གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱི་ཀ་དང་ དེའི་ས་བཅད།

༼ཅ༽

༄༅། །གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱི་ཀ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་ལོ་ཀེ་ཤྭ་རཱ་ཡ། བརྩེ་བས་ལྷག་བསམ་བརྟན་མཛད་ནས། །དེ་ཁོ་ན་ཉིད་མངོན་མཛད་སྐུ། །ཚེ་དཔག་མེད་མགོན་དཔལ་ལྡན་ཆེ། །སྡུག་བསྔལ་སྐྱོབ་མཛད་བདག་སྐྱོངས་ཤིག །གང་ཞིག་བསྟེན་ན་སྲིད་པ་མཐར་བྱེད་ལམ། །གང་སྟོན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཆོ་ག་མཆོག་ལ་མོས་བློས་བླ་མ་ཡི། །གསུང་བཞིན་ཉམས་སུ་བླང་བའི་རིམ་པ་བྲི།།  །།གཟུངས་རྟོག་པ་དང་བཅས་པའི་རྒྱུད་སྡེ་བཞི་ལས་གང་ཡིན། འདིའི་མིང་ཅི་ཞིག་ཡིན། འདི་གསུངས་པའི་སྟོན་པ་གང་ཡིན། གནས་སྐབས་སུ་གང་གི་དོན་དུ་གསུངས། སྤྱིར་རྒྱུད་འདིའི་དགོངས་པ་ཅི་ཞིག་ཡིན། གསུངས་པའི་མདོ་འདི་བཤད་ཚུལ་ཇི་ལྟ་བུའི་ཚུལ་གྱིས་རྟོགས་པར་བྱ། འདིའི་རྟོག་པའི་ཆོ་ག་ཇི་ལྟ་བུས་ཉམས་སུ་བླང་བར་བྱ་སྙམ་པ་ལ། འདི་ནི་རྒྱུད་སྡེ་ལྔའི་དབང་དུ་བྱས་ན་རྟོག་པའི་རྒྱུད་ཡིན་ལ། བཞིའི་ཚུལ་ལྟར་ན་བྱ་བའི་རྒྱུད་ཡིན་ནོ། །འདིའི་མིང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ལ། འདི་གསུངས་པའི་དུས་སུ་ཡང་རྣམ་པར་འཕྲུལ་པ་དེ་ལྟར་མཛད་པས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱའོ། །དེ་ལ་སྤྱིར་མང་དུ་ཡོད་པ་ལས། འདི་ནི་ཚེ་དཔག་ཏུ་མེད་པའི་གཙུག་ཏོར་རྣམ་པར་རྒྱལ་བ་དང༌། ངན་འགྲོ་ཐམས་ཅད་སྦྱོང་བའི་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡིན་ཏེ། འདི་ལ་ཡང་ཨོཾ་གཅིག་མ་དང༌། ཨོཾ་གསུམ་མ་དང༌། དགུ་པ་དང༌། ལྔ་པ་ཡོད་པ་ལས། ཨོཾ་གསུམ་པ་འདི་དག་པ་ཡིན་ཏེ། སློབ་དཔོན་ཛེ་ཏཱ་རིས་ཀྱང་ཨོཾ་གསུམ་དང་ལྡན་པའི་གཟུངས་ཞེས་སྒྲུབ་ཐབས་སུ་གསུངས་ལ། ཡང་གཏམ་རྒྱུད་ལས། ཡུལ་ལྷོ་ཕྱོགས་སུ་པཎྜི་ཏ་བྷ་དྱ་ཀཱིརྟིས་རྒྱལ་པོའི་ཚེ་བསྲིང་བའི་དོན་དུ། དགེ་སློང་དང་བྲམ་ཟེ་ལ་སོགས་པ་མང་པོ་བསོགས་ཏེ། རྨི་ལམ་བརྟག་པའི་ཆོ་ག་བྱས་ཏེ། བརྟགས་པས་ཨོཾ་གསུམ་པ་དག་པ་ཡིན་ནོ་ཞེས་རྨི་ལམ་དུ་ཐོས་པའོ། །འདིའི་སྟོན་པ་ནི་སྤྱིར་དེ་བཞིན་གཤེགས་པ་དཔག་ཏུ་མེད་པས་གསུངས་ཤིང་བྱིན་གྱིས་བརླབས་པར་གསལ་ལ། ཁྱད་པར་དུ་སྔོན་བྱུང་གི་སྟོན་པ་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡིན་ལ། བསྟན་པ་འདིའི་སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡིན་ཏེ། དེ་ཡང་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་ཞུགས་པས་ཚེ་དཔག་ཏུ་མེད་པ་ཞེས་བྱའོ། །གནས་སྐབས་སུ་གདུལ་བྱ་གང་གི་དོན་དུ་གསུང་ཞེ་ན། སྔོན་བྱུང་སྤྱན་རས་གཟིགས་ཀྱིས་སེམས་ཅན་སྤྱི་དང༌། བརྒྱ་བྱིན་གྱིས་བློ་གྲོས་བརྟན་པ་ལ་སོགས་པའི་དོན་དུ་གསུངས་པ་ཡིན་ལ། རྗེས་སུ་འཇུག་པ་ཚེ་ཐུང་བ་ལ་སོགས་པ་འགྲོ་བ་མཐའ་དག་གི་དོན་ཡིན་ཏེ་མདོ་ཉིད་དུ་གསལ་ལོ། །སྤྱིར་མདོ་འདིས་དགོས་པ་ཅི་ཞིག་སྟོན་ཞེ་ན། གནས་སྐབས་ཀྱི་དགོས་པ་ནི་ཚེ་རིང་བ་ལ་སོགས་པ་ཡིན་ལ། མཐར་ཐུག་གི་དགོས་པ་ནི་སངས་རྒྱས་ཉིད་ཡིན་ཏེ། འདི་དག་ནི་རྟོག་པ་ཉིད་ན་གསལ་ལོ། །མདོ་བཤད་ཚུལ་ཇི་ལྟ་བུ་ཞིག་གིས་རྟོགས་པར་བྱ་ཞེ་ན། བསྡུས་པའི་དོན་དང༌། ཚིག་གི་དོན་གཉིས་ཀྱིས་ཏེ། དང་པོ་ནི་རྟོག་པའི་གོ་བ་ནི་འདིར་གསུམ་སྟེ། གླེང་གཞི་དང༌། མདོ་དངོས་དང༌། དེ་ལ་རྗེས་སུ་ཡི་རང་བའོ། །ཚིག་གི་དོན་ནི་འདི་སྒྲ་ཇི་བཞིན་པ་ཡིན་པས། མདོ་ཉིད་དུ་རྟོགས་པར་ནུས་པས་ཁོ་བོས་མ་བྲིས་སོ། །མདོ་འདི་གཉིས་ཀའི་རྟོག་པའི་ཆོ་ག་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི་རྟོགས་སླ་བའི་ཕྱིར་རྟོག་པ་ལས་ལོགས་སུ་ཕྱོགས་གཅིག་ཏུ་བསྡེབས་ཏེ་བརྗོད་ན། དོན་གཉིས་ཏེ། སྤྱིར་ཉམས་སུ་བླང་བ་རྒྱུན་གྱི་རྣལ་འབྱོར་དང༌། བྱེ་བྲག་ཏུ་ཉམས་སུ་བླང་བ་གནས་སྐབས་ཀྱི་རྣལ་འབྱོར་རོ། །དང་པོ་ནི་སྤྱན་རས་གཟིགས་ཀྱིས་ཞུས་པ་ལས་ཀྱང༌། སུ་ཞིག་ཉིན་རེ་བཞིན་དུ་ལན་ཉི་ཤུ་རྩ་གཅིག་རེ་བརྗོད་པ་ཞེས་བྱ་བ་དང༌། རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལས་ཀྱང་དེ་བཞིན་དུ་གསུངས་པ་དང༌། ལྷའི་རྣམ་པ་དང་ཡི་གེ་དགོད་པ་བྲིས་སྐུའི་ཆོ་ག་ལ་བརྟེན་ཏེ་སློབ་དཔོན་ཛེ་ཏཱ་རིས་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་སྒྲུབ་པའི་ཐབས་མཛད་པ་དེའི་ཉམས་སུ་བླང་བའི་ཚུལ་ནི། འདིར་མི་འཇུག་པས་གཞན་དུ་བཙལ་བར་བྱའོ། །འདིའི་ཆོ་ག་ནི་བྱ་བའི་རྒྱུད་ཀྱི་ལུགས་ཡིན་ཏེ། དེ་ཡང་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས་ནང་པར་སྔ་བར་ལངས་ཏེ་གྲུབ་ན་ཁྲུས་བྱ། མ་གྲུབ་ན་ཁ་བཤལ་བ་ཙམ་བྱས་ཏེ་སྟན་བདེ་བ་ལ་འདུག་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བ་དང༌། ཁྱད་པར་དུ་ཡང་ཚེའི་བར་དུ་གཅོད་པ་ཞི་བར་བྱ་བའི་དོན་དུ། བཅོམ་ལྡན་འདས་རྣམ་པར་རྒྱལ་བ་བསྒྲུབ་སྙམ་དུ་སེམས་བསྐྱེད་ལ། སྤྱི་བོ་ལ་སོགས་པ་ཡི་གེ་གང་དགོད་པའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་རྣམས་དགོད་དེ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་ནག་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨཿལྗང་གུ་བསམས་ལ། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཾ་ཨཿཆེ་གེ་མོ་ལ་རཀྵ་རཀྵ་ཞེས་ལན་གསུམ་མམ་བདུན་བཟླས། དེ་ནས་རྣམ་རྒྱལ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་དམིགས་ལ། ན་མོ་ཞེས་འབྱུང་བའི་དུས་སུ་ཕྱག་འཚལ་བར་བསམས་ཏེ་བཟླས་པར་བྱའོ། །དེ་ཡང་དང་པོ་རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལས་གསུངས་པའི་ཕྱག་རྒྱ་བཅས་ལ་ལན་ཅིག་བཟླས་ཏེ། དེ་ནས་ཕྱག་རྒྱ་བཤིག་ལ་བཟླའོ། །དེ་ལྟར་སྔ་དྲོ་དང་ཕྱེད་དང་དགོངས་མོ་སྟེ་གསུམ་དུ་ཉི་ཤུ་རྩ་རེ་རེ་བཟླས་སོ། །རྗེས་ལ་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་སྟེ་རྒྱས་པའོ། །འབྲིང་གིས་སེམས་བསྐྱེད་པ་བྱས་ལ་སྐད་ཅིག་གིས་ཡི་གེ་བཀོད་དེ་དུས་གསུམ་དུ་བདུན་བདུན་བཟླས་སོ། །བསྡུས་པ་སེམས་བསྐྱེད་ལ་ཐ་མལ་པ་ཉིད་ལ་ཡི་གེ་བཀོད་དེ། དུས་གཅིག་ལ་ཉི་ཤུ་རྩ་གཅིག་གམ་བདུན་བཟླ་བར་བྱའོ། །དམིགས་པའང་རབ་འབྲིང་གསུམ་སྟེ། རབ་ཡི་གེ་དགོད་པ་དང༌། བདག་མེད་པ་དང༌། མདུན་དུ་ལྷ་བསྒོམ་པ་དང༌། སྔགས་ཀྱི་སྒྲ་དང་བཞི་ལ་དམིགས་ལ། འབྲིང་ཡི་གེ་ལ་དམིགས་ལ། ཐ་མ་སྒྲ་ཉིད་ལ་དམིགས་པའོ། །གཟུངས་ཟློས་པ་མ་གྲུབ་པའི་དུས་སུ་རྩ་སྔགས་དང་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླས་སོ། །རྒྱུན་གྱི་རྣལ་འབྱོར་རོ། །གཉིས་པ་ནི་རྟེན་མེད་ཀྱང་བྱ་བ་རྟེན་ལ་མ་ལྟོས་པའི་ཆོ་ག་དང༌། རྟེན་གྱི་སྤྱན་སྔར་བྱ་བ་རྟེན་ལ་ལྟོས་པ་དང༌། ཐུན་མོང་དུ་སྦྱིན་སྲེག་གོ །དང་པོ་ནི་རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལས། གཤིན་པོ་ལ་ཕན་གདགས་པ་དང༌། ཉིན་གཅིག་པའི་ཆོ་ག་དང༌། ཤིན་ཏུ་བརྟན་པ་ལ་གསུངས་པ་ལས། ཁྱོར་ཆུ་དང༌། སོ་ཤིང་ལ་བརྟེན་པའོ། །རྒྱལ་ཆེན་བཞིས་ཞུས་པ་ལས། བརྒྱད་བརྒྱ་པའི་ཆོ་ག་རྟེན་ཡོད་ན་ལེགས། མེད་ཀྱང་རུང་ངོ༌། །ལྷག་མ་རྣམས་ནི་རྟེན་མེད་དུ་མི་རུང་ངོ༌། །དེ་ལ་དང་པོ་ཉིན་གཅིག་པའི་ཆོ་ག་ནི། མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཚེས་བཅོ་ལྔའི་ཟླ་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེས་བཅོ་ལྔའི་ཟླ་བ་ནི་བྱེ་བྲག་ཏུ་བཟུང་བ་ཙམ་ཡིན་གྱི་དུས་ནམ་ཡང་རུང་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། རྨི་ལམ་ངན་པའམ་དུས་མ་ཡིན་པར་འཆི་བའི་ལྟས་བྱུང་བའི་དུས་སུ་ནང་བར་སྔ་བར་ལངས་ཏེ་ཁྲུས་བྱས་ལ་ཡོད་ན་གོས་གཙང་མ་བགོ །མེད་ན་དྲི་ཞིམ་པོས་བདུགས་པའི་གོས་གྱོན་ལ་གསོ་སྦྱོང་རང་གིས་བླང་བར་བྱ་སྟེ། སེམས་བསྐྱེད་པ་ལ་སོགས་པ་རྒྱུན་གྱི་རྣལ་འབྱོར་བཞིན་བྱ་སྟེ་ལན་སྟོང་བཟླས་སོ། །དེ་མ་གྲུབ་ན་བརྒྱད་བརྒྱས་ཀྱང་ཆོག་གོ །ཞེས་གསུངས་སོ། །རྣ་ལམ་དུ་བསྒྲགས་པ་ནི་གོ་སླའོ། །གཤིན་པོ་ལ་ཕན་གདགས་པ་ནི་སེམས་ཅན་སྡིག་པ་བྱེད་པ་གང་དག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སྔར་ཤི་ཟིན་པའི་རུས་པ་ལ་བརྟེན་ཏེ་ཕན་གདགས་པ་ནི་མདོ་ཉིད་དུ་གསལ་ལོ། །འཆི་ཀ་ནས་བརྩམས་ནས་ཕན་འདོགས་ན་དེའི་དྲུང་དུ་སོང་སྟེ་ཐོག་མར་འདུ་ཤེས་བཅུ་པའི་མདོ་བསྒྲགས་ཏེ་དེའི་དོན་དྲན་པར་བྱེད་དུ་གཞུག་གོ །དེ་ནས་རྣམ་པར་རྒྱལ་བའི་གཟུངས་ལན་བདུན་ལ་སོགས་པ་བསྒྲགས་པར་བྱའོ། །དེ་ནས་ཤི་བ་དང་གཟུངས་འདི་གུར་གུམ་གྱིས་བྲིས་ཏེ་དེའི་སྤྱི་བོའི་གཙུག་ཏུ་བཅིངས་བར་བྱའོ། །དེ་ནས་ཆུའི་ནང་ངམ་མཆོད་རྟེན་ནམ་རི་མཐོན་པོའམ་དུར་ཁྲོད་དུ་བསྐྱལ་བར་བྱའོ། །གལ་ཏེ་བསྲེག་པར་འདོད་ན་ཞི་བའི་སྦྱིན་སྲེག་བྱ་སྟེ། རྣལ་འབྱོར་པ་ལ་སོགས་པའི་རོ་ཡིན་ན་ལྷར་བསྐྱེད། དེ་ཐ་མལ་པ་ཡིན་ན་ལྷ་རྣམས་ལ་དབུལ་བར་བྱ་སྟེ། སྦྱིན་སྲེག་གི་ཆོ་ག་འདི་ནི་འོག་ན་འཆད་དོ། །དེ་ནས་འོ་མ་དང་དྲི་ཞིམ་པོའི་ཆུས་མེ་བསད་ལ་རུས་པ་བསྡུའོ། །རུས་པ་དེ་མཆོད་རྟེན་ཡོད་ན་དེའི་དྲུང་ངམ། མེད་ན་མཎྜལ་གྱི་དབུས་སུ་བཞག་སྟེ། རབ་ཀྱིས་ཞག་བཞི་བཅུ་ཞེ་དགུའི་བར་དུ་དུས་གསུམ་དུ་ཡུངས་ཀར་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་གཏོར་བར་བྱའོ། །དེ་ནས་རུས་པ་དེ་དག་ལ་འོག་ནས་འབྱུང་བའི་སཱཙྪའི་ཆོ་ག་བཞིན་སཱཙྪ་བྱས་ཏེ། དེ་ལ་སྟོང་ཕྲག་གཅིག་གི་མཆོད་པ་བྱས་ཏེ་མཆོད་རྟེན་དུ་བཞུགས་སུ་གསོལ་བ་བྱས་ན་ཕན་ཡོན་མདོ་བཞིན་དུ་འབྱུང་ངོ༌། །ཁྱོར་ཆུ་དང་སོ་ཤིང་ལ་བརྟེན་པ་རྟོགས་པར་སླའོ། །དེ་དག་ནི་རྟེན་མེད་ཀྱང་བྱར་རུང་བས་རྟེན་ལ་མ་ལྟོས་པའི་ཆོ་ག་བྱའི། རྟེན་ཡོད་པ་ཡིན་ན་ཤིན་ཏུ་ཡང་མཆོག་གོ །ད་ནི་རྟེན་མེད་དུ་མི་རུང་བའི་རྟེན་གྱི་སྤྱན་སྔར་བྱ་བའི་ཆོ་ག་ནི། རྟེན་གྱི་ཆོ་ག་དང༌། དེ་ལ་བརྟེན་པའི་ཆོ་གའོ། །དང་པོ་ནི་ཇི་ལྟར་བྱ་བའི་ཐབས་དང༌། དེའི་རབ་ཏུ་གནས་པའོ། །དེའི་དང་པོ་ལ་ཡང་མཆོད་རྟེན་གྱི་ཆོ་ག་དང་བྲིས་སྐུའི་ཆོ་གའོ། །སྔ་མ་ལ་ཡང་རས་རིས་སུ་བྲིས་པ་དང༌། མཆོད་རྟེན་ཉིད་དུ་བྱས་པའོ། །དང་པོ་ལ་ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཞེས་གསུངས་པ་ལ་བརྟེན་ཏེ་བསྲུང་བ་དང༌། ཕྱིར་བཟློག་པའོ། །ཕྱིར་བཟློག་པ་ནི་མཆོད་རྟེན་པད་ཟླ་ལ་གནས་པའི་བར་རིམ་གསུམ་པ་དང༌། མགུར་ཆུ་དང༌། བུམ་པ་དང༌། བུམ་རྟེན་དང༌། འཁོར་ལོ་དང༌། ཆར་ཁེབས་སུ་བཅས་པ་བུམ་པ་ལ་དང་པོར་རྡོ་རྗེ་ཕྱེད་པ། དེའི་ཕྱི་རོལ་དུ་མེ་རིས་བསྐོར་བའོ། །མཆོད་རྟེན་མཐའ་དག་ལ་དང་པོར་བྷྲཱུྃ་མགོ་ཕྱིར་བསྟན་པའི་བར། དེའི་ཕྱི་རོལ་དུ་རྡོ་རྗེ་དང་མེ་རི་བར་མེད་པས་བསྐོར་བའོ། །བུམ་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། ཨོཾ་ན་མོ་ཆེ་གེ་མོ་ལ་གནོད་པར་བྱེད་པ་ཐམས་ཅད་ཕྱིར་ཟློག་ཅིག་སྭཱ་ཧཱ། ཞེས་དྲིའོ། །དེའི་ཕྱི་རོལ་དུ་གཡས་སྐོར་གྱིས་གཟུངས་ཀྱི་ཕྲེང་བའོ།།  །།བསྲུང་བ་ལ་ནི་དབུས་སུ་རྡོ་རྗེ་རྒྱ་གྲམ་མཆོད་རྟེན་སོར་བཞི་པ་དང༌། སོར་བཅུ་གཉིས་པ་ནི་རྟོག་པ་ཉིད་དུ་གསལ་ལ། ཆོ་ག་བསྡུས་པ་སཱཙྪའི་ཆོ་ག་ནི། དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ་ཞེས་བྱ་བ་ལ་བརྟེན་པ་ཡིན་ཏེ། གཙང་བ་མི་མ་ཡིན་པས་བདག་ཏུ་མ་བཟུང་བ་ནས་ས་བླངས་ཏེ་འཇིམ་པ་བྱས་ལ། སེམས་བསྐྱེད་པ་ནི་སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱའོ་སྙམ་དུ་བསམས་ལ། འཇིམ་པའི་གོང་བུ་ལ་བཻ་རོ་ཙ་ནའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་བྱིན་གྱིས་བརླབ་བོ། །དེ་ནས་འབི་འབི་དང་སྣུམ་བྱུག་པ་དང༌། རྒྱར་གཞུག་པ་ཐམས་ཅད་ལ་རྣམ་རྒྱལ་གྱི་གཟུངས་བཟླས་ཤིང་གདབ་བོ། །བུམ་པའི་ནང་དུ་གཟུངས་སྔགས་སམ་རྩ་བའི་སྔགས་གུར་གུམ་གྱིས་བྲིས་ལ་གཞུག་པར་བྱའོ། །བྲིས་སྐུའི་ཆོ་ག་ནི་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཞི་དང༌། ཚོན་དང༌། ལྷ་བཟོ་མཁན་དང༌། དུས་དང༌། ཆོ་ག་དེ་རྣམས་ཡིན་ནོ། །གཞི་ནི་དང་པོ་ནས་བསྒྲུབས་པའི་རས་ཏེ། གྲོང་པའི་ཆོས་ཀྱིས་མ་ཕོག་པའི་གཞོན་ནུ་མས་བྱས་པའི་སྐྲ་མ་སོང་བ་ཁྲུ་གང་བ་ཡན་ཆད་པའོ། །ཚོན་ནི་ལྷག་མ་མ་ཡིན་པའོ། །ལྷ་བཟོ་བ་གསོ་སྦྱོང་དང་ལྡན་པའོ། །དུས་ཡར་གྱི་ངོ་ལའོ། །ཆོ་ག་ནི་ཚོན་རྩི་རྣམས་གཟུངས་ཀྱི་ཡི་གེར་གྱུར་པ་ལས་དེ་དང་དེར་གྱུར་པར་བསམ་མོ། །གཞན་ཡང་རས་འདུལ་བྱས་པའི་གཞི་ལ་བུམ་པའི་ཐད་ཀར་གཟུངས་སྔགས་ཀྱི་ཕྲེང་བ་གཡས་སྐོར་གྱིས་བྲི། དེའི་མཇུག་ཏུ་ཆེ་གེ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བྲིའོ། །ཨོཾ་ལ་སོགས་པའི་ཡི་གེ་དགོད་པ་རྣམས་ཀྱང་བྲིས་སྐུ་བྲིས་ཟིན་པ་ལ་དགོད་པའམ། ཡང་ན་སྔོན་དུ་སྐྱ་རིས་བཏབ་པ་ལ་དགོད་པ་ཡིན་ནོ། །རྣམ་པ་ནི་ཆོ་ག་ཉིད་ལས་གསལ་ལོ། །འདིས་ནི་རང་གི་ལྷའི་རྣལ་འབྱོར་ཡང་ཟིན་པ་ཡིན་ནོ། །རྟེན་ཇི་ལྟར་བྱ་བའོ། །དེ་དག་གི་རབ་ཏུ་གནས་པ་ནི། བུམ་པའི་ཆོ་ག་ཇི་ལྟ་བ་བཞིན་བྱས་ལ། དེ་ནས་མེ་ལོང་ལ་མཆོད་རྟེན་གྱི་གཟུགས་བརྙན་ཤར་བ་ལ་ཁྲུས་བྱའོ། །དེ་ནས་རང་རྣལ་འབྱོར་དང་ལྡན་པས་མཆོད་རྟེན་གྱི་འོག་ཏུ་པྃ་ལས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ། དེའི་བུམ་པའི་ནང་དུ་པད་ཟླའི་སྟེང་དུ་བྷྲཱུྃ། དེའི་འོད་ཀྱིས་འཇིག་རྟེན་འོད་དུ་གྱུར་པར་བསམ། དེ་ནས་མཆོད་རྟེན་རིམ་གྱིས་སྟོང་པར་བསམས་ལ་དེའི་ངང་ལས་རྣམ་པར་སྣང་མཛད་ཆེན་པོར་གྱུར་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མཆོད་རྟེན་ལྷ་དགུ་དང་བཅས་པ་བསྐྱེད་ལ་དེ་དག་གི་འོད་དང་རང་གི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་མཆོད་རྟེན་ལྷ་དང་བཅས་པ་སྤྱན་དྲངས་ལ་བསྟིམ་པར་བྱའོ། །དེའི་རྫས་ལ་མེ་ཏོག་དཀར་པོ་ལ་རྟེན་འབྲེལ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་ཏེ་གདགས་པའམ་གཏོར་བར་བྱའོ། །དེ་ནས་མཆོད་པ་རྒྱས་པས་མཆོད། གྲུབ་ན་གཏོར་མ་གཏང་བར་བྱས་ལ་སྲུང་མར་བསྒོ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་མི་འདོད་པ་ཡིན་ནོ། །རབ་ཏུ་གནས་པའི་ཆོ་གའོ།།  །།རྟེན་དེ་ལ་བརྟེན་པའི་བྱ་བ་ནི་གཉིས་ཏེ། རྟེན་དེ་ཉིད་ལ་མཆོད་པ་དང༌། བཅང་བ་ལ་སོགས་པའི་བྱ་བ་དང༌། དེའི་སྤྱན་སྔར་ཇི་ལྟར་བྱ་བའོ། །དང་པོ་ནི་མདོ་ལས་རྣམ་གྲངས་བཅུ་བཞིར་གསུངས་པ་དེ་དག་ཀྱང་མདོར་བསྡུ་ན་གཉིས་ཏེ། བཞུགས་པའི་གནས་དང༌། དེ་ལ་མཆོད་པའི་ཆོ་གའོ། །དང་པོ་ནི་རང་གི་ལུས་ལ་སོགས་པ་སྟེ་རྟོགས་པར་སླའོ། །གཉིས་པ་ལ་ཚུལ་གསུམ་སྟེ། རབ་སྟོང་ཕྲག་གི་ཆོ་ག་དང༌། འབྲིང་བརྒྱད་བརྒྱ་པའི་བྱ་བ་དང༌། ཐ་མ་ཇི་ལྟར་འབྱོར་པའོ། །དང་པོ་ལའང་རྟོག་པ་ལས་ཚུལ་མང་དུ་གསུངས་པ་ལས། རེ་ཞིག་སྟོང་ཕྲག་བཅུ་གཉིས་ཀྱི་མཆོད་པ་བྱེད་པར་འདོད་པས་དེའི་ཆོ་ག་ནི་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་ཆོ་གའོ། །དང་པོ་ནི་ཉི་མ་སྔ་མ་ལ་ཆོ་ག་བྱ་བ་སྟེ། དེ་ལ་ཡང་གཉིས་ཏེ། མཆོད་པའི་རྟེན་བྱ་བ་དང༌། མཆོད་པའི་ཡོ་བྱད་སྟ་གོན་བྱ་བའོ། །དང་པོ་ལ་གཉིས་ཏེ། སྤྱིར་གང་ཡང་རུང་བའི་ཕྱིར་བྱ་བ་དང༌། བྱེ་བྲག་ཏུ་ནད་ལ་སོགས་པའི་རྐྱེན་བཟློག་པའི་ཕྱིར་བྱ་བའོ། །དང་པོའི་རྟེན་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི་གང་ལ་དམིགས་པ་དེའི་མཐོ་གང་བའོ། །བུམ་པར་བཞུགས་སུ་གསོལ་བའི་གཟུངས་ལ་ནི་དེའི་མིང་གིས་སྤེལ་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །མཆོད་པའི་ཡོ་བྱད་ནི་མེ་ཏོག་ལ་སོགས་པ་ལྔ་དང༌། གདུགས་དང་བ་དན་སྟོང་སྟེ། དེའང་འབྱོར་པ་རབ་ཀྱིས་ཚུལ་ཇི་ལྟ་བ་བཞིན་བྱའོ། །དེ་མ་འབྱོར་ན་གདུགས་བརྩེགས་པའི་ཉི་ཤུ་རྩ་ལྔ་པ་བཞི་བཅུ་བྱའོ། །དེའང་མ་འབྱོར་ན་ལྔ་བཅུ་བརྩེགས་ཉི་ཤུ་བྱ། དེ་ཡང་མ་འབྱོར་ན་བརྩེགས་མ་བརྒྱ་བརྒྱ་པ་བཅུ་བྱ། དེ་སྟོང་དུ་མོས་པར་བྱའོ། །མར་མེ་ཡང་སྡོང་བུ་རས་ཀྱི་སྣལ་མ་ཉི་ཤུ་རྩ་ལྔ་པ་བཞི་བཅུ་པ་བྱ་བའོ། །ལྷ་བཤོས་ནི་སྟོང་ཉིད་དུ་བྱ་སྟེ། དབུས་སུ་གཞི་རས་ལ་སོགས་པ་གཙང་མ་འམ་ས་གཞི་གཙང་མ་ལེགས་པ་ལ་པད་འདབ་བརྒྱད་བྲིས་པའི་དབུས་སུ་མཆོད་རྟེན་བཞུགས་སུ་གསོལ་ཏེ། དེའི་མཐའ་མ་པདྨའི་འདབ་མས་བསྐོར་རོ། །ལྷག་མ་ནི་སྣོད་ཐ་དད་མ་འབྱོར་ན་འབུལ་བའི་དུས་སུ་ཐ་དད་ཕུལ་བས་ཆོག་གོ །སྔ་མ་རྣམས་ནི་མི་བཅུ་ཡོད་པའི་དབང་དུ་བྱས་ཏེ་རེ་རེ་ལ་བཞི་བཞི་དབང་དུ་བྱས་ཀྱི། དེ་ལྟ་མ་ཡིན་ན་བརྩིས་ནས་ཇི་ལྟར་བདེ་བ་བྱ་བ་ནི། སྦྱོར་བའོ།།  །།དེ་ནས་ནང་པར་ཟས་མ་ཟོས་པའི་གོང་རོལ་དུ་ཁྲུས་བྱས་ཏེ། གསོ་སྦྱོང་རང་གིས་བླང་བའི་ཆོ་གས་གསོ་སྦྱོང་བླངས་ལ། མཆོད་རྟེན་གྱི་མཐའ་བསྐོར་ཏེ་མཆོད་པའི་ཡོ་བྱད་རྣམས་སོ་སོར་དགྲམ་སྟེ་སྟན་ལ་འདུག་གོ །དེ་ནས་སློབ་དཔོན་གྱིས་བུམ་པ་ཆོ་ག་ཇི་ལྟ་བ་བཞིན་བཅའ་སྟེ། དྲི་ཞིམ་པོའི་ཆུས་བཀང་ལ་དེའི་ཆུས་མེ་ལོང་གི་མཆོད་རྟེན་ལ་ཁྲུས་བྱས་ཏེ་བུམ་པ་མཆོད་རྟེན་གྱི་དྲུང་དུ་གཞག་གོ །དེ་ནས་སྦྱང་བ་ལ་སོགས་རབ་གནས་བྱའོ། །འོན་ཀྱང་སྔར་རབ་གནས་བྱས་ཟིན་པ་ཡིན་ན་ནི་དེའི་ཚེ་མཆོད་རྟེན་དངས་ཤིང་ཐོགས་པ་མེད་པའི་བུམ་པའི་ནང་དུ་ལྷ་རྣམས་བསམ་པར་བྱའོ། །དེ་ནས་སོ་སོའི་རྣལ་འབྱོར་རམ་རྒྱུན་གྱི་རྣལ་འབྱོར་གང་ཡང་རུང་བས་གནས་པར་བྱ་བ་ལ་དེའི་བར་དུ་གཏམ་མི་སྨྲ། མི་བཅུ་ཡོད་ན་མི་རེ་རེས་གཟུངས་བརྒྱ་བརྒྱ་བཟླའོ། །གཟུངས་ཀྱི་མགོར་ཨོཾ་ན་མོ་ཞེས་འབྱུང་བའི་ཚེ་མགོ་འདུད་པ་ཙམ་བྱ་སྟེ། ཕྱག་སྟོང་གཟུངས་ཚར་རེ་ཐོན་པ་དང་མཆོད་པ་ལྔ་དབུལ་བར་བྱའོ། །དབུལ་བ་ལག་ལེན་ལས་ཤེས་པར་བྱའོ། །དེ་དག་དང་དུས་མཉམ་པར་ཕྱི་རོལ་དུ་རྣལ་འབྱོར་པ་གཞན་ཞིག་གཏོར་མ་སྟོང་བཏང་སྟེ་ཆོ་ག་ནི་ཡི་དྭགས་ཁ་ནས་མེ་འབར་བ་སྐྱབས་མཛད་པའི་གཟུངས་ཀྱི་ལུགས་སམ། ཡང་ན་འབྱུང་པོ་ཐམས་ཅད་པའི་གཏོར་མས་གཏང་བར་བྱའོ། །མཐར་བསྐོར་བ་སྟོང་ཕྲག་གཅིག་བྱས་ཏེ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །སློབ་དཔོན་དང་ཡོན་བདག་རྣམས་ལ་བུམ་པའི་ཆུས་ཁྲུས་བྱའོ། །དངོས་གཞིའོ།།  །།རྗེས་ནི་ཡོན་བདག་གིས་སློབ་དཔོན་རྣམས་ལ་ཆོས་སྟོན་ཡོན་དང་བཅས་པས་མཉེས་པར་བྱའོ། །སློབ་དཔོན་གྱིས་མཆོད་རྟེན་གནས་དབེན་པར་བཞུགས་སུ་གསོལ་ཏེ། དམན་མ་རྣམས་ཆུ་བོར་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །རྗེས་ཀྱི་བྱ་བ་སྟེ་སྟོང་ཕྲག་གི་མཆོད་པའོ། །གཉིས་པ་ནི་རྟོགས་པར་སླའོ། །དེའི་སྤྱན་སྔར་ལས་ཇི་ལྟར་བྱ་བ་ལ་གཉིས་ཏེ། བུམ་པའི་ཆོ་ག་དང༌། རིག་པ་འཛིན་པ་བསྒྲུབ་པའོ། །དང་པོ་ནི་ས་ཕྱོགས་གཙང་མར་བའི་རྣམ་ལྔ་ཚང་བའམ་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་གྲུ་བཞི་པར་བྱུགས་ལ། དེ་ལ་མེ་ཏོག་དཀར་པོས་ཚོམ་བུ་དགུ་བྱས་ཏེ་ལྷ་དགུར་མོས་པ་བྱའོ། །དེའི་དབུས་སུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་བཞུགས་པར་བྱའོ། །དེའི་མདུན་དུ་བུམ་པ་གཙང་མ་ནག་པོ་ར་རི་དང་གས་ཆག་མེད་པ་དྲི་ཞིམ་པོའི་ཆུས་བྱུགས་ཏེ། རས་ཁ་ཚར་མ་ཉམས་པས་མགུལ་པ་ཅིངས་ལ་གུ་གུལ་ནག་པོའི་དུད་པས་བདུག་པར་བྱའོ། །དེའི་ནང་དུ་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ་བཅུག་སྟེ་ཆུ་གཙང་མ་དྲི་ཞིམ་པོ་དང་སྦྱར་བས་བཀང་ལ་ཤིང་ལོ་མ་ཅན་གྱིས་ཁ་བརྒྱན་པར་བྱས་ལ་གཞག་གོ །གཞན་ཡང་མཆོད་རྫས་ཇི་ལྟར་འབྱོར་པ་བཤམས་ལ་ཁྱད་པར་གྱི་ཞུན་མར་གྱི་མར་མེ་བཞི་གཞག་པར་བྱའོ། །དེ་ནས་རང་ཁྲུས་དང་གཙང་སྦྲ་དང་གསོ་སྦྱོང་ལ་གནས་པས་སྟན་བདེ་བ་ལ་འདུག་སྟེ། རྒྱུན་གྱི་རྣལ་འབྱོར་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། ལག་པ་གཡོན་པ་བུམ་པ་ལ་རེག་ལ། གཡས་པས་ཤེལ་ལམ་གང་ཡང་རུང་བའི་ཕྲེང་བ་ཉི་ཤུ་རྩ་གཅིག་པ་བཟུང་ལ། གཟུངས་ཉི་ཤུ་རྩ་གཅིག་བཟླས་ཏེ་མཆོད་པས་མཆོད་པར་བྱའོ། །དེ་བཞིན་དུ་ཕྱེད་དང་དགོངས་མོ་སྟེ་དུས་གསུམ་དུ་བྱས་པའི་ཆུ་འཐུང་བ་དང་གཏོར་བ་ལ་སོགས་པ་བྱ་སྟེ། ཕན་ཡོན་ནི་གཞུང་ནས་འབྱུང་བ་བཞིན་ནོ། །རིག་པ་འཛིན་པ་བསྒྲུབ་པ་ནི་རྟོགས་པར་སླའོ།།  །།དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག་ནི་ཞེས་པ་ལ་སོགས་པ་ལ་བརྟེན་ནས་སྦྱིན་སྲེག་གི་ཆོ་ག་བྱ་སྟེ། དེ་ཡང་སྤྱིའི་ཆོ་ག་ནི་ས་ཕྱོགས་གཙང་མར་བ་བྱུང་ལྔ་དང༌། དྲི་ཞིམ་པོའི་ཆུས་བྱུགས་ཏེ། ཐབ་ཁུང་རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ་ཁ་ཁྱེར་སོར་བཞི་པས་བསྐོར་བའམ། ཡང་ན་རེ་ཁ་དཀར་པོ་ཁྲུ་གང་བས་བསྐོར། དེའི་ཕྱི་རོལ་དུ་ཡང་སོར་བཞི་པ་རེ་ཁ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱ་སྟེ། དེར་ལས་དང་རྗེས་སུ་མཐུན་པའི་ཤིང་བརྩིགས་ཏེ། མེ་ཏོག་དཀར་པོ་གཅལ་དུ་བཀྲམ། ཞུན་མར་གྱི་མར་མེ་བཞག་ལ། གཞན་ཡང་མཆོད་པའི་ཡོ་བྱད་གཡོན་ནས་བཤམ། མར་དང་ཏིལ་དང་དཱུར་བ་ལ་སོགས་པ་གཡས་ནས་བཤམ་མོ། །དེ་ནས་རང་ཁྲུས་དང་གཙང་སྦྲ་ལ་གནས་པས་སྟན་བདེ་བ་ལ་འདུག་སྟེ། བདག་གིས་སེམས་བསྐྱེད་པ་དང་ཡི་གེ་དགོད་པ་བྱས་ལ། རྩ་སྔགས་དང་གཟུངས་གསུམ་ལ་སོགས་པ་བཟླས་ཏེ་ཐབ་ཏུ་མེ་སྦར་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཤར་ལྷོ་ནས་མེ་ལྷ་ཞལ་གཅིག་ཕྱག་བཞི་པ་གཡས་དབྱུག་པ་དང་རལ་གྲི། གཡོན་ཕྲེང་བ་དང་རིལ་བ་སྤྱི་བླུགས་འཛིན་པ་ཁ་དོག་དམར་པོ་པདྨ་དང་ཉི་མ་ལ་གནས་པ་དྲང་སྲོང་གི་ཆ་ལུགས་ཅན་བཀུག་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་མེ་ཏོག་གི་གདན་དབུལ། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། མཆོད་པ་ལྔ་ཡང་དབུལ། དེ་ནས་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མར་གྱི་དགང་བླུགས་གསུམ་དང༌། གཞན་ཡང་བསྲེག་རྫས་ཡོད་ན་བདུན་ལ་སོགས་པ་ཕུལ་ལ་གཤེགས་སུ་གསོལ་ལོ། །དེ་ནས་ཐབ་ཁུང་དུ་གཙོ་བོའམ་ལྷ་དགུ་སྐད་ཅིག་གིས་དམིགས་ཏེ། གདན་དང་མཆོད་ཡོན་དང༌། མཆོད་པས་གཏོར་ཏེ། དང་པོ་མར་གྱི་དགང་བླུགས་གསུམ་གཟུངས་སམ་ཉེ་སྙིང་གིས་དབུལ། དེ་ནས་མར་དང་ཏིལ་བསྲེས་པའི་དགང་བླུགས་བརྒྱ་ལ་སོགས་པ་ཇི་སྲིད་འབྱོར་གྱི་བར་དུ་གཟུངས་སམ་ཉེ་སྙིང་བཟླས་ཤིང་ཞི་བའི་སེམས་དང་ལྡན་པས་དབུལ་བར་བྱ་སྟེ། ཞི་བའི་སྦྱིན་སྲེག་གོ །རྒྱས་པ་ལ་སོགས་པ་རྣམས་ལ་དེ་དང་དེའི་བསམ་པ་དང་ལྡན་པས། དེ་དང་དེའི་རྫས་རྣམས་ཆོ་ག་དང་རྣལ་འབྱོར་རྣམས་སྔ་མ་ཉིད་ཀྱིས་བསྲེག་པར་བྱའོ། །བསྲེག་རྫས་ནི་རྟོག་པ་ཉིད་དུ་གསལ་ལོ། །དེ་ནས་མཆོད་པས་མཆོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ། སྦྱིན་སྲེག་གི་ཆོ་ག་འདི་ནི་ཚེ་ལོ་སྟོང་ཐུབ་པར་འདོད་པའི་སྦྱིན་སྲེག་ལ་རེ་རེ་ཞིང་ཡང་དག་པར་མཆོད། ཡང་དཀར་པོའི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། ཞེས་གསུངས་པས་མཆོད་པ་ལ་མཆོད་པའི་རྟེན་དགོས་པས་རྟེན་ལ་ལྟོས་པར་གསལ་ལ། ལྷག་མ་རྣམས་ལ་རྟེན་ཡོད་ན་ལེགས། མེད་ནའང་རུང་བས་རྟེན་ལ་མ་ལྟོས་པ་ཡིན་པས་འདི་ནི་ཐུན་མོང་གི་བྱ་བའོ།།  །།དེ་ལྟར་རྟེན་མེད་དུ་མི་རུང་བ་བཅོ་ལྔ། རིག་པ་འཛིན་པ་ལ་སྤྱིར་ཕྱེ་ན་བཅོ་བརྒྱད། རྟེན་མེད་དུ་མི་རུང་བ་ལ་བཞི། ཐུན་མོང་དུ་སྦྱིན་སྲེག་ལ་བདུན་ཏེ། རྟོག་པའི་ཆོ་ག་དངོས་ལ་སུམ་ཅུ། ཕན་ཡོན་གྱི་སྐབས་སུ་ཞར་ལས་འོངས་པ་ཀློག་པ་ལ་སོགས་པ་བཅོ་ལྔ་སྟེ་རྣམ་པར་ཕྱེ་ན་བཞི་བཅུ་རྩ་ལྔར་ཡོད་ཀྱང་མདོར་བསྡུ་ན་སྔར་བསྟན་པ་རྣམས་ཡིན་ནོ། །དེ་ལྟར་ཞིབ་ཏུ་བརྗོད་མོད་ཀྱི་ལེགས་པར་ནི་རྟོག་པ་ཉིད་ཀྱི་སྟེང་དུ་རིམ་པ་བཞིན་དུ་བཤད་སླ་བས་རྟོགས་པར་འགྱུར་ཞིང་ཆོ་ག་སོ་སོར་ཕྱེ་ལ་རྟོགས་པར་འགྱུར་རོ། །རྒྱུད་ན་གོ་རིམ་འདི་བཞིན་མི་གསལ་མོད། །ཡི་གེ་ཉུང་དང་རྟོགས་པར་སླ་བྱའི་ཕྱིར། །ཆོ་ག་མཐུན་རྣམས་སོ་སོར་བསྡེབས་བྲིས་ཀྱིས། །གང་དུ་གང་སྦྱར་རང་གི་བློ་ཡིས་དཔྱོད། །ཆོ་ག་འདི་ལས་ངལ་གྱུར་པའི། །དགེ་བ་ཁ་བ་ལྟར་དཀར་བ། །ཐོབ་དེས་འགྲོ་བའི་ཐིབས་པོ་ནི། །སེལ་བར་བྱེད་པའི་དཔལ་དུ་ཤོག །ལེགས་པའི་ཤེས་རབ་རྣལ་འབྱོར་བརྩོན། །བློ་ཅན་གངས་ཅན་གསལ་མཛད་པས། །བདག་གིར་མཛད་པའི་ས་དེར་ནི། །བསོད་ནམས་རྩེ་མོས་འབད་དེ་བྲིས། །དཔལ་ལྡན་བླ་མས་མཛད་པ་ནི། །ལེགས་པར་བསྡེབས་ཤིང་ལུང་གནང་བས། །གྲགས་པ་རྒྱལ་མཚན་བདག་གིས་ནི། །ཅུང་ཟད་གསལ་བར་བགྱིས་པ་ལགས། །གཙུག་ཏོར་རྣམ་པར་རྒྱལ་བའི་བརྗེད་བྱང་གསང་ཕུའི་སྙིང་པོ་སེ་རུ་དང༌། དཔལ་ལྡན་ས་སྐྱར་དུས་ཕྱིས་བཅོས་པ་འདི་ཡོངས་སུ་རྫོགས་སོ།།  ༄༅། །དེའི་ས་བཅད་བཞུགས།།  ༄༅། །ན་མོ་གུ་རུ་ཝེ། རྣམ་པར་རྒྱལ་བའི་རྟོག་པ་ལ་གཉིས་ཏེ། འཆི་བདག་འཇོམས་པའི་རྟོག་པ་དང༌། ངན་འགྲོ་སྦྱོང་བའི་རྟོག་པའོ། །དང་པོ་ལ་གསུམ་སྟེ། གླེང་གཞི་དང༌། མདོའི་དོན་དངོས་དང༌། དེ་ལ་འཁོར་གྱིས་རྗེས་སུ་ཡི་རང་བའོ། །བར་པ་ལ་གསུམ་སྟེ། གཟུངས་ཀྱི་ཆེ་བ་གླེང་བསླང་བ་དང༌། དེས་ཞུས་པ་དང༌། བཤད་པར་བཞེད་པས་སྙོམས་པར་ཞུགས་པ་གསུམ་གྱིས་གཟུངས་བཤད་པ་ལ་འཇུག་པ་དང༌། གཟུངས་སྔགས་དངོས་དང༌། དེའི་ཕན་ཡོན་རྒྱས་པའོ། །དེ་ལ་གཉིས། ཞུས་པ་དང་ལན་ནོ། །དེ་ལ་ལྔ་སྟེ། མཆོད་རྟེན་གྱི་ལས་དང༌། རས་རིས་ཀྱི་ལས་དང༌། སྦྱིན་སྲེག་གི་དང༌། རིག་པ་འཛིན་པའི་དང༌། ཞར་ལས་རྒྱུན་གྱི་ཉམས་སུ་བླང་བའི་ཚུལ་གྱིས་ཕན་ཡོན་སྤྱིར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེའི་དུས་སུ་བཟླས་པའི་རྩ་བའི་སྔགས་དང༌། ཆོ་ག་དངོས་སོ། །དེ་ལ་གསུམ་སྟེ། མཆོད་རྟེན་བྱ་བའི་ཚུལ་དང༌། མཆོད་པ་བྱ་བའི་ཆོ་ག་དང༌། ཆོ་ག་ཕན་ཡོན་དང་བཅས་པ་གསུམ་གྱིས་མཆོད་རྟེན་རྒྱས་པའི་ཆོ་ག་དང༌། བྱ་བའི་ཚུལ་དང༌། མཆོད་པའི་ཐབས་དང༌། ཕན་ཡོན་གསུམ་གྱིས་མཆོད་རྟེན་བསྡུས་པ་སཱཙྪའི་ཆོ་གའོ། །རས་རིས་ལ་གསུམ་སྟེ། བྲི་བའི་གཞི་དང༌། བྲི་བའི་ཚུལ་དང༌། རྣམ་པ་གསུམ་གྱིས་རྟེན་བྲིས་སྐུ་དང༌། དེ་ལ་མཆོད་པའི་ཚུལ་རྒྱས་པ་དང༌། མཆོད་པའི་ཆོ་གའི་རྣམ་གྲངས་གཞན་ཕན་ཡོན་དང་བཅས་པའོ། །སྦྱིན་སྲེག་ལ་གཉིས་ཏེ། སྤྱིའི་ཆོ་ག་དང༌། གཙོར་ཚེ་སྤེལ་བའི་དང༌། དཔལ་སྤེལ་བའི་དང༌། རྒྱལ་པོ་ཐོབ་པར་བྱེད་པ་གསུམ་ཀྱིས་སོ་སོའི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་དང་དངོས་གཞི་གཉིས་ཀྱི་ཆོ་ག་དང༌། དེའི་ཕན་ཡོན་ནོ།།  །།ངན་འགྲོ་སྦྱོང་བའི་རྟོག་པ་ལ་དྲུག སྔོན་བྱུང་གི་གླེང་གཞི་དང༌། གཟུངས་དངོས་དང༌། བརྒྱ་བྱིན་ལ་གདམས་པ་དང༌། ཕན་ཡོན་དང་ལྡན་པ་ལ་སྤྲོ་བས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་བསྲུང་བར་ཁས་བླངས་པ་དང༌། རྒྱལ་པོ་བཞི་ལ་གདམས་པ་དང༌། བརྒྱ་བྱིན་དང་ཤིན་ཏུ་བརྟན་པ་ལ་གདམས་པའོ། །གསུམ་པ་ལ་གཉིས། ཕན་ཡོན་དང་ལྡན་པས་གཞན་དོན་དུ་གསུངས་པ་དང༌། ཕན་ཡོན་དང་ལྡན་པས་གཞན་དོན་རྗེས་སུ་གཏད་པ་གཉིས་ཀྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཕན་ཡོན་དངོས་དང༌། དཔེའི་སྒོ་ནས་བཤད་པ་གཉིས་ཀྱིས་རང་དོན་བསྒྲུབ་པའི་ཕན་ཡོན་དང༌། ཀློག་པ་ལ་སོགས་པ་བཅུའི་ཕན་ཡོན་དང༌། མཐོང་བ་རེག་པའི་ཕན་ཡོན་དང༌། བཀུར་སྟི་བྱས་པའི་ཕན་ཡོན་དང་གསུམ་གྱིས་གཞན་དོན་གྱི་སྒོ་ནས་ཆོ་གའི་ཚུལ་དུ་ཅུང་ཟད་བསྟན་པའོ། །རྒྱལ་པོ་ཆེན་པོ་བཞིས་ཞུས་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས་ཏེ། དམ་བཅའ་བ་དང༌། ཉིན་གཅིག་པའི་བྱ་བ་དང༌། གཞན་ལ་བསྒྲགས་པའི་ཕན་ཡོན་དང༌། གཤིན་པོ་ལ་ཕན་གདགས་པ་དང༌། རྒྱུན་གྱི་བྱ་བ་དང༌། ཐུན་མོང་གི་ཕྱག་རྒྱ་དང༌། བརྒྱད་བརྒྱ་པའི་མཆོད་པ་དང་དྲུག་གིས་བཤད་པ་དངོས་སོ། །བརྒྱ་བྱིན་དང༌། ཤིན་ཏུ་བརྟན་པའི་དོན་བྱ་བ་ལ་གཉིས་ཏེ། སྔར་བསྟན་པའི་གཟུངས་དང་རྟོག་པས་ཤིན་ཏུ་བརྟན་པའི་དོན་བྱ་བར་གདམས་པ་དང༌། ལྷའི་དབང་པོས་བསྟེན་པ་དང༌། དེ་ཉམས་སུ་བླངས་པས་སྡུག་བསྔལ་ལས་གྲོལ་བའི་ཚུལ་དང༌། བཀའ་དྲིན་དྲན་པའི་མཆོད་པ་དང༌། དེ་བཞིན་གཤེགས་པས་འབྱུང་བ་བཞིས་དོན་བྱ་བ་དངོས་དང༌། ཤིན་ཏུ་བརྟན་པ་ལ་ཆོས་ཀྱི་དགའ་སྟོན་གྱི་ཚུལ་གྱིས་ཆེ་བ་དང༌། རྗེས་མཇུག་གི་ཆོ་གའི་རྣམ་གྲངས་གཞན་བསྟན་པའོ། །དེ་ལ་གསུམ། མཆོད་རྟེན་ལ་བརྟན་པའི་ཕན་ཡོན་དང༌། བུམ་ཆོག་ལ་བརྟེན་པ་དང༌། སོ་ཤིང་དང་སྐྱོར་ཆུ་ལ་བརྟེན་པའོ། །དང་པོ་ལ་གཉིས། གང་ཡང་རུང་བ་ལ་བཞུགས་ཏེ་སྐོར་མཆོད་ཀྱི་དང༌། ཙནྡན་གྱི་ལ་བཞུགས་ཏེ་མགོ་ལ་བཅིངས་པ་དང༌། ཙནྡན་དང་འཇིམ་པའི་ཁྱིམ་དུ་བཞུགས་ཏེ་སྟོང་ཕྲག་གི་མཆོད་པའི་ཕན་ཡོན་དང་བཅས་པ་གསུམ་གྱིས་འབུར་དུ་བྱ་བའི་རྟེན་དང༌། རིས་སུ་བྱ་བ་ལ་རྟེན་པའོ། །རྣམ་པར་རྒྱལ་མའི་རྟོག་པའི་བསྡུས་དོན། ཨི་ཐི།།  ༄༅། །འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་སྒྲུབ་ཐབས་དང་གདོན་དགྲོལ་གྱི་ཆོ་ག་བཞུགས།།  ༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཤིན་ཏུ་རྣམ་དག་ཅིང༌། །ཐུགས་རྗེས་རབ་བརླན་པད་ལྟར་ཡངས་པའི་སྤྱན། །བརྩོན་པས་གཟིགས་མཛད་འགྲོ་བའི་གཉེན་གཅིག་པུ། །ཁྱོད་ལ་རྟག་ཏུ་བདག་ནི་དང་བས་འདུད། །གང་གིས་དེ་ཉིད་ལེགས་པར་ཐུགས་ཆུད་ནས། །ཐུགས་རྗེས་འགྲོ་ལ་ལེགས་པར་སྟོན་མཛད་པའི། །བླ་མར་བཏུད་དེ་སྤྱན་རས་གཟིགས་དབང་མགོན། །དེ་ཡི་སྒྲུབ་ཐབས་རྟོགས་པར་བྱ་ཕྱིར་དབྱེ། །འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་སྒྲུབ་ཐབས་ལ་དོན་ལྔ་སྟེ། ལྷ་བསྐྱེད་ཅིང་བསྒོམ་བཟླས་བྱ་བ་དང༌། ཐུན་མཚམས་ཀྱི་བྱ་བ་དང༌། མཎྜལ་ལ་བརྟེན་ཏེ་གཟུངས་བསྒྲུབ་པ་དང༌། འགྲུབ་མི་འགྲུབ་ཀྱི་ཐེ་ཚོམ་སྤང་བའི་ཕྱིར་རྨི་ལམ་བརྟག་པ་དང༌། གྲུབ་པ་བརྟན་པར་བྱ་བའི་ཕྱིར་འཁོར་ལོ་གདགས་པའོ། །དང་པོ་ལ་གཉིས་ཏེ། ལྷའི་རྣལ་འབྱོར་དང༌། བཟླས་པ་བྱ་བའོ། །དང་པོ་ལ་གཉིས་ཏེ། ཚོགས་བསགས་པ་དང༌། ལྷར་བསྐྱེད་པ་དངོས་སོ། །དང་པོ་ལ་གཉིས་ཏེ། བསོད་ནམས་དང༌། ཡེ་ཤེས་སོ། །དང་པོ་ལ་བཞི་ལས། རྣལ་འབྱོར་པའི་བྱ་བ་ནི། གནས་ཉམས་དགའ་བར། རྟེན་དང་མཆོད་པ་ལ་སོགས་པ་ཇི་ལྟ་བ་བཞིན་བཤམས་ལ། གོས་གཙང་མ་གྱོན་ཏེ་ཁྲུས་བྱས་ལ་སྟན་བདེ་བ་ལ་འདུག་གོ །གཉིས་པ་ལུས་སེམས་བྱིན་གྱིས་བརླབ་པ་ནི། ལུས་སེངྒེ་སྒྲར་བསམ། སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿདཀར་པོ་ཚིག་དྲག་དང་བཅས་པ་བསམ་པའོ། །གསུམ་པ་ཞིང་སྤྲུལ་པ་ནི། ཧྲཱིཿལས་འོད་ཟེར་འཕྲོས་པས། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་སྟེང་གི་ཆ་ལ་བཞུགས་པ། རྗེ་བཙུན་སེངྒེ་སྒྲ་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་འཕྲོ་བ་དང་བཅས་པ་འོག་གི་ཆ་ལ་སྤྱན་དྲངས། བཞི་པ་ཚོགས་བསག་པ། དང་པོ་ནི་བཅུ་གསུམ་སྟེ། དེ་ལ་དང་པོར་ཕྱག་བྱ་སྟེ། ཨོཾ་ན་མོ་གུ་རུ་བྷྱཿ ཞེས་བླ་མ་ལ། ཨོཾ་ན་མོ་སིདྷ་ནཱ་ད་བྷྱཿ ཞེས་ངག་ཏུ་སྟེ་བཅོམ་ལྡན་འདས་ལའོ། །སེམས་ཀྱིས་དེ་དག་གི་ཞབས་ལ་གཏུག་པར་བསམ་མོ། །དེ་ནས་མཆོད་པ་ནི་དངོས་སུ་བཤམས་པ་ཡོད་དམ་མེད་ན་ཡང་ཡིད་ཀྱིས་འབུལ་ཏེ། དེའང་དང་པོར་བླ་མ་ལ་འབུལ། དེ་ནས་བཅོམ་ལྡན་འདས་ལ་སྟེ་བླ་མ་ལ་འབུལ་བའི་ཚེ། ཨོཾ་ན་མོ་གུ་རུའི་མགོ་དྲངས། བཅོམ་ལྡན་འདས་ལ་འབུལ་བའི་དུས་སུ། ཨོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་འབུལ། དེ་བཞིན་དུ་པཱ་དྱཾ་གིས་ཞབས་བསིལ། པུཥྤེས་མེ་ཏོག དྷཱུ་པེས་བདུག་པ། དཱི་པེས་མར་མེ། གནྡྷེས་དྲི་ཆབ། ནཻ་ཝི་དྱེ་སྭཱ་ཧཱས་ཞལ་ཟས་དབུལ་བར་བྱའོ། །མཆོད་པ་གཞན་ཡིད་ལས་བྱུང་བ་ལས་སྤེལ་གྲུབ་ན་བྱའོ། །དེ་ནས་སྡིག་པ་བཤགས་པ་ནི། རྟེན་བླ་མ་དང་ལྷའི་སྤྱན་སྔར་རང་གི་ངོ་བོ་སྡིག་པའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཐམས་ཅད་སོ་སོར་བཤགས་སོ། །སླར་སྲོག་གི་ཕྱིར་ཡང་མི་བྱེད་དོ། །ཞེས་དམ་བཅའ་བའོ། །དེ་ནས་དེ་ལ་སྐྱབས་འགྲོ་མཛད་པས། སྐྱབས་འགྲོ་ནི། དེང་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཁྱེད་ལ་སྐྱབས་སུ་མཆིའོ། །ཞེས་བྱའོ། །སྐྱབས་སུ་སོང་ནས་དེའི་བཀའ་བཞིན་དུ་སྡོམ་པ་བླང་བ་ནི། དམ་ཚིག་དང་སྡོམ་པ་མ་ལུས་ལ་བདག་གིས་གཟུང་བར་བགྱིའོ། །ཞེས་བྱའོ། །སྡོམ་པ་དང་ལྡན་པ་ལ་ཡི་རང་བ་སྐྱེ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་བ་དང༌། ཉན་ཐོས་དང༌། སོ་སོ་སྐྱེ་བོའི་དགེ་བ་རྣམས་ལ་རྗེས་སུ་ཡི་རང་ངོ༌། །ཞེས་བསམ་མོ། །དེ་ལྟར་རྒྱུད་དག་ཅིང་སྡོམ་པ་དང་ལྡན་པ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བས། ཁམས་གསུམ་གྱི་སེམས་ཅན་འདི་རྣམས་འཁོར་བའི་རྒྱ་མཚོ་ལས་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །ཉན་ཐོས་དང་རང་རྒྱལ་བ་མྱ་ངན་ལས་འདས་པའི་མཐས་བཅིངས་པ་མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་སེམས་བསྐྱེད་པར་བྱའོ། །དེ་ལྟར་དོན་བྱེད་པའང་དགེ་བ་གཞན་གྱིས་མི་ནུས་པས། ཇི་སྲིད་སེམས་ཅན་རྣམས་ཀྱི་མ་རིག་པའི་ལིང་ཐོག་མ་བསལ་བ་དེ་སྲིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེའང་ཡུན་རིང་བར་བྱ་བའི་ཕྱིར། ཇི་སྲིད་སེམས་ཅན་གྱི་ཁམས་མ་སྟོངས་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བགྱིའོ། །དེ་ལྟར་སྨོན་པར་བྱས་ནས། ད་ནི་འཇུག་པ་ལམ་ལ་གནས་པ་ནི། བདག་གིས་བཅོམ་ལྡན་འདས་སེངྒེ་སྒྲའི་ལམ་བཟླས་བསྒོམ་གཉིས་ལ་གནས་པར་བགྱིའོ། །ཞེས་ལམ་བསྟན་ཏོ། །དེ་དག་གི་དགེ་བ་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྔོ་བ་ནི། དེ་ལྟར་བགྱིས་པའི་བདག་གི་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ཐོབ་པར་གྱུར་ཅིག དེ་ནས་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་གནང་བ་ནོད་པ་ནི། རྟེན་དེ་དག་གིས། རིགས་ཀྱི་བུ་ཁྱོད་གནས་པ་འདིས་ལེགས་པར་གནས་ན་མྱུར་དུ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པས་གནང་བ་ནོད་པར་བྱའོ། །དེ་ནས་དེ་དག་ལ་མཆོད་པས་མཆོད་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་པས་མི་དམིགས་པར་གཤེགས་སུ་གསོལ། དེ་ལྟར་ཚོགས་བསགས་བཅུ་གསུམ་ནི་ཐང་ཆུ་བའི་ལུགས་སོ། །ཡང་བླ་མ་མེན་ཚ་གླིང་པ་ནི། བདུན་པོ་རྣམ་དག་ཙམ་བྱ་གསུངས་པས། བློའི་འཇུག་པ་གང་ལྟར་ཡང་བདེ་བ་བྱའོ། །དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སྐུའི་བྱིན་གྱིས་བརླབ་པ་དང༌། གསུང་གི་བྱིན་གྱིས་བརླབ་པ་དང༌། ཐུགས་ཀྱི་བྱིན་གྱིས་བརླབ་པའོ། །དང་པོ་ནི། སྡིགས་མཛུབ་ཕྱོགས་བཅུར་བསྟན་ཞིང་སེ་གོལ་གཏོགས་པ། གཉིས་པ་ནི། ངག་ཏུ། ཨོཾ་སུ་ཁ་བྷ་ཝནྟུ། ཞེས་བརྗོད་དོ། །གསུམ་པ་ནི། ཧྲཱིཿལས་འོད་འཕྲོས་ཏེ། བྱམས་པ་ལ་ཤར་དུ་སྤྲོས། དེས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཁྱབ་པས། ཐམས་ཅད་རྣམ་པ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་པར་བསམ། སྙིང་རྗེ་ལ་སྔར་བཞིན་བྱང་དུ་སྤྲོས། རྣམ་པ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་པར་བསམ། དགའ་བ་ལ་སྔར་བཞིན་ནུབ་ཏུ་སྤྲོས། རྣམ་པ་སྔར་གྱི་གཉིས་པོ་ལ་དགའ་བའོ། །བཏང་སྙོམས་ལ་སྔར་བཞིན་ལྷོར་སྤྲོས། རྣམ་པ་དགྲ་གཉེན་ཐ་མལ་པ་མེད་པར་སྔར་བཞིན་དུ་གྱུར་པར་བསམ། ཡང་ན། མདོར་བསྡུས་ནས་ཐུགས་ཀྱི་བྱིན་གྱིས་བརླབ་པ་གཉིས་ལས་རང་གི་ངོ་བོ་བདེ་བ་དང་ལྡན་པར་གྱུར་ཅིག་པར་བསམ་པ་ལ་སོགས་པ་གཉིས་ཙམ་བསམས་ཀྱང་བཏུབ་གསུངས། བསོད་ནམས་ཀྱི་ཚོགས་སོ། །དེ་ནས་གཞུང་ནས་འབྱུང་བའི་སྔགས་བརྗོད་དེ། དེའི་དོན་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་བཞིན་དུ་བདག་ཀྱང་རྣམ་པར་དག་པའོ། །ཞེས་དྲན་པར་བྱས་ལ། སྟོང་པ་ཉིད་བསམ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ནས་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོའོ། །དེའི་སྟེང་དུ་ཨཿཚེག་དྲག་ཅན་ལས་སེངྒེ་དཀར་པོ་མགོ་གཡས་སུ་བསྟན་པ། ཁ་གྱེན་དུ་བལྟས་པ་རལ་པ་དམར་པོ་ཐུར་ལ་འཕྱང་བ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿདཀར་པོ་ཚེག་དྲག་ཅན་བསམས་ལ། དེ་ལས་འོད་འཕྲོས། བདེ་བར་གཤེགས་པ་རྣམས་ལ་མཆོད་བསྐུལ། སེམས་ཅན་གྱི་སྒྲིབ་པ་སྦྱངས། རྗེ་བཙུན་གྱི་གོ་འཕང་ལ་བཀོད། དེ་རྣམས་ཚུར་འདུས་ཧྲཱིཿལ་ཐིམ་པ་ལས་སྐུ་རྫོགས་པར་བསྐྱེད་དོ། །དེའི་མཚན་ཉིད་གཞུང་ན་གསལ་ཏེ། དམ་ཚིག་པ་བསྐྱེད་པའོ། །དེ་ནས་ཡེ་ཤེས་པ་གཞུག་པ་ནི། རང་གི་སྙིང་གར་ཟླ་བ་ལ་ཧྲཱིཿབསམས་པ་ལས་འོད་འཕྲོས་པས་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ། དེ་ལ་གྲུབ་ན་ཚོགས་བསག་བཅུ་གསུམ་བྱ། མ་གྲུབ་ན་ཕྱག་དང་མཆོད་པ་ཙམ་བྱས་ལ། ངག་ཏུ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད། སེམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བའོ། །དེ་ནས་གནས་གསུམ་བསྲུང་བ་ནི། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གའི་སྟོད་རྣམས་སུ་ཟླ་བ་ལ་ཨོཾ་དཀར་པོ་དང༌། ཨཱཿདམར་པོ་དང༌། ཧཱུྃ་སྔོན་པོ་རྣམས་དགོད་དོ། །དེ་ནས་དབང་བསྐུར་བ་ནི། ཡང་ཟླ་བའི་སྟེང་གི་ཧྲཱིཿའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང༌། རིག་མ་དང༌། ལྷ་མོ་རྣམས་སྤྱན་དྲངས་ཏེ། དེ་དག་ལ་ཡིད་ཀྱིས་མཆོད་པ་བྱས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པ་དང༌། ཁྲོ་བོས་བགེགས་བསྐྲད། བྱང་སེམས་ཀྱིས་བཀྲ་ཤིས་བརྗོད། རིག་མ་དང་ལྷ་མོས་