ཞི་བའི་སྦྱིན་སྲེག

༼ཅ༽

༄༅། །ཞི་བའི་སྦྱིན་སྲེག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་རྣལ་འབྱོར་པས་བསྙེན་པ་རྫོགས་ནས་སྔགས་ཀྱི་ནུས་པ་དབྱུང་བའི་ཕྱིར་རམ་ཡང་སྐབས་འགའ་ཞིག་ཏུ་རང་གི་སྡིག་པ་དང་བར་དུ་གཅོད་པ་ཞི་བར་བྱ་བའི་ཕྱིར། ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས། དུས་ཀྱི་ཁྱད་པར་ཕྱེ་མ་རེད་ཀྱི་དུས་སུ་སྦྱོར་བ་ལ། ཆོས་དྲུག་གི་དང་པོ་ཐབ་ཀྱི་དབང་དུ་བྱས་ན་ཕྱོགས་ཉམས་དགའ་བར་ཐབ་ཁུང་བྱ་སྟེ། དེ་ཡང་ཁུང་བུར་བརྐོ་ན་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་བརྐོ། དེ་ནས་སོར་བཞི་བསྐྱེད་ལ། ཡང་རྒྱ་དང་དཔངས་སུ་སོར་བཞི་ཡོད་པའི་ཁ་ཁྱེར་གྱིས་བསྐོར་ཏེ་ལེགས་པར་བྱས་པ་དཀར་ཞལ་གྱིས་བྱུག ཐབ་ཀྱི་ནང་དུ་པདྨ་འདབ་མ་བརྒྱད་པ་བྱ། དེ་ལ་ལྷ་དགུའི་མཚན་མ་དགོད། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པ་བྱ་སྟེ། དེའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྱའོ། །ཡང་ན་ཐབ་ཁུང་བུར་མི་བརྐོ་ན་ཚད་སྔ་མ་དང་འདྲ་སྟེ། རི་མོ་ཟླུམ་པོར་བསྐོར། སོར་བཞི་བསྐྱེད་པའི་ཟླུམ་པོ་དང༌། སོར་བཞི་དཔངས་སུ་བྱས་པའི་དོད་ཀྱི་ཟླུམ་པོ་སྟེ་གསུམ་གྱིས་བསྐོར། ནང་དུ་པདྨ་འདབ་མ་བརྒྱད་པ་དང༌། རྡོ་རྗེའི་ཕྲེང་བ་ལ་སོགས་པ་སྔ་མ་དང་འདྲའོ། །ཐབ་ཁུང་ངོ༌། །གཉིས་པ་བུད་ཤིང་ནི་གདུག་པ་ཅན་མ་ཡིན་པའི་ཤིང་མ་རུལ་བའམ། དེ་མེད་ན་བ་ལང་གི་ལྕི་བ་ལ་སོགས་པ་སྲོག་ཆགས་མེད་པ་ཐབ་ཁུང་བས་ཅུང་ཟད་དམའ་བར་བརྩིག་པའོ། །བུད་ཤིང་ངོ༌། །གསུམ་པ་སྦར་བའི་མེ་ནི་རྒྱུན་ཞག་གམ་འོ་མ་ཅན་གཙུབས་པ་ལས་བྱུང་བའོ། །བཞི་པ་མཆོད་རྫས་དང༌། ལྔ་པ་བཤམ་ཐབས་ནི། ཕྱོགས་དེ་ལེགས་པར་ཕྱག་དར་བྱས་ལ། བའི་རྣམ་ལྔས་ལེགས་པར་བྱུགས་ཏེ། རང་ཁ་ཤར་དུ་བལྟས་པའི་གཡོན་ཕྱོགས་སུ་མཆོད་ཡོན་གྱི་སྣོད་བཞི་བཀོད་ལ། ཞབས་བསིལ། ཞལ་བསིལ། བསང་ཆུ། མཆོད་ཡོན། དེ་བཞིན་དུ་མེ་ཏོག སྤོས། མར་མེ། དྲི་ཆབ། ལྷ་བཤོས། གཏོར་མ་རྣམས་བཤམ་མོ། །རང་གི་གཡས་ཕྱོགས་སུ་བསྲེག་རྫས་བཞག་སྟེ། དང་པོ་ཡམ་ཤིང་ཞེས་བྱ་བ་ཁྲུ་ཕྱེད་པའི་ཤིང་སྦོམ་ཕྲ་མཐེ་བོང་ཙམ་མམ། མཐེའུ་ཆུང་ཙམ་རྩེ་མོ་གཉིས་མར་དང་སྦྲང་རྩི་ལ་སྦགས་ལ། སྦྲང་མེད་ན་མར་ལ་སྦགས་པ་བརྒྱ་རྩ་བརྒྱད་ཡན་ཆད་ཅི་འབྱོར་པ་གཞག དེའི་རྗེས་ལ་མར། དེ་བཞིན་དུ་འབྲུ་མར་དང༌། ཏིལ་ནག་པོའམ། ཡུངས་ཀར། འབྲས། ཞོ་དང་ཕྱེ་མར་སྦྱར་བ་སྟེ། ཟས་མཆོག སོ་བ། ནས། སྲན་མ། གྲོ། དཱུར་བའི་མྱུ་གུ་དང༌། ཀུ་ཤ་ལ་སོགས་པ་ཅི་འབྱོར་པ་གཞག