བཟང་པོ་ཡོངས་བཟུང་གི་རབ་གནས་ཀྱི་ཊཱི་ཀ

༼ག༽

༄༅། །བཟང་པོ་ཡོངས་བཟུང་གི་རབ་གནས་ཀྱི་ཊཱི་ཀ་བཞུགས་སོ།།

༄༅། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་སྒྲུབ་ཐབས་ལེགས་པར་བསྡུ་བའི་ལུགས་ཀྱིས་སྐུ་གཟུགས་ལ་སོགས་རབ་ཏུ་གནས་པ་བྱེད་པར་འདོད་ན། བཟང་པོ་དྲུག་ཏུ་ཤེས་པར་བྱ་སྟེ། རྟེན་དང་སློབ་དཔོན་གནས་དང་དུས། །ཡོ་བྱད་ཆོ་ག་བཟང་པོའོ། །ཡོ་བྱད་རྣམ་པ་གསུམ་ཡིན་ཏེ། །ཆོ་ག་དཀྱིལ་འཁོར་ཆོ་ག་བཞིན། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་གཞུང་དུ་རབ་ཏུ་གནས་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་དཀྱིལ་འཁོར་དང་རྗེས་སུ་འབྲེལ་བ་ཉིད་དུ་མཚམས་སྦྱར་བ་བསྟན་ཏོ། །སྐྱེ་བཟང་ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་སློབ་དཔོན་བཟང་པོ་བསྟན་ཏོ། །ལེགས་འཐས་ཞེས་བྱ་བ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་གནས་བཟང་པོ་བསྟན་ཏེ། གནས་ཀྱི་མཚན་ཉིད་ནི་བསྡུ་ན། ཤིས་པ་དང༌། ཉམས་དགའ་བར་བྱས་པ་དང༌། སྟེགས་བུ་དང་དཀྱིལ་འཁོར་ལ་སོགས་པ་ཡངས་པར་ཤོང་བའོ། །གཟའ་དང་སྐར་མ་བཟང་སོགས་ལ། །ཞེས་བྱ་བ་ལ་སོགས་པས་ནི་དུས་བཟང་པོ་བསྟན་ཏེ། སྔར་ཟླ་བ་དྲུག་དང་གཟའ་བཞི་དང༌། ཞེས་བྱ་བ་ལ་སོགས་པས་བསྟན་པ་རྣམས་ཏེ། མདོར་ན་རབ་ཏུ་གནས་པ་ཞེས་བྱ་བ་ནི། དོན་དམ་པར་རབ་ཏུ་གནས་པར་བྱར་མེད་ཀྱང༌། འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲངས་ཏེ་བྱ་བ་ཡིན་པས་འཇིག་རྟེན་ན་ཤིས་པའི་དུས་སུ་བྱའོ། །ཞེས་བྱ་བར་དགོངས་སོ། །སློབ་དཔོན་ཚུལ་བཞིན་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཆ་ལུགས་སྟོན་ཏེ། འདིའི་ཤུགས་ལས་ཡོ་བྱད་བཟང་པོའང་ཤེས་པར་བྱའོ། །དེ་ལ་ཡོ་བྱད་གསུམ་སྟེ། སྦྱིན་སྲེག་དང་འབྲེལ་པའི་ཡོ་བྱད་དང༌། དཀྱིལ་འཁོར་དང་འབྲེལ་བའི་ཡོ་བྱད་དང༌། རབ་ཏུ་གནས་པའི་ཁྱད་པར་གྱི་ཡོ་བྱད་དོ། །སྔ་མ་གཉིས་ནི་གཞན་དུ་ཤེས་པར་བྱ། གསུམ་པ་ནི་བཞི་སྟེ། གཏོར་མ་དང་ཡུངས་ཀར་དང་བདུག་པ་ལ་སོགས་པ་ཤེས་པར་བྱེད་པ་དང་འབྲེལ་པའི་ཡོ་བྱད་དང༌། བའི་རྣམ་ལྔ་དང་དྲི་ཞིམ་པོ་དང་ཤུན་ལྤགས་ལྔ་དང་ཆུ་གཙང་མ་ལ་སོགས་པ་ཁྲུས་དང་འབྲེལ་པའི་ཡོ་བྱད་དང༌། སྤྱན་དབྱེ་བ་དངོས་ཀྱི་ཡོ་བྱད་དང༌། མེ་ཏོག་དང་སྤོས་དང་རྡོ་རིངས་ལ་སོགས་མངའ་དབུལ་བའི་ཡོ་བྱད་དེ། མདོར་ན་འོག་ཏུ་དགོས་པ་ཐམས་ཅད་ཉེ་བར་འཚོག་ཆས་བྱེད་པའོ། །སྐུ་གཟུགས་རས་བྲིས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་ནི་རྟེན་བཟང་པོ་སྟེ། མདོར་ན་སྐུ་གཟུགས་ཡིན་ན་སྤྱན་དབྱེ་བ་ལ་སོགས་པ་དང༌། གླེགས་བམ་ཡིན་ན་དྲས་ལ་སོགས་པའི་བྱ་བ་མ་ལུས་པ་ཡོངས་སུ་རྫོགས་པ་དང་མཛེས་པའི་རྒྱན་རབ་ཏུ་འཚམ་པར་བྱ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ལྷག་པའི་ལྷ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པས་ཆོ་ག་བཟང་པོ་སྟོན་ཏོ། །དེ་ལ་སྤྱིར་ཆོ་གའི་དབྱེ་བ་བསྡུས་པ་དང་རྒྱས་པ་བསམ་གྱིས་མི་ཁྱབ་པ་ཞིག་གནས་ཏེ། རབ་ཏུ་གནས་པའམ། མངའ་དབུལ་བ། སྤྱན་དབྱེ་བ་ཞེས་བྱ་བའི་ཆོ་ག་དངོས་གཞི་ནི་འདི་ཡིན་ཏེ། སློབ་དཔོན་བསྙེན་པ་རྫོགས་པས་གཏོར་མ་བཏང་བ་ལ་སོགས་པས་བར་ཆད་ཐམས་ཅད་བསལ་ལ། སྐུ་གཟུགས་ལ་ཁྲུས་བྱས་ཏེ། དེ་སྟོང་པར་སྦྱངས་པ་དང་ཟླ་བ་རྡོ་རྗེ་ལ་སོགས་པའི་རིམ་གྱིས་ཡན་ལག་བཞི་རྫོགས་པར་བྱིན་གྱིས་བརླབས་ལ་སྤྱན་ཕྱེ་སྟེ། ཇི་ལྟར་འབྱོར་པའི་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་པ་དང་བསྟོད་པ་ལ་སོགས་པས་མངའ་ཕུལ་ལ། རྟེན་གྱི་རྣམ་པ་བརྟན་པར་བཞུགས་ལ། ཆོས་སྐྱོང་བའི་སྲུང་མ་བསྒོ་ཞིང་བར་ཆད་བསལ་ནས། ལྷག་ཆད་ཁ་བསྐངས་ཏེ་སྨོན་ལམ་གདབ་པ་ཞེས་བྱ་བ་འདིས་མཐའ་དག་བསྡུས་ཏེ། འདི་ལ་ཆོ་གའི་དབྱེ་བ་རྒྱས་པ་དང་བསྡུས་པ་དང་རང་རང་གི་བློས་ཕྱེ་ཞིང་ཤེས་པར་བྱའོ། །འདིར་དཀྱིལ་འཁོར་དང་སྦྱིན་སྲེག་དང་རྗེས་སུ་འབྲེལ་པ་རབ་ཏུ་གནས་པ་རྒྱས་པའི་ཆོ་ག་ནི། དང་པོ་སློབ་དཔོན་ལ་གསོལ་བ་གདབ་པ་ནས་བརྩམས་ཏེ། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་ག་ཡན་ཆད་སློབ་མ་སྨིན་པར་བྱ་བའི་ཆོ་ག་དང་ཁྱད་པར་མེད་པ་ཡིན་ཏེ། དང་པོ་གསོལ་བ་གདབ་པའི་སྐབས་ནས། ཞི་དང་རྒྱས་དང་རབ་གནས་སོགས། །འདོད་པའི་དོན་ནི་བྱེད་ནུས་པའི། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འོན་ཀྱང་སློབ་མ་སྨིན་པར་བྱེད་ན་ཁྱད་པར་གཏན་མེད་ལ། མི་བྱེད་ན་སློབ་མ་སྟ་གོན་གྱི་ཆོ་ག་བོར་བའོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །དེ་ལ་རབ་ཏུ་གནས་པའི་ཡོ་བྱད་དང་རྟེན་ལ་སོགས་པ་སྔར་འཚོག་ཆས་ལེགས་པར་བྱས་ཏེ། དཀྱིལ་འཁོར་བསྒྲུབ་མཆོད་བྱས་ནས་རབ་ཏུ་གནས་པའི་ལྷ་དང་བུམ་པ་སྟ་གོན་ལ་གནས་པར་བྱས་ལ། ཕྱིད་ཉིན་དངོས་གཞི་དང་སྦྱིན་སྲེག་བྱས་ལ། དེའི་ནུབ་མོ་འཇུག་ཅིང་དབང་བསྐུར་བ་བྱའོ་ཞེས་བྱ་བ་འདིས་ནི་སྤྱིར་གྱི་དུས་རྣམ་པར་གཞག་པའོ། །དེ་ལ་རབ་ཏུ་གནས་པའི་ཆོ་ག་ནི། དང་པོར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་འདི་ཡིན་ཏེ། སློབ་དཔོན་སྣ་ཚོགས་རྒྱན་གྱིས་བརྒྱན་པས་ལྷའི་རྣལ་འབྱོར་ལ་གནས་ཏེ། རབ་ཏུ་གནས་པར་བྱ་བར་འོས་པ་མདུན་དུ་བྱས་ནས། བདག་ཉིད་སྲུང་བའི་ཆོ་ག་ཐམས་ཅད་ཀྱིས་བསྲུང་བ་བྱས་ལ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྔགས་པས་གཏོར་མའི་ཆོ་ག་ཇི་ལྟ་བས་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ལ་གཏོར་མ་བྱིན་ཏེ། བར་ཆད་མི་འབྱུང་བར་སྲུང་བ་བཅོལ་བར་བྱའོ། །འདི་ནི་སྔོན་དུ་འགྲོ་བའོ། །དངོས་གཞི་ལ་བཅུ་གཉིས་ཏེ། ཁྲུས་བྱ་བ་དང༌། རྟེན་སྦྱང་བའི་ཆོ་ག་དང༌། སྟོང་པར་སྦྱང་བ་དང༌། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲང་བ་དང༌། དེ་ལ་ཤིས་པར་བྱ་བ་དང༌། བསྲུང་བ་དང༌། དགུག་གཞུག་བྱ་བ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། མཆོད་བསྟོད་བྱ་བ་དང༌། གཤེགས་སུ་གསོལ་ཞིང་སྙན་གསན་དབབ་པ་དང༌། རྟེན་དགབ་པ་སྟེ། འདི་དག་ནི་སྟ་གོན་ལ་གནས་པའོ། །དེ་ལ་ཁྲུས་བྱ་བ་ནི་འདི་ཡིན་ཏེ། རྟེན་དངོས་སུ་བཀྲུར་རུང་བ་རྣམས་ལ་དངོས་སུ། མི་བཏུབ་པ་རྣམས་ལ་མེ་ལོང་ལ་བྱ་སྟེ། དང་པོར་བའི་རྣམ་པ་ལྔས་བྱུག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བཟླས་ཤིང་དཱུར་བའི་ཆུན་པོས་ཕྱི་བའམ་ཕག་ཟེས་མཉེས་ལ་སྔགས་དེ་ཉིད་བཟླ་ཞིང་ཆུ་གཙང་མས་བཤལ་བར་བྱ། དེ་ནས་མར་ནག་དྲི་ཞིམ་པོས་བྱུག་ཅིང་ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཁྃ་ཞེས་བཟླས། ལུགས་སྐུ་དྲི་མ་ཞེན་ཆེ་ན། །ཉི་མ་ལ་ཡང་གདུང་བར་བྱ། །མར་ཁུ་བསལ་བའི་དོན་དུ་སྔར་ས་ཆོག་གི་སྐབས་བསྟན་པའི་ཤུན་ལྤགས་ལྔ་ལེགས་པར་བཏགས་པ་སྔགས་དེ་ཉིད་ཀྱིས་བྱུག ཤུན་ལྤགས་ལྔ་མེད་ན་སྲན་མའི་ཕྱེ་མས་བྱུག་པར་བྱའོ། །དེའི་དྲི་མ་བཀྲུ་བའི་ཕྱིར་སུག་པའི་ཆུ་དང༌། ཆུ་གཙང་མས་ཀྱང་སྔགས་དེ་ཉིད་ཀྱིས་བཀྲུས་ལ། སྔགས་དེ་ཉིད་བཟླས་ལ་སྔར་བསྟན་པའི་དྲི་ལྔས་ཀྱང་བྱུག་གོ །དེ་ནས་སྔར་སྟ་གོན་དུས་སུ་ལྷག་པར་གནས་པར་བྱ་བའི་བུམ་པ་རྣམས་ཀྱིས་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དང་སྔགས་ཀྱི་བྱའོ། །རྒྱས་པར་བྱེད་ན་གཞན་ཡང༌། ཁྱོད་ནི་སྦྱིན་པའི་རང་བཞིན་ཆུས། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བའི་དྲི་ཡིས་རྗེས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཅེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚིགས་སུ་བཅད་པ་དང༌། སྔར་བསྟན་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གླུ་དང་རོལ་མོ་ལ་སོགས་པ་དང་བཅས་པས་བཀྲུ་བར་བྱའོ། །དེ་ནས་སྦྱང་བ་ལ་སོགས་པའི་ཆོ་ག་ནི། ཇི་ལྟར་འཇིག་རྟེན་ན་བྲམ་ཟེ་རྣམས་ཀྱི་དག་པ་དང་ཤིས་པ་ཇི་ལྟར་བརྟག་པ་དེ་དང་བསྟུན་ནས་བྱེད་པའི་ཕྱིར། མཆོད་ཡོན་ལ་སོགས་སྔོན་བཞིན་སྦྱིན། །ཞེས་གསུངས་ཏེ། སློབ་མ་སྨིན་པར་བྱེད་པའི་དབང་བསྐུར་བའི་སྔོན་དུ་བྱ་བའི་ཆོ་གར་ཇི་ལྟར་བཤད་པ་བཞིན་དུ་བྱའོ། །དེ་ནས། ཡན་ལག་དག་གིས་བསྒྲུབ་བྱས་བསྐུ། །ཇི་བཞིན་ལྷ་རུ་དེ་དམིགས་ཏེ། །ཞེས་བྱ་བའི་དོན་ནི་སྟོང་པར་སྦྱང་བ་དང༌། དམ་ཚིག་པའིའོ། །དེ་ལ་སྟོང་པར་སྦྱང་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བས་མི་དམིགས་པར་བསྒོམ་པའོ། །དམ་ཚིག་པ་བསྐྱེད་པ་ནི་མངོན་པར་བྱང་ཆུབ་པ་ལྔའམ་ཟླ་བ་རྡོ་རྗེའི་རིམ་པ་གང་མོས་པས་བསྐྱེད་དོ། །དེ་ནས་སྐུ་གཟུགས་རྣམས་ནི་གང་ཡིན་པ་དེར་བསྐྱེད་པ་ལས་ངོ་ཤེས་པ་རྣམས་ནི། ངོ་ཤེས་པ་རང་རང་ངོ་མི་ཤེས་པ་དང་མི་དང་ལྷ་ལ་སོགས་པའི་གཟུགས་ཐམས་ཅད་རྡོ་རྗེ་འཆང་ཆེན་པོར་བསྐྱེད། མཆོད་རྟེན་དང་ལྷ་ཁང་ནི་རྣམ་པར་སྣང་མཛད་དུ། གླེགས་བམ་ནི་འོད་དཔག་ཏུ་མེད་པར། ཕྱག་མཚན་རྣམས་ནི་མི་བསྐྱོད་པར་བསྐྱེད་དོ། །ཞེས་བྱ་བ་འདི་ནི་ཡན་ལག་དང་པོའོ། །དེ་ནས་རྡོ་རྗེ་བཟུང་ལ་དྲིལ་བུ་དཀྲོལ་ཞིང༌། ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང༌། རང་གི་སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲང་བར་བྱའོ། །སྤྲོས་པ་ལ་དགའ་བས་ནི། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཞན་ནས་འབྱུང་བ་དང་དབྱངས་དང་བཅས་པས་སྤྱན་དྲང་ངོ༌། །དེ་ལ་ཨོཾ་བཛྲ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་བྱ་བས་པདྨའི་གདན་ཕུལ་ལ། དེ་ནས་རབ་ཏུ་སྦྱང་བྱ་ཞིང༌། །ཞེས་འབྱུང་བས་སྔར་བསྟན་པའི་ཆོ་གས་རྟེན་ལ་ཇི་ལྟ་བྱ་བ་བཞིན་དུ་ཡེ་ཤེས་པ་སྤྱན་དྲངས་པ་དེ་ལ་ཡང་སྦྱང་བ་དང༌། ཉེ་རེག་དང༌། ཞབས་བཀྲུ་བ་དང༌། ཞལ་བཀྲུ་བ་དང༌། བསང་གཏོར་དང༌། མཆོད་ཡོན་གྱི་བར་བྱས་ལ། ཅི་འབྱོར་པའི་མཆོད་པ་དང་བསྟོད་པའང་བྱའོ། །དེ་ནས་བསྲུང་བ་ནི། རྟེན་གྱི་གནས་གསུམ་དུ་རྡོ་རྗེས་རེག་ལ། སྐུ་གསུང་ཐུགས་ཀྱི་ཡི་གེ་བཀོད་དེ། རྩ་བའི་སྔགས་བཟླས་ཏེ་ཡེ་ཤེས་སེམས་དཔའི་ཕྱི་ནས་འབྲང་བའི་བགེགས་བསལ་བར་བྱའོ། །དེ་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བྱ་བ་ལ་སོགས་པའི་སྔགས་དང༌། ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང༌། ལྷ་མོ་བཞིའི་ཏིང་ངེ་འཛིན་གྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །དེ་ནས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དབང་བསྐུར་ཏེ་དབུར་བརྒྱན་པའི་བར་དུ་ཡན་ལག་བཞི་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཕྱིའི་མེ་ཏོག་ལ་སོགས་པའི་མཆོད་པ་དང༌། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་མཆོད་པ་རྣམས་པ་ཉི་ཤུ་ལ་སོགས་པའི་མཆོད་པ་དང༌། བདུད་རྩིའི་མཆོད་པ་དང༌། ལྷ་མོ་བརྒྱད་ཀྱི་མཆོད་པ་དང༌། བསྟོད་པའི་མཆོད་པའི་བར་དུ་ཇི་ལྟར་ནུས་པས་མཆོད་པར་བྱའོ། །དེ་ནས་བཟོད་པར་གསོལ་ཏེ་སྙན་གསན་ཕབ་ལ་གཤེགས་སུ་གསོལ་བའི་ཆོ་ག་ནི། ཡི་གེ་བརྒྱ་པས་བཟོད་པར་གསོལ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཅེས་བྱ་བ་དང༌། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་ལ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་གསོལ་བ་བཏབ་སྟེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། སང་ནང་པར་རྟེན་ཆེ་གེ་མོ་ཞེས་བྱ་བར་རབ་ཏུ་གནས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཁྱེད་ཀྱི་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་བྱ་བས་གསོལ་བ་གདབ་བོ། །འདི་ལའང་སྤྲོས་པ་ལ་དགའ་བས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་དབྱངས་དང་བཅས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་བཛྲ་མུཿཞེས་བྱ་བས་ཡེ་ཤེས་པ་གཤེགས་ལ། དམ་ཚིག་པ་དེ་བདག་ལ་བསྡུས་ཏེ། རྟེན་ལ་གནས་གསུམ་བསྲུང་བ་བྱས་ལ། ན་བཟའ་སེར་པོས་གཡོགས་ལ་གཞག་པར་ཤེས་པར་བྱའོ། །འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།།  །།དེ་ནས་བུམ་པ་སྟ་གོན་ལ་གནས་པའི་ཆོ་ག་ནི། ནག་པོ་རྩ་བ་ཞེས་བྱ་བ་ལ་སོགས་པ་སྟེ། སློབ་མ་དབང་བསྐུར་བ་དང་རྗེས་སུ་འབྲེལ་པ་ཡིན་ན་སྔར་དཀྱིལ་འཁོར་བསྒྲུབས་པའི་སྔོན་དུ་དབང་བསྐུར་བའི་བུམ་པ་བཅས་པ་ཉིད་ལ་འདིར་སྔགས་བཟླས་པས་ཆོག་གི བུམ་པ་ལོགས་མ་བཅའ་བ་ནི་མི་དགོས་སོ། །འདིར་བུམ་པ་བཅའ་བར་བཤད་པ་ནི་སློབ་མ་སྨིན་པར་བྱེད་པ་དང་མ་འབྲེལ་ནའང་བུམ་པ་བཅའ་བ་ནི་ཁྱད་པར་མེད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལ་བུམ་པ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ནི་གཞུང་ནའང་གསལ་ལ། སྔར་སློབ་མ་དབང་བསྐུར་བའི་སྐབས་སུ་ཇི་སྐད་བསྟན་པ་བཞིན་ལྷ་བསྐྱེད་པ་དང་སྔགས་ལ་སོགས་པ་རྣམས་བྱའོ། །གང་ཕྱིར་བདག་པོ་ངེས་མེད་པ། །ཞེས་བྱ་བ་ལ་སོགས་པ་སྔར་མ་བསྟན་པའི་སྔགས་རྣམས་འདིར་བཤད་པ་ནི། རིགས་སོ་སོ་བའི་དཀྱིལ་འཁོར་ལ་ནི་རང་རང་གི་སྔགས་ཡིན་ལ། རིགས་བསྡུས་པ་ལ་ནི་སྔགས་འདིས་བྱའི། བསྡུས་པའི་ཕྱོགས་ལ་བུམ་པ་ལྔ་ཕྲག་ལྔ་མི་དགོས་ཏེ། བུམ་པ་ལྔ་པོ་འདི་ཉིད་ཙམ་གྱིས་ཆོག་གོ །ཞེས་བྱ་བར་དགོངས་པའི་ཕྱིར་དང༌། ཡང་ན་རབ་ཏུ་གནས་པའི་བུམ་པ་ནི་དཀྱིལ་འཁོར་གང་ཡིན་ཡང་འདིས་བྱིན་གྱིས་བརླབ་བོ་ཞེས་བྱ་བ་དགོངས་སོ། །དེ་ནས་བུམ་པ་ལའང་མཆོད་པ་དང༌། ཆོས་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་པ་བྱས་ལ། རྣལ་འབྱོར་དང་བཟླས་པ་ལ་གནས་ཏེ་དེའི་མཚན་མོ་ཇི་ལྟར་བདེ་བས་གནས་པར་བྱའོ། །སྟ་གོན་ལ་གནས་པའི་ཆོ་གའོ།།  །།དེ་ནས་སང་ནང་པར་སྔ་བར་ལངས་ལ་ལྷའི་རྣལ་འབྱོར་ལ་གནས་ལ། འབྱོར་པ་ལྡན་པས་མཆོད་པའི་ཡོ་བྱད་རྣམས་གསར་པར་སྤོ་བར་བྱའོ། །མི་འབྱོར་པ་རྣམས་ཀྱིས་ཅི་འབྱོར་པར་སྤོས་ལ་གཞན་བསང་བ་ཙམ་ལ་བརྟེན་ཏེ་གཏོར་མ་ནི་གསར་པར་བྱའོ། །དེ་ནས་སྟ་གོན་གྱི་སྐབས་སུ་ཇི་ལྟར་སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ། ཁྲུས་བྱ་བ་དང༌། སྦྱང་བ་ལ་སོགས་པ་ནས། རྟེན་དགབ་པའི་བར་གྱི་ཆོ་ག་གསུམ་པོ་རྣམས་ལ། གཤེགས་སུ་གསོལ་ཞིང་སྙན་གསན་དབབ་པ་དང༌། རྟེན་དགབ་པའི་ཆོ་ག་ནི་མི་བྱ་ལ། གཞན་ནི་དབང་བསྐུར་བའི་རྗེས་ལ་སྤྱན་དབྱེ་བ་ཞེས་བྱ་བའི་ཆོ་ག་དང༌། མཆོད་པ་རྒྱས་པ་དང༌། སྦྱིན་སྲེག་བྱ་བ་དང༌། གཏོར་མ་གཏང་བ་དང་བརྟེན་པར་བཞུགས་པ་དང༌། སྲུང་མར་གཞོལ་བ་དང༌། ཡོན་བདག་ལ་ཤིས་པ་དང༌། བསྲུང་བའི་ཆོ་ག་དང༌། སྨོན་ལམ་གདབ་པ་དང༌། མཆོད་པར་བསྒོ་བ་དང༌། བཟོད་པར་གསོལ་བ་སྟེ་ཆོ་ག་ཉི་ཤུ་རྗེས་སུ་སྤྱད་པར་བྱའོ། །དེ་ལས་དང་པོ་སྔོན་དུ་འགྲོ་བ་དང༌། ཁྲུས་བྱ་བའི་ཆོ་ག་ནི། དེ་ནས་ལྷག་གནས་ཁང་པ་ལས། །ཞེས་བྱ་བ་ལ་སོགས་པས་ཁྲུས་སའི་སྟེགས་བུ་ལ་བརྟེན་ཏེ། འདི་ནི་རབ་ཏུ་གནས་པ་དང་རྗེས་སུ་འབྲེལ་པ་ཙམ་གྱིས་སྐབས་འདིར་བསྟན་པར་བྱས་ཀྱི། འདི་ནི་སའི་ཆོ་ག་ནས་བྱ་བར་རྟོགས་པར་བྱའོ། །དེ་ལྟར་ཁྲུས་སའི་སྟེགས་བུ་ཇི་སྐད་བཤད་པའི་མཚན་ཉིད་ལྡན་པར་ཤིང་ལེབ་དང་དར་རམ་རས་ལ་སོགས་པའི་གདན་ལ་སྐུ་གཟུགས་ལ་སོགས་པ་ཤར་དུ་ཁ་བསྟན་ལ་བཞུགས་སུ་གསོལ་ལོ། །དེར་སྤྱན་དྲང་དུ་མི་རུང་བ་མཆོད་རྟེན་དང་ལྡེར་སོ་ལ་སོགས་པ་རྣམས་ནི། དེར་བཟེད་ཞལ་དང་མེ་ལོང་ལ་གཟུགས་བརྙན་བཞུགས་སུ་གསོལ་བ་ཞེས་བྱ་བར་རྟོགས་པར་བྱའོ། །དེ་ལ་མངོན་པར་ཕྱོགས་པས་སློབ་དཔོན་སྟན་ནང་ཚངས་ཅན་ལ་འདུག་ལ། གཏོར་མ་བྱིན་ཏེ་བསྲུང་བར་བཅོལ་ལོ། །ཞེས་བྱ་བ་འདི་ནི་སྔོན་དུ་འགྲོ་བའི་ཆོ་གའོ། །དེ་ནས་སྟ་གོན་གྱི་སྐབས་སུ་ཇི་སྐད་བཤད་པ་བཞིན་དུ་བསྡུས་པ་དང་རྒྱས་པའི་རིམ་པས་ཁྲུས་ཀྱི་ཆོ་ག་རྣམས་བྱའོ། །དེའང༌། གོས་སེར་གཡོགས་ལ་ཤར་མདུན་བསྟན། །ཞེས་བྱ་བ་འོག་ཏུ་དབང་བསྐུར་བ་དང་རྗེས་སུ་འབྲེལ་པར་བསྟན་ཀྱང༌། བླ་མའི་མན་ངག་གིས་གོང་དུ་བླངས་ཏེ། ཇི་ལྟར་འཇིག་རྟེན་ན་བཙས་མ་ཐག་ཏུ་ཁྲུས་བྱེད་པ་དང༌། རྒྱལ་པོར་དབང་བསྐུར་བའང་ཐོག་མར་ཁྲུས་བྱས་ཏེ་དག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པ་དང་རྗེས་སུ་འཚམ་པ་ཡིན་ནོ། །དེའི་རྗེས་ལ་གོས་ཀྱིས་ཆུ་ཕྱིས་ཏེ་དྲིས་དབྱུགས་ལ་བསྲུང་བའང་བྱས་ལ། རང་རང་གི་ཇི་ལྟར་འཚམ་པའི་གནས་སུ་གདན་ལ་བཞུགས་སུ་གསོལ་བ་ཞེས་བྱ་བ་འདི་ཁྲུས་ཀྱི་ཆོ་གའོ། །དེ་ནས་རྟེན་སྦྱང་བ་དང༌། སྟོང་པར་སྦྱང་བ་དང༌། དམ་ཚིག་པ་བསྐྱེད་པའི་ཆོ་གའང་ལྷག་པར་གནས་པའི་སྐབས་སུ་བཤད་པ་ལྟར་ཁྱད་པར་མེད་པར་ཁ་བསྐངས་ཏེ་བྱའོ། །དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། དེའི་རྗེས་སུ། རང་སྙིང་ས་བོན་བསྒོམ་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ། སྟ་གོན་གྱི་སྐབས་སུ་བཤད་པའི་སྤྱན་དྲང་བའི་ཚིགས་