མཆོད་པའི་ཆར་འབེབས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་གཙུག་ནས་དབང་བསྐུར་བར་བསམ་སྟེ། རྐང་མཐིལ་གྱི་བར་དུ་གང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་གྱུར་ཏོ། །དེ་ཉིད་ཀྱི་ཚེ་རིགས་ལྔའི་འཕྲོ་བའང་གྲུབ་སྟེ། སྤྱི་བོ་ན་རྣམ་སྣང༌། དཔུང་པ་གཡས་པ་ལ་མི་བསྐྱོད་པ། གཡོན་པ་ལ་འོད་དཔག་མེད། དཀུ་གཡས་པ་ལ་རིན་འབྱུང༌། གཡོན་པ་ལ་དོན་ཡོད་གྲུབ་པ་འཕྲོ་བའོ། །དེ་ལྟར་བསྒོམས་ལ་རྫོགས་པ་དང༌། ལྷའི་སྐུ་ལ་དམིགས་ཏེ་གསལ་གདབ་ཅིང་བསྒོམ་པར་བྱའོ། །དེ་ལས་སྐྱོ་བར་གྱུར་ན་བཟླས་པ་བྱ་བ་ནི། སྙིང་གར་ཟླ་བ་ལ་ཧྲཱིཿདཀར་པོ་བསམས་པའི་མཐར། ལས་དང་མཐུན་པའི་ཁ་དོག་གིས་བསྐོར་བ་ལ་དམིགས་ཏེ་བཟླས་པ་བྱའོ། །དེ་ནས་བསྒོམ་བཟླས་ཀྱིས་སྐྱོ་བར་གྱུར་ན། ཐུན་མཚམས་སུ་གཏོར་མ་གཏང་བ་ནི། ཅི་འབྱོར་པའི་ཁ་ཟས་གཙང་མ་སྣོད་གཙང་མར་བཤམས་ཏེ། ཨོཾ་ཞེས་བརྗོད་པས་ཟླ་བའི་སྟེང་དུ་ཨོཾ་བསམས་པའི་འོད་ཟེར་གྱིས་འགྲོ་བ་རིགས་དྲུག་ཐམས་ཅད་བཀུག་པར་བསམ། དེ་ནས་གཏོར་མའི་སྟེང་དུ་ཨཱཿབསམས་ཏེ་ཨཱཿལན་བཞི་བརྗོད་པའི་དང་པོས་སྟོང་པར་སྦྱངས། གཉིས་པས་མང་དུ་སྤེལ། གསུམ་པས་བདུད་རྩིར་གྱུར་པར་བསམ། བཞི་པས་ཅི་འདོད་པ་འབྱུང་བར་བསམ་མོ། །ཧཱུྃ་ཞེས་བརྗོད་པས་ཐམས་ཅད་ཀྱིས་མཉམ་པར་ཐོབ་པར་བསམས་ལ། ཨ་ཀཱ་རོའི་སྔགས་ཀྱང་ལན་གསུམ་མམ་བདུན་བརྗོད་དེ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི། མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ་གཤེགས་སུ་གསོལ་ལ། རང་གི་གནས་གསུམ་བསྲུངས་ཏེ། དེ་ནས་གྲུབ་ན་དེ་ལ་ཚོགས་བསག་བཅུ་གསུམ་གྱིས་ཚོགས་བསག་བྱའོ། །དེ་མ་གྲུབ་ན་ཕྱག་དང་མཆོད་པ་ཙམ་བྱས་ལ། ཡི་གེ་བརྒྱ་པས་ཉམས་ཆགས་བསྐང༌། བཟོད་པར་གསོལ་ལ། ཨོཾ་བཛྲ་མུཿ ཞེས་བརྗོད་པས་གཤེགས་སུ་གསོལ། ཡང་རང་དམ་ཚིག་པ་ལ་གནས་གསུམ་བསྲུང་བ་བྱ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །ཐམས་ཅད་སེངྒེ་སྒྲའི་ང་རྒྱལ་གྱིས་གླེངས་བམ་བཀླག་པ་དང༌། འཆད་པ་དང༌། ཉན་པ་དང༌། འབྲི་བ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་བྱའོ། །ཟས་ཀྱི་དུས་སུ་ཁ་ཟས་བདུད་རྩིའི་རང་བཞིན་དུ་བསམས་ལ། ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པར་བྱའོ། །དེ་ལྟ་བུའི་བྱ་བས་ཐུན་གསུམ་མམ་བཞིའི་རྣལ་འབྱོར་གྱིས་འབུམ་ཕྲག་བཞི་ལ་སོགས་པ་བསྐྱལ་བར་བྱའོ། །དེ་ལྟར་བསྙེན་པ་ཡོངས་སུ་རྫོགས་པ་དང༌། མཎྜལ་ལ་བརྟེན་ཏེ་གཟུངས་བསྒྲུབ་པ་ནི། གནས་ཉམས་དགའ་བར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟེན་བཞུགས་པའམ། དེ་མེད་ན་མཎྜལ་བའི་རྣམ་པ་ལྔས་བྱུགས་པ་ལ། མེ་ཏོག་ཚོམ་བུ་དྲུག་དགོད་པར་བྱའོ། །དེའི་མདུན་དུ་མཆོད་པ་དང་བ་ལིཾ་དང༌། མེ་ཏོག་དཀར་པོ་དང༌། བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བ་རས་ཀྱི་ཚག་མ་ལ་བཅགས་པ་དྲི་ཞིམ་པོ་དང་སྦྱར་བ་སྟ་གོན་བྱས་ལ། ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ནས། རང་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ལ་བཟླས་པ་ཅུང་ཞིག་བྱའོ། །དེ་ནས་མེ་ཏོག་དཀར་པོ་ནས་རེ་རེ་བླངས་ཏེ་རེ་རེ་ལ། ཨོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ། ཅེས་ལན་བདུན་བདུན་བཟླས་ཏེ་འཕགས་པ་སྤྱན་རས་གཟིགས་སམ། མཎྜལ་ཚོམ་བུ་དྲུག་པའི་མདུན་ནས་ཚར་དུ་རང་གི་གཡོན་ནས་བརྩམས་ཏེ་མཎྜལ་བརྒྱད་ཀྱི་སར་མེ་ཏོག་རེ་རེ་བཞག་ནས་བྱིན་གྱིས་བརླབ་བོ། །དེ་ནས་བའི་ལྕི་བ་བླངས་ཏེ། སྔར་གྱི་མེ་ཏོག་བསལ་ལ། དེའི་ཤུལ་དུ་མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཟླས་ཤིང་ལན་བཅུ་གསུམ་བྱུགས་ཏེ། མདོར་ན་མཎྜལ་དང་གཟུངས་བཅུ་གསུམ་པ་བརྒྱད་དོ། །མཎྜལ་བྱུག་ཅིང་བའི་ལྕི་བ་ལྷག་མ་ལག་པ་ལ་གོས་པ་ལ་མཆིལ་མ་བཏབ་ཅིང་ན་བ་ལ་སོགས་པ་ལ་བྱུག་པར་བྱའོ། །ན་བ་མེད་ན་སྣོད་གཙང་མར་བླུགས་ལ་བཟུང་སྟེ་སྡུག་བསྔལ་བ་གཞན་ལ་སྦྱིན་པར་བྱའོ། །དེ་ལྟར་ཇི་སྲིད་འབྱོར་པ་བྱས་ཏེ་འཇོག་པའི་དུས་སུ་གྲུབ་ན་སྔགས་བཟླས་ཏེ་གཏོར་མ་བཏང་ལ་ཡེ་ཤེས་པ་གཤེགས་སོ། །བཟླས་པ་མ་གྲུབ་ན་གཏོར་མ་བཏང་སྟེ་ཡེ་ཤེས་པ་གཤེགས་སུ་གསོལ་བ་ཇི་ལྟ་བ་བཞིན་བྱ་སྟེ། མཎྜལ་རས་དཀར་པོས་གཡོགས་ལ་གཞག་གོ །མེ་ཏོག་དང་ལྕི་བ་ལྷག་མ་ལ་གཅེས་སྤྲས་སུ་བྱའོ། །སྤྱོད་ལམ་སྔར་བཞིན་བྱའོ། །ཐུན་གཉིས་པ་ལ་སོགས་པ་ལ་ལྕི་བ་ཡོད་ན་མེ་ཏོག་བྱིན་གྱིས་བརླབ། ལྕི་བ་མི་སྤོ་ན་བྱིན་གྱིས་བརླབ་མི་དགོས། ལྷག་མ་སྔ་མ་བཞིན་སྤྱད་དོ། །དེ་ལྟ་བུ་ཐུན་གསུམ་མམ་གཉིས་ཀྱང་རུང་སྟེ། ཉི་མ་བདུན་ནམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གིས་མཚམས་མེད་པ་བྱས་པ་མ་ཡིན་པ་རྣམས་འགྲུབ་པར་འགྱུར་རོ། །མ་གྲུབ་ན་མཚམས་མེད་བྱས་པ་ཡིན་པས་ཡང་བསྙེན་པ་བསྐྱར་ལ་བྱའོ། །འགྲུབ་མི་འགྲུབ་ཀྱི་ཐེ་ཚོམ་བསལ་བའི་དོན་དུ་རྨི་ལམ་བརྟག་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ལ། མེ་ཏོག་ཚོམ་བུ་དྲུག་བཀོད་དེ། དེའི་མདུན་དུ་མཆོད་པ་དང་གཏོར་མ་བཤམ། བུམ་པ་ཆོ་ག་ཇི་ལྟ་བ་བཞིན་ཏེ། དྲི་ཞིམ་པོའི་ཆུས་བཀང་ལ། དེའི་སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་གཞག་གོ །དེ་ནས་ཁྲུས་བྱས་ཏེ་སྟན་ལ་འདུག་ལ་ལྷའི་རྣལ་འབྱོར་རྫོགས་པར་བསྐྱེད་དེ། གཟུངས་ཐག་ནས་བཟུང་ལ་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་གཏོར་མ་གཏང་བས་ཡེ་ཤེས་པ་གཤེགས་པ་ལ་སོགས་པ་ཇི་ལྟ་བ་བཞིན་བྱ་སྟེ། ཆུས་གདོང་བཀྲུས་ནས་གོས་གཙང་མ་གྱོན་ཏེ་ལྷའི་ང་རྒྱལ་དང་ལྡན་པ། འཇིགས་པ་མེད་པས་རང་གི་འདོད་པའི་དོན་ཡིད་ལ་བྱེད་པའི་བསམ་པ་དང་ལྡན་པས། གློ་གཡས་ས་ལ་ཕབ་སྟེ་ཉལ་བར་བྱས་ན་ཇི་ལྟར་འདོད་པའི་དོན་མཐོང་བར་འགྱུར་རོ། །གྲུབ་པ་བརྟན་པར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བཅིང་བ་ནི། དེ་ཉིད་ཀྱི་སྲིན་ལག་གི་ཁྲག་གིས་བྲི། དེའང་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་གཉིས་པ་བྲིས་པའི་ལྟེ་བར་ཧྲཱིཿདེའི་མཐའ་མ་ན་ཕར་ཆེ་གེ་མོ་ལ་ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་བྲི། འདབ་མ་བརྒྱད་ལ་ཧྲཱིཿཨོཾ་ཨཱཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ་དང་སྭཱ་ཧཱ་མ་གཏོགས་པའི་ཡི་གེ་བརྒྱད་གཡས་སྐོར་གྱིས་བྲི། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར་ཀཱ་ལི་གཡས་སྐོར་བྲི། ཕྱི་རོལ་གྱི་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་བྱ་བ་ལ་སོགས་པ་གཟུངས་རིང་བྲི་བར་བྱའོ། །དེ་ལྟར་བྲིས་པ་ལ་རབ་ཏུ་གནས་པར་བྱ་བ་ནི། མཆོད་པ་མེ་ཏོག་ལ་སོགས་པ་དང་ལྷ་བཤོས་གསུམ་བྱ། གཏོར་མ་གསུམ་བཤམས་ལ། བདག་ཉིད་ཀྱི་ལྷའི་རྣལ་འབྱོར་རྫོགས་པར་བསྒོམ་པ་དང༌། བཟླས་པ་ཅུང་ཞིག་བྱའོ། །དེ་ནས་འཁོར་ལོ་མཎྜལ་གྱི་སྟེང་ན་ཡོད་པ་དེ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམས། སྟོང་པའི་ངང་ལས་ཧྲཱིཿདཀར་པོ་ལས་འཁོར་ལོ་ཇི་ལྟར་བ་བཞིན་དུ་བསྐྱེད། དེ་ནས་རང་གི་སྙིང་གའི་ཧྲཱིཿདང་འཁོར་ལོའི་ཡི་གེ་ཚོགས་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་གཅིག་སྤྱན་དྲངས་ནས། དེ་ལ་བསྟིམ་སྟེ་མཆོད་པ་དབུལ། དམ་ཚིག་ཅན་ལ་གཏོར་མ་གཅིག་གཏང་ངོ༌། །དེ་ནས་ཡང་སྙིང་གའི་ས་བོན་དང་འཁོར་ལོའི་ཡི་གེའི་ཚོགས་ལས་འོད་འཕྲོས་པས་བསྲུང་བར་བྱ་བ་གང་ཡིན་པ་དེའི་རྣམ་ཤེས་བཀུག་ལ། སྙིང་པོ་དང་གཟུངས་སྔགས་ལ་སོགས་པ་ལ་བསྟིམ། དེའི་ལུས་དཔག་ཏུ་མེད་པ་བཀུག་ལ་ཨཱ་ལི་ཀཱ་ལི་ལ་བསྟིམ་ལ། ཡང་མཆོད་པ་བྱ། གཏོར་མ་གཅིག་གཏང་ངོ༌། །དེ་ནས་འཁོར་ལོ་ལག་པ་གཡས་པས་བཟུང་ལ། སྙིང་པོ་ལ་ཆེ་གེ་མོ་རཀྵ་རཀྵ། ཞེས་སྤེལ་ལ་བརྒྱ་རྩ་བརྒྱད་བཟླ། དེ་ནས་གཟུངས་སྔགས་སྤེལ་ཚིག་དང་བཅས་པ་བཟླ། དེ་ནས་ཨཱ་ལི་སྤེལ་ཚིག་དང་བཅས་པ་བཟླ། དེ་ནས་ཀཱ་ལི་སྤེལ་ཚིག་དང་བཅས་པ་བཟླ། དེ་ནས་སརྦ་ཏྲཱ་ས་སྤེལ་ཚིག་དང་བཅས་པ་བཟླ། མཐར་སེངྒེ་སྒྲའི་ཡི་གེ་བརྒྱ་པ་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་འཁོར་ལོ་དྲིལ་ལ་ཟངས་ལ་སོགས་པར་བཅུག་སྟེ་གདགས་པ་ནི། དང་པོར་བསྒྲུབ་པར་བྱ་བ་དེའི་ལུས་ལ་གཏོར་མས་ལན་གསུམ་བསྐོར་ཞིང་གཏོར་མའི་སྔགས་བརྗོད་པས་དེའི་རྒྱུད་ལ་གནས་པའི་གདོན་དེ། དེ་ལས་བདུད་དུ་ཕྲལ་ལ། སྙིང་པོ་དང་གཟུངས་སྔགས་བཟླས་ཤིང་དཔུང་པ་གཡོན་པ་ལ་གདགས་སོ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟེན་པར་བྱའོ། །ཕྱིས་འཇིགས་པ་དང་ཡང་བ་ལ་སོགས་པ་བྱུང་ན་རང་གི་ལག་པ་དེ་ལ་འཇུས་ལ། མགོན་སྐྱབས་ཞུ་བར་དམིགས་ཏེ་སྔགས་རྣམས་སྔར་བཞིན་བཟླའོ། །རྫོགས་སོ།།  །།ཡི་གེ་བརྒྱ་པ་ནི། ཨོཾ་སིདྷ་ནཱ་ད་ས་མ་ཡ། མ་ནུ་པཱ་ལ་ཡ། སིདྷ་ནཱ་ད་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱཾ་སིདྷ་ནཱ་ད་མཱ་མེ་མུཉྩ། སིདྷ་ནཱ་ད་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ།།  ༄༅། །སེངྒེ་སྒྲའི་བསྡུས་དོན་བཞུགས།།  ༄༅། །གདོན་དགྲོལ་བའི་ཆོ་ག་ལ། ཀླུའི་རིགས་བརྟག་པ་དང༌། ཆོ་ག་དངོས་སོ། །དེ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི་ལྔ་སྟེ། མཎྜལ་དང་དཀྱིལ་འཁོར་བཤམ་པ་དང༌། བུམ་པ་བཤམ་པ་དང༌། ཀླུ་མཆོད་ཅིང་གསོ་བའི་རྟེན་བཤམ་པ་དང༌། མཆོད་པ་བཤམ་པ་དང༌། གཏོར་མ་བཤམ་པའོ། །དང་པོ་ལ་གཉིས་ཏེ། ལྷའི་མཎྜལ་དང༌། ཀླུའི་འོ། །གཉིས་པ་ལ་གསུམ་སྟེ། བསྒྲུབ་བྱ་ལ་དགོས་པ་ལྷའི་བུམ་པ་དང༌། ཀླུ་སྡུག་བསྔལ་དང་བྲལ་བ་བརྟན་པར་བྱ་བའི་ཕྱིར་དབང་བསྐུར་བའི་བུམ་པ་དང༌། ཀླུའི་ནད་གསོ་བའི་རྩི་སྨན་བླུགས་པའི་བུམ་པའོ། །གསུམ་པ་རྟེན་ལ་གཉིས་ཏེ། མཆོད་པའི་རྟེན་རྒྱལ་པོ་དགུའི་གཟུགས་དང༌། མཆོད་པ་དང་གསོ་བ་གཉིས་ཀའི་རྟེན་ཀླུ་ཕལ་པ་དང་ས་བདག་གི་རྟེན་ནོ། །བཞི་པ་མཆོད་པ་ནི་གཉིས་ཏེ། ཐུན་མོང་བ་ཨརྒྷཾ་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པ་བདུག་པ་ལ་སོགས་པའོ། །ལྔ་པ་གཏོར་མ་ནི་གཉིས་ཏེ། དམ་ཚིག་ཅན་གྱི་དང་ཀླུའི་འོ། །དངོས་གཞི་ལ་གསུམ་སྟེ། ལྷ་དང་འབྲེལ་པའི་བྱ་བ་དང༌། གདོན་གྱི་ལས་དང༌། བསྒྲུབ་བྱ་ལ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ་སྟེ། སངས་རྒྱས་ལ་མཆོད་པ་དང༌། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་དང༌། བུམ་པ་བྱིན་གྱིས་བརླབ་པའོ། །གཉིས་པ་ལ་གསུམ་སྟེ། ཀླུའི་མཆོད་པ་དང༌། ནད་གསོ་བ་དང༌། དབང་བསྐུར་བའོ། །གསུམ་པ་ལའང་གསུམ་སྟེ། བསྒྲུབ་བྱ་ཁྲུས་བྱ་བ་དང༌། བྱབ་པ་དང༌། བསྲུང་བའོ། །དེ་ལྟར་དགུའོ། །མཇུག་གཤེགས་སུ་གསོལ་བ་དང༌། བདག་བསྲུང་སྟེ་གཉིས་སུ་བསྡུ་བར་གསུངས་སོ། །དེ་ལྟར་སྦྱོར་བ་ལ་ལྔ། དངོས་གཞི་ལ་དགུ། མཇུག་གི་ཆོ་ག་ལ་གཉིས་ཏེ་ཆོ་ག་བཅུ་དྲུག་ཏུ་བསྡུས་པ་ཤེས་པར་བྱའོ།།  ༄༅། །ཨོཾ་སྭ་སྟི། ནོར་རྒྱས་དུང་སྐྱོང་གཉིས་ནི་རྒྱལ་རིགས་ཡིན་ཏེ་སེར་པོ་ས་ལ་དབང༌། དགའ་བོ་རིགས་ལྡན་གཉིས་ནི་བྲམ་ཟེ་ཡིན་ཏེ་དཀར་པོ་ཆུ་ལ་དབང༌། པདྨ་འཇོག་པོ་གཉིས་ནི་རྗེའུ་རིགས་ཡིན་ཏེ་དམར་པོ་མེ་ལ་དབང༌། པད་ཆེན་སྟོབས་རྒྱུ་གཉིས་ནི་དམངས་རིགས་ཡིན་ཏེ་སྔོ་ནག་རླུང་ལ་དབང༌། དུག་དེ་ཀུན་ཀྱང་འཇོམས་པར་བྱེད་པ། གཙོ་བོར་གྱུར་པ་ཆུ་ལྷ་སྟེ། འབྱུང་བ་ནམ་མཁའི་རང་བཞིན་ཅན། དེ་བས་དེ་ཉིད་འབད་དེ་བཟླའོ། །དེ་བས་ན་དང་པོ་བརྩམ་པའི་དུས་སམ། དུག་གསལ་བར་ངོས་མ་ཟིན་ན། ཆུ་ལྷ་ཉིད་ལ་བཟླ་བར་བྱ་སྟེ། སེངྒེ་སྒྲའི་རྣལ་འབྱོར་བྱས་ལ། སངས་རྒྱས་ལ་མཆོད་པ་དང༌། ཀླུའི་རྒྱལ་པོ་རྣམས་ལ་གཏོར་མ་དབུལ། མཆོད་བསྟོད་ནས། ཏྲི་ཤཱུ་ལ་ལ་སྦྲུལ་དཀར་པོ་གསལ་བར་དམིགས་ཏེ། རྗེ་བཙུན་གྱི་སྔགས་སྔོན་དུ་འགྲོ་བའོ། །ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ། ཅི་ནུས་སུ་བཟླས་སོ། །དེ་ནས་དུག་གསལ་བར་སོང་ཟིན་ནས་བཟླའོ། །མེ་ཆུ་ལ་བཟླའོ། །ཆུ་དུག་ལ་རླུང་བཟླ། དུག་བཞིར་འདུས་པའི་ཀླུ་བརྒྱད་པོ་ཡང༌། ཏྲི་ཤཱུ་ལ་ལ་སྤྲུལ་ཁ་སྤྲོད་བཅིངས་ལ། གཞུང་ནས་འབྱུང་བའི་མདོག་དང་ལྡན་པར་གསལ་བར་དམིགས་ལ་བཟླའོ། །བཟླས་པ་གོང་གི་ལུགས་བཞིན་ནོ། །ལས་ལ་སྦྱར་བ་ནི། ཀླུ་འདུལ་བའི་ཁུ་བ་ལ་སོགས་པ་ཀླུ་དང་མི་མཐུན་པའི་རྫས་བསོགས་ལ། རྫས་དེ་དག་གིས་ལིངྒ་ལ་བྲབ་ཅིང༌། ཕུར་བུས་གདབ་པ་ལ་སོགས་པ་བྱ་སྟེ། དེའི་དུས་སུ་སྔགས་བཟླས་པ་ནི། ཨོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མཱ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲཱ་ཡཱ་ཡ་ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏཱི་ཛྙ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཱ་ན། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རྫས་རྣམས་ཞུ་བར་སྦྱར་ལ་ལིངྒ་ལ་བྲབ་པ་དང༌། ཕུར་བུས་གདབ་པ་དང་རྔ་རྡུངས་ལ་སོགས་པས་འགྲུབ་པར་འགྱུར་རོ། །ལས་འདི་དག་ཀྱང་ལྷག་པའི་ལྷའི་བཟླས་པ་དང༌། གདོན་དགྲོལ་བ་ཡང་སྔོན་དུ་སོང་བས་བྱའོ། །གང་རུང་རུང་མི་བྱའོ། །ལས་འདི་ཡང་དང་པོར་བསྒོམ་བཟླས་ཙམ་གྱིས་མ་སོས་ན་གཟུངས་བསྒྲུབ་བྱའོ། །དེ་ནས་གདོན་དགྲོལ་བྱ། དེས་ཀྱང་མ་སོས་ན་རྨི་ལམ་བརྟག་པར་བྱས་པས་ཀླུ་གནོད་པ་ངོ་ཤེས་ནས། དེ་ཡང་དུག་ངོས་མ་ཟིན་ནོ། །བ་རུ་ཎའི་སྔགས་བཟླས་ཤིང་གཏོར་མ་སྦྱིན། དུག་ངོས་ཟིན་ན་རང་སེངྒེ་སྒྲའི་རྣལ་འབྱོར་དང་ལྡན་པས། ཏྲི་ཤཱུ་ལ་ལ་སྦྲུལ་སོ་སོ་དམིགས་ལ་སྔགས་སོ་སོ་བཟླས་སོ། །རྫོགས་སོ།།  །།བཅོམ་ལྡན་འདས་ཀྱི་སྙིང་པོའི་མཐར། །ཨོཾ་ཕུཿབ་སུ་ཀ་ཤཾ་ཁ་པཱ་ལཱ་ཡ། ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་བརྒྱད་པོ་ལ་ཡང་བྱའོ། །ཡང་ཀླུའི་གཟུགས་བརྙན་ལ་རྒྱལ་པོ་གདུག་པ་ཅན་ཕྱེ་བའི་དུས་སུ། གདུག་པ་ཅན་གྱི་རྫས་ཀྱིས་གཟུགས་བརྙན་ལ་བསྐོར་ཞིང༌། བཅོམ་ལྡན་འདས་ཆུ་བདག་གི་སྙིང་པོའི་མཐར། ན་མོ་ནཱ་ག་ནན་ལ་སོགས་པ་བཞི། དེ་ནས་རཱ་ཛ་དུཥྚཱ་ན་བི་དེ་ཤ་ཡ་བི་དེ་ཤ་ཡ། ཞེས་བཟླས་ལ། དེ་ནས་རྒྱལ་པོའི་གཟུགས་ལ་བྲབ་བོ།།  །།འཇིག་རྟེན་དབང་ཕྱུག་སེངྒེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོར་འཇིག་རྟེན་དབང་ཕྱུག་གི་བསྒོམ་བཟླས་གཉིས་ཐུན་མཚམས་སུ་གཏོར་མ་གཏང་ཞིང༌། བསྙེན་པའི་གྲངས་འབུམ་ཕྲག་བཞི་ཚང་ན་སོས་པར་འགྱུར་རོ། །བརྒྱ་ཞིག་ན་དེས་མ་སོས་ན། མཎྜལ་བརྟན་ཏེ་གཟུངས་བསྒྲུབ་བོ། །དེས་ཀྱང་སོས་པར་མ་གྱུར་ན། ཆུ་བདག་གི་སྙིང་པོ་བཏགས་ལ་བསྙེན་པ་ཡང་བསྐྱར་ལ་བཟླས་པ་ཉིད་ཀྱིས་སོས་པར་འགྱུར་ཏེ། ཏྲི་ཤཱུ་ལ་ལ་དཀྲིས་པའི་སྦྲུལ་དཀར་པོ་ལ་ཐུགས་དམ་ལས་བསྐུལ་བར་དམིགས་ཤིང༌། ཨོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གྲངས་ཅི་རིགས་པས་སོས་པར་འགྱུར་ཏེ། མ་སོས་ན་འབུམ་ཕྲག་བཞི་གཉིས་བསྐྱལ་ལོ། །དེ་དག་གིས་ཀྱང་སོས་པར་མ་གྱུར་ན་དེའི་ཚེ། གདོན་དགྲོལ་བའི་ཆོ་ག་ཅི་རིགས་པར་བྱས་པས་ངེས་པར་འཚོའོ། །མ་སོས་ན་ནི་དེའི་ཚེ་སྲུང་བའི་འཁོར་ལོ་གདགས་སོ། །དེས་ཀྱང་མ་སོས་ན་ཡང་དུག་གསལ་པོར་ངོས་གཟུང་བར་བྱ་བའི་ཕྱིར་ཆུ་བདག་གི་སྙིང་པོ་བསྐྱར་ཏེ་བཟླའོ། །དུག་ངོས་ཟིན་ན་གཉེན་པོའི་སྔགས་གདམས་ངག་བཞིན་བཟླའོ། །གལ་ཏེ་དུག་གསལ་པོར་ངོས་མ་ཟིན་ནམ། ངོས་ཟིན་ཀྱང་གཉེན་པོའི་སྔགས་རྨི་ལམ་བརྟགས་ལ་ངོས་བཟུང་སྟེ། མྱུར་དུ་འཚོ་བའམ་རིང་དུ་འགོར་བའམ། སྔོན་གྱི་ལས་ཡིན་པར་ཤེས་པར་འགྱུར་རོ། །གདོན་དགྲོལ་མི་དགོས་པའི་ཕྱོགས་གལ་ཏེ་ན་གཟུངས་ལ་བརྟེན་ནས་བསྙེན་པ་དང་པོ་ཐོན་ནས་གཟུངས་བསྒྲུབ་བྱས་ལ། དེས་སོས་པར་རུང་བ་ཉིད་ཡིན་ནོ། །སྤོགས་ཆོག་གཞན་ནི་སྔ་མ་དང་འདྲའོ། །དེ་ལྟར་ན་ཡང་སོས་པར་མ་ནུས་ན། སྙིང་མི་དགའ་བ་ལ་སོགས་པ་སྣ་ཚོགས་བྱུང་ན། ཀླུ་དང་རྒྱལ་པོ་དབྱེ་བ་ཞེས་བྱ་བ་གདམས་ངག་བཞིན་ནོ། །གྲུབ་ན་ནི་གདོན་དགྲོལ་བྱ་སྟེ། སྲུང་བའི་འཁོར་ལོ་གདགས་སོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། དང་པོར་དུག་ངོས་ཟིན་པའི་དུས་སུ། སེངྒེ་སྒྲའི་སྙིང་པོའི་རྗེས་ལ། ཨོཾ་ཕུཿབ་སུ་ཀ་ཡེ་ཤཾ་ཁ་པཱ་ལཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། རླུང་དུག་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་སེར་པོ་གཉིས་ཁ་སྤྲོད་དུ་བྱས་ཏེ་སྔགས་བཟླ་བར་བྱའོ། །ཡང་སྙིང་པོའི་རྗེས་ལ། ཨོཾ་ཕུཿཨ་ནནྟཱ་ཡ་ཀུ་ལི་ཀཱ་ཡེ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཚ་ཞིང་གདུང་བ་མེའི་དུག་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་དཀར་པོ་རྩེ་སྤྲོད་དུ་བྱས་ལ་འབྱུང་བ་ཆུའི་སྔགས་བཟླས་སོ། །ཡང་སྙིང་པོའི་རྗེས་ལ། ཨོཾ་ཕུཿཔདྨ་ཡེ་ཏ་ཀྵ་ཀཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ས་དུག་གིས་ཟིན་པའི་ཚེ་མེ་བཟླས་ཏེ། ཏྲི་ཤཱུ་ལ་ལ་སྦྲུལ་དམར་པོ་གཉིས་ཁ་སྤྲོད་དུ་བྱས་ལ་འབྱུང་བ་མེའི་སྔགས་བཟླས་སོ། །ཡང་སྙིང་པོའི་རྗེས་ལ། ཨོཾ་ཕུཿམ་ཧཱ་པདྨཱ་ཡ་ཀརྐོ་ཊཱ་ཡ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཆུ་དགུ་གིས་ཟིན་པའི་ཚེ། ཏྲི་ཤཱུ་ལ་ལ་སྦྲུལ་སྔོ་ནག་གཉིས་ཁ་སྤྲོད་དུ་བྱས་ལ་འབྱུང་བ་རླུང་གི་སྔགས་བཟླས་སོ། །དེ་ཡང་དང་པོ་ངོས་ཟིན་ནས་ཡང་བསྙེན་པའི་སྔགས་བཟླས་ཤིང༌། ཕྱིས་ཆུ་བདག་གི་སྙིང་པོས་དུག་ངོས་ཟིན་ན། ཡང་གཉེན་པོའི་སྔགས་ཀྱིས་ངེས་པར་འཚོ་བར་འགྱུར་རོ། །ཀླུ་རིགས་བཞིའི་སྙིང་པོ་སོ་སོར་གཙོ་བོར་བཟླས་ཀྱང་མ་སོས་པ་དེའི་ཚེ་ཀླུ་དང་རྒྱལ་པོ་མ་ཕྲལ་བའི་སྐྱོན་ཡིན་ཏེ། དབྲལ་བ་ནི། བག་ཟན་ལས་ཀླུ་ཕལ་པ་རིགས་བཞིའི་གཟུགས་བྱ། རྙེད་ན་མི་ལྤགས། མ་རྙེད་ན་ཤོག་བུ་ལ་རྒྱལ་པོའི་གཟུགས་རིད་པ་སྐྲ་འཛིངས་པ་ཡན་ལག་ཐམས་ཅད་ཕྲ་བ་ཅིག་བྲིས་ལ། དེའི་སྙིང་གར་བཅོམ་ལྡན་འདས་དང་ཆུ་བདག་གི་སྙིང་པོའི་ཤམ་བུ། རཱ་ཛ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བྲི། གཞན་ཡང་འབྱུང་བའི་བླ་ཤིང་ཡིན་པས་ཤིང་གླང་མ་མགོ་རྩ་མ་ལོག་པ་བྱས་ལ། རྩ་བའི་ངོས་ལེགས་པར་བྱས་པ་ལ་མི་ཚིལ་དུམ་རེ་གཟུགས། རྩེ་མོ་བཀས་ལ་མི་ལྤགས་ལ་རྒྱལ་པོའི་གཟུགས་བྲིས་ལ་མགོ་ཐུར་དུ་བསྟན་ཏེ། གླང་མའི་རྩེ་མོ་བཀས་པ་དེའི་བར་དུ་གཟུགས་སོ། །གཞན་ཡང་གཤར་ཐུན་དང་སྐམ་ཐུན་གཉིས་ཀའི་བྱ་ཐབས་ནི་ཡིག་སྣ་བཞིན་དུ་བྱའོ། །དེ་ནས་མར་ངོའི་ཉི་མ་དང་པོ་ནས་བཟུང་སྟེ། ཐུན་གསུམ་མམ་བཞིར་འཇིག་རྟེན་མགོན་པོ་སྐུ་མདོག་ནག་པོའི་རྣལ་འབྱོར་ལ་གནས་ནས་ཉི་མ་གསུམ་དུ་ཀླུའི་གཟུགས་བརྙན་ལ་བསྐོར་ཞིང་རྒྱལ་པོའི་གཟུགས་བརྙན་ལ་བྲབ་ཅིང་ཀླུ་དང་རྒྱལ་པོ་དབྱེ་བའམ། ཉི་མ་གཅིག་གིས་ཀྱང་ལས་འགྲུབ་པར་འགྱུར་རོ། །དེ་ནས་ཀླུའི་རྟེན་ལ་པཱུ་ཛ་བྱས་ལ་ཀླུ་གནས་པའི་མཚེའུ་ལ་སོགས་པར་བསྐྱལ་ལོ། །དེ་ནས་རྒྱལ་པོའི་གཟུགས་ལ་བརྟེན་ཏེ་དྲག་པོའི་སྦྱིན་སྲེག་གིས་ཚར་གཅད་པ་ནི། དང་པོར་རོ་བསྲེགས་པའི་ས་རྡོ་ལས་བྱས་པའི་སྒྱེད་པུ་གསུམ་གཟུགས། དེར་ཚེར་མ་ཅན་གྱི་ཤིང་བརྩིགས་པའི་སྟེང་དུ་སླ་ང་གཟུགས། རང་གི་གཡོན་དུ་མཆོད་པ་རྣམ་ལྔ་བཤམ། གཡས་སུ་གཏོར་མ་བཤམ། མདུན་དུ་སྔར་གྱི་ལིངྒ་རྣམས་དང༌། དུག་ལ་སོགས་པ་གདུག་པ་ཅན་གྱི་རྫས་བཞག དེ་ནས་སྲོད་ཐུན་དང་པོ་ནས་སེངྒེ་སྒྲ་ནག་པོའི་རྣལ་འབྱོར་གསལ་བར་བྱས་པ་ལ་བཟླས་པའང་ཅི་ནུས་བྱ། དེ་ནས་མཚན་ཕྱེད་ཀྱི་དུས་སུ་མེ་སྦར་ལ་སླ་ངར་བསྲེག་གོ །དེ་ནས་བདག་ཉིད་ཀྱི་སྙིང་གའི་ཧྲཱིཿཡིག་ལས་འཇིག་རྟེན་མགོན་པོའི་སྤྲུལ་པ་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ལ། བསྒྲུབ་བྱ་གནོད་བྱེད་རྒྱལ་པོ་དེ་ལ་ལྕགས་ཀྱུས་སྙིང་གར་ཕུག ཞགས་པས་མགྲིན་པ་ནས་བཅིང་བ་ལ་སོགས་པས་བཀུག་ནས་ལིངྒ་ཆེ་ཆུང་རྣམས་ལ་དགུག་གཞུག་བྱ། ངག་ཏུ་ཡང༌། ལྷག་པའི་ལྷ་དང་ཆུ་བདག་གི་སྙིང་པོ་གཉིས་ཀྱི་མཐར་གནོད་བྱེད་རྒྱལ་པོ་ཨཱ་ཀརྵ་ཡ་ཛཿཛཿ ཞེས་བརྗོད་དེ། དེ་ནས་ཡང་སྙིང་པོ་གཉིས་ཀྱི་མཐར། རཱ་ཛ་མཱ་ར་ཡ་ཕཊ། བཏགས་ལ་ལིངྒ་ཆེ་བ་མཚོན་རྣོན་པོས་གཏུབས་ལ་ཐུན་རྫས་དང་བསྲེས་ལ་གཞག་གོ །དེ་ནས་སླ་ངའི་ནང་དུ་བཅོམ་ལྡན་འདས་སྐུ་མདོག་ནག་པོ་སྐད་ཅིག་མས་བསྐྱེད་ལ། དེའི་གཡས་སུ་ནཱ་ག་རཱ་ཛ་ཝ་རུ་ཎ། གཡོན་དུ་ནག་པོ་ཆེན་པོ་པ། ཀུན་ཀྱང་ཞལ་གདངས་པར་བསམས་ལ། དང་པོ་ལས་ཀྱི་ཤམ་བུ་དང་བཅས་པའི་སྔགས་བརྗོད་དེ། གླང་མའི་ལིངྒ་བསྲེག་གོ །དེ་ནས་སྔགས་དེ་ཉིད་ཀྱིས་ཐུན་རྫས་བསྲེག དེ་བཞིན་དུ་སྤེལ་ཞིང་བསྲེག་གོ །སྔགས་ནི་ཡིག་སྣ་ཕྱི་མ་ལས་ཤེས་སོ། །རྫས་རྣམས་ཟད་ཟད་ཀྱི་བར་དུ་བསྲེག་གོ །ཐམས་ཅད་ལ་ཡང་རྒྱལ་པོའི་ཤ་དང་ཁྲག་དང༌། རུས་པ་ལ་སོགས་པ་སླ་ངའི་བཅོམ་ལྡན་འདས་ཀྱིས་གསོལ་བར་བསམ་ཞིང་བསྲེག་གོ །དང་པོ་དང་ཐ་མ་གཉི་གར་མཆོད་པ་ལྔས་མཆོད་ཅིང་བསྟོད་པར་བྱའོ། །མཐར་དམ་ཚིག་ཅན་ལ་གཏོར་མ་བྱིན་ལ་ཐབ་ཀྱི་བཅོམ་ལྡན་འདས་ཀྱང་བདག་ལ་བསྡུ། རང་ཉིད་ཀྱི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། གནས་གསུམ་བསྲུང་བ་ཡང་ཡང་དུ་བྱ་བ་གལ་ཆེ། དེའི་ཉིན་པར་ནས་བཟུང་ནས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོར་བསྒྱུར་བར་བྱས་ལ། ལས་ཀྱི་རྗེས་ཞི་བས་བསྡུ་སྟེ་གདོན་དགྲོལ་བྱ། དེ་མ་གྲུབ་ན་ཀླུའི་གཏོར་མ་མང་དུ་གཏང་ངོ༌། །དེ་ནས་གྲུབ་པ་བརྟན་པའི་ཕྱིར་སྲུང་བའི་འཁོར་ལོ་གདགས་སོ། །རྫོགས་སོ།།  །།ཨོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ། ཨོཾ་ཕུཿཝ་རུ་ཎཱ་ཡ་ནཱ་ག་རཱ་ཛ་ཕུཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱི་ཛྙ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཱ་ན། ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཀླུ་དང་རྒྱལ་པོ་ཕྱེ་བའི་དུས་ཀྱི་ལིངྒ་བྲབ་པའི་སྔགས་སོ། །སྤྱན་རས་གཟིགས་མགོན་སེངྒེ་སྒྲ། །དེ་ཡི་མངོན་རྟོགས་རབ་གསལ་བ། །བསོད་ནམས་རྩེ་མོས་ཕྱེ་འདི་ལས། །དང་པོའི་ལས་ཅན་དགའ་བར་བྱོས། །དགེ་བ་ཅི་ཡོད་འགྲོ་ཀུན་དང༌། །ཐུན་མོང་བྱས་ཏེ་རྒྱལ་བར་བསྔོ། །ཉེས་པ་སྲིད་ན་འཕགས་པ་ཡིས། །བཟོད་པར་མཛོད་ལ་ཐུགས་རྗེས་སྐྱོངས། །བཅོམ་ལྡན་འདས་སེངྒེ་སྒྲའི་མངོན་པར་རྟོགས་པ་ཉེ་བར་གསལ་བ་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་བསོད་ནམས་རྩེ་མོས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བ་འདི་རྫོགས་སོ།།  །།དགེའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*