རང་གི་མདུན་དུ་རྡོ་རྗེ་དང་དྲིལ་བུའི་བར་དུ་དགང་གཟར་དང༌། བླུགས་གཟར་ཁ་སྦྱར་ལ་གཞག ཡང་གནས་ཇི་ལྟར་འཚམ་པར་ཀུ་ཤ་ཡང་གཞག ནང་གི་མཆོད་པ་ཡང་བཤམས་ལ་གཞག་གོ །རྫས་དེ་དག་ཐམས་ཅད་ལ་བདུད་རྩི་ལྔ་བསྲེས་ཏེ་གཞག་པར་བྱའོ། །དྲུག་པ་སྒྲུབ་པ་པོ་ནི་རང་ཉིད་ཁྲུས་བྱས་ཏེ། གོས་དང་རྒྱན་ལ་སོགས་པ་དཀར་པོས་མཛེས་པར་བྱས་ལ། ཞི་བའི་སེམས་དང་ལྡན་པས་སྟན་ནང་ཚངས་ཅན་ལ་སོགས་པ་ལ་ཁ་ཤར་དུ་བལྟས་ཏེ། སྐྱིལ་ཀྲུང་གིས་འདུག་གོ །དེ་དག་ནི་སྦྱོར་བའི་ཆོ་གའོ། །དེ་ནས་དངོས་གཞི་ལ་དྲུག་གི་དང་པོ་བདག་གི་རྣལ་འབྱོར་ནི། རང་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ། བཟླས་པ་ཡང་ཅུང་ཟད་བྱ། མཆོད་པ་ཡང་ཅུང་ཟད་བྱས་ལ་རང་གི་དཀྱིལ་འཁོར་བསྡུའོ། །གཉིས་པ་མེ་སྦར་བ་ནི་ཡམ་ཤིང་རྩེ་མོ་མར་ལ་སྤགས་པ་དེ་མར་མེ་ལ་བསྲེགས་ཏེ། རྩྭ་སྐམ་པོ་གཞན་དང་ཡང་བཅས་ཏེ་ཐབ་ལ་ཟླུམ་པོར་གཡས་ནས་བསྐོར་ཞིང༌། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་བསྐོར་རོ། །ཨོཾ་བཛྲ་ཛྭཱ་ལ་ཛྭཱ་ལ་རཾ། ཞེས་བརྗོད་དེ། ཐབ་ཁུང་གི་ཤིང་གསེབ་ཏུ་བཅུག་སྟེ་རླུང་ཡབ་ཀྱིས་ཅུང་ཟད་སྦར་ལ། ཨོཾ་བཛྲ་ཛྭཱ་ལ་ཛྭཱ་ལའི་སྔགས་ཟློས་ཤིང༌། བླུགས་གཟར་གྱིས་ཀྱང་ལན་གསུམ་གྱི་བར་དུ་བླུགས་ལ་མེ་གསོའོ། །དེ་ནས་ཨོཾ་བཛྲ་སཏྭ་ཨ། ཞེས་བརྗོད་ལ་ཐབ་ཀྱི་ཉེ་འཁོར་ཀུན་ཏུ་ཀུ་ཤ་རློན་པའམ་མེད་ན་སྐམ་པོས་ཀྱང་རུང་སྟེ་རྩེ་མོ་ཤར་རམ་གཡས་སྐོར་དུ་བསྟན་པས་གཡོགས་ལ་བསང་ཆུས་ཐམས་ཅད་དུ་བསང་ངོ༌། །ཀུ་ཤ་འབུལ་བ་འདི་ནི་མེ་ལྷ་ལ་བྱོན་ཟན་མ་ཕུལ་བའི་གོང་དུ་འབུལ་བར་བཤད་པ་དེ་ལྟར་བྱའོ། །གསུམ་པ་ཐབ་དང་ཡོ་བྱད་བསང་བ་ནི་ཕྱག་གཉིས་པའི་ང་རྒྱལ་གྱིས་ལངས་ལ། ཀུ་ཤའི་ཆུན་པོ་དང་རྡོ་རྗེས་བསང་ཆུ་ནས་བླངས་ལ་བདུད་རྩི་འཁྱིལ་པའི་སྔགས་བརྗོད་པའམ། ཡང་ན་ཧཱུྃ་རིང་པོ་འབའ་ཞིག་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་བསང་ཞིང་བགེགས་བསལ་བར་བྱའོ། །གཞན་ཡང་ཨོཾ་ཤྲཱིཾ་སྭཱ་ཧཱ། མར་གྱིའོ། །ཨོཾ་ཛྲཱིཾ་སྭཱ་ཧཱ། འབྲུའི་འོ། །ཨོཾ་སྭ་སྭཱ་ཧཱ། རྫས་བཀྲུ་བའོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཐམས་ཅད་སྦྱང་བའོ། །བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། སྭ་བྷཱ་ཝའམ་ཧཱུྃ་ཞེས་བརྗོད་པས་ཐབ་ཁུང་མི་དམིགས་པར་བསམས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་ཐབ་ཁུང་དཀར་པོ་ཟླུམ་པོ་དྭངས་ཤིང་ཐོགས་པ་མེད་པ། ཤིན་ཏུ་ཡངས་པ་བྲིས་པ་དང་གཉིས་སུ་མེད་པར་བསྐྱེད་པར་བྱའོ། །དེ་བཞིན་དུ་མཆོད་པ་རྣམས་ཀྱང་བསང་ཞིང་སྦྱངས་ལ་བྱིན་གྱིས་བརླབ་བོ། །ལྔ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི་མེའི་གསེབ་ཏུ། པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། མེ་ལྷ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས། གཡས་ཕྲེང་བ་དང༌། གཡོན་སྤྱི་བླུགས་འཛིན་པའམ། ཡང་ན་ཕྱག་བཞི་པ་གཡས་པས་མཆོག་སྦྱིན་དང་ཕྲེང་བ། གཡོན་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་པའོ། །ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་ཁ་དོག་ལས་སོ་སོར་དང་མཐུན་པར་བསྐྱེད། ཁ་དོག་དཀར་པོའམ་དམར་པོ་གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྲེང་བ་དྲང་སོང་གི་ཚོགས་ཀྱིས་བསྐོར་བ་བསྐྱེད་ལ། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཤར་ལྷོ་ནས་ཡེ་ཤེས་པ་ཅིག་སྤྱན་དྲངས་ཏེ། གཡས་པའི་མཐེ་བོང་གུང་མོའི་རྩར་སྦྱར། མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་ལ། གཡོན་པའང་ཚུལ་དེ་བཞིན་དུ་བྱ་བ་ནི་དབྱུག་གུའི་ཕྱག་རྒྱ་སྟེ། དེས་རྣ་བའི་དྲུང་ནས་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་འབྱུང་པོ་ཆེ། །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྷ་ཡེ། མ་ཧཱ་ཏེ་ཛ། སརྦ་ཀརྨ། པྲ་སཱ་ད་ཀ མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི། དྭི་ཛ་ས་ཏ་མ། གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏིཾ་ཨ་ཧཱ་ར། ཨསྨིན་སནྣི། ཧི་ཏོ་བྷ་ཝ། ཞེས་བརྗོད་པས་སྤྱན་དྲངས་ལ་ཐབ་ཀྱི་ཤར་སྒོར་བཞུགས་པར་བསམ། དེ་ལ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་ལ་མེ་ཏོག་དབུལ། དེ་པདྨའི་གདན་ལ་བཞུགས་པར་བསམ། དེ་ལ་ཨོཾ་ནི་རི་ཧཱུྃ་ཁཾ། ཞེས་ཞབས་བསིལ་དབུལ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་གིས་ཞབས་བསིལ་དང་སྐུ་ཐམས་ཅད་ལ་བསང་གཏོར་བྱ། ཛཿཧཱུྃ་བྃ་ཧོཿཁཾ་རཾ་ཞེས་པས་མཆོད་ཡོན་ཕྱག་ཏུ་དབུལ། དམ་ཚིག་བརྟན་པར་བྱ་སྟེ། ལག་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱའམ། ཡང་ན་རྡོ་རྗེ་དང་བཅས་པས་སྤོས་བཟུང་སྟེ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷུ་ཏ་ཛྭཱ་ལ་བྷསྨ་ཀུ་རུ། སརྦ་དུཥྚཱ་ན་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ་ཞེས་བརྗོད་ལ། གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་བཞིས་ཀྱང་དགུག་གཞུག་བཅིང་དབང་དུ་བྱ་བའོ། །ཡང་ན་བཞི་པོ་དེའི་ཕྱག་རྒྱ་དང་སྔགས་སོ་སོར་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྒྲུབ་ཐབས་བཞིན་བྱ། རང