རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང༌། ༤

གནོད་སྦྱིན་མོ་གྲུབ་ཆེན་གྱི་སྤྱི་བསྒྲུབ་ཏུ་བྱས་ན་བཅུད་ལེན་ལ་གསུམ་དུ་ཕྱེ་ལ་བརྒྱད་དུ་བྱའོ། །ཡང་ན་དྲག་པོའི་ལས་ཐོགས་པ་མེད་པར་འགྲུབ་པ་ལ། རྡོ་རྗེ་མཁའ་འགྲོ་དང༌། ཨ་བྷི་དྷ་ན་ལས་བཤད་དེ། ཡང་ན་རི་ལུ་དང་མི་སྣང་བ་གཅིག་ཏུ་བྱས་གནོད་སྦྱིན་མ་གྲུབ་ཆེན་བརྒྱད་ཀྱི་ཁོངས་སུ་བསྔོ་ན། ཚེ་དང་ལུས་ཀྱི་བཅུད་ལེན་གཅིག་ཏུ་བྱས། ལོངས་སྤྱོད་ཀྱི་གསེར་འགྱུར་གུད་དུ་བྱས་ལ་བརྒྱད་དུ་བརྩིའོ། །དམན་པའི་མཆོག་ནི་མཁའ་སྤྱོད་དང༌། རིག་འཛིན་དང༌། འཁོར་ལོས་སྒྱུར་བའོ། །འདི་ལ་སྒྲུབ་ཐབས་གསུམ་སྟེ། བརྩོན་འགྲུས་རབ་ཚེ་འདི་ཉིད་ལ་འགྲུབ་པ་དང༌། འབྲིང་འཆི་བས་རྐྱེན་བྱས་ཏེ་འཕོ་བའི་ཐབས་ཀྱིས་བར་དོར་འགྲུབ་པ་དང༌། ཐ་མ་སྨོན་ལམ་གྱིས་འགྲུབ་པའོ། །དེ་ལ་མཁའ་སྤྱོད་ནི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་རྒྱུ་ཞིང་སྤྱོད་ཡུལ་དུ་བྱེད་པ་ལ་བྱ། རིག་འཛིན་ནི་གསང་སྔགས་ཀྱི་རིག་པ་བཟུང་བ་ལ་བརྟེན་ནས་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་ཅིང༌། ནམ་མཁའ་ལ་འགྲོ་བ་ཞེས་བྱ་བ་ནི་ཐུན་མོང་དུ་གྲགས་པ་ཙམ་མོ། །འདི་དེ་གཉིས་ཀའི་ཡོན་ཏན་ནི་ལུས་ཤིན་ཏུ་མཛེས་ཤིང་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན། ཅི་བསམ་པའི་ལོངས་སྤྱོད་ནམ་མཁའ་ལས་འབྱུང་བ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སྤྲུལ་པའི་སྐུ་ལས་ཆོས་ཉན་པ་སྟེ། ས་དང་པོ་ཐོབ་ཏུ་ཆ་བའམ། ས་དང་པོ་ཉིད་དང་འདྲ་བ་ཡིན་ཡང་གསུང་ངོ༌། །འཁོར་ལོས་སྒྱུར་བ་ནི་གྲགས་པར་ཟད་དོ། །འདི་དག་ཀྱང་རྩ་རྒྱུད་དང་པོའི་གཉིས་པ་དང༌། བཅུ་གཅིག་པ་དང༌། ཕྱི་མའི་དང་པོ་དང༌། དགུ་པ་དང༌། བཅུ་པ་རྣམས་དང༌། རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བཞི་པ་དང༌། དྲུག་པ་དང༌། བདུན་པ་དང༌། བརྒྱད་པ་དང༌། བཅུ་གཅིག་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་རྣམས་དང༌། སཾ་པུ་ཊའི་གསུམ་པའི་གསུམ་པ་དང༌། བརྟག་པ་བདུན་པས་ཧྲིལ་གྱིས་བསྟན་ཏོ། །སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་བཤད་ཟིན་ཏེ། གཙོ་བོར་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ་ཀ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་ལ་གཉིས་ཏེ། དམ་ཚིག་གི་རྣམ་གྲངས་དང༌། དེ་ཇི་ལྟར་བསྲུང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབང་བཞི་དང་འབྲེལ་པས་དམ་ཚིག་བཞིའམ། ལུས་ངག་ཡིད་གསུམ་དུ་འདུ་བས་དམ་ཚིག་གསུམ་མམ། ཡང་གང་ཟག་ཐམས་ཅད་ཀྱི་དམ་ཚིག ཐ་མའི་དམ་ཚིག འབྲིང་གི་དམ་ཚིག རབ་ཀྱི་དམ་ཚིག་ཅེས་བྱ་བ་བཞིའམ། དེ་ཉིད་ལ་ཡང་ན་ལས་དང་པོ་པ་དང༌། དྲོད་ཅུང་ཟད་པ་དང༌། དྲོད་ཆེན་པོ་ཐོབ་པ་སྟེ། གང་ཟག་གསུམ་དུ་གནས་པས་ན་དམ་ཚིག་གསུམ་དུ་འདུས་སོ། །སྤྱི་དོན་གཉིས་པ་ཇི་ལྟར་བསྲུང་བའི་ཚུལ་ལ་གསུམ་སྟེ། ལས་དང་པོ་པས་ཇི་ལྟར་བསྲུང་བ་དང༌། དྲོད་ཆུང་ངུ་ཐོབ་པས་བསྲུང་ཚུལ་དང༌། ཆེན་པོ་ཐོབ་པས་བསྲུང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཐོབ་པ་རྗེས་སུ་བསྲུང་བའི་ཚུལ་བསྟན་པ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས། བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་གོ །དང་པོ་ལ་གཉིས་ཏེ། རྒྱས་པར་བསྲུང་བ་དང༌། མདོར་བསྡུས་ཏེ་བསྲུང་བའོ། །དང་པོ་ལ་གཉིས། རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་གི་དམ་ཚིག་ཕྲ་མོ་རྣམས་སོ། །དེ་དག་ཀྱང་རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ལས། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ཀྱི་ཚད་ནི་གཟུང་མི་བྱ། །གཞན་གྱི་ཆོས་ལའང་སྨད་མི་བྱ། །བུད་མེད་ཉིད་ལའང་སྨད་མི་བྱ། །རྩ་བའི་ལྟུང་བ་རབ་ཏུ་སྤང་བ་མདོར་བསྡུས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུའང་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཞེས་བྱ་བ་དང༌། ཡང་དེ་ཉིད་ལས། རྟག་པར་རྒྱུན་དུ་སྔགས་བཟླས་ཤིང༌། །བསམ་གཏན་ཉིད་དང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་མཆོད་རྟེན་ལས་ལ་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་པ་དང༌། སཾ་པུ་ཊའི་བརྒྱད་པའི་དང་པོ་ལས། དང་པོ་རྡོ་རྗེའི་དེ་ཉིད་དེ། །དྲིལ་བུ་ཡང་ནི་གཉིས་པའོ། །གསུམ་པ་ཕྲེང་བའི་དེ་ཉིད་དེ། །བཞི་པ་ཡེ་ཤེས་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་རྩ་རྒྱུད་ཕྱི་མའི་གསུམ་པ་ལས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་རྣམས་ནི་དགོངས་ཏེ་གསུངས་པའི་དམ་ཚིག་དེ་གོང་མ་ཉིད་ཀྱི་ཁོངས་སུ་འདུའོ། །དོན་གཉིས་པ་དམ་ཚིག་དེ་དག་མདོར་བསྡུས་པའི་ཚུལ་གྱིས་བསྲུངས་ན་སྦྱང་གཞི་ལུས་ངག་ཡིད་གསུམ་དུ་འདུས་པས། དམ་ཚིག་ཀྱང་སྐུ་གསུང་ཐུགས་ཀྱི་ཚིག་ཏུ་འདུ་སྟེ། སཾ་པུ་ཊའི་བཅུ་པ་དངོས་ལས། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པས་ན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་དང༌། །ཀུན་རྟོག་དྲ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་པ་སྟེ། དམ་ཚིག་གསུམ་པོ་འདི་བསྲུངས་པས་གཞན་རྣམས་ཤུགས་ཀྱིས་བསྲུང་བར་འགྱུར་རོ། །མངོན་པར་རྟོགས་པ་དེ་དག་ཀྱང་ཧེ་བཛྲ་ཕྱི་མའི་གསུམ་པ་དང༌། གུར་ལེའུ་བཅོ་ལྔ་པ། སཾ་པུ་ཊའི་བརྒྱད་པའི་དང་པོ་རྣམས་ནས་འབྱུང་ངོ༌། །སྤྱི་དོན་གཉིས་པ་བཟའ་བའི་དམ་ཚིག་ནི་རྣམ་པར་རྟོག་པ་སྤང་བར་བྱ་བའི་ཕྱིར་ཤ་ལྔ་བདུད་རྩི་རྣམ་པ་ལྔས་བདག་དང་གཞན་ལ་ཁ་ཟས་ཀྱི་ཚུལ་དུ་མཆོད་པ་སྟེ། དེ་ལ་གཉིས་ཏེ། རྒྱུན་གྱི་བཟའ་བའི་དམ་ཚིག་དང༌། ཁྱད་པར་གྱི་བཟའ་པའི་དམ་ཚིག་གོ །དང་པོ་ལ་གསུམ་སྟེ། བདུད་རྩིའི་རི་ལུ་སྒྲུབ་པ་དང༌། བསྟེན་པ་དང༌། ཕན་ཡོན་བསྟན་པའོ། །སྒྲུབ་པ་ནི། རྩ་རྒྱུད་དང་པོའི་བཅུ་གཅིག་པ་ལས། ན་དང་ག་ཧ་དང་པོ་དང༌། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཞེས་པ་དང༌། ཕྱི་མའི་དགུ་པ་ལས་ཀྱང༌། ཡི་གེ་གསུམ་བཏུས་པའི་རྗེས་ལ་བཟའ་བ་དང་བཏུང་བ་བྱིན་གྱིས་བརླབ་པའོ། །ཞེས་གསུངས་ལ། སཾ་པུ་ཊའི་དགུ་པའི་གཉིས་པ་ལས་ཀྱང༌། ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། །ཡིད་ཀྱིས་ཐམས་ཅད་དགུག་པའོ། །ཞེས་བྱ་བ་ལ་སོགས་པ་དང༌། ཧ་ཡིས་ཁ་དོག་འཕྲོག་པར་བྱེད། །ཅེས་བྱ་བ་ལ་སོགས་པས་གཏོར་མ་བྱིན་གྱིས་བརླབ་པ་དང་ཐུན་མོང་དུ་བསྟན་ལ། དེ་ཡི་དབུས་ནས་བླངས་ནས་ནི། །དེ་ནས་བདུད་རྩི་མྱང་བར་བྱ། །ཞེས་བྱ་བས་བདུད་རྩི་མྱང་བ་བསྟན་ཏོ། །རྒྱས་པར་ནི་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་བསྟན་ཅིང༌། ལག་ཏུ་བླང་བ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །གཉིས་པ་བསྟེན་པ་ནི་ཐུན་གྱི་ཐོག་མཐའ་འམ་ཐུན་རེ་ལ་རེ་རེ་འམ་ཞག་རེ་ལ་རེ་རེ་འམ་ཟླ་བ་རེ་ལ་རེ་རེ་བསྟེན་པར་བྱ་ཞིང༌། ཁ་ཟས་ཐམས་ཅད་ཀྱང་བདུད་རྩིར་བྱིན་གྱིས་བརླབས་ལ་ལོངས་སྤྱད་པར་བྱའོ། །གསུམ་པ་ཕན་ཡོན་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་བྱིན་གྱིས་རློབ་པ་དང༌། ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་སྟེ། ཧེ་བཛྲའི་དྲུག་པ་ལས། རྒ་ཤིས་ཟིལ་གྱིས་མི་གནོན་ཅིང༌། །རྟག་ཏུ་བསྲུང་བར་འགྱུར་བ་ཡིན། །ཞེས་གསུངས་སོ། །ཁྱད་པར་གྱི་བཟའ་བའི་དམ་ཚིག་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེ་ལ་གཉིས། མིང་དོན་དང༌། ཆོ་གའོ། །དང་པོ་ལ་ལྔ་སྟེ། གང་ཟག་གིས་དབྱེ་བ་དང༌། རྣལ་འབྱོར་གྱིས་དབྱེ་བ་དང༌། དུས་ཀྱིས་དབྱེ་བ་དང༌། དགོས་པས་དབྱེ་བ་དང༌། མཆོད་བྱས་དབྱེ་བའོ། །དང་པོ་ལ་གསུམ། དཔའ་བོ་དང་རྣལ་འབྱོར་མ་འཚོགས་པ་ཚོགས་ཀྱི་འཁོར་ལོ་ཞེས་བྱ་ལ། དཔའ་བོ་འབའ་ཞིག་འཚོགས་ན་དཔའ་བོའི་སྟོན་མོ། དཔའ་མོ་འབའ་ཞིག་འཚོགས་ན་དཔའ་མོའི་སྟོན་མོའོ། །གཉིས་པ་རྣལ་འབྱོར་གྱི་ཕྱེ་ན་ལྷའི་རྣལ་འབྱོར་མི་མཐུན་པ་དུ་མ་འཚོགས་ན་མཛའ་བ་འདུས་པའོ། །གསུམ་པ་དུས་ཀྱི་ཕྱེ་ན་སྦྱིན་སྲེག་དང་རབ་གནས་ཀྱི་དུས་ལ་ཙ་རུའི་བཟའ་བའོ། །བཞི་པ་དགོས་པས་ཕྱེ་ན་ལྷ་གྲངས་དང་མཐུན་པའི་འབག་བྱས་ཏེ། ཚར་གཅད་པ་ལ་སོགས་པའི་དུས་སུ་བྱས་ན་སངས་རྒྱས་ཀྱི་གར་རོ། །ལྔ་པ་མཆོད་བྱས་ཕྱེ་ན་བྱེ་བྲག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་འབའ་ཞིག་མཆོད་ན་རིགས་ལྡན་མ་མཆོད་པ་དང༌། གཞོན་ནུ་མའི་སྟོན་མོ་ཞེས་གཉིས་ཀྱི་མིང་འཐོབ་བོ། །དེ་དག་ཀྱང་མངོན་པར་རྟོགས་པ་གཅིག་པ་ཡིན་པས། སྤྱི་དོན་གཉིས་པ་དེའི་ཆོ་ག་ལ་དྲུག་སྟེ། གནས་དང༌། དུས་དང༌། ཡོ་བྱད་དང༌། གང་ཟག་དང༌། ཆོ་ག་དང༌། དགོས་པའོ། །གནས་ལ་གཉིས་ཏེ། ལས་དང་པོ་པའི་གནས་དང༌། སེམས་བརྟན་པ་ཐོབ་པ་ཡི་འོ། །དང་པོ་ནི་རྩ་རྒྱུད་ཕྱི་མའི་བདུན་པ་ལས། དུར་ཁྲོད་རི་ཡི་བྱ་སྐྱིབས་དང༌། །དེ་བཞིན་མི་མེད་གྲོང་ཁྱེར་དང༌། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་བཟའ། །ཞེས་གསུངས་ལ། བཤད་པའི་རྒྱུད་གཉིས་ལས་ཀྱང་གསལ་བར་གསུངས་སོ། །སེམས་བརྟན་པ་ཐོབ་པའི་གནས་ནི་ཡུལ་ཉི་ཤུ་རྩ་བཞིའམ། ཡུལ་སུམ་ཅུ་རྩ་གཉིས་ཏེ། རྩ་རྒྱུད་དང་པོའི་བདུན་པ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞེས་བྱ་བ་ལ་སོགས་པ་དང༌། གནས་ནི་ཛཱ་ལནྡྷ་རར་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ནི་གཉིས་ཏེ། རྒྱུན་གྱི་དུས་དང༌། ཁྱད་པར་གྱི་དུས་སོ། །དང་པོ་ནི། ཡར་ངོའི་བརྒྱད་དང༌། བཅུ་དང༌། བཅུ་བཞི་དང༌། བཅོ་ལྔ་དང༌། མར་ངོ་ལའང་དེ་བཞིན་དུ་དུས་བཞི་སྟེ། ཟླ་བ་གཅིག་ལ་དུས་བརྒྱད་ཡིན་ཏེ། རྩ་རྒྱུད་དང་པོའི་བདུན་པ་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ནི་བརྒྱད་པ་ཉིད། །ཅེས་པ་དང༌། སཾ་པུ་ཊའི་དགུ་པའི་གཉིས་པ་ལས། ཟླ་བ་མར་ངོའི་བཅུ་བཞི་དང༌། །ཁྱད་པར་དུ་ནི་བརྒྱད་པ་དང༌། །ཡར་གྱི་ངོ་ཡི་བཅུ་པ་ལ། །མཆོད་པ་མཆོད་པའི་བདག་ཉིད་འགྱུར། །ཞེས་གསུངས་སོ། །ཁྱད་པར་གྱི་དུས་ནི་རྒྱུད་ཉན་པ་དང་བཤད་པ་ལ་སོགས་པ་དང་འབྲེལ་པ་དང༌། འཆི་བ་བསླུ་བ་དང༌། མུ་གེ་ཞི་བར་བྱ་བ་ལ་སོགས་པའི་དུས་ཏེ། རྡོ་རྗེ་གུར་ལེའུ་གཉིས་པ་ལས། འཆི་བའི་ཚེ་འམ་མུ་གེའམ། །ཕས་ཀྱི་འཁོར་ལོའི་གནོད་པ་དང༌། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང༌། །ཆར་མེད་པ་དང་ཞི་བ་ལ། །སྔགས་དང་བསྒོམ་པར་ལྡན་པ་ཡིས། །གང་ཞིག་བདག་ནི་རྟག་རོལ་པ། །དེ་ཡི་མདུན་དུ་བདག་འདུག་སྟེ། །དེར་ནི་བརྫུན་དུ་མི་འགྱུར་རོ། །ཞེས་གསུངས་སོ། །ཡོ་བྱད་ནི་ཅི་འབྱོར་པ་ཡིན་ནའང་མེད་དུ་མི་རུང་བ་ཤ་དང་ཆང་ཡིན་ཏེ། རྩ་རྒྱུད་དང་པོའི་བདུན་པ་ལས། རྒྱལ་མཚན་དང་ནི་མཚོན་བསྣུན་དང༌། །ལན་བདུན་པོ་ཡང་བཟའ་བར་བྱ། །ཞེས་པ་དང༌། །ཕྱི་མའི་བདུན་པ་ལས། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །ཞེས་བྱ་བ་རྩ་བ་དང་བཤད་པའི་རྒྱུད་ལས་མང་དུ་གསུངས་སོ། །གང་ཟག་ལ་གསུམ་སྟེ། ལས་དང་པོ་པ་དང༌། སེམས་བརྟན་པ་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའོ། །དང་པོ་ནི་དམ་ཚིག་ཐོབ་ལ་མ་ཉམས་པའི་དཔའ་བོ་དང་རྣལ་འབྱོར་མ་དང༌། དཔའ་བོ་འབའ་ཞིག་གམ། རྣལ་འབྱོར་མ་འབའ་ཞིག་གམ། རིགས་ལྡན་མ་མཆོད་པའི་དབང་དུ་བྱས་ཏེ། མཁའ་འགྲོ་མའི་མཚན་མའམ། རྒྱས་བཏབ་པའི་མིའི་བུ་མོ་རིགས་ལྡན་མ་མཆོད་པའི་དབང་དུ་བྱས་ཏེ། རོའི་རས་ལ་སོགས་པ་ལ་ཐོད་པའི་མཚན་མ་བྲིས་པའང་མཆོད་པར་བྱ་སྟེ། སཾ་པུ་ཊའི་བཞི་པའི་གཉིས་པ་ལས། ཐོད་པ་དགྲ་སྟྭ་མཆེ་བ་དང༌། །ཆུ་སྲིན་རྒྱལ་མཚན་རལ་གྲི་དང༌། །འཕང་མདུང་དུང་དང་བདུན་དུ་གསུངས། །ཡང་དག་སྦྱོར་བའི་ཆོ་ག་འདི། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་པ་དང༌། དེ་ཉིད་ཀྱི་གསུམ་པ་ལས། པདྨའི་འདབ་མ་ལྟ་བུའི་མིག །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །སེམས་བརྟན་པ་ཐོབ་པ་ནི་དྲོད་ཆུང་འབྲིང་ཐོབ་པའོ། །བརྟན་པ་ཆེར་ཐོབ་པའི་གྲོགས་ནི་དངོས་གྲུབ་ཐོབ་པའི་དཔའ་པོ་དང་རྣལ་འབྱོར་མ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ཏེ། དེ་ལ་མཁའ་འགྲོ་མ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ་པ་རྣམས་ནི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དུ་འདུས་ལ། དེ་དག་ཀྱང་རྣལ་འབྱོར་མ་བདུན་དུ་འདུ་ཞིང༌། དེ་དག་ཀྱང་རྡོ་རྗེ་ཕག་མོའམ། རྡོ་རྗེ་བདག་མེད་མ་ཞེས་བྱ་བ་གཅིག་ཏུ་འདུ་བ་ཡིན་ཏེ། །སཾ་པུ་ཊའི་བཞི་པའི་གཉིས་པ་ལས། གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མཱ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་མ་དང་འདོད་པ་མོ། །འདི་དག་མཁའ་འགྲོ་བདུན་དུ་གསུངས། །ཞེས་བྱ་བ་དང༌། བདེ་མཆོག་རྩ་བའི་རྒྱུད་ལས། རྣལ་འབྱོར་མ་ནི་སུམ་ཅུ་དྲུག །རྡོ་རྗེ་ཕག་མོའི་རིགས་ལས་བྱུང༌། །ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བུའི་རྣལ་འབྱོར་མ་རྣམས་དང་བརྡ་དང་བརྡའི་ལན་བྱས་པས། དམ་ཚིག་དང་ལྡན་པར་ཤེས་ནས་ཚོགས་ཀྱི་འཁོར་ལོ་ལ་འདུ་བ་ཡིན་ཏེ། རྩ་རྒྱུད་དང་པོའི་ལེའུ་བདུན་པ་ལས། ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །དེ་ལ་རྣལ་འབྱོར་མས་སྨྲས་པ། །ཨེ་མ་བུ་ནི་སྙིང་རྗེ་ཆེ། །གལ་ཏེ་ཕྲེང་བའི་ལག་སྟོན་ན། །འདུ་བར་བྱ་ཞེས་སྨྲ་བ་ཡིན། །ཕྲེང་བ་མངོན་པར་བཏང་བྱས་ན། །དམ་ཚིག་ལ་མནོས་བརྟུལ་ཞུགས་བཟང༌། །དེ་ལ་ཕྱི་རོལ་ཞེས་འདུ་བ། །བཟང་པོའི་སྤྱོད་ཡུལ་གནས་པ་ནི། །དེ་ལ་འདུ་བར་རྣལ་འབྱོར་མས། །གང་སྨྲས་དེ་ལྟར་ཐམས་ཅད་བྱ། །ཞེས་གསུངས་པས་སོ། །ཆོ་ག་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། མཇུག་གོ །དང་པོ་ལ་དྲུག་སྟེ། གནས་ཁང་བརྒྱན་པར་བྱས་ལ་ཚོགས་ཀྱི་ཁ་ཟས་དང་མཆོད་གཏོར་བཤམ་པ་དང༌། སློབ་དཔོན་ནང་དུ་བྱོན་ནས་སྔོན་དུ་བཞུགས་པ་དང༌། དེའི་རྗེས་ལ་དབྱུག་པ་སྔོན་པོའི་ང་རྒྱལ་འཛིན་པའི་རྣལ་འབྱོར་པ་ལ་གསོལ་བ་བཏབ་སྟེ་ནང་དུ་འཇུག་པ་དང༌། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་རྒན་རིམ་བཞིན་གྲལ་བྱ་བ་དང༌། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་དང༌། ཡི་གེ་བརྒྱ་པས་རྒྱུད་སྦྱང་བའོ། །གཉིས་པ་དངོས་གཞི་ལ་ལུགས་གཉིས་ཏེ། བདག་བསྐྱེད་འབའ་ཞིག་མཆོད་པ་དང༌། བདག་དང་མདུན་བསྐྱེད་གཉིས་ཀ་མཆོད་པའི་ལུགས་སོ། །དང་པོ་ནི་རྩ་བའི་རྒྱུད་དང་རྡོ་རྗེ་གུར་གྱི་གཞུང་ཡིན་ལ། གཉིས་པ་ནི་སཾ་པུ་ཊའི་དགོངས་པ་ཡིན་ནོ། །དང་པོ་ལྟར་ན་དངོས་གཞི་བདག་གི་རྣལ་འབྱོར་རྫོགས་པ་གཅིག་ལ་ཚིམ་པ་དྲུག་ཏུ་བྱའོ། །གཉིས་པ་སཾ་པུ་ཊའི་དགོངས་པ་ལྟར་ན་གསུམ་སྟེ། བདག་གི་རྣལ་འབྱོར་བྱ་བ་དང༌། མདུན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། དངོས་གཞི་ཚིམ་པ་དྲུག་བྱ་བའོ། །གང་ལྟར་ཡང་རུང་སྟེ་ཚིམ་པ་དྲུག་ཏུ་ཐམས་ཅད་འདུ་བས་ན་ཚིམ་པ་དྲུག་ནི། བདག་བསྐྱེད་ཡན་ལག་དྲུག་གིས་བདག་གི་རྣལ་འབྱོར་རྫོགས་པར་བྱས་ནས། དེ་ཉིད་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པས་ཚིམ་པར་བྱ་བ་དང༌། སྙིང་གའི་དཀྱིལ་འཁོར་བདུད་རྩི་མྱངས་པས་ཚིམ་པར་བྱ་བ་དང༌། ཆོས་སྐྱོང་སྲུང་མ་གཏོར་མས་ཚིམ་པར་བྱ་བ་དང༌། དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་ཁ་ཟས་ཀྱིས་ཚིམ་པར་བྱ་བ་དང༌། མཐར་གླུ་གར་དང་རོལ་མོས་ཚིམ་པར་བྱ་བ་དང༌། ཚིམ་པ་དྲུག་པོ་དངོས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དྲུག་སྟེ། བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེའི་གླུ་བླང་ཞིང་བཀྲ་ཤིས་པར་བྱ་བའི་ཕྱིར་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པ་དང༌། ལྷག་མའི་གཏོར་མས་ཚིམ་པར་བྱ་ཞིང༌། ཆོ་ག་ལྷག་ཆད་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་འདོན་པ་དང༌། ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར་སྨོན་ལམ་གདབ་ཅིང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་གཤེགས་སུ་གསོལ་བ་དང༌། བསྲུང་བ་བྱས་ལ་སྣོད་མ་ཡིན་པ་ལ་གསང་བའི་ཕྱིར་ལས་ཀྱི་རྗེས་མི་མངོན་པར་བྱ་བའོ། །སྤྱི་དོན་དྲུག་པ་དགོས་པ་ལ་གཉིས་ཏེ། གཙོ་བོར་གྱུར་པའི་དགོས་པ་དང༌། གནས་སྐབས་ཀྱི་དགོས་པའོ། །དང་པོ་ནི་སངས་རྒྱས་ཉིད་ཡིན་ཏེ། རྡོ་རྗེ་གུར་ལེའུ་བཅུ་གསུམ་པ་ལས། བདེ་དང་རངས་ཤིང་གར་དང་ནི། །གླུ་དང་རོལ་མོའི་སྒྲ་བྱེད་དང༌། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རིག་པའི་རྒྱལ་པོར་རབ་ཏུ་འགྲུབ། །ཅེས་གསུངས་སོ། །གནས་སྐབས་ཀྱི་དགོས་པ་ནི་ཚེ་རིང་བ་དང༌། ནད་མེད་པ་ལ་སོགས་པ་ཡིན་ཏེ། སྔར་དུས་ཀྱི་སྐབས་སུ་བཤད་ཟིན་ཏོ། །མངོན་པར་རྟོགས་པ་དེ་དག་ནི་རྩ་བའི་རྒྱུད་ཀྱི་དང་པོའི་བདུན་པ་དང༌། ཕྱི་མའི་བདུན་པ་དང༌། རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། སཾ་པུ་ཊའི་དགུ་པའི་གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལས་ཞིབ་ཏུ་རྟོགས་པར་བྱའི། ལུང་རྣམས་ནི་ཡི་གེ་མངས་སུ་དོགས་པས་མ་བྲིས་སོ། །སྤྱི་དོན་གཉིས་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ནི་གཉིས་ཏེ། ཉེས་པ་ཕྲ་མོ་ལས་ལྟུང་བ་ལས་ལྡང་བ་དང༌། ཉེས་པ་ཆེན་པོ་ལས་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བའོ། །དང་པོ་ནི་རྡོ་རྗེ་གུར་ལེའུ་གསུམ་པ་ལས་ཡི་གེ་བརྒྱ་པ་གསུངས་ལ། ཉེས་པ་ཆེན་པོ་བཅོས་པ་ནི། སཾ་པུ་ཊའི་གཉིས་པའི་གཉིས་པ་ལས། རྣལ་འབྱོར་པ་དམ་ཚིག་ཉམས་པས་བག་མེད་པ་སྐྱེ་བར་འགྱུར་ཏེ། ཡང་བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ནས་ཕྱིས་མི་བྱེད་པར་སྡོམ་པ་གཟུང་བར་བྱ་སྟེ། དེའི་ཕྱིར་ཀུན་གྱི་སྡོམ་པ་དང་ལྡན་ཞིང་དེ་ཁོ་ན་ཉིད་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་བྱའོ། །ཞེས་པ་དང༌། ཡང༌། སྔགས་ཀྱི་ལམ་ནི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། །ཞེས་པ་ནས། དམ་ཚིག་ཉམས་པས་འཇིགས་པ་ཡི། །བློ་དང་ལྡན་པས་དེ་བཞིན་བླང༌། །ཞེས་གསུངས་པས། དབང་བསྐུར་ཡང་དག་པར་བླང་བར་བྱའོ། །སྤྱི་དོན་གཉིས་པ་དྲོད་ཆུང་ངུ་ཐོབ་པའི་དམ་ཚིག་ནི། གུར་གྱི་ལེའུ་བཅོ་ལྔ་པ་ལས། ཕྱག་རྒྱ་བཅིང་བ་རྣམ་སྤངས་ཤིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་རྣམས་ཡིན་ནོ། །ཡང་སཾ་པུ་ཊའི་ལྔ་པའི་གཉིས་པ་ལས་ཀྱང༌། གླེགས་བམ་བཀླག་པར་གསུངས་པ་མི་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱི་དོན་གསུམ་པ་དྲོད་ཆེན་པོ་སྐྱེས་པའི་དམ་ཚིག་ནི། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། དེ་དག་ཀྱང་ཧེ་བཛྲའི་དྲུག་པ་དང༌། གུར་བཅོ་ལྔ་པ་དང༌། སཾ་པུ་ཊའི་བརྟག་པ་ལྔ་པ་ལ་སོགས་པ་ལས་གསུངས་ཏེ། གོང་དུ་བསྟན་པའི་སྤྱོད་པ་ཉིད་ཡིན་པས་འདིར་བཤད་མི་དགོས་སོ། །གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་བསྟན་ཟིན་ཏེ། ཐབས་ཀྱི་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་པོ་མཐའ་དག་བསྟན་ཟིན་ཏོ། །དེ་ལྟ་བུའི་ལམ་དེ་ཉམས་སུ་ལེན་པའི་གང་ཟག་ལམ་ལ་འཇུག་པའི་སྔོན་དུ་ཅུང་ཟད་བཤད་པ་དེ་རྒྱས་པར་འོག་ཏུ་བཤད་པར་བྱའོ་ཞེས་ཁས་བླངས་པའི་དབང་ཐོབ་པའི་གང་ཟག་གི་རིགས་གསལ་བར་བཤད་ན་གསུམ་སྟེ། གང་ཟག་གི་རིགས་དབྱེ་བ་དང༌། དྲི་བ་དགོད་པ་དང༌། ལན་གདབ་པའོ། །དང་པོ་ལ་གསུམ། དབང་གིས་དབྱེ་བ་དང༌། སྤྱོད་པས་དབྱེ་བའོ། །འབྲས་བུ་གྲུབ་ཉེ་རིང་གི་སྒོ་ནས་དབྱེ་བའོ། །དང་པོ་ནི་སྤྱིར་དབང་གི་སྒོ་ནས་སློབ་དཔོན་དང་སློབ་མ་ཞེས་བྱ་བ་གཉིས་སུ་འགྱུར་ལ། གཉིས་པའང་སྤྱོད་པའི་སྒོ་ནས་ཕྱི་ལ་མཆོག་ཏུ་གཞོལ་བ་དང༌། ནང་ལ་མཆོག་ཏུ་གཞོལ་ཞེས་བྱ་བར་ཡང་འགྱུར་ལ། གསུམ་པའང་འབྲས་བུ་གྲུབ་ཉེ་རིང་གི་སྒོ་ནས་རབ་དང་འབྲིང་དང་ཐ་མ་ཞེས་བྱ་བར་དབྱེ་བ་བྱའོ། །སྤྱི་དོན་གཉིས་པ་དེ་ལྟར་གང་ཟག་གི་རིགས་མང་དུ་ཡོད་ན། གང་ཟག་དེ་དག་གིས་དེ་ལྟར་བསྟན་པའི་ལམ་ཇི་ལྟར་ཉམས་སུ་ལེན་སྙམ་པའི་རྟོག་པས་དྲི་བ་ལ་གསུམ་སྟེ། བསྐྱེད་རྫོགས་གཉིས་སམ་ལམ་དང་ལམ་གྱི་ཡན་ལག་ལས་ཕྱེ་བའི་མངོན་པར་རྟོགས་པ་བཅུ་གཅིག་པོ་དེ་ཐམས་ཅད་ཉམས་སུ་ལེན་པ་ལ་རྡོ་རྗེ་སློབ་དཔོན་དུ་གྱུར་པ་གཅིག་དགོས་སམ། རྡོ་རྗེ་སློབ་མས་ཀྱང་བཏུབ། ཡང་རྡོ་རྗེ་སློབ་དཔོན་དུ་གྱུར་ནས་ཀྱང་ཐམས་ཅད་ཉམས་སུ་བླང་དགོས་སམ་མི་དགོས། དེ་ལྟར་ཉམས་སུ་བླངས་ན་ཚེ་འདི་ཁོ་ན་ལ་འགྲུབ་བམ། འོན་ཏེ་འཆི་ཀ་ལ་སོགས་པར་ཡང་འགོར་སྙམ་པའི་དྲི་བ་གསུམ་མོ། །ལན་ལ་ཡང་གསུམ། ཐམས་ཅད་ཉམས་སུ་ལེན་པ་ལ་རྡོ་རྗེ་སློབ་དཔོན་དགོས་ཀྱི་སློབ་མས་མི་བཏུབ་པ་དང༌། རྡོ་རྗེ་སློབ་དཔོན་གྱིས་ཐམས་ཅད་ཉམས་སུ་བླང་དུ་བཏུབ་ཀྱང་ནང་ལ་གཞོལ་བས་ལམ་གྱི་ཡན་ལག་ལྔ་སྤོང་བ་དང༌། ཉམས་སུ་བླངས་ན་གང་ཟག་རབ་འབྲིང་གི་དུས་བཞིའམ་གསུམ་ན་འགྲུབ་པའོ། །དེ་ལ་དྲི་བ་དང་པོའི་ལན་བསྟན་པ་དབང་གི་སྒོ་ནས་གཉིས་ཏེ། སློབ་དཔོན་གྱི་གང་ཟག་དང༌། སློབ་མའི་གང་ཟག་གོ །སློབ་མ་ལ་ཡང་ཁམས་བརྟགས་ལ་རབ་འབྲིང་གསུམ་དུ་དབྱེ་སྟེ། སཾ་པུ་ཊའི་ཕྱི་མ་ལས། ཡོངས་སུ་རྫོགས་པའི་དབང་ནི་སློབ་དཔོན་གྱི་དབང་ཐམས་ཅད་དོ། །སློབ་མ་མཆོག་འབྲིང་ཐ་མ་གསུམ་ལས། ཐ་མ་ལ་དཀྱིལ་འཁོར་གྱི་དབང་དང་ཉིན་པར་གྱི་ཐིག་ལེའོ། །འབྲིང་པོ་ལ་ནི་ཉ་ཕྱིས་ཀྱིའོ། །མཆོག་ལ་ནི་སངས་རྒྱས་གཅིག་པའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ་ཞེས་གསུངས་སོ། །དེ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས་ནི་ལམ་ཐམས་ཅད་རྫོགས་པར་ཉམས་སུ་མི་ལེན་པ་ཡོད་ཀྱང་ཉམས་སུ་ནི་ཐམས་ཅད་བླང་དུ་བཏུབ་སྟེ། དེའི་མཚན་ཉིད་ཀྱང་གུར་ལེའུ་བརྒྱད་པ་ལས། དེ་ནས་རྡོ་རྗེ་སློབ་དཔོན་གྱི། །མཚན་ཉིད་ཡང་དག་རབ་བཤད་བྱ། །དེ་ཡིས་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ཡིས་ཉེ་བར་འགྲུབ། །དལ་ཞིང་ཟབ་མོའི་ཆོས་དང་ལྡན། །རིག་པ་ཐམས་ཅད་མཁས་དང་བཅས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང༌། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་ནི་རྣམ་པར་རིག །ཉན་ཐོས་སྤྱོད་པ་བསྲུང་བའོ། །སྔགས་སྤྱོད་རིམ་པར་གུས་པ་དང༌། །གཟུགས་ལྡན་མཐོང་ན་དགའ་བ་དང༌། །དཀྱིལ་འཁོར་འདྲི་ཞིང་བཟླས་པར་ལྡན། །རྩ་བའི་ལྟུང་བ་འཇོམས་པའོ། །སྔགས་དང་ལུས་སྐྱོབ་སྦྱོར་བ་ཡིས། །འཇིག་རྟེན་རྣམས་ནི་བདེ་བར་བྱེད། །ཅེས་གསུངས་སོ། །སློབ་དཔོན་གྱིས་དབང་མ་ཐོབ་པ་རྣམས་ནི་རྡོ་རྗེ་སློབ་མ་སྟེ། དེས་ནི་རབ་གནས་ལ་སོགས་པ་གཞན་དོན་གྱི་བྱ་བ་རྣམས་ནི་བྱར་མི་བཏུབ་སྟེ། འོན་ཀྱང་སངས་རྒྱས་འདོད་པས་རྡོ་རྗེ་སློབ་དཔོན་གྱི་དབང་ཕྱིས་བླང་བར་བྱའོ། །དྲི་བ་གཉིས་པའི་ལན་རྡོ་རྗེ་སློབ་དཔོན་དུ་གྱུར་ཀྱང་ཐམས་ཅད་ཉམས་སུ་ལེན་པ་དང་མི་ལེན་པ་ནི་གཉིས་ཏེ། སློབ་དཔོན་གསང་སྔགས་ལ་གཞོལ་བ་དང༌། ནང་ལ་གཞོལ་བ་ཞེས་བྱ་བའམ། ཡང་ཕྱི་ལ་གཞོལ་བ་དང༌། ནང་ལ་གཞོལ་བ་ཞེས་བྱ་བའི་དབྱེ་བ་གཉིས་སོ། །དེ་ལ་ཕྱི་ལ་གཞོལ་བས་ནི་དབང་ཐོབ་ནས་མངོན་རྟོགས་བཅུ་གཅིག་པོ་ཐམས་ཅད་ཉམས་སུ་ལེན་ཏེ། ལྟ་བ་དང་དམ་ཚིག་དང་ལྡན་པས་རིམ་པ་གཉིས་བསྒོམ་ཞིང༌། བཟླས་པ་དང་གཏོར་མ་ཡང་བྱེད། གྲུབ་པ་བརྟན་པ་ལ་སོགས་པའི་དོན་དུ་སྦྱིན་སྲེག་ཀྱང་བྱེད། རང་གཞན་གྱི་དོན་དུ་དབང་བསྐུར་དང་རབ་གནས་ཀྱང་བྱེད། ཅུང་ཟད་གྲུབ་ནས་རང་གཞན་གྱི་དོན་དུ་ལས་རབ་འབྱམ་ཡང་བསྒྲུབ། དེ་དག་ལ་བརྟེན་ནས་དྲོད་ཐོབ་ན་སྤྱོད་པ་ཡང་སྤྱད། ཉེ་རྒྱུ་ཡང་བྱས་ནས་ས་རྣམས་བགྲོད་པར་བྱེད། འབྲས་བུ་མངོན་དུ་བྱེད་པ་སྔར་བཤད་པའི་རྡོ་རྗེ་གུར་ལེའུ་བརྒྱད་པའི། དེ་ནས་རྡོ་རྗེ་སློབ་དཔོན་གྱིས། ཞེས་བྱ་བ་ལ་སོགས་པའི་ལུང་འདིར་ཡང་རྒྱས་པར་སྦྱར་བར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་ནང་ལ་མཆོག་ཏུ་གཞོལ་བས་ནི་སྤྲོས་མེད་ཀྱི་རྣལ་འབྱོར་བྱ་སྟེ། མཆོག་སྒྲུབ་པའི་མངོན་རྟོགས་ལྔ་དང༌། དམ་ཚིག་དང་དྲུག་སྤྱོད་ལ་དངོས་གྲུབ་མཐའ་དག་སྒྲུབ་པའི་བསྐྱེད་པའི་རིམ་པའི་ཡན་ལག་བཟླས་པ་ལ་སོགས་པའི་ལྔ་མི་སྤྱོད་དེ། ནང་གི་བཟླས་པ་ལ་སོགས་པར་འདུ་བའི་ཕྱིར་རོ། །དེ་ཡང་སཾ་པུ་ཊའི་དྲུག་པ་ལས། བཟླས་པ་འཁོར་བར་བྱེད་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ལ། ལས་རབ་འབྱམ་ཐམས་ཅད་ཀྱང་རྫོགས་རིམ་ཉིད་ཀྱིས་འགྲུབ་སྟེ། སཾ་པུ་ཊའི་དང་པོའི་བཞི་པ་ལས། གང་ཞིག་རལ་གྲི་དང༌། མིག་སྨན་དང༌། རྐང་བྱུག་དང༌། རི་ལུ་དང༌། རྐང་འོག་དང༌། གནོད་སྦྱིན་མོའི་ཡན་ལག་དང༌། འཇིག་རྟེན་གསུམ་གྱི་ཁོངས་སུ་རྒྱུ་བ་དངུལ་ཆུའི་འགྲོ་བ་རྗེས་སུ་འབྲང་བ་དང༌། གང་ཞིག་ཐམས་ཅད་དུ་མཐུ་ཆེ་བ་རང་གི་ཁྱིམ་དུ་ལྔ་བཅུ་འདོད་པ་དང་ལྡན་པས་འགྲུབ་བོ་ཞེས་པ་དང༌། ཡང་དེ་ཉིད་ལས། སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེས་ན་སྤྲོས་མེད་ཀྱི་རྣལ་འབྱོར་ཉིད་དུ་བྱས་ཏེ། སཾ་པུ་ཊའི་གཉིས་པའི་གཉིས་པ་ལས། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་གྱི་ངེས་པ་བྱས་ནས་བཀའི་གནང་བ་དང༌། རང་གི་དམ་ཚིག་ལ་གནས་པས་སྒོམ་པར་བྱེད་ན། ལག་པའི་ཕྱག་རྒྱ་དང་སྔགས་དང་སྐུ་གཟུགས་ཀྱི་ང་རྒྱལ་བསྒོམས་པས་ཐུན་མོང་གི་དངོས་གྲུབ་སྐྱེད་པར་བྱེད་པའི་དམ་ཚིག་ཡིན་ནོ་ཞེས་བྱ་བས་ཅི་ཞིག་བྱ། གཞུང་ཐམས་ཅད་སྤངས་ནས་ཐོབ་པའི་གནས་ཀྱི་བསམ་གཏན་གྱི་རྣལ་འབྱོར་དེ་ལ་བརྩོན་པས་རང་རིག་པ་ཙམ་ལ་སྤྲོ་བས་ཉིན་མཚན་དུ་གོམས་པར་བྱའོ་ཞེས་གསུངས་པས་ན་སྤྲོས་མེད་འབའ་ཞིག་གོ །འོ་ན་སྐུ་གཟུགས་ཀྱི་ང་རྒྱལ་བསྒོམ་ཞེས་པས་བསྐྱེད་རིམ་ཡང་སྤོང་བར་མངོན་ནོ། །དེ་ལྟར་ན་རིམ་པ་གཉིས་མ་ཡིན་ཞིང་ལུང་རྣམས་དང་ཡང་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཏེ་འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་པར་འདོད་པའི་བསམ་པ་ཅན་གྱིས་ལྷ་བསྒོམ་པ་སྤོང་བ་ཡིན་ལ། མཆོག་སྒྲུབ་པ་ནི་སྤོང་བ་མ་ཡིན་ཏེ། དེ་ཉིད་ལ་སྐུ་གཟུགས་ཀྱི་ང་རྒྱལ་བསྒོམས་པས་ཐུན་མོང་གི་དངོས་གྲུབ་སྐྱེད་པར་བྱེད་པས་ཅི་ཞིག་བྱ་ཞེས་གསལ་བར་གསུངས་སོ། །དེ་ལྟ་མ་ཡིན་ན་རྩ་རྒྱུད་ཕྱི་མའི་གཉིས་པ་ལས། ཇི་ལྟར་མེ་ཏོག་ལ་གནས་དྲི། །ཞེས་པ་ལ་སོགས་པའི་ལུང་དང་ཡང་མི་འགྲིག་ལ། ལུང་གཞན་གྱི་གནོད་པ་ཡང་འབྱུང་ངོ༌། །དེ་ལྟར་ན་ལུང་ལས། ནང་ལ་གཞོལ་བའི་རྣལ་འབྱོར་པས་ནི་བསྐྱེད་རིམ་གྱི་ཡན་ལག་བཟླས་པ་ལ་སོགས་པ་ལྔ་སྤང་བར་བཤད་དོ། །སློབ་དཔོན་གྱི་ཞལ་སྔ་ནས་ནི་ནང་ལ་གཞོལ་བའི་རྣལ་འབྱོར་པས་བཟླས་པ་ལ་སོགས་པ་ཅི་ནས་ཀྱང་སྤང་ངོ་ཞེས་ལུང་བསྟན་པ་ཁོ་ནར་ཡང་དཀའ་ཞེས་ཀྱང་གསུངས་སོ། །དྲི་བ་གསུམ་པ་དེ་ལྟར་ཉམས་སུ་བླངས་ན་འབྲས་བུ་དུས་ནམ་ཞིག་འགྲུབ་པར་འགྱུར་སྙམ་ན། དེ་ལ་གཉིས་ཏེ། ནམ་འགྲུབ་པའི་དུས་དང༌། དེའི་ཡན་ལག་གོ །དང་པོ་ནི་བརྩོན་འགྲུས་དང་བསྟུན་པའི་བྱེ་བྲག་གིས་གང་ཟག་རིགས་བཞིའི་འགྲུབ་པའི་དུས་བཞི་སྟེ། ཚེ་འདི་ལ་འགྲུབ་པ་དང༌། འཆི་ཁར་འགྲུབ་པ་དང༌། བར་དོར་འགྲུབ་པ་དང༌། སྐྱེ་བ་བརྒྱུད་དེ་འགྲུབ་པའོ། །གཉིས་པ་དེའི་ཡན་ལག་ཀྱང་བཞི་སྟེ། སྐྱེ་བ་འདིར་འགྲུབ་པའི་ཡན་ལག་བཅུད་ལེན་དང༌། འཆི་ཁར་འགྲུབ་པའི་ཡན་ལག་འདའ་ཀ་མ་དང༌། བར་དོར་འགྲུབ་པའི་ཡན་ལག་བར་དོ་དང༌། སྐྱེ་བ་བརྒྱུད་དེ་འགྲུབ་པའི་ཡན་ལག་སྨོན་ལམ་མོ། །དེ་དག་ཀྱང་ཞིབ་ཏུ་བརྗོད་ན་སྐྱེ་བ་འདིར་འགྲུབ་པ་ནི་ལམ་མང་པོ་ཉམས་སུ་བླངས་པ་སྟེ། སྤྱོད་པ་དང་ཉེ་རྒྱུ་ཚུན་ཆད་སྤྱད་པ་ནི་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་ཏེ། སཾ་པུ་ཊའི་དང་པོའི་བཞི་པ་ལས། བསྐལ་པ་བྱེ་བ་གྲངས་མེད་པར། །ཇི་སྲིད་སངས་རྒྱས་མ་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་དེའི་ཡན་ལག་ནི་ཚེ་འདི་ལ་སངས་རྒྱས་འདོད་པས་དྲོད་ནི་མ་ཐོབ་ན་སྔོན་ལ་བཅུད་ཀྱིས་ལེན་ལ་སོགས་པས་ཚེ་བསྒྲུབས་ཏེ། སཾ་པུ་ཊའི་བདུན་པའི་དང་པོ་ལས། སྨན་འདི་དང་ལྡན་པས་རྣལ་འབྱོར་པས་ལོ་བརྒྱ་ཕྲག་སྟོང་ལ་སོགས་པར་གནས་པར་བྱའོ། །དུས་ཀྱི་འཆི་བ་མི་རིགས་པས། །གང་ཞིག་རྣལ་འབྱོར་པར་འདོད་པ། །དེ་ཡི་ངལ་བ་དོན་མེད་ཅིང༌། །དེ་ཉིད་འབྲས་བུ་ཐོབ་མི་འགྱུར། །ཡོ་གི་ཤིན་ཏུ་མཉམ་གཞག་པས། །དེ་ལྟར་ཆོ་ག་ང་ཡིས་བསྔགས། །ཞེས་གསུངས་ལ། གུར་གྱི་ལེའུ་བཞི་པ་ལས། མིག་སྨན་ལ་སོགས་པ་གསུངས་པས་དེ་དག་ནི་ཚེ་འདིར་འགྲུབ་པའི་གྲོགས་ཡིན་ནོ། །འདི་དག་ལམ་གང་གི་ཁོངས་སུ་བསྡུ་ན། དམ་ཚིག་དང་ལས་ཚོགས་ཀྱི་ཁོངས་སུ་བསྡུའོ། །གཉིས་པ་ནི་འཆི་ཁ་ལ་སོགས་པ་འདི་ལ་ལམ་གཞན་རྣམས་རྫོགས་པར་ཉམས་སུ་མི་ལེན་ཀྱང་བླང་ཏུ་བཏུབ་ལ། ཉེ་རྒྱུ་ནི་ཅི་ནས་ཀྱང་མ་སྤྱད་ལ། སྤྱོད་པ་ནི་སྤྱོད་འཕྲོ་ལ་འདའ་བའང་སྲིད་དེ། སློབ་དཔོན་ནག་པོ་པ་བཞིན་ནོ་སྙམ་མོ། །འབྲས་བུ་འགྲུབ་པ་ལ་སྤྱོད་པ་དང༌། ཉེ་རྒྱུ་ཅིས་ཀྱང་དགོས་སམ་མི་དགོས་སྙམ་ན། སྤྱོད་པ་དང་ཉེ་རྒྱུ་མ་སྤྱད་པར་འབྲས་བུ་མི་འགྲུབ་བོ། །དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱང་བཞེད་དེ། རིམ་པ་ལྔ་པ་ལས། ཇི་ལྟར་ཤིང་ལ་མེ་གནས་ཀྱང༌། །མ་གཙུབས་བར་དུ་མི་འབྱུང་ལྟར། །དེ་བཞིན་བྱང་ཆུབ་ཟླ་བྲལ་བ། །རྣམ་པ་ཀུན་ཏུ་མི་འཐོབ་བོ། །ཞེས་གསུངས་པས་འཆི་ཁ་ལ་སོགས་པར་ཡང་རང་སྐལ་གྱི་སྤྱོད་པ་བག་ཙམ་རེ་བྱེད་པར་བཞེད་དོ། །འདི་ནི་མངོན་པར་རྟོགས་པ་བཅུ་གཅིག་པོ་ལམ་ཐམས་ཅད་ཉམས་སུ་ལེན་པའི་རིགས་ཀྱི་གང་ཟག་ལ་དགོངས་ཀྱི། དབང་རྗེས་ལ་གྲོལ་བ་ཨིནྡྲ་བྷཱུ་ཏི་ལྟ་བུ་དང་སྟན་གཅིག་གི་སྟེང་དུ་གྲོལ་བ་ལ་སོགས་པ་རྣམས་ལ་ལམ་ཚང་བར་མི་དགོས་ཞེས་གསུངས་ཏེ། ཉེ་རྒྱུ་ནི་ཅིས་ཀྱང་དགོས་པས་དབང་ཉིད་ཀྱི་སྟེང་དུ་ལམ་དྲུག་གམ་བཅུ་གཅིག་ཚང་བས་ན་དེ་ཇི་ལྟར་ཚང་བའི་ཚང་བརྩིས་ལ་ཞིབ་ཏུ་བཤད་དེ། འདི་ནི་བདག་གི་རྟོག་པ་ལ་ལེགས་པར་གསུངས་སོ། །ཡང་འདའ་ཀ་མ་ལ་སོགས་པར་འགྲུབ་ཅེས་གསུངས་པ། འདི་ཡང་སངས་རྒྱས་ཉིད་འགྲུབ་བམ། འོན་ཏེ་གཞན་ཞིག་འགྲུབ་སྙམ་ན། ཁ་ཅིག་ནི་སངས་རྒྱས་ཉིད་འགྲུབ་པར་འདོད་དེ། བུ་ག་དགུ་ཡི་སྟེང་མཆོག་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་པ། །ཉིན་ཞིང་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་དང༌། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་དང༌། །འདི་ཡི་ལམ་གྱིས་གྲོལ་བར་འགྱུར། །ཞེས་པས་ཤེས་སོ། །བླ་མ་རྣམས་ཀྱི་གསུང་གི་ལུང་དེ་ནི་བར་དོར་རིག་འཛིན་གྲུབ་པ་ལ་དགོངས་ཀྱི། དེ་ལ་བརྟེན་ནས་སངས་རྒྱས་སུ་འགྲོ་བར་འདོད་དེ། བཟང་པོའི་ལམ་གྱི་རྣལ་འབྱོར་པའི། །འགྲོ་བ་མཛེས་པར་ཁྱོད་ལ་བསྟན། །ཞེས་པས་སོ། །གང་ཟག་གི་དབྱེ་བས་ངེས་པ་མེད་པར་མངོན་ནོ། །གསུམ་པ་བར་དོར་འགྲུབ་པ་ནི་བླ་མ་བརྒྱུད་པ་རྣམས་ཀྱི་མན་ངག་དག་ལས་ཟབ་ཅིང་གསལ་བར་གསུངས་མོད། བཀའ་དང་བསྟན་བཅོས་ཕལ་ཆེར་ལས་གསལ་བར་བྲིས་པ་ནི་མ་མཐོང་ངོ༌། །འོན་ཀྱང་ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པར་མི་ལྡན་པས་ཀྱང་འགྲུབ། །ཅེས་པ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཞལ་གྱི་ལུང་ལས། ཁྱོད་ཀྱང་ཟས་ཀྱི་བྱ་བ་དང༌། །ང་ལ་ཅུང་ཟད་འཁྲུལ་རྟོག་པས། །གཟུགས་བཅས་ཕུང་པོ་རང་ལུས་ནི། །ཚེ་འདི་ཉིད་ལ་མི་འགྲུབ་སྟེ། །ཡིད་ནི་རྡོ་རྗེའི་སྐུར་གྲུབ་ནས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཞེས་ལེགས་པར་གསུངས་སོ། །ཡང་ཁ་ཅིག་རྩ་རྒྱུད་ཕྱི་མའི་ལེའུ་གཉིས་པའི། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་རྣལ་འབྱོར་པས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་གསུངས་པས་ཟིན་ཟེར་ན་ཡང༌། དེ་ནི་མ་ཡིན་ཏེ། འདིས་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས་པའི་དཔེ་བསྟན་གྱིས་བར་དོར་འགྲུབ་པའི་ལུང་ནི་མ་ཡིན་ནོ། །དེ་ལྟར་འཕོ་བ་དང་བར་དོ་གཉིས་གང་གི་ནང་དུ་བསྡུ་ན་བླ་མ་གོང་མ་རྣམས་དམ་ཚིག་དང་སྡོམ་པའི་ནང་དུ་འདུའོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་རིམ་པ་གཉིས་ཀའི་ཁོངས་སུ་བསྡུ་ཞེས་གསུངས་ལ། སློབ་དཔོན་གྱི་ཞལ་སྔ་ནས་ནི་རྫོགས་རིམ་ཉིད་ཀྱི་ཁོངས་སུ་བསྡུ་སྟེ། སློབ་དཔོན་བྷ་ཝ་པས་གྲོང་འཇུག་གི་སྐབས་སུ་ནང་གི་ལས་ཀྱི་ཚོགས་ཡིན་ནོ་ཞེས་གསུངས་པས་སོ། །དེས་ན་འདི་ནི་ལས་ཚོགས་དང༌། དམ་ཚིག་གཉིས་ཀའི་ཁོངས་སུ་འདུའོ་ཞེས་ཀྱང་གསུངས་སོ། །གང་ལྟར་ཡང་འདའ་ཁ་དང་བར་དོར་འགྲུབ་པར་འདོད་པའི་གང་ཟག་འབྲིང་པོའི་ལམ་གྱི་ཡན་ལག་ཁྱད་པར་བ་ཡིན་ནོ། །བཞི་པ་སྐྱེ་བ་བརྒྱུད་དེ་འགྲུབ་པར་འདོད་པ་སྨོན་ལམ་གྱི་ལམ་ལ་མོས་པ་ལམ་དུ་བྱེད་པ་ནི་སྐྱེ་བ་གཅིག་ནས་བཅུ་དྲུག་གི་བར་རམ་དེ་ལས་ཀྱང་འགོར་བ་སྲིད་ནའང་འགྲུབ་པར་འགྱུར་ཏེ། འདིའི་ལམ་གྱི་ཡན་ལག་ཁྱད་པར་བ་ནི་སྨོན་ལམ་ཡིན་ཏེ། རྩ་རྒྱུད་ཕྱི་མའི་བརྒྱད་པ་ལས། རིགས་སུ་སྐྱེ་དང་དམ་ཚིག་ཅན། །ཞེས་བྱ་བ་ལ་སོགས་པ་དང༌། སཾ་པུ་ཊའི་དགུ་པའི་གཉིས་པ་ལས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པས་སོ། །འདི་ནི་དམ་ཚིག་དང་སྡོམ་པའི་ཁོངས་སུ་འདུ་བ་ཡིན་ནོ། །སྨོན་ལམ་དང་མོས་པ་ལ་བརྟེན་ནས་ཇི་ལྟར་འགྲུབ་ན་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེ་ཞིང་སེམས་ཅན་གྱི་དོན་དུ་མ་བྱས་ནས་འབྲས་བུ་འགྲུབ་སྟེ། རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། རྣལ་འབྱོར་བ་གང་དབང་བསྐུར་མེད། །དཀྱིལ་འཁོར་དུ་ནི་མ་ཞུགས་དང༌། །གང་ཞིག་རབ་གནས་མ་མཐོང་དང༌། །གང་གིས་སྦྱིན་སྲེག་མ་བྱས་དང༌། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་ཡི་དངོས་གྲུབ་མཆོག་ཉིད་མེད། །གང་གིས་སློབ་དཔོན་གསོལ་མ་བཏབ། །འདིར་ནི་རིགས་སུ་སྐྱེ་བ་མེད། །ཅེས་སྤང་བྱའི་གང་ཟག་བསྟན་ནས་ལམ་ལ་ཞུགས་ནས་མོས་ན་ཅི་འགྲུབ་སྙམ་ན། དེ་ཉིད་ཀྱི་རྗེས་ཐོགས་ལ། སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །གང་ཞིག་བྱང་ཆུབ་མ་ཐོབ་ནའང༌། །འཁོར་ལོས་སྒྱུར་བའི་གནས་སུ་དེ། །སྐྱེ་ཞིང་སྐྱེ་བར་སྐྱེ་བར་འགྱུར། །ཡང་ན་ས་ཡི་བདག་པོ་ཉིད། །གཙང་པའི་གནས་སུ་མངོན་པར་འགྲོ། །བདེ་བ་ཅན་དང་མཁའ་འགྲོ་དང༌། །དགའ་ལྡན་དུ་ནི་བློ་ལྡན་འགྲོ། །ཞེས་གསུངས་ལ། སཾ་པུ་ཊའི་དང་པོའི་བཞི་པ་ལས་ཀྱང༌། ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདིས་ནི་གྲུབ་པ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པའང་སྟེར། །ཞེས་གསུངས་སོ། །དེ་དག་ཀྱང་སྨོན་ལམ་དང་མོས་པ་ལ་གནས་པས་དམ་ཚིག་གི་ཉེས་པས་མ་གོས་ན་སྐྱེ་བ་བཅུ་དྲུག་ན་འགྲུབ་སྟེ། སློབ་དཔོན་པདྨ་བས་དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །ཡང་དེའི་སྟེང་དུ་བླ་མ་ལ་དབང་བསྐུར་བ་ཡང་ཡང་མནོས་ན་སྐྱེ་བ་བདུན་ན་འགྲུབ་སྟེ། གསང་བའི་རྒྱུད་ཀྱི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །དེ་བཞིན་དུ་བརྩོན་འགྲུས་དང་བསྟུན་པའི་བྱེ་བྲག་གི་མྱུར་དུ་འགྲུབ་པར་ཤེས་པར་བྱའོ། །ལམ་ཉམས་སུ་ལེན་པའི་གང་ཟག་གི་རིགས་ཀྱི་རྣམ་པར་དབྱེ་བ་བསྟན་ཟིན་ཏེ། ཐབས་ཀྱི་རྒྱུད་ཀྱི་མངོན་པར་རྟོགས་པ་དང་དབང་ཐོབ་ནས་ཉམས་སུ་ལེན་པའི་གང་ཟག་གི་དབྱེ་བ་དང་བཅས་པ་ཐམས་ཅད་བསྟན་ཟིན་ཏོ།།  །།དེ་ལྟར་ལམ་རིམ་པ་ཅན་དུ་བསླབ་བམ་ཅིག་ཅར་དུ་བསླབ་ཀྱང་རུང༌། ནང་ལ་གཞོལ་བ་བཞིན་ནམ་ཕྱི་ལ་གཞོལ་བ་བཞིན་པས་གང་ལ་བསླབ་ཀྱང་རུང་སྟེ། འབྲས་བུ་འགྲུབ་པའི་འབྲས་བུའི་རྒྱུད་ཀྱི་མངོན་པར་རྟོགས་པ་ནི་གཉིས་ཏེ། གནས་སྐབས་ཀྱི་འབྲས་བུ་ས་བཅུ་གཉིས་འགྲུབ་པའི་ཚུལ་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་འགྲུབ་པའི་ཚུལ་བསྟན་པའོ། །དེ་ལ་གནས་སྐབས་ཀྱི་འབྲས་བུ་སའི་རིམ་པ་ལ་གཉིས། སྤྱིར་ས་ཐོབ་པ་གནས་སྐབས་རྣམ་གྲངས་བཞིར་གཞག་པ་དང༌། སའི་མངོན་པར་རྟོགས་པ་ཞིབ་ཏུ་བཤད་པའོ། །དང་པོ་ནི་མདོ་སྡེ་རྒྱན་ལས། ས་ཐོབ་པ་ནི་མོས་པ་དང༌། །སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་གསུངས་ཏེ། མོས་པས་ཐོབ་པ་ནི་མོས་པ་སྤྱོད་པའི་ས་སྟེ། ས་དང་པོ་ལ་མོས་པ་ཐོབ་པའོ། །སྤྱོད་པས་ཐོབ་པ་ནི་མོས་པའི་སའི་ཚེ་ཆོས་སྤྱོད་བཅུ་ལ་འཇུག་པའོ། །རྟོགས་པས་ཐོབ་པ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྟོགས་ནས་ལམ་ཐམས་ཅད་ཐེག་པ་གཅིག་ཏུ་རྟོགས་པའོ། །གྲུབ་པས་ཐོབ་པ་ནི། ཕྱིར་མི་ལྡོག་པའི་ས་ལ་འཇུག་པའི་ཚེའོ། །འདིར་ས་དེ་དག་ལས་གང་ཡིན་ཞེ་ན། རྟོགས་པའི་ས་དང༌། གྲུབ་པའི་སའོ། །འོ་ན་ས་དང་པོས་མ་གྲུབ་བམ་ཞེ་ན། ཅུང་ཟད་གྲུབ་སྟེ། མདོ་སྡེ་རྒྱན་ཉིད་ལས། ས་རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་གསུངས་ཏེ། མོས་སྤྱོད་ནི་མ་གྲུབ་པའོ། །ལྷག་མ་གཉིས་ནི་གྲུབ་པའོ། །གྲུབ་པ་ལ་ས་བདུན་པ་མན་ཆད་ནི་མ་གྲུབ་པའོ། །དེ་ཡན་ཆད་ནི་གྲུབ་པའོ། །དེ་ལ་འདིར་རྟོགས་པ་དང་གྲུབ་པའི་སའམ་མ་གྲུབ་པ་ཞེས་བྱ་བ་ཉིད་དུའང་བསྡུར་བཏུབ་པས། ས་དང་པོ་ཡན་ཆད་ཀྱི་མངོན་པར་རྟོགས་པ་ཡིན་ནོ། །སྤྱི་དོན་གཉིས་པ་མངོན་པར་རྟོགས་པ་ཞིབ་ཏུ་བཤད་ན། ས་རེ་ལ་བཀའ་དང་བསྟན་བཅོས་དག་ལས་དུ་མ་བཤད་ཀྱང་འདིར་བླ་མའི་གསུང་གིས་ས་རེ་རེ་ལ་བསྡུས་པའི་དོན་བཞི་བཞི་སྟེ། ས་གྲུབ་པའི་རྒྱུ་གང་ཡིན་པ་དང༌། རྟོགས་པའི་ཁྱད་པར་དང༌། གྲུབ་པའི་རྟགས་དང༌། མིང་གི་དོན་ནོ། །དང་པོ་ལ་གཉིས། བརྒྱུད་པའི་རྒྱུ་དང༌། དངོས་ཀྱི་རྒྱུའོ། །དང་པོ་ནི་སྤྱོད་པ་དང༌། ཉེ་རྒྱུ་སྟེ། དེ་ཡང་ཀུན་འདར་གྱི་སྤྱོད་པ་ལ་བརྟེན་ནས་དྲོད་ཆེན་པོ་མཐོང་ལམ་ཐོབ་སྟེ། དེ་ནས་ཀུན་བཟང་གི་སྤྱོད་པ་སྤྱད་པ་ཡིན་ཏེ། དེའང་མྱུར་དུ་འགྲུབ་པའི་དབང་དུ་བྱས་ན་ཀུན་བཟང་ཟླ་བ་གཅིག་ཏུ་སྤྱད་པས་ས་བརྒྱད་པ་མངོན་དུ་བྱས་ནས། དེ་ནས་ཕྱག་རྒྱ་ལ་བརྟེན་ནས་ནང་རྟེན་འབྲེལ་བསྒྲིགས་ནས་ཉེ་རྒྱུ་ཞག་བདུན་གྱི་ས་ལྷག་མ་རྣམས་འགྲུབ་པར་འགྱུར་བ་ཡིན་ཏེ། དེའང་རྡོ་རྗེ་གུར་ལས། ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ཉེ་རྒྱུའི་སྐབས་སུ་བརྗོད་ཟིན་ཏོ། །འདི་ཕ་རོལ་ཏུ་ཕྱིན་པ་དང་ཡང་མཐུན་ཏེ། གསང་ཆེན་ཐབས་ལ་མཁས་པ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཞག་བདུན་ནའང་བླ་ན་མེད་པའི་བྱང་ཆུབ་འགྲུབ་ལ། འདོད་ན་བསྐལ་པ་བརྒྱ་ནའང་འགྲུབ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དུས་རིང་དུ་སྡོད་པའི་དབང་དུ་བྱས་ན། ཀུན་འདར་གྱི་སྤྱོད་པའི་འཇུག་ཏུ་ཉེ་རྒྱུའི་ཆ་མཐུན་སྤྱད་ནས། དྲོད་ཆེན་པོ་ཐོབ་པས་ཀུན་བཟང་གི་སྤྱོད་པས་ཟླ་བའམ། ལོའམ། བསྐལ་པ་ལ་སོགས་པ་དུས་ཇི་སྲིད་འདོད་པར་སྤྱད་པས། ས་བཅུ་གཉིས་མངོན་དུ་བྱས་ཏེ། ཉེ་རྒྱུ་ཞག་བདུན་གྱིས་འབྲས་བུ་འགྲུབ་པའང་ཡོད་དོ། །གཉིས་པ་དངོས་ཀྱི་རྒྱུན་ནི་དཀྱིལ་འཁོར་བཞི་སྟེ། དེའང་གཉིས་ནི་རྩ་དང༌། རྩའི་ཡི་གེ་དང༌། ཁམས་བདུད་རྩི་དང༌། རླུང་རྣམས་དབུ་མའི་ནང་དུ་རིམ་གྱིས་ཐིམ་པས་ས་རྣམས་རིམ་གྱིས་རྟོགས་པ་ཡིན་ནོ། །དེ་ལ་རྩ་ནི་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞི། དེ་ལས་བསྡུ་ན་ཡན་ལག་གི་རྩ་གཙོ་བོར་གྱུར་པ་སྟོང་ཕྲག་བདུན་བཅུ་རྩ་གཉིས། ཡི་གེ་དགོད་པའི་རྩ་གཙོ་བོར་གྱུར་པའི་དབང་དུ་བྱས་ན་བརྒྱ་ཉི་ཤུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དག་པ་ལ་དགོངས་ནས་སྦས་པའི་རྩ་ལྔ་བསྣན་པས་སུམ་ཅུ་སོ་བདུན་ནམ། བྱང་ཆུབ་ཀྱི་སེམས་འབབ་པ་གཙོ་བོའི་དབང་དུ་བྱས་ན་རྩ་སུམ་ཅུ་སོ་གཉིས་སོ། །རྩ་ཡི་གེ་ནི་སུམ་ཅུ་སོ་གཉིས་པོ་དེ་ཉིད་དང༌། གཞན་ཡང་ཡི་གེའི་དབྱིབས་སུ་གནས་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་ནི་མི་ཕྱེད་མ་ནི་སོ་དང་སེན་མོ་སྐྱེད་པའི་ཁམས་ཀྱི་དྭངས་མ་གནས་སོ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རླུང་ནི་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། དེ་ཉིད་ལ་ཡུལ་ཉི་ཤུ་རྩ་བཞིའི་དབང་དུ་བྱས་ན་ཡུལ་རེ་རེ་ན་དགུ་བརྒྱ་པ་ཕྲག་རེ་རེ་གནས་ལ། ཡུལ་སུམ་ཅུ་སོ་གཉིས་ཀྱི་དབང་དུ་བྱས་ན་ཡུལ་རེ་ན་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པར་རེ་གནས་པ་སྟེ། འདིར་ནི་སུམ་ཅུ་སོ་གཉིས་པ་གཙོར་བྱའོ། །དེ་ལྟ་བུའི་རྩ་རྣམས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་དབུ་མར་རིམ་གྱིས་ཐིམ་པ་ལས་ས་རྣམས་ཀྱི་རྟོགས་པ་སྐྱེའོ། །དེ་ལ་ཡུལ་དུ་དུ་ལས་ས་རེའི་རྟོགས་པ་སྐྱེ་སྙམ་ན། རྒྱུད་ཁ་ཅིག་ལས་གྲངས་ལ་ངེས་པ་མ་བཤད། ཁ་ཅིག་ལས་བཤད་པ་ལ་མང་ཉུང་མི་མཐུན་པ་སྣང་ཡང་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ན་ཐོག་མར་ས་གཉིས་དང༌། ཐ་མར་ས་གཉིས་ནི་ཡུལ་བཞི་བཞིའི་ས་རེ་རེའི་རྟོགས་པ་སྐྱེ་ལ། བར་གྱི་ས་བརྒྱད་ལ་ནི་ས་རེ་རེ་ལ་ཡུལ་གཉིས་གཉིས་ཀྱི་རླུང་སེམས་ལ་སོགས་ཐིམ་པ་ལས་སྐྱེ་བར་བརྟག་པ་དྲུག་པ་ལས་གསལ་ལོ། །མཇུག་ཏུ་ས་བཅུ་གསུམ་པ་ནི་རླུང་སེམས་ཐམས་ཅད་ཀྱི་སྟོབས་བསྡམས་པས་སྙིང་གའི་ནང་དབུ་མ་ཉིད་ལ་བརྟེན་པའི་སྦས་པའི་རྩ་ལྔས་གཙོ་བྱས་ཏེ། སྤྱི་གཙུག་གི་དབུ་མར་ཐིམ་པ་ལས་བཅུ་གསུམ་པ་སངས་རྒྱས་ཀྱི་སའོ། །སྟོབས་བསྡམ་པ་ཅིའི་ཕྱིར་ཞེ་ན། རྩ་ལྔ་པོ་འདི་ན་རླུང་དང་བྱང་ཆུབ་ཀྱི་སེམས་གྲངས་སུ་བྱས་པས་སྔར་གྱི་རྣམ་པ་ཉིད་ལས་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །དབུ་མའི་མདུད་པའི་གྲངས་ལ་སོགས་པ་ནི་འདིར་མི་གསུང་ངོ༌། །རྒྱུ་བསྟན་པའོ། །རྟོགས་པའི་ཁྱད་པར་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་བདག་མེད་པ་ཚེས་གཅིག་པའི་ཟླ་བ་ལྟ་བུར་རྟོགས། གཉིས་པ་ནས་བརྩམས་ཏེ་བཅུ་གསུམ་པའི་བར་དུ་ཇེ་གསལ་ཇེ་གསལ་རྟོགས་ཏེ། ཚེས་གཉིས་ནས་བཅོ་ལྔའི་ཟླ་བ་བཞིན་ནོ། །རྟོགས་པའི་ཁྱད་པར་རོ། །གྲུབ་པའི་རྟགས་ལ་གཉིས་ཏེ། ས་དང་པོའི་རྟགས་དང༌། ས་ལྷག་མ་རྣམས་དེས་བསྒྲེའོ། །དང་པོ་ནི་བཅུ་གསུམ་སྟེ། མདོ་སྡེ་ས་བཅུ་པ་ལས། ཇི་སྐད་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་པ་དང༌། དེ་དག་ལ་སྙོམས་པར་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། དེ་དག་གི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། ཞིང་བརྒྱར་ཡང་འགྲོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། བསྐལ་པ་བརྒྱར་གནས་པར་བྱེད་པ་དང༌། བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་འཇུག་པ་དང༌། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང༌། ལུས་བརྒྱ་ཀུན་ཏུ་སྟོན་པ་དང༌། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པའོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་རྣམས་བསྡུ་བའི་ཚིགས་སུ་བཅད་པ་ནི། སྙོམས་འཇུག་མཐོང་དང་བྱིན་རླབས་ཤེས། །གཡོ་འགྲོ་སྣང་མིན་བསྐལ་པར་གནས། །སྔོན་ཕྱི་ཆོས་སྒོ་ལུས་བརྒྱ་སྟོན། །གཅིག་ལ་བསྐོར་བའི་བརྩོན་འགྲུས་རྩོམ། །ཞེས་བྱ་བར་རྟོགས་པར་བྱའོ། །དེ་ལྟར་ན་ཡོན་ཏན་བཅུ་གསུམ་པོ་དེ་དག་ཀྱང་བརྒྱ་ཕྲག་ནི་ས་དང་པོའི་འོ། །གཉིས་པ་ས་ལྷག་མ་རྣམས་དེས་བསྒྲེ་བ་ནི་བཅུ་གཅིག་སྟེ་བཅུ་གསུམ་པོ་དེ་ཉིད་ས་གཉིས་པ་ལ་ནི་བཅུ་གསུམ་པ་སྟོང་ཐོབ་བོ། །གསུམ་པ་ལ་ནི་འབུམ་ཐོབ་བོ། །བཞི་པ་ལ་ནི་བྱེ་བ་ཕྲག་བརྒྱ་ཐོབ་བོ། །ལྔ་པ་ལ་ནི་བྱེ་བ་སྟོང་ཐོབ་བོ། །དྲུག་པ་ལ་ནི་བྱེ་བ་འབུམ་ཐོབ་བོ། །བདུན་པ་ལ་ནི་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཐོབ་པར་ཤེས་པར་བྱའོ། །དེ་ཡན་ཆད་ཡོན་ཏན་དེ་དག་ལ་གྲངས་ཀྱིས་ཡོངས་སུ་བགྲང་བར་མི་ནུས་པས། རྡུལ་ཕྲ་རབ་ཀྱིས་ཡོངས་སུ་བགྲང་སྟེ། བརྒྱད་པ་ལ་ནི་ཇི་སྐད་བཤད་པའི་ཡོན་ཏན་རྣམས་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ། དགུ་པ་ལ་ནི་ཡོན་ཏན་རྣམས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ། བཅུ་པ་ལ་ནི་ཇི་སྐད་དུ་བསྟན་པའི་ཡོན་ཏན་རྣམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པར་འགྱུར་རོ། །གཞན་ཡང་ས་བཅུ་པ་ལ་གནས་པ་འདིས་ཡོན་ཏན་གཞན་ཡང་རང་གི་ལུས་ཀྱི་བ་སྤུའི་བུ་ག་རེ་རེར་སངས་རྒྱས་བཅོམ་ལྡན་འདས་བགྲང་བ་ལས་འདས་པ་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་གཞལ་གྱིས་མི་ལང་བའི་འཁོར་མངའ་བ་དག་སྐད་ཅིག་རེ་རེ་ལ་རྣམ་པ་གཞན་དང་གཞན་དག་ཏུའང་སྟོན་པར་ནུས་ལ། དེ་ལས་གཞན་འགྲོ་བ་ལྔའི་འཁོར་བ་མི་ལ་སོགས་པའི་དབྱེ་བ་ཐ་དད་པ་རྣམས་མ་འདྲེས་པར་བ་སྤུའི་ཁུང་བུ་རེ་རེ་ནས་སྐད་ཅིག་རེ་རེ་ལ་སྟོན་པར་ནུས་ཤིང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། མིའི་རྒྱལ་པོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་བཟུང་ནས་ལྷུན་གྱིས་གྲུབ་པར་ཆོས་སྟོན་པར་ནུས་སོ། །ས་བཅུ་གཅིག་པ་ལ་དེས་དཔེ་བྱ་བར་མི་བཟོད་པ་ཐོབ་པ་དང༌། བཅུ་གཉིས་པ་ཡང་གོང་མ་ལས་ཆེས་ཆེ་བ་ཉིད་ཐོབ་པར་ཤེས་པར་བྱའོ། །དེ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་རྒྱས་པར་ནི་མདོ་སྡེ་ས་བཅུ་པ་ཉིད་དང་ཐུན་མོང་མ་ཡིན་པའི་མན་ངག་ལས་བཙལ་བར་བྱ་སྟེ་འདིར་རྒྱས་པར་ནི་མི་གསུང་ངོ༌། །གྲུབ་པའི་རྟགས་རྣམས་སོ། །མིང་གི་དོན་གང་ཡིན་ཞེ་ན། དེ་ནི་གཉིས་ཏེ། ཐུན་མོང་མ་ཡིན་པའི་མིང་གི་སྒོ་ནས་མདོར་བསྟན་པ་དང༌། ཐུན་མོང་མ་ཡིན་པ་ཉིད་ཐུན་མོང་བའི་མིང་ལ་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི་གཉིས། ཕྱིའི་ཡུལ་གྱི་རབ་ཏུ་དབྱེ་བ་དང༌། དེ་ཉིད་ནང་གི་ཡུལ་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། རྩ་རྒྱུད་དང་པོའི་བདུན་པ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དང་ནི། །ཚནྡོ་ཉེ་བའི་ཚནྡོ་ཉིད། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་དང༌། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་གསུངས་སོ། །དེ་དག་གི་དོན་ནི་ཕྱི་རོལ་ན་གནས་ལ་སོགས་པ་བཅུ་གཉིས་ལས་ཕྱེ་བའི་ཡུལ་སུམ་ཅུ་སོ་གཉིས་ཡོད་དོ། །གཉིས་པ་དེ་ཉིད་ནང་ནའང་ཡོད་དེ། སྤྱི་བོ་པུལླཱི་ར་མཱ་ལ་ཡ་ལ་སོགས་པ་སུམ་ཅུ་སོ་གཉིས་པའོ། །དེ་ལ་ཕྱི་དང་ནང་གི་པུལླཱི་ར་མཱ་ལ་ཡ་ལ་སོགས་པ་ཡུལ་བཞི་ལ་ནི་གནས་ཞེས་གསུངས་ལ། ནང་དུ་ཡུལ་བཞིའི་རླུང་སེམས་དབུ་མར་ཐིམ་པ་ལས་ས་དང་པོའི་རྟོགས་པ་སྐྱེ་ལ། དེའི་རྟེན་འབྲེལ་གྱིས་ཕྱི་རོལ་གྱི་ཡུལ་བཞི་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྲུལ་པའི་སྐུ་ཡིན་ཡང་ས་དང་པོ་ཐོབ་པའི་ཚུལ་བཟུང་ནས་གནས་པ་རྣམས་དང༌། ཡུལ་རྣམས་བདག་གི་དབང་དུ་འགྱུར་བའི་ཕྱིར་ས་དང་པོ་ལ་གནས་ཞེས་བརྡ་གདགས་སོ། །དེ་བཞིན་དུ་ས་གཉིས་པ་ལ་སོགས་པ་རྣམས་ཀྱང་རིམ་པ་བཞིན་དུ་ཉེ་བའི་གནས་དང་ཞིང་ལ་སོགས་པ་ལ་སྦྱར་ཏེ་རྒྱས་པར་རྟོགས་པར་བྱའོ། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་བྱ་བ་ནི་གནས་ལ་སོགས་པ་བཅུ་གཉིས་པོ་འདི་རྣམས་ས་བཅུ་གཉིས་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་བྱ་བ་ནི་ས་བཅུ་པའི་དབང་ཕྱུག་གི་མགོན་པོ་བྱང་ཆུབ་སེམས་དཔའ་ཡིན་ནོ། །འདི་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་བྱ་བ་འདིས་ནི་ས་བཅུ་གཉིས་བརྗོད་ཀྱི། གཞན་གྱིས་བརྗོད་པར་མི་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་ཉིད་ཐུན་མོང་བའི་མིང་ལ་སྦྱར་ཏེ་རྒྱས་པར་བཤད་པ་ལ་གཉིས། ས་བཅུ་གཉིས་སོ་སོའི་མིང་དོན་དང༌། ས་ཞེས་བྱ་བ་སྤྱིའི་མིང་དོན་ནོ། །དང་པོ་ནི་སཾ་པུ་ཊའི་བརྟག་པ་ལྔ་པའི་དང་པོ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་ཉིད། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཞེས་གསུངས་སོ། །དེ་ལ་གནས་ཞེས་བྱ་བ་ནི་ས་དང་པོའི་བརྡ་སྟེ། བརྡ་དེར་འདོགས་པའི་རྒྱུ་ནི་སྔར་མདོར་བསྟན་པའི་སྐབས་སུ་བརྗོད་ཟིན་ཏེ། བརྡ་འོག་མ་རྣམས་ཀྱང་ཤེས་པར་བྱའོ། །རབ་ཏུ་དགའ་བ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་སྦྱར་བ་སྟེ། དེ་དག་གི་མིང་གི་དོན་ནི། མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པ་བསྲེགས་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་འགྱུར་བའི་ཕྱིར། །མངོན་དུ་གྱུར་བའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་གསུངས་ཏེ། དེ་དག་གི་དོན་ནི་ས་དང་པོ་ལ་བདག་དང་གཞན་གྱི་དོན་བསྒྲུབ་ནུས་པའི་ཕྱིར་རབ་ཏུ་དགའ་བའོ། །གཉིས་པ་ལ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིངས་པས་དྲི་མ་མེད་པའོ། །གསུམ་པ་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཚད་མེད་པ་ཡོངས་སུ་ཚོལ་བའི་ཕྱིར་གཞན་ལ་ཆོས་ཀྱི་སྣང་བའི་འོད་བྱེད་དོ། །བཞི་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཤེས་རབ་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བསྲེགས་པས་འོད་འཕྲོ་བའོ། །ལྔ་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚེ་སེམས་ཅན་གྱི་ལོག་པར་བསྒྲུབས་པས་ཉོན་མི་མོངས་པར་རང་གི་སེམས་བསྲུང་བ་དེ་སྦྱང་དཀའ་བས་སྦྱང་དཀའ་བའོ། །དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཤིང་དེ་མངོན་དུ་གྱུར་པའོ། །བདུན་པ་ལ་བགྲོད་པ་གཅིག་པ་དང་འབྲེལ་ཞིང་རིང་དུ་སོང་བ་སྟེ་རྩོལ་བ་ལས་བྱུང་བའི་སྤྱོད་པའི་མཐར་འགྲོ་བའོ། །བརྒྱད་པ་ལ་མཚན་མ་དང་མཚན་མ་མེད་པ་གཉིས་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའོ། །དགུ་པ་ལ་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་པོ་ལེགས་པར་ཐོབ་པའོ། །བཅུ་པ་ལ་སྤྲིན་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱིས་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ནོ། །འོ་ན་འདིར་ས་བཅུ་གཅིག་པ་དང༌། བཅུ་གཉིས་པ་ཅིའི་ཕྱིར་མ་བཤད་ཅེ་ན། རྒྱུད་ལས། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །ཅེས་གསུངས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གྲགས་པ་དང་ལུང་སྒོ་བསྟུན་ནས། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་གྲངས་དང་གོ་རིམ་ལ་སོགས་པ་མཐུན་པ་ཙམ་ལ་དགོངས་ནས་གསུངས་པ་ཡིན་ནོ། །གཞན་དུ་ན་ཐུན་མོང་མ་ཡིན་པའི་མིང་ལས། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་གསུངས་པ་དང་ཡང་འགལ་བར་འགྱུར་རོ། །ཀླ་ཀློའི་སྐད་ནི་བརྡའི་སྐད་དོ། །པུ་ལ་སོགས་པ་ཅི་གསུངས་པ་ནི་པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་ལོ། །ཡུལ་དེ་དག་གང་ན་གནས་ཤེ་ན། ཕྱི་དང་ནང་དུ་ཡང་དག་གནས། །ཞེས་གསུངས་ཏེ། ལུས་དང་ཕྱི་གཉིས་ཀ་ན་གནས་སོ། །དེ་དག་གི་ནང་རྟེན་འབྲེལ་གྱིས་གནས་ལ་སོགས་པར་འཇོག་པའི་རྒྱུ་ནི་སྔར་མདོར་བསྟན་པའི་སྐབས་སུ་བཤད་ཟིན་ཏོ། །འོ་ན་བཅུ་གཅིག་པ་དང་བཅུ་གཉིས་པའི་མིང་གང་ཡིན་ཞེ་ན། རྒྱུད་རྒྱས་པའི་ལུང་ཀུ་མུ་ཏིར་བྲིས་པ་དང༌། ངེས་བརྗོད་བླ་མ་ལས་ཀྱང་གསུངས་ཏེ། འཐུང་གཅོད་དཔེ་མེད་དེ་བཞིན་དུ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་གསུངས་པས། བཅུ་གཅིག་པ་ནི་སྔར་གྱི་ས་རྣམས་ཀྱིས་དཔེ་ཙམ་དུའང་བྱ་བར་དཀའ་བས་དཔེ་མེད་པའོ། །བཅུ་གཉིས་པ་ནི་དེ་ལྟ་བུ་དེ་ཆེས་ཆེ་བའི་ཡེ་ཤེས་སུ་གྱུར་པས་ཡེ་ཤེས་ཆེན་པོའོ། །འོ་ན་བཅུ་གསུམ་པ་མ་སྨོས་པ་ཅི་ཞེ་ན། གོང་མ་རྣམས་ནི་བྱང་ཆུབ་སེམས་དཔའི་ས་ཡིན་ལ། བཅུ་གསུམ་པ་ནི་སངས་རྒྱས་རྡོ་རྗེ་འཆང་གི་ས་ཉིད་ཡིན་པས་མ་སྨོས་ཏེ། ངེས་བརྗོད་བླ་མ་ལས། རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པས་སོ། །གཉིས་པ་ས་ཞེས་བྱ་བ་སྤྱིའི་མིང་དོན་ནི། ཅིའི་ཕྱིར་ས་ཞེས་བྱ་ཞེ་ན། གནས་ཞེས་བྱ་བའམ། ས་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། དགེ་བ་བསྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པ་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །ཅེས་པ་དང༌། སའི་ངེས་ཚིག་ནི། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱིར་ཕྱིར་གོང་དུ་བགྲོད་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་ཏེ། འགྲོ་བ་དཔག་ཏུ་མེད་པ་འཇིགས་པ་མེད་པའི་རྟེན་དང༌། ས་འོག་མ་ལ་བརྟེན་ནས་ཕྱིར་ཞིང་གོང་དུ་འགྲོ་བའི་རྟེན་བྱེད་པས་ས་སྟེ། །མདོར་ན་ས་དང་འདྲ་བར་རྟེན་བྱེད་པའི་ཕྱིར་རོ། །འདི་དག་ཀྱང་རྩ་རྒྱུད་དང་པོའི་བདུན་པ་དང༌། སཾ་པུ་ཊའི་རབ་ཏུ་བྱེད་པ་ལྔ་པའི་དང་པོ་ནས་བསྟན་ཅིང༌། དེའི་གྲོགས་རྣམས་ལེའུ་གཞན་ནས་ཀྱང་ཅི་རིགས་པར་འབྱུང་ངོ༌། །གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་བསྟན་ཟིན་ཏོ།།  །།ད་ནི་མཐར་ཐུག་གི་འབྲས་བུ་བཤད་པར་བྱ་སྟེ། དེ་ལྟར་གནས་སྐབས་ཀྱི་འབྲས་བུ་ས་བཅུ་གཉིས་ཡོངས་སུ་རྫོགས་པའི་མཐར་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ནི་མཐར་ཐུག་གི་འབྲས་བུ་སྟེ། སངས་རྒྱས་ཀྱི་ས་ཞེས་ཀྱང་བྱའོ། །འདི་ལའང་གཉིས་ཏེ། སངས་རྒྱས་ཀྱི་ས་མངོན་དུ་བྱེད་པའི་ཐབས་ཉེ་བའི་རྒྱུ་ངོ་མཚར་གྱི་ལྟས་དང༌། དེས་མངོན་དུ་བྱས་པའི་འབྲས་བུའི་མཚན་ཉིད་དོ། །དང་པོ་སངས་རྒྱས་ཀྱི་ས་དེ་མངོན་དུ་བྱེད་པ་ཉེ་རྒྱུའི་རྣམ་གཞག་ནི། དེ་ལྟར་གནས་སྐབས་ཀྱི་འབྲས་བུ་ས་དང་པོ་ཐོབ་ནས། ཀུན་བཟང་གི་སྤྱོད་པ་ལ་བརྟེན་ཏེ་ས་ལྷག་མ་རྣམས་ཟླ་བའམ། ལོའམ། བསྐལ་པ་དཔག་ཏུ་མེད་པར་གནས་པའང་ཡོད་དོ། །སྤྱོད་པ་ཟླ་བ་གཅིག་གི་མཐར་ཉེ་རྒྱུ་ཞག་དྲུག་གམ་ལྔའི་ས་རྣམས་བསྒྲུབས་ནས། བདུན་པའི་སྲོད་ལ་བདུད་བཏུལ་ཏེ། ཐོ་རངས་འཚང་རྒྱ་བས་ཞག་བདུན་ལ་འགྲུབ་པའང་ཡོད་དེ། དེའི་མངོན་རྟོགས་རྒྱས་པར་སྔར་ཉེ་རྒྱུའི་སྐབས་སུ་བརྗོད་ཟིན་ཡང༌། རེ་ཞིག་མཚམས་སྦྱར་བར་བྱ་བའི་ཕྱིར་ཅུང་ཟད་བརྗོད་ན། རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ལས་ཀྱང༌། ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །དེ་དུས་དེ་ཡི་ལུས་ཐོབ་ཅིང༌། །སྐད་ཅིག་ན་ནི་བདེ་ཆེན་ཚུལ། །སྐད་ཅིག་ལ་ནི་དེ་འཁོར་ལྡན། །བསྒོམ་པ་དང་ནི་སྔགས་ཉིད་དང༌། །སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱིས་ཕྲག་ནས་འཁྱུད་པའོ། །ཞེས་བྱ་བ་ནས་བརྩམས་ཏེ། སྤྱན་དང་བདག་མ་སྒྲོལ་མ་དང༌། །དཀར་མོ་ཤིན་ཏུ་ཡིད་འཕྲོག་མ། །མེ་ཏོག་དྲིས་ནི་མཐུན་བྱས་ནས། །རྡོ་རྗེའི་མཆོད་པ་ཡང་དག་བརྩམ། །སྔགས་པས་ཕན་པ་འགྲུབ་འགྱུར་ཞིང༌། །ཕྱག་ན་རྡོ་རྗེ་འགྲུབ་པ་དང༌། །རྡོ་རྗེ་ཉི་མ་འགྲུབ་པ་དང༌། །དམ་པའི་ཡི་གེ་འགྲུབ་པ་དང༌། །བདུན་གྱི་རྒྱལ་པོ་འགྲུབ་པ་དང༌། །ཐམས་ཅད་འདྲེན་པ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། ཕྱག་རྒྱ་ལ་བརྟེན་ནས་སྐད་ཅིག་གིས་འགྲུབ་པར་འགྱུར་རོ། །དེ་ལྟར་ཉེ་རྒྱུ་ལ་བརྟེན་ནས་འབྲས་བུ་འགྲུབ་པའི་ངོ་མཚར་གྱི་ལྟས་བསྟན་པ་ནི། སཾ་པུ་ཊའི་བརྟག་པ་བཅུ་པའི་གཉིས་པ་ལས་གསུངས་པ། གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། །ས་འདི་དགའ་ཞིང་མགུ་ལ་རངས་པ་རྣམ་པ་དྲུག་ཏུ་གཡོས་པ་ལ་སོགས་པ་ནས། བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲག་པ་དང༌། ཕྱོགས་བཅུར་བསྐལ་པའི་མེ་ལྟ་བུའི་སྐར་མ་ལྟུང་བ་དང༌། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང༌། ཐམས་ཅད་དུ་གནམ་རྡོ་ལྟུང་བ་དང༌། དེ་ཉིད་བསྐལ་པའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང༌། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་སྣང་བ་དང༌། ཞེས་བྱ་བ་དང༌། མཆོད་པའི་ཁྱད་པར་རྣམ་པ་མང་པོས་མཆོད་ཅིང་བསྟོད་པར་ཡང་གསུངས་ཏེ། དོན་བསྡུས་ན་ཚངས་པ་ལ་སོགས་པ་ལྷ་རྣམས་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་ལ་སོགས་པ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་མཆོད་པའི་ཁྱད་པར་སྣ་ཚོགས་པས་མཆོད་པར་གསུངས་ཏེ། ཡི་གེ་མངས་པས་འཇིགས་པས་མ་བྲིས་པས། སཾ་པུ་ཊའི་བཅུ་པའི་གཉིས་པ་ཉིད་དུ་ལྟ་བར་བྱའོ། །དེ་ཉིད་ལས་མཇུག་བསྡུས་ནས་གསུངས་པ། གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་དགོས་ཏེ་བསྒྲུབས་པའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱའོ། །ཞེས་བྱ་བའི་བར་དུ་གསུངས་སོ། །སཾ་པུ་ཊའི་བཅུ་པའི་རབ་ཏུ་བྱེད་པ་གཉིས་པའི་གཞུང་དེ་སྲོད་ལ་བདུད་བཏུལ་བའི་དུས་སོ། །གྲུབ་པའི་རྟགས་བསྟན་ཟིན་ཏོ།།  །།གཉིས་པ་འབྲས་བུའི་མཚན་ཉིད་ལ་གཉིས། སྤྱི་དང་མཐུན་པའི་སྐུའི་རྣམ་གཞག་དང༌། འདི་ཉིད་དུ་གྲགས་པའི་འབྲས་བུའི་མཚན་ཉིད་དོ། །དང་པོ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གྲགས་པ་དང༌། རྡོ་རྗེ་ཐེག་པ་ལས་གྲགས་པའོ། །དང་པོ་ལའང་བཞི། སྐུ་གཉིས་སུ་འདོད་པ་དང༌། སྐུ་གསུམ་དུ་འདོད་པ་དང༌། སྐུ་བཞིར་འདོད་པ་དང༌། ཡང་སྐུ་གསུམ་དུ་འདོད་པ་ལུགས་གཉིས་པའོ། །དང་པོ་ནི། ཁ་ཅིག་སངས་རྒྱས་རྣམ་པར་གྲོལ་བའི་སྐུ་དང༌། གཟུགས་སྐུའི་བདག་ཉིད་གཉིས་ཡིན་ནོ་ཞེས་ཟེར་ཏེ། ཉན་ཐོས་ལས་གཙོར་གྲགས་པའི་ཕྱིར་འདིར་མི་བརྗོད་དོ། །གཉིས་པའང་ཕལ་ཆེར་ནི་སྐུ་གསུམ་གྱི་བདག་ཉིད་དུ་འདོད་དེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་བྱ་བ་དང༌། ཡང་དེ་ཉིད་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱས་ཏེ། །སྐུ་གསུམ་དག་གི་རང་བཞིན་གྱིས། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་གསུངས་ཏེ། ངོ་བོ་ཉིད་དམ། རང་བཞིན་ནམ། ཆོས་ཀྱི་སྐུ་ཞེས་བྱ་བའི་རྣམ་གྲངས་སུ་འདོད་པས་དེ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །དེ་ལ་སྐུ་གསུམ་གྱི་མཚན་ཉིད་ཀྱང་མདོ་སྡེ་རྒྱན་ཉིད་ལས། ལོངས་སྤྱོད་རྫོགས་པས་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །རང་བཞིན་སྐུ་ནི་ངོ་བོ་ཉིད། །ཕྲ་ཞིང་དེ་དང་འབྲེལ་བ་དང༌། །དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་རྫོགས་འབྱོར་སྐུར་འདོད་དོ། །སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་སྟེ། །རྣམ་པ་ཐམས་ཅད་ཉིད་ལ་གནས། །ཞེས་གསུངས་སོ། །བཞིར་འདོད་པ་ནི། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །ཅེས་འབྱུང་བས། སེང་གེ་བཟང་པོ་ནི་སྐུ་བཞིར་གསལ་ལོ་ཞེས་ཟེར་ལ། ཁ་ཅིག་ནི་སྐུ་གསུམ་ཁོ་ནའོ་ཞེས་ཟེར་རོ། །དེ་ཡང་གཞུང་ལས་ནི་སྐུ་བཞིར་གསལ་ཏེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་ལ། ཆོས་ཀྱི་སྐུ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཡོན་ཏན་བརྒྱ་ཞེ་ལྔ་བཤད་ནས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་ཆོས། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་བར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེངས་པ་མི་མངའ་ཆོས་ཉིད་དང༌། །བག་ཆགས་ཀུན་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་བརྩེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་ལ། ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་བཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང༌། སྤྲུལ་སྐུ་ནི། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་སོ། །ཐེག་པ་ཆེན་པོ་བསྡུས་པ་ལས་ནི། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་གང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱི་རབ་ཏུ་ཕྱེ་བ་དང་ཆོས་ཀྱི་སྐུ་ལ་བརྟེན་པ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་མྱོང་བར་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་གང་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་དེ་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང༌། བལྟམས་པ་དང༌། འདོད་པ་ལ་སྤྱོད་པ་དང༌། མངོན་པར་འབྱུང་བ་དང༌། མུ་སྟེགས་ཀྱི་ནང་དུ་གཤེགས་པ་དང༌། དཀའ་བ་སྤྱོད་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ཕྱིར་རོ། །ཞེས་བཤད་དོ། །གསུམ་དུ་འདོད་པ་ལུགས་གཉིས་པ་ནི། སློབ་དཔོན་ཟླ་བ་གྲགས་པས་སྐུ་གསུམ་དུ་བཞེད་ལ་དེའི་མཚན་ཉིད་ཀྱང་དབུ་མ་ལ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང༌། ཡང་སྐུ་གཉིས་ནི་དེ་ཉིད་ལས། དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱིས། །ཟིན་དང་སྤྲུལ་པ་མཁའ་དང་གཞན་ལ་དེ་ཡི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལ་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག །ཅེས་ཏེ། དེ་ཉིད་ཀྱི་དོན་བཀྲལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུ་ཉིད་དུ་ཡོངས་སུ་གྱུར་པ་ཡིན་ཏེ་ཞེས་པ་དང༌། དེའི་བྱིན་གྱི་བརླབས་ཀྱི་སྤྲུལ་པ་དག་ལས། ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲ་གང་ཞིག་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞུང་གི་དོན་ལེགས་པར་མ་རྟོགས་པའི་རྨོངས་པ་ཁ་ཅིག སེམས་འགགས་པ་སྟེ་སྐུ་ཡི་མངོན་གསུམ་མཛད། །ཅེས་གསུངས་པ་ཙམ་ལ་བརྟེན་ནས། སྤང་བྱའི་བུད་ཤིང་ཟད་པ་ན་དེའི་གཉེན་པོ་ཡེ་ཤེས་ཀྱང་ཟད་དེ་སེམས་ཅན་གྱི་དོན་ནི་གཞན་སྣང་གི་སྐུ་འབའ་ཞིག་གིས་མཛད་དོ་ཞེས་ཟེར་ཏེ། དེ་ནི་སངས་རྒྱས་དང་སློབ་དཔོན་གཉིས་ཀ་ལ་སྐུར་པ་བཏབ་པར་འགྱུར་ཏེ། སངས་རྒྱས་བེམས་པོ་ལྟ་བུར་འགྱུར་བའི་ཕྱིར་རོ། །སློབ་དཔོན་གྱི་དགོངས་པའང་དེ་ནི་མ་ཡིན་ཏེ། འཇུག་པ་ཉིད་ལས་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས་ཤེས་བྱ་སྐྱེ་བ་མེད་པ་ལས་སྐྱེ་བ་དང་ལྡན་པར་འགྱུར་བ་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ་ཞེས་ཡེ་ཤེས་ཀྱི་སྐུར་བཤད་ལ། སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུའང་གནས་དང་གནས་མ་ཡིན་པ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་རྣམས་མི་རིགས་པར་འགྱུར་རོ། །འོ་ན་རྣམ་པར་རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་རྟོག་བཅས་མ་ཡིན་ནོ། །དོན་གཉིས་པ་རྡོ་རྗེ་ཐེག་པའི་ལུགས་ལ་གསུམ། ཡན་ལག་བདུན་ལྡན་དུ་འདོད་པ་དང༌། སྐུ་གསུམ་ཡན་ལག་བདུན་ལྡན་དུ་འདོད་པ་དང༌། སྐུ་གཉིས་ཡན་ལག་བཅུ་བཞིར་འདོད་པའོ། །དང་པོ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། དཔལ་གསང་བ་འདུས་པའི་དོན་དང་མཐུན་པར་དགོངས་ནས། སངས་རྒྱས་རྣམས་ཀྱི་སྐུ་གསུམ་ནི་ཡན་ལག་བདུན་དང་ལྡན་པ་ཡིན་ཏེ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་དང་ལྡན་པས་སངས་རྒྱས་འདི་ཉིད་ནི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཅན་རྣམས་ཀྱང་འདོད། །ཅེས་གསུངས་ཏེ། འོག་མིན་གྱི་གནས་སུ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མཛད་པ་དང༌། མཚན་དང་དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་བཙུན་མོ་དང་ཞལ་སྦྱོར་དང༌། ཟག་མེད་ཀྱི་བདེ་བས་རྒྱུད་གང་བ་ཉིད་དང༌། རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཉིད་དང༌། ཐུགས་རྗེ་ཆེན་པོ་ཉིད་ཀྱིས་སེམས་ཅན་གྱི་དོན་རྟག་ཏུ་འབྱུང་བ་ཉིད་དང༌། མཛད་པ་རྒྱུན་མི་འཆད་པ་ཉིད་དང༌། འགོག་པ་མེད་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་དང་བདུན་ནོ། །གཉིས་པ་ནི། འདིར་རྡོ་རྗེ་ཐེག་པའི་གཞུང་གིས་བླ་མ་གོང་མ་རྣམས་ཀྱིས་གསུངས་པ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་སྐུ་གསུམ་ཡན་ལག་བདུན་དང་ལྡན་པ་སྟེ། ཆོས་ཀྱི་སྐུ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ། སེམས་གནས་གྱུར་པ་རང་བཞིན་མེད་པའི་ཡན་ལག་གིས་བསྡུས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འོག་མིན་དུ་གྲུབ་ནས་གནས་མི་འཕོ་ཞིང༌། མཚན་དང་དཔེ་བྱད་འབར་བའི་ཁ་སྦྱོར་གྱི་སྐུ་ས་བཅུ་གཉིས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ། ངག་གནས་གྱུར་པའི་ལོངས་སྤྱོད་རྫོགས་པ་ཁ་སྦྱོར་བདེ་ཆེན་དང་གསུམ་གྱིས་བསྡུས་པ་ཡིན་ནོ། །སྤྲུལ་སྐུ་ནི་གདུལ་བྱ་མོས་པ་སྣ་ཚོགས་ལ་ཐབས་སྣ་ཚོགས་ཀྱིས་འདུལ་བ་ལུས་གནས་གྱུར་པ་སྙིང་རྗེ་ཆེན་པོ་དང་རྒྱུན་མི་འཆད་པ་དང་འགོག་པ་མེད་པ་དང་གསུམ་གྱིས་བསྡུས་པ་ཡིན་ནོ། །གསུམ་པ་ནི་འདིར་སློབ་དཔོན་གྱི་ཞལ་སྔ་ནས་རྙེད་པའི་རྡོ་རྗེ་ཐེག་པའི་རྒྱུད་དག་ལས་འདི་ལྟར་འབྱུང་ངོ་ཞེས་གསུངས་པའི་རྡོ་རྗེ་ཐེག་པའི་སྐུའི་རྣམ་པར་གཞག་པ་བརྗོད་པར་བྱའོ། །དེ་ལ་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྐུ་གཉིས་སམ་གསུམ་ཡང་རུང་སྟེ། རེ་རེ་ལ་ཡང་ཡན་ལག་བདུན་བདུན་དང་ལྡན་དགོས་ཏེ། ཡན་ལག་ནི་སྔར་བརྗོད་པ་ཉིད་ཡིན་ནོ། །དེ་ལ་འདིར་ཐོག་མར་སྐུ་གཉིས་སུ་ཕྱེ་ལ། དེ་རེ་རེ་ལའང་སྐུ་གསུམ་གསུམ་དང་ཡན་ལག་བདུན་བདུན་དང་ལྡན་པ་ཡིན་ནོ། །དེ་ལ་སྐུ་གཉིས་ནི་དོན་དམ་གྱི་སྐུ་དང༌། ཀུན་རྫོབ་ཀྱི་སྐུ་ཞེས་བྱ་བའམ། ཡང་དོན་དམ་གྱི་སྐུ་དང༌། བརྡའི་སྐུ་ཞེས་བྱའོ། །དེ་ལྟར་སྐུ་གཉིས་ཙམ་དུ་བྱེད་པ་འདི་ཐེག་པ་ཆེན་པོ་རྒྱུད་བླ་མ་དང་ཡང་མཐུན་ཏེ། དེ་ཉིད་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་དག་དང༌། ཞེས་པ་དང༌། བདག་ཉིད་ཀྱིས་