གྱི་བཤད་པ་ཅུང་ཟད་ཅིག་དང་གཙོ་བོར་སྦས་པའི་དོན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོར་ཡིན་ལ། ཡི་གེ་དབྱིབས་མཐུན་ཅུང་ཟད་ཅིག་དང༌། བསྡུས་པའི་དོན་གྱི་མན་ངག་ཅུང་ཟད་ཀྱང་འཇུག་གོ །མངོན་པར་རྟོགས་པ་ནི་འདིར་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཡིན་ཏེ། དེའང་ཐབས་རྒྱུད་སྤྱིའི་རྐང་གྲངས་ཙམ་ཞིག་སྔོན་དུ་བཤད་ལ། དེ་ནས་ལྟ་བ་ཐོག་མར་བསྟན་པའི་རྒྱུ་མཚན་དང༌། ལྟ་བ་ཉིད་མངོན་པར་རྟོགས་པ་ལྔས་རབ་ཏུ་ཕྱེ་བ་ཞིབ་ཏུ་བཤད་པར་བྱ་སྟེ། རྒྱུད་ཀྱི་མངོན་རྟོགས་སུ་བསྟན་པས་ན་དེར་བལྟ་བར་བྱའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་དང་བརྒྱད་པ་དང་བཅུ་བཞི་པ། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི། གཉིས་པའི་གཉིས་པ། ལྔ་པའི་གཉིས་པའི་ཆ་དང༌། དྲུག་པའི་རབ་ཏུ་བྱེད་པ་བཞི་སྟེ་བཅུས་གསལ་བར་བྱེད་དོ། །ལུས་རྣམ་པར་གཞག་པ་ནི་ཡེ་ཤེས་ཀྱི་རྒྱས་པར་བཤད་པ་ཡིན་ནོ། །དེ་ལྟར་ན་རྟོགས་པའི་ལྟ་བ་ནི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་སྤྲོས་པ་དང་བྲལ་བར་མོས་པ་བྱེད་པ་ཡིན་ལ། ལེའུ་འདིར་ནི་རྩའི་འཁོར་ལོ་ལ་སོགས་པ་བསྟན་པས་ལམ་རྫོགས་པའི་རིམ་པ་ཉིད་དུ་མི་འགྱུར་རམ་སྙམ་ན། བདེན་མོད་ཀྱི་སྤྲོས་པ་དང་བྲལ་བར་མོས་པ་བྱེད་པ་དེའང་ལྟ་བ་ཡིན་ཏེ། དེ་ནི་ལྷན་སྐྱེས་ཀྱི་མཚན་ཉིད་སྤྱིའི་དོན་དུ་བཤད་པས་བསྟན་ལ། ལྟ་བ་དེ་ཙམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་བསྐྱེད་པའི་རིམ་པ་མཐའ་དག་ལའང་ཡོད་པ་ཡིན་ནོ། །རྒྱུད་འདིར་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ནི་གཞན་དང་ཐུན་མོང་མ་ཡིན་ཏེ། དབང་བཞི་རྫོགས་པའི་རྣལ་འབྱོར་པའི་ལམ་ཡིན་ན། དེ་བས་ན་དབང་གི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་མཚོན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ནི་ཕྱི་རོལ་གྱི་སྤྲོས་པ་ལས་མི་འབྱུང་སྟེ་རང་གི་ལུས་ལས་འབྱུང་ངོ་ཞེས་རྡོ་རྗེ་ལུས་ཀྱི་གནས་ལུགས་འདི་ཐོག་མར་སྟོན་པ་སྟེ། དེའང་ལུས་དང་སེམས་ཀྱི་གནས་ལུགས་ཙམ་ནི་རྒྱུའི་རྒྱུད་ཉིད་དུའང་འགྱུར་ལ། དེ་ལྟར་མོས་པར་བྱེད་པའི་ཆ་ནི་རྟོགས་པའི་ལྟ་བའི་ཆ་ཡིན་ལ། ཉམས་སུ་ལེན་པའི་ཆ་ནི་རྫོགས་པའི་རིམ་པར་འགྱུར་ལ། མངོན་དུ་གྱུར་པ་ན་འབྲས་བུ་ཡིན་པས་ངོ་བོ་ལ་ཁྱད་པར་མེད་པ་ཡིན་ནོ། །དེ་བས་ན་དངོས་པོའི་གནས་ལུགས་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་དང༌། རྫོགས་པའི་རིམ་པའི་ཡེ་ཤེས་དང༌། དེའི་རྟེན་དཀྱིལ་འཁོར་གསུམ་པོ་འདི་བརྗོད་བྱའི་གཙོ་བོ་ཡིན་པས་ཐོག་མར་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་པ་གཅིག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ལ། ལྷག་མས་ནི་ཡེ་ཤེས་དེ་བསྐྱེད་པའི་རྟེན་ནམ་རྒྱུ་སྟོན་ཏོ། །དང་པོ་ལ་རང་བཞིན་ལྷན་སྐྱེས་ལ་སྦྱར་ཏེ་སྤྱིའི་དོན་དུ་བཤད་པ་དང༌། ཞུ་བདེ་ལྷན་སྐྱེས་ལ་སྦྱར་ཏེ་སྦས་པའི་དོན་དུ་བཤད་པ་གཉིས་ལས། དང་པོ་ལ་ལྔ་སྟེ། ཡེ་ཤེས་ཀྱི་རྟེན་དང༌། རང་གི་ངོ་བོ་དང༌། དེའི་མཚན་ཉིད་དང༌། དེ་ཐམས་ཅད་ལ་ཁྱབ་པར་བསྟན་པ་དང༌། རྟེན་དང་བརྟེན་པའི་གནས་ལུགས་བསྟན་པའོ། །དང་པོ་རྟེན་ནི་ལུས་ལ་སྟེ། རང་གི་ལུས་ཉོན་མོངས་པ་དང་བཅས་པ་འདི་ཉིད་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །གཉིས་པ་རང་གི་ངོ་བོ་ནི། ཡེ་ཤེས་ཆེན་པོ་ཞེས་སྨོས་ཏེ། ཡེ་ཤེས་ཞེས་བྱ་བ་ནི་གསལ་ཤིང་ཤེས་པས་ན་ཡེ་ཤེས་དེ་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་བའི་ཤེས་པའོ། །ཆེན་པོ་ནི་ཕུལ་དུ་བྱུང་བ་སྟེ་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་བས་ན་ཡེ་ཤེས་ཀྱང་ཡིན་ལ་ཆེན་པོའང་ཡིན་པས་ན་ཡེ་ཤེས་ཆེན་པོ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །གསུམ་པ་ཡེ་ཤེས་དེའི་མཚན་ཉིད་ནི། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་སྨོས་ཏེ། དེ་ལ་རྟོག་པ་ནི་སྒྲོ་བཏགས་པའམ། མི་བདེན་པར་འཛིན་པས་རྟོག་པ་སྟེ་སོ་སོའི་སྐྱེ་བོའི་བློ་རྣམས་སོ། །དེ་སྐད་དུ། ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་ལས། བྱིས་པ་འཁྲུལ་པས་བདེན་མིན་པ། །ཀུན་ཀྱང་རྟོག་པ་ལས་བྱུང་དངོས། །ཀུན་ཀྱང་རྟོགས་པའི་བདག་ཉིད་ཅན། །དེ་ནི་སྲིད་པར་མཁས་པས་བཤད། །ཅེས་སོ། །དེ་ཇི་ལྟར་མི་བདེན་པར་འཛིན་ཞེ་ན། ཡོད་པ་དང་མེད་པར་འཛིན་པས་སོ། །དེའང་ཡང་དག་པ་མ་ཡིན་ཏེ། བརྟགས་ན་མི་རྙེད་པའི་ཕྱིར་ཡོད་པ་མི་བདེན་ལ། ཡོད་པ་མེད་པས་དེ་ལ་ལྟོས་པའི་མེད་པའང་མི་འགྲུབ་ཅིང༌། ཀུན་རྫོབ་ཏུ་སྐྱེ་བར་མཐོང་བས་མེད་པའང་མི་འཐད་དོ། །དེ་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། སྐྱེ་བ་རྒྱུ་དང་བཅས་མཐོང་བས། །མེད་པར་ཅི་ཡི་ཕྱིར་ན་བརྗོད། །རྒྱུ་དང་བཅས་པར་འགག་མཐོང་བས། །ཅི་ཡི་ཕྱིར་ན་ཡོད་པར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་རྟོག་པ་ནི་སོ་སོ་སྐྱེ་བོའི་བློ་འཛིན་པ་དང་བཅས་པ་ཡིན་ལ། དེ་སྤངས་པ་ནི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ཆེན་པོ་ཞེས་བྱའོ། །བཞི་པ་དེ་ཐམས་ཅད་ལ་ཁྱབ་པར་བསྟན་པ་ནི། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་སྟེ། དངོས་པོ་ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའམ། སྲིད་པ་གསུམ་མམ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལའོ། །ཁྱབ་པ་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་པ་སྟེ། ཟླ་གསང་ཐིག་ལེ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །བདག་ཉིད་དུ་ནི་ཡང་དག་བཞུགས། །ཞེས་པ་ལྟ་བུའོ། །ལྔ་པ་རྟེན་དང་བརྟེན་པའི་གནས་ལུགས་བསྟན་པ་ནི། ལུས་གནས་ལུགས་ལས་མ་སྐྱེས་པའོ། །ཞེས་སྨོས་སོ། །འདི་ལ་གཉིས་ཏེ། ལུས་ལ་གནས་ཞེས་བྱ་བས་གནས་ལུགས་དངོས་བསྟན་ཏོ། །ལུས་ལས་མ་སྐྱེས་ཞེས་པས་དེ་ལ་རྩོད་པ་སྤོང་བ་སྟོན་ཏོ། །དང་པོ་ལུས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །གནས་ཞེས་བྱ་བ་ནི་རྟོག་མེད་ཀྱི་ཡེ་ཤེས་དེ་ལས་མཚན་མ་དང་རྣམ་པར་རྟོག་པ་རྣམས་བྱུང་ལ། རྟོག་པ་ལས་ནི་སྣང་བ་སྣ་ཚོགས་སུ་བྱུང་བར་གྱུར་ཏོ། །ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་བཤད་པས་ན། དེ་ལས་ཐམས་ཅད་བྱུང་བའི་ཚུལ་དུའམ། ཐམས་ཅད་དེའི་བདག་ཉིད་དུ་གྱུར་པའི་ཚུལ་གྱིས་ཁྱབ་སྟེ་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་གནས་ཞེས་བྱ་བའོ། །གཉིས་པ་ནི་གལ་ཏེ་ལུས་འཁོར་བ་དེ་ལ་ཡེ་ཤེས་མྱ་ངན་ལས་འདས་པ་གནས་ན་ཡེ་ཤེས་འཁོར་བར་འགྱུར་ལ། ཡང་ན་ལུས་མྱ་ངན་ལས་འདས་པར་འགྱུར་རོ་སྙམ་ན། ལུས་ལས་མ་སྐྱེས་ཏེ། ཡེ་ཤེས་དེའི་རང་གི་ངོ་བོ་ལུས་ཀྱིས་མ་བསྒྲིབས་ཤིང་ལུས་དེས་ཡེ་ཤེས་དེ་བསྐྱེད་པ་མ་ཡིན་པས་ཡེ་ཤེས་འཁོར་བར་མི་འགྱུར་ཏེ། དབུས་མཐའ་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་ཡོངས་སུ་དག །ཅེས་གསུངས་པ་བཞིན་ནོ། །ཡང་ལུས་འཁོར་བ་དེའང་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ལུས་ལས་མ་སྐྱེས་པའོ་ཞེས་སྨོས་པས་ལུས་རྟོག་པ་ཡིན་ལ། ཡེ་ཤེས་རྟོག་མེད་ཡིན་པས་ལུས་ཅན་རྣམས་རྟོག་པ་ཡིན་ལ་དེས་ན་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཤེས་དང་མ་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་རྣམ་པར་སྤྲོས་ན་མང་པོར་འགྱུར་མོད་ཀྱི་གཞན་ཉིད་དུ་ཤེས་པར་ནུས་སོ། །དེ་ལྟར་རང་བཞིན་ལྷན་སྐྱེས་ལ་སྦྱར་ཏེ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་སྦྱར་བའི་བཤད་པ་བསྟན་ནས། གཉིས་པ་ཞུ་བདེ་ལྷན་སྐྱེས་ལ་སྦྱར་ཏེ་སྦས་པ་ལྟར་བཤད་ན་ཐོག་མར་རྟེན་བསྟན་པ་ནི། ལུས་གནས་ཞེས་སྨོས་ཏེ། གཞན་ཕྱི་རོལ་གྱི་གཏན་ཚིགས་ལ་སོགས་པའི་སྒོ་ནས་རྙེད་པ་མ་ཡིན་ཏེ་རང་གི་ལུས་ལས་རྙེད་ཅེས་བྱ་བའི་དོན་ཏོ། །ལུས་ལས་སྐྱེས་པའི་ཡེ་ཤེས་དེའི་ངོ་བོ་གང་ཡིན་ཞེ་ན། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི་ཞུ་བདེ་ལྷན་ཅིག་སྐྱེས་པ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའི་ཕྱིར་ཡེ་ཤེས་ཆེན་པོ་སྟེ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་འཆད་པར་འགྱུར་རོ། །དེས་ན་རང་བཞིན་ལྷན་སྐྱེས་འཆད་པར་བྱེད་པའི་ཐབས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེའི་མཚན་ཉིད་ཅི་འདྲ་ཞེ་ན། རྟོགས་པ་ཐམས་ཅད་ཡང་དག་སྤངས། །ཞེས་སྨོས་ཏེ། གློ་བུར་དུའང་རྟོག་པ་གང་ཡང་མེད་དེ། རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །ཅེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དེ་ལྟ་བུ་དེ་ལུས་ཀྱི་གནས་གང་ལ་གནས་ཤེ་ན། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་སྟེ། ལུས་མཐའ་དག་ལ་རྩས་ཁྱབ་ལ། དེ་དག་ལ་བྱང་ཆུབ་ཀྱི་སེམས་གནས་ཤིང་དེ་ལ་བདེ་བ་འབྱུང་ལ། དེ་ལས་མི་རྟོག་པ་རྟོགས་ཏེ། རློམ་སེམས་མེད་པའི་རང་བཞིན་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་འཆད་པར་འགྱུར་རོ། །གལ་ཏེ་དེ་ལྟར་གནས་ན་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་རྟོགས་པར་འགྱུར་ལ། གཞན་ཡང་ལུས་ལས་བྱུང་བ་ནི་བདེ་བ་ཡིན་ལ། དེ་ལྟར་ན་རྣམ་པར་རྟོག་པ་ཉིད་དུ་འགྱུར་རོ་ཞེས་རྒོལ་ན། ལུས་གནས་ལུས་ལས་མ་སྐྱེས་ཞེས་སྨོས་ཏེ། ལུས་ལས་མ་སྐྱེས་ཞེས་བྱ་བ་ནི་གནས་ཀྱང་སོ་སོ་སྐྱེ་བོ་རྣམས་ཐབས་དང་བྲལ་བའི་ཕྱིར་མི་རྟོགས་ལ། ཡང་ཡེ་ཤེས་རྟོག་བཅས་ཉིད་དུའང་མི་འགྱུར་ཏེ། ཚོར་བ་བདེ་བ་ལུས་ལས་སྐྱེས་པ་ཡིན་ཡང་ཡེ་ཤེས་དངོས་ལུས་ལས་སྐྱེས་པ་མ་ཡིན་ཏེ། དེ་བས་ན། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་འཆད་པར་ཡང་འགྱུར་ལ། ཡེ་ཤེས་གྲུབ་པ་ལས་ཀྱང༌། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་ཆེན་དེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བའང་ལེགས་པར་བྲིས་པར་འགྱུར་རོ། །འོ་ན་ལུས་ལ་གནས་པར་ཇི་ལྟར་རུང་སྙམ་ན་དེ་ལའང་དངོས་སུ་ལུས་ཀྱིས་མ་བསྐྱེད་ཀྱང་ལུས་ལ་གནས་པ་འགལ་བ་ཡོད་པ་མ་ཡིན་ཏེ། རྟོག་པ་མེད་པའི་ཡེ་ཤེས་ལུས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། ལུས་ལ་གནས་པའི་བདེ་བ་དེས་རྟོག་མེད་རྟོགས་པ་བརྒྱུད་པའི་རྒྱུར་འགྱུར་བའི་ཕྱིར་ལུས་ལ་གནས་པའང་ཡིན་ལ། རང་གི་ངོ་བོ་མི་རྟོག་པའི་ཕྱིར་དངོས་སུ་བསྐྱེད་བྱ་མ་ཡིན་པའང་མི་འགལ་ཏེ། དཔེར་ན་ཀུན་རྫོབ་ལ་བརྟེན་ཏེ་སྟོང་ཉིད་རྟོགས་ཀྱང་ཀུན་རྫོབ་ཀྱིས་སྟོང་ཉིད་བསྐྱེད་བྱ་མ་ཡིན་པ་བཞིན་ནོ། །སྦས་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པའོ། །ད་ནི་དེའི་རྟེན་གྱི་སྒོ་ནས་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་གཉིས་ལས། རྟེན་དཀྱིལ་འཁོར་བཞི་དང༌། དེ་མངོན་དུ་བྱེད་པའི་ཐབས་སོ། །དང་པོ་ལ་བཞི་སྟེ། རྩ་ལུས་ཀྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་དང་བཅས་པ་དང༌། སྡོམ་པའི་རབ་ཏུ་དབྱེ་བ་ཡི་གེ་བྷ་གའི་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡི་གེ་དང་བཅས་པ་དང༌། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་རོ། །དང་པོ་ནི་ཞུ་བ་བསྟན་ནས། ལན་ལ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འབབ་པ་གཙོ་བོར་གྱུར་པའོ། །དེ་བཞིན་དུ་ཡི་གེ་དགོད་པའི་རྩ་གཙོ་བོར་བྱས་ན་བརྒྱ་ཉི་ཤུ། ཡན་ལག་གི་རྩ་གཙོ་བོར་བྱས་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། ཕྲ་མོ་བ་སྤུའི་བུ་ག་དང་མཉམ་པ་བྱེ་བ་ཕྲག་ཕྱེད་དང་བཞི་གནས་པ་ཡིན་ཏེ། སཾ་པུ་ཊ་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་བྱ་བ་དང༌། ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །རྩ་རྣམས་ཀྱི་ནི་འབྱུང་བ་མཆོག །སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་བྱ་བ་དང༌། རྡོ་རྗེ་སྙིང་པོའི་འགྲེལ་པ་ལས། །བ་སྤུའི་བུ་གའི་གྲངས་སྙེད་ཀྱི། །རྩ་ནི་བྱེ་བ་ཕྱེད་དང་བཞི། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་ཞེས་བྱ་བ་ནི་རྩ་རྣམས་ཀྱི་ནང་ནས་སོ་དང་སེན་མོ་སྐྱེད་པ་ལ་སོགས་པའི་ཁམས་དྭངས་མ་རྣམས་འབབ་པའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་སྤྱི་བོ་ནས་ལྟེ་བའམ་དབང་གི་གནས་སུ་འཛག་པ་ཡིན་ནོ། །དེ་རྣམས་ཀྱི་ནང་ནས་གཙོ་མོ་གསུམ་དུ་བསྟན་པ་དང༌། གསུམ་པོ་དེའི་དོན་དམ་པའི་ལས་ནི་རྟོགས་པར་སླ་ལ། ཀུན་རྫོབ་ཀྱི་ལས་ལ་རྐྱང་མ་མི་བསྐྱོད་འབབ་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ལྟེ་བ་མན་ཆད་རོ་རྐྱང་གཉིས་འཁོར་བའི་རྩ་བཞིར་གྱེས་པ་ལས། རྐྱང་མའི་ཕྱོགས་གཅིག་གིས་མི་བསྐྱོད་པ་འཕེན་འཛིན་བྱེད་ལ། ཕྱོགས་གཅིག་གིས་བྱང་ཆུབ་ཀྱི་སེམས་འཕེན་འཛིན་བྱེད་དོ། །རོ་མའི་ཕྱོགས་གཅིག་གིས་རཀྟ་འཕེན་འཛིན་བྱེད་ལ། ཕྱོགས་གཅིག་གིས་དྲི་ཆེན་འཕེན་ཅིང་འཛིན་པར་བྱེད་དོ། །དབུ་མའི་ཡ་སྣས་ནི་རྐྱང་མ་དང་བསྡོངས་ནས་བྱང་ཆུབ་ཀྱི་སེམས་སྨིན་མཚམས་སུ་འཛིན་ལ། མ་སྣས་ནི་རོ་མ་དང་བསྡོངས་ནས་གསང་གནས་སུ་རཀྟ་འཛིན་པར་བྱེད་དོ། །དེས་ན། རྐྱང་མ་མི་བསྐྱོད་འབབ་པ་ཉིད། །ཅེས་བྱ་བ་དང༌། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཞེས་བྱ་བ་དང༌། བཤད་པའི་རྒྱུད་ལས། རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་གཡས་པའི་ངོས་དག་ལས། །གཡོན་ལས་ཁུ་བ་རྣམས་ཤེས་བྱ། །གཡས་པ་ལས་ནི་ཁྲག་ཉིད་དོ། །ཞེས་བྱ་བ་རྣམས་ཀྱི་དགོངས་པ་རྣམས་རྩའི་ཕྱོགས་རེ་ལ་དགོངས་པ་ཡིན་པའི་ཕྱིར་མི་འགལ་བར་ཤེས་པར་བྱའོ། །རྩ་སུམ་ཅུ་རྩ་གཉིས་པོ་འདི་ལས་དང་སྦྱར་བ་དང༌། འཕོ་བ་དང་སྦྱར་བ་གཉིས་གསུངས་པ་ལས་ས་དང་སྦྱར་ན་ཐོག་མ་ནས་རིམ་པ་བཞིན་དུ་རྩ་དང༌། རྩ་ཡི་གེ་དང༌། བྱང་ཆུབ་ཀྱི་སེམས་དང༌། རླུང་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། ལྷ་མོ་རྣམས་ཀྱིས་ས་རྣམས་ཀྱི་བགྲོད་ཚུལ་བསྟན་པ་དང༌། དེ་ཉིད་ཀྱིས་རྩ་རྣམས་གནས་གང་ན་གནས་པ་དང༌། བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ་གནས་པ་རྣམས་ཀྱང་ཤེས་པར་ནུས་ཏེ། དེའང་འོག་ལེའུ་བདུན་པ་དང༌། སཾ་པུ་ཊའི་བརྟག་པ་དྲུག་པའི་སྐབས་སུའང་རྒྱས་པར་འཆད་པར་འགྱུར་རོ། །འཕོ་བའི་འགྲོས་ཀྱི་དབང་དུ་བྱས་ན་རྩ་བདུད་འདྲལ་མ་སྤངས་པའི་ཐོག་མཐའ་གཉིས་ནས་གཉིས་གཉིས་རིམ་པ་བཞིན་དུ་དབུས་སུ་ཐིམ་པ་ཡིན་ཏེ། དེ་དག་རེ་རེ་ལ་ཡང་རྩ་དང༌། རྩ་འཕོ་བའི་གནས་དང༌། ཡི་གེ་དང༌། འཕོ་བ་དང༌། དགའ་བ་དང༌། ཚེས་དང༌། ལྷ་མོ་སྟེ་བདུན་བདུན་གཅིག་ཏུ་བསྲེ་བ་ཕྱི་མའི་ལེའུ་བཞི་པའི་སྟེང་དུ་རྒྱས་པར་འཆད་པར་འགྱུར་ལ། དེ་དག་ཀྱང་ཁོ་བོས་བྱས་པའི་རྗེ་བཙུན་རྡོ་རྗེ་བདག་མེད་མའི་བསྟོད་པའི་སྟེང་དུ་རྟོགས་པར་བྱས་ལ། འདིར་ཡང་དག་ཅི་རིགས་པ་ཅིག་བསྟན་ཅིང༌། འོག་མའི་རྒྱས་པར་བཤད་པའི་སྐབས་སུ་ཞིབ་ཏུ་རྟོགས་པར་བྱའོ། །རྩ་རྣམས་ཀྱི་མིང་གི་དོན་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་ནུས་སོ། །རྩ་དེ་དག་གི་ཐུན་མོང་གི་ལས་ལའང་ཞུ་བ་བསྟན་ནས། ལན་ནི་སྲིད་གསུམ་ཡོངས་གྱུར་ཞེས་བྱ་བ་ནི་རྩའི་རང་བཞིན་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་ཕྱི་དོན་གྱིའོ། །ཞུ་བ་དང་བདེ་བ་དང་མི་རྟོག་པ་ནི་ལམ་དུ་བྱས་པའི་སྦས་དོན་གྱིའོ། །སྐུ་དང་གསུང་དང་ཐུགས་ནི་མཐར་ཐུག་གི་སྲིད་པ་གསུམ་མོ། །ཡོངས་གྱུར་པ་ཞེས་བྱ་བ་ནི་ལམ་དུ་གྱུར་པ་དང་མ་གྱུར་པའི་བྱེ་བྲག་གིས་ཐམས་ཅད་རྩ་འདི་དག་གིས་བསྐྱེད་པས་ན་གསུམ་གྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ལམ་དུ་བྱས་ན་གཟུང་བ་དང་འཛིན་པ་རྣམ་པར་སྤངས་ཏེ། རྟོག་པ་མེད་པའི་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ་ཞེས་བྱ་བ་དོན་དམ་པའི་ལས་སོ། །ཡང་ན་ཞེས་བྱ་བ་ནི་ལམ་དུ་མ་བྱས་པ་ཀུན་རྫོབ་ཀྱི་ལས་ལྟར་ན་ཞེས་བྱ་བའི་དོན་ཏོ། །དངོས་པོའི་མཚན་ཉིད་དུ་ནི་རྟག །ཅེས་བྱ་བས་ཕ་མའི་རྩ་ལས་དྭངས་མ་བྱུང་བས་བུ་ཚའི་ལུས་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏེ། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །ཕུང་པོ་དབང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །ཅེས་གསུངས་པ་ལྟ་བུའོ། །ཡང༌། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པ་གསུམ་དུ་བརྗོད། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་དེ་བཞིན་བརྗོད། །ཅེས་བྱ་བ་ལ་སོགས་པའང་གསུངས་སོ། །རྩ་དང་བྱང་ཆུབ་ཀྱི་སེམས་བཤད་ཟིན་ཏོ།།  །།གཉིས་པ་སྡོམ་པའི་རབ་ཏུ་དབྱེ་བ་ནི། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ་ལྔ་སྟེ། གནས་གང་དུ་སྡོམ་པ་དང༌། ཇི་སྙེད་ཅིག་སྡོམ་པ་དང༌། གང་སྡོམ་པ་དང༌། སྡོམ་པ་རང་གི་ངོ་བོ་དང༌། ཐབས་གང་གིས་སྡོམ་པའོ། །དང་པོ་གང་དུ་སྡོམ་ན། ཕྱི་རོལ་དུ་ནཱ་ལེནྡྲ་ལ་སོགས་པ་གཙུག་ལག་ཁང་དུ་རྩ་བའི་སྡེ་པ་བཞི་གནས་པ་ལྟར། འདིར་གང་དུ་སྡོམ་པའི་གནས་ནི་རང་གི་ལུས་ཏེ་འཁོར་ལོ་བཞི་དང་རྩ་གསུམ་ལ་སོགས་པའོ། །ཇི་སྙེད་ཅིག་སྡོམ་ན་ཕྱི་རོལ་ཏུ་སྤོང་བའི་ཆོས་མང་པོ་བསྡུས་པ་ལྟར། འདིར་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་རྩ་དང་འཁོར་ལོ་ལ་སོགས་པར་བསྡུས་པས་སྤྲོས་པ་ཐམས་ཅད་འདིར་གཅོད་པར་བྱས་པས་ལམ་ལ་སོམ་ཉི་སེལ་བར་བྱེད་དོ། །གང་སྡོམ་ན་མི་མཐུན་པའི་ཕྱོགས་སྡོམ་པས་སྡོམ་པ་སྟེ། ཕྱི་རོལ་དུ་ཉན་ཐོས་ལུས་ངག་གི་ཁ་ན་མ་ཐོབ་སྡོམ་ལ། བྱང་ཆུབ་སེམས་དཔས་སེམས་ཀྱི་ཁ་ན་མ་ཐོ་བ་སྡོམ་ཞིང༌། འདིར་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པས་སྡོམ་པ་སྟེ། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ལ་སོགས་པ་ལྟ་བུར་འདིར་ཡང་རང་བྱུང་གི་ཡེ་ཤེས་བདེ་བ་མཆོག་ཏུ་གྱུར་པ་སྟེ། སཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ་ལྟ་བུའོ། །སྡོམ་པའི་ཐབས་ནི་ཕྱི་རོལ་དུ་བརྗོད་པས་ཐོབ་པ་ལྟར་འདིར་ཕྱག་རྒྱའི་ལམ་མམ་གཏུམ་མོ་སྦར་བ་དང་འཛག་པ་ལས་སོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལ། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཞེས་བྱ་བའི་སྡོམ་པ་ནི་བཤད་ཟིན་ལ། དབྱེ་བ་ནི་ཕྱི་རོལ་ན་ཇི་སྙེད་ཡོད་པ་དེ་ནང་དུ་སྤྲོས་པ་གཅོད་པ་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་འཆད་པར་འགྱུར་རོ། །དེ་ལ་འདིར་གནས་དང༌། མང་པོ་གཅིག་ཏུ་སྡོམ་པའི་ཐབས་འཆད་ལ། གཉིས་པོ་ཤུགས་ཀྱིས་འབྱུང་ངོ༌། །དེ་ལ་གསུམ་ལས། དང་པོ་རྩ་གཉིས་ཀྱི་རྣམ་གཞག་ནི། ཨཱ་ལིའི་རྣམ་པས་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟར་དཀར་བ་འབབ་པ་ནི་ཤེས་རབ་ཅེས་བྱ་བ་གཡོན་པའི་བརྡ་ཉིད་དམ་གཡོན་པ་ནས་འཛག་པའི་ཚེ་མི་རྟོག་པར་འགྱུར་བས་ན་ཤེས་རབ་སྟེ་རྩ་གཡོན་པ་ལ་ལ་ནཱའོ། །ཀཱ་ལིའི་རྣམ་པས་བྱང་ཆུབ་ཀྱི་སེམས་ཉི་མ་ལྟར་དམར་བ་འབབ་པ་ནི་ཐབས་ཞེས་བྱ་བ་གཡས་པའི་བརྡའམ། ར་ས་ནཱ་ལས་གཏུམ་མོ་སྦོར་བའི་ཐབས་ཡིན་པས་གཡས་པ་ར་ས་ནཱའི་རྩའོ། །རྩ་གཉིས་པོ་འདིས་རྒྱུད་ཕྱི་མ་ལས་ནང་གི་སྙོམས་པར་འཇུག་པར་བཤད་པ་དེ་ལྟར་རིག་པར་བྱའོ། །རྩ་དང་འཁོར་ལོ་གསུམ་གྱི་རྣམ་གཞག་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་གསུམ་ཚན་གཉིས་པོ་འདིས་ཀྱང་རྩ་གསུམ་ལ་ཤེས་པར་བྱ་སྟེ། ཡང་གསུངས་པ། མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། །ཞེས་གསུངས་པ་འདིས་གཉིས་པོ་ཤུགས་ལས་ཤེས་སོ། །ཡང་ན་གསུམ་པོ་འདིས་འཁོར་ལོ་བཞི་བསྟེན་ཏེ། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཅེས་ཕྱི་མའི་བཞི་པ་ལས་རྒྱས་པར་ཤེས་པར་བྱའོ། །རྩ་དང་འཁོར་ལོ་བཞིའི་རྣམ་གཞག་ནི། ཨེ་ཝཾ་མ་ཡ་ཞེས་བྱ་བ་ལ་སོགས་པས་འཁོར་ལོ་བཞི་ལ་སྦྱར་བ་སྟེ། ཡི་གེ་བཞིས་ནི་འཁོར་ལོའི་དབྱེ་བ་བསྟན་ལ། དེ་ན་འབྱུང་བ་བཞི་གནས་པས་ལྷ་མོ་བཞི་བསྟན་ཏེ། རྒྱས་པར་ནི་ཆོས་བཅུ་དང༌། བཅུ་གཅིག་ལ་སོགས་པར་སྦྱར་ཏེ་བཤད་པའི་རྒྱུད་ལས་གསུངས་པའི་ཚིག་གླེང་གཞིར་རྒྱས་པར་བསྟན་ཟིན་ཏོ། །འཁོར་ལོའི་རྩ་འདབ་ཀྱི་གྲངས་ནི་གོ་སླ་ལ། དེའི་ཡི་གེ་དགོད་པ་ནི་འོག་ཏུ་བསྟན་ཏེ། བཤད་པའི་རྒྱུད་ཀྱི་བརྟག་པ་དང་པོ་དངོས་དང༌། དྲུག་པར་ཀྱང་ཤེས་པར་བྱའོ། །འཁོར་ལོའི་གྲངས་ཀྱི་རིམ་པ་རྣམ་པར་གཞག་པ་ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་ཇི་སྙེད་ཡོད་པའི་ཆོས་རྣམས་འཁོར་ལོ་བཞིར་བསྡུས་ལ་མོས་པ་བས་ན་འཁོར་ལོའི་བསྒོམ་པ་ཡོངས་སུ་རྫོགས་པ་ན། ཕྱི་རོལ་གྱི་སྤྲོས་པ་དེ་དག་གི་བསྒོམ་པའང་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བས་ན་སྤྲོས་པའི་སྒྲོ་འདོགས་ཉུང་དུས་བཅད་པ་འདི་ཉིད་རྣལ་འབྱོར་པའི་ལམ་ཐུན་མོང་མ་ཡིན་པའོ་ཞེས་བྱ་བར་དགོངས་སོ། །དེ་ལ་རྒྱས་པར་བཤད་པ་ལ་སྐད་ཅིག་མ་ནི་དུས་ཚོད་དོ། །དེ་ནི་ཕྱི་རོལ་གྱི་གང་ཡང་རུང་བའི་བྱ་བ་གཅིག་ལའང་ཐོག་མར་རྩོམ་པ་ནི་རྣམ་པར་སྣ་ཚོགས་པའོ། །དེ་ནས་ཡོངས་སུ་རྫོགས་པ་ནི་རྣམ་སྨིན་ནོ། །དེ་ལ་རྟོག་དཔྱོད་བྱེད་པ་ནི་རྣམ་ཉེད་དོ། །དེ་དག་གི་རྟོག་པ་མེད་པ་ནི་མཚན་ཉིད་དང་བྲལ་བའོ། །དེ་དབང་ལ་སྦྱར་བ་ནི་ཕྱི་མའི་གསུམ་པ་ལས་འབྱུང་ངོ༌། །འདིར་འཁོར་ལོ་བཞི་ལ་མས་རིམ་གྱིས་སྦྱར་རོ། །ཡང་ཕྱི་རོལ་ན་ཕུང་པོ་ལ་སོགས་པ་གང་ཅི་ཡང་རུང་བ་ཐམས་ཅད་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བ་ཡིན་ཏེ་དེ་ནི་ཡོངས་སུ་ཤེས་པར་བྱ་བའོ། །དེའི་རྒྱུད་ལས་དང་ཉོན་མོངས་པ་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ་སྤང་བར་བྱ་བའོ། །སྡུག་བསྔལ་དང་བྲལ་བ་ནི་འགོག་པ་སྟེ་མངོན་དུ་བྱ་བའོ། །དེ་ཐོབ་པའི་ཐབས་ནི་ལམ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་དེ་བསྟེན་པར་བྱ་བའོ། །དེའང་འདིར་ཆོས་མཐུན་པས་འཁོར་ལོ་ལ་མས་རིམ་མམ། ལམ་མགྲིན་པ་ལ་སྦྱར་ལ་མོས་པར་བྱའོ། །ཡང་ཕྱི་རོལ་དུ་རྣལ་འབྱོར་གྱི་རྒྱུད་དག་ལས་དེ་ཁོ་ན་ཉིད་བཞི་སྟེ། བདག་ལྷར་བསྐྱེད་པ་ནི་བདག་གི་དེ་ཁོ་ན། ཡེ་ཤེས་པ་གཞུག་པ་ནི་ལྷའི་དེ་ཁོ་ན། ཨོཾ་ལ་སོགས་པ་ལུས་ལ་འགོད་ཅིང་ཟློས་པ་སྔགས་ཀྱི་དེ་ཁོ་ན། དེ་རྣམས་ཡེ་ཤེས་ཆེན་པོར་ཤེས་པས་སྐྱོང་བ་ནི་ཡེ་ཤེས་ཀྱི་ཁོ་ནའོ། །ཡང་ན་ཅི་དང་ཅི་སྣང་བ་དེ་ཐམས་ཅད་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་བདག་གོ །དེ་ཉིད་གཟུགས་གཽ་རཱི་ལ་སོགས་པར་གྲུབ་པ་ནི་ལྷའོ། །དེས་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པ་ནི་སྔགས་སོ། །དེ་དག་ཉམས་སུ་བླངས་པ་ལས་བདེ་བ་ཆེན་པོ་རྟོགས་པ་ནི་ཡེ་ཤེས་སོ། །དེ་དག་ཀྱང་འཁོར་ལོ་བཞི་ལ་མས་རིམ་དུ་མོས་པ་བྱའོ། །དགའ་བ་བཞི་ནི་ལེའུ་བརྒྱད་པ་དང་བཅུ་པ་ལས་འཆད་པར་འགྱུར་བས་དེའང་དེ་བཞིན་དུའོ། །སྡེ་པ་བཞི་ཕྱག་རྒྱ་བསྡུས་པ་ལས་འཆད་པར་འགྱུར་བས་དེ་བཞིན་དུ་ཤེས་པར་བྱའོ། །སྡོམ་པའི་དབྱེ་བ་བཤད་ཟིན་ཏོ།།  །།གསུམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་ཟླ་བ་དང་ཉི་མ་དང་ཨཱ་ལི་དང་ཀཱ་ལི་ཞེས་བྱ་བ་སྟེ་ཁམས་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང༌། འཁོར་ལོ་ལ་ཡི་གེ་དགོད་པ་སྟེ་ལྟེ་བར་ཨཱ་ལི་ཕྲག་གཉིས་གཡོན་སྐོར། ཀཱ་ལི་ཧ་དང་ཀྵ་སྤངས་པ་གཡས་སྐོར། སྙིང་གར་ཕྱོགས་བཞིར་བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ། མཚམས་བཞིར་ལྃ་མྃ་པྃ་ཏཱྃ་བཀོད། མགྲིན་པར་ཨཱ་ལི་ཕྲག་གཅིག སྤྱི་བོར་ཨཱ་ལི་ཕྲག་གཉིས་བསྟན་ཏོ། །བཞི་པ་སྙིང་པོ་ཡེ་ཤེས་རླུང་ནི། འཕོ་བ་བཅུ་དྲུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་ནང་དུ་འཁོར་ལོ་བཞི་ལ་རྒྱུ་བ་ཡིན་ལ། ཕྱི་རོལ་དུ་རྩིས་པ་རྣམས་ཀྱིས་བ་རུ་ར་འབྲིང་པོ་གཅིག་ལ་ཞོ་གཅིག་ཏུ་བྱས་པའི་ཟངས་སྲང་བཅུ་གཉིས་ལ་རྒྱར་སོར་བཅུ་གཉིས། དཔངས་སུ་སོར་བརྒྱད་པའོ། །དེ་སྐད་དུ། ཉིན་མཚན་གྱི་ནི་ཚད་ཀྱི་རྒྱུ། །ཟངས་མ་སྲང་ནི་བཅུ་གཉིས་ལས། །དཔངས་སུ་སོར་མོ་བརྒྱད་པ་ལ། །རྒྱར་ནི་སོར་མོ་བཅུ་གཉིས་པའི། །སྣོད་ནི་ཚད་དང་ལྡན་པར་བྱ། །ཐུར་མ་གསེར་ལས་རབ་བྱུང་བ། །འོལ་མ་སེ་ནི་སུམ་ཅུར་གསུངས། །སོར་མོ་དྲུག་གི་ཚད་ལ་ནི། །རབ་ཏུ་མཛེས་ཤིང་ཡོན་ཏན་ལྡན། །དེ་ཡི་ཚད་ཀྱིས་དབུགས་བྱས་པར། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །ཆུ་སྲང་དྲུག་ཅུ་ཡི་ནི་ཚད། །ཅེས་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་དྲུག་པ་ལས་གསུངས་སོ། །ཡང་ན་དྲུག་ཅུ་རྩ་བཞི་པར་བྱེད་ན་རྒྱར་སོར་བརྒྱད། དཔངས་སུ་སོར་བཞི་པ་བྱས་པའི་སྣོད་བྱས་ལ། དེ་ལ་ལྕགས་ར་ཏི་དྲུག་ཅུ་རྩ་བཞིའམ་གསེར་མན་ཇ་བཞི་ལས་བྱས་པའི་ཐུར་མ་སོར་དྲུག་པས་བུ་ག་ཕུག་ན་འབྱུང་ངོ་ཞེས་མན་ངག་གོ །དེ་སྣོད་ཆུས་བཀང་བའི་སྟེང་དུ་བཞག་པས་དེ་གང་བའི་བར་ནི་དབྱུག་ཚོད་དོ། །ནང་དུ་རྩིས་ན་དེའི་བར་ལ་རྣལ་འབྱོར་པ་ཁམས་སྙོམས་པའི་དབང་དུ་བྱས་པའི་དབུགས་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་རྒྱུའོ། །ཡང་དེ་བཏེག་སྟེ་ཟད་པའི་བར་ལའང་དེ་བཞིན་ནོ། །དེ་གཉིས་བསྡོངས་པ་ནི་ཆུ་ཚོད་གཅིག་གོ །དེའི་བར་ལ་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུའོ། །ཆུ་ཚོད་གཉིས་ནི་འཕོ་བ་གཅིག་སྟེ་ལུག་ལ་སོགས་པའི་མིང་ངོ༌། །རླུང་ནི་སྟོང་སུམ་བརྒྱ་ལྔ་བཅུའོ། །དེས་ནི་སྣ་གཡས་གཡོན་གྱི་འཕོ་བ་རྫོགས་སོ། །འཕོ་བ་གཉིས་ནི་ཐུན་ཕྱེད་དེ་རླུང་ཉིས་སྟོང་བདུན་བརྒྱའོ། །དེ་གཉིས་ནི་ཐུན་གཅིག་སྟེ་ལྔ་སྟོང་བཞི་བརྒྱར་རླུང་རྒྱུ་སྟེ་འཁོར་ལོ་གཅིག་ཡོངས་སུ་རྫོགས་སོ། །དེ་གཉིས་ལ་ཞག་ཕྱེད་དེ་རླུང་ཁྲི་བརྒྱད་བརྒྱ། དེ་གཉིས་ལ་ཉིན་ཞག་གཅིག་སྟེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟ་བུའི་རླུང་སྟོང་བརྒྱད་བརྒྱ་བ་རེ་འགགས་པས་ས་རེ་རེ་མངོན་དུ་བྱེད་དོ། །དེ་ལྟར་ན་ཕྱི་རོལ་གྱི་ཐམས་ཅད་ནང་དུ་ལུས་ལ་ཆུད་པར་ཤེས་པར་བྱ་བ་འདི་ནི་ཐོས་བསམ་གྱིས་གཏན་ལ་ཕབ་པ་ཡིན་ནོ། །རླུང་གི་མངོན་པར་རྟོགས་པའང་ཞིབ་ཏུ་བཤད་པར་བྱ་སྟེ། མངོན་པར་རྟོགས་པར་བཙལ་བར་བྱའོ། །དེ་ལྟར་ན་ཐམས་ཅད་བཞིའོ་ཞེས་བྱ་བ་ནི་འཁོར་ལོ་བཞི་ལ་སྦྱར་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་རྟེན་དཀྱིལ་འཁོར་གསུམ་རླུང་དང་བཅས་པ་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གཉིས་པ་དེ་ལྟར་མོས་པར་བྱས་ནས་མངོན་དུ་བྱེད་པའི་ཐབས་ནི། ལྟེ་བར་གཏུམ་མོ་སྦར་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་རང་བྱིན་བརླབ་ལ་སྦྱར་བ་དང༌། དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བ་གཉིས་ལས། དང་པོ་ནི་ཇི་ལྟར་བསྟན་པའི་འཁོར་ལོ་བཞི་ཡི་གེ་དགོད་པ་དང་བཅས་པ་དང༌། རྩ་གསུམ་དང་མེ་རླུང་གི་འཁོར་ལོ་གཉིས་ཀྱང་བླ་མའི་མན་ངག་གིས་གསལ་བར་བྱས་ལ། བཤང་སྒོའི་རླུང་གཙུབས་པས་སུམ་མདོའི་མེ་སྦར་ཏེ། དེས་ལྟེ་བའི་ཨྃ་འབར་བ་ནི། ལྟེ་བར་གཏུམ་མོ་སྦར་ཞེས་བྱ་སྟེ། ཨྃ་ནི་རྣམ་པར་རྟོག་པ་གསོད་པས་ཙཎྜཱ་ལཱི་ཞེས་བྱའོ། །མེ་དེ་རྩ་གཡས་ནས་སོང་སྟེ་སྙིང་གའི་འཁོར་ལོ་བསྲེགས་པ་ནི། དེ་བཞིན་གཤེགས་པ་ལྔ་བསྲེགས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་དང༌། མཚམས་སུ་ལྃ་མྃ་པྃ་ཏཱྃ་ནི་སྤྱན་མ་ལ་སོགས་པ་རྣམས་སོ། །ཡང་མགྲིན་པར་སོང་སྟེ་བསྐོར་བ་ལན་གསུམ་བྱས་ནས་མགྲིན་པའི་འཁོར་ལོ་བསྲེགས་པ་ནི་སྤྱན་ལ་སོགས་པ་ཡང་བསྲེགས་ཏེ་ཡ་ར་ལ་ཝ་བཞི་ཕྱི་སྐོར་གྱི་ཨཱ་ལི་བཅུ་གཉིས་སམ་བཅུ་དྲུག་བསྲེགས་ནས་སྤྱི་བོའི་ཧྃ་ལ་ཕོག དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་ནས་རྩ་གཡོན་པ་ནས་བརྒྱུད་ནས་སྔར་བསྲེགས་པ་རྣམས་གསོས་བཏབ་སྟེ་ལྟེ་བའི་ཨྃ་གི་བར་དུ་ཕྱིན་པ་དང༌། དེ་ལས་མེ་ཆེར་འབར་བ་ཨ་ཝ་དྷཱུ་ཏཱི་ནས་ཞུགས་ཏེ་སྤྱི་གཙུག་གི་འཁོར་ལོའི་ཧྃ་ལ་ཕོག་སྟེ། དེ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་འཛག་པ་ནི་བསྲེགས་པས་ཧྃ་ལས་རི་བོང་ཅན་ཏེ་ཟླ་བའི་བརྡས་བསྟན་པའི་བྱང་ཆུབ་ཀྱི་སེམས་འཛག་ཅེས་བྱ་བའི་དོན་ཏོ། །དེ་ནས་འབར་འཛག་གི་རྣམ་པ་རྩེ་ཕྲད་པ་ལ་དམིགས་ཏེ་སྲོག་དང་རྩོལ་བ་ཡང་དག་པར་བསྡམས་ལ་རྣལ་འབྱོར་དུ་བྱའོ། །དེ་ལྟ་བུ་ལས་རང་བྱུང་གི་ཡེ་ཤེས་འབྱུང་བར་འགྱུར་ཞིང༌། སྔར་བསྟན་པའི་ལས་ཀྱི་རླུང་རྣམས་ཀྱང་འགགས་པ་དང༌། ཆོས་མཐུན་པའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་དཀྱིལ་འཁོར་འཁོར་ལོ་དང་སྦྱར་ཏེ་བཤད་ན། ལྟེ་བ་ནི་རྩ་མཛེས་པའི་སྤྱི་བོ་དང་རིགས་ཀྱི་བདག་པོའི་ཁའོ། །གཏུམ་མོ་སྦར་བ་ནི་སྐད་ཅིག་གསུམ་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེས་དེ་བཞིན་གཤེགས་པ་ལྔ་བསྲེགས་པ་ལས་བྱུང་བ་ནི་བདུད་རྩི་ལྔའི་དྭངས་མ། སྤྱན་ལ་སོགས་པ་ཡང་བསྲེགས་པ་ནི་འབྱུང་བ་བཞིའི་དྭངས་མའོ། །བསྲེགས་པས་རི་བོང་ཅན་ཧྃ་འཛག་པ་ནི་སྤྱི་བོ་ནས་ཡས་འབབ་ཀྱི་དགའ་བ་བཞི་དབང་གི་གནས་སུ་བབ་ནས། མས་བརྟན་གྱི་དགའ་བ་བཞི་བརྟན་པར་བྱེད་པ་ཡིན་ནོ། །ལེའུའི་དོན་བསྟན་ཟིན་ཏོ། །ལེའུའི་མིང་ནི་རྡོ་རྗེ་ནི་རྣམ་པར་རྟོག་པས་མི་ཕྱེད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །རིགས་ནི་དེ་སྐྱེད་པར་བྱེད་པའི་རྒྱུ་སྟེ་རྟེན་དཀྱིལ་འཁོར་བཞིའོ། །དེ་རྟོགས་པར་བྱེད་པའི་གཞུང་གི་དུམ་བུ་ནི་ལེའུའོ། །དང་པོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ་དང་བཅས་པ་འདི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར་ཐོག་མར་གསུངས་པ་ཡིན་ནོ། །ལེའུ་དང་པོའི་ཚིགས་སུ་བཅད་པ་སུམ་ཅུའི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།དེ་ལྟར་ལེའུ་དང་པོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་ནས། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་བསྟན་ཏོ། །དེ་ལ་གཉིས་ལས། ཐོག་མར་གཙོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལེའུ་གཉིས་པ་བསྟན་པར་བྱའོ། །དེ་ལའང་ཐོག་མར་ལེའུའི་འབྲེལ་བརྗོད་པར་བྱ་སྟེ། ཕྱི་དོན་གྱི་མཚམས་སྦྱོར་གྱི་དབང་དུ་བྱས་ན་རྒྱུད་འདིའི་ཐོབ་པར་བྱ་བའི་འབྲས་བུ་ཧེ་རུ་ཀ་བཞིའི་དངོས་གྲུབ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟེན་དཀྱིལ་འཁོར་བཞི་དང་བཅས་པ་ཡང་ལེའུ་དང་པོར་བསྟན་ནས། ཐབས་གཞན་སྔགས་ཀྱི་བཟླས་པས་ཀྱང་འགྲུབ་བོ་ཞེས་བསྟན་པའི་ཕྱིར་ལེའུ་གཉིས་པ་བསྟན་ཏེ། རྡོ་རྗེ་སེམས་དཔའི་སྙིང་པོ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །ཅེས་ཡང་དག་པར་སྦྱོར་བ་ལས་གསུངས་སོ། །ཡང་གང་ཟག་ཁ་ཅིག་དམན་པའི་དངོས་གྲུབ་ལ་བྲོད་པ་སྐྱེས་ནས་ལེའུ་དང་པོའི་མཆོག་ལ་འཇུག་པར་འགྱུར་བའི་དོན་དུ་ཡང་ལེའུ་གཉིས་པ་གསུངས་སོ། །ནང་སྦས་དོན་གྱི་མཚམས་སྦྱོར་གྱི་དབང་དུ་བྱས་ན་ལྷན་སྐྱེས་དེ་རྟོགས་པར་བྱེད་པའི་ཐབས་རྡོ་རྗེའི་ལུས་ལེའུ་དང་པོར་བསྟན་ལ། དེའི་རྩ་སུམ་ཅུ་རྩ་གཉིས་དང་སྔགས་སུམ་ཅུ་རྩ་གཉིས་གྲངས་མཐུན་ཞིང་རྩ་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་དེས་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པའི་ཕྱིར་ཡང་སྔགས་ཡིན་ཏེ། འདུས་པ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་གང་བྱུང་བ་ཡི། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་གསུངས་ལ། ཡང་རྩ་ཡི་གེ་སྔགས་ཀྱི་གཟུགས་སུ་གནས་པ་རྣམས་ཀྱིས་ལས་ཀྱི་ཚོགས་ཀྱང་འགྲུབ་སྟེ་ཁ་སྦྱོར་ལས། དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ནི་རྣམ་པར་གནས། །ལུས་ཅན་རྣམས་ཀྱི་སྔགས་གཟུགས་ཀྱིས། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་གསུངས་སོ། །ལེའུ་འདིའི་བརྗོད་བྱའི་དོན་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཡིན་པས་ན་བསྐྱེད་པའི་རིམ་པ་སྤྱིའི་དོན་གཙོ་བོ་ཡིན་ལ། སྦས་པ་ཅུང་ཟད་ཀྱང་གསུངས་སོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོ་ཡིན་ལ་སྦས་པར་འཆད་པའི་ཚེ་དེ་བཞིན་གཤེགས་པ་ལྔའི་ས་བོན་དང༌། ལྷ་མོ་བཅོ་ལྔའི་ས་བོན་དང༌། གྲོང་ཁྱེར་དཀྲུགས་པའི་སྔགས་གསུམ་ནི་ཡི་གེ་དབྱིབས་མཐུན་ཙམ་ཡིན་ལ། གུ་རུ་ཞེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་ཚིག་ཡིན་པས་བསྡུས་པའི་དོན་གྱི་མན་ངག་ཡིན་ནོ། །མངོན་པར་རྟོགས་པ་ནི་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་འབྲེལ་ལ། དེ་ལའང་ལྔ་ལས། བཟླས་པ་དང༌། གཏོར་མ་དང༌། ལས་ཀྱི་ཚོགས་གསུམ་ནི་འདིར་གསལ་ལ། རབ་གནས་དང༌། སྦྱིན་སྲེག་གཉིས་ནི་ཡི་གེ་གསུམ་དང་ས་སྦྱང་བའི་ཤུགས་ལས་ཤེས་པར་ནུས་སོ། །དེ་ལས་དང་པོ་གསུམ་གྱི་མངོན་པར་རྟོགས་པ་ནི་འདིར་ཞིབ་ཏུ་བཤད་ལ། རབ་གནས་དང་སྦྱིན་སྲེག་ནི་ཕྱི་མའི་ལེའུ་དང་པོར་འབྱུང་ལ། དེ་ཐམས་ཅད་ཀྱི་ངག་དོན་རྒྱུད་ཀྱི་མངོན་པར་རྟོགས་པར་བལྟ་བར་བྱའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་གཉིས་པ། གསུམ་པ། བཞི་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་གཅིག་པ། བཅུ་བཞི་པ། བཅོ་ལྔ་པ་སྟེ་ལེའུ་བཅུ་དང༌། ཁ་སྦྱོར་གྱི་བདུན་པའི་རབ་ཏུ་བྱེད་པ་བཞི་དང༌། བརྒྱད་པའི་དང་པོ་དང༌། གཉིས་པ་དང༌། བཞི་པས་འཆད་པར་འགྱུར་རོ། །ལུས་རྣམ་པར་གཞག་པ་ནི། དགུག་དང་དོན་བྱེད་རྣམ་མང་དང༌། །རེངས་པར་བྱེད་དང་སྐྲོད་པ་དང༌། །སྡེ་རེངས་བྱེད་དང་མངོན་སྤྱོད་དང༌། །དོན་བྱེད་དང་ནི་རྣམ་ཤེས་ཏེ། །བརྒྱད་ཀྱིས་ཡན་ལག་རྒྱས་པར་བཤད་པའོ།།  །།ད་ནི་གཞུང་གི་དོན་ལ་ཐོག་མར་བཤད་པར་དམ་བཅའ་བ་ནི། སྔགས་ཀྱི་ལེའུ་བཤད་པར་བྱ་སྟེ་ཞེས་བྱ་བ་སྟེ། དེ་ལ་སྔགས་ནི་གཉིས་ཏེ། ངོ་བོ་དང༌། དབྱེ་བའོ། །དེ་ལ་ངོ་བོའམ་ངེས་ཚིག་ནི་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པ་ཡིན་ནོ། །དབྱེ་ན་བཞི་སྟེ། དོན་དམ་པའི་སྔགས་དང༌། ནང་ལྟར་བཤད་པའི་དང༌། ཕྱི་དོན་གྱི་དང༌། མཐར་ཐུག་པའི་སྔགས་སོ། །དང་པོ་ནི་བདག་མེད་པ་སྟེ། ཁ་སྦྱོར་ལས། སྔགས་ཀྱི་བཟླས་པའི་ཆོག་རིམ་པས། །རང་གི་ཡེ་ཤེས་རྣམ་འཕྲུལ་ལས། །ཅི་ཞིག་ང་ཡིས་བཤད་པར་བྱ། །ཞེས་འབྱུང་ངོ༌། །གཉིས་པ་ནི་ལྟེ་བའི་ཨྃ་སྟེ་དེ་ཉིད་ལས། ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་སྔགས་ཞེས་བརྗོད་པ་ཡིན། །ཞེས་སོ། །གསུམ་པ་ནི་ཨོཾ་དང་ཨ་ལ་སོགས་པ་ངག་ཏུ་བརྗོད་པ་རྣམས་ཡིན་ལ། དེ་ལའང་སྔགས་དག་པར་བྱ་བའི་དོན་དུ་བཏུ་བ་ལ་སོགས་པ་ཚུལ་བདུན་དང་བཅས་པ་རྒྱུད་ཀྱི་མངོན་པར་རྟོགས་པར་ཤེས་སོ། །བཞི་པ་ནི་སྔགས་ཀྱིས་བསྒྲུབས་པའི་འབྲས་བུ་སྐུ་གསུམ་མམ་བཞི་མངོན་དུ་གྱུར་པའོ། །ལེའུའི་དོན་ལ་ནང་ཚན་ལྔར་གནས་པ་ལས། དང་པོ་གཏོར་མའི་སྔགས་བསྟན་པ་ནི་ཨོཾ་ཞེས་བྱ་བ་ནི་ཕྱག་བཙལ་བའམ། དམ་བཅའ་བའམ། བཀྲ་ཤིས་པའམ། སྔགས་ཀྱི་མགོ་འདྲེན་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་འབྱུང་སྟེ། འོག་མ་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །ཨ་ཀཱ་རོ་ཞེས་བྱ་བའི་ཨ་ནི་ཨའི་བྱ་བའམ་ཨའི་བྱེད་པའོ། །མུ་ཁཾ་ནི་སྒོ་ཞེས་པའམ་དང་པོའོ། །སརྦ་དྷརྨཱ་ཎཱཾ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱིའོ། །དེ་ཉིད་བསྡུས་པས་ཨའི་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་འདྲེན་པར་བྱེད། །ཅེས་གསུངས་སོ། །དེ་ལ་ཨ་ནི་བཞི་སྟེ་ཕྱི་དབྱིབས་ཀྱི་ཨ་ནི་སྲོག་དྲང་པོ་སྟེ་ཡི་གེའི་གཟུགས་ཐམས་ཅད་ཀྱི་དང་པོའོ། །བརྗོད་པའི་ཨ་ནི་ངག་ཏུ་བརྗོད་པའི་དབྱངས་ཐམས་ཅད་ཀྱི་ངོ་བོར་གྲུབ་པས་ན་དང་པོ་སྟེ། ཀ་ཞེས་བརྗོད་ཀྱང་ཨ་འབྱུང་བས་སོ། །དེ་བཞིན་དུ་ཡི་གེ་ཐམས་ཅད་ཀྱི་ཐོག་མར་གྲུབ་པའོ། །ནང་ལྟར་བཤད་པའི་ཨ་ནི་ལྟེ་བའི་ཨ་ཐུང་ཤད་ལྟ་བུ་སྟེ་ལུས་ཀྱི་ཐོག་མར་གྲུབ་པའོ། །དོན་དམ་པའི་ཨ་ནི་སྐྱེ་བ་མེད་པ་སྟེ་དེ་ནི་ཆོས་ཐམས་ཅད་ཀྱི་ཐོག་མར་གྲུབ་སྟེ། དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་འབྱུང་ངོ༌། །ཨཱ་དྱ་ནུཏྤནྣ་ཏྭཱ་ད་ཅེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་དོ་ཞེས་བྱ་བའོ། །ཨོཾ་ཨཱཿཧཱུྃ་ནི་དེའི་ངོ་བོར་ལུས་ངག་ཡིད་གསུམ་དག་པ་སྟེ་རྣལ་འབྱོར་པ་དང་མགྲོན་གྱི་ལུས་ངག་ཡིད་གསུམ་ཀ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་མཉམ་པའོ། །རྣམ་རྟོག་འཇོམས་པས་ན་ཕཊ། དེ་ཁོ་ན་ཉིད་དུ་སེམས་ཞི་བར་བྱེད་ཅིང་བདེ་ལེགས་ཀྱི་གཞི་འཛུགས་པས་ན་སྭཱ་ཧཱའོ། །འབྱུང་པོ་ཐམས་ཅད་ཅེས་བྱ་བ་ནི་ཇི་སྐད་དུ། སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་གནས་དང་མི་མ་ཡིན། །ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་བའི་སྒྲ་ནི་མཁས་པས་རྟོགས། །ཞེས་འབྱུང་བའི་སྒྲ་དེ་དག་ལ་འཇུག་པས་ན་རིགས་དྲུག་ཐམས་ཅད་དང༌། ཡེ་ཤེས་ལས་བྱུང་བས་ན་སངས་རྒྱས་ཀྱང་དེར་འདུའོ། །ཆོ་ག་ནི་ཡི་གེ་གསུམ་གྱིས་གཏོར་མ་དེ་འདོད་ཡོན་ཐམས་ཅད་དང་ལྡན་པར་བྱིན་གྱིས་བརླབས་ལ། ཤིན་ཏུ་རྣམ་པར་དག་པའི་སྔགས་དེ་ལན་གསུམ་ལ་སོགས་པ་བརྗོད་པས་སངས་རྒྱས་དང་རིགས་དྲུག་ཐམས་ཅད་མཉེས་ཤིང་ཚིམ་པར་བསྒོམ་མོ། །རིགས་མཐའ་ཡས་པ་ཐམས་ཅད་ཀྱང་རིགས་ལྔར་འདུ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་ཏེ། དེ་བཞིན་གཤེགས་པ་རྣམས་སྐྱེད་པར་བྱེད་པ་དང༌། རྫོགས་པའི་རིམ་པ་ལ་སྙིང་གའི་འཁོར་ལོ་ལ་འགོད་པ་དང༌། མཐར་ཐུག་ཡེ་ཤེས་ལྔར་བྱིན་གྱིས་རློབ་པ་དང་དེ་ཉིད་ལྔས་སྤེལ་ཏེ་བཟླས་པར་བྱེད་ན་ཨོཾ་ཨཱཿབྷྲཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའམ། ཨོཾ་ཨཱཿབྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །དེ་ལ་བྷྲཱུྃ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྣམ་པར་སྣང་མཛད་ཀྱི་ས་བོན་ནོ། །ཨཱྃ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན་ནོ། །ཛྲཱིཾ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འོད་དཔག་ཏུ་མེད་པའི་འོ། །ཁྃ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དོན་ཡོད་གྲུབ་པའི་འོ། །ཧཱུྃ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་མི་བསྐྱོད་པའི་ས་བོན་ཏེ། འདིའང་རྒྱུད་འདིར་རིགས་བསྡུས་པའི་དཀྱིལ་འཁོར་གྲུབ་པ་ཡིན་ནོ། །རྒྱུད་འདིར་ཐུགས་ཀྱི་རིགས་སྙིང་པོ་ཀྱེའི་རྡོ་རྗེ་གཙོ་བོ་ཡིན་པས་དེའི་སྙིང་པོ་སྟོན་ཏེ། དེ་ཝ་ཞེས་བྱ་བ་ནི་རོལ་པ་སྟེ་བདེ་བ་ལ་རོལ་པས་ལྷའམ་སེམས་ཅན་གྱི་དོན་ལ་རོལ་པར་བྱེད་པའོ། །པི་ཙུ་ནི་འཇམ་པོ་སྟེ་ཇི་ལྟར་བལ་འདབ་འཇམ་པོས་སྦར་སྦུར་སྡུད་པ་ལྟར་འདིའི་ཐུགས་རྗེ་འཇམ་པོས་སེམས་ཅན་སྡུད་པའོ། །བཛྲ་ནི་རྡོ་རྗེ་མི་ཕྱེད་པ་ལྟར་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ཏམ། ཇི་ལྟར་རྡོ་རྗེས་ཕ་རོལ་འཇོམས་པ་ལྟར་ཐུགས་རྗེས་རྣམ་རྟོག་གམ་མ་རུངས་པ་རྣམས་འཇོམས་པའི་དོན་ཏོ། །དེ་བས་ན་ཧེ་བཛྲ་འདི་ནི་ཆོས་གསུམ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་མི་ཕྱེད་པ་སྟེ། གསང་བ་འདུས་པ་ལས། ཧཱུྃ་ནི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་འབྱུང་བ། །ཞེས་སོ། །སྔགས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དེ་ཉིད་ལྔས་ཁྱད་པར་དུ་མ་བྱས་པ་རྣམས་བྱ་བར་བསྟན་གྱི། དེ་ཉིད་ལྔ་ཡོད་པ་རྣམས་ལ་བསྣན་པ་ལྟ་བུ་ནི་མ་ཡིན་ནོ། །ཁྱད་པར་ལྔ་ནི་རིགས་ལྔའི་ཡོན་ཏན་ལྔ་རུ་བསྒྲུབ་པ་སྟེ། དེ་ལ་ཨོཾ་ནི་སྐུའི་ཡོན་ཏན་ཏེ་རྡོ་རྗེ་རྩེ་མོའི་ལུང་སྔར་བརྗོད་ལ་ལྟར་རོ། །རྣམ་པ་ཞེས་བྱ་བ་ནི་ཨ་ཀཱ་རོ་ཞེས་བྱ་བ་སྟེ་ཨའི་ཡི་གེའང་འབྱུང་ཞེས་ཤུགས་ལས་བསྟན་པས་གསུང་གི་ཡོན་ཏན་བསྟན་ཏེ། དོན་ཆེན་ཡི་གེ་དམ་པ་ཉིད། །ལ་སོགས་པ་གོང་དུ་བརྗོད་པ་ལྟར་རོ། །ཧཱུྃ་ནི་ཐུགས་ཀྱི་ཡོན་ཏན་ཏེ། །ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་དང༌། །སྲིད་པའི་ཞགས་པ་འཇོམས་པར་བྱེད། །གདུག་པ་དྭངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་སོ། །ཕཊ་ནི་ཕྲིན་ལས་ཀྱི་ཚིག་སྟེ། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང༌། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །སྲོག་དང་བཅས་པ་འཇོམས་པར་བྱེད། །ཅེས་སོ། །མཐར་སྭཱ་ཧཱ་སྦྱོར་བ་ནི་ཡོན་ཏན་གྱི་སྔགས་ཏེ། སྭཱ་ཧཱ་ཞེས་བྱ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང༌། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་བྱས་པ་འཕྲོག་བྱེད་ཅིང༌། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་རྡོ་རྗེ་རྩེ་མོ་ལས་གསུངས་སོ། །གྲོང་ཁྱེར་དཀྲུགས་པའི་སྔགས་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་བྱས་ཏེ་དངོས་གྲུབ་ཀྱི་དོན་དུ་བྱེ་བ་ཕྲག་གཅིག་བཟླས་ལ་མཚན་མ་མཐོང་གི་བར་དུ་བསྒྲུབས་ཏེ། ལས་ལ་སྦྱོར་བ་ན་ལག་པ་གཡས་པ་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་ཡི་གེ་བརྒྱད་བཀོད་ཅིང༌། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བཀོད་ལ། ལྟེ་བ་ལ་སྤེལ་ཚིག་དང་བཅས་པ་བྲིས་ཏེ། དེ་ལག་པ་གཡོན་པས་བཀབ་ལ་ཁ་རླངས་མ་ཤོར་བར་སྤེལ་ཚིག་དང་བཅས་པར་སྔགས་བཟླས་ནས་གྲོང་ཁྱེར་ལ་བསྟན་ན་འཁྲུག་པར་འགྱུར་རོ་ཞེས་པ་ནི་མན་ངག་གོ །ཁ་ཅིག་ནི་ཡིད་བསྒྱུར་ཏེ་དབང་དུ་བྱ་བ་ཞེས་འཆད་དོ། །ཡང་ན་གྲོང་ཁྱེར་ནི་དེ་བཞིན་གཤེགས་པ་ཡུམ་དང་ལྷན་ཅིག་པས་གྲོང་ཁྱེར་ཏེ་ཆོས་ཀྱི་འཁོར་ལོའོ། །ལྟེ་བའི་ཨྃ་སྡེ་ཚན་བརྒྱད་དང་བཅས་པས་ནང་གི་གྲོང་ཁྱེར་དཀྲུགས་པ་ནི་ཙཎྜཱ་ལཱིའི་མན་ངག་གོ །རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནི་དེ་ཉིད་ལྔས་སྤེལ་ན་བཟླས་པའི་སྔགས་སུའང་འགྱུར་རོ། །ཧེ་རུ་ཀ་གསུམ་གྱི་སྔགས་ནི་གོ་སླའོ། །ཡི་གེ་གསུམ་ནི་གཙོར་རབ་གནས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཁ་ཟས་བྱིན་གྱིས་བརླབ་པར་ཡང་འགྱུར་རོ། །ས་སྦྱང་བ་ནི་དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། རབ་གནས་དང་འབྲེལ་བ་ཡིན་ནོ། །ལྷག་མས་ལས་ཀྱི་ཚོགས་སྟོན་ཏེ། དེའང་ལས་ཀྱི་ཚོགས་མཐའ་དག་ལ་སྔོན་དུ་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་གང་ཡང་རུང་བ་ལ་ལྷའི་རྣལ་འབྱོར་བརྟན་པའམ། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་སོང་བས་སོ་སོའི་ལས་ལ་འཇུག་པར་བྱའོ། །དེ་ལ་དང་པོར་དྲག་པོའི་སྔགས་བདུན་གྱི་ལྷའི་རྣལ་འབྱོར་ནི་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་རང་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་ལྷ་རྣམས་བསྐྱེད། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་བསྐུར། རིགས་ཀྱི་བདག་པོས་རྒྱས་བཏབ་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལ་སོགས་རང་རང་གི་སྔགས་བཟླ་བར་བྱའོ། །ཀུ་རུ་ཀུལླེ་ནི་འོག་ནས་འཆད་དོ། །ཨ་ཕུཿཞེས་བྱ་བ་ལ་སོགས་པས་ཆར་དབབ་པ་དང་གཅད་པའི་ཆོ་ག་གསུངས་ཏེ། འདི་ལ་སྔོན་དུ་རྩ་བའི་སྔགས་ལ་བསྙེན་པ་སོང་བ་གྲོང་ཁྱེར་གྱི་རླུང་གི་མཚམས་སུ་རྫིང་བུ་བྱས་ལ་སའི་ཆོ་ག་བྱའོ། །དེའི་ཕྱིད་ཉིན་ཀླུ་གནས་པའི་མཚོ་འགྲམ་ནས་འཇིམ་པ་ནག་པོ་བླངས་ལ་བདུད་རྩི་ལྔ་དང་ཙནྡན་ལ་སོགས་པ་བླུགས་ལ། མཐའ་ཡས་ཀྱི་གཟུགས་བརྙན་སྟོད་མི་ལ་སྦྲུལ་མགོའི་གདེངས་ཀ་དགུའམ་བདུན་དང་ལྡན་པ་སྨད་སྦྲུལ་མཇུག་འཁྱིལ་པ་སྙིང་གར་ཐལ་མོ་སྦྱར་བ་བྱས་ཏེ་ཁམ་ཕོར་ཁ་སྦྱར་དུ་བཅུག་ནས་དཀྱིལ་འཁོར་གྱི་འགྲམ་དུ་གཞག་གོ །ཡོ་བྱད་རྣམས་བསོགས་ཏེ་སའི་ལྷ་མོ་དང་ལྷ་དང་བུམ་པ་སྟ་གོན་དུ་གནས་པ་རྣམས་ཆོ་ག་བཞིན་བྱའོ། །དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ་སྐད་ཅིག་གིས་སྟོང་པར་བསམ། དེ་ནས་ཨ་ཕུཿལས་མཐའ་ཡས་མདོག་སེར་པོ་ཇི་ལྟ་བ་བཞིན་བསྐྱེད་དོ། །དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་ས་འོག་ནས་མཐའ་ཡས་རང་བཞིན་པ་བཀུག་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ལ་དབང་བསྐུར་བར་བསམས་ཏེ་དངོས་སུ་བུམ་པ་བདུད་རྩིས་གང་བས་མེ་ལོང་ལ་བླུགས་ལ་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་བྱ་སྟེ། ཡན་ལག་བཞིའོ། །དེ་ནས་མེ་ཏོག་ནག་པོ་དང་སྤོས་དང་མར་མེ་དང་དྲི་དང་ཞལ་ཟས་ཀྱིས་ཀྱང་མཆོད་ལ་མཁན་པའི་ཁུ་བ་དང་གླང་པོ་ཆེའི་ཆང་གིས་མགོ་ལ་བྱུག བ་ནག་མོའི་འོ་མས་དགང་ཟེར་ཡང་ཅུང་ཟད་གཏོར་ལ། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པ་ནག་པོས་རྒྱ་གྲམ་དུ་དཀྲིའོ། །སྟ་གོན་ནོ། །དེའི་ནང་པར་དཀྱིལ་འཁོར་ཁྲུ་གསུམ་པའི་ཚད་དུ་བྱས་ལ། དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་པ་དང་བྲི་བ་ལ་སོགས་པ་གཞུང་བཞིན་དུ་བྱའོ། །དེ་ནས་རྒྱན་དགྲམ་པ་ནས་བརྩམས་ཏེ་དཀྱིལ་འཁོར་བསྒྲུབ་པ་དང༌། མཆོད་པ་དང༌། བདག་ཉིད་འཇུག་པ་ལ་སོགས་པ་ཐམས་ཅད་ཆོ་ག་བཞིན་བྱའོ། །དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ་སྟ་གོན་ལ་གནས་པའི་སྐབས་སུ་ཇི་ལྟར་བྱས་པ་བཞིན་བྱའོ། །ཁྱད་པར་ནི་བ་ནག་མོའི་འོ་མས་ལེགས་པར་བཀང་སྟེ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་མོས་ལ། མ་རུངས་པའི་བསམ་པས་ཞེས་བྱ་བ་མཐའ་ཡས་གཟིར་ལ་ཆར་དབབ་བོ་སྙམ་པའི་བསམ་པས་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པས་ཆར་དབབ་བོ། །གལ་ཏེ་མི་འབབ་ན་ཞེས་བྱ་བ་ནི་སྤོགས་ཆོག་སྟེ་གནད་ལ་དབབ་པའི་ཆོ་ག་སྟེ་སྔགས་བཟློག་པ་ཞེས་བྱ་བ་སྟེ་འབྲུ་རེ་ནས་མི་བཟློག་སྟེ་ཚིག་རེ་ནས་བཟློག་པ་འདི་ནི་མན་ངག་གོ་ཞེས་ཀྱང་གསུངས་མོད། འབྲུ་རེ་ནས་བཟློག་པ་ཉིད་གཙོ་བོ་ཡིན་ནོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ནི་ཆོ་ག་སྤྱི་དང་འདྲ་བར་ཤེས་པར་བྱའོ། །སྤྲིན་དྲལ་བ་ནི་ཐལ་ཆེན་དང་ཡུངས་ཀར་སྤྲིན་ལ་འཐོར་ཞིང་བྱའོ། །ཆར་དབབ་གཅད་གཉིས་ནི་གཙོར་རྩ་བའི་སྔགས་ཀྱི་ལས་སོ། །རྡོ་རྗེ་གྲི་གུག་དང༌། ལྷ་དགས་པ་དང༌། ཚ་བས་གདུང་བ་དང༌། ཆང་སྐྱུག་པ་དང༌། མྱོས་མ་དབང་དུ་བྱ་བ་དང༌། ཉི་ཟླ་གཟུང་བ་དང༌། རྐུན་པོ་ངོས་འཛིན་ཏེ། བདུན་པོ་དེ་དག་ཀྱང་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་གང་རུང་ལ་སྔོན་དུ་བསྙེན་པ་རྫོགས་པར་བྱའོ། །སྒྲུབ་པ་ནི་འོག་ནས་འབྱུང་བའི་ཁ་ཊི་ཀ་ལ་སོགས་པའི་རྫས་རྣམས་ཀྱི་རི་ལུ་ཟ་མ་ཏོག་ལ་སོགས་པར་བཅུག་སྟེ་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། དེ་ཡན་ལག་བཞི་རྫོགས་ཀྱིས་ལྷར་བསྐྱེད་ནས་གཟུངས་ཐག་བཏགས་ཏེ་དུས་ཀྱི་སྒྲུབ་པ་ཟླ་བ་དྲུག་གམ་གྲངས་ཀྱི་སྒྲུབ་པ་དངོས་གྲུབ་ཀྱི་དོན་དུ་བྱེ་བའམ། མཚན་མའི་སྒྲུབ་པ་སྒྲའམ་འོད་ལ་སོགས་པའི་རྟགས་བྱུང་བྱུང་གི་བར་དུ་བྱ་བ་ནི་སྒྲུབ་པའོ། །ལས་ལ་སྦྱར་བ་ནི་གཞུང་ཉིད་ན་གསལ་ཏེ་གོ་སླའོ། །རྐུན་པོ་ངོས་གཟུང་བ་ནི་དུས་མ་ཡིན་པའི་དུས་ཞེས་བྱ་བ་མར་ངོ་ཡིན་ལ། དེའི་ཉི་ཤུ་གཉིས་སམ་བརྒྱད་ཀྱི་སྲོད་ལ་ཁྱེའུ་འམ་བུ་མོ་གཙང་མ་གྲོང་པའི་ཆོས་ཀྱིས་མ་ཕོག་པ་བོས་ཏེ་དེ་ལྷར་བསྐྱེད་ལ་མཆོད་པ་ལྔས་མཆོད་དེ། དེའི་མིག་ལ་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ཁ་ཟས་ཀྱིས་བསྙེན་བཀུར་བ་ཅི་རིགས་བྱས་ལ། ནང་པར་ངའི་དོན་སྒྲུབས་ཤིག་ཅེས་སྙན་གསན་ཕབ་ལ་བཏང་ངོ༌། །དེའི་ནང་པར་བཅུ་བཞི་པའམ་བརྒྱད་པ་ཞེས་བྱ་བ་ཉི་ཤུ་དགུའམ་གསུམ་གྱི་སྔ་དྲོ་ཁྱིམ་གྱི་བུ་ག་ཐམས་ཅད་བཀག་ལ་མུན་པར་བྱས་ཏེ་བུམ་པ་ཅིག་ལེགས་པར་བཅས་ལ་བཅུད་རྣམས་ཀྱང་བཅུག་སྟེ་དེའི་སྟེང་དུ་མར་མེ་གཞག བདག་གི་རྣལ་འབྱོར་བསྒོམས་ལ། མཆོད་པ་དང་གཏོར་མ་བཏང༌། ནང་གི་སྦྱིན་སྲེག་བྱས་ལ། འབྲུ་མར་དང་རྒྱ་སྐྱེགས་དང་མར་མེའི་དུད་པ་ལ་ཨོཾ་ན་གྲཱ་ན་གྲཱ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་ལ་སྔགས་པའི་མཐེ་བོ་གཡོན་པ་ལ་བསྐུ། ཡང་སྔགས་བཟླ་ཞིང་འབྲུ་མར་གྱིས་ཀྱང་བསྐུ་ཞིང་ལེགས་པར་མཉེ། ཡང་གཞོན་ནུ་མའི་མིག་ལ་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ལ། དེ་ལ་མཐེ་བོ་བསྟན་ཏེ་ངའི་རྫས་སུས་ཁྱེར་སྨྲོས་ཞེས་བརྗོད་ན་ཇི་ལྟར་འདོད་པ་སྨྲ་བར་འགྱུར་རོ། །འདི་ནི་ཤིན་ཏུ་གསལ་བར་སྟོན་པས་རྡོ་རྗེ་སྐར་མའོ། །གླང་པོ་ཆེ་ལ་སོགས་པ་འབྲོས་པའི་སྔགས་འདི་དག་ནི་གང་ཟག་དབང་པོ་རབ་ཀྱིས་ནི་བསམས་པ་ཙམ་གྱིས། འབྲིང་གིས་ནི་ངག་ཏུ་བཟླས་པས། ཐ་མས་ནི་རྭ་དུང་སོར་བཅུ་གཉིས་པ་ལས་མི་རིང་བའི་ཁ་ལ་བྲིས་ནས་བུས་ན་འགྲུབ་པ་ཡིན་ནོ། །ཨོཾ་ཤྭ་ན་ཏིཥྛ་ཏིཥྛ་ཧེ་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྱི་འབྲོས་པའི་སྔགས་སོ། །རྡོ་རྗེ་མ་ལ་སོགས་པའི་སྔགས་ནི་གོང་དུ་གསུངས་ལ་སྐྱེད་ཆོག་ཀྱང་སྔར་བསྟན་ཏོ། །འདིར་ལེའུ་བརྒྱད་པའི། དང་པོར་ནག་པོ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་དང༌། ཕྱི་མའི་བཅུ་གཅིག་པའི་ཕྲེང་བ་དང་ཁ་ཟས་ལ་སོགས་པ་དང༌། ཡང་བརྗོད་བྱ་ཕལ་ཆེ་བ་ཕྱོགས་གཅིག་ཏུ་རྟོགས་པར་བྱའོ། །ལེའུ་གཉིས་པ་ཚིགས་སུ་བཅད་པ་བཞི་བཅུའི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།དེ་ལྟར་ལེའུ་གཉིས་པས་གཙོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་བསྟན་ནས། ད་ནི་གཙོར་མཆོག་གི་དངོས་གྲུབ་བསྒྲུབ་པ་བཤད་པར་བྱའོ། །དེ་ལ་བཞི་ལས། ཐོག་མར་རིམ་པ་གཉིས་སྟོན་ཏོ། །དེ་ལའང་གཉིས་ལས། བསྐྱེད་པའི་རིམ་པ་སྟོན་ལ་ལེའུ་གསུམ་པ་བཤད་པར་བྱ་སྟེ། དེ་ཡང་ལེའུ་སྔ་ཕྱིའི་འབྲེལ་བརྗོད་ན་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་ངག་སྔགས་ཟློས་པ་ལ་ལུས་ལྷར་བསྐྱེད་དགོས་སོ་ཞེས་བྱ་བ་ནི་ཕྱི་དོན་གྱི་མཚམས་སྦྱོར་ཡིན་ལ། རྩ་ནང་ ན་གནས་པའི་བྱང་ཆུབ་ཀྱི་སེམས་དེ་ལུས་ལས་བྱུང་ཞིང་བདེ་བ་ལ་རོལ་བས་ན་ལྷ་ཡིན་ནོ་ཞེས་བྱ་བ་ནི་སྦས་པའི་མཚམས་སྦྱོར་རོ། །ལེའུ་གསུམ་པ་དང་བཞི་པ་འདི་གཉིས་ཀྱི་བརྗོད་བྱའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་ཡིན་ལ། དབུགས་རྒྱུ་ཞེས་བྱ་བ་ལ་སོགས་པའི་སྐབས་སུ་ཡི་གེའི་དོན་ཡང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་དང་འབྲེལ་ཏེ་བསྐྱེད་པའི་རིམ་པའི་ལྷའི་རྣམ་གྲངས་དང་སྐྱེད་ཆོག་གི་མངོན་རྟོགས་རྒྱས་པར་བསྙད་དེ། དེ་ནི་རྒྱུད་ཀྱི་མངོན་པར་རྟོགས་པར་བལྟ་བར་བྱའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་བཞི་པ་ནས་བསྐྱེད་རིམ་གྱི་མངོན་པར་རྟོགས་པ་བསྡུས་ཏེ་བསྟན། ལེའུ་བཅུ་པ་ལས་སྔོན་འགྲོ་དང་རྗེས་ཀྱི་ཡན་ལག་རྫོགས་པར་བཤད། ལེའུ་བཅོ་ལྔ་པ་ལས་འདི་ཉིད་ཀྱི་ཧེ་རུ་ཀ་གསུམ་གསུངས་པ་ནི་གཙོ་ཆེ་བ་ཡིན་མོད་ཀྱི། སྤྱིར་རྡོ་རྗེ་གུར་གྱི་ལེའུ་གསུམ་པ། དྲུག་པ། དགུ་པ། བཅུ་གཅིག་པ། བཅུ་གསུམ་པ་སྟེ་ལྔ་པོ་དེ་མ་གཏོགས་པ་ལེའུ་བཅུ་ཀ་ནས་བསྐྱེད་པའི་རིམ་པའི་ཆ་ཤས་ཅི་རིགས་པ་སྟོན་པ་ཡིན་ནོ། །ཁ་སྦྱོར་གྱི་ནི་གཉིས་པའི་གསུམ་པ་དང་བཞི་པ་དང་རྒྱུད་ཕྱི་མ་ནས་ཧེ་རུ་ཀ་གསུམ་པོ་འདི་ཉིད་འབྱུང་ལ། གཉིས་པའི་བཞི་པ་དང༌། གསུམ་པའི་རབ་བྱེད་བཞི་སྟེ་རབ་ཏུ་བྱེད་པ་དྲུག་ནས་བསྐྱེད་རིམ་འབྱུང་བ་ཡིན་ནོ། །ལུས་རྣམ་པར་གཞག་པ། ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་བྱ་བའི་ཡན་ལག་རྒྱས་པར་བཤད་པ་ཡིན་ནོ། །ཚིག་གི་དོན་ལ་ལྷའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི་ལྷ་བསྐྱེད་པའི་ཆོ་ག་སྟོན་པའི་སྐབས་ཡིན་པས་སོ། །ལེའུའི་དོན་ལ་གཉིས་ཏེ། ཧེ་རུ་ཀ་གསུམ་བསྐྱེད་པ་སྤྱིའི་ཆོ་ག་དང༌། སོ་སོའི་ཆོ་ག་བསྟན་པའོ། །དང་པོ་ལ་གསུམ་ལས། ཐོག་མར་མདོར་བསྡུས་པའི་མངོན་པར་རྟོགས་པ་ནི། ཚད་མེད་པ་བཞི་དང་སྟོང་པ་ཉིད་སྔོན་དུ་སོང་ནས་ས་བོན་ཙམ་ལས་བསྐྱེད་པའི་ཡན་ལག་བཞི་རྫོགས་མདོར་བསྡུས་པ་བསྒོམ་པ་སྟེ། དེའང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་ནི་བྱམས་པའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞིང་བསྐྱབ་པར་འདོད་པ་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་འདོད་པའི་རྒྱུ་ལམ་ཁྱད་པར་ཅན་དང་ཕྲད་པར་འདོད་པ་ནི་དགའ་བའོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་སྤྱོད་པར་འདོད་པ་ནི་བཏང་སྙོམས་སོ། །དེ་ནས་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྣང་བ་མི་དམིགས་པར་བསྒོམ་པ་ནི་ཡང་ནི་སྟོང་ཉིད་ཅེས་བྱ་བ་སྟེ་སྔོན་དུ་འགྲོ་བ་ཚོགས་གཉིས་སོ། །དེ་ནས་བྱང་ཆུབ་སེམས་ཞེས་བྱ་བ་སྟོང་པའི་ངང་ལས་པདྨ་དང་ཉི་མ་དང་རོའི་སྟེང་དུ་ཧཱུྃ་ལས་ཧེ་རུ་ཀ་གསུམ་གང་རུང་གི་སྐུ་བསྐྱེད་པ་ནི་བསྙེན་པའོ། །འདི་ལས་མངོན་པར་རྟོགས་པ་དུ་མར་ཡང་སྤེལ་བར་བྱ་སྟེ། ཨྃ་ལས་བདག་མེད་མ་དང༌། གྃ་ལས་གཽ་རཱི་དང༌། ཌྃ་ལས་གཡུང་མོ་བསྐྱེད་པའི་བར་དུ་ཡང་འདིས་ཤེས་པར་ནུས་སོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ་ཉེ་བར་བསྒྲུབ་པའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་བྱ་བ་ནི་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་པ་སྟེ་སྒྲུབ་པའོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བྱ་བ་ནི་རང་གི་རིགས་ཀྱི་བདག་པོས་སྤྱི་བོར་བརྒྱན་པ་སྟེ། སྒྲུབ་པ་ཆེན་པོའོ། །དེ་ལྟར་ཡིན་པར་ཡང་འདུས་པའི་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་བསྒྲུབ་པ་འབྱུང་བ་དང༌། །སྒྲུབ་པ་ཡི་ནི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་བྱ་བ་དང༌། ཡང༌། བསྙེན་པའི་དམ་ཚིག་སྦྱོར་བ་ལ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པའི་སྒྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །སྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་གསུངས་སོ། །དེ་ཉིད་ཀྱི་རྒྱུད་ཕྱི་མ་ལས། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་སྒྲུབ་པའི་བསྙེན་པ་བྱ། །ཞེས་གསུངས་པས་ཤེས་སོ། །མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ནི་ཚད་མེད་བཞི་དང་སྟོང་ཉིད་སྔོན་དུ་སོང་ནས། རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གཉིས་ཀྱིས་སྲུང་བའི་འཁོར་ལོ་གདན་དང་བཅས་པ་བསྒོམ་པ་བསྟན། རང་གི་སྙིང་གར་རེ་ཕ་བསྒོམ། །ཞེས་བྱ་བའི་རང་གི་སྙིང་ག་ནི་བདག་ཉིད་ཀྱི་སེམས་གང་ན་གནས་པའི་ས་དེ་ཉིད་ཡིན་པས་ན་གདན་གྱི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཧེ་རུ་ཀ་གསུམ་གྱི་དམ་ཚིག་སེམས་དཔའ་བསྒོམ་པ་ནི་ཤློ་ཀ་ཕྱེད་དང་གསུམ་གྱིས་བསྟན་ནོ། །འདིས་མཚོན་ནས་ཨྃ་ལས་གྲི་གུག་ཨྃ་གིས་མཚན་པ་ལས་བདག་མེད་མ་བསྐྱེད་པ་ནས་བཟུང་སྟེ། ཌྃ་ལས་རྡོ་རྗེ་ཌྃ་གིས་མཚན་པ་ལས་གཡུང་མོ་བསྐྱེད་པའི་བར་དུ་ཡང་སྦྱར་རོ། །འདིའི་ཡན་ལག་ལྷག་མ་གསུམ་ནི་སྔར་བསྟན་པ་ཉིད་ཡིན་ལ། ཡན་ལག་བཞི་པ་ནི་དབང་རྒྱས་པར་བླངས་ཀྱང་འགལ་བ་མེད་དོ། །མངོན་པར་རྟོགས་པ་འབྲིང་དུ་བྱ་བའོ། །རྒྱས་པར་བྱེད་ན། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་བྱ་བ་ནས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པའི་བར་ཤློ་ཀ་ཕྱེད་དང་བཞིས་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་བསྟན། དེ་ནས་རྡོ་རྗེ་གུར་ནས་འབྱུང་བའི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པ་ཡན་ལག་བདུན་པ་ཁ་བསྐང༌། དེ་ནས་གོང་དུ་བསྟན་པ་བཞིན་ཚད་མེད་པ་བཞི་དང༌། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་དང༌། སྲུང་བའི་འཁོར་ལོ་བསྒོམས་ལ། དུར་ཁྲོད་བརྒྱད་ཀྱི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་མངོན་པར་བྱང་ཆུབ་པ་ལྔ་ལས་གཙོ་བོ་བསྐྱེད་པ་ནི། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་བྱ་བ་ཤློ་ཀ་གཅིག་གིས་བསྟན་ཏེ། དེའང་ཉི་ཟླའི་བར་དུ་ས་བོན་ནང་དུ་སོན་པ་ནི་ཧཱུྃ་ངོ༌། །དེ་ཉིད་སེམས་ཀྱི་ཆོས་ཉིད་ཡིན་པས་ན་སེམས་དཔའ་འོ། །དེའི་མཚན་ཉིད་ནི་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པས་མཆོག་དགའ་སྟེ་ལྷན་སྐྱེས་ཡིན་ནོ། །དེ་ནི་གཟུང་བ་དང་འཛིན་པས་སྟོང་པ་ཡིན་ལ། དེ་ཉིད་ཧཱུྃ་འདི་ལ་ལྡན་ཏེ། ཧའི་སྒྲ་ལས་གྲ་ཧ་ཀ་ནི་གཟུང་བའོ། །གྲ་ཧ་ཙ་ནི་འཛིན་པའོ། །ཞབས་ཀྱུ་ཨཱུ་ལ་རྐྱེན་ཤ་བྱིན་པས་ཤཱུ་ནྱ་ཏཱ་སྟེ་སྟོང་པའོ། །ཀླད་ཀོར་མ་ནི་མ་ནོ་ཏ་སྟེ་ཡིད་དོ། །དེ་ལྟ་ན་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ཅེས་བྱ་བར་འགྱུར་བས་ཉི་ཟླའི་བར་དུ་ཧཱུྃ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཧཱུྃ་དེ་ལས་འོད་འཕྲོས་པས། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གཅིག་གིས་འདིར་བླ་མ་རྣམས་ཀྱི་བཞེད་པས་སྙིང་གའི་ཧཱུྃ་ལས་འཁོར་གྱི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་བརྒྱད་ཀྱི་རྣམ་པར་བསྡུས་ཏེ་གདན་རྣམས་ཀྱི་ཐུགས་ཀར་འགོད་པར་བཞེད་ལ། སློབ་དཔོན་ཤཱནྟི་པ་ནི་མངོན་བྱང་གསུམ་པའི་རྡོ་རྗེ་ལྟེ་བའི་ཧཱུྃ་ལས་འོད་སྤྲོས་པས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་དོན་བྱས་ཏེ་ཚུར་བསྡུས་པས་རྡོ་རྗེའི་ལྟེ་བའི་ས་བོན་ལ་ཐིམ་སྟེ་ཉི་ཟླ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པར་བཞེད་དོ། །ཁ་ཅིག་ནི་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ་བའི་གཞུང་དུ་ཡང་སྦྱོར་རོ། །དེ་ལྟར་ན་ས་བོན་ཙམ་ལས་བསྐྱེད་པས་བསྡུས་པ་དང༌། སྲུང་འཁོར་གྱི་ནང་དུ་རྡོ་རྗེ་ཆོ་ག་ལས་བསྐྱེད་པས་འབྲིང་པོ་དང༌། མངོན་པར་བྱང་ཆུབ་པ་ལས་བསྐྱེད་པ་རྒྱས་པ་དང༌། གསུམ་པོ་དེ་ནི་རྗེ་བཙུན་ག་ཡ་དྷ་རའི་གསུང་ཡིན་ནོ། །འདིར་སློབ་དཔོན་སྦྱང་དཀའ་ཟླ་བའི་བཞེད་པས་མངོན་པར་རྟོགས་པ་ནི་རྒྱས་པ་དེ་ཉིད་ཡིན་མོད་ཀྱི་གཞུང་ནི་ཐམས་ཅད་འཁྲུགས་སུ་སྦྱར་ཏེ་གཅིག་ཏུ་བྱས་ནས་འཆད་དེ། དེ་ཡང༌། རང་གི་སྙིང་གར་རེ་ཕ་བསྒོམ། །ཞེས་བྱ་བས་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་བསྒོམ་པ་བསྟན། དེ་ལས་འོད་བྱུང་བས་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་ནི། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་པས་བསྟན། དེ་ནས་ཡན་ལག་བདུན་བྱ་བ་ནི་རྡོ་རྗེ་གུར་གྱིས་ཁ་བསྐང༌། ཚད་མེད་པ་བཞི་བསྒོམ་པ་ནི། དང་པོར་བྱམས་པ་བསྒོམ་པར་བྱ། །ལ་སོགས་པས་བསྟན། དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་ནི། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །ཞེས་པས་སྟོང་པའི་ངང་ལས་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསྒོམ་པ་ནི། གཉིས་པ་ལ་ནི་ས་བོན་བསྡུ། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེར་གྱུར་པ་ནི། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །དེ་ལ་ཧཱུྃ་གིས་མཚན་པ་ནི། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བྱ་བ་སྲུང་བའི་འཁོར་ལོ་མདོར་བསྟན་པར་སྦྱོར་ཏེ། ཚིགས་སུ་བཅད་པ་གཅིག་པོ་འདི་ནི་སྔར་གྱི་དང་ཚིག་དོན་མི་འདྲ་ལ། ལྷག་མ་རྣམས་ཀྱི་ཚིག་དོན་ནི་འདྲ་བ་ཉིད་ཡིན་ནོ། །རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཞེས་བྱ་བ་ནས། ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །ཞེས་བྱ་བའི་བར་གྱིས་སྲུང་བའི་འཁོར་ལོ་རྒྱས་པར་བསྒོམ་པ་གདན་དང་བཅས་པ་བསྟན་ནོ། །སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གདན་རོའི་སྙིང་གར་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་ནི། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ལ། དེའི་ཡང་མངོན་བྱང་གསུམ་པ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང༌། དེ་ལས་ལྷའི་སྐུར་བསྐྱེད་པ་ནི། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཞེས་བྱ་བ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་བསྟན་ཏོ། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་ནི་འཁོར་གྱི་ལྷ་མོ་དབྱུང་བ་བསྟན་ཏེ། སྦྱང་དཀའ་ཟླ་བའི་དགོངས་པ་ཡིན་ནོ། །སྔོ་དང་ཉི་མ་མཚུངས་པའི་མདོག །ཅེས་བྱ་བ་མན་ཆད་ནི་སོ་སོའི་མཚན་ཉིད་དོ། །དབུགས་རྒྱུ་ཞེས་བྱ་བ་ནི་ཤྭ་ས་ཏི་ཞེས་བྱ་བར་འགྱུར་ལ། ཤ་དང་བ་ཕྲལ་བས་ཤ་བ་ས་ཏི་ཞེས་བྱ་བར་འགྱུར། དེ་ལ་ཤ་བ་ནི་རོ། ཡང་བ་མར་སྦྱར་ཏེ་བ་ས་ཏི་ནི་གནས་པ་སྟེ། རོ་གནས་ཞེས་བྱ་བར་འགྲོ་ལ། ཡང་ཤྭའི་ཝ་སྟ་མར་བསྒྱུར་ལ། ཏི་ནར་བྱས་ན་ཤྨ་ཤཱ་ན་སྟེ་དུར་ཁྲོད་ཅེས་བྱ་བ་ཡི་དྭགས་ཀྱི་གནས་སུ་འགྱུར་རོ། །ཡང་རོ་ནི་བདག་མེད་པ་ཡིན་ལ། བདག་མེད་པ་ལ་བཅོམ་ལྡན་འདས་བཞུགས་ཞེས་བྱ་བར་ཡང་འགྱུར་རོ། །ཡང་དབུགས་རྒྱུ་བ་དང་བཅས་ཤིང་ཤ་དང་ཁྲག་གནས་པས་དུར་ཁྲོད་ནི་བདག་གི་ལུས་ཡིན་ལ། དེ་ལ་མགོན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཞུགས་ཤིང་རོལ་ཞེས་བྱ་བ་ཡིན་ནོ། །ཕྱག་བཞི་པ་འདི་ནི་རྒྱུད་འདི་ཉིད་ལ་ཞལ་གཅིག་པར་བཞེད་ལ། རྡོ་རྗེ་གུར་ལས་ཞལ་གསུམ་པར་གསུངས་ཏེ། དེའང༌། ཕྱག་བཞི་པ་ནི་ཉིད་དག་ནི། །ཞལ་གསུམ་རྡོ་རྗེ་ལས་བྱུང་བ། །དཀར་པོ་དམར་པོ་དེ་བཞིན་སྔོ། །ཕག་མོ་ལྷན་ཅིག་ཡང་དག་གནས། །ཞེས་གསུངས་སོ། །ཁ་སྦྱོར་གྱི་རྒྱུད་ཕྱི་མ་ལས་ནི་ཞལ་བཞི་པར་ཡང་གསུངས་སོ། །ཁམས་གསུམ་གྱི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ།    རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*