་གི་ས་བོན་གྱི་འོད་ཀྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ། དབང་བསྐུར་བར་གསོལ་བ་གདབ། དབང་བསྐུར་ནས་ཆུའི་ལྷག་མ་ཡར་ལུད་པ་ལས། རྣམ་སྣང་གིས་དབུར་བརྒྱན་པར་བསམ། ཡང་དེ་ལ་མཆོད་ཅིང་བསྟོད་དེ་བསྲེག་རྫས་དབུལ་བར་བྱའོ། །ཞལ་ལས་འོངས་པ་ཅུང་ཟད་བརྗོད་ན། བློ་ཁོབས་ཆུང་བས་སྔར་མེ་སྦར་བའི་སྐབས་སུ་ཏིང་ངེ་འཛིན་གྱིས་སྦར་ལ། མཆོད་བསྟོད་ཡན་ཆད་ཚར་ནས་དངོས་སུ་མེ་སྦར་ལ་བྱོན་ཟན་དབུལ་བ་ནས་བརྩམས་ཏེ་ཆོ་གས་ཐམས་ཅད་དབུལ་བར་བྱའོ། །དེ་ནས་མེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམས་ལ། དེའི་ལྕེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྃ། དགང་བླུགས་ཀྱི་གཟར་བུའི་ཁ་ལ་ཡང་རྃ་བསམ་སྟེ། གཟར་བུ་དང་གཉིས་སླར་བླངས་ལ། རིག་བྱེད་འདོན་པ་ལྟར་ཙོག་པུར་འདུག་སྟེ། པུས་མོ་གཉིས་ཀྱི་བར་དུ་གྲུ་མོ་ཚུད་པར་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བླུགས་གཟར་ལྔའམ་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དི་པྱཱ་དེ་པྱ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་དགང་བླུགས་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུའི་དགང་བླུགས་ལན་གསུམ་དབུལ་ལོ། །དེ་ནས་བར་དེར་མེ་ལྟས་བརྟག་སྟེ། རྒྱས་པར་ནི་སཾ་པུ་ཊ་ལས་འབྱུང་བ་བཞིན། རྟོགས་སླ་བའི་ཕྱིར་ཚིགས་སུ་བཅད་དེ་བརྗོད་ན། གདུགས་དང་རྒྱལ་མཚན་རྡོ་རྗེ་དང༌། །བུམ་པ་པདྨ་ལྕགས་ཀྱུ་དང༌། །སྐུ་གསུམ་པ་དང་གཡས་སུ་འཁྱིལ། །རྩེ་གསུམ་པ་སྟེ་དབྱིབས་མཆོག་ཡིན། །རྩེ་གཉིས་རྩེ་གཅིག་འབྲིང་དང་ཐ། །སྣུམ་དང་གཙང་དང་དབང་པོའི་གཞུ། །སྔོན་དམར་དང་ནི་སེར་དང་དཀར། །བཻ་ཌཱུརྻ་རྣམས་མདོག་བཟང་ཡིན། །ངང་པའི་སྒྲ་དང་བུང་བའི་སྒྲ། །ཟབ་ཅིང་སྙན་པའི་སྒྲ་ནི་བཟང༌། །མདོར་ན་ཡིད་དུ་འོང་བའི་སྒྲ། །དབྱིབས་མདོག་དྲི་དང་སྒྲ་རྣམས་བཟང༌། །མེ་སྟག་འཕྲོ་དང་དུ་བ་ཆེ། །རིམ་གྱིས་འབར་ཞིང་མེ་ལྕེ་ཆད། །མྱུར་དུ་འབར་ཞིང་གཟི་བརྗེད་ཆུང༌། །ཚ་ཞིང་དམར་ནག་དྲག་ཏུ་འབར། །རྩེ་གསུམ་ཞིབ་མ་འདྲ་བ་དང༌། །བ་ལང་མདོག་འདྲ་དྲི་མི་ཞིམ། །མདོར་ན་ཡིད་དུ་མི་འོང་བ། །མཚན་ངན་རྣམས་ཀྱང་བརྟག་པར་བྱ། །ཞི་ལ་དཀར་དང་རྒྱས་ལ་སེར། །དབང་ལ་དམར་པོ་དྲག་ལ་ནག འདི་དག་རང་རང་རྟགས་སུ་བཟུང༌། །འཇམ་པོ་གསུམ་ལ་འཇམ་པའོ། །རྟགས་རྣམས་ཤིས་པར་བཤད་པ་སྟེ། །ཐ་མའི་ལས་ལ་ངན་པར་བསྔགས། །རང་རང་རྟགས་དང་མི་མཐུན་ན། །བགེགས་དང་བཅས་པར་ཤེས་བྱ་སྟེ། །བདུད་རྩི་འཁྱིལ་པ་ལ་སོགས་པའི། །ཁྲོ་བོས་བགེགས་རྣམས་ཞི་བར་བྱ། །དེ་དག་མདོར་བསྡུ་ན། ཁ་དོག་དཀར་ཞིང་སྣུམ་པ་དང༌། སྒྲ་ཅུང་ཟད་དང་བཅས་པ། དུ་བ་ཆུང་བ་ན་ཞི་བའི་ལས་ལ་དགེའོ། །དུ་བ་ཆ་བ་དང་མེ་སྟག་རབ་ཏུ་འཕྲོ་བ་ནི་བགེགས་དང་བཅས་པ་ཡིན་པས་ཧཱུྃ་ཞེས་བརྗོད་དེ། བསང་ཆུས་ཕྱོགས་ཀུན་ཏུ་གཏོར་ཏེ་བགེགས་ཞི་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ལ་བསྲེག་རྫས་རྣམས་དབུལ་བར་བྱ་སྟེ། དང་པོ་ཡམ་ཤིང༌། དེ་ནས་མར། ཏིལ། འབྲས། ཟས་མཆོག སོ་བ། སྲན་མ། གྲོ། དཱུར་བ། ཀུ་ཤ གཞན་ཡང་ཡམ་ཤིང༌། ཨུ་དུམྦཱ་ར་ལ་སོགས་པ་དང༌། གཞུང་གཞན་ནས་བཤད་པའི་སེམས་ཅན་མེད་པ། ཤུག་པའམ། ལྕང་མའི་རྩ་བ་ལ་སོགས་པ་བྱང་ཆུབ་ཀྱི་ཤིང་དུ་མོས་པ་བྱ་སྟེ། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དབུལ་ལོ། །མར་གྱི་སྔགས་ནི་སྔར་བསྟན་པ་ཉིད་དོ། །ཏིལ་གྱི་སྔགས་རྡོ་རྗེ་མཁའ་འགྲོ་ལས་འབྱུང་བ་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། རྡོ་རྗེ་གུར་ལས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། ཞེས་པས་ཏིལ་གྱིའོ། །ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། ཞེས་པ་འབྲས་མ་ཆག་པའི་འོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟས་མཆོག་གིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བའི་འོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུའི་འོ། །ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའི་འོ། །དེ་ལྟར་ཞུ་བའི་རྫས་རྣམས་ནི་གཟར་བུས་བླངས་ཏེ་ཞལ་དུ་ཕུལ་བར་བསམ་མོ། །ཁྱད་པར་དུ་ཞོ་འབུལ་ན་གཟར་བུས་བླངས་ཏེ་དགང་གཟར་གྱི་སྟེང་དུ་བཞག་ལ་འབུལ། གོང་བུའི་རྫས་རྣམས་ནི་ལག་པ་གཡོན་པས་བཟུང་ལ་གཡས་པས་བླངས་ཏེ་ཕྱག་ཏུ་ཕུལ་བར་བསམ། བསྲེག་རྫས་དེ་རེ་རེ་ལ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་འབུལ་བ་ཡིན་ཏེ། དེ་རེ་རེ་ལ་རྫོགས་པ་དང༌། ཆེ་གེ་མོའམ། གང་གི་དོན་དུ་བྱ་བའི་སྡིག་པ་དང་སྒྲིབ་པ་ལ་སོགས་པའི་མིང་ནས་ཕྱུང་སྟེ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་བཏགས་ཏེ། དཔེར་ན་ནས་འབུལ་བའི་དུས་སུ་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཞེས་བདུན་གྱིས་ཕུལ་ལ། ཨོཾ་མ་ཧཱ་བེ་གཱ་ཡ་ཆེ་གེ་མོའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེས་འགྲེའོ། །དེ་ལྟར་མེ་ལྷ་ལ་བསྲེག་རྫས་བདུན་ནམ། ཉི་ཤུ་རྩ་རེས་ཕུལ་ལ། ཨོཾ་ཨགྣ་ཡེ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པས་མེ་ཏོག་དབུལ་ལོ། །དེ་བཞིན་དུ་རོལ་མོའི་བར་དུ་ཕུལ་ལ། ནང་བདུད་རྩི་དང་ལྷ་མོ་བརྒྱད་ཀྱིས་མཆོད་ལ། བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ལ་བསང་གཏོར་དང་ཞབས་བསིལ་ཕུལ་ཏེ། ཨོཾ་བཛྲ་ཛྭཱ་ལ་རཾ། ཞེས་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། ཡང་ན་མེ་ལྷའི་ལྟོ་བ་ཤིན་ཏུ་ཡངས་པ་དངས་ཤིང་ཐོགས་པ་མེད་པར་བསམས་ཏེ། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དྲུག་པ་འདས་པའི་མེ་ལྷ་མཆོད་པ་ནི་ཐབ་ཀྱི་དབུས་སམ། མེ་ལྷའི་ཐུགས་ཀར་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྲུང་བའི་འཁོར་ལོ་ཇི་ལྟ་བ་བཞིན་བསྐྱེད། གཞལ་ཡས་ཁང་བསྐྱེད་པའམ། ཡང་ན་གཞལ་ཡས་ཁང་མ་བསྐྱེད་ཀྱང་ཆོག་གསུང༌། དེའི་ནང་དུ་ལྷ་རྣམས་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པའམ། རྡོ་རྗེ་ཆོ་ག་ཡན་ལག་གསུམ་མམ། ཡང་ན་སྒྲུབ་པའི་མཎྜལ་གྱི་སྐབས་བཞིན་སྙིང་པོ་ཚིག་ཙམ་གྱིས་ལྷ་དགུ་བསྐྱེད་དེ། དེ་ལ་ཡེ་ཤེས་པ་དགུག་པ་ནི། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་དོན་སླད་དུ། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་ཨཱརྩ་མ་ན། ཨརྒྷཾ་པཱ་དྱཾ་པྲ་ཏཱིཙྪ་པཱུ་ཛ་ནོ་ཏ་པ་ཙརྻ་པྲ་སིདྡྷི་མེ། ཞེས་བྱ་བས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཏེ་རྒྱས་གདབ་པའི་བར་དུ། སྔར་སྒྲུབ་ཐབས་ཀྱི་སྐབས་ལྟར་བྱའོ། །དབང་བསྐུར་གྱི་དཀྱིལ་འཁོར་ཡོད་པའམ། རབ་གནས་ཀྱི་དཀྱིལ་འཁོར་ལྟ་བུ་ལ་སྦྱིན་སྲེག་འབུལ་ན་སྐྱེད་པའི་ཆོ་ག་མི་དགོས་ཏེ། ཐབ་ཀྱི་དབུས་སུ་མེ་ཏོག་དགུ་ཕུལ་ཏེ་ལྷར་བསམ་པས་ཆོག་གོ །དེ་ནས་ཐབ་དང་ཡོ་བྱད་ལ་ཧཱུྃ་བཟླས་ཤིང་དྲི་ཞིམ་པོའི་ཆུས་གཏོར་ཏེ་བསངས་ལ། མི་གཙང་བ་དང་ཉེས་པ་ཐམས་ཅད་དག་པར་བསམ་ཞིང་བགེགས་ཐམས་ཅད་བྲལ་བར་བསམ་མོ། །དེ་ནས་ལྷ་རྣམས་ཀྱི་ཞལ་ཅུང་ཟད་གདངས་པར་བསམས་ཏེ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བཅུས་ནས། དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དི་པྱཱ་ཨཱ་དི་པྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ། ཆེ་གེ་མོ་ཞེས་བྱ་བའི་སྡིག་པ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ། གཟར་བུ་ཁ་སྦྱར་ལ་དབུས་སུ་འབུལ་ཏེ། ལྷ་ཐམས་ཅད་ཀྱི་ཞལ་དུ་ཕུལ་བར་བསམས་ཏེ། དེ་ལྟ་བུའི་དགང་བླུགས་གསུམ་མམ་བདུན་ཕུལ་ལ་ཕྱི་ནང་གི་མཆོད་པ་དང༌། བསྟོད་པའི་མཆོད་པའི་བར་དུ་ཐུན་མཚམས་ཀྱི་བྱ་བ་ལྟར་དབུལ་ལོ། །དེ་ནས་ཡམ་ཤིང་ནས་བརྩམས་ཏེ་བསྲེག་རྫས་རྣམས་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་ལ་སོགས་པ་དབུལ་སྒྲུབ་གཡོག་པ་གཅིག་གིས་གྲངས་གཅིག་ཅེས་པ་ལ་སོགས་པས་འཛིན་དུ་བཅུག་ལ། སྔར་བཤད་པའི་སྔགས་ཀྱིས་དབུལ་ཏེ། དེ་ཡང་གྲངས་བདུན་བདུན་གྱི་མཇུག་ཏུ་ཨོཾ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མཐའ་རྟེན་སྤེལ་ཞིང་དབུལ། དེ་ལ་ཡམ་ཤིང་ནི་འོད་འབར་བ་ལ་དབུལ། ཞུ་བའི་རྫས་རྣམས་ནི་ལྷ་རྣམས་ཀྱི་ཞལ་དུ་སིབ་སིབ་གསོལ་བར་བསམ་ཞིང་དབུལ། གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཞུ་བའི་རྫས་རྣམས་གཟར་བུས་དབུལ། གོང་བུའི་རྫས་རྣམས་རང་གི་ལག་པ་གཡོན་པས་བཟུང་སྟེ། གཡས་པའི་མཐེ་བོང་དང་སྲིན་ལག་གིས་བླངས་ཏེ་འོག་ནས་བསྐོར་ཞིང་དབུལ། ཡང་སྐབས་སུ་མར་གྱི་དགང་བླུགས་གསུམ་གསུམ་ཙམ་དབུལ། དགང་བླུགས་ཀྱིས་མི་དབུལ་བའི་དུས་སུ་དགང་བླུགས་རྡོ་རྗེ་དང་དྲིལ་བུའི་བར་དུ་ཁ་སྦྱར་ལ་གཞག་གོ །སོ་སོར་བཞག་ན་བར་ཆད་ཀྱི་རྒྱུ་ཡིན་གསུང་ངོ༌། །བསྲེག་རྫས་རྫོགས་པ་དང༌། ཡང་མར་གྱི་དགང་བླུགས་གསུམ་དབུལ། ཕྱི་ནང་གི་མཆོད་པ་རྒྱས་པས་མཆོད་ལ་བསྟོད་པ་བྱ། གཏོར་མ་བཏང་ལ་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང༌། །དེ་དག་མགོན་པོས་བཟོད་པར་མཛོད། །བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་ཀྱི་སྒྲིབ་པ་དང་ལྡན་པའི་དབང་གིས། ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང་རྒོད་པའི་དབང་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་རྗེས་སུ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུའོ། །དེ་དག་ནི་དངོས་གཞིའི་ཆོ་གའོ། །དེ་ནས་མཇུག་གི་ཆོ་ག་ནི། བྱ་བ་དྲུག་གི་དང་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་ཁུང་དུ་མེ་ལྷ་གསལ་བཏབ་ལ། བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་ཉེར་གཅིག་ལ་སོགས་པ་ཅི་ཙམ་འབྱོར་པ་གོང་གི་མེ་ལྷ་མཆོད་པ་ལྟར་འབུལ་ལོ། །མཐར་མར་གྱི་དགང་བླུགས་ལན་གསུམ་དུ་བཀང་བའི་སྦྱིན་སྲེག་ཏུ་དབུལ། དེ་ཡང་ཡོན་བདག་ལ་སོགས་པ་གཞན་གྱི་དོན་དུ་བྱེད་ན། དེའི་ལག་པ་གཡས་པའི་མཐེ་བོང༌། བདག་གི་གཡོན་པས་དགང་བླུགས་དང་བཅས་པས་བཟུང་ལ། ཡོན་བདག་ཆེ་གེ་མོ་ཞེས་བྱ་བའི་ནད་དང༌། གདོན་དང༌། བཀྲ་མི་ཤིས་པ་དང༌། བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ་གང་བའི་སྦྱིན་སྲེག་གསུམ་དབུལ་ལོ། །རང་གི་དོན་དུ་བྱེད་ནའང་སྤེལ་ཚིག་དེ་བཞིན་དུ་བརྗོད་དེ་དབུལ་བར་བྱའོ། །གཉིས་པ་མེ་ལྷ་འཁོར་དང་བཅས་པ་ལ། དཀར་གཏོར་གཅིག་ཨ་ཀཱ་རོས་བྱིན་ཏེ། མེ་ལྷ་ཇི་ལྟར་འབྱོར་པས་མཆོད་