བཅད་དང༌། སྙན་གསན་དབབ་པའི་ཚིགས་བཅད་ལ་སོགས་པ་རྣམས་ཀྱིས་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་བྱའི་མདོར་བསྡུས་པ་ནི་ཏིང་ངེ་འཛིན་ཙམ་གྱིས་བྱའོ་ཞེས་བྱའོ། །དེ་ལྟར་སྤྱན་དྲངས་པ་དང་ཤིས་པ་དང་མཆོད་པའི་ཆོ་ག་ནི། ཡེ་ཤེས་བདུད་རྩིའི་སྦྱོར་བ་ཡིས། །མཆོད་པའི་ལྷ་མོ་རིམ་བཞིན་སྤྲོ། །ཞེས་བྱ་བའི་ཤུགས་ལས་ཏེ། སྔོན་དུ་སྦྱང་བ་ལ་སོགས་པ་དྲུག་པོ་སྔར་བཤད་པ་ལྟར་བྱས་ལ་མཆོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ནས་བསྲུང་བ་བྱས་ལ། ཛཿཧཱུྃ་ཞེས་བྱ་བ་ལ་སོགས་པས་དགུག་གཞུག་བྱ་བའོ། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ཁ་བསྐང༌། དེ་ནས་དབང་བསྐུར་བའི་སྐབས་སུ་ཁྲུས་བྱ་བར་གསུངས་ཀྱང་སྔར་བྱས་པས་འདིར་མི་དགོས་ཏེ། དངོས་སུའང་མེ་ལོང་ལ་དབང་བསྐུར་བའི་བུམ་པ་ལྔས་དབང་བསྐུར་བ་དངོས་སུ་བྱ་ཞིང་ཏིང་ངེ་འཛིན་དང་དབུ་རྒྱན་ནི་སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་ནོ། །དེ་ནས་ཐུར་མས་མིག་སྨན་བླངས་ལ་མིག་ལ་བྱུག་ཅིང་སྔགས་བརྗོད་ལ། སེམས་ཅན་གྱི་དོན་མཛད་པའི་མཐུ་དང་ལྡན་པར་བསྒོམས་ཏེ། སྤྱན་དབྱེ་བ་ནི་མ་ཤ་ཀ་ལས་ཞེས་བྱའོ། །དེ་ནས་མཆོད་པ་ནི། ལྷ་ཡི་འཁོར་ལོ་རེ་རེ་ལ། །གོས་ནི་ཟུང་ཟུང་དབུལ་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། དང་པོར་ན་བཟའི་མཆོད་པ་དང༌། མཆོད་ཡོན་རྣམ་པ་བཞིའི་ཆོ་ག་དང༌། མེ་ཏོག་ལ་སོགས་པའི་མཆོད་པ་དང༌། སྔགས་དང་ཕྱག་རྒྱའི་མཆོད་པ་དང༌། གླུའི་མཆོད་པ་དང༌། ཤེལ་སྒོང་གིས་སྐུ་ཕྱི་བ་དང་རྡོ་རིངས་ལ་སོགས་པ་མངའ་དབུལ་བ་མཆོད་པ་སྟེ། མདོར་ན་སྤྲོས་པ་ལ་དགའ་བ་དང་མི་དགའ་བ་དང༌། འབྱོར་པ་ཆེ་ཆུང་གི་དབྱེ་བས། ཡོ་བྱད་མང་ཉུང་དང༌། འབུལ་བའི་ཚིགས་བཅད་དང་དབྱངས་ལ་སོགས་པ་བསྡུས་རྒྱས་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། སྤྲོས་པ་ལ་མོས་པས་རབ་ཏུ་གནས་པའི་ཆོ་ག་རྒྱས་པ་གཞན་བཞིན་ནོ། །དེ་ནས་རྒྱས་པའི་སྦྱིན་སྲེག་གིས་མཆོད་པ་རྒྱས་པ་བྱ། རྒྱ་ཆེ་བའི་གཏོར་མའང་གཏང་ངོ༌། །དེ་ནས་བརྟན་པར་བཞུགས་པ་ནི། སྐུ་གཟུགས་ཀྱི་གནས་གསུམ་དུ་རྡོ་རྗེ་གཏུགས་པའམ་རྡོ་རྗེ་ལ་གཟུངས་ཐག་བཏགས་ཏེ། རབ་གནས་ཀྱི་སྙིང་པོ་དང༌། རང་རང་གི་སྙིང་པོ་མང་དུ་བཟླ་བའམ། ཡང་སྔར་བུམ་པ་སྟ་གོན་གྱི་སྐབས་སུ་བཤད་པའི་སྔགས་མང་དུ་བཟླས་ལ། མེ་ཏོག་གཏོར་ལ་བརྟན་པར་བཞུགས་སུ་གསོལ་བ་བཏབ་སྟེ། རྟེན་རྣམས་རང་གི་རྣམ་པ་གང་ཡིན་པར་གྱུར་ཏེ། བཞུགས་པ་ལ་གནས་གསུམ་བསྲུང་བར་བྱ་སྟེ། དེ་ལ་ཇི་ལྟར་འབྱོར་པས་མཆོད་པར་བྱའོ། །དེ་ནས་ཤིན་ཏུ་རྒྱ་ཆེ་བའི་གཏོར་མ་བྱས་ལ། སྔར་ཇི་ལྟར་བཤད་པའི་ཆོ་གས་བྱིན་གྱིས་བརླབ་པ་བྱས་ལ། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་ཕྱོགས་སྐྱོང་བའི་སྲུང་མ་སྤྱིའམ། དཔལ་ནག་པོ་ཆེན་པོ་ལ་སོགས་པ་ལ་ཁྱད་པར་དུ་ཆོས་སྐྱོང་བའི་སྲུང་མ་ལ་ཕུལ་ལ། སྐུ་གཟུགས་འདི་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་བར་དུ་གཅོད་པ་ཐམས་ཅད་ལས། ཇི་སྲིད་སྐུ་གཟུགས་འདི་བཞུགས་ཀྱི་བར་དུ་ཁྱོད་ཀྱིས་བསྲུང་བ་དང༌། ཡོན་བདག་རྣམས་ལ་དགེ་ལེགས་སུ་འགྱུར་བར་མཛད་དུ་གསོལ། ཞེས་སྲུང་མ་བསྒོའོ། །དེ་ནས་ཙ་རུའི་བཟའ་བ་ཡོད་དམ། དེ་མེད་ན་ཡང་འབྲང་རྒྱས་ལ་སོགས་པ་ལ་བགེགས་བསལ་ལ། བཀྲ་ཤིས་ཀྱི་ཚིགས་བཅད་དབྱངས་དང་བཅས་པ་བྱས་ལ། ཕུད་ལྷ་ལ་ཕུལ་ལ། དེའི་ལྷག་མ་ལ། དེ་བཞིན་གཤེགས་པས་གསོལ་བ་ཡི། །ལྷག་མ་སྡིག་པ་སྦྱང་ཕྱིར་ཟོ། །ཞེས་བྱ་བས་ཡོན་བདག་ལ་བྱིན་པས་བཀྲ་ཤིས་པར་བྱ་སྟེ། གཞན་ཡང་སྤྲོས་པ་ལ་དགའ་བས་བཀྲ་ཤིས་རྫས་བརྒྱད་ལ་སོགས་པས་ཀྱང་བྱའོ། །དེ་ནས་བདག་དང་ཡོན་བདག་ཏུ་བཅས་པས་རབ་ཏུ་རྒྱ་ཆེ་བའི་སྨོན་ལམ་གྱིས་སྨོན་ལམ་གདབ་པར་བྱའོ། །དེ་ནས་ཡོན་བདག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁོ་བོས་རབ་ཏུ་གནས་པ་བྱས་ཟིན་གྱིས། ད་ནི་ཁྱོད་ཀྱིས་ཇི་ལྟར་འབྱོར་པས་མཆོད་པ་གྱིས་ཞེས་བསྒོ་བར་བྱའོ། །དེ་ནས་བཟོད་པར་གསོལ་བ་ནི་སྐབས་འདིར་མདོར་བསྡུས་པ་ཡི་གེ་བརྒྱ་པ་དང༌། གང་ཡང་བདག་བློ་གཏི་མུག་པས། །ཞེས་བྱ་བ་ལ་སོགས་པ་བྱའི། རྒྱས་པར་ནི་དེའི་རྗེས་ལ་སློབ་དཔོན་བདག་ཉིད་འཇུག་པ་ལ་སོགས་པའི་ཆོ་ག་རྣམས་བྱས་ཏེ་འདིས་ནི་ལྷག་ཆད་ཁ་བསྐང་བའོ། །ཡོན་བདག་དང་སློབ་མ་བཀྲ་ཤིས་ཤིང་དགེ་བར་བྱེད་པ་ཞེས་བྱ་བའི་ཆོ་ག་རྒྱས་པ་འདི་ཡིན་ནོ།།  །།དེ་ལྟ་བས་ན་སྔར་བསྟན་པའི་ཚུལ་གྱིས་ཆོ་གའི་བྱུང་ས་ཚངས་པ་ཞེས་བྱ་བ་འདི་གཙོ་བོར་གྱུར་པ་ཡིན་གྱི། རྒྱས་པ་དང་བསྡུས་པའི་དབྱེ་བ་ནི། སྤྲོས་པའི་བྱེ་བྲག་གིས་བསམ་གྱིས་མི་ཁྱབ་པར་གནས་ཀྱང་འགལ་བར་མི་བལྟའོ། །དེ་ལྟ་བས་ན་བླ་མ་དམ་པའི་མན་ངག་གིས་རྗེས་སུ་བཟུང་བ་ཞེས་བྱ་བ་འདི་མ་ལུས་པ་ལ་སྦྱར་བར་བྱའོ། །བསྟན་བཅོས་ཀྱི་གཞུང་སྒྲ་ཇི་བཞིན་དུ་འཆོལ་པ་ནི་སྤང་བར་བྱའོ། །སྐྱོབ་རྣམས་ཆོས་སུ་མི་གནས་པའི་ཕྱིར་དང༌། །ཐུགས་རྗེས་གཟུགས་སྐུ་སྐུ་གཟུགས་སྣང་བའི་ཕྱིར། །འདི་ན་རབ་ཏུ་གནས་འགའ་མི་དགོས་མོད། །སྤྲོས་ལྡན་གཟུང་ཕྱིར་བཀའ་སོགས་ཀུན་ནས་གསུངས། །དཀྱིལ་འཁོར་སྦྱིན་སྲེག་དང་འབྲེལ་བའི། །ཆོ་ག་རྒྱས་དང་བསྡུས་པའི་ཚུལ། །བླ་མའི་གསུང་དང་གཞུང་ན་སྣང༌། །དེ་ལས་གཞན་པ་འདིར་འགའ་མེད། །རབ་གནས་ཆོ་ག་བྲིས་པ་ལས། །བསོད་ནམས་སྐྱེས་པ་གང་ཡོད་དེས། །འགྲོ་ཀུན་རྡོ་རྗེ་འཆང་བ་མཆོག །དཔལ་ལྡན་ཀུན་གྱི་རྩེ་མོར་ཤོག །རབ་ཏུ་གནས་པའི་ཆོ་ག་ལེགས་པར་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*