རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང༌། ༡

༈ ས་སྐྱ་བཀའ་འབུམ་ལས་པོད་༼ཆ༽པ།

རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་པོད་དང་པོ།

༄༅། །སརྦཏཐཱགཏཱནཱཾཝཱགོགུཧྱདྷརཀོབྷཊྚཱརཀོརཏྣཿཀཱིརྟིདྷྭཛསྱཔྲཝཙནཾཔུསྟཀཿཔྲཐམཱཏྟནྟྲཥྱཱབྷིསམཡཾརཏྣསྱཏརུརྣཱམབིཛཧཱརཏིསྨ།།

༄༅། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་དང་པོ་ལས་རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།།

༄༅། །སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བཅུ་གཅིག་པ་གསུམ་བསྔགས་ལ་ངོ་མཚར་རྟོགས་བྱེད་ཀྱི་རྣམ་གྲངས་ཉིས་སྟོང་ཞེ་བརྒྱད་མཆིས་པའི་ནང་གསེས་གཞུང་གིས་དངོས་སུ་མ་ཟིན་པ་བརྒྱ་སོ་ལྔ་པ་ནས་རྙེད་པའི་པུསྟཱརའོ།།

༄༅། །ནམོབྷཊྚཱརཀོགུརུབྷྱོབྷཀྟིནཱ། བཛྲདྷརེནྡྲཝཱགོནིདྷཱིརཏྣོ།

༄༅། །རྗེ་བཙུན་བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དབང་གསུང་གི་རིན་ཆེན་གཏེར། །ནིརྨལཏནྟྲརྠོབྷེདནོཝ«ཀྀཀྲ»། ཏྟརཀབིཥཱརྞཻརྣིརྨིཤྲིཏཻཝཱརྠོ། ནྲྀཏྱཛཡནྟྭཱསམྱོགུརོཿཔྲོཀྟཾ།

དྲི་མེད་རྒྱུད་དོན་འབྱེད་པར་བྱེད་པའི་ངག །རྟོག་གེའི་དུག་ཆུས་མ་སྦགས་དེ་ཉིད་དོན། །མཚུངས་མེད་བླ་མའི་གསུང་རབ་རྟག་ཏུ་རྒྱལ། །སྤྲོས་བྲལ་ཐུགས་རྗེའི་བདག་ཉིད་ཅན། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །རྡོ་རྗེ་འཆང་གཙོ་བླ་ཆེན་ལ། །སྤྱི་བོར་ཐལ་སྦྱར་བཏུད་བྱས་ནས། །རྡོ་རྗེ་ལྟ་བུའི་རྒྱུད་དོན་གྱི། །མངོན་པར་རྟོགས་པ་གསལ་བྱེད་འདི། །མན་ངག་བྲལ་བའི་སྐྱེ་བོ་ལ། །བརྩེ་བས་གསལ་པོར་བྲི་བར་བྱ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལས་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ཀྱི་གསུང་གི་བདུད་རྩི་དུག་ཆུ་དང་བྲལ་བ་གསན་པའི་སྙིམ་པས་ངོམས་པར་གསོལ་བས། སངས་རྒྱས་ཀྱི་གསུང་ལ་ཐུགས་ཀྱི་སྣང་བ་ཐོབ་པའི་སློབ་དཔོན་ཆོས་སྐྱོང་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པའི་དངོས་གྲུབ་ཀྱི་མཆོག་བརྙེས་ནས་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བར་ཡོངས་སུ་གྲགས་སོ། །སློབ་དཔོན་ཆེན་པོ་དེའི་ཡང་དག་པའི་གདམས་ངག་ལུང་དང་བཅས་པ་སློབ་དཔོན་ཀཧྣ་པ་ཞེས་བྱ་བ་ལས་བརྒྱུད་དེ་འོངས་པ་དང་ལྡན་པའི་པཎྜི་ཏ་ག་ཡ་དྷ་ར་དང༌། དཔལ་བིརྺ་པའི་སློབ་མར་ཡང་གྲགས་མོད་ཀྱི་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་དངོས་སུ་གསན་ཞིང་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་དཔལ་ཌོམྦི་ཧེ་རུ་ཀའི་གདམས་པ་དང་ལུང་ཕྱིན་ཅི་མ་ལོག་པར་བརྒྱུད་པ་དང་ལྡན་པའི་དགེ་སློང་དཔའ་བོ་རྡོ་རྗེ་ཞེས་བྱའོ། །དེ་ལྟར་མཁས་པ་གཉིས་ཀྱི་གསུང་གི་བདུད་རྩི་བབས་པ་རྗེ་བཙུན་འབྲོག་མི་ཤཱཀྱ་ཡེ་ཤེས་ལས་བརྒྱུད་པའི་ཧེ་བཛྲ་རྩ་བ་དང༌། བཤད་པའི་རྒྱུད་གསུམ་གཅིག་ཏུ་བསྲེས་པའི་མངོན་པར་རྟོགས་པའི་ཡི་གེ་བླ་མ་གོང་མ་རྣམས་ཀྱིས་མཛད་པ་མི་གསལ་བ་གསལ་བར་མཛད་པའི་ཕྱིར་བདག་གི་བླ་མས་རྒྱུད་ཀྱི་ལུང་རྣམས་གསུངས་པ་བཞིན་ཕྱོགས་གཅིག་ཏུ་བསྡེབས་ཏེ་ཅུང་ཟད་གསལ་བར་མཛད་དོ། །དེ་ཡང་གསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་བྲིས་ཤིག་ཅེས་གསུང་ཞིང༌། རྒྱུད་ཀྱི་དོན་ཤེས་པར་འདོད་པའི་སློབ་མས་ཀྱང་གསོལ་བ་བཏབ་པས་ན་འདི་བྲི་བ་ལ་སྐྱོན་མེད་དོ། །དེ་ཡང་ཧ་ཅང་རྒྱས་པ་དང་བསྡུས་པས་འཇིགས་པས་བླ་མ་རྣམས་ཀྱིས་གསུངས་པ་བཞིན་བྲི་བར་བྱའོ། །དེ་ལ་གང་ཟག་གི་རྒྱུད་ལ་སྐྱེ་བའི་རིམ་པའི་མངོན་པར་རྟོགས་པ་ནི་གསུམ་སྟེ། རྒྱུའི་རྒྱུད་སྔོན་དུ་འགྲོ་བའི་རྟེན་གྱི་གང་ཟག་དང༌། དེས་ཉམས་སུ་བླངས་བའི་ཐབས་ཀྱི་རྒྱུད་དང༌། དེ་ཉམས་སུ་བླངས་པ་ལས་བྱུང་བ་འབྲས་བུའི་རྒྱུད་དོ། །དེ་ཡང་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པས་སོ། །དེ་ལ་ཐོག་མར་རྒྱུའི་རྒྱུད་སྔོན་དུ་འགྲོ་བ་རྟེན་གྱི་གང་ཟག་ནི་སློབ་དཔོན་གརྦྷ་རི་པས་རྒྱུད་ལ་འཇུག་པ་ཞེས་བྱ་བ་ལས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞིར་ནི་བཤད། །ཅེས་པ་ལ་བརྟེན་ནས། གང་ཟག་ནི་བཞི་སྟེ། རྒྱུ་ལ་ལྟོས་པ་དང༌། རིགས་ལ་ལྟོས་པ་དང༌། སྤང་བྱ་ལ་ལྟོས་པ་དང༌། རྐྱེན་ལ་ལྟོས་པའི་གང་ཟག་གོ །དེ་དག་ཀྱང་གསུམ་དུ་འདུ་སྟེ། དང་པོ་ནི་སྤྱིར་འབྲས་བུ་འགྲུབ་པའི་རྒྱུ་དང་ལྡན་པ་དང༌། གཉིས་པ་དང༌། གསུམ་པ་ནི་རྐྱེན་ཐ་དད་པ་ལ་ཞུགས་ན་འགྲུབ་ཉེ་བ་དང༌། བཞི་པ་ནི་དེ་དག་གི་གནས་སྐབས་ཀྱི་ཆོས་ལ་དགོངས་ཏེ་གསུངས་པའོ། །དེ་ལ་དང་པོ་ལ་བཞི། སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་པ་དང༌། རྒྱུ་གང་གིས་གང་དུ་འཁོར་བ་དང༌། རྐྱེན་གང་གིས་ཇི་སྲིད་ཅིག་ཏུ་འཁོར་བ་དང༌། སེམས་སྦྱངས་ན་གྲོལ་བར་འགྱུར་བའི་ཚུལ་ལོ། །དང་པོ་ནི། རིགས་ཀྱི་སྤྱི་ཉེ་བར་གཟུང་ནས་རིགས་དྲུག་གི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱང་རྒྱུད་འདིར་འཇུག་པའི་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སྙིང་པོ་ཅན་གྱི་རྟེན་གྱི་གང་ཟག་ཡིན་ཏེ། རྩ་རྒྱུད་ཕྱི་མའི་བཞི་པ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང༌། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་གསུངས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ན། མདོ་སྡེ་རྒྱན་ལས། རིགས་ཆད་པའི་གང་ཟག་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེ་ནི་སེམས་ཙམ་པའི་དབང་དུ་བྱས་ནས་དྲང་བའི་དོན་གྱི་བཤད་པ་ཡིན་གྱི། འདིར་ནི་རིགས་ཆད་པ་མི་སྲིད་དེ། རྒྱུད་བླ་མ་ལས་ཀྱང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་སེམས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེ་ལྟར་རང་བཞིན་གྱིས་སངས་རྒྱས་ཡིན་ན་འབད་པ་མེད་པར་གྲོལ་བར་འགྱུར་རོ་སྙམ་ན། །དེ་ལྟར་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཕྱིར་འཁོར་བ་ཉིད་ཡིན་ནོ། །གཉིས་པ་རྒྱུ་གང་གིས་གང་དུ་འཁོར་བ་ནི། མ་རིག་པའི་རྩ་བ་ལས་བྱུང་སྟེ། རྟེན་འབྲེལ་བཅུ་གཉིས་ཉོན་མོངས་པ་གསུམ་གྱིས་བསྡུས་ནས་སྐྱེ་བ་ཡིན་ཏེ། རྩ་རྒྱུད་ཕྱི་མའི་བཞི་པ་ལས། བྱིས་པ་མི་ཤེས་པས་བསྒྲིབས་པས། །འདི་ཡི་འགྲོ་བ་མི་ཤེས་པ། །འགྲོ་བ་དྲུག་གི་སྲིད་པའི་མཐར། །གང་ཞིག་རྨོངས་པ་འཁོར་བར་འགྱུར། །ཞེས་གསུངས་ཏེ་ཞིབ་ཏུ་བླ་མས་བཤད་པར་བྱའོ། །གསུམ་པ་རྐྱེན་གང་གིས་ཇི་སྲིད་ཅིག་ཏུ་འཁོར་བ་ནི། སཾ་པུ་ཊའི་དང་པོའི་དང་པོ་ལས། ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་ཡིས་ལས་དང་ལས་མིན་འགྱུར། །དགེ་དང་མི་དགེ་གང་ཅུང་ཟད། །བྱས་པའི་ལས་ནི་ཐམས་ཅད་བྱེད། །ཅེས་གསུངས་ཏེ། ཇི་སྲིད་དུ་ངར་འཛིན་པ་དང་ང་ཡིར་འཛིན་པ་མཚན་མར་བཅས་པ་ཡོད་པ་དེ་སྲིད་དུ་དངོས་པོ་ལ་མངོན་པར་ཞེན་པ་སྐྱེ་ལ། དེ་ལ་བརྟེན་ཏེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེ་སྟེ། དེ་དག་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ་མ་རིགས་པ་ཡིན་ལ། དེ་ལ་བརྟེན་ཏེ་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྐྱེ་ཞིང༌། དེ་ལས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ། རྟེན་འབྲེལ་བཅུ་གཉིས་ཉོན་མོངས་པ་གསུམ་གྱིས་བསྡུས་པས་འཁོར་བར་འཁྱམ་ཞེས་བྱ་བའི་དོན་ཏོ། །འཁོར་བར་འཁྱམ་པའི་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །བཞི་པ་སེམས་སྦྱངས་ན་གྲོལ་བར་འགྱུར་བ་ནི། དེ་ལྟར་སེམས་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མས་འཁོར་བར་གྱུར་པས་ན། འདི་ལ་བྱེད་པ་པོ་གཞན་མེད་ཅིང་སེམས་ཉིད་རྟོགས་པ་དང་མ་རྟོགས་པའི་དབྱེ་བས་འཁོར་བ་དང་མྱ་ངན་ལས་འདས་པར་འགྱུར་བས་སེམས་འདི་ལེགས་པར་སྦྱང་བར་བྱ་བ་བསྟན་པ་ནི། གུར་ལེའུ་དང་པོ་ལས། སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གིས། །སྐྱེ་བོ་དྲི་མས་ནག་པོར་བྱས། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་སྦྱང་བར་བྱ། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག །ཅེས་གསུངས་སོ། །དོ་ཧ་ལས་ཀྱང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །སེམས་དེ་ཡང་ཐོག་མ་དང༌། ཐ་མ་དང༌། རྟག་པ་དང༌། ཆད་པ་ལས་ཡོངས་སུ་གྲོལ་བས་ནམ་མཁའ་ལྟ་བུ་སྟེ། རྡོ་རྗེ་གུར་ལས། ཇི་སྲིད་ནམ་མཁའ་མི་འཇིག་པ། །ནམ་མཁའ་ཇི་བཞིན་དེ་བཞིན་སེམས། །ཞེས་གསུངས་སོ། །དེ་དག་ནི་རྒྱུ་ལ་ལྟོས་པའི་རྟེན་གྱི་གང་ཟག་ཅེས་བྱ་བ་རྒྱུད་འདིར་འཇུག་ཏུ་རུང་བའི་སྐལ་བ་དང་ལྡན་པའི་གང་ཟག་སྟེ། འདི་ནི་རྒྱུའི་རྒྱུད་ཅེས་བྱའོ། །རིགས་ལ་ལྟོས་པ་དང༌། སྤང་བྱ་ལ་ལྟོས་པའི་གང་ཟག་འདི་གཉིས་ནི་རྐྱེན་ཐ་དད་ལ་ཞུགས་ན་གྲུབ་ཉེ་བའི་གང་ཟག་ཅེས་བྱ་བ་ཡིན་ཏེ། གང་ཟག་གི་ཁམས་དང་བག་ལ་ཉལ་དང་རྗེས་སུ་མཐུན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ས་ལམ་སྣ་ཚོགས་སུ་གསུངས་པ་ཡིན་ནོ། །དེ་ལ་དང་པོ་རིགས་ལ་ལྟོས་པ་ལ་ཡང་རྩ་རྒྱུད་ཕྱི་མའི་བཅུ་གཅིག་པ་ལས། གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་བྱུང་བ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། གཉིས་པ་ནི། རྣལ་འབྱོར་པ་གང་ནག་པོ་ཆེ། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་ཤེས་པར་བྱའོ། །སྤང་བྱ་ལ་ལྟོས་པ་ནི། གུར་ལེའུ་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཅེས་གསུངས་ཏེ། གང་ཞེ་སྡང་ཤས་ཆེ་བ་ནི་མི་བསྐྱོད་པའི་རིགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་ཤེས་པར་བྱའོ། །རྐྱེན་ལ་ལྟོས་པའི་གང་ཟག་ནི་གོང་དུ་བསྟན་པའི་གང་ཟག་གསུམ་པོ་དེའི་གནས་སྐབས་ཀྱི་ཆོས་ཀྱི་མིང་བཏགས་པ་ཡིན་ཏེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་བ་དང༌། །གཞན་ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། །དེ་རྣམས་ཀྱིས་ཀྱང་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུའི་རྒྱུད་སྔོན་དུ་འགྲོ་བ་རྟེན་གྱི་གང་ཟག་གི་དབྱེ་བ་དང་བཅས་བསྟན་ཟིན་ཏོ།།  །།ཐབས་ཀྱི་རྒྱུད་ལ་གཉིས། །སྐལ་བ་མེད་པ་རིམ་གྱིས་འཇུག་པ་དང༌། སྐལ་བ་དང་ལྡན་པ་འདི་ཉིད་ལ་ཅིག་ཆར་དུ་འཇུག་པའོ། །དང་པོ་ནི། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། དགེ་བ་བཅུ་ལ་གོམས་པ་དང༌། །བླ་མ་ལ་གུས་དབང་པོ་དུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེས་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་གསུངས་སོ། །གཉིས་པའང༌། སཾ་པུ་ཊའི་བཅུ་པའི་དང་པོ་ལས། ཐོག་མར་དཀྱིལ་འཁོར་ཆེན་པོ་ཡི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡིས། །རྡོ་རྗེ་སློབ་དཔོན་འགྲུབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་ཞིབ་ཏུ་བརྗོད་ན། དང་པོ་རིམ་གྱིས་འཇུག་པ་ལ་ཡང་གཉིས། ཐུན་མོང་གི་ཐེག་པ་ལ་རིམ་གྱིས་བསླབ་པ་དང༌། ཐུན་མོང་མ་ཡིན་པའི་ཐེག་པ་ལ་རིམ་པས་བསླབ་པའོ། །དང་པོ་ལ་གཉིས། སྤྱོད་པ་རིམ་པ་ཅན་ལ་བསླབ་པ་དང༌། ལྟ་བ་རིམ་པ་ཅན་ལ་བསླབ་པའོ། །དེ་དག་ཀྱང་རིམ་པས་ཇི་ལྟར་འཇུག་ཅེ་ན། །རྩ་རྒྱུད་ཕྱི་མའི་བརྒྱད་པ་ལས། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ལ་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །སློབ་མས་གུས་པར་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་དག་གིས་ནི་འདི་སྐད་བསྟན་པ་ཡིན་ཏེ། བློ་གྲོས་རྒྱ་ཆུང་བའི་རྟེན་གྱི་གང་ཟག་ཐོག་མ་ཉིད་ནས་རྡོ་རྗེ་ཐེག་པ་ཐོས་པས་འཇིགས་པར་འགྱུར་བ་རྣམས་རིམ་གྱིས་བློ་སྦྱང་བར་བྱའོ། །དེའང་ལྟ་བ་དང༌། སྤྱོད་པ་རིམ་གྱི་བསླབ་པའི་སྤྱོད་པ་རིམ་པ་ཅན་ལ་བཞི་ལས་ཕྱེ་བའི་བཅུར་འགྱུར་ཏེ། སྐྱབས་སུ་འགྲོ་བ་དང༌། དུས་ཚིགས་ཀྱི་གསོ་སྦྱོང་དང༌། སོ་སོར་ཐར་པ་གཏན་ཁྲིམས་བདུན་དང༌། དུས་ནམ་སྐྱེ་ངེས་པ་མེད་པའི་སེམས་བསྐྱེད་པའོ། །དེ་ལ་དགེ་བའི་བཤེས་གཉེན་གྱིས་གང་ཟག་བློ་དམན་པ་བཀྲི་བར་འདོད་པས། ཐོག་མར་ཚེ་འདིའི་སྤྱོད་ཡུལ་མི་རྟག་པར་བསྟན་པས་སྐྱོ་བ་བསྐྱེད་ནས་ཚེ་འདིའི་མངོན་པར་ཞེན་པ་དོར་ཏེ། ལྷ་མི་ཙམ་འདོད་པར་གྱུར་པའི་བློ་སྐྱེས་པ་དང༌། གསོ་སྦྱོང་སྦྱིན་པར་བྱ་སྟེ། གསོ་སྦྱོང་འདིའང་དང་པོར་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ལས་སྐྱེའི། གཞན་ལ་ནི་མ་ཡིན་ཏེ། མཛོད་ལས། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་བྱ་བ་དང༌། སྐྱབས་གསུམ་བདུན་ཅུ་པ་ལས་ཀྱང༌། གསུམ་ལ་སྐྱབས་འགྲོའི་དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་གསུངས་སོ། །སྐྱབས་སུ་འགྲོ་བ་ལ་བདུན། རྒྱུ་གང་གིས་སྐྱབས་སུ་འགྲོ་བ་དང༌། ཡུལ་གང་ལ་སྐྱབས་སུ་འགྲོ་བ་དང༌། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་དང༌། དེའི་ཕན་ཡོན་དང༌། བསླབ་བྱ་དང༌། སྒྲའི་དོན་དང༌། དབྱེ་བ་དང༌། ཁྱད་པར་གཞག་པ་བསྟན་པའོ། །དེ་ལ་དང་པོ་རྒྱུ་ནི་རང་འཇིགས་པ་དང་ཡུལ་ལ་དད་པ་སྟེ། གཉིས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་སྟེ། ཇི་སྐད་དུ། མདོ་ལས། འཇིགས་པས་ཉེན་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ལྗོན་ཤིང་སོགས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་མི་གྲོལ་བས། །གང་ཚེ་གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་ལ་སྐྱབས་སོང༌། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། སྡུག་བསྔལ་གྱིས་འཇིགས་པ་འདིའང་ཚེ་འདིའི་སྡུག་བསྔལ་དང༌། ངན་སོང་གི་སྡུག་བསྔལ་དང༌། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་རྣམས་སྐྱབས་སུ་འགྲོ་ཞེས་བྱ་བའི་དོན་ཏོ། །ཡང་རྒྱུ་གཉིས་པ་ཡུལ་ལ་དད་པ་ཐོབ་ནས་སྐྱབས་སུ་འགྲོའི། དད་པ་མེད་ན་མ་ཡིན་ཏེ། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དད་པ་འདིའང་ཡུལ་གྱི་ཡོན་ཏན་ཅི་རིགས་པ་ཐོས་པ་ལ་བརྟེན་ནས་སྐྱེ་སྟེ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་ལས། སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང༌། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང༌། །གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད། །དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་ཐོབ། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ལ་མི་བརྟན་པའི་དད་པ་ནི། འཇིགས་པས་ཉེན་པ་རྣམས་ཀྱིས་ཡུལ་འདི་ནི་མཆོག་ཏུ་གྱུར་པ་སྐྱོབ་པའོ་ཞེས་ཐོས་པས། གཞན་གྱི་ངོ་དང་ཐེ་ཚོམ་སྐྱེས་པ་ལ་སོགས་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ནི་མི་བརྟན་པའི་སྐྱབས་འགྲོ་ཞེས་བྱའོ། །དཀོན་མཆོག་གསུམ་གྱི་ཡོན་ཏན་ཅི་རིགས་པ་ཐོས་ནས་དེ་ལ་དད་པ་ཐོབ་པ་ནི་བརྟན་པའི་དད་པ་ཡིན་ཏེ། མདོ་ལས། སངས་རྒྱས་ལ་ཐོས་ནས་དད་པ་ཐོབ་པ་དང༌། ཆོས་ལ་ཐོས་ནས་དད་པ་ཐོབ་པ་དང༌། དགེ་འདུན་ལ་ཐོས་ནས་དད་པ་ཐོབ་པ་ནི་ཆེས་ཉུང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བརྟེན་ཏེ་སྐྱེས་པ་ནི་བརྟན་པའི་སྐྱབས་སུ་འགྲོ་བའོ། །གཉིས་པ་སྐྱབས་སུ་འགྲོ་བའི་ཡུལ་ཤེས་པ་འདིའང་རྒྱས་པར་ཤེས་པ་ལ་ཚད་མེད་དེ། མདོར་བསྡུ་ན་སྐྱོན་གྱི་རྣམ་པ་འགའ་མེད་ཅིང༌། ཡོན་ཏན་གྱི་རྣམ་པ་མཐའ་དག་དང་ལྡན་པའི་གང་ཟག་ཟླ་མེད་པ་ནི་སངས་རྒྱས་ཡིན་ལ། དེས་ཐུགས་སུ་ཆུད་པའི་ལམ་སྡུག་བསྔལ་སེལ་བའི་ཐབས་ནི་ཆོས་ཡིན་ལ། དེའི་བཀའ་བཞིན་དུ་རྗེས་སུ་སྒྲུབ་པའི་གྲོགས་ནི་དགེ་འདུན་ཞེས་བྱ་བ་འདི་ཙམ་ཞིག་ཤེས་པ་ལ་བརྟེན་ཏེ་སྐྱབས་སུ་འགྲོ་བ་སྐྱེའོ། །དེ་སྐད་དུ་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། དེ་ལྟར་འཇིགས་པ་དང་དད་པ་ཐོབ་པ་དེ་སྤྱིར་དཀོན་མཆོག་གསུམ་ལ་མགོན་དང་སྐྱབས་སུ་འཛིན་པ་ཡིན་ཏེ། དེའང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ནོ། །བཞི་པ་དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་ལྔ་སྟེ། སྡོམ་པ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པ་དང༌། བསྲུང་བ་ཆེན་པོར་འགྱུར་བ་དང༌། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་སྲབ་པ་དང༌། དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་བགྲང་བ་དང༌། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བའོ། །དང་པོ་ནི། སྐྱབས་གསུམ་བདུན་ཅུ་པ་ལས། གསུམ་ལ་སྐྱབས་འགྲོའི་དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་གསུངས་སོ། །གཞན་ནི་ཤེས་པར་ཟད་དོ། །ལྔ་པ་བསླབ་བྱ་ནི་གཉིས་ཏེ། ཐུན་མོང་གི་བསླབ་བྱ་དང༌། སོ་སོའི་བསླབ་བྱའོ། །ཐུན་མོང་གི་བསླབ་བྱ་ནི། སྐྱེས་བུ་དམ་པ་དང་འགྲོགས་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང༌། ཆོས་དང་རྗེས་སུ་མཐུན་པས་ཆོས་བསྒྲུབ་པ་ཞེས་བྱ་བ་བཞིའོ། །ཡང་བཞི་སྟེ། དབང་པོ་མི་རྒོད་པར་བྱ་བ་དང༌། སེམས་ཅན་ལ་སྙིང་བརྩེ་བར་བྱ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་དང༌། སྡོམ་པ་ཅི་ནུས་པ་ཡང་དག་པར་བླང་བར་བྱ་བའོ། །སོ་སོའི་བསླབ་བྱ་ནི། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་གསུངས་པ། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་ཚོལ་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་གསུངས་པ་ལྟ་བུའོ། །གཞན་བླ་མ་རྣམས་ཀྱི་གསུང་གི་མན་ངག་གིས་ཀྱང་སྦྱར་བར་ཤེས་པར་བྱའོ། །དྲུག་པ་སྒྲའི་དོན་ནི། ཚེ་འདིའི་འཇིགས་པ་དང༌། ཕ་རོལ་གྱི་ངན་སོང་གི་འཇིགས་པ་དང༌། འཁོར་བའི་འཇིགས་པ་རྣམས་ལས་སྐྱོབ་པས་ན་སྐྱབས་ཡིན་ལ། དེར་འགྲོ་བས་ནི་སྐྱབས་སུ་འགྲོ་བ་སྟེ། དཔེར་ན་ཆར་གྱི་འཇིགས་པས་བྲག་སྐྱིབས་སུ་འགྲོ་བ་ལྟ་བུ་སྟེ། ཇི་སྐད་དུ། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །འཇིགས་ཚོགས་ཐེག་པ་དམན་པ་དང༌། །ཐབས་མ་ཡིན་དང་ངན་སོང་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །བདུན་པ་དབྱེ་བ་དང་ཁྱད་པར་གཞག་པ་ནི། རྒྱུ་དང་འབྲས་བུར་དབྱེ་བ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པར་དབྱེ་བའོ། །དང་པོ་ལ་རྒྱུའི་སྐྱབས་འགྲོ་ནི། སྟོན་པ་དང༌། ལམ་དང༌། གྲོགས་སུ་འཛིན་པ་ཡིན་ལ། འབྲས་བུའི་སྐྱབས་སུ་འགྲོ་བ་ནི། དེའི་གནས་ཐོབ་པར་འདོད་པའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེ་བ་ནི། གང་ཟག་གི་དབང་དུ་བྱས་པའི་དབྱེ་བ་ཡིན་ཏེ། འཇིག་རྟེན་པའི་གང་ཟག་གམ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་གང་ཟག་གི་སྐྱབས་སུ་འགྲོ་བ་ནི་ཐུན་མོང་གི་སྐྱབས་སུ་འགྲོ་བ་ཡིན་ལ། ཐེག་པ་ཆེན་པོའི་གང་ཟག་གི་སྐྱབས་སུ་འགྲོ་བ་ནི་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བའོ། །འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། འབྲས་བུའི་སྐྱབས་གནས་ཀྱི་ཁྱད་པར་དང༌། རྒྱུའི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང༌། ཆེད་དུ་བྱ་བའི་ཁྱད་པར་རོ། །དང་པོ་ནི་རྒྱུའི་སྐྱབས་འགྲོའི་གནས་ལ་ཁྱད་པར་མེད་དེ། ཐམས་ཅད་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ། །འབྲས་བུའི་སྐྱབས་གནས་ནི་ཉན་ཐོས་དགེ་འདུན་ལ་སྐྱབས་སུ་འགྲོ་སྟེ། དགྲ་བཅོམ་པ་ཐོབ་པར་འདོད་པས་སོ། །རང་སངས་རྒྱས་ཆོས་ལ་སྐྱབས་སུ་འགྲོ་སྟེ། རྟེན་འབྲེལ་རྟོགས་པར་འདོད་པས་སོ། །ཐེག་པ་ཆེན་པོ་པ་སངས་རྒྱས་ལ་སྐྱབས་སུ་འགྲོ་སྟེ། རང་དང་གཞན་གྱི་དོན་མཐའ་དག་ཆུབ་པ་སངས་རྒྱས་ལས་མེད་ལ་དེ་ཐོབ་པར་འདོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དེ་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ཏེ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པ་ལྟ་བུའོ། །རྒྱུའི་ཁྱད་པར་ནི། ཐུན་མོང་གི་རྒྱུ་ནི་དད་པ་ཡིན་པར་སྔར་བསྟན་ལ། ཐུན་མོང་མ་ཡིན་པའི་རྒྱུ་ནི་སྙིང་རྗེའོ། །དུས་ཀྱི་ཁྱད་པར་ནི། ཐུན་མོང་བ་ཇི་སྲིད་འཚོའི་བར་ཡིན་ལ། ཐུན་མོང་མ་ཡིན་པ་བྱང་ཆུབ་ཐོབ་ཀྱི་བར་ཡིན་ནོ། །ཆེད་དུ་བྱ་བ་ནི་ཐུན་མོང་བ་རང་འཇིགས་པ་ལས་སྒྲོལ་བའི་ཕྱིར་ཡིན་ལ། ཐུན་མོང་མ་ཡིན་པ་གཞན་བསྐྱབ་པའི་ཕྱིར་ཡིན་ནོ། །འདིར་ཐུན་མོང་བའི་སྐྱབས་སུ་འགྲོ་བའི་སྐབས་ཡིན་ཀྱང་དེའི་ཞར་ལ་རབ་ཏུ་ཕྱེ་བ་བསྟན་པས་ཁྱད་པར་གཞག་པ་བྱས་པ་ཡིན་ནོ། །དེ་ལྟར་སྐྱབས་སུ་འགྲོ་བ་སྐྱེས་པ་དེ་ལ་གསོ་སྦྱོང་སྦྱིན་པར་བྱའོ། །གསོ་སྦྱོང་ལ་བཞི། མིང་གི་དོན་དང༌། བསླབ་བྱ་དང༌། ཆོ་ག་དང༌། དགོས་པའོ། །དེ་ལ་མིང་གི་དོན་ནི་དགེ་བའི་ས་བོན་གསོ་ཞིང་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཡིན་ལ། འཕགས་པ་རྣམས་ལ་ཉེ་བར་བསྙེན་པས་ན་བསྙེན་གནས་ཞེས་ཀྱང་བྱ་བ་ཡིན་ནོ། །དེ་སྐད་དུ། གང་ཕྱིར་དགེ་བ་མ་ལུས་གསོ་བ་དང༌། །རྙེད་པའི་སྡིག་པ་འདིར་ནི་དག་བྱེད་པ། །དེས་ན་གསོ་དང་སྡིག་པ་དག་བྱེད་པས། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་སུ་གསུངས། །ཞེས་གསོ་སྦྱོང་གི་ཆོ་ག་ལས་གསུངས་པ་ལྟ་བུའོ། །གཉིས་པ་བསླབ་བྱ་ནི། གསུམ་ལས་ཕྱེ་བའི་བརྒྱད་དེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་གསུམ་རིམ་གོ་རིམ་བཞིན། །ཞེས་བཤད་པ་ལྟ་བུ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང་བཞི་སྤོང་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་ཡིན་ལ། ཆང་སྤོང་བ་ནི་བག་ཡོད་པའི་ཡན་ལག་སྟེ་གཅིག་གོ །ཁྲི་སྟན་མཐོན་པོ་དང༌། མལ་སྟན་ཆེན་པོ་ནི་མལ་སྟན་སྤོང་བ་དང་འབྲེལ་བའི་བརྟུལ་ཞུགས། དུས་མ་ཡིན་པའི་ཁ་ཟས་སྤོང་བ་ནི་ཁ་ཟས་དང་འབྲེལ་བའི་བརྟུལ་ཞུགས། གླུ་གར་དང་རོལ་མོ་དང་རྒྱན་བྱུག་པ་ཁ་དོག་འཆང་བ་ལ་སོགས་པ་སྤོང་བ་ནི་སྒེག་པ་སྤོང་བའི་བརྟུལ་ཞུགས་སོ། །དེ་ལྟར་གསུམ་ནི་བརྟུལ་ཞུགས་ཀྱི་ཡན་ལག་གསུམ་སྟེ་དེ་ལྟར་ན་ཡན་ལག་བརྒྱད་དོ། །གསུམ་པ་ཆོ་ག་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གསོ་སྦྱོང་ལ་དགོས་པ་ནི་གང་ཟག་གི་རིགས་ཀྱིས་དབྱེ་བ་ཡིན་ཏེ། ཐེག་པ་ཆེན་པོའི་གང་ཟག་གིས་ནི་སེམས་ཅན་གྱི་དོན་གྱི་དགོས་པ་ཡོད་དེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱ་སྟེ། ཞེས་བཤད་པ་ལྟ་བུའོ། །ཉན་ཐོས་དང་རང་རྒྱལ་གྱི་གང་ཟག་རྣམས་ཀྱིས་ནི་བྱང་ཆུབ་རྣམ་པར་གྲོལ་བའི་ཡན་ལག་ཏུ་འགྱུར་བ་སྟེ། བྱང་ཆུབ་ཀྱི་ཡན་ལག་ནི་ཚུལ་ཁྲིམས་ཞེས་བཤད་པ་ལྟ་བུའོ། །དེ་ལས་གཞན་པ་ལས་དང་པོ་པའིའང་ཆེས་དང་པོ་པ་རྣམས་ཀྱིས་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་ལེགས་སྨོན་གྱི་ཚུལ་ཁྲིམས་སྐྱེ་བས་དེའི་དབང་དུ་བྱས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་རྩོལ་བར་བགྱིད། །ཅེས་བཤེས་པའི་སྤྲིང་ཡིག་ལས་གསུངས་པ་ལྟ་བུའོ། །རིམ་གྱིས་སྦྱོང་བའི་སྐབས་འདིར་གང་ཟག་ཐ་མ་གཟུང་བར་བྱའོ། །དེ་ལྟར་གསོ་སྦྱོང་ལ་གནས་པ་ཉིན་ཞག་གི་མཐའི་ཚུལ་ཁྲིམས་བསྲུང་ནུས་པ་དེ་ལ། དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་གསུངས་པས་འདི་ལ་བསླབ་པར་བྱའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་འདིའང་སོ་སོར་ཕྱེ་ན་དྲུག་སྟེ། གང་ཟག་དང༌། བསམ་པ་དང༌། རབ་ཏུ་དབྱེ་བ་དང༌། མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ་དང༌། ཐོབ་པ་གཏོང་བའི་རྒྱུ་དང༌། ཐོབ་ནས་བསྲུང་བའི་ཚུལ་ལོ། །དང་པོ་གང་ཟག་ནི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་དོ། །གཉིས་པ་ནི། དེ་ལྟ་བུའི་ཚུལ་ཁྲིམས་འདིའང་གང་ཟག་གི་བསམ་པའི་བྱེ་བྲག་གིས་རྣམ་པ་བཞིར་འགྱུར་ཏེ། ཚེ་འདིའི་འཚེ་བ་དང༌། རྒྱལ་པོའི་འཇིགས་པ་དང༌། ཕྱི་མའི་ངན་སོང་གི་འཇིགས་པའི་སྒོ་ནས་ཚུལ་ཁྲིམས་བསྲུང་བ་རྣམས་ནི། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཞེས་བྱའོ། །ཚེ་འདིའི་བདེ་བ་དང་ཕྱི་མའི་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བའི་སྒོ་ནས་ཚུལ་ཁྲིམས་བསྲུང་བ་རྣམས་ནི་ལེགས་སྨོན་གྱི་ཚུལ་ཁྲིམས་ཞེས་བྱའོ། །འཁོར་བའི་རྒྱ་མཚོ་ལས་ཐར་པ་དོན་དུ་གཉེར་བའི་སྒོ་ནས་བསྲུང་བ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་གི་ཚུལ་ཁྲིམས་ཞེས་ཀྱང་བྱ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་ཀྱང་བྱ། སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱའོ། །བདེན་པ་མཐོང་བ་རྣམས་ལ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཞེས་བྱ་བ་ཡིན་ནོ། །སྤྱི་དོན་གསུམ་པ་རབ་ཏུ་དབྱེ་བ་ལ་གཉིས། སོ་སོར་ཐར་པ་རིགས་བདུན་དང༌། དེ་བསླབ་པའི་གནས་བཅུར་བསྡུ་བའོ། །དང་པོ་བསྡུ་ན་རྫས་བཞི་སྟེ། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས་དང༌། བར་སློབ་མ་དང༌། དགེ་སློང་ཕ་མ་གཉིས་སོ། །དང་པོ་ལ་གཉིས། དགེ་བསྙེན་གྱི་བསླབ་པའི་རྣམ་གྲངས་དང༌། དེ་ལ་འགལ་བ་སྤང་བའོ། །དང་པོ་ལ་དྲུག སྐྱབས་གསུམ་འཛིན་པ་དང༌། སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པ་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་ནོ། །དང་པོ་སྐྱབས་གསུམ་འཛིན་པའི་གང་ཟག་འདིའང་ནུས་ན་དང་པོ་ནས་བསླབ་པའི་གནས་བཅུ་ཉིད་ལ་བསླབ་ཀྱང་མི་ནུས་ན་སྲོག་གཅོད་པ་སྤོང་བ་ལ་སོགས་པ་གང་རུང་ཅིག་ལ་སློབ་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན། གཉིས་ལ་སློབ་ན་སྣ་འགའ་སྤྱོད་པ། གསུམ་ལ་སློབ་ན་ཕལ་ཆེར་སྤྱོད་པ་སྟེ། དེ་བཞི་ནི་ཡང་དག་པ་མ་ཡིན་ནོ། །རྩ་བ་བཞི་ཆང་དང་ལྔ་སྤོང་བ་ལ་སློབ་ན་ཡོངས་སུ་རྫོགས་པའི་དགེ་བསྙེན་ནོ། །དེའི་སྟེང་དུ་མི་ཚངས་པར་སྤྱོད་པ་བསྲུང་ན་ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱའོ། །དགེ་བསྙེན་འདིས་ནི་མི་དགེ་བ་བཅུ་ཀ་སྤོང་བ་ལ་བསླབ་པར་བྱ་སྟེ། མདོ་ལས། དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་ཆོས་དགེ་བ་བཅུ་སྤྱོད་པ་ཞེས་གསུངས་པས་སོ། །གཉིས་པ་དེ་ལ་འགལ་བ་སྤང་བ་ནི། དེ་ལྟར་ན་བསླབ་བྱ་ལྔ་དང་བཅུ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ཇི་སྐད་དུ། ཡན་ལག་ལྔ་ཡི་ཆོ་ག་ཡིས། །གཞུག་པ་རུ་ནི་འདོད་པས་སོ། །ཞེས་གསུངས་པས། བཅུ་སྨོས་ན་ནི་མངས་པས་འཇིགས་ལ། ལྔ་སྨོས་པས་འཇུག་པར་འགྱུར་རོ། །དེ་ལ་ལྔ་བསྲུངས་པས་བཅུ་ཤུགས་ཀྱིས་བསྲུང་བ་ཡིན་ནོ། །དེ་དག་རྒྱས་པར་མདོ་བསྟན་བཅོས་ཀུན་ནས་གསུངས་སོ། །དགེ་བསྙེན་གྱི་བསླབ་པ་འདི་ཡན་ཆད་ལ་ཞིབ་ཏུ་སློབ་པར་འདོད་པས་དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་ལས་སྟོན་པས་དེ་ལ་བསླབ་པར་བྱའོ། །དེའི་རྗེས་ལ་དགེ་ཚུལ་གྱི་སྡོམ་པ་ལ་སློབ་པར་འདོད་ན་འདིའང་བསླབ་པའི་གནས་བཅུ་ཞེས་བྱ་བ་འདི་ཉིད་ཀྱིས་ཤེས་ཏེ། གང་ཞིག་གཞན་གྱི་སྲོང་གཅོད་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ་བ་དང༌། །དུས་མིན་ཁ་ཟས་གསེར་དངུལ་ལྡོག་བྱེད་པའི། །ཡན་ལག་བཅུ་ནི་དགེ་ཚུལ་སྡོམ་པ་ཡིན། །ཞེས་ཀཱ་རི་ཀ་གསུམ་བརྒྱ་པ་ལས་གསུངས་པ་ལྟ་བུའོ། །དེའི་སྟེང་དུའང་ནུས་ན་དགེ་སློང་གི་སྡོམ་པའི་བར་དུའང་བླང་བར་བྱའོ། གཉིས་པ་དེ་བསླབ་པའི་གནས་བཅུར་བསྡུ་བ་ཡང༌། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཡང་ལ་ལ་ལུས་ཀྱི་ལས་གསུམ་གྱི་ཁོངས་སུ་འདུ། དེ་བཞིན་དུ་ལ་ལ་ངག་གི་ལས་བཞི། ལ་ལ་ཡིད་ཀྱི་ལས་གསུམ་སྟེ། མདོར་ན་བསླབ་པའི་གནས་བཅུར་མ་འདུས་པ་མེད་དོ། །དེ་དག་ཇི་ལྟར་འདུ་ཚུལ་ཡང་རྒྱས་པར་བཤད་པར་བྱའོ། །སྤྱི་དོན་བཞི་པ་མ་ཐོབ་པ་ཐོབ་པར་བྱེད་པ་ནི་གཞན་དུ་ཤེར་པར་བྱའོ། །ལྔ་པ་གཏོང་བའི་རྒྱུ་ནི། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་པ། །སོ་སོར་ཐར་པའི་འདུལ་བ་གཏོང༌། །ཞེས་བྱ་བ་གཞན་ནི་ཤེས་པར་ཟད་ལ། རྩ་བ་ཆད་པ་ནི་ལོག་ལྟ་སྐྱེས་པ་ཡིན་ལ། མཚན་མོ་འདས་པ་ནི་བསྙེན་གནས་ཀྱི་སྡོམ་པ་ནམ་ལངས་པ་དང་གཏོང་བའོ། །དེའི་སྟེང་དུ། ཉན་ཐོས་སྡེ་པ་ལ་ལ་དག ཁ་ཅིག་ལྟུང་བ་བྱུང་བ་ལས། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ན། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་འབྱུང་ངོ༌། །དྲུག་པ་ཐོབ་པ་བསྲུང་བའི་ཚུལ་ལ་གཉིས། མི་ཉམས་པར་བསྲུང་བ་དང༌། ཉམས་པ་ཕྱིར་བཅོས་པའོ། །འདི་དག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །བཞི་པ་དུས་ནམ་སྐྱེ་ངེས་པ་མེད་པའི་སེམས་བསྐྱེད་པ་ནི་སྤྱོད་པ་ཡིན་པས་སྐབས་འདིར་འབྱུང་མོད་ཀྱང་ཁ་ཅིག་དབང་བསྐུར་གྱི་སྟ་གོན་གྱི་དུས་ལ་སེམས་བསྐྱེད་མི་བྱེད་པའི་གང་ཟག་ཀྱང་ཡོད་པས། རེ་ཞིག་གཟུང་བདེ་བའི་ཕྱིར་འོག་ཏུ་བརྗོད་པར་བྱའོ། །སྤྱོད་པ་རིམ་པ་ཅན་ལ་བསླབ་པ་བསྟན་ཟིན་ཏོ། །དེ་ལྟར་གོང་དུ་བསྟེན་པའི་ཚུལ་གྱིས་སྤྱོད་པ་རིམ་ཅན་དུ་བསླབ་པ་ཚུལ་ཁྲིམས་ལ་ཅི་རིགས་པར་བསླབས་ནས། དེའི་འོག་ཏུ་ཐོས་པ་བྱའོ། །དེ་ལྟར་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་ལྟ་བུའོ། །དེའི་འོག་ཏུ་ཐོས་པ་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གོང་དུ་བསླབ་པའི་ཚུལ་ཁྲིམས་ཉིད་ཀྱང་ངེས་པར་འབྱུང་བ་མ་སྐྱེས་པ་རྣམས་ངེས་པར་འབྱུང་བར་སྒྱུར་བར་བྱེད། སྐྱེས་པ་རྣམས་ཀྱིའང་རབ་ཏུ་དབྱེ་བ་ལ་སོགས་པའི་བྱེ་བྲག་ཐམས་ཅད་ཤེས་པར་བྱེད། མྱ་ངན་ལས་འདས་པ་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ལ། དེའི་རྒྱུ་ནི་ཐོས་པ་ཡིན་ཏེ། མདོ་ལས། ཐོས་པས་བྱེ་བྲག་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་པ་ལྟ་བུའོ། །ཐོས་པ་འདིའང་བློ་གྲོས་ཆུང་བ་རྣམས་ལ་ལྟ་བ་རྣམས་རིམ་གྱིས་བསླབ་པར་བྱ་བ་ཡིན་པས་དེ་ལ་བཞི། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པའི་སེམས་ཙམ་པ་དང༌། དབུ་མ་པའོ། །དེ་ཡང་དང་པོ་བསྟན་པར་བྱ་སྟེ། རྒྱུད་ལས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །ཞེས་གསུངས་སོ། །དེ་ལ་བྱེ་བྲག་སྨྲ་བ་ཞེས་བྱ་བ་ནི་ཤེས་བྱ་གཞི་ལྔ་པོ་ཐམས་ཅད་རྫས་སུ་ཡོད་དེ། བྱེ་བྲག་ཏུ་སོ་སོར་ཕྱེ་ནས་སྨྲ་བའི་ཕྱིར་བྱེ་བྲག་ཏུ་སྨྲ་བའོ། །དེ་སྟོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཉིད་ལ་གཙོར་བྱེད་པ་སྟེ། ཁོ་ན་རེ། བཀའ་རྣམས་ནི་གདུལ་བྱའི་ངོར་གསུངས་པས་དྲང་བའི་དོན་མང་བ་ཡིན་ལ། བསྟན་བཅོས་འདི་ནི་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་གསུངས་པ་རྣམས་ཕྱོགས་གཅིག་ཏུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བྱས་པ་ཡིན་ནོ་ལོ། །དེས་ན་འདིར་གཙོར་བྱེད་པས་བྱེ་བྲག་སྨྲ་བའོ། །དེའི་ལུགས་ཀྱི་ཆོས་ཐམས་ཅད་བསྡུ་ན་གསུམ། ཤེས་བྱའི་གནས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །དེའང་དབྱེ་ན་བརྒྱད་ལས། དང་པོ་ཤེས་བྱའི་གནས་ཀྱིས་གཉིས་བསྟན་ཏེ། ཁམས་བསྟན་པ་དང༌། དབང་པོ་བསྟན་པའོ། །ཟག་པ་དང་བཅས་པས་འཇིག་རྟེན་དང༌། ལས་དང༌། ཕྲ་རྒྱས་གསུམ་མོ། །ཟག་པ་མེད་པས་ལམ་དང༌། གང་ཟག་དང༌། ཤེས་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་དང་གསུམ་དུ་སློབ་དཔོན་དབྱིག་གཉེན་གྱིས་ཕྱེའོ། །དེ་ལ་དང་པོ་ཤེས་བྱའི་གནས་བརྗོད་ན་གཉིས་ཏེ། རྒྱས་པར་དབྱེ་བ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། རྒྱས་པར་དབྱེ་བའི་ཚུལ་དང༌། དེ་བསྡུ་བའི་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་མདོ་ལས་རིལ་པོ་ལ་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་ལྔ་གསུངས་སོ། །གཟུགས་ལ་བདག་ཏུ་འཛིན་པའི་གཉེན་པོ་སྐྱེ་མཆེད་བཅུ་གཉིས་གསུངས་སོ། །གཟུགས་དང་སེམས་གཉིས་ཀ་ལ་བདག་ཏུ་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་གསུངས་སོ། །ཡང་འཁོར་བའི་རྒྱ་མཚོ་ལས་མྱ་ངན་ལས་འདས་པའི་སྐམ་སར་ཐོན་པར་བྱ་བའི་ཕྱིར་བདེན་པ་རྣམ་པ་བཞིའི་ཆོས་ཀྱང་གསུངས་སོ། །གཉིས་པ་བསྡུ་བའི་ཚུལ་ལ་གཉིས་ཏེ། ཟག་པ་དང་བཅས་པའི་ཆོས་དང༌། ཟག་པ་མེད་པའི་ཆོས་ཞེས་བྱ་བ་གཉིས་སམ། ཡང་འདུས་བྱས་ཀྱི་ཆོས་དང༌། འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་གཉིས་སོ། །དེ་ལ་དང་པོ་ཟག་པ་ཞེས་བྱ་བ་ནི། ཉོན་མོངས་པ་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བ་ནི་ཟག་པ་དང་བཅས་པ་སྟེ། དེའང་ལམ་གྱི་བདེན་པ་མ་གཏོགས་པ་ནི་འདུས་བྱས་རྣམས་ཏེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅུ་བདུན་དང༌། ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་རེ་ནི་ཟག་བཅས་སོ། །ཟག་པ་མེད་པ་ནི་ཉོན་མོངས་པ་ཉེ་བར་ཞི་བ་དང་རྒྱས་པར་མི་འགྱུར་བ་སྟེ་ལམ་གྱི་བདེན་པ་དང༌། ཆོས་ཀྱི་སྐྱེ་མཆེད་དང༌། ཁམས་ཀྱི་ཕྱོགས་གཅིག་དང་

། ནམ་མཁའ་དང་སོ་སོར་བརྟགས་པས་འགོག་པ་དང༌། བརྟགས་མིན་གྱི་འགོག་པ་དང༌། དྲུག་ནི་ཟག་པ་མེད་པའོ། །དེའང་སོ་སོར་བརྟགས་པ་ནི་གཉེན་པོའི་སྟོབས་ཀྱི་བཅོམ་པས་འགོག་པའོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་རྐྱེན་མ་ཚང་བས་འགོག་པའོ། །གཉིས་པ་ནི་ཡང་ཆོས་ཀྱི་བསྡུ་བས་ནི་ནམ་མཁའ་དང་འགོག་པ་གཉིས་མ་གཏོགས་པའི་ཆོས་ཐམས་ཅད་ནི་འདུས་བྱས་ཞེས་བྱ་སྟེ། རྒྱུ་དང་རྐྱེན་ལས་བྱས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གསུམ་པོ་ནི་བྱས་པའི་དངོས་པོ་མ་ཡིན་པའི་ཕྱིར་འདུས་མ་བྱས་ཞེས་བྱའོ། །དེ་དག་རབ་ཏུ་དབྱེ་བའི་དབང་དུ་བྱས་ན་གཟུགས་ཀྱི་ཕུང་པོ་ལ་སོགས་པ་འདི་རྣམས་ཀྱི་མཚན་ཉིད་དང་རྣམ་པར་གཞག་པ་དང༌། འདི་དག་ཁམས་གང་ལ་གང་ལྡན་པ་དང༌། ཐོགས་བཅས་དང་ཐོགས་མེད་དང༌། དམིགས་བཅས་དང་དམིགས་མེད་ལ་སོགས་པའི་རབ་ཏུ་དབྱེ་བ་དང༌། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་གཞག་པ་དང༌། ཤེས་བྱའི་གཞི་ལྔ་གཏན་ལ་དབབ་པ་དང༌། རྒྱུ་དྲུག་དང༌། འབྲས་བུ་ལྔ་དང༌། རྐྱེན་བཞིའི་མཚན་ཉིད་དང་གང་དང་གང་གིས་ཡིན་པ་ལ་སོགས་པའི་དབྱེ་བ་མཐའ་ཡས་པ་ནི་འདིར་སུས་སྨྲ་བར་ནུས་ཀྱིས་གཞན་ཉིད་དུ་བཙལ་བར་བྱའོ། །གཉིས་པ་བསྡུས་ཏེ་བསྟན་ན་ཤེས་བྱའི་གཞི་ལྔ་སྟེ། །དེའང་ཆོས་མངོན་པ་མཛོད་ལས། ཆོས་འདི་དག་ཐམས་ཅད་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང༌། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དང༌། འདུས་མ་བྱས་དང་ལྔར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་པའོ། །གཞན་དག་ནི་སྐྱེ་བའོ་ཞེས་འབྱུང་ངོ༌། །དེ་ལྟ་བུའི་ཤེས་བྱའི་གཞི་ལྔ་པོ་འདི་དག་ཐམས་ཅད་ནི་རྫས་སུ་ཡོད་པ་ཡིན་ལ། རྫས་སུ་མེད་པ་ཡིན་ན་སྐུར་པ་བཏབ་པར་འགྱུར་རོ་སྙམ་དུ་སེམས་སོ། །དེ་ལ་རྫས་ཞེས་བྱ་བ་ནི་དེ་ལྟ་བུའི་རིགས་སུ་གྱུར་པའི་ངོ་བོར་གྲུབ་པ་ཡིན་ནོ། །དེ་ལ་ཤེས་བྱ་གཟུགས་ཀྱི་གཞི་ནི་རྫས་ཤིན་ཏུ་ཉུང་བ་ལ་དྲུག་ཡོད་དེ། དཔེར་ན་གཟུགས་ཀྱི་ཁམས་ལ་དྲི་དང་རོ་མེད་པར་བཤད་པས་འབྱུང་བ་བཞི་དང༌། རེག་པ་དང༌། ཁ་དོག་གོ །གཟུགས་ཁམས་ཀྱི་ལུས་དབང་ལྡན་ལ་རྫས་བདུན་དང༌། དབང་པོ་གཞན་ལ་རྫས་བརྒྱད་དོ། །འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་སྟེ། དྲི་དང་རོ་ཡོད་པས་བརྒྱད་དོ། །ལུས་དབང་ལྡན་ལ་རྫས་དགུའོ། །དབང་པོ་གཞན་ལྡན་རྫས་བཅུར་འདོད། །ཅེས་སོ། །སྒྲ་དང་ལྡན་པར་སྐྱེ་ན་རྫས་བཅུ་གཅིག་དང་ལྡན་པར་སྐྱེའོ། །དེ་ལྟར་ན་གཟུགས་ཀྱི་གཞི་ཐམས་ཅད་རྫས་སུ་ཡོད་པའོ། །སེམས་ཀྱི་གཞི་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ །སེམས་ལས་བྱུང་བའི་གཞི་ནི་སེམས་བྱུང་ལྔ་བཅུ་རྩ་གཅིག་གོ །དེའང་སེམས་དང་སེམས་བྱུང་དེས་ལྷན་ཅིག་ཅེས་འདོད་དེ། འདི་གཉིས་ནི་ལྷན་ཅིག་ཏུ་སྐྱེའོ། །དེའང་རྟེན་མཚུངས་པ་དང༌། དམིགས་པ་མཚུངས་པ་དང༌། རྣམ་པ་མཚུངས་པ་དང༌། དུས་མཚུངས་པ་དང༌། རྫས་མཚུངས་པས་སོ། །དེས་ན་སེམས་དང་སེམས་བྱུང་གི་ཁྱད་པར་ཤིན་ཏུ་གཞག་པར་དཀའ་བས་སོ་སོའི་མཚན་ཉིད་བཤད་པ་འདི་ཙམ་ལ་ལྟོས་པ་ལས་མ་བཤད་དོ། །མི་ལྡན་པའི་འདུ་བྱེད་ཀྱི་གཞི་ནི་ཤིན་ཏུ་རྩོད་པ་མང་བར་འགྱུར་བའི་གནས་ཡིན་མོད་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཆོས་རྣམས་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱང་རྫས་སུ་ཡོད་པ་ཁོ་ན་ཡིན་ཏེ། འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་ཡིན་ནོ་ཞེས་མཛོད་ལས་བཤད་དོ། །དེ་ལྟ་བུའི་ཤེས་བྱའི་གཞི་བཞི་ནི་རྒྱུ་དང་རྐྱེན་རྣམས་ལས་སྐྱེ་བ་ཡིན་ནོ། །འདུས་མ་བྱས་ལ་ནི་སྐྱེ་བ་མེད་དོ། །འོ་ན་བསྟན་བཅོས་ལས་འབྲས་བུའི་ཆོས་ནི་འདུས་བྱས་ཐམས་ཅད་དང༌། སོ་སོར་བརྟགས་པ་འགོག་པའོ་ཞེས་བཤད་དོ་ཞེ་ན། དེ་ནི་ལམ་བསྒོམ་པའི་རྒྱུས་སོ་སོར་བརྟགས་པའི་འགོག་པ་ཐོབ་པ་དེ་ལ་བསམས་ནས་དེ་སྐད་སྨྲས་ཏེ། ཐོབ་པ་ནི་མི་ལྡན་པའི་འདུ་བྱེད་ཡིན་ལ། བྲལ་བ་ནི་འགོག་པ་ཡིན་པས་དེ་གཉིས་ཐ་དད་དོ། །བྲལ་བ་དང༌། ས་སོར་བརྟགས་པས་འགོག་པ་དང༌། རྟག་པ་དང༌། དགེ་བ་ཞེས་བྱ་བའི་རྫས་ཞིག་ཡོད་པ་དེ་འཕགས་པ་རྣམས་ཀྱིས་རིག་བྱ་ཡིན་ནོ། །ཞེས་དེ་ཙམ་ཞིག་བརྗོད་པར་ནུས་སོ། །དེ་བཞིན་དུ་སོ་སོར་མ་བརྟགས་པའི་འགོག་པ་ཞེས་བྱ་བ་དེའང་འདུས་བྱས་རྣམས་ཀྱིས་མི་སྐྱེ་བ་དེའང་སྔ་ན་ཡོད་པ་མ་ཡིན་ལ། དེའི་རྐྱེན་མ་ཚང་བས་སྐྱེ་བ་མེད་པར་གྱུར་པ་ནི་དེ་ལྟ་བུར་ཡོད་པའོ། །ནམ་མཁའ་འང་མི་སྒྲིབ་པར་གཟུགས་ཀྱི་གོ་འབྱེད་པར་བྱེད་པའོ། །ད་ལྟར་ན་འདུས་མ་བྱས་ཀྱང་རྫས་སུ་ཡོད་པར་འདོད་དོ། །དེ་ལྟར་གནས་གཉིས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་བསྟན་ཏེ་ཤེས་པར་བྱས་ནས་དེའི་འོག་ཏུ་གནས་གསུམ་གྱི་ཟག་པ་དང་བཅས་པ་སྟོན་ཏེ། དེ་ལ་གང་དུ་ཀུན་ནས་ཉོན་མོངས་པ་དང༌། གང་དག་ལ་ཀུན་ནས་ཉོན་མོངས་པ་སྡུག་བསྔལ་གྱི་བདེན་པ་དེ་ཤེས་པར་བྱ་བའི་ཕྱིར་གནས་གསུམ་པ་སྣོད་བཅུད་འཇིག་རྟེན་གྱི་གནས་ལུགས་ཤེས་པར་བྱ་བ་དེ་ལ་སློབ་བོ། །དེའི་རྗེས་ལ་དེ་དེར་སྐྱེ་བའི་རྒྱུ་གང་གིས་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་ཤེས་པར་བྱ་བའི་ཕྱིར་གནས་བཞི་པ་ལས་ཀྱི་རྣམ་པར་གཞག་པ་ལ་སློབ་བོ། །དེ་ནས་ལས་དེ་སྐྱེ་བར་འགྱུར་བ་ནི་ཉོན་མོངས་པའི་དབང་གིས་ཡིན་པས། ཉོན་མོངས་པའི་བྱེ་བྲག་གནས་ལྔ་པ་ཕྲ་རྒྱས་ཀྱི་དབྱེ་བ་ཤེས་པ་ལ་སློབ་བོ། །དེ་ལྟར་ན་ལས་བསྟན་པ་དང་ཕྲ་རྒྱས་བསྟན་པ་དེས་ཀུན་འབྱུང་གི་བདེན་པ་ཤེས་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཟག་པ་དང་བཅས་པའི་ཆོས་ཤེས་ནས། དེའི་འོག་ཏུ་གནས་གསུམ་གྱིས་ཟག་པ་མེད་པའི་ཆོས་ཤེས་པར་བྱ་བ་ལ་སློབ་བོ། །དེའང༌། བདེན་པ་མཐོང་དང་བསྒོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་དོ། །ཞེས་འབྱུང་ངོ༌། །འདི་ལ་གནས་དྲུག་པ་ལ་གསུམ་དང༌། བདུན་པ་དང་བརྒྱད་པ་ལ་རེ་རེའོ། །དེ་ལ་ལྔ་སྟེ། བདེན་པའི་དབྱེ་བསྟན་པ་དང༌། དེའི་མངོན་པར་རྟོགས་པ་སྐྱེ་བའི་ཚུལ་དང༌། དེའི་གང་ཟག་གི་དབྱེ་བ་དང༌། གང་ཟག་རྣམས་ཀྱི་ཤེས་པའི་དབྱེ་བ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པ་དང་ལྔའོ། །དེ་ལ་དང་པོ་བདེན་པའི་དབྱེ་བ་ནི། བདེན་པ་བཞིར་དབྱེ་བ་དང༌། གཉིས་སུ་དབྱེ་བའོ། །དེ་ལ་དང་པོ་ནི་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། །དེ་ལྟ་བུའི་བདེན་པ་བཞི་པོ་ཉིད་ཀྱང་སོ་སོར་བཞི་བཞི་སྟེ། རྣམ་པ་བཅུ་དྲུག་དང་ལྡན་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་སེམས་ཅན་གྱི་སྐྱེ་བ་དང༌། དེའི་གནས་སུ་བཅས་པ་འདི་རྣམས་ཡིན་ཏེ། སྡུག་བསྔལ་ཉིད་རྣམ་པ་གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བས་ཁུར་ལྟ་བུར་གྱུར་པའི་ཕྱིར་སྡུག་བསྔལ་བའོ། །གཏན་དུ་བ་མ་ཡིན་པའི་ཕྱིར་མི་རྟག་པའོ། །ནང་གི་སྐྱེས་བུ་དང་བྲལ་བའི་ཕྱིར་སྟོང་པའོ། །འདོད་དགུར་བྱེད་པ་མེད་པའི་ཕྱིར་བདག་མེད་པའོ། །དེ་ལྟར་སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་བཞིའི་ཚུལ་གྱིས་བདེན་པའོ། །དེ་ལ་ཀུན་འབྱུང་གི་བདེན་པ་ནི་དེར་སྐྱེ་བར་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་སྟེ། དེའང་བཞི་སྟེ། འོང་བའི་ཚུལ་གྱིས་ན་རྒྱུའོ། །འབྲས་བུ་མ་འོངས་པ་ན་འབྱུང་བས་ན་ཀུན་འབྱུང་བའོ། །འཕེལ་བར་བྱེད་པས་ན་རབ་ཏུ་སྐྱེ་བའོ། །སོ་སོར་འབྲང་བའི་དོན་གྱིས་ན་རྐྱེན་གྱི་རྣམ་པའོ། །དེ་ལྟར་ཀུན་འབྱུང་གི་བདེན་པའང་རྣམ་པ་བཞིར་བདེན་པའོ། །དེ་ལ་འགོག་པའི་བདེན་པ་ནི་གང་ཞིག་སྡུག་བསྔལ་རྒྱུ་དང་བཅས་པ་འགགས་པར་གྱུར་པའོ། །དེའང་བཞི་སྟེ། རྒྱུ་དང་འབྲས་བུའི་འབྲེལ་པ་ཞིག་པའི་ཕྱིར་འགོག་པའོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་ཞི་བའོ། །དགེ་བའི་ཕྱིར་གྱ་ནོམ་པའོ། །ཡིད་བརྟན་པའི་མཆོག་ཡིན་པའི་ཕྱིར་ངེས་པར་འབྱུང་བ་སྟེ། དེ་ལྟར་འགོག་པའི་བདེན་པའང་བཞིར་བདེན་པའོ། །དེ་ལ་ལམ་གྱི་བདེན་པ་ནི་གང་གིས་འགོག་པ་ཐོབ་པར་བྱེད་པའི་ལམ་གང་གིས་བདེན་པ་བཞི་ཤེས་པ་སྟེ། སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས། ཀུན་འབྱུང་བ་ལ་སྤང་བྱར་ཤེས། འགོག་པ་མངོན་དུ་བྱ་བར་ཤེས། ལམ་བསྟེན་པར་ཤེས་པའོ། །ཡང་ན་ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མཐར་ཕྱིན་པའི་ལམ་སྟེ་ལྔའོ། །དེ་དག་ཀྱང་རྣམ་པ་བཞིར་བདེན་ཏེ། ལམ་ངན་པའི་གཉེན་པོར་གྱུར་པས་ན་ལམ་མོ། །རིགས་པ་མ་ཡིན་པའི་གཉེན་པོའི་ཕྱིར་རིགས་པའོ། །མྱ་ངན་ལས་འདས་པའི་གྲོང་དང་མི་འགལ་བས་ན་སྒྲུབ་པའོ། །སྲིད་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ན་ངེས་པར་འབྱིན་པ་སྟེ། དེ་ལྟར་བཞིར་བདེན་པའོ། །གཉིས་པ་བདེན་པ་གཉིས་སུ་དབྱེ་བ་ནི། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །དེ་ལ་བདེན་པ་གཉིས་ཀྱི་ཁྱད་པར་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འདོར་བ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་ཏེ། དེ་ལ་རེ་ཞིག་གི་བློ་འཇུག་ཀྱང་ཕྱི་ནས་དེའི་བློ་མི་སྐྱེ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། དེ་བློ་ནམ་ཡང་མི་འདོར་བ་ནི་དོན་དམ་དུ་ཡོད་པའོ། །དེ་ལ་ཀུན་རྫོབ་ཏུ་ཡོད་པ་ནི་གཉིས་ཏེ། བཅོམ་ན་དེ་བློ་འདོར་བ་ནི་དཔེར་ན་བུམ་པ་ལྟ་བུ་སྟེ། བཅག་ན་བུམ་པའི་བློ་མི་སྐྱེ་བའོ། །ཤེས་རབ་ཀྱིས་བརྟགས་ན་དེ་བློ་འདོར་བ་ནི་དཔེར་ན་ཆུ་ལྟ་བུ་སྟེ། རོ་དང་དྲི་ལ་སོགས་པ་གུད་དུ་ཕྱེ་ན་ཆུ་ཉིད་མི་རྙེད་པ་ལྟ་བུའོ། །དེས་ན་ཀུན་རྫོབ་ཏུ་ཡོད་པ་ནི་ཐ་སྙད་ཙམ་དུ་ཡོད་པའོ། །དེས་ན་ཀུན་རྫོབ་ཀྱི་དབང་གིས་བུམ་པ་ཡོད་ཆུ་ཡོད་ཅེས་བྱ་བ་ལ་སོགས་པའང་བདེན་པ་ཁོ་ནར་སྨྲས་པ་ཡིན་ནོ། །དེ་ལ་དོན་དམ་པར་ཡོད་པ་ནི་ནམ་ཡང་བློ་མི་འདོར་བའོ། །དེ་ནི་དཔེར་ན་གཟུགས་ལྟ་བུ་སྟེ་རགས་པ་ཡིན་ཡང་རུང༌། ཕྲ་མོ་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་ངོ༌། །དེ་བཞིན་དུ་ཚོར་བ་ལ་སོགས་པའང་ཡིན་ཏེ། སྔར་བསྟན་པའི་ཤེས་བྱའི་གཞི་ལྔ་པོ་དེ་ཙམ་ཞིག་ཡིན་པར་བསམ་མོ། །ཡང་སློབ་དཔོན་ཁ་ཅིག་འཇིག་རྟེན་ལས་འདས་པའི་ཤེས་རབ་བམ། དེའི་རྗེས་ཐོབ་ལ་འཛིན་པ་དང་བྲལ་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། གཞན་གྱིས་འཛིན་པ་ནི་ཀུན་རྫོབ་བོ་ཞེས་འདོད་དོ། །གཉིས་པ་དེ་ལྟ་བུའི་བདེན་པ་དེ་དག་ལ་འཇུག་པ་དེའི་མངོན་པར་རྟོགས་པ་སྐྱེ་བའི་གོ་རིམ་ཇི་ལྟར་སྐྱེ་སྙམ་ན། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པས། གང་ཟག་འཇུག་པའི་གོ་རིམ་བཞི་སྟེ། དང་པོ་ཁོ་ནར་ཚུལ་ཁྲིམས་ལ་གནས་པ་ལ་རབ་ཏུ་སྦྱོར་རོ། །གཉིས་པ་དེའི་འོག་ཏུ་གསུང་རབ་ཀྱི་དོན་ཐོས་པར་བྱེད་པས་ཐོས་པ་ལ་སྦྱོར་རོ། །གསུམ་པ་ཐོས་པ་དེ་བསམ་པས་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་དོ། །བཞི་པ་བསམས་ནས་ཏིང་ངེ་འཛིན་བསྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་ལ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ལུང་གི་དོན་ངེས་པ་ལས་སྐྱེས་པའི་ཤེས་རབ་ཡིན་ལ། བསམས་བྱུང་ནི་དེ་ཉིད་ལ་རིགས་པའི་སྒོ་ནས་ངེས་པར་བརྟགས་པ་ལས་སྐྱེས་པ་ཡིན་ལ། བསྒོམས་བྱུང་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ནོ། །དེ་ལ་ཐོས་བསམ་གཉིས་ནི་ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་པ་ཡིན་པས། དེ་སྔོན་དུ་སོང་ནས་ཞི་གནས་བསྒྲུབ་པ་དང༌། ལྷག་མཐོང་བསྐྱེད་པའོ། །དང་པོ་ནི་བསྒོམ་པ་ལ་འཇུག་པ་ན། འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ལ་སོགས་པ་ཐག་བསྲིངས་ནས་བསྒོམ་མོ། །དེའང་འདོད་ཆགས་ཤས་ཆེ་ན་མི་སྡུག་པ་ནས་དང་པོ་བསྒོམས་ལ། རྣམ་པར་རྟོག་པ་ཤས་ཆེ་ན་བགྲང་བ་དང་རྗེས་སུ་རྟོག་པ་རླུང་ནས་དང་པོར་བསྒོམ་པ་ཡིན་ཏེ། མཛོད་ལས། དེ་ལ་འཇུག་པ་མི་སྡུག་དང༌། །དབུགས་དབྱུང་རྔུབ་པ་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷགས་རྣམས་ལ། །ཞེས་གསུངས་པས་སོ། །དེ་ལྟར་རྣམ་པ་གཉིས་ཀྱིས་ཞི་གནས་གྲུབ་ནས། དེ་ནས་ལྷག་མཐོང་བསྐྱེད་པར་བྱ་བའི་ཕྱིར་ལམ་ལྔ་ལ་འཇུག་སྟེ། དྲན་པ་ཉེ་བར་གཞག་པ་བཞིས་ཚོགས་ཀྱི་ལམ་དང༌། སྦྱོར་ལམ་ནི་ཡང་དག་པར་སྤོང་བ་བཞིས་དྲོད། རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་མོ། དབང་པོ་ལྔས་བཟོད་པ། སྟོབས་ལྔས་འཇིག་རྟེན་ཆོས་མཆོག་གོ །མཐོང་ལམ་འཕགས་པའི་ལམ་ཡན་ལག་བརྒྱད། བསྒོམ་ལམ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ནོ། །དེ་ལ་དང་པོ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡིན་ནོ། །དེ་ལྟར་དྲན་པ་ཉེ་བར་གཞག་པ་བསྒོམས་པའི་སྟོབས་ཀྱིས་བདེན་པ་བཅུ་དྲུག་པོ་རྣམས་ལ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱི་སྣང་བ་ཅུང་ཟད་སྐྱེས་པས་བརྩོན་འགྲུས་ཁྱད་པར་ཅན་ཐོབ་སྟེ། དེ་ནི་དགེ་བའི་རྩ་བ་དྲོ་བར་གྱུར་པ་ཞེས་བྱའོ། །དེའི་ཚེ་ཡང་དག་པར་སྤོང་བ་བཞི་ཕྱེའོ། །དེ་ལྟར་དྲོད་གོམས་པས་སྔར་གྱི་བདེན་པ་ལ་དམིགས་པའི་ཟུང་འབྲེལ་དེ་འཕེལ་བ་ལས་མཆོག་ཏུ་རྟོགས་པ་འབྱུང་བས་ན་རྩེ་མོའོ། །དེས་ཏིང་ངེ་འཛིན་གྲུབ་པས་ན་རྫུ་འཕྲུལ་གྱི་རྐང་པའོ། །རྩེ་མོ་ཐོབ་པ་ནི་དགེ་བའི་རྩ་བ་རྒྱུན་མི་ཆད་པར་འགྱུར་པའོ། །དེ་ནས་བདེན་པ་རྣམས་ཀྱི་ཆོས་ཉིད་ཀྱི་ཆ་ཤས་མཐོང་བ་དེ་ལ་བཟོད་པས་ན་བཟོད་པའོ། །དེའི་ཚེ་དབང་པོ་ལྔ་རབ་ཏུ་ཕྱེའོ། །བཟོད་པ་ཐོབ་པ་ནི་ངན་སོང་དུ་མི་འགྲོའོ། །དེ་ནས་ཏིང་ངེ་འཛིན་དེས་དེ་མ་ཐག་ཏུ་བདེན་པ་མཐོང་བ་འདྲེན་པར་བྱེད་པས་ཆོས་ཀྱི་མཆོག་གོ །དེའི་ཚེ་སྟོབས་ལྔ་རབ་ཏུ་ཕྱེའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཟག་པ་མེད་པའི་ལམ་བདེན་པ་མཐོང་བའི་མཐོང་ལམ་སྐྱེའོ། །དེ་ལྟར་ངེས་འབྱེད་ཆ་མཐུན་བཞི་ནི་སྦྱོར་བའི་ལམ་ཞེས་བྱའོ། །དེ་ནས་མཐོང་བའི་ལམ་ནི་བདེན་པ་བཞི་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་ཞེས་བྱ་བ་བཞི་བཞིར་ཕྱེ་བས་བཅུ་དྲུག་སྐྱེ་སྟེ། དེའང་ཞིབ་ཏུ་སྦྱར་ན་སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་བཞིན་དུ་ཀུན་འབྱུང་དང༌། འགོག་པ་དང༌། ལམ་ལ་ཡང་བཞི་བཞིར་དབྱེའོ། །ལམ་གྱི་བཅུ་དྲུག་པ་ནི་བསྒོམ་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་ཡིན་ནོ། །དེ་ལ་དང་པོ་ཁོ་ནར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་ཆོས་ཉིད་མཐོང་བའི་ཟག་མེད་ཀྱི་ཤེས་པ་དེས་མཐོང་སྤང་གི་ཉོན་མོངས་པ་སྤོང་བས་བཟོད་པ། དེས་རྣམ་པར་གྲོལ་བ་མངོན་དུ་བྱས་པས་ཆོས་ཤེས་པ། དེ་ལྟར་གཉིས་པོ་དེ་འཕགས་པའི་ཆོས་ཀྱི་རྒྱུར་ཤེས་པས་ལྷག་མ་རྣམས་ཀྱང་དེ་ལྟར་ཤེས་པ་ནི་རྗེས་སུ་ཤེས་པའི་བཟོད་པ། དེ་ངེས་པར་འཛིན་པ་ནི་རྗེས་སུ་ཤེས་པའོ། །དེ་ལྟར་སྐད་ཅིག་བཅུ་དྲུག་ཡིན་ཡང་བཅོ་ལྔ་པོ་བདེན་པ་མཐོང་བས་མཐོང་བའི་ལམ་མོ། །བཅུ་དྲུག་པ་ལ་སྔ་མ་ལས་ལྷག་མ་ལྟར་མེད་པས་བསྒོམ་ལམ་དུ་འདོད་དོ། །དེའི་ཚེ་ཡང་དག་པའི་ལྟ་བ་རྟོགས་པས་འཕགས་པའི་ལམ་ཡན་ལག་བརྒྱད་རྟོགས་པས་ཕྱེ་བའོ། །དེ་ནས་བསྒོམ་པའི་ལམ་སྟེ་མཐོང་བའི་ལམ་དེ་ཉིད་འཇིག་རྟེན་པའི་བསམ་གཏན་དང༌། འཇིག་རྟེན་ལས་འདས་པའི་བསམ་གཏན་གྱིས་གོམས་པར་བྱེད་པས་བསྒོམ་པའི་ལམ་སྟེ། དེའི་ཚེ་བྱང་ཆུབ་ཀྱི་ཡན་ལག་བདུན་སྐྱེའོ། །དེ་ཕན་ཆད་ནི་མཐར་ཕྱིན་པའི་ལམ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གསུམ་པ་དེ་ལྟ་བུའི་གང་ཟག་ཇི་ལྟ་བུ་ཞེ་ན། གང་ཟག་ནི་སྤྱིར་རིགས་ཅན་གསུམ་སྟེ། ཉན་ཐོས་ཀྱི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་རིགས་ཅན་དང༌། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རིགས་ཅན་ནོ། །དེ་ལྟར་གསུམ་པོ་དེ་དང་པོ་ཉིད་ནས་ལམ་སོ་སོ་ལ་འཇུག་པའང་ཡོད་ལ། རང་སངས་རྒྱས་དང༌། སངས་རྒྱས་ཉིད་ནི་རྩེ་མོ་ཐོབ་ཐོབ་ཉན་ཐོས་ཀྱི་ལམ་གྱིས་བགྲོད་ནས། དེ་ནས་སངས་རྒྱས་གཉིས་ཀྱི་ལམ་དུ་སྒྱུར་བར་བྱེད་པའང་ཡོད་དོ། །བཟོད་པ་ཐོབ་ནས་བསྒྱུར་མི་སྲིད་དེ། བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུའང་འགྲོ་དགོས་པའི་ཕྱིར་རོ། །སངས་རྒྱས་གཉིས་ཀྱི་གང་ཟག་ནི་ཚོགས་རྫོགས་ནས་ཚོགས་ལམ་མམ། དྲོད་རྩེ་མོ་ལ་གནས་ཏེ། ཚོགས་གཉིས་དང་བསམ་གཏན་ལ་སོགས་པ་ཐམས་ཅད་ལ་སློབ་པ་ཡིན་ཏེ། དེ་ལ་ཐར་པའི་ཆ་མཐུན་ལ་གནས་པ་ཞེས་བྱའོ། །དེའང་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་གསུམ། རང་སངས་རྒྱས་བསྐལ་པ་བརྒྱར་གནས་སོ། །དེ་ནས་སྟན་གཅིག་ལ་ལམ་ངེས་འབྱེད་ཆ་མཐུན་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ཏེ་སྐྱེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་ཤིན་ཏུ་རྣོ་བའི་ཕྱིར་རོ། །དེ་སྐད་དུ། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་སྟན་གཅིག་ལ་ཀུན། །དེ་ཡི་གོང་དུ་ཐར་ཆ་མཐུན། །ཞེས་བཤད་དོ། །ཉན་ཐོས་ཀྱི་གང་ཟག་ལ་གཉིས། སོ་སོའི་སྐྱེ་བོའི་གནས་སྐབས་དང༌། འཕགས་པའི་གནས་སྐབས་སོ། །དང་པོ་ནི་གཉིས། མཐོང་ལམ་མ་སྐྱེས་ཀྱི་བར་དུ་དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་སོ། །གཉིས་པ་འཕགས་པའི་གནས་སྐབས་ལ་བཞི། རྒྱུན་ཏུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའོ། །དེ་དག་རེ་རེ་ལ་ཡང་འབྲས་བུ་ལ་ཞུགས་པ་དང༌། འབྲས་བུ་ཐོབ་པ་སྟེ་བརྒྱད་དུ་འགྱུར་རོ། །དང་པོ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གཉིས། དེ་མ་ཐག་དགྲ་བཅོམ་པ་ཐོབ་པ་ནི་རྒྱུན་ཞུགས་ཅིག་ཆར་བའོ། །རྒྱུན་ཞུགས་རིམ་གྱིས་པ་ནི་ནན་ཏར་འགོར་ན་ལན་བདུན་པའོ། །གཉིས་པ་ནི་དེ་འདོད་ཁམས་ཀྱི་བསྒོམ་སྤང་གི་ཉོན་མོངས་པ་ལྔ་ཟད་པར་གྱུར་པས་མིར་ལན་ཅིག་ཕྱིར་འོང་ན་ཕྱིར་འོང་བའོ། །གསུམ་པ་འདོད་པའི་ཁམས་ཀྱི་བསྒོམ་སྤང་གི་ཉོན་མོངས་པའི་རྒྱུ་ཟད་པ་ནི་ཕྱིར་མི་འོང་བ་སྟེ་འདོད་ཁམས་སུ་མི་སྐྱེ་བའོ། །དེ་དག་གི་དབྱེ་བ་ནི་མཐའ་ཡས་པ་ཅིག་གནས་པ་ལས་བརྗོད་པར་ག་ལ་ནུས། བཞི་པ་ནི་སྲིད་པའི་རྩེ་མོའི་བར་གྱི་ཉོན་མོངས་པ་ཐམས་ཅད་ཟད་པ་ནི་དགྲ་བཅོམ་པ་ལ་ཞུགས་པ་སྟེ། དེའི་ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའོ། །དེས་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་ན་དགྲ་བཅོམ་པ་ཐོབ་པའོ། །དེ་ཡན་ཆད་ནི་འབྲས་བུ་ཐོབ་པ་ལ་སློབ་པ་ཡིན་ལ། དེ་ནས་ནི་མི་སློབ་པ་ཞེས་བྱའོ། །དགྲ་བཅོམ་པ་ཉིད་ལ་བྱེ་བྲག་མི་མཐུན་པ་དྲུག་ཡོད་དོ། །ཡོངས་སུ་ཉམས་པའི་ཆོས་ཅན་དང༌། འཆི་བར་སེམས་པའི་ཆོས་ཅན་དང༌། རྗེས་སུ་བསྲུང་བའི་ཆོས་ཅན་དང༌། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་དང༌། རྟོགས་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ཀྱང་གོ་རིམ་བཞིན་དུ་ཕྱི་མ་ཕྱི་མ་མཆོག་ཡིན་པར་མངོན་ནོ། །རང་སངས་རྒྱས་དང༌། སངས་རྒྱས་གཉིས་ཀྱང་མི་གཡོ་བའི་ཆོས་ཅན་གྱི་བྱེ་བྲག་ཡིན་ནོ། །བཞི་པ་དེ་ལྟ་བུའི་གང་ཟག་རྣམས་ཀྱི་ཤེས་པའི་དབྱེ་བ་ནི། ཤེས་པ་ཐམས་ཅད་བསྡུ་ན་གསུམ་དུ་དབྱེ་བ་དང༌། དེ་བཅུར་དབྱེ་བ་དང༌། དེ་དག་གང་ཟག་གང་ལ་ལྡན་པའོ། །དང་པོ་ལ་གསུམ་ཡིན་ཏེ། ཀུན་རྫོབ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའོ། །གཉིས་པ་ནི། དེ་ལས་ཤེས་པ་དབྱེ་ན་བཅུ་ཐམ་པ་ཡིན་ཏེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པོའོ། དེ་ལ་ཀུན་རྫོབ་ཤེས་པ་ནི་བུམ་པ་དང༌། སྣམ་བུ་དང༌། ཆུ་ཞེས་བྱ་བ་ལ་སོགས་པ་ཤེས་པ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་མཐའ་དག་ལ་འཇུག་པ་ཡིན་ནོ། །ཆོས་ཤེས་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ཤེས་པ་ཡིན་ནོ། །རྗེས་སུ་ཤེས་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བདེན་པ་བཞི་ཤེས་པ་ཡིན་ནོ། །ཕ་རོལ་གྱི་སེམས་ཤེས་པ་ནི་སེམས་ཅན་ཕ་རོལ་གྱི་སེམས་འདི་ནི་འདོད་ཆགས་དང་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་ཕ་རོལ་གྱི་སེམས་གང་ཡིན་པ་དེའི་རྣམ་པ་འཛིན་པ་ཡིན་ནོ། །སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་ཟག་པ་མེད་པ་སྟེ། བདེན་པ་བཞི་ལ་བཅུ་དྲུག་ཏུ་ཕྱེ་བ་ཉིད་ལ་འཇུག་པ་ཡིན་ནོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པར་ཤེས་པ་ལ་སོགས་པ་བཞི་ཡིན་ལ། བདག་གི་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྟེན་ནོ་ཞེས་བྱ་བར་ཤེས་པ་ནི་ཟད་པ་ཤེས་པ་ཡིན་ལ། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་མི་སྐྱེ་བ་ཤེས་པ་ཡིན་ནོ། །འདི་དག་ཕན་ཚུན་གང་དང་གང་འབྲེལ་བ་ནི་དགོས་པ་ཆུང་བས་འདིར་མི་བརྗོད་དོ། །གསུམ་པ་ཤེས་པ་དེ་དག་གང་ཟག་གང་ལ་ལྡན་ཞེ་ན། བཞི་སྟེ། སོ་སོ་སྐྱེ་བོ་ཤེས་པ་གཅིག་གམ་གཉིས་དང་ལྡན་པ་སྟེ། མཐོང་བསྒོམ་པ་བདུན་ནམ་བརྒྱད་དང་ལྡན་པ་དང༌། དགྲ་བཅོམ་པ་བཅུ་ཀ་དང་ལྡན་པ་དང༌། སངས་རྒྱས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པའོ། །དང་པོ་ནི་སོ་སོ་སྐྱེ་བོ་ངེས་འབྱེད་ཆ་མཐུན་མན་ཆད་ལ་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །གལ་ཏེ་སོ་སོ་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ཕ་རོལ་གྱི་སེམས་ཤེས་པ་དང་ཡང་ལྡན་ནོ། །མཐོང་བའི་ལམ་ནས་ཆོས་ཤེས་པ་དང་ལྡན་ཏེ། དེའང་སྐད་ཅིག་དང་པོ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང་ལྡན་ནོ། །དེ་བཞིན་དུ་རེ་རེ་བསྣན་པས་བདུན་དུ་འགྱུར་ལ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ཕ་རོལ་གྱི་སེམས་ཤེས་པ་དང་ལྡན་པས་བརྒྱད་དུ་འགྱུར་རོ། །བསྒོམ་པའི་ལམ་ནི་དེ་ཉིད་གོམས་པར་བྱ་བ་ལས་གཞན་བསྣན་དུ་མེད་དོ། །དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་གྱིས་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པས་ཤེས་པ་བཅུ་དང་ལྡན་ནོ། །དེ་ལྟ་བུའི་ཤེས་པ་བཅུ་དང་ལྡན་པ་ཐོབ་པས་ཡོན་ཏན་གྱི་ཁྱད་པར་དུ་མ་ཐོབ་སྟེ། ཤེས་པ་བཅུ་པོ་ཉིད་ལས་མ་འདས་སོ། །དེ་ལ་སངས་རྒྱས་ཀྱིས་ནི་ཡོན་ཏན་ཐུན་མོང་མ་ཡིན་པ་དང་ཐུན་མོང་པ་གཉིས་ཐོབ་སྟེ། དེ་ལ་ཡོན་ཏན་ཐུན་མོང་མ་ཡིན་པ་ནི་གསུམ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མཉམ་པ་དང་མི་མཉམ་པའི་ཆ་བཤད་པ་དང༌། ཕུན་སུམ་ཚོགས་པ་གསུམ་བཤད་པའོ། །དང་པོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པའོ། །གཉིས་པ་ནི། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་དང་མི་མཉམ་པའི་ཡོན་ཏན་གྱི་ཆ་བཤད་པ་ལ། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་བཤད་དོ། །གསུམ་པ་ནི། དེ་ལ་སངས་རྒྱས་ཐམས་ཅད་ནི་རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པའོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་བར་ཆད་མེད་པར་ཡུན་རིང་དུ་གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ལ་བཞི་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤངས་པ་ཕུན་སུམ་ཚོགས་པ་དང༌། མཐུ་ཕུན་སུམ་ཚོགས་པ་དང༌། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ནི་ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བར་མཛད་པའམ། ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་མཛད་པ་སྟེ་བཞིའོ། །འདི་དག་ནི་མདོར་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་མ་འདྲེས་པ་སྟེ། གཞན་དབྱེ་བ་མཐའ་ཡས་པ་ནི་སུ་ཞིག་གིས་བརྗོད་པར་ག་ལ་ནུས་ཏེ་མཐའ་ཡས་པ་མངའ་བས་སོ། །གཉིས་པ་ཐུན་མོང་བ་ལ་གཉིས་ཏེ། ཡོན་ཏན་གཞན་ཉན་ཐོས་དང་ཐུན་མོང་བ་དང༌། འཇིག་རྟེན་པ་དང་ཐུན་མོང་བའོ། །དང་པོ་ལ་བཞི། ཉོན་མོངས་པ་མེད་པ་དང༌། སྨོན་གནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། མངོན་ཤེས་དྲུག་གི་ཟག་པ་ཟད་པའི་མངོན་པར་ཤེས་པའོ། །འཇིག་རྟེན་པ་དང་ཐུན་མོང་བ་ནི། མངོན་པར་ཤེས་པ་དང༌། བསམ་གཏན་དང༌། གཟུགས་མེད་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་བ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པའོ། །མངོན་པར་ཤེས་པའང་དབྱེ་ན་དྲུག་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ལྷའི་མིག་དང༌། རྣ་བའི་མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་དང༌། ལྔ་ནི་འཇིག་རྟེན་པ་དང༌། ཐུན་མོང་བ་ཡིན་ལ། དྲུག་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་ཁྱད་པར་བའོ། །དེ་ལྟ་བུའི་ཡོན་ཏན་གྱི་རབ་ཏུ་དབྱེ་བ་དང༌། མཚན་ཉིད་དང༌། དེ་དག་ཤེས་པ་གང་དང་གང་གིས་བསྡུས་པ་ལ་སོགས་པ་ནི་གཞན་དུ་ཤེས་པར་བྱ་སྟེ། འདིར་ནི་སྤྱིའི་རྣམ་པ་ཙམ་ཞིག་བསྟན་ཏོ། །སྤྱི་དོན་ལྔ་པ་ཏིང་ངེ་འཛིན་གྱི་ཁྱད་པར་ནི་ཡོན་ཏན་གྱི་ཁྱད་པར་དེ་དག་ཀྱང་སྙོམས་པར་འཇུག་པ་ལས་ཐོབ་པ་ཡིན་པས་དེའི་དབྱེ་བ་ཅུང་ཟད་བཤད་ན་བཞི། མིང་གི་དོན་དང༌། རྫས་སུ་དབྱེ་བ་དང༌། དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་ཚུལ་དང༌། དེ་ལ་བརྟེན་ནས་རིགས་ཅན་གསུམ་གྲོལ་བའི་ཚུལ་ལོ། །དེ་ལ་དང་པོ་ནི་དགེ་བའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ལ། ཏིང་ངེ་འཛིན་དེ་ཉིད་ཡན་ལག་དང་ལྡན་ཞིང་ཞི་གནས་དང༌། ལྷག་མཐོང་ཟུང་དུ་འབྲེལ་བ་ནི་བསམ་གཏན་ནམ་སྙོམས་པར་འཇུག་པ་ཞེས་བྱའོ། །དེའང་ལས་ཀྱི་དབང་གིས་གཟུགས་ཁམས་དང༌། གཟུགས་མེད་དུ་སྐྱེས་པ་རྣམས་ནི་དེར་སྐྱེས་པས་ན་བསམ་གཏན་ཞེས་བྱ་བ་ཉིད་ཡིན་ལ། རྣལ་འབྱོར་པ་རྣམས་དེ་ལྟ་བུ་ལ་འཇུག་པ་རྣམས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་འགྱུར་པའི་ཕྱིར་སྙོམས་པར་འཇུག་པ་ཞེས་བྱའོ། །གཉིས་པ་དེའང་རྫས་སུ་དབྱེ་ན་བསམ་གཏན་བཞི་དང༌། གཟུགས་མེད་སྐྱེ་མཆེད་མུ་བཞིའོ། །གསུམ་པ་ནི་འདི་དག་ཟག་པ་དང་བཅས་པས་བསྒོམས་ན་འཇིག་རྟེན་པའི་བསམ་གཏན་ནོ། །ཟག་མེད་དེ་ལམ་གྱི་བདེན་པ་དང་ལྡན་པས་བསྒོམས་ན་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་གོ །བཞི་པ་ནི་འདི་དག་ཀྱང་ཅི་རིགས་པར་དྲོ་བར་གྱུར་པ་ནས་བརྩམས་ཏེ་དགྲ་བཅོམ་པ་མི་གཡོ་བར་གྱུར་པའི་ཆོས་ཅན་གྱི་བར་ལ་རིམ་གྱིས་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་ཡོད་དོ། །དེ་ལ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ནི་བསམ་གཏན་བཞི་པ་ལ་བརྟེན་ཏེ་དེ་ཡང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་འཐོབ་སྟེ། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ། བདག་མེད་པ་དང༌། སྟོང་པ་ཉིད་མཚུངས་པར་ལྡན་པས་སྟོང་པ་ཉིད། ལམ་ཡང་གཟིངས་ལྟ་བུར་འབོར་བའི་ཕྱིར་སྨོན་པ་མེད་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་འདི་ཐོབ་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ཡང༌། མར་མེ་ཤི་བར་གྱུར་བ་ལྟར། །དེ་ཡི་སེམས་ཀྱི་རྣམ་པར་ཐར། ཞེས་སོ། །ཡང་བཅོམ་ལྡན་འདས་འདིས་ནི་རྡོ་རྗེའི་གདན་དུ་ཉོན་མོངས་པ་དང་ལྷའི་བུའི་བདུད་བཏུལ་ལ། ཡངས་པ་ཅན་དུ་སླར་སྐུ་ཚེ་བྱིན་གྱིས་བརླབ་པའི་ཕྱིར་འཆི་བདག་གི་བདུད་བཏུལ་ལ། རྩ་མཆོག་གི་གྲོང་ཁྱེར་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཉེ་བར་བསྟན་པར་མཛད་པའི་ཕྱིར་ཕུང་པོའི་བདུད་བཏུལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་དེ་དག་གིས་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་གྲུབ་པའི་མཐའ་མདོ་ཙམ་བརྗོད་པ་ཡིན་པས་དེ་ལྟར་བསྟན་ཏོ། །འདི་རྒྱས་པར་ཤེས་པར་འདོད་ན་ཆོས་མངོན་པ་མཛོད་ལེགས་པར་བསླབ་པར་བྱའོ། །དེ་ལྟར་བྱེ་བྲག་ཏུ་སྨྲ་བ་ལེགས་པར་བསྟན་ནས། མདོ་སྡེ་པ་ཡང་དེ་བཞིན་ནོ་ཞེས་གསུངས་པས་དེ་ལ་བསླབ་པར་བྱའོ། །དེའང་མདོ་སྡེ་ཉིད་ལ་ཚད་མར་འཛིན་པས་ན་མདོ་སྡེ་པ་ཞེས་བྱ་སྟེ། འདིའི་ལུགས་ཀྱང་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བ་དང་མཐུན་མོད་ཀྱི། འོན་ཀྱང་དེ་ལས་ཁྱད་པར་ཅུང་ཟད་ཅིག་བརྗོད་པར་བྱའོ། །དེ་ལ་གཉིས། བྱེ་བྲག་ཏུ་སྨྲ་བ་སུན་དབྱུང་བ་དང༌། རང་གི་གྲུབ་མཐའ་བརྗོད་པའོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བས་ལོག་པར་བཏགས་པ་མང་དུ་ཡོད་ཀྱང་མདོར་བསྡུས་པ་ཙམ་བརྗོད་ན་གཉིས་ཏེ། མདོ་བས་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལ་ཚད་མར་བྱེད་པ་དང༌། ཤེས་བྱའི་གཞི་ལྔ་ཀ་རྫས་སུ་ཡོད་པར་འདོད་པའོ། །དེ་ལ་དང་པོ་མི་འཐད་དེ། སློབ་དཔོན་དབྱིག་གཉེན་གྱིས། བསྟན་བཅོས་དང་འགལ་བ་ནི་བླའི་མདོ་དང་འགལ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པས་སོ། །དེ་ལྟ་མ་ཡིན་ཏེ། མདོ་ལས་གདུལ་བྱ་ལ་དགོངས་ཏེ་གསུངས་པ་མང་ངོ་སྙམ་ན། ཁྱོད་རང་གི་གཞུང་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་བཤད་པ་མ་ཡིན་ནམ། དེས་ན་ཆོས་ཐམས་ཅད་གདུལ་བྱའི་ངོར་གསུངས་པས་ན་ཐམས་ཅད་ལེགས་པར་གསུངས་པ་ཁོ་ནའོ། །གཉིས་པ་ཤེས་བྱའི་གཞི་ལྔ་རྫས་སུ་འདོད་པ་ལས། དེ་ལ་རྫས་ཞེས་བྱ་བ་ནི་ཅི་ཞིག དེ་དེའི་ཐ་སྙད་ཀྱིས་བརྗོད་དུ་རུང་བའི་ངོ་བོ་ཙམ་ལ་བྱའམ། རང་གི་མཚན་ཉིད་ཀྱི་དངོས་པོར་ཡོད་པ་ལ་བརྗོད་ཅེས་དྲི་བར་བྱའོ། །དེ་ལ་དང་པོ་ཡིན་ནོ་ཞེ་ན། འོ་ན་ཐམས་ཅད་རྫས་སུ་ཡོད་པར་འགྱུར་པས་བཏགས་པའི་ཡོད་པ་གཞན་མི་སྲིད་པར་འགྱུར་རོ། །གལ་ཏེ་གཉིས་པ་ཡིན་ནོ་ཞེ་ན། རང་གི་མཚན་ཉིད་ཀྱི་དངོས་པོར་ཡོད་པ་དེ་ནི་གཟུགས་ཀྱི་གཞི་དང༌། སེམས་ཀྱི་གཞི་དང༌། སེམས་ལས་བྱུང་བའི་གཞི་ནི་རྫས་སུ་ཡོད་པ་བདེན་ན་མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་རྫས་སུ་ཡོད་པར་ག་ལ་འགྱུར། དེ་ལ་མི་ལྡན་པའི་འདུ་བྱེད་ཐོབ་པ་ལ་སོགས་པའང་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་ཆོས་ཉིད་ལ་བཏགས་པ་ཡིན་ཏེ། དེ་མ་ཡིན་ན་དེ་ལྟར་ཡོད་པའི་རང་བཞིན་སྟོན་ཅིག དེ་ནི་མངོན་སུམ་དང་རྗེས་སུ་དཔག་པ་གང་གིས་ཀྱང་བསྟན་པར་མི་ནུས་པའི་ཕྱིར་ཡོད་པ་མ་ཡིན་ནོ། །ཡང་སྐྱེ་བ་ལ་སོགས་པ་རྫས་སུ་ཡོད་པའི་ཕྱིར་དུས་གསུམ་ཀྱང་རྫས་སུ་ཡོད་པར་ཐལ་ལོ། །དེ་འདོད་ན་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་དུ་ཡོད་པའི་ཕྱིར་འདས་པ་དང་མ་འོངས་པ་མ་ཡིན་པར་འགྱུར་རོ། །ཡང་འདུས་མ་བྱས་རྫས་སུ་ཡོད་པས་མྱ་ངན་ལས་འདས་པའང་རྫས་སུ་ཡོད་པར་ཐལ་ལོ། །མདོར་ན། མར་མེ་ཤི་བ་ཇི་བཞིན་དུ། །དེ་ཡི་སེམས་ཀྱི་རྣམ་པར་ཐར། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །དེ་ལྟར་བྱེ་བྲག་ཏུ་སྨྲ་བ་སུན་ཕྱུང་ནས། མདོ་སྡེ་པས་རང་གི་གྲུབ་པའི་མཐའ་འཇོག་པ་ལ་གསུམ་སྟེ། མདོའི་རབ་ཏུ་དབྱེ་བ་དང༌། མདོའི་དོན་རྣམ་པར་གཏན་ལ་དབབ་པ་དང༌། མདོའི་ཚིག་བཤད་པའི་ཚུལ་བསྟན་པའོ། །དེ་ལ་དང་པོ་ནི་གསུང་རབ་ཡན་ལག་བཅུ་གཉིས་དང༌། སྡེ་སྣོད་གསུམ་མོ། །དེ་ཡང་བརྗོད་བྱའི་ཁྱད་པར་ནས་སྡེ་སྣོད་གསུམ་དུ་འགྱུར་ལ། རྗོད་བྱེད་ཀྱི་ཁྱད་པར་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་འགྱུར་བས་ན་ངོ་བོ་སྡེ་སྣོད་གསུམ་དུ་བསྡུ་ལ། དེ་དག་ཀྱང་ཐེག་པ་ཆེ་ཆུང་གཉིས་སུ་འབྱེད་དེ། དེའང་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་སྟེ་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེ་ཡིན་ནོ། །གླེང་གཞིའི་སྡེ་དང༌། རྟོག་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་ནི་ཉན་ཐོས་ཀྱི་འདུལ་བ་ཡིན་ནོ། །སྐྱེས་པ་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའི་འདུལ་བ་ཡིན་ལ། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཡིན་ནོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ། །རང་སངས་རྒྱས་ནི་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པ་ཡིན་ནོ། །གཉིས་པ་དེ་ལྟ་བུའི་མདོའི་དོན་གཏན་ལ་འབེབས་པ་ན། ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་གཏན་ལ་དབབ་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་གཏན་ལ་དབབ་པའོ། །དང་པོ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་རྣམས་སོ། །གཉིས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་ནི། འཕགས་པའི་བདེན་པ་བཞི་དང༌། སྟོང་པ་ཉིད་བཅུ་དྲུག་དང༌། དེ་བཞིན་ཉིད་གསུམ་དང༌། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང༌། རྣམ་པར་ཐར་པའི་སྒོ་གསུམ་གཏན་ལ་འབེབས་པའོ། །དེ་ལྟ་བུའི་དོན་དེ་དག་ཀྱང་བརྗོད་པའི་ཚུལ་བསམ་གྱིས་མི་ཁྱབ་པས་སློབ་དཔོན་རྣམས་ཀྱིས་ནི་སྣ་ཚོགས་ནས་བསྟན་ཀྱང༌། འདིར་སློབ་དཔོན་དབྱིག་གཉེན་གྱིས་བྱེ་བྲག་ཏུ་སྨྲ་བ་དང་བསྟུན་ནས། དེ་ལས་ཁྱད་པར་དུ་འཕགས་པའི་ཚུལ་དུ་བསྟན་པས་དེ་བཞིན་དུ་བྱས་ན། དེ་ལ་ཤེས་བྱའི་གཞི་ལྔ་ལས་གཟུགས་ཀྱི་གཞི་ནི་ཕྱི་རོལ་ན་འབྱུང་བ་བཞིའི་རྡུལ་ཕྲ་རབ་དང༌། དེ་ལས་རྫས་སུ་གྱུར་པ་རྫས་སུ་གནས་ཀྱང༌། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པས། ཇི་ལྟར་སྣང་ཚད་ཤེས་པ་ཉིད་ཡིན་ལ། དེ་ལྟར་སྣང་བའི་རྒྱུ་ཕྱི་རོལ་གྱི་དོན་གྱིས་བསྐྱེད་པར་འདོད་དོ། །དེས་ན་མྱོང་བའི་ཡུལ་ནི་བདག་ཉིད་གསལ་བ་ཡིན་ལ། དམིགས་པའི་ཡུལ་ནི་མྱོང་བ་དང་འདྲ་བ་ཕྱི་རོལ་གྱི་དོན་ཡིན་ཏེ། ཚད་མ་རྣམ་འགྲེལ་གྱི་མདོ་སྡེ་པའི་སྐབས་ལས། བདག་ཉིད་གསལ་བར་མྱོང་བ་ཡིན། །འདྲ་བར་སྣང་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་བདག་ཉིད་ཐ་དད་གནས། །ཞེས་སོ། །སེམས་དང་སེམས་ལས་བྱུང་བའི་གཞི་ནི་རང་གསལ་བ་སྐད་ཅིག་མའི་རྫས་སུ་གྲུབ་པར་འདོད་དོ། །མི་ལྡན་པའི་འདུ་བྱེད་ཀྱི་གཞི་ནི་དེ་གསུམ་གྱི་གནས་སྐབས་ཀྱི་ཆོས་ལ་བཏགས་པ་ཡིན་གྱི། དངོས་པོ་ཐ་དད་ཀྱི་རྫས་སུ་གྲུབ་པ་མེད་དོ། །འདུས་མ་བྱས་ཀྱི་གཞི་ནི་དངོས་པོ་མེད་པ་ཉིད་ལ་བཏགས་པ་ཙམ་དུ་འདོད་དོ། །དེས་ན་མྱ་ངན་ལས་འདས་པའང་དངོས་པོ་མེད་པར་འདོད་དོ། །ལམ་དང་གང་ཟག་གི་ཁྱད་པར་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ནི་བྱེ་བྲག་ཏུ་སྨྲ་བ་དང་ཕལ་ཆེར་འདྲ་ལ། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་ལས་ས་བཅུའི་མདོ་ལས་གསུངས་པར་འདོད་དོ། །བྱང་ཆུབ་སེམས་དཔའི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱད་པར་སྐུ་གསུམ་མམ། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་ཀྱང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མདོ་ལས་གསུངས་པས་དེ་ལྟར་འདོད་དོ། །གཞན་ཁྱད་པར་ཕྲ་མོ་མང་དུ་ཡོད་དེ་གཞན་དུ་ཤེས་པར་བྱའོ། །གསུམ་པ་མདོའི་ཚིག་འཆད་པའི་ཚུལ་ནི། སློབ་དཔོན་དབྱིག་གཉེན་གྱིས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་རྣམ་བཤད་རིགས་པ་ལས་གསུངས་པ་ལྟ་བུའོ། །སློབ་དཔོན་ཐོགས་མེད་ཀྱིས་ནི། རྣམ་པར་བཤད་པའི་སྒོ་བཅུ་བཞི་ལ་སོགས་པ་གསུངས་སོ། །མདོ་སྡེ་པའི་གྲུབ་པའི་མཐའ་རྒྱས་པར་ཤེས་པར་འདོད་ན་མཛོད་ཀྱི་འགྲེལ་པར་ཤེས་པར་བྱའོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་བ་འདིའང་མདོ་སྡེ་པའི་གྲུབ་པའི་མཐའ་ཉིད་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན། འདི་ནས་བཤད་པ་དང༌། མཛོད་འགྲེལ་དུ་མདོ་སྡེ་པར་བཏགས་པའི་གྲུབ་མཐའ་ཁྱད་པར་མེད་པར་སྣང་བའི་ཕྱིར་དང༌། ད་ལྟའི་འཆད་པ་པོ་རྣམས་ཀྱང་ཐེག་པ་ཐུན་མོང་གི་སྡོམ་ཞེས་བྱ་བ་ཡིན་ཞེས་ཟེར་བ་དང༌། སེམས་ཙམ་པ་ཕྱི་རོལ་གྱི་དོན་ཁས་བླངས་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་བའི་ཕྱིར་ཏེ། སེམས་ཙམ་ཡིན་ན་ཕྱི་རོལ་གྱི་དོན་ཁས་བླངས་པ་འགལ་བའི་ཕྱིར་རོ། །ཡང་གཞུང་དེར་རྣམ་པར་རིག་པ་ཙམ་དུ་བསྟན་པའང་འགའ་ཡང་མེད་པའི་ཕྱིར་རོ། །མདོ་སྡེ་པ་འདི་ཐེག་པ་ཆེན་པོའི་གྲུབ་མཐའ་ཡིན་ནམ། ཉན་ཐོས་ཀྱི་གྲུབ་མཐའ་ཡིན་ཞེ་ན། འདི་ནི་གྲུབ་པའི་མཐའ་འཛིན་པའི་ཉན་ཐོས་ཀྱི་གཞུང་ཡིན་ཏེ། སློབ་དཔོན་བྷ་ཝ་པས་རྟོག་གེ་འབར་བ་ལས། ཐམས་ཅད་ཡོད་པར་སྨྲ་བ་དེ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་སྨྲ་བ་ཞེས་བྱའོ་ཞེས་གསུངས་སོ། །གལ་ཏེ་མདོ་སྡེ་པས་བྱང་ཆུབ་སེམས་དཔའི་ས་བཅུ་ལ་སོགས་པའང་གསུངས། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱང་གསུངས་པས། ཐེག་པ་ཆེན་པོར་མི་འགྱུར་རམ་ཞེ་ན། འགྱུར་ཏེ་ཁོ་རང་གི་ལུགས་ཀྱི་ཐེག་པ་ཆེན་པོ་ཡིན་གྱི། སེམས་ཙམ་ཡན་ཆད་ལ་གྲགས་པའི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ། །དེས་ན་ཁོའི་ལུགས་ལས་གྲགས་པའི་ཤིན་ཏུ་རྒྱས་པ་ལས། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་གཞན་འབྱུང་བས། དེ་བཀར་བསྒྲུབ་དགོས་པ་ཡིན་གྱི་དེ་ལྟ་མ་ཡིན་ན་ཐེག་པ་ཆེན་པོ་བཀར་བསྒྲུབ་མི་དགོས་པར་འགྱུར་རོ། །དེས་ན་བྱེ་བྲག་ཏུ་བཤད་པ་ལས་ཚད་མར་མི་བྱེད་པའི་ཉན་ཐོས་ཐམས་ཅད་མདོ་སྡེ་པ་ཡིན་ནོ་ཞེས་སེམས་སོ། །གལ་ཏེ་སློབ་དཔོན་ཤཱནྟི་པའམ། མེ་ཏྲཱི་པ་ལ་སོགས་པས་མདོ་སྡེ་པ་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་དུའང་ད་ལྟ་བོད་ནའང་ཀུན་ལས་བཏུས་པ་ལ་སོགས་པ་ཐེག་ཆེན་དུའང་གྲགས་མོད་ཀྱི། དེ་ནི་ཐེག་པ་ཆེན་པོ་ལ་ཉེ་སྟེ་མདོ་སྡེ་ལ་ཚད་མར་བྱེད་པ་ཙམ་ལ་དགོངས་པའམ། ཉན་ཐོས་གྲུབ་མཐའ་འཛིན་པ་ཉིད་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་མདོ་ལ་ཚད་མར་བྱེད་པ་འདི་ཙམ་ལ་དགོངས་པ་ཡིན་ནོ། །དེ་ལྟར་མདོ་སྡེ་པའི་གྲུབ་པའི་མཐའ་ལེགས་པར་ཤེས་ནས། དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །ཅེས་གསུངས་པས། དེའི་རྗེས་ལ་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་བསྟན་པར་བྱའོ། །དེ་ལ་གསུམ་སྟེ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བསྒྲུབ་པ་དང༌། ཉན་ཐོས་ཀྱི་འདོད་པ་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ནི། མདོ་སྡེ་པ་རྣམས་ན་རེ། །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའམ། རྨད་དུ་བྱུང་བའི་སྡེ་ནི་ཁོ་བོ་ཅག་གི་འདི་ཙམ་དུ་ཟད་ཀྱི་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕལ་པོ་ཆེ་ལ་སོགས་པ་བཀའ་མ་ཡིན་པར་སྨྲའོ། །དེ་ཡང་དག་པ་མ་ཡིན་ཏེ། དེ་སྐད་དུ་མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་གསུངས་ཏེ། ཁོ་བོ་ཅག་འདོད་པའི་ཐེག་པ་ཆེན་པོ་འདི་བཀའ་མ་ཡིན་ན་སངས་རྒྱས་ཀྱིས་ཆོས་ལོག་པ་འདི་ལྟ་བུ་འབྱུང་ཞེས་ལུང་སྟོན་པར་རིགས་པ་ལ་ལུང་མ་བསྟན་པའི་ཕྱིར་དང༌། འདིར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བ་འདི་རྟོག་གེ་བའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཁྱེད་རང་གི་མདོ་དང་དོན་ཁྱད་པར་མེད་པས། ཡོད་ན་གཉིས་ཀ་ཡོད་པའི་ཕྱིར་དང༌། ཐེག་པ་ཆེན་པོ་སྒྲ་སྣ་ཚོགས་ཀྱིས་གསུངས་པས། ཁྱེད་ཀྱིས་རྟོགས་དཀའ་བའི་ཕྱིར་སངས་རྒྱས་ཀྱི་བཀར་གྲུབ་བོ། །གཉིས་པ་ཉན་ཐོས་ཀྱི་འདོད་པ་དགག་པ་ནི། མདོ་སྡེ་པས་ཤེས་བྱའི་གཞི་ལྔ་ལས་གཟུགས་ཀྱི་གཞི་ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་ཏུ་གྲུབ་བོ་ཞེས་ཟེར་རོ། །དེ་ཡང་དག་པ་མ་ཡིན་ཏེ། ཁྱེད་རང་གི་ལུགས་ཀྱིས། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་འདོད་པས་ན། རྫས་བརྒྱད་མེད་པས་རྡུལ་མེད་ལ། རྫས་བརྒྱད་སོ་སོ་ནས་གྲུབ་པ་མེད་པའི་ཕྱིར་རྡུལ་ཉིད་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཕྱི་རོལ་གྱི་དོན་མངོན་སུམ་དུ་ཡོད་པ་དང་འགལ་ལོ་སྙམ་ན་དེ་ཡང་དག་པ་མ་ཡིན་ཏེ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་ལང་ཀར་གཤེགས་པ་ལས་གསུངས་སོ། །མི་ལྡན་པའི་འདུ་བྱེད་ནི་ཕལ་ཆེར་འདྲ་ལ། འདུས་མ་བྱས་ཀྱང་མེད་པ་ཁོ་ནར་མི་འདོད་དེ། མདོ་ལས། ངོ་བོ་ཉིད་མི་སྐྱེ་མི་འགག་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེས་ན་སེམས་དང་སེམས་ལས་བྱུང་བའི་གཞི་ནི་རྫས་སུ་ཡོད་པ་སྟེ། འདི་ལ་དགོངས་ནས་དེ་བཞིན་ཉིད་གསུམ་ལ་སོགས་པའི་ཆོས་ཐམས་ཅད་གསུངས་པས་འདི་ནི་ཡང་དག་པའི་དོན་ཞེས་འདོད་དོ། །གསུམ་པ་རང་གི་འདོད་པ་བརྗོད་པ་ནི། དེ་ལ་རྣལ་འབྱོར་སྤྱོད་པ་བས་ཐེག་པ་ཆེན་པོའི་ལམ་མཐའ་དག་བསྡུ་ན། གཞི་བཅུར་བསྡུས་པར་འདོད་དེ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་ཆོས་མངོན་པའི་མདོ་ལས་གསུངས་པ་ལྟ་བུའོ། །དེ་ལ་དང་པོར་ཤེས་བྱའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་སྟོན་ཏེ། ཆོས་ཐམས་ཅད་ཀྱི་རྒྱུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱ་བའི་ཕྱིར་རོ། །དེ་ཉིད་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བསལ་བར་བྱ་བའི་ཕྱིར་དེའི་མཚན་ཉིད་ངོ་བོ་ཉིད་རྣམ་པ་གསུམ་ཤེས་པར་བྱའོ། །དེ་ལྟར་དེ་བཞིན་ཉིད་ཤེས་པས་རྣམ་པར་རིག་པ་ཙམ་དུ་འཇུག་པ་དང༌། དེའི་རྒྱུ་འབྲས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང༌། དེ་བྱང་ཆུབ་སེམས་དཔའི་ས་བཅུར་དབྱེ་བ་དང༌། ལྷག་པའི་ཚུལ་ཁྲིམས་དང༌། སེམས་དང༌། ཤེས་རབ་ཀྱི་བསླབ་པ་གསུམ་ལ་སྤྱོད་པའི་ཚུལ་དང༌། དེ་ལྟར་རྟེན་པའི་འབྲས་བུ་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་བཅུར་སྟོན་ཏོ། །དེ་ལ་དང་པོ་ཀུན་གཞི་གཏན་ལ་དབབ་པ་ལ་བཞི། ཀུན་གཞི་ཡོད་པའི་རྒྱུ་མཚན་དང༌། ཀུན་གཞིའི་མཚན་ཉིད་དང༌། དེ་ལྡོག་པའི་དུས་དང༌། དབང་ཕྱུག་ལ་སོགས་པ་དང་མི་འདྲ་བའི་ཁྱད་པར་རོ། །དེ་ལ་དང་པོ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཅིས་ཤེས། དེ་ཉན་ཐོས་ཀྱི་ལུང་ལས་མ་གསུངས་པ་ཅི་ཞེ་ན། མདོ་དགོངས་པ་ངེས་པར་འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་ཡི་རླུང་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོ། །གཉིས་པ་མཚན་ཉིད་ནི། ཡང་དེ་ཀུན་གཞི་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀྱི་ནི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས། ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྐྱེ་བའི་རྒྱུར་གྱུར་པའོ། །དེ་ནི་དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡང་ཡིན་ལ། དེ་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱང་དེ་ལས་འབྱུང་བས་རྒྱུ་ཡིན་ནོ། །དེ་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ཏེ་བྱུང་བས་འབྲས་བུ་ཡང་ཡིན་ནོ། །དེ་ལྟ་བུ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་རྣམ་པར་འབྱེད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ལ། དེ་ལ་སྡུག་པ་དང་མི་སྡུག་པར་རྣམ་པར་འབྱེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པོ་ཡིན་ནོ། །ཀུན་གཞི་དེ་ཐམས་ཅད་དུ་འགྱུར་བས་མ་བསྒྲིབས་པའང་ཡིན་ལ། དགེ་བ་དང་མི་དགེ་བ་གང་དུའང་གྲུབ་པ་མ་ཡིན་པས་ལུང་དུ་མ་བསྟན་པའང་ཡིན་ནོ། །གསུམ་པ་ནི། འཁོར་བ་གནས་ཀྱི་བར་དུ་ནི་འཇུག་ལ། དགྲ་བཅོམ་པ་ཐོབ་ན་ལྡོག་སྟེ། དེ་སྐད་དུ། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་བྱ་བ་དང༌། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་བཤད་པ་ལྟ་བུའོ། །ཡང་སངས་རྒྱས་པ་ན་གནས་གྱུར་པའི་ཚུལ་གྱིས་ལྡོག་སྟེ། ཇི་སྐད་དུ། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་གྱུར། །ཞེས་གསུངས་སོ། །བཞི་པ་ནི། དེ་ལྟ་བུའི་ཀུན་གཞིའི་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མ་རྟོགས་པ་རྣམས་རང་བཞིན་གྱི་རྒྱུ་དང༌། དབང་ཕྱུག་གི་རྒྱུ་དང༌། སྔོན་བྱས་པའི་རྒྱུ་ལ་སོགས་པར་རྟོག་གོ །གལ་ཏེ་དེ་ལྟ་བུ་རྣམས་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཇི་ལྟར་མི་འདྲ་སྙམ་ན། དབང་ཕྱུག་ལ་སོགས་པ་ནི་ཐམས་ཅད་ཀྱི་བྱེད་པ་པོ་གཅིག་པུར་འདོད་ལ། ཀུན་གཞིའི་སེམས་ཅན་སོ་སོ་རེ་རེ་ལ་ཡོད་ལ། དེའང་སྐད་ཅིག་མ་དུ་མ་ཉིད་དུ་འདོད་པ་དང༌། བདག་རྟག་པ་ཉིད་དུ་འདོད་པ་དང༌། ཀུན་གཞི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྐད་ཅིག་མའི་རང་བཞིན་དུ་འདོད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཤེས་བྱའི་གནས་ཀུན་གཞིའི་རྣམ་པར་ཤེས་པའོ། །གཉིས་པ་དེའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གཞན་གྱི་དབང་དང༌། ཀུན་བརྟགས་པ་དང༌། ཡོངས་སུ་གྲུབ་པའོ། །དེ་དག་བཤད་པ་ལ་གསུམ། མཚན་ཉིད་དང༌། མིང་དོན་དང༌། རབ་ཏུ་དབྱེ་བའོ། །དེ་ལ་དང་པོ་གཞན་གྱི་དབང་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་སྟེ། རྣམ་པར་རིག་པ་ཉིད་ཡུལ་ཉེ་བར་སྤྱད་པའི་རྣམ་པར་རིག་པ་ཞེས་བྱ་བ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་སྣང་བ་གཟུང་ཆའི་རྣམ་པ་དང༌། འཛིན་ཆའི་རྣམ་པར་སྣང་བ་གང་ཡིན་པའོ། །གཉིས་པ་དེ་ལ་ཀུན་བརྟགས་པ་ཞེས་བྱ་བ་ནི་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེ་ཉིད་དོན་དུ་སྣང་བ་གང་ཡིན་པའོ། །དེ་ལ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་གཞན་དབང་དེ་ཉིད་ལ་དོན་གྱི་རྣམ་པ་བསྟན་དུ་མེད་པའོ། །གལ་ཏེ་དོན་མེད་ན་རྣམ་པར་རིག་པ་གཟུང་འཛིན་དུ་སྣང་བ་ཅིའི་ཕྱིར་ཞེ་ན། དཔེར་ན་རྨི་ལམ་ལྟ་བུའོ། །འདི་ལས་སེམས་ཙམ་པ་ཉིད་གྲུབ་མཐའ་ཐ་དད་པ་དུ་མར་འགྱུར་ཏེ། སེམས་ཙམ་རྣམ་མེད་པ་ཞེས་བྱ་བ་ནི་ཡུལ་དུ་སྣང་བ་འདི་དག་ནི་མེད་བཞིན་དུ་སྣང་བ་སྟེ། རྣམ་པ་བརྫུན་པའོ། །དེས་ན་སངས་རྒྱས་པའི་ཚེ་ནའང་རྣམ་པ་ཐམས་ཅད་དང་བྲལ་བའི་རང་རིག་པ་འབའ་ཞིག་འདོད་དོ་ཞེས་ཟེར་རོ། །ཁ་ཅིག་བློ་རྣམ་པ་དང་བཅས་པ་ཞེས་བྱ་བ་སྟེ། རྣམ་པ་འདི་ཐམས་ཅད་ནི་བདེན་པ་ཉིད་ཡིན་ཏེ་བློ་ཉིད་དེར་སྣང་བའི་ཕྱིར་རོ། །དེས་ན་སངས་རྒྱས་ཙམ་ནའང་རྣམ་པ་འདི་དག་གནས་གྱུར་ཏེ་དག་པའི་སྣང་བར་འགྱུར་རོ་ཞེས་ཟེར་རོ། །དེ་ཉིད་ལའང་དབྱེ་བ་མང་སྟེ། ཡུལ་ནི་གཟུང་ཆར་སྣང་བའི་རྣམ་རིག་སྟེ་ཕྱེད་ཡིན་ལ། ཡུལ་ཅན་ནི་འཛིན་ཆར་སྣང་བའི་རྣམ་རིག་སྟེ་ཕྱེད་ཡིན་པས་སྒོ་ང་བཀས་པ་ལྟ་བུའོ་ཞེས་ཟེར་རོ། །སློབ་དཔོན་ཤཱཀྱ་བློ་ནི་རྣམ་པ་དུ་མ་ཉིད་ཀྱང་རྣམ་པར་རིག་པ་དུ་མ་ཉིད་ཡིན་ལ། དེ་འཛིན་པའང་རྣམ་པར་རིག་པ་དུ་མ་ཉིད་ཡིན་པས། སྐད་ཅིག་གཅིག་ལ་ཤེས་པ་དུ་མ་འཇུག་པའོ་ཞེས་ཟེར་རོ། །ཁ་ཅིག་ནི་ཡུལ་ཡང་རྣམ་པ་དྲུག་གི་རིག་པ་ཡིན་ལ། ཡུལ་ཅན་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་གི་རྣམ་པར་རིག་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་སུ་སྣང་ཡང་བདེན་པ་ཤེས་པ་གཅིག་གི་ངོ་བོར་བདེན་ཏེ། དེ་ནི་འདི་ལྟ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་སྒོ་ཐ་དད་ནས་འཇུག་པས་བློ་ཐ་དད་ལྟ་བུར་གྱུར་པའོ། །དེའང་སྐྱེ་མཆེད་བཅུ་གཉིས་བསྟན་པའི་མདོ་ལས། རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པ་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་གསུངས་པ་ལྟ་བུའོ། །ཞེས་བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་ཟེར་རོ། །དེ་ལྟར་གྲུབ་མཐའ་ཐ་དད་པ་དུ་མར་གྱུར་པ་དེ་ཐམས་ཅད་ཕྱི་རོལ་གྱི་དོན་མི་འདོད་དོ། །དེའི་རིགས་པ་ནི། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་སོ་སོ་རིགས་རིགས་སུའོ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པས་ཤེས་སོ། །གཉིས་པ་མིང་དོན་ནི། དེ་ལ་ཅིའི་ཕྱིར་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་ཤིང་བསྐྱེད་ནས་ཀྱང་སྐད་ཅིག་ལས་མི་སྡོད་ཅིང་ཕྱི་མ་བསྐྱེད་དེ། དེས་ན་སྔ་མས་དབང་བསྒྱུར་བས་ན་གཞན་གྱི་དབང་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་ཀུན་བརྟགས་པ་ཞེས་བྱ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་རྟོག་པ་དེས་བདག་དང་བདག་གི་དང་མིང་དང་རྒྱུ་མཚན་ལ་སོགས་པ་ཕྱིན་ཅི་ལོག་དཔག་ཏུ་མེད་པར་བརྟགས་པས་ན་ཀུན་བརྟགས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པ་ཞེས་ཇི་ལྟར་བྱ་ཞེ་ན། དེ་ལས་གཞན་དུ་གྲུབ་པ་མེད་པའི་ཕྱིར་དང༌། རྣམ་པར་དག་པའི་དམིགས་པའམ། དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཡོངས་སུ་གྲུབ་པའོ། །གསུམ་པ་དེ་རབ་ཏུ་དབྱེ་བ་ནི། དེ་ལ་གཞན་དབང་དབྱེ་ན་གཉིས་ཏེ། བག་ཆགས་ཀྱི་ས་བོན་གཞན་གྱི་དབང་སྟེ། མ་དག་པའི་གཞན་དབང་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་ངོ་བོ་མ་གྲུབ་པའི་གཞན་དབང་སྟེ། དག་པའི་གཞན་དབང་ངོ༌། །ཀུན་བརྟགས་ལ་དབྱེ་ན་མཐའ་ཡས་པ་སྟེ། བསྡུ་ན་གཉིས་ཏེ། ངོ་བོ་ཀུན་ཏུ་རྟོག་པ་དང༌། ཁྱད་པར་ཀུན་ཏུ་རྟོག་པའོ། །དེ་ལ་ལྔ་སྟེ། མིང་ལ་བརྟེན་ཏེ་དོན་དུ་རྟོག་པ། དོན་ལ་བརྟེན་ཏེ་མིང་དུ་རྟོག་པ། །མི་ལ་བརྟེན་ཏེ་མིང་ཏུ་རྟོག་པ། དོན་ལ་བརྟེན་ཏེ་དོན་ལ་རྟོག་པ། གཉིས་ཀ་ལ་བརྟེན་ཏེ་གཉིས་ཀ་རུ་རྟོག་པའོ། །ཡོངས་སུ་གྲུབ་པ་ལ་གཉིས་ཏེ། གཉིས་སུ་དབྱེ་བ་དང༌། བཞིར་དབྱེ་བའོ། །དང་པོ་གཉིས་ནི། རང་བཞིན་ཡོངས་སུ་གྲུབ་པ་གནས་ལུགས་དང༌། རྣམ་པར་དག་པའི་ཡོངས་སུ་གྲུབ་པ་དེ་ཐོབ་པའི་ཐབས་ཕྱིན་ཅི་མ་ལོག་པའོ། །དེས་ན་མདོ་ལས་མེད་པའི་རྣམ་གྲངས་བསྟན་པ་རྣམས་ཀྱིས་ཀུན་བརྟགས་བསྟན་པའོ། །སྒྱུ་མ་དང༌། རྨི་ལམ་དང༌། སྨིག་རྒྱུ་ལ་སོགས་པ་བསྟན་པས་གཞན་དབང་བསྟན་ཏོ། །གཉིས་པ་ནི། ཡོངས་སུ་གྲུབ་པ་ནི་རྣམ་པ་བཞིར་བཤད་དེ། རང་བཞིན་གྱིས་རྣམ་བྱང་དང༌། དྲི་མ་མེད་པས་རྣམ་བྱང་དང༌། དེ་ཐོབ་པའི་ལམ་རྣམ་བྱང་དང༌། དམིགས་པའི་རྣམ་བྱང་ངོ༌། །དང་པོ་ནི་སྟོང་པ་ཉིད་དང་དེ་བཞིན་ཉིད་ལ་སོགས་པ་བསྟན་པའོ། །གཉིས་པ་ནི་སྒྲིབ་པ་དང་བྲལ་བའི་ཚུལ་བཤད་པ་རྣམས་སོ། །གསུམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྟན་པའོ། །བཞི་པ་ནི་ཀུན་བརྟགས་ཀྱང་མ་ཡིན། གཞན་དབང་ཡང་མ་ཡིན་ཞེས་བསྟན་པའོ། །དེ་ལྟར་མཚན་ཉིད་གསུམ་བསྟན་པ་འདིས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་ལས་གྲོལ་བར་བྱེད་དེ། དགོངས་པ་ངེས་པར་འགྲེལ་པ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་ཐམས་ཅད་གདོད་ནས་ཞི། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དོ། །མཁས་པ་གང་ཞིག་དགོངས་པ་འདི་དག་ཤེས་པ་འདི། །རབ་ཏུ་ཉམས་པར་གྱུར་པའི་ལམ་དུ་དེ་མི་འགྲོ། །ཞེས་གསུངས་པས། དེ་ལྟར་དངོས་པོའི་གནས་ལུགས་ཤེས་པར་བྱའོ།།  །།སྤྱི་དོན་གསུམ་པ་དེ་ལྟ་བུའི་རྣམ་པར་རིག་པ་ལ་འཇུག་པ་ནི། དེའི་དོན་རྟོགས་པ་ལ་འཇུག་པའོ། །འདི་ལ་བཞི་སྟེ། གང་ཟག་གང་འཇུག རྒྱུ་གང་གི་འཇུག ཚུལ་ཇི་ལྟར་འཇུག དུས་སམ་གནས་སྐབས་གང་དུ་འཇུག་པའོ། །དང་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། ཐེག་པ་ཆེན་པོ་པ་ཚོགས་གཉིས་བསགས་པ་ཅན་ནོ། །གཉིས་པ་རྒྱུ་ནི་གསུམ། མ་ཞུམ་པ་གསུམ་དང༌། སྤངས་པ་བཞི་དང༌། ཞི་གནས་ལྷག་མཐོང་ལ་གུས་པས་འཇུག་པའོ། །དང་པོ་ནི་དགེ་བའི་རྩ་བ་སྟོབས་བསྐྱེད་པ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་བྱ་བའི་སེམས་དང༌། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའི་སེམས་དང༌། བདག་གིས་གང་ལའང་ཐོགས་པ་མེད་དོ་ཞེས་མ་ཞུམ་པའི་སེམས་གསུམ་མོ། །གཉིས་པའང་ཉན་ཐོས་དང་རང་རྒྱལ་ཡིད་ལ་བྱེད་པ་སྤངས་པ་དང༌། ཐེག་པ་ཆེན་པོ་ལ་སོམ་ཉི་སྤངས་པ་དང༌། ཆོས་ལ་ཕྱོགས་འཛིན་སྤངས་པ་དང༌། རྣམ་པར་རྟོག་པ་སྤངས་པ་སྟེ་སྤངས་པ་བཞི་དང༌། གསུམ་པ་ཞི་གནས་དང་ལྷག་མཐོང་ལ་གུས་པས་འཇུག་པའོ། །གསུམ་པ་ཚུལ་ཇི་ལྟར་འཇུག་ན་གསུམ། ཀུན་བརྟགས་ལ་དང༌། གཞན་དབང་ལ་དང༌། ཡོངས་གྲུབ་ལ་འཇུག་པའོ། །དང་པོ་ནི་ཐོས་པའི་བག་ཆགས་ཀྱི་སྒོ་ནས་མིང་ཚོལ་བ་དང༌། དངོས་པོ་ཚོལ་བ་དང༌། ངོ་བོ་ཉིད་ཚོལ་བ་དང༌། བྱེ་བྲག་ཏུ་བཏགས་པ་བཙལ་བའི་སྒོ་ནས་དེ་དག་མི་དམིགས་པར་ཤེས་པའོ། །དེ་ལ་དེ་ཐམས་ཅད་ཡིད་ཀྱིས་བརྗོད་པའི་མཚན་ཉིད་དུ་རྟོག་པས་ཀུན་བརྟགས་ལ་འཇུག་པའོ། །གཉིས་པ་ནི་རྣམ་པར་རིག་པ་ཙམ་ལ་འཇུག་པས་གཞན་དབང་ལ་ཞུགས་པའོ། །གསུམ་པ་ནི་རྣམ་རིག་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་པས་ཡོངས་གྲུབ་ལ་འཇུག་པ་སྟེ། ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱིས་གནས་པ་ཞེས་བྱའོ། །བཞི་པ་དུས་སམ་གནས་སྐབས་གང་དུ་འཇུག་པ་ནི་ལམ་ལྔ་ལ་འཇུག་པ་སྟེ། དེའང་བསྡུ་ན་བཞི་སྟེ། མོས་པ་སྤྱོད་པའི་ས་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་གཉིས། ཚོགས་ལམ་དང༌། སྦྱོར་ལམ་མོ། །དང་པོ་ལ་ཆེ་འབྲིང་གསུམ་མོ། །སྦྱོར་ལམ་ལ་བཞི་སྟེ། སེམས་སྣང་བ་ཐོབ་པའི་ཚེ་དྲོད་དང༌། སྣང་བ་མཆེད་པའི་ཚེ་རྩེ་མོ་དང༌། དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་གྱིས་བཟོད་པ་དང༌། རྣམ་རིག་གི་འདུ་ཤེས་འཇིགས་པའི་ཏིང་ངེ་འཛིན་གྱིས་ཆོས་མཆོག་སྟེ་ངེས་འབྱེད་ཆ་བཞིའོ། །དེ་ནས་མཐོང་ལམ་དུ་འཇུག་གོ །དེ་ས་བཅུའི་རིམ་པས་སྦྱོང་བ་ནི་བསྒོམ་པའི་ལམ་ལ་འཇུག་པའོ། །དེ་ནས་མཐར་ཕྱིན་པའི་ལམ་ལ་འཇུག་གོ།  །།སྤྱི་དོན་བཞི་པ་དེའི་རྒྱུ་འབྲས་ནི། དེ་ལྟར་འཇུག་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་སྒོ་ནས་འཇུག་གོ །དེ་ལ་གསུམ་སྟེ། ཕ་རོལ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་དང༌། གོ་རིམ་ངེས་པ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི་ཐོག་མར་ལོངས་སྤྱོད་དང་ཁྱིམ་ལ་ཆགས་པས་འཁོར་བ་ལས་མི་འཕགས་པས་དེའི་གཉེན་པོར་སྦྱིན་པ་དང་ཚུལ་ཁྲིམས་སོ། །འཕགས་ནས་ལྡོག་པའི་རྒྱུ་སེམས་ཅན་ལོག་པར་བསྒྲུབས་པས་སུན་པ་དང༌། ཡུན་རིང་པོར་དགེ་བ་ལ་སྦྱོར་བས་སྐྱོ་བ་སྟེ། དེའི་གཉེན་པོར་བཟོད་པ་དང་བརྩོན་འགྲུས་སོ། །མི་ལྡོག་པ་དེ་ཆུད་ཟ་བའི་རྒྱུ་ནི་རྣམ་པར་གཡེང་བ་དང༌། འཆལ་པའི་ཤེས་རབ་སྟེ། དེའི་གཉེན་པོར་བསམ་གཏན་དང་ཤེས་རབ་བོ། །གཉིས་པ་གོ་རིམ་ངེས་པའི་རྒྱུ་ནི། རྒྱུ་དང་འབྲས་བུར་ངེས་པའོ། །གསུམ་པ་དེ་དག་གི་སོ་སོའི་མཚན་ཉིད་ནི། ལོངས་སྤྱོད་ལ་མ་ཆགས་པ་དང༌། ཚུལ་ཁྲིམས་ལ་ལྟུང་བ་མེད་པ་དང༌། སྡུག་བསྔལ་ལ་འཁྲུལ་པ་མེད་པ་དང༌། བསྒོམ་པ་ལ་ལེ་ལོ་མེད་པ་དང༌། རྣམ་པར་གཡེང་བ་མེད་དེ་རྩེ་གཅིག་པ་དང༌། ཆོས་རབ་ཏུ་འབྱེད་པའོ། །འདི་དག་ཀྱང་ཆོས་དུ་དང་ལྡན་པ་དང༌། བསྒོམ་པའི་ཚུལ་དང༌། དབྱེ་བ་དང༌། བསྡུ་བ་ལ་སོགས་པ་མཐའ་ཡས་པ་ཤེས་པར་བྱའོ།།  །།སྤྱི་དོན་ལྔ་པ་རབ་ཏུ་དབྱེ་བ་ནི། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེས་རྣམ་པར་རིག་པ་ལ་འཇུག་པ་དེའང་ས་བཅུར་རབ་ཏུ་དབྱེ་བར་བྱ་སྟེ། རབ་ཏུ་དགའ་བ་ལ་སོགས་པ་བཅུའོ། །དེ་ལ་གསུམ། ཕ་རོལ་ཏུ་ཕྱིན་པ་བཅུས་ས་བགྲོད་པའི་ཚུལ་དང༌། ས་རྣམས་ཐོབ་ཚུལ་དང༌། དུས་ཇི་སྲིད་ཅིག་གིས་བགྲོད་ཚུལ་ལོ། །དང་པོ་ནི་ས་འདི་དག་ལའང་རྣམ་པར་རིག་པ་ཙམ་ལ་འཇུག་པའི་ཚུལ་བཅུ་དང༌། ངེས་པའི་ཚིག་དང༌། བསྒོམ་པའི་ཚུལ་གྱིས་ཁྱད་པར་འཇོག་གོ །ཡང་ས་འདི་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་ཏེ། དྲུག་ནི་ས་དྲུག་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་ཀྱི་ཡེ་ཤེས་བཞི་ནི་ས་བཞི་ལ་རེ་རེ་སྟེ། དེ་ལ་དགེ་བའི་རྩ་བ་ཐམས་ཅད་ཐུན་མོང་དུ་བྱས་ཏེ་བྱང་ཆུབ་ཆེན་པོར་བསྔོ་བ་ནི་ཐབས་སོ། །སྨོན་ལམ་སྣ་ཚོགས་འདེབས་ཤིང་འགྲུབ་པར་བྱེད་པ་ནི་སྨོན་ལམ་མོ། །སོ་སོར་རྟོག་པ་དང་བསྒོམ་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་གཅོད་པ་ནི་སྟོབས་སོ། །དྲུག་པོ་ཉིད་ཀྱི་ཡེ་ཤེས་ལོངས་སྤྱོད་པ་དང༌། སེམས་ཅན་སྨིན་པར་བྱེད་པ་ནི་ཡེ་ཤེས་སོ། །གཉིས་པ་ས་འདི་དག་ནི་ཐོབ་པ་རྣམ་པ་བཞི་སྟེ། དང་པོ་ལ་མོས་པས་ཐོབ་པའོ། །ཆོས་སྤྱོད་བཅུ་ལ་གནས་པ་ནི་སྤྱོད་པས་ཐོབ་པའོ། །ཆོས་ཀྱི་དབྱིངས་རྟོགས་པ་ནི་ས་དང་པོ་མཐོང་ལམ་སྟེ་རྟོགས་པས་ཐོབ་པའོ། །བསྒོམ་པའི་མཐར་འགྲོ་བ་ནི་གྲུབ་པས་ཐོབ་པའོ། །གསུམ་པ་ས་འདི་དག་དུས་ཇི་སྲིད་ཅིག་གིས་རྫོགས་ཤེ་ན། གང་ཟག་གཞན་ནི་ངེས་པ་མེད་ལ། ལྔ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་མཐར་ཕྱིན་ཏེ། མོས་པས་སྤྱོད་པ་ནི་བསྐལ་པ་གྲངས་མེད་པ་དང་པོའོ། །ལྷག་པའི་བསམ་པ་ལ་སྤྱོད་པ་ས་དང་པོ་དང༌། མཚན་མ་ལ་སྤྱོད་པ་ས་དྲུག་པ་མན་ཆད་དང༌། མཚན་མ་མེད་པ་སྟེ་ས་བདུན་པ་ནི་གྲངས་མེད་གཉིས་པས་སོ། །མངོན་པར་འདུ་བྱེད་པ་མེད་པས་སྤྱོད་པ་སྟེ། ས་བཅུ་པའི་བར་ནི་གྲངས་མེད་གསུམ་པས་སོ། །དེ་སྐད་དུ། གཟང་དང་སྨོན་པ་སྟོབས་ཅན་དང༌། །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་གྱི་རྩེ་མོ་མཛད་ཅེས་བརྗོད། །ཅེས་གསུངས་སོ།།  །།སྤྱི་དོན་དྲུག་པ་དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའང་བསླབ་པ་གསུམ་དུ་འདུས་ཤིང་མཐར་ཕྱིན་པར་འགྱུར་རོ། །དེའང་བསླབ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཚད་མེད་ཀྱང་བསྡུ་ན་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་ལ་ཐེག་པ་དམན་པ་བས་ཁྱད་པར་དུ་གྱུར་པར་སྤྱོད་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་ནི། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང༌། སེམས་ཅན་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་སོགས་པ་ལ་སྤྱོད་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ། རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་པ་དང༌། རྗེས་སྒྱུ་མ་ལྟ་བུར་སྤྱོད་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ།།  །།སྤྱི་དོན་བདུན་པ་དེ་ལྟར་བསྟན་པའི་ཚུལ་གྱིས་ལམ་གོམས་པར་བྱས་པས་འབྲས་བུ་སྤངས་པ་ཕུན་སུམ་ཚོགས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ནི་ཐོས་པའི་བག་ཆགས་བསྒོམ་པའི་སྒོ་ནས་ཉོན་མོངས་པ་ཐམས་ཅད་རིམ་གྱིས་ཕྲི་བས་ཉོན་མོངས་ཐམས་ཅད་སྤངས་པས་མ་དག་པའི་གཞན་དབང་གི་མཚན་མ་ཐམས་ཅད་འགགས་པས་འཁོར་བ་ལ་མི་གནས་ལ། གཉིས་པ་ཤེས་བྱའི་སྒྲིབ་པ་སྤངས་པས་རྣམ་པར་བྱང་བ་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་དུ་སྣང་བ་ཡང་དག་པའི་གཞན་དབང་དུ་གནས་གྱུར་པ་མ་འགགས་པས་མྱ་ངན་ལས་འདས་པའི་མཐའ་མནན་པ་སྟེ། སྙིང་རྗེས་སེམས་ཅན་གྱི་དོན་ལ་གནས་པའི་ཕྱིར་རོ། །དེ་སྐད་དུ། དེ་ཡི་ཕྱིར་ན་འཁོར་བ་ནི། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ཕྱིར་མྱ་ངན་འདས་པ་ཡང༌། །ཐོབ་པ་མ་ཡིན་མི་ཐོབ་མིན། །ཞེས་ཐེག་པ་ཆེན་པོ་བསྡུས་པ་ལས་བཤད་པའི་ཕྱིར་རོ།།  །།སྤྱི་དོན་བརྒྱད་པ་སངས་རྒྱས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་གསུམ། སྐུ་གསུམ་དུ་དབྱེ་བ་དང༌། དེ་ཉིད་ཡན་ལག་ལྔ་རུ་དབྱེ་བ་དང༌། དེ་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་ཚད་མེད་པར་དབྱེ་བའོ། །དང་པོ་ནི་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པ་སྟེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་སྤྲོས་པ་དང་བྲལ་བ་རང་གི་དབྱིངས་བརྙེས་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་སྐུ་ལ་བརྟེན་ཏེ་ཞིང་ཡོངས་སུ་དག་པ་ལ་སོགས་པ་མཛད་དེ། ཐེག་པ་ཆེན་པོས་བྱང་ཆུབ་སེམས་དཔའ་རྣམས་སྨིན་པར་མཛད་པའོ། །སྤྲུལ་པའི་སྐུ་ནི་མཛད་པ་བཅུ་གཉིས་ལ་སོགས་པས་ཕལ་ཆེར་ཉན་ཐོས་ལ་སོགས་པ་སྨིན་པར་མཛད་པའོ། །སྐུ་གསུམ་པོ་ཉིད་ཀྱི་ངོ་བོའམ་མཚན་ཉིད་ཁོ་ན་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །དེའང་དུས་ནམ་བརྙེས་ན་ཚོགས་གཉིས་མ་ལུས་པ་ཡོངས་སུ་རྫོགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཐམས་ཅད་བཤིག་སྟེ་མངོན་པར་བྱང་ཆུབ་པའོ། །གཉིས་པ་ནི་དེ་ལ་སངས་རྒྱས་ཀྱི་སའི་མཚན་ཉིད་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༌། ཐེག་པ་ཆེན་པོ་བསྡུས་པའི་དབང་དུ་བྱས་ན་དེའང་མཚན་ཉིད་ལྔ་དང་ལྡན་པ་སྟེ། གནས་གྱུར་པ་དཀར་པོའི་ཆོས་ཀྱི་གཞི་ཡིན་པ། གཉིས་སུ་མེད་པ། རྟག་པ། བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ། །དང་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པ་སྟེ། དེའང་གཟུགས་ཀྱི་ཕུང་པོ་གནས་གྱུར་པས་ཞིང་དང༌། དབྱངས་དང༌། མཚན་དཔེ་ལ་སོགས་པ་ཐོབ་ལ། ཚོར་བའི་ཕུང་པོ་གནས་གྱུར་པས་ཟག་པ་མེད་པའི་བདེ་བ་དང་ལྡན་ལ། འདུ་ཤེས་གནས་གྱུར་པས་མིང་དང་ཚིག་ལ་སོགས་པ་སྣ་ཚོགས་བསྟན་པ་ལ་དབང་འབྱོར་པ་དང༌། འདུ་བྱེད་གནས་གྱུར་པས་སྤྲུལ་པ་དང་འཁོར་བསྡུ་བ་ལ་སོགས་པ་ལ་དབང་འབྱོར་ལ། རྣམ་པར་ཤེས་པ་གནས་གྱུར་པས་ཡེ་ཤེས་བཞི་ལ་དབང་འབྱོར་པ་ཐོབ་པའོ། །གཞན་ཡང་དབང་འབྱོར་པ་དུ་མ་གསུངས་སོ། །གཉིས་པ་དཀར་པོའི་ཆོས་ཀྱི་གཞི་ཡིན་པའི་མཚན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པས་དབང་བཅུ་ཐོབ་པ་ལ་སོགས་པའོ། །གསུམ་པ་གཉིས་སུ་མེད་པའི་མཚན་ཉིད་ནི་ཡོད་པ་དང་མེད་པ་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའོ། །བཞི་པ་རྟག་པའི་མཚན་ཉིད་ནི། དེ་བཞིན་ཉིད་ལ་འགྱུར་བ་མེད་པའི་ཕྱིར་དང༌། སྨོན་ལམ་ཟད་མི་ཤེས་པའི་ཕྱིར་དང༌། མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །ལྔ་པ་བསམ་གྱིས་མི་ཁྱབ་པ་ནི། དེ་བཞིན་ཉིད་དེ་སོ་སོ་རང་གིས་རིག་པར་བྱ་བ། དཔེ་ཐམས་ཅད་དང་བྲལ་བ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་གཞན་ཡང་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཚད་མེད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡང་དག་པར་བརྙེས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལྟར་ན་དེ་དག་གིས་རྣལ་འབྱོར་སྤྱོད་པའི་ལུགས་མདོར་བསྡུས་པ་ཙམ་ཞིག་བསྟན་པ་ཡིན་གྱིས། རྒྱས་པར་ཤེས་པར་འདོད་པས་ཐེག་པ་ཆེན་པོ་བསྡུས་པ་དང༌། མདོ་སྡེ་རྒྱན་ལ་སོགས་པར་ཤེས་པར་བྱའོ། །དེ་ལྟར་རྣལ་འབྱོར་སྤྱོད་པའི་ལུགས་ལེགས་པར་ལོབས་པ་དེ་ལ། དེའི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་སོ། །དེ་ལ་དབུ་མ་པ་ཞེས་བྱ་བ་འདི་ལ་སྤྱོད་པ་དང༌། ས་དང་ལམ་གྱི་རིམ་པ་ལ་སོགས་པ་ཐམས་ཅད་སེམས་ཙམ་པ་དང་ཁྱད་པར་མེད་པ་ཡིན་མོད་ཀྱང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་རྣལ་འབྱོར་སྤྱོད་པ་བས་བཏགས་པ་དེ་སུན་ཕྱུང་སྟེ་ཁྱད་པར་རྣམ་པར་འཇོག་པ་ཡིན་ནོ། །དེ་ལ་གཉིས། རྣལ་འབྱོར་སྤྱོད་པ་བ་སུན་དབྱུང་བ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ནི་དེ་ལ་དབུ་མ་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱང་དབུ་མར་ཡང་འདོད། སངས་རྒྱས་ཀྱི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བར་ཡང་འདོད་པ་ཡིན་མོད་ཀྱང༌། ཁྱེད་རང་གི་འདོད་པ་ནང་འགལ་བས་དེ་ལྟར་འདོད་པ་ཉིད་མི་འགྲུབ་བོ་ཞེས་སུན་ཕྱུང་སྟེ་རྣམ་པར་འཇོག་གོ །དེ་ལ་སེམས་ཙམ་པ་དག ཡོད་པས་མེད་པ་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གཞན་གྱི་དབང་ནི་ཡོད་ལ། ཀུན་བརྟགས་པ་ནི་མེད་ལ། དེས་ན་ཀུན་བརྟགས་ཀྱིས་སྟོང་པའི་གཞན་གྱི་དབང་དུ་གྲུབ་པ་དེ་ནི་ཡོངས་སུ་གྲུབ་པ་སྟེ་ཡོད་པ་དེས་ན་དབུ་མའོ་ཞེས་འདོད་པ་ལ། འདི་འདྲི་སྟེ་ཁྱེད་ཀྱི་གཞན་གྱི་དབང་ཞེས་བྱ་བ་དེ་ཅི་དོན་དམ་པར་ཡོད་དམ་ཀུན་རྫོབ་ཏུ་ཡོད། ཀུན་རྫོབ་ཏུ་ཡོད་པ་ནི་ཀུན་བརྟགས་པ་ཉིད་ཡིན་པས་དེ་ལ་གཅིག་ནི་མེད་ལ་གཅིག་ནི་ཡོད་པ་ཞེས་ཅིའི་ཕྱིར་བྱ། གལ་ཏེ་དོན་དམ་པར་ཡོད་དོ་ཞེ་ན། འོ་ན་ཡོད་པའི་མཐར་ལྟུང་བའི་ཕྱིར་དབུ་མ་པའི་ལམ་མ་ཡིན་པར་འགྱུར་རོ། །འོ་ན་ཁྱེད་དོན་དམ་དུ་མེད་པར་འདོད་པའི་ཕྱིར་ཁྱེད་ཀྱང་མེད་པའི་མཐར་ལྟུང་བར་འགྱུར་རོ་ཞེ་ན། ཁོ་བོ་ཅག་དོན་དམ་པར་ཡོད་པར་མ་གྲུབ་པའི་ཕྱིར་མེད་པར་ནི་མི་འདོད་དོ། །འོ་ན་ཁྱེད་གང་དུ་འདོད་ཅེ་ན། ཁོ་བོ་ཅག་ཀུན་རྫོབ་ཏུ་ཇི་ལྟར་གནས་པ་དེ་ལྟར་འདོད་དེ་ཀུན་རྫོབ་ཏུ་ཆད་པའི་མཐའ་ལས་གྲོལ་ལ། དོན་དམ་པར་གང་དུ་ཡང་འདོད་པ་མེད་པས་མཐའ་ཐམས་ཅད་ལས་གྲོལ་བས་དབུ་མ་ཞེས་བྱའོ། །ཡང་ཁྱེད་ཡོངས་སུ་གྲུབ་པས་སྤྲོས་པ་དང་བྲལ་བ་དེ་ལྟར་གཞན་གྱི་དབང་ལས་གྲུབ་པ་ཡོད་པ་ཞེས་བྱ་བ་ཡིན་ན། བྱེ་བྲག་ཏུ་སྨྲ་བའི་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་རྫས་སུ་གྲུབ་པར་འདོད་པ་དང་ཁྱད་པར་མེད་པར་འགྱུར་རོ། །ཡང་གཞན་གྱི་དབང་དོན་དམ་པར་ཡོད་པ་ཡིན་ན་ཁྱེད་རང༌། རྣམ་པར་རིག་པ་ཙམ་དུ་ཡང༌། །གང་ཚེ་མི་འཛིན་དེ་ཡི་ཚེ། །ཞེས་འདོད་པ་མ་ཡིན་ནམ། ཡོད་ན་ཇི་ལྟར་མི་འཛིན། ཡང་སྐད་ཅིག་མ་ཙམ་དུ་དོན་དམ་པར་གྲུབ་པར་འདོད་ན་དེ་ལ་སྐྱེ་བ་ལ་སོགས་པ་ཆ་གསུམ་མེད་པར་འགྱུར་རོ། །དེ་འདོད་ན་སྔ་ཕྱིའི་བར་ན་མི་གནས་པར་ཐལ་བའི་སྐྱོན་ཡོད་དོ། །ཡང་ཁྱེད་རང་གནས་གྱུར་པ་ཞེས་བྱ་བ་འདོད་ན་དོན་དམ་པར་གནས་གྱུར་རམ་ཀུན་རྫོབ་ཏུ་ཡོད་པར་གནས་གྱུར། དོན་དམ་པར་གྱུར་ན་འགྱུར་བའི་ཕྱིར་དོན་དམ་པ་མ་ཡིན་པར་འགྱུར་ལ། དོན་དམ་པ་ཡིན་པའི་ཕྱིར་འགྱུར་བ་མི་འཐད་པར་ཐལ་ཏེ། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །ཞེས་གསུངས་སོ། །གལ་ཏེ་ཀུན་རྫོབ་ཏུ་འགྱུར་རོ་ཞེ་ན། འོ་ན་བདག་དང་རི་བོང་གི་རྭ་ལ་སོགས་པའང་གནས་འགྱུར་བར་ཐལ་ལོ། །དེ་ནི་འཇིག་རྟེན་ནའང་མེད་དོ་སྙམ་ན། འོ་ན་ཁྱེད་འཇིག་རྟེན་ན་ཡོངས་སུ་གྲགས་པ་རྣམས་ལ་གནོད་པ་མ་སྐྱེལ་ཅིག གལ་ཏེ་གཞན་གྱི་དབང་དེ་ནི་དོན་དམ་པའང་མ་ཡིན་ལ། ཀུན་རྫོབ་ཀྱང་མ་ཡིན་ནོ་སྙམ་ན། དེས་ནི་དེ་ཁོ་ན་ཉིད་མ་ཤེས་ཏེ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་ཤེས་མིན། །ཞེས་རྩ་བའི་ཤེས་རབ་ལས་གསུངས་སོ། །གཉིས་པ་རང་གི་འདོད་པ་བརྗོད་ན། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །དང་པོ་ལ་ལྔ། འཇིག་རྟེན་གྲགས་སྡེ་པ་དང༌། བྱེ་བྲག་སྨྲ་བ་དང༌། ཚུལ་མཚུངས་པ་དང༌། སྒྱུ་མ་པ་དང༌། མདོ་སྡེ་སྤྱོད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་བའོ། །བདེན་པ་གཉིས་པོ་དེའི་དོན་མདོར་ཅུང་ཟད་ཅིག་བརྗོད་ན། དེ་ལ་སོ་སོ་སྐྱེ་བོའི་བློ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ཐམས་ཅད་ནི་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ལ་དེ་དག་ལ་དེ་ཁོ་ན་ཉིད་བདེན་པར་སུ་ཞིག་འཛིན་ཏེ། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག །བསླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་ཆོས་བརྫུན་པ་ཡིན། །ཞེས་གསུངས་སོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། མྱ་ངན་ལས་འདས་པ་བདེན་གཅིག་པུ་ཞེས་གསུངས་སོ། །འོ་ན་མྱ་ངན་ལས་འདས་པ་དེ་དངོས་པོ་མེད་ན་མདོ་སྡེ་པ་འདོད་པའི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པར་ཐལ་ལ། དངོས་པོར་འདོད་ན་བྱེ་བྲག་ཏུ་སྨྲ་བའམ། ཡང་ན་སེམས་ཙམ་པ་ཉིད་དུ་འགྱུར་རོ་ཞེ་ན། མྱ་ངན་འདས་པ་དངོས་མེད་པའང༌། །མིན་ན་དེ་དངོས་ག་ལ་ཡོད། །དངོས་དང་དངོས་མེད་ཡོངས་ཤེས་པ། །ཟད་པ་མྱ་ངན་འདའ་ཞེས་བྱ། །ཞེས་གསུངས་ན། བློའི་ཡུལ་ཐམས་ཅད་ལས་གྲོལ་བ་དེ་སུས་ཤེས་ཤིང་བརྗོད་པར་འགྱུར། འོ་ན་གལ་ཏེ་མདོ་ལས་རྣམ་པར་རིག་པ་ཙམ་ཡང་གསུངས། མཚན་ཉིད་གསུམ་ཡང་གསུངས་ན་འདི་ཇི་ལྟར་བྱ། མངོན་པར་བྱང་ཆུབ་པའི་ཚེ་མྱ་ངན་ལས་འདས་པར་གྱུར་ན་ཉན་ཐོས་དང་ཁྱད་པར་མེད་ལ། མྱ་ངན་ལས་མ་འདས་ན་ཀུན་རྫོབ་ཏུ་འགྱུར་བའམ། རྣམ་པར་རིག་པ་ཙམ་དུའང་འགྱུར་བ་འདི་ཇི་ལྟར་རིགས་ཤེ་ན། ཀུན་གཞི་ལ་སོགས་པ་རྣམ་པར་རིག་པ་ཙམ་དུ་གསུངས་པ་དེ་དག་ཀུན་རྫོབ་ཏུ་ཡིན་པ་ཙམ་ལ་འདོགས་པ་ཡིན་ལ། མྱ་ངན་ལས་འདས་པའི་དབྱིངས་ནི་དེ་ལྟ་བུ་ཡིན་མོད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ཞི་བར་མཛད་པའང་འཁོར་བའི་མཐའ་མནན་ཞིང་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པ་ལས་བྱུང་བའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ཀུན་རྫོབ་མངའ་བས་མྱ་ངན་ལས་འདས་པའི་མཐའ་མནན་ཏེ། འཁོར་བ་མྱ་ངན་འདས་པ་ལ། །བདག་ཉིད་ཆེ་དེ་མི་གནས་པས། །དེས་ན་སངས་རྒྱས་རྣམས་ཀྱིས་ནི། །མི་གནས་མྱ་ངན་འདས་འདིར་བཤད། །ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟ་བུའོ་ཞེས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་འདོད་དོ། །དབུ་མ་པ་ཁ་ཅིག་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་གང་ཟག་དབང་པོ་གདུལ་དཀའ་བ་གཞུག་པར་དགོངས་ཏེ་གསུངས་པས། གང་ཟག་གི་བདག་དང་ཁྱད་པར་མེད་ལ། མྱ་ངན་ལས་འདས་པ་དམིགས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་ཉན་ཐོས་དང་རང་སངས་རྒྱས་ལ་མི་སྲིད་དེ། དེ་དག་དངོས་པོ་དང་དངོས་པོ་མེད་པར་ཆོས་ཀྱི་བདག་ལ་དམིགས་པའི་ཕྱིར་རོ། །འོ་ན་སེམས་ཅན་གྱི་དོན་ཇི་ལྟར་འབྱུང་ཞེ་ན། སྨོན་ལམ་གྱི་དབང་གིས་ཏེ། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །དེས་དམིགས་པ་ཐམས་ཅད་དང་བྲལ་བས་ཆོས་ཀྱི་སྐུ་ནི་མྱ་ངན་ལས་འདས་པ་ཡིན་པས་འཁོར་བའི་མཐའ་མནན་ལ། ལོངས་སྤྱོད་རྫོགས་པའི་སྐུ་བསོད་ནམས་བརྒྱའི་མཚན་ཅན་བྱང་ཆུབ་སེམས་དཔའི་ཆོས་ཀྱི་ལོངས་སྤྱོད་པའི་གཞི་དང༌། སྤྲུལ་པའི་སྐུ་ནི་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱིས་འབྱུང་བ་རྒྱུན་མི་འཆད་པས་མྱ་ངན་ལས་འདས་པའི་མཐའ་མནན་པ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །ཡང་ཁ་ཅིག་དབུ་མ་པས་དེ་ལྟར་བཤད་པས་དེ་དག་ཀྱང་སྟོང་པ་ཞེས་བྱ་བ་མི་འདོད་དོ་ཞེས་བྱས་ཀྱང་དོན་གྱིས་སྟོང་པར་སོང་ལ། སེམས་ཙམ་པས་སེམས་ཉིད་ཙམ་ཡང་མི་འདོད་བྱས་ཀྱང་དོན་གྱིས་འདོད་པར་སོང་བས་དོན་ནི་སུས་ཀྱང་བརྗོད་པར་མི་ནུས་ན་དེ་དང་དེ་ལས་བརྗོད་ཐབས་མ་བྱུང་བས་ཕྱི་རོལ་དུ་ཞེན་པ་དང༌། སྟོང་པར་ཞེན་པ་བསལ་བའི་ཕྱིར་སེམས་ཙམ་དུ་སྟོན་པའི་མདོ་གསུངས་ལ། དངོས་པོར་འཛིན་པ་སྤྱི་དང་སེམས་སུ་འཛིན་པ་བསལ་བའི་ཕྱིར་དབུ་མའི་མདོ་རྣམས་གསུངས་པས་ཐེག་པ་ཆེན་པོའི་མདོ་ལས་ཁྱད་པར་འགའ་ཙམ་མེད་དོ་ཞེས་བྱ་བར་འདོད་དོ། །གང་ལྟར་ཡང་རུང་སྟེ་དེ་ཁོ་ན་ཉིད་ལ་འདོད་པ་མི་མཐུན་གྱི་བྱང་ཆུབ་སེམས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་ཁྱད་པར་མི་འདོད་པས་དབུ་མ་རྩ་བ་ལས་ཀྱང་དེ་མ་གསུངས་སོ། །དབུ་མ་ལ་མོས་པ་རྣམས་ལ་སྤྱོད་པ་དང་བཅས་པར་སྦྱར་བ་ནི་གཏམ་བྱ་རིན་ཆེན་ཕྲེང་བ་དང༌། སྤྱོད་པ་ལ་འཇུག་པ་དང༌། དབུ་མ་ལ་འཇུག་པ་ལ་སོགས་པ་ཡིན་པས་དེ་དོན་དུ་གཉེར་བས་དེ་དག་ལ་བསླབ་པར་བྱའོ། །དེ་ལྟར་དང་པོར་ཉན་ཐོས་དང་ཐུན་མོང་བའི་ལམ་སྤྱོད་པ་རིམ་པ་ཅན་དང་ལྟ་བ་རིམ་པ་ཅན་དུ་བསླབས་ནས་ཐེག་པ་ཆེན་པོ་ལ་སྦྱར་རོ། །ཐེག་པ་ཆེན་པོ་ལ་འཇུག་པའི་གོ་རིམ་ངེས་པ་མེད་དེ་སྔོན་ལ་སེམས་བསྐྱེད་ནས་བརྩམས་ཏེ་སྤྱོད་པ་རིམ་པ་བཞིན་བསླབ་སྟེ། དེ་ཁོ་ན་སློབ་པ་ཡང་ཡོད་དེ་སྤྱོད་པ་ལ་འཇུག་པ་ལྟ་བུའོ། །དང་པོར་དེ་ཁོ་ན་བསླབས་ནས། དེ་ནས་སེམས་བསྐྱེད་ནས་རིམ་གྱིས་འཇུག་པའང་ཡོད་དེ། ཐེག་པ་ཆེན་པོ་བསྡུས་པ་ལྟ་བུའོ། །དེ་བས་ན་འཇུག་པ་ལ་ངེས་པ་མེད་དེ། སེམས་བསྐྱེད་པའི་རྒྱུ་ལྔ་བཤད་པ་ལྟ་བུའོ། །མངོན་པར་རྟོགས་པ་སྐྱེ་བ་ནི། རིམ་གྱིས་སྐྱེ་སྟེ་སའི་གོ་རིམ་ངེས་པ་གོང་དུ་བཤད་ཟིན་ཏོ། །དེ་བས་ན་ཐེག་པ་ཆེན་པོ་ཐུན་མོང་བའི་ལྟ་བ་དང༌། སྤྱོད་པ་རིམ་ཅན་དུ་བསླབ་པའི་གང་ཟག་དེ། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །ཞེས་སྦྱར་ཏེ། དེའང་ཐོག་མར་བྱ་བའི་རྒྱུད་ནས་བརྩམས་ཏེ་གསང་སྔགས་ལ་རིམ་གྱིས་གཞུག་པར་བྱའོ། །དེ་ལ་དང་པོ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཚུལ་ཁྲིམས་ཀྱི་སྤྱོད་པ་དང༌། དེ་ཁོ་ན་ཉིད་དང༌། ས་དང་ལམ་གྱི་རིམ་པ་འབྲས་བུ་གྲུབ་པ་དང་བཅས་པ་ནི་ཐེག་པ་ཆེན་པོ་ཐུན་མོང་བ་ཉིད་ལས་ཁྱད་པར་མི་འདོད་དོ། །འོན་ཀྱང་འདིར་ཁྱད་པར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བས་མོས་པས་སྤྱོད་པའི་སར་མོས་པའི་སྒོ་ནས་སྤྱིའི་རྣམ་པ་དང༌། ལུས་ངག་གིས་ཅི་ནུས་ཀྱིས་སྤྱོད་པར་འདོད་ལ། དེས་ན་བསྐལ་པ་གྲངས་མེད་པར་ལམ་ལ་ཡུན་རིང་དུ་འགོར་རོ། །གསང་སྔགས་ཀྱིས་ནི་གསང་སྔགས་ཀྱི་སྒོ་ནས་སྤྱོད་པ་སྤྱད་པས་དངོས་གྲུབ་རྣམས་མྱུར་དུ་འགྲུབ་པས་བདག་དང་གཞན་གྱི་དོན་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་བྱེད་པས། ཚོགས་ཐམས་ཅད་ཀྱང་མྱུར་དུ་རྫོགས་པས་སྐྱེ་བ་འདིར་གྲུབ་པ་ཐོབ་པར་བྱེད་དོ། །གསང་སྔགས་ཀྱི་ལམ་འདི་ལའང་རིམ་གྱིས་སློབ་སྟེ། དང་པོ་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་ལ་བསླབ་པའོ། །དེ་ལ་དང་པོར་ཕྱིའི་བྱ་བ་ལ་གཙོར་གྱུར་པ་བྱ་བའི་རྒྱུད་སློབ་བོ། །འདི་ལ་གཉིས། སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པའོ། །དང་པོ་ལ་བཞི། བསྙེན་པ་དང༌། ས་ཆོག་དང༌། སྟ་གོན་དང༌། དངོས་གཞིའོ། །གྲོལ་བར་བྱེད་པ་ལའང་གཉིས། ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང༌། མཆོག་གི་དངོས་གྲུབ་བསྒྲུབ་པའོ། །དེ་དག་ཅུང་ཟད་ཙམ་ཞིབ་ཏུ་བརྗོད་ན། དེའང་དང་པོར་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བར་བྱེད་དོ། །དེ་ནས་རིག་སྔགས་ཀྱི་འདུལ་བ་ཀུན་ཏུ་སྤྱོད་པ་སློབ་བོ། །དེ་ནས་མདུན་དུ་རས་རིས་ལ་སོགས་པའི་རྟེན་ལ་ལྷ་སྤྱན་དྲང་བ་དང༌། བཟླས་བརྗོད་ཀྱི་ཆོ་ག་གྲོགས་དང་བཅས་པ་སློབ་བོ། །དེ་ནས་དེས་དངོས་གྲུབ་བསྒྲུབ་པའི་ཆོ་ག་ཡན་ལག་དང་བཅས་པ་སློབ་སྟེ། འདི་ནི་རྒྱས་པར་འཕགས་པ་ལེགས་པར་གྲུབ་པར་བྱེད་པ་དང༌། དཔུང་པ་བཟང་པོ་ལས་འབྱུང་བ་དེ་ལ་སོགས་པ་རྣམས་ལ་བསླབ་པར་བྱའོ། །དེའི་རྗེས་ལ་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་གཉིས་ལ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་བསླབ་སྟེ། འདིའང་ཕལ་ཆེར་བྱ་བའི་རྒྱུད་དང་འདྲ་མོད་ཀྱི་ཁྱད་པར་ཅུང་ཟད་ཙམ་བརྗོད་ན། དང་པོར་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་འཇུག་གོ །དེ་ནས་གསང་སྔགས་ཀྱི་སྤྱོད་པ་ལ་གཙང་སྦྲ་ལ་སོགས་པ་མེད་ཀྱང་དངོས་གྲུབ་བསྒྲུབ་པས། དེ་ལྟ་བུའི་སྤྱོད་པ་ལ་སློབ་བོ། །དེ་ནས་དཀྱིལ་འཁོར་དགོད་པ་དང༌། བདག་ལྷར་བསྐྱེད་པ་དང༌། མདུན་དུ་རས་རིས་ལ་སོགས་པའང་ལྷར་བསྐྱེད་པ་དང༌། དེ་ལ་ཡེ་ཤེས་པ་སྤྱན་དྲང་བ་དང༌། མཆོད་པ་དང༌། བཟླས་བརྗོད་ལ་སོགས་པ་དང༌། དེ་ནས་ཡང་དངོས་གྲུབ་ཀྱི་ཐབས་དང༌། དེ་ཁོ་ན་ཉིད་དངོས་པོའི་གནས་ལུགས་དང༌། དེ་དང་རྗེས་སུ་འབྲེལ་པའི་བསམ་གཏན་གྱི་བྱ་བ་དང༌། གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་ཁྱད་པར་ལ་སོགས་པ་རྣམས་ལ་སློབ་སྟེ། འདི་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་པ་ལ་འབྱུང་བས་དེ་བསླབ་པར་བྱའོ། །དེའི་རྗེས་ལ་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་བ་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་རྒྱུད་ལ་གཞུག་པར་བྱའོ། །འདིར་འཇུག་པ་ལ་གང་ཟག་རིགས་གཉིས་ཏེ། སློབ་མའི་གང་ཟག་དང༌། སློབ་དཔོན་དུ་གྱུར་པའི་གང་ཟག་གོ །སློབ་མ་ནི་གོང་དུ་བསྟན་པའི་ཚུལ་གྱིས་རྒྱུད་སྦྱང་བ་མ་བྱས་པ་རྣམས་སམ། སྦྱང་བ་བྱས་ཀྱང་ཐེག་པ་ཆེན་པོ་ལ་བློའི་སྤོབས་པ་ཞན་པས་གཞན་གྱི་དོན་ལ་ད་ལྟ་ནས་འཇུག་པར་མི་ནུས་པ་གང་ཡིན་པའོ། །སློབ་དཔོན་གྱི་གང་ཟག་ནི་སྙིང་རྗེ་དང་ཤེས་རབ་རྩལ་ཆེ་བས་གཞན་གྱི་དོན་གྱི་ཁུར་ད་ལྟ་ཉིད་ནས་ཁྱེར་བའོ། །དེ་ལ་སློབ་མ་རྣམས་ལ་ནི་དཀྱིལ་འཁོར་དུ་འཇུག་པ་སྟེ་རིག་པའི་དབང་ཙམ་སྟེར་ལ། དེའང་སྦྱང་བ་མ་བྱས་པས་ནི་དམ་ཚིག་འཛིན་མི་ནུས་པས་དམ་ཚིག་མི་སྦྱིན་ཞིང༌། ཡི་དམ་གྱི་བསྒོམ་བཟླས་ཙམ་སྦྱིན་པར་བྱའོ། །སྦྱང་བ་བྱས་པ་ནི་དེ་དང་འབྲེལ་པའི་དམ་ཚིག་ཀྱང་བསྲུང་ནུས་པས་དམ་ཚིག་སྦྱིན་པ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་གང་འདོད་པ་ལ་བསླབ་པར་བྱའོ། །སློབ་དཔོན་དུ་གྱུར་པའི་གང་ཟག་ཡིན་ན། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའང་བྱ། དེ་ནས་དེ་དང་རྗེས་སུ་འབྲེལ་པའི་དམ་ཚིག་བསླབ་པ་དང༌། དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་ལ་སོགས་ཏེ་དེ་ཁོ་ན་ཉིད་བཅུ་བསླབ་པ་དང༌། སློབ་མ་གཞུག་པ་ལ་སོགས་པ་སློབ་དཔོན་གྱི་ལས་ཐམས་ཅད་དང༌། དངོས་གྲུབ་ཀྱི་ཡེ་ཤེས་དང༌། ཕྱག་རྒྱའི་ཡེ་ཤེས་དང༌། རྩ་བའི་རྒྱུད་ཀྱི་བསྒྲུབ་པ་དང༌། རྒྱུད་ཕྱི་མ་དང༌། ཕྱི་མའི་ཕྱི་མ་ལ་སོགས་པ་བསྒྲུབ་པའི་ཚུལ་ཐམས་ཅད་ལ་བསླབ་པར་བྱའོ། །འདི་ནི་འཕགས་པ་དེ་ཁོ་ན་ཉིད་འདུས་པ་དང༌། རྡོ་རྗེ་རྩེ་མོ་ལ་སོགས་པ་ལ་འབྱུང་བས་དེར་འཇུག་པར་བྱའོ། །དེ་ལྟར་རྣལ་འབྱོར་གྱི་རྒྱུད་ལ་ལོབས་པས་ཐབས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལ་བསླབ་བོ། །འདིའང་དབང་བསྐུར་བ་ནས་བརྩམས་ཏེ། རིམ་པ་གཉིས་གྲོགས་དང་བཅས་པའི་བར་ཡིན་ནོ། །དེ་ནས་ཤེས་རབ་ཀྱི་རྒྱུད་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ལ་བསླབ་སྟེ་བསླབ་པའི་ཚུལ་དེ་བཞིན་ནོ། །དེའི་རྗེས་སུ་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་སློབ་པས་ན། དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམས། །ཞེས་གསུངས་ཏེ། འོག་ནས་འབྱུང་བའི་ཆོ་གས་སློབ་མའི་རྒྱུད་སྨིན་པར་བྱ་ཞེས་བྱ་བའི་དོན་ཡིན་ནོ། །བླ་ན་མེད་པའི་རྒྱུད་འདི་གསུམ་གྱི་ཁྱད་པར་ནི་གཞན་དུ་བཤད་ཟིན་ཏོ། །དེ་ལྟར་ན་དེ་དག་གིས་དབང་པོ་གདུལ་དཀའ་བ་ལམ་ལ་རིམ་གྱིས་འཇུག་པའི་མངོན་པར་རྟོགས་པ་མདོ་ཙམ་ཞིག་བསྟན་པ་ཡིན་གྱིས། ལེགས་པར་རྒྱས་པར་ཤེས་པར་འདོད་པས་གཞན་དུ་བཙལ་བར་བྱའོ།།  །།ད་ནི་ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པའི་སྐལ་བ་དང་ལྡན་པ་ཅིག་ཆར་དུ་འཇུག་པའི་མངོན་པར་རྟོགས་པ་བརྗོད་དོ། །དེ་ལ་གཉིས། སྨིན་པར་བྱེད་པ་དབང་གི་ལམ་དང་གྲོལ་བར་བྱེད་པའི་ལམ་རིམ་པ་གཉིས་འཁོར་དང་བཅས་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག །ཅེས་གསུངས་སོ། །དེ་ལ་དང་པོ་སྨིན་པར་བྱེད་པ་བརྗོད་ན། དང་པོ་ནས་རྒྱུད་འདིར་ཅིག་ཆར་དུ་འཇུག་ཏུ་རུང་ངམ་ཞེ་ན་རུང་ངོ༌། །དེ་ལྟར་ཕྱི་མའི་ལེའུ་བཞི་པ་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེ་རྡོ་རྗེ་ཤེས་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ། དེ་ལྟར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་གསུངས་པ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་བརྟག་མི་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་སྡིག་པ་འདག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟ་བུའོ། །དེ་ལྟར་ཅིག་ཆར་དུ་འཇུག་པ་ཞེས་བྱ་བ་ཡིན་མོད་ཀྱང་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་གྱི་བརྒྱུད་པས་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་པ་ཙམ་སྔོན་དུ་བཏང་ནས་དཀྱིལ་འཁོར་དུ་གཞུག་པ་མཛད་དོ། །དེ་ལྟར་སཾ་པུ་ཊའི་གཉིས་པའི་དང་པོ་ལས། སྐྱབས་སུ་འགྲོ་བའི་རིམ་པ་ཡིས། །ཤིན་ཏུ་ལེགས་པར་སྦྱངས་ནས་ནི། །སྔགས་དང་རྒྱུད་ཀྱི་རིམ་པ་ཡི། །གསང་བའི་དེ་ཁོ་ན་ཉིད་བསྒྲགས། །ཞེས་གསུངས་པས་སོ། །ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པའི་ཆོ་ག་ཇི་ལྟར་བྱ་བ་དང༌། ཆོ་ག་དང་རྗེས་སུ་འབྲེལ་བའི་བསླབ་བྱའི་དོན་བཤད་པའོ། །དང་པོ་ནི། རྟེན་དང་མཆོད་པ་བཤམ་པ་སྔོན་དུ་བཏང་ལ། སློབ་དཔོན་གྱིས་བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པའི་རྒྱུ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་ལས་སྐྱེ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་ལྔ་པོ་བཤད་དོ། །དེ་རྣམས་ཀྱི་ནང་ནས་ཀྱང་འཁོར་བའི་རྒྱ་མཚོ་ལ་འཇིགས་པས་མྱ་ངན་ལས་འདས་པའི་གནས་འདོད་པ་དང༌། བདག་པས་གཞན་གཅེས་པའི་སྙིང་རྗེ་གསུམ་པོ་མེད་པར་བྱང་ཆུབ་ཀྱི་སེམས་མི་སྐྱེ་བས་འདི་གསུམ་པོ་བཤད་པར་བྱའོ། །དེ་ལ་དང་པོ་གཉིས་ནི་དཔལ་སཾ་པུ་ཊའི་བརྟག་པ་དང་པོའི་རབ་བྱེད་དང་པོ་ལས། འཁོར་བའི་རྒྱ་མཚོ་འཇིགས་པ་ལས། །བརྒལ་བར་འགྲོ་བའི་སེམས་ཀྱིས་ནི། །དབུས་སུ་བྱིང་བའི་ལུས་ཅན་ལ། །རྒལ་བར་མཚོན་པ་གསུངས་པའོ། །ཞེས་པ་དང༌། སྙིང་རྗེའང༌། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །ཞེས་ཧེ་བཛྲའི་དྲུག་པ་ལས་གསུངས་སོ། །འདི་དག་གིས་ནི་དོན་རྒྱས་པར་བཤད་པར་བྱའོ། །དེ་ནས་མཆོད་པ་འབུལ་བ་སྔོན་དུ་བཏང་ལ། གུར་གྱི་ལེའུ་བཅུ་གཉིས་པ་ལས་གསུངས་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་དུ་བརྗོད་དོ། །གཉིས་པ་དེ་ལྟ་བུའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསླབ་བྱ་དེའང་རྒྱུད་འདི་དག་ཉིད་ལས་གསུངས་ཏེ། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པ་ལ་སྐྱབས་སུ་མི་འགྲོ་སྟེ། ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་ཉིད། །བདེན་བྲལ་དང་ནི་ཐག་ཟངས་རིས། གཽ་རཱི་ལ་སོགས་པ་ཡི་གདན། །ཞེས་བྱའོ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་མི་བྱ་སྟེ། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་བཅུ་གཅིག་པ་ལས་སོ། །དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་ཅན་དང་མི་འགྲོགས་ཏེ། གདུག་ལ་བྱམས་པར་མི་བྱ་ཞིང༌། །ཞེས་གུར་ལེའུ་བཅོ་ལྔ་པ་ལས་སོ། །སེམས་བསྐྱེད་པའི་བསླབ་བྱའང་སྨོན་པའི་སེམས་ནམ་ཡང་འབྲལ་བར་མི་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བརྟེན་པའི་ཕྱིར་རོ། །དེ་ལྟར་སཾ་པུ་ཊའི་གསུམ་པའི་བཞི་པ་ལས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་དང༌། འཇུག་པའི་སེམས་བསྐྱེད་ཀྱི་བསླབ་བྱའང་དེ་ཉིད་ལས། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །ཞེས་གསུངས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལ་གཉིས་ཏེ། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་དང༌། དེ་སྨིན་པར་བྱ་བ་དབང་བསྐུར་བའི་མངོན་རྟོགས་སོ། །དང་པོ་ནི་རྒྱུད་འདི་དག་ལས་གསལ་པོ་ཙམ་མ་གསུངས་ཀྱང༌། སློབ་མས་གསོལ་བ་བཏབ་པ་ནི། སཾ་པུ་ཊའི་གཉིས་པའི་དང་པོ་ལས། སློབ་མས་པུས་མོའི་ལྷ་ང་ནི། །ས་ལ་དད་པས་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་བསྟོད་པ་ཡིས། །སྟོན་པ་ལ་ནི་ཞུ་བར་བྱ། །ཞེས་གསུངས་སོ། །གཉིས་པ་དེ་ནས་དབང་བསྐུར་བ་འདོད་པས་མངོན་པར་རྟོགས་པ་བདུན་ཏེ། བསྙེན་པ་དང༌། སའི་ཆོ་ག་དང༌། སྟ་གོན་དང༌། བྲི་ཞིང་རྒྱན་དགྲམ་པ་དང༌། བསྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བ་དང༌། མཇུག་གི་བྱ་བའོ། །ཡང་ན་བྲི་བ་མན་ཆད་ལ་དཀྱིལ་འཁོར་ཞག་གི་ནུབ་མོ་ཞེས་བྱ་བར་བྱས་ནས་བཞི་རུ་ཡང་མཛད་དོ། །དེ་ལ་བསྙེན་པ་ལ་གསུམ། རབ་མཚན་མའི་བསྙེན་པ། འབྲིང་དུས་ཀྱི་བསྙེན་པ། ཐ་མ་གྲངས་ཀྱི་བསྙེན་པ་སྟེ། དང་པོ་གཉིས་ཀྱི་ལུང་ནི། ཧེ་བཛྲའི་ལེའུ་བཅུ་པ་ལས། དང་པོ་སྤྲིན་དང་འདྲ་བ་ཉིད། །ཅེས་བྱ་བ་འཛིན་ཡང༌། དངོས་གྲུབ་ཀྱི་མཚན་མ་ཡིན་གྱི་བསྙེན་པའི་མཚན་མ་ནི་མ་ཡིན་ནོ། །གཉིས་པའི་ལུང་ཡང༌། དང་པོའི་བཅུ་གཅིག་པ་ལས། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ལ་འཛིན་ཡང༌། དེ་ལྟ་སྟངས་ཀྱི་མཚན་མ་ཡིན་གྱི་བསྙེན་པའི་མཚན་མ་མ་ཡིན་ནོ། །གྲངས་ཀྱི་བསྙེན་པ་གསུམ་ནི། རྩ་རྒྱུད་དང་པོའི་བཅུ་པ་ལས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གསུངས་སོ། །དེ་ནས་སའི་ཆོ་ག་ལ་ལྔ་སྟེ། བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བའོ། །བརྟག་པ་ནི། དང་པོའི་བཅུ་པ་ལས། ཚལ་དང་སྐྱེ་བོ་མེད་གནས་དང༌། །ཞེས་བྱ་བ་སོགས་པའི་ཚིགས་སུ་བཅད་གཅིག་གསུངས་སོ། །བསླང་བ་ལ་གཉིས་ལས། མངོན་པ་ལས་བསླང་བ་ནི་ཤུགས་ལས་ཤེས་ལ། མི་མངོན་པ་ལས་བསླང་བ་ནི། རྩ་རྒྱུད་དང་པོའི་བཅུ་པ་ལས། གོང་གི་ཨ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་རྣམ་པར་སྦྱིན། །ཞེས་པ་དང༌། ཕྱི་མའི་ལེའུ་དང་པོ་ལས། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་སོ། །སྦྱང་བ་ལ་གཉིས་ལས། ལས་དང་བྱ་བས་སྐྱོན་སྦྱང་བ་ནི། དཀྱིལ་འཁོར་ཁྲུ་གསུམ་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པས་བསྟན་ལ། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ་ནི། དང་པོར་ལྷ་ཡི་བདག་ཉིད་ཀྱིས། །རྣལ་འབྱོར་པས་ནི་ནོར་འཛིན་སྦྱང༌། །ཞེས་པ་དང༌། གོང་དུ་གསུངས་པའི་སྔགས་ཀྱིས་ནི། །མཁས་པས་འཛིན་མ་རྣམ་པར་སྦྱང༌། །ཞེས་བྱ་བས་བསྟན་ཏོ། །གཟུང་བ་ལ་གཉིས་ལས། བློས་གཟུང་བ་ནི་དོན་གྱིས་ཤེས་ལ། སྟངས་སྟབས་ཀྱི་བཀོད་པས་གཟུང་བ་ནི། གུར་ལེའུ་བཅུ་བཞི་པ་དང༌། སཾ་པུ་ཊའི་བདུན་པ་དངོས་ལས་ཤེས་པར་བྱའོ། །བསྲུང་བ་ནི། རྩ་རྒྱུད་དང་པོའི་བཅུ་པ་ལས། ཇི་ལྟར་བསམ་གཏན་དེ་བཞིན་འདིར། །བསྲུང་བ་ཇི་ལྟར་བསྲུང་བ་ཉིད། །ཅེས་བྱ་བས་རྒྱས་པར་རིག་པར་བྱའོ། །ཕྱོགས་ཀུན་ཏུ་འཇུག་པ་རྡོ་རྗེ་སློབ་དཔོན་གྱིས་ཆས་གོས་ནི། དང་པོའི་བཅུ་པ་ལས། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་བྱ་བས་བསྟན་ཏོ། །སྟ་གོན་ལ་ཆོས་བཞི་ལས། དང་པོ་སའི་ལྷ་མོ་སྟ་གོན་དུ་གནས་པ་ནི་མི་མངོན་པ་ལས་བསླང་བ་དང་མཐུན་ནོ། །ལྷ་སྟ་གོན་དུ་གནས་པ་ནི་རྩ་རྒྱུད་རྣམས་ན་ནི་མེད་དེ། སཾ་པུ་ཊའི་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་སྟ་གོན་ལ་གནས་པ་བྱས་ལ་ཞེས་བྱ་བ་ནས་སྦྱིན་སྲེག་བྱས་ནས་གཏོར་མ་སྦྱིན་པའི་བར་བྱའོ་ཞེས་གསུངས་སོ། །བུམ་པ་སྟ་གོན་ནི། བུམ་པ་བརྒྱད་ལ་སོགས་པར་ལྡན། །ཞེས་བྱ་བ་ལ་སོགས་པ་རྐང་པ་ལྔ་དང༌། སཾ་པུ་ཊའི་རྒྱུད་ཕྱི་མ་ལས་ཀྱང༌། རེ་ཞིག་རྩ་བའི་བུམ་པ་ལ་སོགས་པ་ལྷག་པར་གནས་པ་བྱས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་མ་ལྷག་པར་གནས་པ་ནི་རྩ་བའི་རྒྱུད་འདི་ན་ནི་མི་སྣང་གི སཾ་པུ་ཊའི་རྒྱུད་ཕྱི་མ་ལས། སློབ་མ་ལྷག་པར་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྲི་ཞིང་རྒྱན་དགྲམ་པ་ལ་བཞི། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། མཚན་མ་དགོད་པ་དང༌། རྒྱན་དགྲམ་པའོ། །དང་པོ་ནི། དང་པོའི་བཅུ་པ་ལས། རང་འདོད་ལྷ་མཉམ་རྣལ་འབྱོར་པས། །སར་པ་ལེགས་པར་བཀལ་བ་དང༌། །ཤིན་ཏུ་ཚད་མ་མཛེས་པ་ཡི། །སྲད་བུས་ཤེས་རབ་ཅན་གྱིས་གདབ། །ཅེས་གསུངས་སོ། །ཚོན་གྱིས་བྲི་བ་ནི། རྡུལ་ཚོན་དམ་པའི་ཚོན་དང་ནི། །ཞེས་བྱ་བ་ལ་སོགས་པ་དང༌། མཚན་མ་དགོད་པ་ནི། ཤར་དུ་གྲི་གུག་རྣམ་པར་བྲི། །ཞེས་བྱ་བ་ལ་སོགས་པ་རྒྱུད་གསུམ་ཀ་ལས་ཚོན་གྱིས་བྲི་ཞིང་མཚན་མ་དགོད་པ་རྒྱས་པར་གསུངས་སོ། །རྒྱན་དགྲམ་པ་ནི། སཾ་པུ་ཊའི་གཉིས་པའི་དང་པོ་ལས། འདོད་ཡོན་ལྔ་ཡིས་གང་བ་དང༌། །བླ་རེ་བྲེས་པས་ཉེ་བར་འབར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྒྲུབ་ཅིང་མཆོད་པ་ལ། དཀྱིལ་འཁོར་བསྒྲུབ་པ་ནི། དང་པོའི་བཅུ་པ་ལས། དེར་ནི་རིགས་ལྔ་ལས་བྱུང་བའི། །རིགས་མ་བཟང་མོ་རྣམ་པར་གཞུག །ཅེས་སོ། །མཆོད་པ་ནི། ཕྱི་མའི་དང་པོ་ལས། སྣ་ཚོགས་ཧཱུྃ་ནི་རྫོགས་པ་དང༌། །མེ་ཏོག་ལ་སོགས་འབུལ་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ལ། བཤད་པའི་རྒྱུད་གཉིས་པ་ལས་ཀྱང་རྒྱས་པར་གསུངས་སོ། །འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། སློབ་དཔོན་འཇུག་ཅིང་དབང་བླང་བ་དང༌། སློབ་མ་འཇུག་ཅིང་དབང་སྐུར་བའོ། །དང་པོ་ནི། རྩ་རྒྱུད་དང་པོའི་བཅུ་པ་ལས། རྡོ་རྗེ་སེམས་པའི་སྙེམས་བྱས་ནས། །རྐང་པ་གཡས་པ་བརྐྱང་བྱས་ཏེ། །ཕྱག་གཉིས་ཀྱེ་རྡོ་རྗེ་སྦྱོར་བས། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །ཅེས་བྱ་བ་དང༌། སཾ་པུ་ཊའི་གཉིས་པའི་དང་པོ་ལས་ཀྱང༌། སྔགས་ཀྱི་ལམ་ནི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་ནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་སུ། །རང་བྱིན་བརླབ་པའི་གནས་ཐོབ་ནས། །དམ་ཚིག་ཉམས་པས་འཇིགས་པ་ཡི། །བློ་དང་ལྡན་པས་དེ་བཞིན་བླང༌། །ཞེས་གསུངས་པས་སོ། །གཉིས་པ་སློབ་མའི་བྱ་བ་ལ་འཇུག་པ་དང༌། དབང་བསྐུར་བ་གཉིས། འཇུག་པ་ལ་ཕྱི་འཇུག་དང་ནང་འཇུག་གཉིས་ཏེ། དེའང་རྩ་རྒྱུད་ཕྱི་མའི་ལྔ་པ་ལས། གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་འཇུག་པ་ཉིད། །ཅེས་བྱ་བ་དང༌། དེ་ཉིད་ལས། མང་དུ་རབ་ཏུ་བརྗོད་པས་ཅི། །ཇི་ལྟར་དེ་ཉིད་བསྡུས་པ་ཡིས། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་གསུངས་པ་ལས་ཤེས་སོ། །དབང་བསྐུར་བ་ལ་གཉིས། ཐུན་མོང་གི་དབང་བསྐུར་བ་དང༌། ཐུན་མོང་མ་ཡིན་པའི་དབང་བཞི་བསྐུར་བའོ། །དང་པོ་ནི་དབང་དྲུག་སྟེ། ཆུ། ཅོད་པཎ། རྡོ་རྗེ། དྲིལ་བུ། མིང༌། ཐུན་མོང་གི་བརྟུལ་ཞུགས་རྣམས་སོ། །ཐུན་མོང་མ་ཡིན་པའི་དབང་ནི་བཞི་སྟེ། བུམ་དབང་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའོ། །དེ་ལྟར་ཐུན་མོང་དང་ཐོན་མོང་མ་ཡིན་པའི་དབང་གཉིས་སུ་འོང་བ་ཡང་གུར་ལེའུ་བཅོ་ལྔ་པ་ལས། ཆུ་ཡི་དབང་གིས་དང་པོ་སྟེ། །ཅོད་པཎ་དབང་ནི་གཉིས་པའོ། །རྡོ་རྗེའི་དབང་གིས་གསུམ་པ་སྟེ། །རང་གི་བདག་པོ་བཞི་པོ་ཉིད། །མིང་གི་དབང་བསྐུར་ལྔ་པ་སྟེ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །གསང་བའི་དབང་ནི་བརྒྱད་པའོ། །ཤེས་རབ་ཡེ་ཤེས་དགུ་པ་སྟེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་གྱི་དེ་ཉིད་བརྟུལ་ཞུགས་བརྗོད། །སྟོན་པ་རང་གི་ལུང་བསྟན་ཏེ། །དེ་འདིར་དབང་གི་ཆོ་གའོ། །ཞེས་བདུན་པ་ལ་བུམ་པའི་དབང་བསྐུར་འབྱུང་ལ། གུར་ལེའུ་བདུན་པ་ལས། ཐུན་མོང་མ་ཡིན་པའི་དབང་གསལ་བར་བྱ་བའི་ཕྱིར། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང༌། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཇི་ལྟར་ལུས་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་ལ་ཐུན་མོང་གི་དབང་དྲུག་ནི་གུར་ལེའུ་བཞི་པ་ལས་གསལ་ལ། ཐུན་མོང་མ་ཡིན་པའི་དབང་རྣམས་ནི་གཙོ་བོར་རྩ་བའི་རྒྱུད་ལས་གསལ་ཏེ། དེ་ཡང་ཕྱི་མའི་ལེའུ་གསུམ་པ་ལས་གསལ་བར་འབྱུང་ངོ༌། །དེ་ལ་ཅིའི་ཕྱིར་བུམ་པའི་དབང་ཞེས་བྱ་ཞེ་ན། གནས་སྐབས་ཐམས་ཅད་དུ་བུམ་པའི་བྱ་བ་ལ་འཇུག་པའི་ཕྱིར་ཐུན་མོང་གི་དབང་རྣམས་ཀྱང་བུམ་པའི་དབང་གི་ཁོངས་སུ་བསྡུས་པས་བུམ་པའི་དབང་ནི་ཆུ་ལ་སོགས་པ་བདུན་ནོ། །རྫས་གསང་བའི་ཕྱིར་གསང་བའི་དབང་སྟེ། དེ་ལ་གསུམ་ལས་ཕྱེ་བའི་ལྔ་སྟེ། རྗེ་བཙུན་ཡབ་ལས་ཐོབ་པ་དང༌། ཡུལ་ལས་ཐོབ་པ་དང༌། གྲོལ་བའི་སྟོབས་ལས་ཐོབ་པའོ། །དེ་ལ་གསུམ། རྣམ་རྟོག་གི་རིམ་པས་དུང་དང་ཉ་ཕྱིས་སུ་མངོན་དུ་བྱས་ལ་སྦྱིན་པ་དང༌། ཞོ་དང་ཆང་ལ་སྦྱར་ཏེ་སྦྱིན་པ་དང༌། མགྲིན་པར་ཉིན་བར་གྱི་ཐིག་ལེ་བྱ་བའོ། །ཤེས་རབ་ཕྱག་རྒྱ་གཏད་ཅིང་ཡེ་ཤེས་དགའ་བ་བཞི་སྐྱེས་པས་ཤེས་རབ་ཡེ་ཤེས་ཏེ། ཤེས་རབ་ནི་དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཏད་པ་ཡིན་ལ། ཡེ་ཤེས་དགའ་བ་བཞིའི་ཉམས་སུ་མྱོང་བ་ནི་འོག་ཏུ་དཀྱིལ་འཁོར་འཁོར་ལོའི་སྐབས་སུ་ཞིབ་ཏུ་བཤད་པར་བྱའོ། །དབང་བཞི་པ་ལ་ལྔ་སྟེ། ཚིག་གི་དང༌། དོན་གྱི་དང༌། ལམ་དུ་བྱེད་པ་དང༌། བཞི་པ་རྟེན་ཅན་དང༌། འབྲས་བུ་མངོན་དུ་བྱེད་པའི་བཞི་པའོ། །དབང་དེ་དག་གི་མཐའ་རྟེན་ནི་ནུབ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་ན་བུམ་དབང་གི་མཐའ་རྟེན་རྗེས་གནང་ནི་གསུམ་སྟེ། ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། ཆོས་བཤད་པའི་རྗེས་སུ་གནང་བ་སྟེ། གསུམ་ཀའང་རྩ་རྒྱུད་ཕྱི་མའི་བཅུ་གཉིས་པ་ལས། སློབ་མའི་ཚོགས་རྣམས་འདུ་བར་གྱིས། །ཞེས་པས་ཀྱང་ཟིན་ལ། སཾ་པུ་ཊའི་གཉིས་པའི་དང་པོ་ལས་ཀྱང༌། སངས་རྒྱས་གྲོང་ཁྱེར་མཆོག་སྔོན་དུ། །དེ་ནས་དེ་ལ་གནང་བ་སྦྱིན། །ཞེས་བྱ་བ་ལ་སོགས་པ་དང༌། རྒྱུད་ཕྱི་མ་ལས་ཀྱང་གསལ་བར་གསུངས་སོ། །གསང་དབང་གི་མཐའ་རྟེན་ལུང་བསྟན་ནི། གུར་ལེའུ་གསུམ་པ་དང༌། བཞི་པ་ལས་གསུངས་སོ། །ཤེས་རབ་ཡེ་ཤེས་ཀྱི་མཐའ་རྟེན་ནི། དབུགས་དབྱུང་བ་དང༌། དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད་ནི། གུར་ལེའུ་བཞི་པ་དང༌། བཅོ་ལྔ་པ་ལས་རྟོགས་པར་བྱའོ། །ནུབ་གཅིག་ལ་དབང་རྫོགས་པར་མི་བསྐུར་ན་རྡོ་རྗེ་སློབ་མའི་རིགས་ལ་ནི་མཐའ་རྟེན་གང་ཡང་མི་དགོས་ལ། རྡོ་རྗེ་སློབ་དཔོན་གྱི་རིགས་ལ་མཐའ་རྟེན་བཞི་ཀ་བུམ་དབང་གི་རྗེས་ལ་བྱའོ་ཞེས་གསུངས་སོ། །མཇུག་གི་བྱ་བ་ལ་ལྔ། བླ་མ་ལ་ཡོན་དབུལ་བ་དང༌། དཀྱིལ་འཁོར་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། ལས་ཀྱི་རྗེས་བསྡུ་བ་དང༌། དགའ་སྟོན་བྱ་བ་སྟེ། རྒྱུད་ཀྱི་ལུང་དང་ཡང་སོ་སོར་སྦྱར་ལ་ཤེས་པར་བྱའོ། །དེ་ལྟར་ཆོ་ག་རྒྱུད་གསུམ་དུ་མི་གསལ་བ་རྣམས་ཇི་ལྟར་དེ་ཉིད་བསྡུས་པ་ལས། དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་བཤད་པས་དེ་ཉིད་བསྡུས་པ་དང༌། གསང་བ་སྤྱི་རྒྱུད་ལས་རྟོགས་པར་བྱའོ། །ལག་ཏུ་བླང་བ་ཞིབ་ཏུ་ནི་སློབ་དཔོན་དཔའ་བོ་རྡོ་རྗེའི་རྗེས་སུ་འབྲངས་པས་བཟང་པོ་ཡོངས་བཟུང་དང༌། རིན་ཆེན་འབར་བ་ལས་རྟོགས་པར་བྱ་ཞིང༌། བླ་མ་ག་ཡ་དྷ་རའི་རྗེས་སུ་འབྲངས་པས། རྒྱུད་དང་མན་ངག་གི་སྟོང་ཐུན་དབང་གི་ཆུ་བོར་ཤེས་པར་བྱའོ། །དེ་ལྟར་རྟེན་གྱི་གང་ཟག་དེ་དག་ཀྱང་རྒྱུ་ལ་ལྟོས་པ་ནི་རྒྱུའི་རྒྱུད་ཡིན་ལ། རིགས་ལ་ལྟོས་པ་དང༌། སྤང་བྱ་ལ་ལྟོས་པ་དང༌། རྐྱེན་ལ་ལྟོས་པའི་དང་པོ་རྒྱུད་སྦྱང་བ་མ་བྱས་པ་རིང་ཞིག་ནས་འགྲུབ་པ་གསུམ་ནི་ལམ་ལ་འཇུག་ཏུ་རུང་བའི་གང་ཟག་ཡིན་ལ། རྐྱེན་ལ་ལྟོས་པའི་གཉིས་པ་སྦྱང་བ་བྱས་པ་འགྲུབ་པར་ངེས་པའང་གཉིས་ཀྱི་དང་པོ་ཕ་རོལ་ཏུ་ཕྱིན་པས་རྒྱུད་སྦྱང་བ་བྱས་པ་ནི་རྡོ་རྗེ་ཐེག་པ་ལ་འཇུག་ཏུ་རུང་བའི་གང་ཟག་ཡིན་ལ། དབང་གིས་རྒྱུད་སྨིན་པར་བྱས་པ་ནི་ལམ་གྱི་གཙོ་བོ་རིམ་པ་གཉིས་ཡིན་པའི་དབང་དུ་བྱས་ནས། ལམ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་ཅེས་བཏགས་པ་ཡིན་གྱི། ལམ་ལ་སྨིན་གྲོལ་གཉིས་སུ་བྱེད་པའི་དབང་དུ་བྱས་ན་དབང་ལམ་ཡིན་ཞིང༌། གང་ཟག་མཆོག་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་ནི་དབང་བཞི་པའི་དུས་ཉིད་ན་གྲོལ་བར་གྱུར་པ་རྣམས་ཀྱི་དབང་དུ་བྱས་ན་འབྲས་བུར་ཡང་འགྱུར་མོད་ཀྱི། འདིར་གང་ཟག་འབྲིང་དང་ཐ་མའི་དབང་དུ་བྱས་ནས། ལམ་གྱི་དངོས་གཞི་རིམ་པ་གཉིས་ཡིན་ལ། དེ་ཉམས་སུ་ལེན་པ་ལ་དབང་སྔོན་དུ་འགྲོ་དགོས་པས། དབང་བསྐུར་རྟེན་གྱི་གང་ཟག་གི་ཁོངས་སུ་བསྡུས་པ་ཡིན་ནོ། །དབང་འདི་དག་རིམ་ཅན་དུ་བསྐུར་བ་དང༌། ཅིག་ཆར་དུ་བསྐུར་བའི་དབྱེ་བ་ནི་འོག་ནས་བཤད་པར་བྱའོ། །དེ་ལྟར་དེ་དག་ཀྱང་ལེའུ་དང་རབ་ཏུ་བྱེད་པ་གང་དང་གང་ནས་འབྱུང་ན། ཧེ་བཛྲའི་དང་པོའི་བཅུ་པ། ཕྱི་མའི་གསུམ་པ། ལྔ་པ་བཅུ་གཉིས་པ་རྣམས་དང༌། གུར་ལེའུ་གཉིས་པ། གསུམ་པ། ལྔ་པ། བདུན་པ། བརྒྱད་པ། དགུ་པ། བཅུ་བཞི་པ། བཅོ་ལྔ་པ་རྣམས་དང༌། སཾ་པུ་ཊའི་གསུམ་པ་དངོས་དང༌། རྒྱུད་ཕྱི་མ་རྣམས་ལས་འབྱུང་ངོ༌། །རྟེན་གྱི་གང་ཟག་སྨིན་པར་བྱེད་པའི་དབང་དང་བཅས་པ་བཤད་ཟིན་ཏོ། །དེས་ཉམས་སུ་བླང་བའི་གྲོལ་བར་བྱེད་པ་ཐབས་ཀྱི་རྒྱུད་ནི་མདོར་བསྡུ་ན་རིམ་པ་གཉིས་སུ་འདུས་པ་ཡིན་ཏེ། རྩ་བའི་རྒྱུད་ལེའུ་དང་པོའི་ལེའུ་བརྒྱད་པ་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་ལ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང༌། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། བསྐྱེད་པའི་རིམ་པ་ཉིད་དང་ནི། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་གསུངས་སོ། །དེ་ལྟ་བུའི་རིམ་པ་གཉིས་པོ་འདིའང་ལམ་གྱི་དངོས་གཞི་རིམ་པ་གཉིས་ཀྱི་དོན་བསྒོམ་པ་དངོས་དང༌། དེའི་ཡན་ལག་ཏུ་གྱུར་བའི་མངོན་པར་རྟོགས་པ་ཞེས་བྱ་བ་གཉིས་སུ་འགྱུར་རོ། །གཉིས་པོ་འདིའང་བླ་མ་གོང་མ་རྣམས་ཀྱི་གསུང་གིས་མངོན་པར་རྟོགས་པ་གསུམ་ལས་བཅུ་གཅིག་ཏུ་དབྱེ་སྟེ། གཙོ་བོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་མངོན་པར་རྟོགས་པ་ལྔ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་བསྒྲུབ་པའི་མངོན་པར་རྟོགས་པ་ལྔ་དང༌། གཉིས་ཀ་ལ་དགོས་པའི་དམ་ཚིག་དང་སྡོམ་པའོ། །དང་པོ་ལྔ་ནི། ཐོག་མར་འོག་ནས་འབྱུང་བའི་ལམ་ཐམས་ཅད་དེ་དང་དེའི་རྣམ་པར་སྣང་ཡང་རང་གི་ངོ་བོའམ་གོ་ཡུལ་དུ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་པར་བྱ་བའི་ཕྱིར་དང་པོར་རྟོགས་པའི་ལྟ་བ་དང༌། དེ་ནས་རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། དེའི་རྗེས་ལ་བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་དང༌། དེ་ལྟར་རིམ་པ་གཉིས་ལ་གནས་ནས་དྲོད་ཐོབ་པས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་ལ་སོགས་པ་དོན་གྱི་ཕྱིར་སྤྱོད་པ་དང༌། སྤྱོད་པ་ལ་གནས་པ་དེས་མཆོག་གི་དངོས་གྲུབ་ཀྱི་ཉེ་བའི་རྒྱུ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་ལྔ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ནས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ་དང༌། བར་ཆད་ཞི་བ་ལ་སོགས་པའི་ཕྱིར་གཏོར་མ་དང༌། སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་རབ་གནས་དང༌། ལས་མཐའ་དག་བསྒྲུབ་པའི་ཕྱིར་སྦྱིན་སྲེག་དང༌། དམན་པ་ལ་མོས་པའི་རྟེན་གྱི་གང་ཟག་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་བསྟན་པའོ། སྤྱི་དོན་གསུམ་པ་གཉིས་ཀ་ལ་དགོས་པ་གྲོགས་དམ་ཚིག་དང་སྡོམ་པ་རྐྱང་པས་ཀྱང་འགྲུབ་པར་བསྟན་པའི་ཕྱིར་དམ་ཚིག་དང་སྡོམ་པ་ལ་གཉིས། བཟའ་བའི་དམ་ཚིག་དང༌། བསྲུང་བའི་དམ་ཚིག་གོ །དེ་ལྟར་མངོན་པར་རྟོགས་པ་བཅུ་གཅིག་པོ་འདི་ལས་བཅུ་བཞིར་དབྱེ་ན་གཙོ་བོའི་མངོན་པར་རྟོགས་པ་ནི་རིམ་པ་གཉིས་ཡིན་ལ་ལྷག་མ་དགུ་ནི་ཡན་ལག་གོ །དེའང་ལྟ་བ་དང༌། སྤྱོད་པ་དང༌། ཉེ་རྒྱུ་དང༌། དམ་ཚིག་ལ་གསུམ་དུ་ཕྱེ་སྟེ། ལས་དང་པོ་པའི་དམ་ཚིག་དང༌། བརྟན་པ་ཐོབ་པའི་དམ་ཚིག་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་སྟེ། གསུམ་ལས་ཕྱི་མ་གཉིས་ཏེ། ལྔ་ནི་རྫོགས་པའི་རིམ་པའི་ཡན་ལག་ཡིན་ལ། གཞན་བཟླས་པ་ལ་སོགས་པ་དྲུག་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཡིན་ནོ། །ཡང་ལས་ཀྱི་ཚོགས་ལའང་ཕྱི་ནང་གཉིས་ལས། ནང་གི་ལས་ཀྱི་ཚོགས་ཀྱང་རྫོགས་རིམ་གྱི་ལམ་གྱི་ཡན་ལག་ཏུ་བསྡུ་བས་གཉིས་ཀ་ཡན་ལག་དྲུག་དྲུག་དང་ལྡན་པའོ། །དེ་ལྟ་བུའི་མངོན་པར་རྟོགས་པ་འདི་དག་བསླབ་པའི་གོ་རིམ་དང་གང་ཟག་དང་གཉིས། དང་པོ་ནི་བཅུ་གཅིག་དང༌། གཉིས་པ་བསླབ་པའི་ཚུལ་ནི་གང་ཟག་གི་རིགས་ཀྱིས་རབ་ཏུ་དབྱེ་སྟེ། དབང་རིམ་པ་ཅན་དང་ཅིག་ཆར་བའི་དབྱེ་བ་དང༌། སློབ་དཔོན་དང་སློབ་མའི་དབྱེ་བ་དང༌། སློབ་དཔོན་ལ་ནང་དང་ཕྱིའི་དབྱེ་བས་བསླབ་བྱ་ཐ་དད་དུ་འགྱུར་བས་འདི་འོག་ཏུ་བཤད་པར་བྱའོ། །འདིར་རེ་ཞིག་ལམ་གྱི་གོ་རིམ་བརྗོད་ན་དབང་ཡོངས་སུ་རྫོགས་པའི་གང་ཟག་སློབ་དཔོན་དུ་གྱུར་པ་ཟུང་དུ་འཇུག་པའི་རྣལ་འབྱོར་པའི་དབང་དུ་བྱས་ཏེ། དབང་གི་རྗེས་ཉིད་ལ་དབང་དང་རྗེས་སུ་འབྲེལ་བར་རྟོགས་པའི་ལྟ་བ་སྟོན་པས། གང་ཟག་རབ་ཀྱི་མངོན་པར་རྟོགས་པའི་དབང་དུ་བྱས་ནས་བླ་མ་གོང་མས་གསུངས་པས་དེའི་ལུགས་སུ་བརྗོད་པར་བྱའོ། །འདི་ལ་གཉིས་ཏེ། ཐོག་མར་ལྟ་བ་བསྟན་པའི་དགོས་པ་དང༌། ལྟ་བ་བསྟན་པའི་ཚུལ་ལོ། །དང་པོ་ནི་ལྟ་བ་རྟོགས་པ་འདི་ཡོད་ན་འོག་ནས་འབྱུང་བའི་ལམ་ཐམས་ཅད་རྣམ་པར་གྲོལ་བའི་ལམ་དུ་འགྱུར་བའི་ཕྱིར་ཡིན་ཏེ། དཔལ་སཾ་པུ་ཊ་ལས། དང་པོ་སྟོང་ཉིད་བསམས་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་སོ། །འཕགས་པ་སྡུད་པ་ལས་ཀྱང༌། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ལྟ་བ་དེ་བསྟན་པའི་ཚུལ་ནི། ཤེས་རབ་དེའང་རྣམ་པར་མི་རྟོག་པ་ཡིན་ལ། མི་རྟོག་པ་དེའང་ཕ་རོལ་ཕྱིན་པ་ལྟར་ཚིག་ཙམ་གྱིས་བསྟན་པར་མི་ནུས་པས། དབང་གི་ཡེ་ཤེས་ཐོབ་པའི་རྗེས་ལ་བསྟན་པའི་ཕྱིར། ཕྱི་ནས་དེ་ཉིད་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ལྔ་སྟེ། དབང་གི་ཡེ་ཤེས་བསྟན་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ངོ་སྤྲད་པ་དངོས་དང༌། ཡེ་ཤེས་དེ་ལ་གང་ཟག་གི་བདག་ཏུ་ལོག་པར་རྟོག་པར་འགྱུར་བས་གང་ཟག་གི་བདག་མེད་བསྟན་པ་དང༌། ཡུལ་ཅན་གྱི་ཡེ་ཤེས་ལ་སྒྲོ་འདོགས་གཅད་པའི་ཕྱིར་ཡུལ་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་དབབ་པ་དང༌། དེ་ལྟ་བུའི་དེ་ཁོ་ན་ཉིད་དེ་གསུང་རབ་ཐམས་ཅད་ཀྱི་རྟོགས་བྱར་བསྟན་པ་དང༌། ལྟ་བ་དེ་རྟོགས་བྱེད་ཁྱད་པར་དུ་འཕགས་པ་གསང་སྔགས་ཀྱི་ཐབས་ཟབ་མོས་རྟོགས་པར་བྱ་བར་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་ཡེ་ཤེས་དེ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཁྱད་པར་རམ་དབྱེ་བ་མེད་པར་བསྟན་པ་དང༌། དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཇི་ལྟ་བུ་ཞིག་ཏུ་རྟོགས་པར་བསྟན་པ་དང༌། ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་ཁྱབ་པའམ་རྒྱུར་བསྟན་པའོ། །དང་པོ་ནི་ཧེ་བཛྲའི་བརྟག་པ་དང་པོའི་ལེའུ་བཅུ་པ་ལས། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་རྟོག་པ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ཏེ། ཕྱི་ནས་ཞེས་བྱ་བ་ནི་དབང་གི་ཉམས་མྱོང་སྐྱེས་པའི་རྗེས་ལ་འབྲེལ་པར་ཞེས་བྱ་བའི་དོན་ཏོ། །རྣམ་དག་ཡེ་ཤེས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཞིག་ཐ་དད་དུ་གྲུབ་པའམ། ལོགས་ནས་བཙལ་དུ་ཡོད་པ་ཞིག་མ་ཡིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་དབྱེ་བ་མེད་ཅེས་བྱ་བའི་དོན་ཏོ། །གཉིས་པ་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཇི་ལྟ་བུ་ཞིག་ཡིན་ཞིང༌། དེ་རྣལ་འབྱོར་པས་ཇི་ལྟར་མྱོང་ཞིང་རྟོག་སྙམ་ན། ཧེ་བཛྲའི་ལེའུ་བཅུ་པ་ལས་གསུང་པ། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཞེས་གསུངས་སོ། །དེ་ལ་རང་རིག་ཡེ་ཤེས་ཞེས་བྱ་བ་ནི་དྲན་པ་མེད་པའི་ཡེ་ཤེས་སུ་འདོད་པ་དགག་པའི་ཕྱིར་དང༌། སོ་སོའི་རང་གིས་རིག་པའི་ཆོས་ཉིད་ཡིན་ཞིང་གཞན་གྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་རང་རིག་པ་ཞེས་བྱ་བ་ཅིག་ཏུ་གྲུབ་བམ་ཞེ་ན། དེ་སྤྲོས་པ་དང་བྲལ་བར་བསྟན་པའི་ཕྱིར་རང་གཞན་ཡང་དག་རིག་པ་སྤངས་ཏེ། དེ་གཉིས་ཕན་ཚུན་ལྟོས་པའི་ཕྱིར་དང༌། དམིགས་པར་བྱ་བའི་ཡུལ་འགའ་འང་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་དཔེ་ནི་མཁའ་མཉམ་ཞེས་སྨོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རྡུལ་བྲལ་སྟོང་པ་ཉིད་དོ། །གལ་ཏེ་ཡང་ན་སེམས་རང་རིག་པར་འགྱུར་ལ། ཡང་ན་དྲན་པ་མེད་པའམ་རྣམ་པ་མེད་པའི་ཡེ་ཤེས་སུ་འགྱུར་བ་མ་ཡིན་ནམ་ཞེ་ན། དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས་ཏེ་ཟུང་དུ་འབྲེལ་པ་ཡིན་ཞེས་བྱའོ། །འདིའི་དཔེ་ནི་སྒྱུ་མ་ལྟ་བུ་ལ་སོགས་པ་ཟུང་འཇུག་གམ་གཉིས་མེད་ཡིན་ཏེ། སློབ་དཔོན་ཀོ་ཏ་ལི་པས། དཔེ་ནི་ཆོས་རྣམས་ཐམས་ཅད་ལ། །བཞག་པ་ཉིད་དུ་དེ་མི་ནུས། །དམིགས་སོགས་ཡིད་ཀྱི་རྣམ་ཤེས་ཀྱི། །དཔེ་ཡིས་དངོས་པོ་རྣམ་པར་སྤངས། །ཞེས་བཤད་དོ། །གསུམ་པ་ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་རྒྱུར་བསྟན་པ་ནི། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་དང་དངོས་མེད་དེ་ལས་བྱུང༌། །རྣམ་པར་ཤེས་པ་ཀུན་གྱི་ཚུལ། །ཞེས་གསུངས་ཏེ། འདི་དག་རྣལ་འབྱོར་པའི་ཉམས་ལ་ནི་དེ་ལྟར་བརྗོད་པ་བཞིན་མྱོང་ཞིང་སྐྱེ་ལ། སློབ་དཔོན་གྱིས་ཀྱང་དེ་ལྟར་བཤད་པར་བྱ་སྟེ། དེ་ལྟ་བུ་ཡིན་པར་སྒྲོ་འདོགས་བཅད་པ་ནི་འོག་ཏུ་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་གང་ཟག་གི་བདག་དགག་པ་དང༌། གང་ཟག་གི་བདག་མེད་པ་བསྟན་པ་ནི་དེ་ལྟ་བུའི་ཡེ་ཤེས་དེ་སློབ་མས་མྱོང་ཞིང་སློབ་དཔོན་གྱིས་བཤད་པ་དེའི་ཚེ། སློབ་མའི་རྗེས་སྤྱོད་ཀྱི་ཉམས་ལ། འོ་ན་བདག་གིས་ཉམས་སུ་མྱོང་བ་འདི་ཉིད་ཆོས་ཐམས་ཅད་ཀྱི་མྱོང་བ་པོའམ་བྱེད་པ་པོ་འབའ་ཞིག་ཡིན་པར་འདུག་གོ་ཞེས་གང་ཟག་གི་བདག་ཏུ་ལོག་པར་རྟོག་པ་སྐྱེ་བར་འགྱུར་རོ། །དེ་བསལ་བར་བྱ་བའི་ཕྱིར་གང་ཟག་གི་བདག་མེད་བསྟན་པ་ནི། སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་ཉིད། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་གསུངས་སོ། །དེ་ལ་གཉིས། གང་ཟག་གི་བདག་དངོས་དང༌། དེ་དགག་པའོ། །དང་པོ་ལ་ལྔ། གྲངས་ཅན་པ་དང༌། རིག་བྱེད་པ་དང༌།  བྱེ་བྲག་པ་དང༌། གཅེར་བུ་པ་དང༌། ཆད་པར་ལྟ་བའོ། །དང་པོ་ནི་དེ་ལ་སྐྱེས་བུ་སྟེ། གྲངས་ཅན་པས་བཏགས་པའི་བདག་རྟག་པ་གཅིག་པུ་ཡུལ་ལ་སྤྱོད་པར་འདོད་པའོ། །དེའང་སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད་དེ། ཡེ་ཤེས་དེ་རྣམ་པར་ཤེས་པ་ཀུན་གྱི་ཚུལ་དུ་སྣང་བས་མ་བརྟགས་པའི་བློ་ལ་དེ་ལྟ་བུ་སྣང་བས་དེ་དག་གི་ལོག་པར་བརྟགས་ཀྱང་རང་གི་ངོ་བོ་ལ་མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད་ཡིན་པའི་ཕྱིར་དེ་ལྟར་མ་གྲུབ་པས་ན་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་སྔོན་རབས་ནི་སྤྱོད་པ་པ་དང་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་ཡིན་ཏེ། རྙིང་པ་རྒྱུར་སྨྲ་བ་ཞེས་བྱ་བ་སྒྲའི་ཚངས་པ་རྟག་ཏུ་གྲུབ་པར་འདོད་པའོ། །དེ་ཉིད་ཡི་གེ་དམ་པ་ནི་མི་འགྱུར་བ་ཡིན་པས། དེ་ལ་ལོག་པར་རྟོག་པས་དེ་ལྟར་བརྟགས་པར་སྣང་ཡང༌། རང་གཞན་ཡང་དག་རིག་པ་སྤངས་པའི་ཕྱིར་དེ་ལྟར་སྣང་བ་སྟོང་པ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་བདག་ནི་བྱེ་བྲག་པས་བདག་བེམས་པོར་འདོད་པ་སྟེ། རང་རིག་ཡེ་ཤེས་ཡིན་པའི་ཕྱིར། །དེ་ཡང་སྒྱུ་མ་ལྟ་བུའོ། །གསོ་བ་དང་སེམས་ཅན་ནི་གཅེར་བུ་པ་རྣམས་ཀྱི་སྟེ། ཡེ་ཤེས་དེ་ཉིད་སེམས་ཅན་རྣམས་ཀྱི་སྲོག་ཏུ་སྣང་བས་དེ་ལྟར་ལོག་པར་རྟོག་ཀྱང་རྡུལ་བྲལ་སྟོང་པ་ཉིད་ཡིན་པས་དེ་ལྟར་སྣང་བ་སྟོང་པ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ཁ་ཅིག་དུས་རྒྱུར་སྨྲ་བ་དང༌། ཁ་ཅིག་གང་ཟག་རྒྱུར་སྨྲ་བ་དེ་དག་ཀྱང་ཡེ་ཤེས་དང་དེའི་རྣམ་པར་སྣང་བས་དེ་ལ་ལོག་པར་རྟོག་པ་ཡིན་གྱི། རང་གི་ངོ་བོ་མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད་ཡིན་པས་སྒྱུ་མའི་གཟུགས་ཅན་ཡིན་ཏེ། དཔེར་ན་དམུས་ལོང་བརྒྱས་གླང་པོ་ཆེ་འཇུས་པ་ལྟ་བུའོ་ཞེས་མདོ་ལས་བཤད་པ་དང་འདྲའོ། །སྤྱི་དོན་གསུམ་པ་ཡུལ་ཅན་གྱི་ཡེ་ཤེས་ལ་སྒྲོ་འདོགས་གཅད་པའི་ཕྱིར་ཡུལ་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་དབབ་པ་སྟོན་ཏེ། དེ་ལ་ཡུལ་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་མ་ཕབ་ན་རང་གིས་ཉམས་སུ་མྱོང་བའི་ཡེ་ཤེས་དེ་ཉིད་ལོག་པར་གོལ་བར་འགྱུར་རོ། །དེས་ན་གོལ་ས་གཅད་པའི་ཕྱིར་གནས་ལུགས་གཏན་ལ་དབབ་པ་ལ་གཉིས་ཏེ། བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་སྤྱིར་བསྟན་པ་དང༌། དེའི་ངོ་བོ་གཏན་ལ་དབབ་པའི་སྒོ་ནས་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བཤད་པའོ། །དང་པོ་ནི་ཧེ་བཛྲའི་ཕྱི་མའི་ལེའུ་བཞི་པ་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་སོ། །དེ་ལ་ཀུན་རྫོབ་དོན་དམ་ཚུལ་ཅན་ནོ་ཞེས་བྱ་བ་འདི་གཉིས་ནི་བདེན་པ་གཉིས་ཞེས་བྱ་བ་སྟེ། །སངས་རྒྱས་ཀྱི་ཆོས་བསྟན་པའི་སྙིང་པོ་སྟེ། མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པ་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་ཀྱང་དོན་འདི་ཉིད་རྒྱ་ཆེར་བསྟན་པ་མཛད་དོ། །དེ་ལ་གསུམ་སྟེ། མཚན་ཉིད་དང༌། མཚན་གཞི་དང༌། མཚན་གཞི་ངེས་པར་བྱེད་པའི་ཚད་མའོ། །དང་པོ་ནི། ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་བྱ་བ་ལ། སྤྱིར་ཀུན་རྫོབ་ཅེས་བྱ་བ་དང༌། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་གཉིས་དང༌། དོན་དམ་པ་དང་དོན་དམ་པའི་བདེན་པ་ཞེས་བྱ་བ་གཉིས་སོ། །དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི་སཾ་པྲྀ་ཏ་སྟེ། ཡང་དག་པ་ལ་སྒྲིབ་པས་ན་ཀུན་རྫོབ་བོ། །དེ་ནི་མ་བརྟགས་པའི་བློའམ་རྨོངས་པའི་བློ་སྟེ། དེ་ལྟར་ཡང༌། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོ། །བློ་དེའི་ངོར་བདེན་པར་བརྟགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། བདེན་པར་མ་བརྟགས་ན་བློ་དེའི་སྣང་ངོ་ཙམ་ཡང་ཀུན་རྫོབ་ཅེས་བྱ་བ་ཙམ་ཡིན་ནོ། །དོན་དམ་པ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱི་དོན་དུ་གཉེར་བས་ན་དོན་དམ་པ་སྟེ། ཕྱིན་ཅི་མ་ལོག་པའམ་མི་བསླུ་བ་ཡིན་ལ། དེའི་ངོར་བདེན་པ་ནི་དོན་དམ་པའི་བདེན་པའོ། །དེ་ལྟར་ཡང༌། བསླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཞེས་གསུངས་པ་དང༌། འདིར་ཡང་རྨོངས་མེད་ཅེས་པས་ན་བདེན་པ་གཉིས་ཀྱི་མཚན་ཉིད་ནི་ཐམས་ཅད་མཐུན་ཏེ། ཆོས་མངོན་པ་ལས། གང་ལ་བཅོམ་དང་བློ་ཡི་གཞན། །བསལ་ན་དེ་བློ་མི་འདོར་བ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པ་འདིའང་དེ་ཉིད་ཡིན་ནོ། །དེས་ན་མཚན་གཞི་མི་མཐུན་གྱི། མཚན་ཉིད་ཐམས་ཅད་མཐུན་ནོ། །གཉིས་པ་མཚན་གཞི་ནི་ཆོས་ཅན་འཁོར་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། བློ་སྒྲིབ་པ་དང་བཅས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཉིད་མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་སྟེ། བློ་ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པའི་ཕྱིར་རོ། །འདི་ལའང་ཡུལ་བདེན་པ་གཉིས་ཤེས་པ་ལ་ཡུལ་ཅན་གྱི་བློ་ཤེས་དགོས་པས་ཡུལ་ཅན་བློའི་རྣམ་གཞག་དང༌། བློ་དེ་ལ་ལྟོས་ནས་བདེན་པ་གཉིས་སུ་གཞག་པའི་ཚུལ་ལོ། །དང་པོ་ནི་སྤྱིར་བློ་ཐམས་ཅད་བསྡུ་ན་བློ་ཀུན་རྫོབ་པ་དང༌། བློ་དོན་དམ་པ་ཞེས་བྱ་བ་གཉིས་ཡིན་པས་ན། བློ་གཉིས་པོ་དེ་གང་ཟག་གང་གི་རྒྱུད་ལ་ལྡན་ཞེ་ན།  རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*