ལ་བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་ཅན། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དེ། གསུམ་པ་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ། བཞི་པ་གཤེགས་སུ་གསོལ་བ་ནི། དེ་ལ་བསང་གཏོར་དང་འཐོར་འཐུང་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱིས་གཤེགས། །དེ་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཞེས་པ་དང༌། ཨོཾ་ཨགྣ་ཡེ་གཙྪ། ཞེས་བརྗོད་དེ། སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་དང་ལག་པ་ཕྱིར་བསྐྱེད་དེ། མེ་ལྷ་སྤྱན་དྲངས་པ་གཤེགས་སུ་གསོལ་ལོ། །དམ་ཚིག་པ་བདག་ལ་བསྡུའོ། །ལྔ་པ་ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་ཅི་ནུས་པ་བཟླའོ། །དྲུག་པ་ལས་ཀྱི་རྗེས་ནི་དངོས་གྲུབ་འདོད་པ་ཡིན་ན་ཐལ་བ་དེ་མེ་མ་ཤིའི་བར་དུ་མི་བསྒུལ། མེ་ཤི་ཡང་གཞན་ལ་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ཏེ་དབེན་པར་བསྐྱལ་ལོ། །དངོས་གྲུབ་མི་བསྒྲུབ་ན་འཕྲལ་ལ་ཕྱགས་ལ་གནས་དབེན་པར་གཞག ཐབ་དང་ཉེ་འཁོར་ཐམས་ཅད་བའི་ལྕི་བ་དང་དྲི་བཟང་པོའི་ཆུས་བྱུག་པར་བྱའོ། །རྗེས་ཀྱི་བྱ་བའོ། །ཆོ་ག་འདི་ནི་དཔལ་ཀྱེའི་རྡོ་རྗེའི་བརྟག་པ་ཕྱི་མའི་རབ་གནས་ཀྱི་རྗེས་ལ་སྦྱིན་སྲེག་གསུངས་པའི་དོན། ཞི་བའི་སྦྱིན་སྲེག་གི་ལག་ལེན་ཙམ་བྲིས་པ་ཡིན་གྱི། རྒྱས་པ་ལ་སོགས་པ་གཞན་ནི་འོག་ཏུ་མདོར་བསྡུས་ཏེ་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། །ཆོ་ག་འདི་ནི་སྔགས་ཀྱི་ལྷག་ཆད་ཁ་བསྐང་བ་དང༌། སྔར་མ་གྲུབ་པ་འགྲུབ་པར་བྱེད་པ་དང༌། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པར་བྱེད་པ་ཡིན་པས་རྣལ་འབྱོར་པས་དུས་དང་གནས་སྐབས་ཐམས་ཅད་དུ་ཡང་བརྩོན་པར་བྱའོ། །ཞི་བའི་སྦྱིན་སྲེག་གི་ཁ་ལྟ་ཕྱོགས་ཀྱིས་ལས་ཐམས་ཅད་འགྲུབ་སྟེ། རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ལས་བསྒྲུབ་པ་ཡི་སྦྱིན་སྲེག་སྟེ། །ཚད་དང་དབྱིབས་དང་ཁ་དོག་དང༌། །ཞི་བ་དང་མཐུན་ཤར་དུ་བལྟ། །ཞེས་གསུངས་སོ། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡོད་པ། །ཐམས་ཅད་སྦྱིན་སྲེག་དག་གིས་བསྐང༌། །དེ་ཕྱིར་རྡོ་རྗེ་མཁའ་འགྲོ་ཡིས། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། །ཅེས་གསུངས་སོ། །ཞི་བ་འབའ་ཞིག་གི་ཆོ་ག་ཞིབ་ཏུ་བསྟན་ཅིང་རྣམ་གཞག་མདོར་བསྡུས་པ། རྡོ་རྗེ་འཛིན་པ་བསོད་ནམས་རྩེ་མོས་སྦྱར་བ་འདི་ཡོངས་སུ་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*