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་གསུངས་སོ། །དེ་ལ་དོན་དམ་གྱི་སྐུ་གསུམ་ཡན་ལག་བདུན་ལྡན་ནི། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་མེད་པ་ཉིད་དོ། །ལོངས་སྐུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་དང༌། ཤེས་རབ་ཁ་སྦྱོར་དང༌། ཟག་པ་མེད་པའི་བདེ་བས་རྒྱུད་གང་བ་དག་ཡན་ལག་གསུམ་མོ། །སྤྲུལ་སྐུ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཉིད་ཀྱིས་སེམས་ཅན་གྱི་དོན་འབྱུང་བའི་གཞིར་གྱུར་པ་དང༌། དེ་རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་དེ་ཉིད་དེ་ཡན་ལག་གསུམ་མོ། །བརྡའི་སྐུ་གསུམ་ནི་ཆོས་སྐུའི་བརྡ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་རྡོ་རྗེའི་རྣམ་པར་གནས་པ་སྟེ། དེ་ཁོ་ན་ཉིད་འདུས་པ་ལས། བཅོམ་ལྡན་སེམས་དཔའ་འདི་ཉིད་ནི། །རྡོ་རྗེའི་ངོ་བོས་ཐུགས་ཀར་གནས། །ཞེས་ཞལ་ཕྱག་གི་རང་བཞིན་མེད་པའི་ཡན་ལག་དང༌། ལོངས་སྐུ་ནི་འོག་མིན་གྱི་གནས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་བརྡའི་སྐུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་པ་དང༌། སྤྱན་ལ་སོགས་པ་དང་ཞལ་སྦྱོར་གྱི་བརྡ་དང༌། དེས་མཚོན་པའི་བདེ་བ་ཆེན་པོའི་བརྡ་དང་ཡན་ལག་གསུམ་མོ། །སྤྲུལ་པའི་སྐུ་ནི་སྙིང་རྗེ་ཆེན་པོ་ཉིད་ཀྱིས་སེམས་ཅན་གྱི་མཛད་པ་ཤཱཀྱ་ཐུབ་པ་ལྟ་བུ་ནས་རི་བོང་ལ་སོགས་པའི་གཟུགས་ཀྱི་སེམས་ཅན་གྱི་དོན་མཛད་པ་དང༌། དེའང་རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་སྟེ་ཡན་ལག་གསུམ་མོ། །དེ་ལ་ཁ་ཅིག་ན་རེ། ཆོས་ཀྱི་སྐུ་ལ་བརྡའི་སྐུ་མི་འཐད་དོ་ཞེ་ན། དེ་ལ་འགལ་བ་མེད་དེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཚོན་བྱེད་ཀྱི་བརྡ་ཙམ་དུ་གསུངས་པའི་ཕྱིར་རོ། །གཞན་དུ་ན་མངོན་རྟོགས་རྒྱན་ལས། ལོངས་སྐུ་ནི་མཚན་དང་དཔེ་བྱད་ཅན་ལ་བཤད་པ་དེའང་རིགས་པ་མ་ཡིན་ཏེ། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའང་ལོངས་སྐུར་འགྱུར་བའི་ཕྱིར་རོ། །དེ་ལུང་དུ་མི་རིགས་སོ་ཞེ་ན། ས་བཅུ་པའི་མགོན་པོ་བྱམས་པས་གསུངས་པ་ལུང་དུ་དྲང་བར་བྱའོ། །འོ་ན་ལོངས་སྐུ་མཚན་དང་དཔེ་བྱད་ཅན་ཁོ་ན་དེ་ནི་མ་ཡིན་ན་སྔར་གྱི་སྐྱོན་འབྱུང་ངོ༌། །འོ་ན་ཇི་ལྟར་དྲང་ཞེ་ན། དེ་དག་ཐམས་ཅད་ནི་རྒྱུད་སྡེ་དང་མདོ་སྡེ་སོ་སོའི་ལུང་ལ་བརྟེན་ནས་དགོངས་པ་ཕྱོགས་རེ་ཙམ་ལ་དགོངས་ནས་བཤད་པ་ཡིན་པས་ན། ཐམས་ཅད་ལ་ཡང་སྐྱོན་མེད་དེ་སངས་རྒྱས་ཀྱི་ཡོན་ཏན་ཕྱོགས་རེ་ཙམ་བརྗོད་པ་ཡིན་ལ། མཐའ་དག་བརྗོད་པར་ག་ལ་ནུས། ཡང་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱ་བ་ལ་བརྟེན་ནས་སྐུ་ལྔ་ལ་སོགས་བཤད་དོ། །སྐུའི་དབྱེ་བ་བཤད་ཟིན་ཏོ།།  །།སྤྱི་དོན་གསུམ་པ་དེ་ལྟར་སྐུ་གཉིས་སམ་གསུམ་མམ་བཞིའམ་ལྔ་ལ་སོགས་པ་དུ་མར་བསྟན་ཡང་རུང་ཡན་ལག་བདུན་དང་བཅུ་བཞི་ལ་སོགས་པ་གང་ལྟར་བསྟན་ཡང་རུང་སྟེ་སངས་རྒྱས་ཀྱི་སའི་མཚན་ཉིད་ཀྱེའི་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་འདི་ལས་གསུངས་ཚད་ཀྱི་དབང་དུ་བྱས་ནས་འབྲས་བུའི་མཚན་ཉིད་ནི་གསུམ་སྟེ། བཤད་གཞི་སྐུ་བཞིའམ་ལྔ་ཡེ་ཤེས་ལྔས་བསྡུས་པ་དང༌། འཆད་བྱེད་ཡན་ལག་ལྔས་བསྡུས་པ་དང༌། སྐུ་དང་ཡན་ལག་བསྲེ་བའོ། །དང་པོ་ནི་རྩ་རྒྱུད་ལེའུ་དང་པོ་ལས། རྡོ་རྗེ་སེམས་དཔའ་དང༌། སེམས་དཔའ་ཆེན་པོ་དང༌། དམ་ཚིག་སེམས་དཔའ་ཆེན་པོ་དང༌། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་སྟེ། དེ་དག་ལ་རིམ་པ་བཞིན་དུ་ཆོས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་སྟེ་སྐུ་བཞིའམ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་སྐུ་བསྣན་ཏེ། །ལྔ་པོ་དེ་དག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་ནས་བསྟན་ཏེ། དེ་དག་གི་མཚན་ཉིད་ནི་གོང་དུ་བསྟན་པ་རྣམས་ཉིད་ཡིན་ཞིང༌། རྒྱུད་ཀྱི་སྟེང་དུའང་སྟོན་པ་ཡིན་ནོ། །ཡེ་ཤེས་ལྔས་བསྡུས་པ་ནི་རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། སངས་རྒྱས་ཉིད་དེ་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལ་བརྟེན་ནས་ཡེ་ཤེས་ལྔས་སངས་རྒྱས་ཀྱི་ས་ཐམས་ཅད་བསྡུས་པར་འཆད་དེ། ཡེ་ཤེས་ལྔའང་སྐུ་བཞིར་འདུ་བས་འདི་ནི་སངས་རྒྱས་ཀྱི་རྣམ་གཞག་ལེགས་ཏེ། འཕགས་པ་སངས་རྒྱས་ཀྱི་ས་དང་ཡང་མཐུན་ནོ། །དེའི་རྣམ་གཞག་རྒྱས་པར་འོག་ཏུ་གནས་གྱུར་དང༌། ཡེ་ཤེས་ཀྱི་སྐུའི་སྐབས་སུ་བརྗོད་པར་བྱའོ། །གཉིས་པ་འཆད་བྱེད་ཡན་ལག་ལྔས་བསྡུས་པ་ནི། བླ་མའི་མན་ངག་གིས་རྒྱུད་གསུམ་ཀའི་དགོངས་པ་ཕྱོགས་གཅིག་ཏུ་བྱས་ནས་བརྗོད་ན་འདིར་འདུས་ཏེ། དེའང་བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། གནས་ཡོངས་གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་མེད་པ་ཉིད་དང་ནི། །མཛད་པ་རྒྱུན་མི་འཆད་པར་འདུས། །ཞེས་བྱའོ། །དེ་ལ་དང་པོར་རྒྱུ་ལ་དམིགས་ནས་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ནི། རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། འབྱུང་པོ་འགྲོ་དང་འོང་བ་ནི། །རང་གིས་ཀུན་མཁྱེན་ལྟ་བུར་གཟིགས། །སངས་རྒྱས་སངས་རྒྱས་སྲས་པོ་དང༌། །ཡན་ལག་ཀུན་དང་བུ་ག་ཀུན། །མགོ་བོའི་དྲ་བ་སྐུད་པར་བཅས། །ལུས་ནི་ཡོད་མིན་ལྟར་གཟིགས་ཤིང༌། །སྐད་ཅིག་ཀྱེ་རྡོ་རྗེ་གཟུགས་འཛིན། །ཞེས་གསུངས་ཏེ། རྐང་པ་དང་པོ་གཉིས་ཀྱིས་ནི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པའི་ཆོས་ཀྱི་སྐུར་མངོན་ནོ། །དེ་ནས་རྐང་པ་གཉིས་ཀྱིས་རྩ་ཡི་གེ་ངག་གནས་གྱུར་ལོངས་སྐུར་མངོན་ནོ། །དེ་ནས་རྐང་པ་གཉིས་ཀྱི་རྩ་ལུས་གནས་གྱུར་པའི་སྐུར་མངོན་ནོ། །མཇུག་གི་རྐང་པ་གཅིག་གིས་ནི་སྐུ་གསུམ་གྱི་དོན་བསྡུས་པའོ། །དེ་དག་གི་དོན་ནི་འདི་ལྟར་རྟོགས་པར་བྱ་སྟེ། ཕྱིས་གནས་གྱུར་པའི་རྒྱུའི་དབང་དུ་བྱས་ནས། ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པ་རྣམ་པ་བཞི་སྟེ། ཕུང་པོ་ལྔ་བསྡུས་པ་དང༌། དཀྱིལ་འཁོར་བཞི་རྟེན་ཡིན་ལ་བརྟེན་པ་ཡིད་དང་ལྔར་བསྡུས་པ་དང༌། ལུས་ངག་ཡིད་གསུམ་དུ་བསྡུས་པ་དང༌། དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར་ཡིད་འབའ་ཞིག་གནས་གྱུར་ཚུལ་ལོ། །དེ་ལ་དང་པོའི་དབང་དུ་བྱས་ནས་རྡོ་རྗེ་ཐེག་པའི་དགོངས་པ་ལྟར་ན་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་མེ་ལོང་ལྟ་བུ་ལ་སོགས་པ་རིགས་དང་ཡེ་ཤེས་ལྔར་གྱུར་ཀྱང་རུང་སྟེ། ཕུང་པོ་ལྔ་རིགས་ལྔའམ་ཡེ་ཤེས་ལྔར་འགྱུར་རོ། །ཕུང་པོ་ལྔ་པོ་འདི་ལ་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་གནས་གྱུར་པའི་མཚན་ཉིད་ནི། སྒྲིབ་པ་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཆར་གཏོགས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་ལོག་པ་ནི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང༌། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉེ་བར་གནས་པ། རྣམ་པར་བྱང་བའི་ཆར་གཏོགས་པའི་གཞན་དབང་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཞེས་བྱ་བ་དང༌། དེ་ཉིད་ལ་དབང་འབྱོར་པ་ལྔས་བསྡུས་ཏེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་ཞིང་དང༌། ལུས་དང༌། མཚན་དང༌། དཔེ་བྱད་བཟང་པོ་དང༌། དབྱངས་མཐའ་ཡས་པ་དང༌། སྤྱི་གཙུག་བལྟར་མི་མངོན་པ་ལ་དབང་འབྱོར་པ་དང༌། ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ལ་རྒྱ་ཆེ་བའི་བདེ་བས་ཡང་དག་པར་གནས་པ་ལ་དབང་འབྱོར་པ་དང༌། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་པ་དང༌། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་སྤྲུལ་པ་དང༌། སྒྱུར་བ་དང༌། འཁོར་སྡུད་པ་དང༌། དཀར་པོའི་བསྡུ་བ་ལ་དབང་འབྱོར་པ་དང༌། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །གཉིས་པ་དཀྱིལ་འཁོར་བཞིའི་དབང་དུ་བྱས་ནས་སྐུ་ལྔ་དང་ཡེ་ཤེས་ལྔར་གྱུར་ཀྱང་རུང་སྟེ། འདི་ན་ཐུན་མོང་མ་ཡིན་པའི་གདམས་ངག་ལས་རྟོགས་བྱ་བས་འདིར་མི་བརྗོད་དོ། །གསུམ་པ་ལུས་ངག་ཡིད་གསུམ་གྱི་དབང་དུ་བྱས་ནས་སྐུ་གསུམ་སྟེ། སྐུ་རྡོ་རྗེ་ནི་ཆོས་སྐུ། གསུམ་རྡོ་རྗེ་ནི་ལོངས་སྐུ། ཐུགས་རྡོ་རྗེ་ནི་སྤྲུལ་སྐུ་ཞེས་རྩ་རྒྱུད་ལེའུ་དང་པོར་ཞིབ་ཏུ་རྟོགས་པར་བྱ་བ་བཞིན་ནམ། ཡང་མན་ངག་ལས་སྐུ་ནི་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་ཞེས་བྱ་བ་གོང་གི་དཀྱིལ་འཁོར་བཞི་གནས་གྱུར་ལ་སོགས་པ་དང་བསྟུན་ཏེ། ཐུན་མོང་མ་ཡིན་པའི་སྐབས་སུ་གསུངས་པ་བཞིན་རྟོགས་པར་བྱའོ། །བཞི་པ་ཐམས་ཅད་ཀྱི་བྱེད་པ་པོ་ཡིད་ཡིན་པའི་ཕྱིར་གོང་མ་རྣམས་ཀྱང་ཡིད་གནས་གྱུར་དུ་འདུས་ཏེ་རྟོགས་པར་བྱའོ། །ཇི་ལྟར་གནས་གྱུར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ཉིད་གནས་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཀུན་གཞི་ཉིད་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གནས་གྱུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང༌། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། བཤད་པའི་རྒྱུད་ཕྱི་མ་ལས། རང་གི་ངོ་བོ་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི། རང་རྣམས་དང་དེ་རྣམས་ཀྱི་གཟུགས་ཅན་ནི་རང་གི་གཟུགས་ཅན་ཏེ། ཀུན་གཞི་དང༌། ཉོན་མོངས་པ་ཅན་དང༌། ཡིད་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དེ་རྣམས་ཡོངས་སུ་གྱུར་པ་ནི་རང་གི་ངོ་བོ་ཡོངས་སུ་གྱུར་པའོ། །བདག་མེད་པའི་ཏིང་ངེ་འཛིན་གྱི་སྒོམ་པས་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་ནན་ཏན་གྱི་རང་བཞིན་ལ་གནས་ནས་ལྡོག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་འཁོར་བར་བྱེད་པའི་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པ་བརྒྱད་ལ་གནས་ནས་དེ་ལྡོག་པའི་མཚན་ཉིད་ཀྱིས་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒྱུ་མའི་རང་བཞིན་གྱིས་གྲུབ་པའོ་ཞེས་གསུངས་སོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་སློབ་དཔོན་ཙནྡྲ་གོ་མིས་སངས་རྒྱས་ཀྱི་སའི་བསྟན་བཅོས་ལས་གསུངས་པ། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་གྱུར། །དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱིས། །ངོ་བོ་ཉིད་དུ་ཡང་དག་འདོད། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་གནས་སུ་འདོད། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་དེ་ཉིད་དོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་སྟེ། །ཆོས་ལ་རྫོགས་ལོངས་སྤྱོད་པར་བསྟན། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །ཆོས་ལ་རྫོགས་ལོངས་སྤྱོད་པའི་ཕྱིར། །ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང༌། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །དེ་ཡང་དེ་ཡི་རྒྱུ་ཉིད་ཀྱིས། །ཉེ་བར་བརྟག་པའོ་དེ་བཞིན་གཞན། །དབང་པོ་ལྔ་ཡི་རྣམ་ཤེས་གཞན། །དེ་ནི་དོན་ཀུན་ཡོངས་སུ་འཛིན། །ཐོབ་ནས་སེམས་ཅན་ཀུན་དོན་དུ། །དེ་ནི་བྱ་བ་སྒྲུབ་པ་ཙམ། །དེ་ཡང་རྟག་པར་ཐམས་ཅད་དུ། །དུས་ཇི་ལྟར་དང་བསམ་ཇི་ལྟར། །སྤྲུལ་པའི་སྐུ་སྟེ་སངས་རྒྱས་རྣམས། །ཐམས་ཅད་སྤྲུལ་སྐུའི་རྒྱུ་ཡིན་ནོ། །འགའ་ཞིག་དག་གིས་ཡིད་ཉིད་ལ། །སྤྲུལ་པའི་སྐུ་ནི་དེར་རྟོགས་ཏེ། །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ནི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་གསུངས་སོ། །གནས་གྱུར་པ་བསྟན་ཟིན་ཏོ།།  །།ད་ནི་དེ་ལྟར་གནས་གྱུར་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་བརྗོད་པར་བྱ་སྟེ། དེ་ལ་བཞི། སྐུ་མེད་པ་མ་ཡིན་པ་དང༌། སྐུ་བེམས་པོ་མ་ཡིན་པ་དང༌། ཡེ་ཤེས་ལྔའི་སྐུའི་མཚན་ཉིད་དང༌། སྐུ་གསུམ་གྱིས་ཡེ་ཤེས་ལྔ་བསྡུས་པའི་ཚུལ་ལོ། །དང་པོ་གཉིས་ནི་སངས་རྒྱས་ནི་སྐུ་མེད་པ་ཡང་མ་ཡིན་ལ། སྐུ་དེ་ཡང་བེམས་པོ་ཡང་མ་ཡིན་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱི་སྐུ་ཡིན་ཏེ། རྡོ་རྗེ་གུར་གྱི་ལེའུ་བཅུ་བཞི་པ་ལས། ཇི་སྐད་དུ། སངས་རྒྱས་ཉིད་དེ་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅི་ལགས། ལུས་ཅན་འདི་ནི་བདེན་པའོ། །དེ་རྒྱུ་ཅིའི་སླད་དུ་ཞེ་ན། རྡོ་རྗེ་འཛིན་པས་བཀལ་སྩལ་པ། འདི་ལྟར་ང་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །དེ་ཅིའི་ཕྱིར་ཞེ་ན། མི་འདྲ་བའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །ཕྱག་ན་རྡོ་རྗེས་གསོལ་པ། ཅི་བཅོམ་ལྡན་འདས་བེམས་པོ་ལགས་བསམ། རྡོ་རྗེ་འཛིན་པས་བཀའ་རྩལ་པ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀལ་སྩལ་པ། བདེན་པ་ཡང་མ་ཡིན་པ་དང༌། བརྫུན་པ་ཡང་མ་ཡིན་པ་དང༌། རྒྱུ་མ་ཡིན་པ་དང༌། རྐྱེན་མ་ཡིན་པ་སྟེ། དེ་ལྟར་ང་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ང་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། ང་ཉིད་སོ་སོར་རྟོག་པའི་ཡེ་ཤེས་དང༌། དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་དང་བྲལ་བའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག ང་ཉིད་དངོས་པོ་དངོས་མེད་ང༌། །དང་པོའི་དེ་བཞིན་གཤེགས་པར་བརྗོད། །གཟུགས་མེད་གཟུགས་དང་ལྡན་པའི་མཆོག །ཟབ་མོ་ཞི་བའི་གཟུགས་དང་ལྡན། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་མཚན་དང་དཔེ་བྱད་དང་བཅས་པས་དངོས་པོ་ཡིན་ཞིང༌། དེ་ཡང་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་དངོས་པོ་ཡིན་ཡང༌། ཡེ་ཤེས་ཉིད་ཀྱང་བརྗོད་དུ་མེད་པས་བདེན་དངོས་སུ་མེད་པའོ། །དེ་ཉིད་ཐོག་མ་ནས་གྲུབ་པས་དང་པོའི་དེ་བཞིན་གཤེགས་པའོ། །རྐང་པ་འོག་མ་གཉིས་ནི་རྟོགས་པར་སླའོ། །དེ་ལྟར་ན་སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱི་སྐུ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་བྱ་བའི་དོན་ཡང་འདི་ཡིན་ནོ། །གསུམ་པ་ཡེ་ཤེས་ལྔའི་མཚན་ཉིད་ནི། དེ་ཉིད་གསལ་བར་བྱ་བའི་ཕྱིར་མདོ་སྡེ་རྒྱན་ལས། ཡེ་ཤེས་ཀྱི་མཚན་ཉིད་སྐུའི་དབྱེ་བ་དང་བཅས་པ་གསུངས་ཏེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་ཏེ། མེ་ལོང་ལྟ་བུ་ནི་མི་གཡོ་ལ། ཡེ་ཤེས་གསུམ་ནི་དེ་ལ་བརྟེན་པ་དང་གཡོ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད་ནི། རྒྱུད་ཀྱི་དོན་བླ་མ་རྣམས་གསུང་པ་དང༌། འཕགས་པ་སངས་རྒྱས་ཀྱི་ས་ནི་མཐུན་ཏེ། ཡེ་ཤེས་ལ་ཁམས་གསུམ་གཟུགས་བརྙན་གྱི་ཚུལ་དུ་སྣང་བས་ཡེ་ཤེས་དང་ཁམས་གསུམ་དབྱེར་མེད་པས་མེ་ལོང་གི་གཟུགས་བརྙན་བཞིན་སྣང་བས་ན་མེ་ལོང་ལྟ་བུ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པས་སོ་སོར་རྟོག་པའི་ཡེ་ཤེས་དང༌། སྤང་བྱའི་རྣམ་རྟོག་ཐམས་ཅད་བཅོམ་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། རང་དང་གཞན་གྱི་དོན་མ་ལུས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས། ཡེ་ཤེས་དང་ཆོས་ཀྱི་དབྱིངས་དབྱེར་མི་ཕྱེད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་སངས་རྒྱས་ཀྱི་ས་དང་རྒྱུད་ལས་གསུངས་པ་དང་མདོ་སྡེ་རྒྱན་ལས་འབྱུང་བ་དང་ཕལ་ཆེར་ནི་མཐུན་ཏེ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་ཡིན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་ཏེ། ཡེ་ཤེས་ཐམས་ཅད་ཀྱི་རྒྱུ་དང༌། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཏེ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཡིན་ལ། ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པའི་དུས་ན་སེམས་ཅན་རྣམས་ལ་མཉམ་པ་ཉིད་ཀྱི་ཤེས་པ་ཐོབ་པ་དེ་སྒོམ་པ་དག་པའི་སྒོ་ནས་བྱང་ཆུབ་ཐོབ་པའི་ཚེ་མི་གནས་པའི་མྱ་ངན་ལས་འདས་པར་བཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་མཛད་པ་ཡང༌། དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ཉེ་བར་སྟོན། །ཞེས་གསུངས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་མཛད་པའོ། །སྤྲུལ་པ་དེ་ཡང་གསུངས་པ། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གི་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་དེ་ཡང་རྟག་ཏུ་བྱ་བ་མཛད་པའི་བྱེ་བྲག་གྲངས་དང་ཞིང་གི་སྒོ་ནས་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པར་རིགས་པར་བྱའོ། །ཞེས་བྱ་བའོ། །ཡེ་ཤེས་བཞི་པོ་དེ་འབྱུང་བའི་དགོས་པའམ་རྒྱུ་ནི། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་པ་དང་པོ་འཛིན་པ་ནི་ཐོས་པའི་ཆོས་རྣམས་སོ། །གཉིས་པ་ནི་སེམས་ཅན་ཐམས་ཅད་ལ་བདག་གཞན་མཉམ་པའོ། །གསུམ་པ་ནི་ཆོས་སྟོན་པའོ། །བཞི་པ་ནི་བྱ་བའི་དོན་ཀུན་གྲུབ་པའོ། །ཡང་སློབ་དཔོན་ཙནྡྲ་གོ་མིས་ཡེ་ཤེས་ཀྱི་མཚན་ཉིད་བཤད་པ། འགའ་ཞིག་དེ་བཞིན་ཉིད་ལ་དམིགས། །མེ་ལོང་ཡེ་ཤེས་དག་ཏུ་འདོད། །གཞན་དང་དོན་ཀུན་རྣམ་པ་ཡིས། །དོན་ཀུན་གྱི་ནི་སྤྱོད་ཡུལ་འདོད། །མཉམ་ཉིད་ཡེ་ཤེས་གང་ཡིན་པ། །དེ་ནི་དེ་བཞིན་ཉིད་ལ་དམིགས། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །དགོས་དོན་རྣམ་པ་དྲུག་ཏུ་འདོད། །ཐམས་ཅད་དུ་ནི་ཐམས་ཅད་ཉིད། །རྣམ་ཤེས་འདི་ནི་ནུས་ཀུན་ལྡན། །ཞེས་གསུངས་སོ། །དེ་ལྟ་བུའི་ཡེ་ཤེས་ལྔ་པོ་དེ་དག་གིས་སྐུ་གསུམ་གྱི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པའམ། སངས་རྒྱས་ཀྱི་ཡོན་ཏན་བརྒྱ་དྲུག་ཅུའམ། ཉིས་བརྒྱ་རྩ་གཉིས་ལ་སོགས་པ་ཐམས་ཅད་བསྡུས་པར་འཕགས་པ་སངས་རྒྱས་ཀྱི་ས་དང་བསྟན་བཅོས་བྱེད་པ་རྣམས་ཀྱིས་ཀྱང་བཤད་དེ། སངས་རྒྱས་ཀྱི་ས་ལས་ཇི་སྐད་དུ། སངས་རྒྱས་ཀྱི་ས་ནི་རྣམ་པ་ལྔ་པོ་འདིས་ཡང་དག་པར་བསྡུས་པར་རིགས་པར་བྱའོ། །ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་གསུངས་སོ། །དེ་ཉིད་ལས་རྒྱས་པར་གསུངས་པ་རྣམས་དང་བསྟན་བཅོས་མཛད་པ་རྣམས་ཀྱིས་ཡོན་ཏན་རྣམས་ཡེ་ཤེས་ཀྱིས་ཇི་ལྟར་བསྡུས་པ་གསུངས་པ་རྣམས་ནི་ཡི་གེ་མང་པས་འཇིགས་པས་མ་བྲིས་སོ། །བཞི་པ་ཡེ་ཤེས་ལྔས་སྐུ་གསུམ་ཇི་ལྟར་བསྡུས་ཤེ་ན། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ནི་ལོངས་སྐུར་བཤད། །ཁ་ཅིག་གིས་མེ་ལོང་ལྟ་བུ་དང༌། ཆོས་ཀྱི་དབྱིངས་གཉིས་ཀ་ཆོས་སྐུ་ཡིན་ཏེ། རྒྱན་ལས་ལོངས་སྐུར་བཤད་པ་ནི་ལོངས་སྐུའི་རྒྱུ་ཡིན་པ་ལ་དགོངས་ནས་མཉམ་པ་ཉིད་དང༌། སོ་སོར་རྟོག་པ་ནི་ལོངས་སྐུ་ཞེས་ཟེར་རོ། །འདིར་བླ་མ་རྣམས་དང་སློབ་དཔོན་ཙནྡྲ་གོ་མི་དང་མཐུན་པར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་སྐུ་ཡིན་ལ། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་ནི་ལོངས་སྐུ་ཡིན་ནོ། །ཕལ་ཆེར་མཐུན་པར་བྱ་བ་གྲུབ་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུའོ། །ཞེས་འདོད་མོད་ཀྱི། ཁ་ཅིག་གིས་སོ་སོར་རྟོག་པའི་ཡེ་ཤེས་སྤྲུལ་སྐུའོ་ཞེས་ཀྱང་བཤད་དོ། །དེ་ལྟར་ན་སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱི་སྐུའོ། །འོ་ན་སེམས་ནི་སྤྲོས་པ་དང་བྲལ་ལ། ལུས་ཡེ་ཤེས་མ་ཡིན་ཏེ་བེམས་པོ་ཡིན་པའི་ཕྱིར། དེས་ན་བེམས་པོས་ཤེས་བྱ་རྟོགས་པར་མི་རིགས་སོ་ཞེ་ན། དེ་ནི་འདི་ཡིན་ཏེ། སེམས་ལས་མ་གཏོགས་པའི་ཕྱི་རོལ་ན་བེམས་པོ་ཞེས་བྱ་བའི་ཆོས་འགའ་ཡང་མེད་དེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང༌། རིན་ཆེན་སེམས་ལས་ཕྱིར་བྱུང་བའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་པའི་ཕྱིར་སེམས་ནི་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཡིན་ལ། སེམས་ཀྱི་ངོ་བོ་ནི་བརྗོད་དུ་མེད་པ་ཡིན་པས་འགལ་བ་མེད་དོ། །ཡེ་ཤེས་ཀྱི་སྐུ་བསྟན་ཟིན་ཏོ།།  །།དེ་ལ་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་བསྟན་པ་ནི། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། ཆགས་དང་འཇིག་པ་དག་གིས་ཀྱང༌། །ཐབས་དང་ཤེས་རབ་གནོན་མི་འགྱུར། །གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལ་ནི་ཆགས་པ་མེད། །ལ་ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་གསུངས་པས་བསྟན་ཏེ། དེ་ལ་གསུམ། འཁོར་བ་མ་ཡིན་པ་དང༌། མྱ་ངན་ལས་འདས་པ་མ་ཡིན་པ་དང༌། དེས་ན་ཟུང་དུ་འཇུག་པའོ། །དང་པོ་ནི་རྐང་པ་དང་པོ་གཉིས་ཀྱིས་ཤེས་རབ་ཆེན་པོ་ཉིད་བསྟན་ཏེ། ཆགས་པ་ནི་སྐྱེ་བ་སྟེ་ཐོག་མར་སྐྱེ་བ་ཉིད་ངོ་བོ་ཉིད་ཀྱིས་མ་གྲུབ་པས་འཇིག་པ་མི་འགྲུབ་སྟེ། དེས་ན་སྐྱེ་བ་དང་འཇིག་པས་དམིགས་པ་མེད་པའི་ཐབས་དང་ཤེས་རབ་གནོན་པར་མི་ནུས་ཏེ་ངོ་བོས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱང་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །ཅེས་ཏེ། དམིགས་པ་མེད་པའི་ཐབས་ནི་སྙིང་རྗེ་ཆེན་པོ་ཡིན་ལ། དེས་མྱ་ངན་ལས་འདས་པའི་མཐའ་མནན་ཅིང༌། གཞན་དུ་འཁོར་བར་མི་སྡོད་པས་ན་སངས་རྒྱས་ཀྱི་སྟོབས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འབྱུང་ངོ༌། །དེ་ལྟར་ན་སྤྲོས་པ་དང་བཅས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྐང་པ་བཞི་པར། འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་གསུངས་པས་དམིགས་པ་མེད་པའི་ཤེས་རབ་ཀྱི་སྲིད་པ་མཐར་བྱེད་པ་སྟེ། ཤེས་རབ་ཆེན་པོས་འཁོར་བའི་མཐའ་མནན་ནས་མྱ་ངན་ལས་འདས་པ་མི་གཏོང་བའོ། །འོ་ན་མྱ་ངན་ལས་འདས་པ་ལ་ཞེན་ནམ་ཞེ་ན། མ་ཡིན་ཏེ་ངོ་བོས་མ་གྲུབ་པའི་ཕྱིར་འཇིག་པ་དང་ཆགས་པ་མེད་པས་དེས་ན་ཞེས་རྐང་པ་གཉིས་གསུངས་སོ། །གསུམ་པ་ནི། དེས་ན་འཇིག་པ་མེད་པ་དང་ཆགས་པའང་མེད་པས་ན་སྲིད་ཞི་མཉམ་པ་འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། སཾ་པུ་ཊའི་གཉིས་པའི་གཉིས་པ་ལས་ཀྱང༌། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁའ་ནམ་མཁའ་ཇི་ལྟ་བུ། །ཞེས་གསུངས་ལ། འཕགས་པས་ཀྱང་དབུ་མ་རྩ་བ་ལས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡིས་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་ལ། ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང༌། སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་གང་ཡིན་པའོ། །དེའི་མཚན་ཉིད་ནི་ཉོན་མོངས་པ་ཡོངས་སུ་བཏང་བ་དང་བཅས་པས་འཁོར་བ་ཡོངས་སུ་མི་གཏོང་བའི་གནས་ཏེ་གནས་གྱུར་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །འོ་ན་སྤང་བྱ་མེད་དམ་ཞེ་ན། ཀུན་རྫོབ་ཏུ་མ་གཏོགས་པའི་དབང་གིས་འཁོར་བ་སྟེ། ལ་ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་གསུངས་ཏེ་རྒྱས་པར་རྟོགས་པར་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པ་བསྟན་ཟིན་ཏོ།།  །།གཉིས་སུ་མེད་པའི་མཚན་ཉིད་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱིས་ན་གཉིས་སུ་མེད་པ་ཡིན་ཏེ། དེས་ན་གོང་དུ་བསྟན་པ་ཡི། །འབྱུང་པོ་འགྲོ་དང་འོང་བ་ཉིད། །རང་གིས་ཀུན་མཁྱེན་ལྟ་བུར་གཟིགས། །ཞེས་གསུངས་པ་བཞིན་སེམས་གནས་གྱུར་པ་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པ་དེ་རྟོགས་པ་དང་རྟོགས་བྱ་ཐམས་ཅད་བྲལ་བས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་ཏེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་དོན་རྒྱས་པར་བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་བཅུ་པའི་གསུམ་པ་ལས། མཚན་ཉིད་ཉི་ཤུ་རྩ་དྲུག་གིས་བསྡུས་ནས་གསུངས་ཏེ། རིག་མའི་སྐྱེས་བུ་གྲུབ་པ་ནི་གང་དུའང་མི་འགྲོ། གང་དུའང་མི་གནས། ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ། མཐའ་གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ་ཞེས་བྱ་བ་ནས། དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱིས་དཔེར་བྱའོ་ཞེས་བྱ་བའི་བར་རྒྱས་པར་གསུངས་སོ། །དེ་ཉིད་ཀྱི་དོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཀྱང་ཡེ་ཤེས་གྲུབ་པ་ལས། ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང༌། །འགྱུར་བ་མེད་པ་ཉིད་དང་ནི། །ཡང་དག་ཡེ་ཤེས་རིག་པ་ལས། །ཀུན་མཁྱེན་ཉིད་ནི་དེ་བས་འདོད། །ཅེས་གསུངས་པའི་དོན་ཡང་འདི་ཡིན་ནོ། །དེ་ཉིད་ཀྱི་དོན་དང་མཐུན་པར་རྒྱུད་བླ་མ་ལས་ཀྱང༌། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པས། །དོན་གཉིས་ལྡན་པས་སངས་རྒྱས་ཉིད། །ཅེས་གསུངས་པས་ཀྱང་འདི་དང་མཐུན་ནོ། །ཡང་དེ་ཉིད་ལས། རྟག་པའི་ཕ་རོལ་ཕྱིན་པ་དང༌། །གཙང་བའི་ཕ་རོལ་ཕྱིན་པ་དང༌། །བདག་གི་ཕ་རོལ་ཕྱིན་པ་དང༌། །བདེ་བའི་ཕ་རོལ་ཕྱིན་པ་ཡི། །ཞེས་གསུངས་པ་ཡང་འདི་ཉིད་ཡིན་ནོ། །གཉིས་སུ་མེད་པའི་མཚན་བསྟན་ཟིན་ཏོ།།  །།མི་གནས་པའི་མྱ་ངན་ལས་འདས་པ་དང་གཉིས་སུ་མེད་པ་ཉིད་ཡིན་པའི་ཕྱིར་སྙིང་རྗེས་འཁོར་བ་མི་གཏོང་བས་ན་གཞན་དོན་དུ་མཛད་པ་རྒྱུན་མི་འཆད་པར་འགྱུར་ཏེ། དེ་ལ་མཛད་པ་ཇི་ལྟ་བུ་ཞེ་ན་གསུམ་སྟེ། ཆོས་སྐུ་མཛད་པའི་རྒྱུ་ཡིན་ལ། ལོངས་སྐུས་ས་བཅུ་པའི་དོན་མཛད་ལ། སྤྲུལ་པའི་སྐུས་མཛད་པ་ནི་གསུམ་སྟེ། མཆོག་དང༌། འབྲིང་དང༌། ཐ་མའོ། །དེ་དག་ཀྱང་གང་ལ་ཅིས་འདུལ་དེ་ལ་དེའི་རྣམ་པར་སྟོན་པ་སྟེ། རྡོ་རྗེ་གུར་ལེའུ་བརྒྱད་པ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །རིགས་དང་བྱང་ཆུབ་བྱེད་པ་དང༌། །དེ་བཞིན་དུ་ནི་ལྷར་གཤེགས་དང༌། །ཁྱིམ་ནས་འབྱུང་བར་བྱེད་པ་དང༌། །རབ་ཏུ་བྱུང་བ་འཛིན་པ་དང༌། །སྐྱེ་བ་ཡོངས་སུ་ལེན་པ་དང༌། །ཡོངས་སུ་མྱ་ངན་འདས་པ་སྟོན། །འདུལ་བའི་འཇིག་རྟེན་མཐོང་ནས་ནི། །འདི་ནི་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་སྐྱབས་བཞེད་པས། །སངས་རྒྱས་གར་ནི་རོལ་པར་མཛད། །རི་བོང་སྟག་དང་སེང་གེ་དང༌། །གླང་པོ་རྣམས་ཀྱི་རིགས་སུ་ཡང༌། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །ཕྱག་རྒྱ་གྲུབ་པས་སྐྱེ་བར་འགྱུར། །བུད་མེད་སྒྱུ་མའི་སྤྲོས་པ་ཡིས། །འདོད་ཆགས་ཅན་ལ་ཆོས་གསུངས་སོ། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་དང༌། སཾ་པུ་ཊའི་བཅུ་པའི་གསུམ་པ་ལས་ཀྱང༌། དེ་ཉིད་གཅིག་པུས་སེམས་ཅན་གྱི་དོན་བྱེད་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང་བལྟམས་པ་སྟོན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་དང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ། དེ་ལྟར་རིགས་ཀྱི་བུ་འདི་ལྟར་ཁྱད་པར་དུ་མར་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རིམ་པ་མཆོག་ཏུ་སྟོན་པར་མཛད་དེ། གང་ཞིག་གྲུབ་པ་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ་ཞེས་བྱ་བའི་བར་དུ་མཛད་པ་བཅུ་དྲུག་ལ་སོགས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པ་རྒྱས་པར་བཤད་དོ། །མཛད་པ་རྒྱུན་མི་འཆད་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་སྐུ་དང་ཡན་ལག་བསྲེ་བ་ནི། དེ་ལྟར་ན་སྤྱི་དོན་ལྔ་པོ་འདི་དག་གིས་འདི་སྐད་བསྟན་པར་འགྱུར་ཏེ། རྒྱུའི་དབང་དུ་བྱས་ན་སངས་རྒྱས་ཀྱིས་གནས་གྱུར་བའི་མཚན་ཉིད་ཅེས་བརྗོད་ཀྱང་སྐུ་གསུམ་དང་ཡེ་ཤེས་ལས་བརྗོད་པར་འགྱུར་ཏེ་རྒྱས་པར་གོང་དུ་བརྗོད་ཟིན་ཏོ། །ཡེ་ཤེས་ཀྱི་སྐུ་ཞེས་བརྗོད་ཀྱང་སྐུ་གསུམ་ཡེ་ཤེས་ལྔ་བསྟན་པ་སྟེ་གོང་དུ་བརྗོད་ཟིན་ཏོ། །གཉིས་སུ་མེད་པ་དང་མི་གནས་པའི་མྱ་ངན་ལས་འདས་པས་ཀྱང་སངས་རྒྱས་ཀྱིས་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་རྒྱས་པར་བཤད་པ་སྟེ། དེའང་སྐུ་གསུམ་དང་ཡེ་ཤེས་ལྔ་སྟེ། སྙིང་རྗེ་དང་ཡེ་ཤེས་ཆེན་པོ་ནི་གཟུགས་སྐུ་གཉིས་ཡིན་ལ། ཤེས་རབ་ཆེན་པོ་ནི་རང་བཞིན་ཆོས་སྐུ་ཡིན་ཞིང་གཉིས་སུ་མེད་པས་ནི་དེ་གཉིས་དབྱེར་མི་ཕྱེད་པ་རྟོགས་པ་མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་སྐུའི་ངོ་བོ་ཆོས་ཀྱི་སྐུ་ཡིན་པས་ན་སྐུ་གསུམ་ཡེ་ཤེས་ལྔར་འགྱུར་རོ། །མཛད་པ་ཕྲིན་ལས་རྒྱུན་མི་འཆད་པ་ནི། ཆོས་ཀྱི་སྐུ་ནི་མཛད་པའི་རྒྱུ་ཡིན་ལ་གདུལ་བྱ་ལ་གཟུགས་ཀྱི་སྐུ་གཉིས་སྟོན་པར་འགྱུར་ཏེ། འདི་ལྟར་ལོངས་སྤྱོད་རྫོགས་པའི་སྐུས་ནི་ས་བཅུ་པ་རྣམས་ཀྱི་དོན་མཛད་ལ། སྤྲུལ་པའི་སྐུ་ལ་གསུམ་དུ་དབྱེ་སྟེ། མཆོག་གིས་ནི་གྲུབ་པའི་ས་ལ་གནས་པ་ཡན་ཆད་ཀྱི་དོན་མཛད་ཅིང༌། སྤྲུལ་པ་འབྲིང་གིས་ནི་གདུལ་བྱ་དམན་པའི་དོན་མཛད་ཅིང༌། སྤྲུལ་པ་ཐ་མས་ནི་གང་ལ་ཅི་འདུལ་དེ་ལ་དེའི་དོན་མཛད་དེ། རི་བོང་དང་སྟག་ལ་སོགས་པ་དང༌། གྲུ་དང་གཟིངས་ལ་སོགས་པ་དང༌། འདོད་འཇོ་དང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ལྟར་ན་སྤྲུལ་པ་གསུམ་གྱིས་དོན་མཛད་པའོ། །འོ་ན་དེ་ལྟར་སྤྲུལ་པ་ཐ་མའི་གདུལ་བྱ་ཐ་མ་ལ་ནི་སངས་རྒྱས་ཀྱི་སྐུའི་སྣང་བ་མེད་པ་གྲུ་དང་གཟིངས་ལ་སོགས་པར་སྣང་བས་ན། གདུལ་བྱ་ཐ་མ་འདུལ་བས་ཐ་མ་ཡིན་ན་སྤྲུལ་སྐུ་མཆོག་དང་འབྲིང་གཉིས་གདུལ་བྱ་མཆོག་འབྲིང་ལ་སངས་རྒྱས་ཀྱི་སྐུར་སྣང་བས་ན་ཁྱད་པར་ཅི་ཡང་མེད་དོ། །དེས་ན་སྤྲུལ་པ་འབྲིང་གིས་གདུལ་བྱ་དམན་པའི་དོན་མཛད་ཅེས་ཅིའི་ཕྱིར་བྱ་སྙམ་ན། སྤྲུལ་པ་མཆོག་ནི་གྲུབ་པའི་ས་ཡན་ཆད་ལ་སྣང་ལ། ཕལ་པ་གཞན་གྱིས་མཐོང་བའི་སྐལ་པ་མེད་པ་ཡིན་ཏེ། དེ་སྐད་དུ་དེ་ཉིད་འདུས་པ་ལས། དཀྱིལ་འཁོར་མཐོང་བ་རྣམས་གྲུབ་པའི་ས་ལ་བཞག་གོ་ཞེས་འབྱུང་བའི་ཕྱིར་རོ། །སྤྲུལ་པ་འབྲིང་སངས་རྒྱས་སུ་སྣང་ཡང་དེ་མཐོང་བ་ལ་ཡང་ལ་ལ་དག་ངན་འགྲོར་འགྲོ་བ་དག་ཀྱང་སྣང་ཞིང༌། ཉན་ཐོས་དང་རང་རྒྱལ་བའི་ས་ལ་བཞག་པ་རྣམས་ཀྱང་སྣང་བའི་ཕྱིར་རོ། །དེས་ན་ས་བཅུ་པ་ནི་གཟུགས་སྐུ་ཐམས་ཅད་ཀྱི་འཁོར་ཐུན་མོང་པ་ཡིན་ཞིང་གྲུབ་པ་ཡན་ཆད་ཀྱང་སྤྲུལ་སྐུ་ཀུན་གྱི་འཁོར་ཡིན་ནོ། །སྤྲུལ་སྐུ་འབྲིང་ལ་འཁོར་གཉིས་པོ་དེ་མེད་པ་ནི་མ་ཡིན་ལ་གོང་མ་གཉིས་ཀྱི་ནི་འཁོར་དེ་དག་ཉིད་ཡིན་པས། འདིར་གཙོ་ཆེ་བའི་དབང་དུ་བྱས་ནས་སྨོས་པ་ཡིན་ནོ། །དེ་ལྟར་ན་འབྲས་བུ་དེ་དག་ལེའུ་གང་ནས་འབྱུང་སྙམ་ན། རྩ་བའི་རྒྱུད་ཀྱི་བརྟག་པ་དང་པོའི་ལེའུ་དང་པོ་དང༌། ཕྱི་མའི་གཉིས་པ་དང༌། གུར་བརྒྱད་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་བཅུ་པའི་གཉིས་པ་དང༌། གསུམ་པ་སྟེ། དེ་དག་གིས་མངོན་པར་རྟོགས་པའོ། །འབྲས་བུའི་རྒྱུད་བསྟན་ཟིན་ཏོ། །རྒྱུད་གསུམ་གྱི་མངོན་པར་རྟོགས་པ་ཐམས་ཅད་ཀྱང་བསྟན་ཟིན་ཏེ་ཡོངས་སུ་རྫོགས་སོ།།  །།དེ་ལྟར་དེ་དག་ཀྱང་ཐོག་མར་བརྗོད་པའི་བླ་མ་གཉིས་ལས་ཇི་ལྟར་བརྒྱུད་དེ་འོངས་སྙམ་ན་འདིར་བརྗོད་པ། རྡོ་རྗེ་འཆང་དབང་དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ། །རྗེ་བཙུན་ཆོས་སྐྱོང་མཐུ་སྟོབས་དབང་ཕྱུག་བིརྺ་པ། །ནག་པོ་ཌཱ་མ་པ་དང་ཨ་ཝ་དྷཱུ་ཏཱི་དཔལ། །རྗེ་བཙུན་ག་ཡ་དྷ་ར་ཤཱཀྱ་ཡེ་ཤེས་མཆོག །ཅེས་བྱ་བ་བརྒྱུད་པ་དང་པོ་བརྗོད་ནས། གཞན་ཡང་གཉིས་པའང་བརྗོད་པར་བྱ་སྟེ། གཉིས་པ། ཌོཾ་བི་ཧེ་རུ་ཀ་དཔལ་དེ་རྗེས་སུ། །ཨ་ལ་ལ་དང་དཔལ་ལྡན་ནགས་ཁྲོད་གརྦྷ་རི། །རྒྱལ་བ་དཔལ་གྱི་ཡེ་ཤེས་སྦྱང་དཀའ་ཟླ་བ་དང༌། །དཔའ་བོ་རྡོ་རྗེས་ཡེ་ཤེས་ཞབས་ལ་གདམས་པའོ། །བརྒྱུད་པ་གཉིས་པོ་འཛིན་པའི་རྗེ་བཙུན་ཤཱཀྱ་ཡེ་ཤེས་ལས་སུས་ཇི་ལྟར་ཐོས་ཤིང༌། དེ་དག་ལས་ཀྱང་བླ་མ་ཆེན་པོས་ཇི་ལྟར་ཐོས་སྙམ་ན། དཔེ་དང་བསྟུན་ནས་བརྗོད་པ། མ་དྲོས་ཡེ་ཤེས་ཞབས་ལས་རྒྱུན་བཞིའི་བླ་མ་ནི། །རྒྱལ་པོ་རིག་དང་སྙིང་པོ་སྣང་བའི་མཐའ་ཅན་ཏེ། །རིག་དང་སྙིང་པོའི་ཞབས་ལས་འབར་བ་འབར་བའི་མཐའ། །རྒྱུན་བཞི་འཛིན་པའི་བླ་ཆེན་དེ་ལ་རྟག་ཕྱག་འཚལ། །དེ་ལྟར་རྗེ་བཙུན་གཉིས་ལས་བརྒྱུད་དེ་བླ་མ་ཤཱཀྱ་ཡེ་ཤེས་མ་དྲོས་པའི་རྒྱ་མཚོ་ཆེན་པོས་བཟུང་ནས། དེས་ཀྱང་མ་དྲོས་པའི་མཚོ་ལས་ཆུ་བོ་བཞི་འབབ་པ་བཞིན་དུ་སློབ་མའི་མཆོག་བཞི་ལ་གདམས་ཤིང་དེ་དག་གི་གསུང་གི་ཆུ་བོ་ཡང་བདག་ཅག་གི་བླ་མ་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དུ་མས་ཡོངས་སུ་གང་བར་བབས་ནས། དེས་ཀྱང་སྐལ་བ་དང་ལྡན་པའི་སྐྱེ་བོ་མ་ལུས་པའི་ཡིད་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ཚིམ་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་རྗེ་བཙུན་གཉིས་པོའི་གཞུང་ལས་འདིར་གང་གཙོ་བོར་བྲིས་པ་ཡིན་ཞེ་ན། བརྗོད་པ། རྗེ་བཙུན་མཐུ་སྟོབས་གསུང་གི་མན་ངག་ནི། །ག་ཡ་དྷ་རས་གསུངས་པ་འདིར་གཙོ་སྟེ། །ཌོཾ་བིའི་རྗེས་སུ་འབྲང་བའི་གསུང་ངག་དོན། །སྦྱང་དཀའ་ཟླ་བས་གསུངས་པ་གཞན་དུ་གསལ། །རྗེ་བཙུན་བིརྺ་པའི་རྗེས་སུ་འབྲངས་ནས་ག་ཡ་དྷ་རས་གསུངས་པ་འདི་ནི་བཤད་ཐབས་ཀྱི་མན་ངག་དྲུག་དང་མངོན་པར་རྟོགས་པ་རྒྱུད་གསུམ་གྱིས་བཅིངས་པ་འདི་ཡིན་ནོ། །དཔལ་ཌོཾ་བི་པའི་མན་ངག་སློབ་དཔོན་མི་ཐུབ་ཟླ་བས་གསལ་བར་མཛད་པ་ཡང་འདི་ཉིད་དང་མཐུན་པ་ཡིན་ནོ། །ཞེས་གསུངས་མོད་ཀྱང་འདི་ནི་བཤད་ཐབས་ཀྱི་མན་ངག་མཐའ་དྲུག་དང་མངོན་པར་རྟོགས་པ་འཇིག་རྟེན་པའི་དཔེ་དང་བསྟུན་ནས་ཡན་ལག་ལྔས་འཆིང་སྟེ་སྟོན་པ་གཙོ་ཆེ་བས་ན། །དེ་ཡང་ཀུ་མུ་ཏ་པཉྩི་ཀ་ཉིད་ཀྱི་སྟེང་དུ་ཞིབ་ཏུ་རྟོགས་པར་བྱའོ། །བརྒྱུད་པའི་ལོ་རྒྱུས་ཅུང་ཟད་ཅིག་བཤད་ཟིན་ཏེ་མདོར་བསྡུས་པའི་ཚུལ་གྱིས་ཐམས་ཅད་ཀྱང་བསྟན་ཟིན་ཏོ། །དེ་ལྟར་བསྟན་པ་བླ་མའི་ཚོགས་རྣམས་ཀྱི། །བཀའ་དྲིན་དྲན་ནས་དད་པས་མཆི་མ་ལྷུང༌། །རྟག་ཏུ་བླ་མའི་རབ་མཆོག་དེ་དག་གི །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །གཞུང་དོན་ཚར་ནས་བླ་མའི་སྤྱན་སྔ་རུ། །མཆིས་ནས་ཉེས་པ་བཅོས་པར་ཞུ་བ་ཡི། །སྐལ་བ་སྐལ་ངན་བདག་ལ་ག་ལ་ཡོད། །ཀྱི་ཧུད་བླ་མ་སེམས་ཤིང་འཁོད་པར་བྱེད། །བསོད་ནམས་མཐའ་ཡས་ཀྱིས་བསྒྲུབས་ཡོན་ཏན་རྩེ། །ཁྱོད་འདྲའི་མགོན་དང་བྲལ་ནས་མགོན་མེད་བདག །མི་འདུལ་སྐྱེ་བོ་འདུལ་ཞིང་མཆིས་ལགས་ན། །སྤྱན་རས་ཀྱིས་སྐྱོངས་མགོན་པོ་ཐུགས་རྗེ་ཅན། །ཀྱེ་མ་ཁ་བ་ཅན་གྱི་ཁྲོད་འདི་ན། །ཕལ་ཆེར་ལོངས་སྤྱོད་རྒུད་གྱུར་དད་པ་བྲལ། །མུ་སྟེགས་འཕེལ་ཞིང་ཆོས་ལྟར་བཅོས་པ་མང༌། །ཆོས་བྱེད་ཕལ་ཆེར་ཚེ་འདིར་སྤྲོ་བར་མཐོང༌། །འགའ་ཞིག་རྟོག་གེའི་དུག་ཆུས་བློ་རབ་འཁྲུལ། །ལ་ལ་བསྟན་བཅོས་ཐོས་པའི་ཆང་གིས་མྱོས། །ཁ་ཅིག་ཚུལ་ཁྲིམས་མཆོག་འཛིན་ཀུན་ལ་གཤེ། །ཕལ་ཆེར་གསུང་རབ་མཆོག་འདི་སྤངས་སུ་དོགས། འགའ་ཞིག་སྨིན་བྱེད་དང་བྲལ་ཟབ་དོན་སྒོམ། །ཁ་ཅིག་ལག་ལེན་སྲོལ་ཉམས་ཚིག་དོན་འཆད། །གཞན་དག་ཆོ་ག་མ་མཐོང་བརྫུན་གྱིས་བསླད། །དེ་དག་རྡོ་རྗེ་ཐེག་པའི་གཟུགས་བརྙན་ཡིན། །ཕ་རོལ་ཕྱིན་གཞུང་ཐོས་པས་ཡིད་རྒྱས་ཀྱང༌། །རྒྱུད་ཀྱི་སྣང་བས་བློ་གྲོས་མ་བརླན་པའི། །མན་ངག་ཕྲ་མོ་བཟུང་ནས་འདིས་ཆོག་ཅེས། །སྨྲ་བའི་རྨོངས་རྣམས་དོན་མེད་མ་གྱུར་ཏམ། །ལམ་ལ་མ་ཞུགས་ལོག་པར་ཞུགས་པ་དང༌། །རྡོ་རྗེ་ཐེག་སྤངས་ཞུགས་ཀྱང་གཟུགས་བརྙན་འདྲ། །དེ་དག་སྤང་ཕྱིར་བདག་གིས་བརྡ་སྤྲད་ཀྱང༌། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །འདིར་ནི་རྒྱུད་དོན་ཡོན་ཏན་རིན་ཆེན་གཏེར། །སྐྱོན་མེད་གྲུབ་པའི་བླ་མའི་གསུང་གིས་ཕྱེ། །ཚིག་དོན་སྒྲོན་མེ་འདི་ཡིས་གསལ་བྱས་ཀྱིས། །ཡོན་ཏན་རིན་ཆེན་ཇི་ལྟར་འདོད་པ་ལོང༌། །རྒྱུད་ཀྱི་ས་གཞིར་ཡིད་ཀྱི་ས་བོན་བཏབ། །བླ་མའི་གསུང་རབ་དྲི་མེད་ཆར་གྱིས་བརླན། །ཐོས་བསམ་གྱིས་བསྐྱངས་རིན་ཆེན་ལྗོན་ཤིང་འཁྲུངས། །སྐལ་ལྡན་སྐྱེ་བོའི་ཚོགས་ཀྱི་བསྟི་གནས་ཡིན། །བདག་ཀྱང་སྐྱེ་བ་འདི་ནས་བཟུང་ནས་ནི། །ཇི་སྲིད་རྡོ་རྗེ་འཛིན་པ་མ་ཐོབ་བར། །མཐུ་སྟོབས་དབང་ཕྱུག་གཞུང་དང་མི་འབྲལ་ཞིང༌། །བླ་མའི་ཚོགས་ཀྱི་བྲན་དུ་སྐྱེ་བར་ཤོག །བླ་མའི་ཚོགས་རྣམས་མཉེས་པར་བྱས་པ་ཡིས། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཐོབ་ནས་ཀྱང༌། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །གཉིས་མེད་སངས་རྒྱས་ས་ལ་འགོད་པར་ཤོག །སངས་རྒྱས་ཞིང་ཁམས་འབྱམ་ཀླས་མ་ལུས་ཀུན། །རྣལ་འབྱོར་འདིས་ནི་དོན་ཀུན་རབ་འགྲུབ་ཅེས། །སྙན་པའི་གྲགས་པས་ཁྱབ་པར་གྱུར་ནས་ཀྱང༌། །རྡོ་རྗེ་འཛིན་པའི་རྒྱལ་མཚན་བརྟན་པར་ཤོག །དེ་འདྲའི་བློ་གྲོས་འཆང་བའི་དགེ་བསྙེན་ལ། །རྗེ་བཙུན་བླ་མ་དམ་པས་བསྐུལ་བ་དང༌། །བྱང་ཆུབ་ཤེས་རབ་འབུམ་ཕྲག་འོད་གསལ་བས། །གསོལ་བ་བཏབ་ནས་ལེགས་པར་སྦྱར་བ་ཡིན། །ཁོ་བོས་འབད་དེ་ལེགས་པར་སྦྱར་བ་ཡིས། །མངོན་པར་རྟོགས་པ་རིན་ཆེན་ལྗོན་ཤིང་ལས། །ཐུན་མོང་ལྟ་བ་རིམ་པ་ཅན་གྱི་སྐབས། །འདི་ནི་བླ་མ་དམ་པས་གསལ་བར་མཛད། །ལེགས་སྦྱར་འདི་ལ་ཉེས་པ་མེད་པར་སེམས། །ཉེས་པ་གང་སྣང་བདག་གི་ཉེས་པ་སྟེ། །བླ་མ་བླ་མར་བཅས་པའི་མ་ཡིན་པས། །བདག་ལ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །འདི་བགྱིས་པ་ལས་དུབ་པར་གྱུར་བ་ཡི། །དགེ་བ་དུང་ཟླ་ཀུནྡ་དང་མཚུངས་པ། །བདག་གི་རྒྱུད་ལ་ངེས་པར་སྐྱེས་པ་དེས། །འགྲོ་ཀུན་དཔལ་ལྡན་རྡོ་རྗེ་འཛིན་འགྱུར་ཤོག །རྒྱུད་གསུམ་པོ་གཅིག་ཏུ་བསྲེས་པའི་ས་གཞིར་ཡིད་ཀྱི་ས་བོན་བཏབ་སྟེ་བླ་མའི་གསུང་ལས་བྱུང་བའི་མངོན་པར་རྟོགས་པའི་ལྗོན་ཤིང་ཐོས་བསམ་གྱི་སྲུང་བས་ཀུན་ཏུ་བསྐྱེད་པའདི་ནི་མན་ངག་གི་ཚོགས་ཀྱི་ཚིག་གི་མེ་ཏོག་གིས་མཛེས་ཤིང་འདོད་པའི་དོན་ཐམས་ཅད་འབྱུང་བའི་འབྲས་བུ་དང་ལྡན་པ། ལུང་གིས་རབ་ཏུ་རྒྱས་པའི་ལོ་འདབ་ཀྱིས་ཕྱུག་ཅིང་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་བསིལ་གྲིབ་ཅན། སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་བསྟི་གནས་སུ་གྱུར་པའི་ཡོན་ཏན་ཚད་མེད་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་དམ་པར་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ལོ། །འདིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག འདི་ལྟར་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཕྲག་གཅིག་བགྲོད་པའི་སའི་ཆ་འགྲན་ཟླས་དབེན་པའི་མཁས་པ་རྒྱུན་མི་འཆད་པར་འབྱུང་བའི་མཚན་མ་དང་ལྡན་པའི་དཔལ་ས་སྐྱའི་དབེན་གནས་དམ་པར་སྐུ་འཁྲུངས་པ། འཇམ་པའི་རྡོ་རྗེས་མངོན་སུམ་དུ་བྱིན་གྱིས་བརླབས་པས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཐུགས་སུ་ཆུད་པའི་མཁྱེན་རབ་དཔག་ཏུ་མེད་པས་མི་མཐུན་པའི་ཕྱོགས་མཐའ་དག་ལ་འཁོན་པའི་བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའོ། །སླད་ཀྱིས་ཀྱང་དེ་ཉིད་ཀྱིས་འདིའི་དོན་བསྡུས་པ་ཅིག་ཀྱང་མཛད་ལ། དེ་བར་སྐབས་སུ་བྲིས་ཤིག་ཅེས་དེ་ཉིད་ཀྱིས་བཀའ་བབས་ནས། ཤཱཀྱའི་དགེ་བསྙེན་གཞོན་ནུ་མངོན་པའི་ང་རྒྱལ་ལ་འཁོན་པ་ཀུན་དགའ་རྒྱལ་མཚན་གྱིས་ཞུ་དག་བགྱིས་ནས། སླར་ཡང་དེ་ཉིད་ཀྱི་སྤྱན་སྔར་ཕུལ་ཏེ་ཤིན་ཏུ་དག་པར་བགྱིས་སོ།།  །།ཐུབ་པའི་དགོངས་པ་མེ་ཏོག་གི །ཕྲེང་བ་བླ་མའི་གསུང་ཟེར་གྱིས། །ཕྱེ་འདི་འགྲོ་བའི་སྤྱི་གཙུག་ན། །ཟླ་ཟེར་བཞིན་དུ་མཛེས་པར་ཤོག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*