དཔལ་ཀྱཻ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས་ཀྱི་རྣམ་པར་བཤད་པ་ཉི་མའི་འོད་ཟེར། ༡

 

༄༅། །དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས་ཀྱི་རྣམ་པར་བཤད་པ་ཉི་མའི་འོད་ཟེར་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་བྷ་དྲཱ་ཡ། ན་མཿཤྲཱི་ཧེ་བཛྲཱ་ཡ། གང་གིས་སྤྲོས་པའི་འཆིང་བཅད་དངོས་ཀུན་དེ་ཉིད་མཁའ་འདྲ་རབ་རྟོགས་པ། །བརྒྱ་དང་བཅུ་གཉིས་གསལ་ལྡན་རིག་མའི་ལུས་སྦྱོར་རྣམ་ཐར་བསྡུ་དངོས་དང༌། །དེ་བཞིན་ཉིད་ཀྱི་ཞལ་ཞབས་ཕྱག་སྤྲུལ་བདུད་རྣམས་མཉམ་བརྫིས་གར་མཁན་གྱི། །གཟུགས་ཀྱིས་འགྲོ་བ་སྨིན་མཛད་དཔལ་ལྡན་ཀྱེ་ཡི་རྡོ་རྗེས་བདག་སྲུངས་ཤིག །གང་གི་བློ་གྲོས་སྤྲོས་ལས་རྣམ་གྲོལ་བ། །ཆོས་ཀུན་དེ་ཉིད་ཟབ་མོ་ཐུགས་ཆུད་ཅིང༌། །ཚུལ་རྣམ་གསུམ་མངའ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །འགྲོ་བ་འདྲེན་མཛད་བླ་མ་དཔལ་ལ་འདུད། །མཐའ་ཡས་དངོས་གྲུབ་གཏེར་ཆེན་གཞིར་གྱུར་རྒྱུད་རྒྱལ་ལ། །ཟབ་ཅིང་རྒྱ་ཆེའི་བློ་བྲལ་ཕྱོགས་ལྷུང་དཀྲུགས་པའི་ཡིད། །བླ་མའི་ལུང་དང་བཤད་རྒྱུད་སྣང་བ་དང་བྲལ་བས། །ལུང་དོན་མ་མཐོང་བསླད་པ་རྣམས་ལ་བདག་བློ་བརྩེ། །དེ་བས་བླ་མའི་མན་ངག་རིན་ཆེན་ལས་གྲུབ་པ། །བཤད་པའི་རྒྱུད་མང་ལུང་གིས་མཛེས་པའི་རྩིབས་ལྡན་ཞིང༌། །ཚིག་སྦྱོར་འོད་ཟེར་སྟོང་འབར་གུས་པའི་རྟས་དྲངས་པའི། །བཤད་སྦྱར་ཉི་འོད་སྣང་ཤར་ཞེས་བྱ་བརྩམ་པར་བགྱི། །རྡོ་རྗེ་འཆང་དབང་དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ། །ཌོམྦིའི་ཞལ་སྔ་རྗེ་བཙུན་བར་དུ་རིམ་བརྒྱུད་པའི། །གཞུང་ལུགས་སྣང་ཆེན་འདིར་བརྟེན་བློ་གྲོས་མིག་ལྡན་པས། །གུས་བློས་དངོས་གྲུབ་གཏེར་རྣམས་རིམ་བཞིན་བླང་བར་གྱིས། །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་ཆེའི། །རྒྱུད་འབུམ་ལྔ་དོན་རབ་བསྡུས་པ། །སྟོང་པ་སྙིང་རྗེ་གཉིས་སུ་མེད། །རྒྱུད་གསུམ་སྟོན་པར་བྱེད་པའི་སྒྲའོ། །ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པ། །དྲུག་གིས་དཔྱད་དེ་འཇུག་པར་བྱ། །གཉིས་ཀྱི་ཐུན་མོང་དུ་གྱུར་གང༌། །དེ་སྤྱི་འོག་མའི་ཡུལ་མིན་པ། །སྦས་པའོ་བོགས་དབྱུང་མེད་གང་ཞིག །འབྲས་བུ་དེ་ཡི་མཐར་ཐུག་གོ །དོན་དེ་དག་ནི་སྟོན་པའི་སྒྲ། །རྒྱུ་དང་ངེས་ཚིག་དང་བཅས་པར། །རབ་ཏུ་གསལ་བར་སྟོན་པ་ནི། །ཡན་ལག་དོན་གྱི་བཤད་པ་ཡིན། །ཡི་གེ་རེ་རེའམ་དུ་མ་ལའང༌། །ཕྱེ་དང་མ་ཕྱེའི་སྒྲས་དྲངས་དང༌། །འགའ་ཞིག་དབྱིབས་མཐུན་གྱུར་གང་གིས། །དོན་སྟོན་པ་དེ་ཡི་གེའི་དོན། །སྐལ་དམན་རྣམས་ལ་རྒྱལ་བ་ཡི། །སྦས་ཏེ་ལུས་དང་ངག་གི་བརྡས། །བསྟན་རྣམས་འདི་དོན་འདིར་ངེས་པའི། །རྒྱུད་ཀྱིས་རྟོགས་པ་མན་ངག་དོན། །བརྗོད་པར་བྱ་བའི་དོན་དེ་ཉིད། །རང་བཞིན་དེ་ཡི་ཐབས་ཉིད་དང༌། །འབྲས་བུའི་རྒྱུད་ཀྱི་རིམ་པ་ཡིས། །འདི་ཡི་མངོན་པར་རྟོགས་པའོ། །རང་བཞིན་རྟེན་གྱི་གང་ཟག་སྟེ། །སྨིན་པར་བྱས་དང་མ་བྱས་པའོ། །སྨིན་བྱས་སློབ་དཔོན་ལ་སོགས་པ། །བཞི་ཀ་རྫོགས་པའམ་མ་རྫོགས་པའོ། །ཐབས་རྒྱུད་ཐོག་མར་ལྟ་བ་ཡིན། །དེ་ནས་རིམ་གཉིས་གྲོགས་དང་བཅས། །དྲོད་ཐོབ་བརྟུལ་ཞུགས་མཆོག་སྤྱད་ཅིང༌། །བྱང་ཆུབ་སེམས་གནས་ས་རྣམས་བགྲོད། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །དཔལ་ལྡན་ཡེ་ཤེས་ལྔ་ཡི་བདག །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །མཐར་ཐུག་རྒྱུད་འདིར་གཞུག་རིམ་ཡིན། །ཐོག་མ་ཨེ་བྃ་ཐ་མའི་བར། །ཐམས་ཅད་ཉམས་སུ་བླང་བྱ་སྟེ། །གསལ་དང་མི་གསལ་དབྱེ་བ་ཡིས། །རྒྱུ་འབྲས་ཐབས་ཀྱི་རིམ་པར་བསྟན། །བརྗོད་བྱའི་དོན་དང་རྗོད་བྱེད་སྒྲ། །བཤད་པའི་རྒྱུད་ཀྱི་གསལ་བྱེད་ལྡན། །འདི་ཡི་མངོན་པར་རྟོགས་ཤེས་པ། །རྒྱུད་ཀུན་གསུམ་གྱི་དོན་བསྡུས་པའོ། །རྒྱུད་འདི་ནི་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའོ། །འདིའི་དོན་འཆད་པ་ན་བཤད་ཐབས་ཀྱི་ཡན་ལག་ལྔས་བཤད་པར་བྱ་སྟེ། ཐོག་མར་ཀྱེའི་རྡོ་རྗེ་ཞེས་བྱ་བའི་མཚན་ཅན་གྱི་རྒྱུད་ངོ་ཤེས་པར་བྱ་བའི་ཕྱིར་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་མཚན་གྱི་དོན་བཤད་པ་དང་བཅས་པ་དང༌། རྒྱུད་བཤད་ཐབས་ཀྱི་མན་ངག་བསྟན་པ་དང༌། རྒྱུད་ཀྱི་མངོན་པར་རྟོགས་པའི་སྐྱེ་ཚུལ་བསྟན་པ་དང༌། རྒྱུད་ཀྱི་གནས་ལུགས་ཀྱི་བསྡུས་དོན་རྟོགས་པར་བྱ་བ་དང༌། རྒྱུད་ཀྱི་ཚིག་དང་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་ཐོབ་པར་བྱ་བའི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གཅིག་ཁོ་ན་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་རིང་བ་དང་ཉེ་བ་བསམ་གྱིས་མི་ཁྱབ་པ་ལས་འདིར་ཐེག་པ་ཆེན་པོའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པ་ལས་གསང་སྔགས་སོ། །དེ་ལ་རྒྱུད་སྡེ་བཞི་ལས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ལས་འདིར་གཉིས་སུ་མེད་པའི་རྒྱུད་དོ། །དེ་ལའང་རྒྱུད་སྡེའི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ལས་འདིར་ཧེ་བཛྲའི་རྒྱུད་དོ། །དེ་ལའང་རྩ་བ་དང་བཤད་པའི་རྒྱུད་ལས་འདི་རྩ་བའི་རྒྱུད་དོ། །དེའང་རྒྱུད་རྒྱས་པ་དང་བསྡུས་པ་ལས་འདིར་རྒྱུད་བསྡུས་པ་བརྟག་པ་གཉིས་པའོ། །འདིའི་མཚན་གྱི་དོན་ཅི་ཡིན་ཞེ་ན། རང་གི་སེམས་ཉིད་ཐོག་མ་མེད་པ་ནས་རྒྱུན་མ་ཆད་པ་ནི་རྒྱུད་ཡིན་ལ། དེ་ཉིད་ཐབས་དང་ཤེས་རབ་གཉིས་སུ་འབྲེལ་བའི་བདག་ཉིད་ནི་ཀྱེའི་རྡོ་རྗེ་ཡིན་ཞིང༌། དེ་རང་བཞིན་གྱི་རྣམ་པར་རྟོག་པས་ཟིལ་གྱིས་མ་མནན་ཅིང༌། གློ་བུར་གྱི་རྣམ་རྟོག་སྤོང་བའི་གཉེན་པོར་གྱུར་པས་ན་རྒྱལ་པོའོ། །དེ་བས་ན་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ནི་བརྗོད་པར་བྱ་བ་དོན་གྱི་རྒྱུད་ཡིན་ལ། དེ་རྗོད་པར་བྱེད་པའི་སྒྲའི་ཚོགས་དང་གླེགས་བམ་གྱི་བར་ལའང་ཀྱེའི་རྡོ་རྗེའི་རྒྱུད་ཞེས་བྱ་བར་གདགས་པ་ནི་རྗོད་པར་བྱེད་པའི་སྒྲའི་རྒྱུད་དོ། །གལ་ཏེ་སེམས་གཉིས་མེད་ཀྱི་ཡེ་ཤེས་རང་ལ་གནས་ན། རྗོད་བྱེད་ཀྱི་རྒྱུད་ལ་དགོས་པ་ཅི་ཡོད་སྙམ་ན། སེམས་རྟོགས་པ་རྣམས་ལ་དགོས་པ་མེད་ཀྱང༌། སེམས་མ་རྟོགས་པ་རྣམས་ལ་སྟོན་པའི་དགོས་པ་ཡོད་དོ། །གལ་ཏེ་སེམས་རྟོགས་པ་ཉིད་ལ་དགོས་པ་ཅི་ཡོད་སྙམ་ན། སེམས་རྟོགས་པ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དང༌། སེམས་ལས་མ་གཏོགས་པའི་ལམ་གཞན་སྙིང་པོ་མེད་པའི་ཕྱིར་རོ། །དེས་ན་སེམས་རྟོགས་པ་ནི་དགོས་པའི་དགོས་པ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཡན་ལག་ཏུ། རྨོངས་པ་རྣམས་ལ་མིང་གི་སྒོ་ནས་སྟོན་པ་དང༌། དབང་བསྐུར་བ་ནས་བརྩམས་ཏེ་ཐུན་མོང་གི་དངོས་གྲུབ་ཐོབ་པའི་བར་ནི་དགོས་པ་ཡིན་ནོ། །དེ་ལྟར་རྗོད་བྱེད་ཀྱིས་བརྗོད་བྱ་སྟོན་པར་འབྲེལ་ལ། བརྗོད་བྱས་དགོས་པ་དང་དེས་དགོས་པའི་དགོས་པ་གྲུབ་པ་ནི་འབྲེལ་པའོ། །གཉིས་པ་རྒྱུད་བཤད་ཐབས་ཀྱི་མན་ངག་གང་གིས་འཆད་པ་དང༌། གསུམ་པ་མངོན་པར་རྟོགས་པའི་རིམ་པ་ནི། སྤྱིར་བཤད་ཐབས་ཀྱི་མན་ངག་བསམ་གྱིས་མི་ཁྱབ་སྟེ། རྡོ་རྗེ་འཆང་ཆེན་པོའི་བཀའ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ནི་རྗོད་བྱེད་ཀྱི་ཚིག་རེ་རེས་ཀྱང་བརྗོད་བྱ་བསམ་གྱིས་མི་ཁྱབ་པ་སྟོན་པའི་ཕྱིར་རོ། །དེ་བས་ན་རང་རང་གི་བླ་མའི་གསུང་གི་རྗེས་སུ་འབྲང་བར་རིགས་སོ། །འདིར་བདག་གི་རྗེ་བཙུན་གྱི་ཞལ་སྔ་ནས། ཉན་པ་པོས་རྟོགས་སླ་ཞིང་གཟུང་བདེ་བར་བྱ་བའི་ཕྱིར་གདམས་ངག་དྲུག་གི་བཤད་ཐབས་ཀྱི་སྒོ་ནས་རྒྱུད་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་སྒྲ་སོ་སོར་ངེས་པ་ངོས་བཟུང་བ་དང༌། རྒྱུད་གསུམ་གྱི་བཤད་ཐབས་ཀྱི་སྒོ་ནས་གང་ཟག་གཅིག་གིས་ཉམས་སུ་བླང་བའི་མངོན་པར་རྟོགས་པའི་རིམ་པ་བསྟན་པ་ཞེས་བྱ་བ་ཚུལ་གཉིས་སྦྱར་ཏེ་གསུང་ངོ༌། །དེ་ལྟར་དེ་དག་གི་དབྱེ་བ་རྒྱས་པ་ནི་གཞན་དུ་བསྟན་ཟིན་པས་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཤད་ཐབས་ཀྱི་མན་ངག་དང་མངོན་པར་རྟོགས་པ་ཁོང་དུ་ཆུད་པས་རྒྱུད་རྣམ་པར་འབྱེད་པར་འདོད་ན། ཐོག་མར་དུམ་བུ་སོ་སོའི་བརྗོད་བྱ་དང༌། སྔ་ཕྱིའི་འབྲེལ་པ་དང་མདོར་བསྟན་པ་དང་རྒྱས་པར་བཤད་པའི་བསྡུས་པའི་དོན་ཁོང་དུ་ཆུད་པར་བྱ་དགོས་སོ། །དེའི་འོག་ཏུ་ཡི་གེའི་འབྲུ་གཉེར་ཞིང་མཚམས་སྦྱར་བའི་སྒོ་ནས་ཡན་ལག་རྒྱས་པར་དབྱེ་བར་ཤེས་པར་བྱའོ། །དེ་ལ་སྤྱི་དོན་བཞི་པ་རྒྱུད་ཀྱི་གནས་ལུགས་དང་དེའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཐོག་མར་ཨེ་ཝྃ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་ཡི་གེ་བཞི་བཅུ་ནི། འཆད་ལུགས་ཀྱི་མན་ངག་ཡན་ལག་དང་ཡི་གེ་དང་མན་ངག་གི་སྒོ་ནས། བརྗོད་པར་བྱ་བའི་དོན་སྤྱི་དང་སྦས་པ་དང་མཐར་ཐུག་པ་སྟོན་པར་བྱེད་ཅིང༌། དེས་ནི་རྒྱུ་དང་ཐབས་དང་འབྲས་བུའི་རྒྱུད་ཀྱི་མངོན་རྟོགས་སྟོན་པས་ན། རྒྱུད་མ་ལུས་པའི་དོན་མདོར་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་ང་ཡིས་བཤད་ཀྱིས་ཉོན་ཞེས་བྱ་བའི་བར་གྱིས་ནི། གླེང་བསླང་བའི་གཞུང་སྟེ། ཞུས་པ་དང་ལན་གྱི་སྒོ་ནས་ཁྱད་པར་ཅན་གྱི་མཚན་དང་ལྡན་པའི་རྒྱུད་བཤད་པར་དམ་བཅའ་བ་སྟེ། ཡན་ལག་གི་དོན་དང་མན་ངག་གི་དོན་གྱི་སྒོ་ནས། སྤྱི་དང་མཐར་ཐུག་པའི་དོན་སྟོན་ཅིང༌། འདིས་འབྲས་བུའི་རྒྱུད་གཙོར་སྟོན་ལ་རྒྱུ་དང་ཐབས་ཀྱི་རྒྱུད་ཞལ་ལ་སྟོན་པ་ཡིན་ནོ། །ལྷག་མ་ལྟ་སྟངས་ཞེས་བྱ་བ་ལ་སོགས་པ་རྒྱུད་མ་ལུས་པས་ནི་རབ་ཏུ་རྒྱས་པར་འཆད་དོ། །དེ་ལྟར་གཞུང་དུམ་བུ་གསུམ་དུ་ངེས་པར་ཡང༌། རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས་མཛད་པའི་འདི་ཉིད་ཀྱི་བསྡུས་པའི་དོན་ལས། རྟེན་གྱི་གང་ཟག་དབང་པོ་རབ་འབྲིང་གསུམ་ལ་དགོངས་ནས། གླེང་གཞི་དང༌། མཚན་དང༌། ཡན་ལག་རྒྱས་པར་དབྱེ་བ་གསུམ་དུ་བསྟན་པ་ཡིན་ནོ་ཞེས་གསུང་ངོ༌། །དེ་ལྟར་མཚན་གྱི་དོན་བསྟན་པའི་སྒོ་ནས་འབྲས་བུ་གཙོར་གསུངས་པ་དེ་དམིགས་པའི་ཡུལ་དུ་བྱས་ཏེ། དེའི་འོག་ཏུ་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་རྒྱས་པ་ལ་འཇུག་གོ །དེ་ལའང་ལྟ་སྟངས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་ལྔས། ཐབས་ཀྱི་རྒྱུད་མཐའ་དག་གི་ལུས་རྣམ་པར་གཞག་པ་དང༌། ཐབས་ཀྱི་རྒྱུད་དང་པོར་བསྒོམ་པའི་འཐད་པ་དང༌། འཆིང་བ་དང་གྲོལ་བྱེད་ཀྱི་རྒྱུ་ཉིད་དུ་བསྟན་པ་སྟེ། མདོར་ན་ཐབས་ཀྱི་རྒྱུད་ཀྱི་སྤྱིའི་རྣམ་པར་གཞག་པ་སྟེ། སྤྱི་དང་སྦས་པའི་བདག་ཉིད་དུ་ཡན་ལག་གི་དོན་གྱིས་འཆད་དོ། །དེ་ལྟར་སྤྱིར་བསྟན་ནས་ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་བྱ་བ་ལ་སོགས་པ་ལེའུ་དང་པོ་རྫོགས་ཀྱི་བར་གྱིས་ནི་ཐོག་མར་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་ཏོ། །འདི་ཅིའི་ཕྱིར་ཐོག་མར་བསྟན་སྙམ་ན། མཐར་ཐུག་གིས་ཐོབ་པར་བྱ་བའི་འབྲས་བུ་ནི་ཀྱེའི་རྡོ་རྗེ་ཡིན་ལ། དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་གཏོགས་པ་གཞན་གྱིས་ཐོབ་པ་མ་ཡིན་ཞིང༌། ལམ་གཞན་ཐམས་ཅད་ཀྱང་དེའི་ཡན་ལག་ཏུ་འགྱུར་བར་བསྟན་པའི་ཕྱིར་ཏེ། དེས་ན་རྒྱུད་འདིར་བརྗོད་པར་བྱ་བའི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། འོག་ནས་འབྱུང་བའི་གཏོར་མ་དང་བཟླས་པ་ལ་སོགས་པ་ཐམས་ཅད། སྣང་བ་དེ་དང་དེའི་རྣམ་པར་སྣང་ཡང༌། རང་གི་ངོ་བོའམ་གོ་ཡུལ་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་འདི་ཐོག་མར་བསྟན་ཏོ། །དེའང་དང་པོ་ཚིགས་སུ་བཅད་པ་གཅིག་གིས་ལྷན་སྐྱེས་ཀྱི་མཚན་ཉིད་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི། ཡེ་ཤེས་དེ་རྟོགས་བྱེད་ཀྱི་ཐབས་ཁྱད་པར་དུ་འཕགས་པ་སྟོན་ཏེ། ཡེ་ཤེས་ཀྱི་མཚན་ཉིད་ཐོས་པ་ལས་བྱུང་བ་ཙམ་ནི་ཕ་རོལ་ཏུ་ཕྱིན་པ་ལའང་ཡོད་པས། དེ་ལས་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར་ཏེ། འདིར་རྡོ་རྗེའི་ལུས་ཀྱི་གནས་ལུགས་དང༌། དེ་ལ་ཕྱི་རོལ་གྱི་ཆོས་ཐམས་ཅད་བསྡུས་ཏེ་སྤྲོས་པ་བཅད་པར་བསྟན་པའི་ཕྱིར། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་སྦས་པའི་དོན་དུ། ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་འཆད་དོ། །ལེའུ་དང་པོའོ།།  །།དེ་ལྟར་མོས་པ་བྱས་ནས། དེའི་ལམ་གྱི་ཡན་ལག་ཏུ་འགྱུར་བར་བྱ་བའི་ཕྱིར་དང༌། དེ་ལྟ་བུའི་ལམ་ལ་མོས་པ་མེད་པ་རྣམས་རིམ་གྱིས་གཞུག་པའི་དོན་དུ་ཐུན་མོང་གི་མངོན་པར་རྟོགས་པ་དྲུག་བསྟན་པར་བྱ་བའི་ཕྱིར་དང༌། བཟླས་པ་ཉིད་ཀྱང་མཆོག་འགྲུབ་པར་བྱེད་པའི་རྒྱུ་ཡིན་ཏེ། དཔལ་སཾ་པུ་ཊ་ལས། རྡོ་རྗེ་སེམས་དཔའི་སྙིང་པོ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །ཅེས་གསུངས་པས་ན་དེའི་འོག་ཏུ་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལེའུ་གཉིས་པ་གསུངས་ཏེ། བར་ཆད་ཞི་བར་བྱེད་པ་གཏོར་མའི་སྔགས་དང༌། ཐུགས་སྐུལ་བར་བྱེད་པ་བཟླས་པའི་སྔགས་དང༌། སྔགས་ཐམས་ཅད་ཀྱི་ཁ་སྐོང་བར་བྱེད་པ་དང༌། དམ་ཚིག་དང་རབ་གནས་དང་སྦྱིན་སྲེག་དང་འབྲེལ་པ་བྱིན་གྱིས་རློབ་པར་བྱེད་པའི་སྔགས་དང༌། དམན་པ་འཛིན་པར་བྱེད་པ་ལས་ཚོགས་དང་འབྲེལ་པའི་སྔགས་རྣམས་ཏེ། སྤྱིའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་འཆད་དོ། །ལེའུ་གཉིས་པའོ།།  །།དེ་ལྟར་སྔགས་ཟློས་པ་ལ་ལུས་ལྷར་བསྐྱེད་དགོས་པ་ནི། དེའི་འོག་ཏུ་དེ་ནས་ལྷའི་ཞེས་བྱ་བ་ལ་སོགས་པ་ལེའུ་གསུམ་པ་གསུངས་ཏེ། སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པ་དང༌། རྟེན་སྲུང་བའི་འཁོར་ལོ་དང་གདན་བསྒོམ་པ་དང༌། དེར་ཧེ་རུ་ཀ་གསུམ་འཁོར་དང་བཅས་པ་བསྐྱེད་པ་སྟོན་ཏེ། སྤྱིའི་དོན་དུ་ཡན་ལག་གི་དོན་གྱིས་འཆད་ཅིང་ཡི་གེ་དང་མན་ངག་ཀྱང་ཅུང་ཟད་འཇུག་གོ །ལེའུ་གསུམ་པའོ།།  །།ལྷར་བསྐྱེད་པ་དེ་ཉིད་ཀྱི་ཡན་ལག་རྣམས་ཡོངས་སུ་ཚང་བར་བྱ་བའི་ཕྱིར་དང༌། ཁམས་གསུམ་གྱིས་ཆོས་ཀྱི་རྒྱལ་པོར་དབང་ཐོབ་པར་བྱ་བའི་ཕྱིར། ལྷ་དབང་བསྐུར་བའི་ལེའུ་ཞེས་བྱ་བ་བཞི་པ་ཡིན་ཏེ། དབང་བསྐུར་བའི་ཚུལ་དངོས་དང༌། ཞར་ལ་ཐུན་གྱི་གྲངས་དང་སྤྱོད་ལམ་གྱི་རྣལ་འབྱོར་དང་བཅས་པ་སྟོན་ཏེ། སྤྱིའི་དོན་དུ་ཡན་ལག་གི་དོན་གྱིས་འཆད་དོ། །ལེའུ་བཞི་པའོ།།  །།དེ་ལྟར་ལྷའི་བཟླས་བསྒོམ་ལ་གནས་ཀྱང་དེ་ཁོ་ན་ཉིད་མ་རྟོགས་ན་གྲོལ་བར་མི་འགྱུར་བས་ན། དེའི་འོག་ཏུ་དེ་ཁོ་ན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལེའུ་ལྔ་པ་གསུངས་ཏེ། ཐོག་མར་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། སྐྱེད་བྱེད་ཅེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་ཟབ་མོའི་རྣལ་འབྱོར་འཐད་པ་དང་བཅས་པ་དང༌། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པས་དེ་ལས་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་ཏེ། དོན་དམ་པའི་ཚུལ་དང༌། དེ་ལ་ཀུན་རྫོབ་ཏུ་ལྷ་དང་སྔགས་དང༌། དཀྱིལ་འཁོར་དང་ཕྱག་རྒྱ་དང་བསམ་གཏན་གྱི་དེ་ཁོ་ན་ཉིད་རྟོགས་པ་ཕན་ཡོན་དང་བཅས་པ་བསྟན་ཏེ། འདི་ནི་སྤྱི་དང་སྦས་པ་མཐར་ཐུག་པའི་དོན་ཏེ། ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་འཇུག་གོ །ལེའུ་ལྔ་པའོ།།  །།དེ་ལྟར་རིམ་པ་གཉིས་ལ་གནས་ནས་དྲོད་ཐོབ་པའི་རྣལ་འབྱོར་པས་སྤྱོད་པ་སྤྱད་པ་ལ་དབང་བས་ན། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ལེའུ་དྲུག་པ་གསུངས་ཏེ། སྤྱོད་པ་བྱེད་པའི་གང་ཟག་དང༌། དུས་དང༌། གྲོགས་དང༌། སྤྱོད་པ་དངོས་དགོས་པ་དང་བཅས་པ་མདོར་བསྟན་པ་དང་རྒྱས་པར་བཤད་པའི་ཚུལ་གྱིས་སྟོན་ཏེ། འདི་ནི་སྦས་པའི་དོན་གྱི་སྤྱོད་པར་ཡན་ལག་དང་ཡི་གེ་དང་མན་ངག་གིས་འཆད་པར་བྱེད་དོ། །ལེའུ་དྲུག་པའོ།།  །།རྒྱལ་ཚབ་ཀྱི་སྤྱོད་པ་ལ་གནས་པས་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་དང༌། གནས་ལ་སོགས་པ་དབང་དུ་བྱ་བའི་ཕྱིར་ཙྪོ་མ་ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་བསྟན་ཏོ། །དེའང་གང་གིས་སྤུན་དང་ཞེས་བྱ་བ་ལ་སོགས་པས་ནི་བརྡ་རྣམས་སྟོན་ཏོ། །ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བརྡས་མཚོན་པའི་གྲོགས་དང་འདུ་བའི་གནས་སྟོན་ཏོ། །ཀྱེ་ཞེས་བྱ་བ་ལ་སོགས་པས་ནི་འདུ་བའི་དུས་སོ། །རྒྱལ་མཚན་ཞེས་བྱ་བ་ལ་སོགས་པས་ནི་འདུས་པའི་བྱ་བ་སྟེ། འདི་ནི་ཕྱི་ལྟར་ན་སྤྱིའི་དོན་ཡིན་ཞིང༌། ནང་ལྟར་ན་སྦས་པའི་དོན་དང༌། གྲུབ་པའི་དབང་དུ་བྱས་ན་མཐར་ཐུག་པའི་དོན་དུ་འགྱུར་ཏེ། ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་འཇུག་གོ །ལེའུ་བདུན་པའོ།།  །།བརྡས་མཚོན་པའི་རྣལ་འབྱོར་མ་རྣམས་ནི། ཡེ་ཤེས་ཀྱི་རྣལ་འབྱོར་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རམ། ཡང་ན། ལེའུ་དང་པོར་ལུས་ལ་ཡེ་ཤེས་གནས། །ཞེས་ལུས་དང་ཡེ་ཤེས་བརྗོད་བྱར་བསྟན་པ་དེ་ལ། ཡན་ལག་ལྔ་ལྡན་གྱི་སྤྱོད་པས་གྲུབ་པའོ་ཞེས་ལེའུ་བདུན་པ་ཡན་ཆད་དུ་བསྟན་ནས། ཡན་ལག་ལྔ་པོ་ཉིད་ཚང་བར་བྱེད་པའི་རྣལ་འབྱོར་ནི་ལུས་སུ་ཡེ་ཤེས་དང་མཐུན་པའི་རིམ་པ་གཉིས་བསྒོམ་པ་འདིའོ་ཞེས་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་ལེའུ་བརྒྱད་པ་གསུངས་ཏེ། ནམ་མཁའི་ཁམས་སུ་ཞེས་བྱ་བ་ལ་སོགས་པས་ནི་རྟེན་དང་བརྟེན་པའི་བདག་ཉིད་ཅན་གྱི་བསྐྱེད་པའི་རིམ་པ་བསྒོམ་པ་སྟོན་ཏོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པས་ནི་རིམ་པ་གཉིས་འབྲེལ་པ་ཅན་དུ་བྱ་བར་མཚམས་སྦྱར་བ་བསྟན་ཏོ། །ནམ་མཁའི་ཁམས་ནི་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་པའི་རྫོགས་པའི་རིམ་པ་དེའི་ཡེ་ཤེས་ཀྱི་མཚན་ཉིད་དང་བཅས་པ་དང༌། མཚན་མ་མེད་པའི་རྫོགས་པའི་རིམ་པ་དང༌། ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ཉིད་ཁོ་ན་བསྒོམ་པར་རྗེས་སུ་གདམས་པ་རྣམས་སྟོན་ཏོ། །འདི་ནི་སྤྱི་དང་སྦས་པའི་དོན་དུ་ཡན་ལག་གི་དོན་གྱིས་གཙོར་འཆད་ཅིང༌། ཡི་གེ་དང་མན་ངག་ཀྱང་ཅུང་ཟད་འཇུག་གོ །ལེའུ་བརྒྱད་པའོ།།  །།དེ་ལྟ་བུའི་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་དག་པ་རྟོགས་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་ལེའུ་དགུ་པ་གསུངས་ཏེ། ངེས་པར་དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་ཀྱི་དག་པ་སྟེ། རྟོགས་པའི་ལྟ་བའོ། །ཕྱི་ནས་ཞེས་བྱ་བ་དང་གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་ནི་ལྷ་སོ་སོའི་དག་པ་བསྐྱེད་པའི་རིམ་པའོ། །རང་རིག་ཅེས་བྱ་བ་ནི་རང་རིག་པའི་དག་པའོ། །ཕུང་པོ་ལྔ་དང་ཞེས་བྱ་བ་དང་ཀྱེ་ཞེས་བྱ་བ་ལ་སོགས་པ་ནི་དག་པ་ལ་རྩོད་པ་སྤོང་བ་སྟེ། འདི་དག་ནི་སྤྱིའི་དོན་ཏེ་ཡན་ལག་གི་དོན་གྱིས་བཤད་པ་སྟེ། ལེའུ་དགུ་པའོ།།  །།དེས་ན་ལུས་དང་ཡེ་ཤེས་དང་མཐུན་པའི་དཀྱིལ་འཁོར་རྣལ་འབྱོར་མའི་དཀྱིལ་འཁོར་དག་པ་དང་བཅས་པར་སློབ་མ་དབང་བསྐུར་བ་མ་བྱས་ན་ལམ་དེ་བསྟན་པ་ལ་མི་དབང་ངོ༌། །དེས་ན་དེ་དང་འབྲེལ་པས་ན། །དེ་ནས་ཇི་ལྟར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་པ་སྟོན་ཏོ། །ལེའུ་འདིར། བསྙེན་པ་དང༌། ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བ་སྟེ་ལྔ་དང༌། བུམ་པ་སྟ་གོན་དང༌། དཀྱིལ་འཁོར་བྲི་བ་དང༌། རྒྱན་དགྲམ་པ་དང༌། བསྒྲུབ་ཅིང་མཆོད་པ་དང༌། སློབ་དཔོན་འཇུག་པ་དང༌། སློབ་མ་དབང་བསྐུར་བ་སྟེ་དོན་བརྒྱད་སྟོན་ཏེ། དེ་བས་ན་ལེའུ་གཞུང་གི་ཆ་ནི་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སུ་གནས་སོ། །དབང་བསྐུར་བ་འདིས་ནི། དབང་གི་ཡེ་ཤེས་བསྟན་པའི་སྒོ་ནས་རྟོགས་པའི་ལྟ་བ་དང༌། རྫོགས་རིམ་གྱི་དེ་ཁོ་ན་ཉིད་དང༌། འབྲས་བུ་གྲུབ་པའི་རྟགས་དང་བཅས་པ་སྟོན་ཏེ། དེ་བས་ན་ལེའུ་འདིས་རྒྱུད་གསུམ་པོ་ཉིད་དང༌། སྤྱི་དང་སྦས་པ་དང་མཐར་ཐུག་པའི་དོན་དུ། ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་འཇུག་གོ །ལེའུ་བཅུ་པའོ།།  །།དེ་ལྟར་དབང་བསྐུར་ཞིང་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་གཞན་རྗེས་སུ་གཟུང་བར་བྱ་བའི་ཡན་ལག་ཏུའམ། ཡན་ལག་ལྔ་པོ་གྲུབ་པར་སྟོན་པ་ནི། ལྟ་སྟངས་ཀྱི་ལེའུ་གསུངས་སོ། །དེའང་མཉམ་པར་ཞེས་བྱ་བ་ལ་སོགས་པས་ལྟ་སྟངས་བཞི་པོ་ཉིད་སྟོན་ཏོ། །ན་དང་ཞེས་བྱ་བ་ལ་སོགས་པས་བཟའ་བའི་དམ་ཚིག་བསྟན་ཏོ། །ཀུ་རུ་ཀུལླེ་ཞེས་བྱ་བ་ལ་སོགས་པས་ལྟ་སྟངས་ཀྱི་ཁྱད་པར་གྱི་རྣལ་འབྱོར་སྟོན་ཏེ། སྤྱིའི་དོན་དུ་ཡན་ལག་གི་དོན་དང་ཡི་གེའི་དོན་གྱིས་སྟོན་ཏོ། །ལེའུ་བཅུ་གཅིག་པའོ།།  །།དེ་ལྟར་ན་གང་ཟག་གཞུག་པའི་གོ་རིམ་གྱི་སྒོ་ནས་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་ཏེ་བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བསྟན་ཏོ། །བརྟག་པ་དང་པོའི་བསྡུས་པའི་དོན་རྫོགས་སོ།།  །།བརྟག་པ་དང་པོར་མངོན་པར་རྟོགས་པའི་རིམ་པ་བསྟན་པ་དེ་ཉིད་ལ། མ་ཚང་བ་ཁ་བསྐང་བ་དང་མི་གསལ་བ་གསལ་བར་བྱ་བའི་ཕྱིར་བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་གནས་སོ། །དེ་ལ་ལེའུ་བཅུ་གཉིས་སུ་གནས་པ་ལས་དང་པོར་རབ་གནས་ཀྱི་ལེའུ་སྟོན་ཏེ། དེ་ལྟར་ལྟ་སྟངས་ཀྱིས་སེམས་ཅན་གདུག་པ་ཅན་བཅུག་ནས། སྐལ་བ་དང་ལྡན་པ་དམན་པ་རྣམས་གཞུག་པར་བྱ་བའི་ཕྱིར་འདི་བསྟན་ཏོ། །དེ་ལའང༌། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་རབ་ཏུ་གནས་པ་སྟོན་ཏེ། སྟ་གོན་གྱི་ཆོ་ག་དང༌། དངོས་གཞིའི་ཆོ་ག་དང༌། སློབ་དཔོན་གྱི་མཚན་ཉིད་དང༌། མཆོད་པའི་ཆོ་ག་རྣམས་ཀྱིས་བསྟན་ཏོ། །ཞི་བར་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གི་ཆོ་ག་བསྟན་ཏོ། །ཨོཾ་ཨགྣ་ཡེ་ཞེས་བྱ་བ་ལ་སོགས་པས་མེ་ལྷ་སྤྱན་དྲང་བ་དང༌། སའི་ལྷ་མོ་མཁྱེན་པར་གསོལ་བ་དང༌། མེ་ལྷ་གཤེགས་པ་དང༌། མཆོད་ཡོན་གྱི་སྔགས་རྣམས་ཕྱོགས་གཅིག་ཏུ་བསྟན་ཏོ། །འདི་དག་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཏོ། །ལེའུ་དང་པོའོ།།  །།དེ་ལྟར་དམན་པ་རྗེས་སུ་བཟུང་ནས་མཆོག་འདོད་པ་རྣམས་ལ་དངོས་གྲུབ་རྒྱུ་དང་བཅས་པ་ལེའུ་གཉིས་པ་གསུངས་ཏེ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས། ལྷའི་རྣལ་འབྱོར་གང་ཞིག་བསྒོམ་པ་དང༌། གནས་དང༌། དུས་དང༌། བསམ་པ་སྟེ་མདོར་ན་བསྐྱེད་རིམ་བསྒོམ་པ་སྟེ་སྤྱིའི་དོན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི་བསྐྱེད་རིམ་ལ་གནས་ནས་དྲོད་ཐོབ་པར་བྱེད་པའི་ཐབས་སུ་རྫོགས་རིམ་བསྒོམ་པ་བསྟན་ཏོ། །འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་ལ་བརྟེན་ཏེ་ཐོབ་པའི་དྲོད་ཀྱི་རང་གི་ངོ་བོ་གསུངས་སོ། །མཚམས་མེད་ལྔ་ནི་ཞེས་བྱ་བ་ལ་སོགས་པས་དེ་ལྟ་བུ་ལ་གནས་ན་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་རྟེན་གྱི་གང་ཟག་གསུངས་སོ། །ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པས་དྲོད་ཐོབ་ནས་སྤྱོད་པ་བསྒྲུབ་པའི་རིམ་པ་གསུངས་ཏེ། གྲོགས་དང་དུས་དང་དགོས་པ་དང་བཅས་པས་བསྟན་ཏོ། །རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ལ་བརྟེན་པའི་དངོས་གྲུབ་ལ་བརྩེད་པའི་སྐྱོན་སྤང་བ་སྟོན་ཏེ། དེ་དག་ནི་སྦས་པའི་དོན་ཏོ། །ཆགས་དང་འཇིག་པ་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་མཚན་ཉིད་གསུངས་ཏེ་མཐར་ཐུག་པའི་དོན་ཏོ། །དེ་ལྟར་ན་དེ་དག་མངོན་པར་རྟོགས་པའི་རིམ་པ་བཞིན་ནོ། །གཞུང་ལྷག་མས་ནི་དངོས་གྲུབ་དེ་རིམ་པ་གཉིས་ལ་བརྟན་པའི་ཚུལ་དེ་རྒྱས་པར་འཆད་དོ། །དེ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་ཀྱི་མཚན་ཉིད་བསྒོམ་པའི་གོ་རིམ་དང་བཅས་པ་དང༌། རིམ་པ་གཉིས་དགོས་པའི་འཐད་པ་དང༌། རྫོགས་པའི་རིམ་པའི་ཆེ་བ་དང་བཅས་པ་བསྟན་ཏོ། །ཞལ་ཕྱག་རྣམ་པ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ལམ་ལ་འབད་ན་དངོས་གྲུབ་འགྲུབ་པའི་འཐད་པར་རྒྱུའི་རྒྱུད་རང་བཞིན་གྱིས་དག་པར་བསྟན་ཏོ། །འོན་ཀྱང་བག་ཆགས་ཕལ་པས་སོ་ཞེས་བྱ་བ་ལ་སོགས་པས་རང་བཞིན་གྱིས་དག་ཀྱང་གློ་བུར་གྱིས་བསྒྲིབས་པ་དང༌། དེ་སེལ་བར་བྱེད་པའི་ཐབས་འཐད་པ་དང་བཅས་པ་སྟོན་ཏོ། །ལེའུ་གཉིས་པའོ།།  །།ལེའུ་གཉིས་པར་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར་ཞེས་བྱ་བ་རྫོགས་པའི་རིམ་པའི་ཆེ་བ་དང་བཅས་པ་དེ་ཉིད་རྒྱས་པར་ཤེས་པར་བྱ་བའི་ཕྱིར་ལེའུ་གསུམ་པ་གསུངས་སོ། །དེ་ལའང་དེ་ནས་ཞེས་བྱ་བ་ལ་སོགས་པས་དང་པོར་ལུས་རྣམ་པར་གཞག་པ་བསྟན་ཏོ། །དེ་ལ་སྡོམ་པ་ཞེས་བྱ་བ་ཡན་ལག་རྒྱས་པར་དབྱེ་བ་སྟེ། ཐོག་མ་ཁོ་ནར་རྫོགས་པའི་རིམ་པའི་ཡེ་ཤེས་བདེ་བ་མཆོག་གི་རང་བཞིན་གནས་དང་མཚན་ཉིད་དང་བཅས་པ་བསྟན་ཏོ། །སློབ་དཔོན་ཞེས་བྱ་བ་ལ་སོགས་པས་བདེ་མཆོག་དེ་ཤེས་པར་བྱེད་པ་ནི་ཐུན་མོང་མ་ཡིན་པའི་དབང་བཞི་ཡིན་པས། དབང་གི་མཚོན་བྱ་དང༌། དག་པ་དང༌། དགོས་པ་དང༌། ངེས་པའི་ཚིག་དང༌། སོ་སོའི་མཚན་ཉིད་དང་བཅས་པ་སྟོན་ཏོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པས་དབང་གི་དོན་ལ་བསྒོམ་ན་རྣམ་པ་རྣམས་སྦྱོང་བར་བསྟན་ཏོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་དབང་གི་སྡོམ་པ་ལ་གནས་པ་དེ་ཉིད་ཀྱི་དམ་ཚིག་བསྟན་ཏོ། །དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་སྦྱོང་བ་རྒྱས་པར་འཆད་དོ། །དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟ་བུའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་སྟོན་ཏོ། །དེ་དག་ནི་སྦས་པའི་དོན་ཏོ། །དེ་ནས་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ནི་དབང་པོ་དྲུག་གི་དག་པ་སྟོན་ཏོ། །བསྐྱེད་པའི་རིམ་པ་སྤྱིའི་དོན་ཏོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི་ངག་གི་བརྡ་སྟོན་ཏེ། སྤྱིའི་དོན་དུ་མན་ངག་གིས་བཤད་པའོ། །ལེའུ་གསུམ་པའོ།།  །།ལེའུ་བཞི་པ་འདིས་ནི་སྔར་བསྟན་པའི་དོན་རྣམས་ལ་ཐེ་ཚོམ་གྱི་གནས་རྣམས་གཅོད་པར་བྱེད་པའི་དྲི་སྟོན་ཏེ། དེ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་བརྟག་པ་དང་པོའི་ལེའུ་བཞི་པའི་དོན་ལ་དྲིས་པ་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ལན་སྟོན་པ་ལས། དང་པོར་རྡོ་རྗེའི་གླུ་དང༌། གར་དང༌། དེ་དག་གི་རྣལ་འབྱོར་ཕན་ཡོན་དང་བཅས་པ་སྟོན་ཏོ། །ཕྱག་རྒྱ་རྟགས་དང་མཚན་མ་ཞེས་བྱ་བ་ལ་སོགས་པས་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏོ། །ཨཱ་ལི་དང་པོ་ཞེས་བྱ་བ་ལ་སོགས་པས་ས་བོན་གྱི་ངེས་པ་སྟོན་ཏོ། །སྤྱིའི་དོན་ཏོ། །རིགས་ཀྱི་ལེའུ་ཞེས་བྱ་བ་ལ་སོགས་པས་རྩ་རྣམས་ཀྱི་རྣམ་པར་དག་པ་སྟོན་ཏོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཞེས་བྱ་བའི་བར་གྱིས་ནི། དེ་ལྟ་བུའི་རྩ་རྣམས་ཉིད་ལ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེད་པའི་ཐབས་སུ་གསལ་བར་སྟོན་ཏེ། དཀྱིལ་འཁོར་འཁོར་ལོའི་ཐབས་ཕྱག་རྒྱའི་རྣལ་འབྱོར་ཡེ་ཤེས་དང་བཅས་པ་དང༌། རང་བྱིན་གྱིས་རློབ་པའི་ཐབས་རང་བྱུང་གི་ཡེ་ཤེས་དང་བཅས་པ་སྟོན་ཏོ། །རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ལ་སོགས་པས་སྡོམ་པའི་རབ་ཏུ་དབྱེ་བ་སྟོན་ཏེ། དེ་ནི་རྣལ་འབྱོར་པ་ཕྱི་རོལ་གྱི་སྤྲོས་པ་འདོར་བར་འདོད་པ་རྣམས་ལ་ཇི་སྙེད་ཡོད་པའི་ཆོས་རྣམས་རང་གི་ལུས་ལ་ཇི་ལྟ་བ་བཞིན་དུ་སྡུད་པ་སྟོན་པ་ཡིན་ནོ། །དེ་ཡང་དང་པོ་ནི་རྣལ་འབྱོར་མ་ལུས་དབུས་གནས་ཞེས་བྱ་བ་ལ་སོགས་པས་རྩ་ལ་རྣམ་པར་གཞག་པ་སྟོན་ཏོ། །སྐུ་གསུམ་ལུས་ཀྱི་ནང་ཞེས་བྱ་བ་ལ་སོགས་པས་འཁོར་ལོ་ལ་རྣམ་པར་གཞག་པ་སྟོན་ཏོ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད་ཅེས་བྱ་བ་ལ་སོགས་པས་ལུས་ལ་ཆོས་མཐུན་གྱིས་སངས་རྒྱས་དང༌། སེམས་ལ་རང་བཞིན་གྱིས་སངས་རྒྱས་སུ་གཞག་པ་འཐད་པ་དང་བཅས་པ་སྟོན་ཏོ། །སྦས་པའོ། །ས་ནི་པུཀྐ་སཱི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ལ་བརྩེད་པའི་སྐྱོན་སྤོང་བ་སྟོན་ཏོ། །ཀྱེའི་རྡོ་རྗེ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པས་གཏོར་མའི་ཆོ་ག་སྟོན་ཏོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ལྷ་མོ་གསུམ་གྱི་ཕྱག་རྒྱ་སྟོན་ཏོ། །རྒྱས་པར་རབ་ཏུ་ཕྱེ་བ་ལས་ཞེས་བྱ་བ་ལ་སོགས་པས་རིགས་ཀྱི་རབ་ཏུ་དབྱེ་བ་སྟེ། དེ་དག་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཏོ། །ལེའུ་བཞི་པའོ།།  །།ལེའུ་ལྔ་པས་ནི་བརྟག་པ་དང་པོར་ལེའུ་བརྒྱད་པར་མངོན་པར་བྱང་ཆུབ་པས་ལྷ་རྣམས་ཀྱི་སྐྱེད་ཆོག་གསུངས་པ་དེ་ལ་རྣལ་འབྱོར་མ་གསུངས་ན། བཅོམ་ལྡན་འདས་མ་གསུངས་པས་མ་ཚང་བ་ཁ་སྐོང་བར་བྱེད་དེ། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ་ཞེས་བྱ་བ་ལ་སོགས་པས་དཔལ་ཧེ་རུ་ཀའི་སྐུ་མངོན་པར་འབྱུང་བ་སྟོན་ཏོ། །དེ་དང་འབྲེལ་པའི་སྔགས་མ་གསུངས་པ་བོལླ་ཞེས་བྱ་བ་ལ་སོགས་པས་ནི་གསུང་མངོན་པར་འབྱུང་བ་སྟེ་རྩ་བའི་སྔགས་བསྟན་ཏོ། །དེ་དང་འབྲེལ་བའི་དབང་བཅུ་པར་མ་གསུངས་པས། དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པས་དབང་མངོན་པར་འབྱུང་བ་སྟེ། སྔར་ལེའུ་བཅུ་པར་མ་བསྟན་པའི་ཁྱད་པར་དཀྱིལ་འཁོར་དང༌། བུམ་པ་དང༌། ཕྱག་རྒྱ་དང༌། སློབ་མ་འཇུག་པ་དང༌། དབང་གི་ཁྱད་པར་རྣམས་བསྟན་ཏོ། །སྤྱིའི་དོན་གཙོ་ཆེ་བར་བསྟན་ཏོ། །ལེའུ་ལྔ་པའོ།།  །།ལེའུ་དྲུག་པ་ལྷ་མོ་ལ་ནི་ཞེས་བྱ་བ་ལ་སོགས་པས་ལུས་ལ་བཏབ་པའི་ཕྱག་རྒྱ་ལྔའི་དགོས་པའོ། །དེ་ནས་རབ་ཏུ་བཞད་ནས་ཀྱང་ཞེས་བྱ་བ་ལ་སོགས་པས་ལས་དང་པོ་པ་རྣམས་ལ་བྲིས་སྐུ་ལ་བརྟེན་ཏེ་དངོས་གྲུབ་འགྲུབ་པར་འགྱུར་བས་དེའི་ཆོ་ག་སྟོན་ཏེ། ལེའུ་དྲུག་པ་སྤྱིའི་དོན་ཏོ།།  །།ལེའུ་བདུན་པར་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་དང་པོ་པ་རྣམས་ལ་གླེགས་བམ་གྱི་ཆོ་ག་དང༌། བྷ་གར་ལིངྒ་ཞེས་བྱ་བ་ལ་སོགས་པས་ཚོགས་ཀྱི་འཁོར་ལོའི་ཆོ་ག་སྟོན་ཏེ། ལེའུ་བདུན་པ་སྤྱིའི་དོན་ཏོ།།  །།ལེའུ་བརྒྱད་པར་དེ་ནས་རྣལ་འབྱོར་མས་ཞུས་པ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་རྟེན་པད་ཅན་མའི་མཚན་ཉིད་བསྟན་ཏེ་སྦས་པའི་དོན་ཏོ། །དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ལམ་འབྲས་བུ་དང་བཅས་པའི་ཕྱིར་སྨོན་ལམ་གདབ་པའོ། །དེ་ནས་ལྷ་མོ་དེ་དགྱེས་ནས་ཞེས་བྱ་བ་ལ་སོགས་པས་རྒྱུད་སྦྱང་བ་མ་བྱས་པ་གདུལ་བ་དཀའ་བ་རྣམས་རིམ་གྱིས་འདུལ་བའི་ཐབས་སྟོན་ཏེ། འདི་དག་ནི་སྤྱི་དང་སྦས་པ་གཉི་ག་འཇུག་སྟེ། ལེའུ་བརྒྱད་པའོ།།  །།ལེའུ་དགུ་པར་དེ་ནས་ཁ་སྦྱར་ཞེས་བྱ་བ་ལ་སོགས་པས་ཞི་བས་མི་འདུལ་བ་རྣམས་ལ་དྲག་ཤུལ་གྱིས་ལས་སྟོན་ཏོ། །རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །ཞེས་བྱ་བ་ལ་སོགས་པས་སྔར་མ་བསྟན་པའི་རྣམ་པར་དག་པ་སྟོན་ཏོ། །བདག་མེད་མས་གསོལ་པ། །ཞེས་བྱ་བ་ལ་སོགས་པས་ནི་སྔགས་བཏུ་བའོ། །ལེའུ་དགུ་པ་སྤྱིའི་དོན་དུ་བཤད་པའོ།།  །།ལེའུ་བཅུ་པར་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཟླས་པའི་ཡུལ་ཕྲེང་བ་དང༌། དེའི་དུས་ཀྱི་ཁ་ཟས་དང་བཅས་པ་སྟོན་ཏེ། ལེའུ་བཅུ་པ་སྤྱིའི་དོན་ཏོ།།  །།ལེའུ་བཅུ་གཅིག་པར་ཀྱེའི་རྡོ་རྗེ་ལ་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་རིགས་སོ་སོར་ངེས་པའི་རྟགས་བསྟན་པ་ནི་སྤྱིའི་དོན་ཡིན་ལ་བྷ་གར་ལིངྒ་ཞེས་བྱ་བ་ལ་སོགས་པ་སྦྱོར་ཐབས་ཀྱི་བྱེ་བྲག་བསྟན་པ་ནི་སྦས་པའི་དོན་ཏོ། །ལེའུ་བཅུ་གཅིག་པའོ།།  །།ལེའུ་བཅུ་གཉིས་པར་དེ་ནས་རྡོ་རྗེ་ཅན་གྱི་དབང་ཞེས་བྱ་བ་ལ་སོགས་པས་ནི་དབང་བཞིའི་ཚིགས་སུ་བཅད་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་མཁའ་གསང་བྱིན་གྱིས་བརླབ་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་བྱ་བ་སྟེ། ལེའུ་བཅུ་གཉིས་པ་སྤྱི་དང་སྦས་པའི་དོན་དུ་བཤད་པའོ།།  །།བརྟག་པ་ཕྱི་མའི་གཞུང་གི་ཆ་འདི་རྣམས་བརྟག་པ་དང་པོའི་ལེའུ་སོ་སོར་སྦྱར་བའི་ཚུལ་ནི་འོག་ནས་བླ་མའི་གཞུང་བཞིན་དུ་རྒྱས་པར་བསྟན་པར་བྱ་བས་འདིར་རྒྱས་པར་མ་སྤྲོས་སོ། །བརྟག་པ་གཉིས་པ་བསྡུས་པའི་དོན་ཏོ། །དེ་ལྟར་བརྟག་པ་གཉིས་ཀྱིས་བདག་ཉིད་ལེའུ་ཉི་ཤུ་རྩ་གསུམ་ཤླཽ་ཀ་བདུན་བརྒྱ་ལྔ་བཅུ་པའི་གཞུང་འདི་ལའང༌། མདོར་བསྡུས་ན་གླེང་གཞིས་མདོར་བསྟན། བརྟག་པ་དང་པོས་རྒྱས་པར་བཤད། བརྟག་པ་གཉིས་པས་དེའི་མ་ཚང་བ་ཁ་བསྐང་བ་ལ་སོགས་པའི་ཚུལ་གྱིས་རྒྱུད་ཕྱི་མ་ལྟ་བུར་བཞུགས་སོ། །ཡང་རྒྱུད་འདིའི་གནས་ལུགས་ཀྱི་དབང་དུ་བྱས་ན། དཔེར་ན་ཚོང་པ་ཚོང་གི་ཁེ་མཐོང་ནས་འཇུག་པ་དང་འདྲ་བར་གཞུག་པའི་རིམ་པས་གནས་ཏེ། དང་པོར་རྒྱུད་ཀྱི་མཚན་གྱི་སྒོ་ནས་འབྲས་བུའི་རྒྱུད་བསྟན། དེ་ནས་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་བསྟན། དེ་ནས་དེ་ཉམས་སུ་ལེན་པ་ལ་འཇུག་པར་དབང་བསྐུར་བ་བསྟན་ཏོ། །དེ་ལྟར་གནས་ཀྱང་རྟེན་གྱི་གང་ཟག་གཅིག་གིས་ཉམས་སུ་བླང་བའི་མངོན་པར་རྟོག་པ་སྐྱེ་པའི་རིམ་པའི་དབང་དུ་བྱས་ན། དང་པོར་རྒྱུ་རྒྱུད། དེ་ནས་ཐབས། དེ་ནས་འབྲས་བུའི་རྒྱུད་འབྱུང་བས། དེ་དག་བླ་མའི་མན་ངག་གིས་རྒྱུད་བསྡེབས་ཏེ་བརྗོད་ན། དང་པོ་ཁོ་ནར་བརྟག་པ་ཕྱི་མའི་ལེའུ་བཞི་པར་རང་དང་རང་གི་རྟོགས་པ་ལས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་རྒྱུ་ཡོད་པ་ཉིད་དུ་སྟོན་པ་འདི་འབྱུང་ངོ༌། །དེ་ལའང་བྱེ་བྲག་ཏུ་གྲུབ་ཉེ་བ་ལ་དགོངས་ཏེ། རིགས་ལ་ལྟོས་པའི་གང་ཟག་ལེའུ་བཅུ་གཅིག་པ་ལས། ལུས་ཅན་རང་གི་རིགས་བཤད་ཀྱིས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལྟར་སངས་རྒྱས་ཀྱི་རྒྱུ་ཡོད་པ་དེ་ཉིད་ཀྱིས་སྦྱང་བ་མ་བྱས་ཀྱང་རིང་ཞིག་ན་འགྲུབ་པར་བསྟན་པ་དང༌། སྦྱང་བ་བྱས་པ་ངེས་པར་འགྲུབ་པའི་གང་ཟག་གཉིས་བསྟན་པའམ། ཡང་ན་གང་ཟག་ཁ་ཅིག་ཅིག་ཅར་དུ་འཇུག་ལ། ཁ་ཅིག་རིམ་གྱིས་སྦྱངས་ཏེ་འཇུག་པའི་གང་ཟག་གཉིས་བསྟན་པའི་ཕྱིར། ཕྱི་མའི་ལེའུ་གཉིས་པར། མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་གསུམ་གསུངས་སོ། །གདུལ་དཀའ་བ་རྣམས་རིམ་གྱིས་རྒྱུད་གོམས་པར་བྱ་དགོས་པས་དེའི་བསླབ་བྱའི་རིམ་པ་ནི་ཕྱི་མའི་ལེའུ་བརྒྱད་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་འོས་སུ་གྱུར་པ་རྣམས་ལ་དབང་བཞིས་རྒྱུད་སྨིན་པར་བྱ་དགོས་པས་དེའི་ཆོ་ག་སྟོན་པ་ནི། བརྟག་པ་དང་པོའི་ལེའུ་བཅུ་པ་དང༌། ཕྱི་མའི་ལེའུ་གསུམ་པའི་ཆ་ཤས་དང༌། ལྔ་པའི་ཆ་ཤས་དང༌། བཅུ་གཉིས་པའི་ཆ་ཤས་རྣམས་ཀྱིས་སྟོན་ཏོ། །དེ་ཡང་དབང་རིམ་གྱིས་བསྐུར་བ་དང་ཅིག་ཅར་གྱིས་བསྐུར་བ་ཚུལ་གཉིས་ཡིན་ནོ། །དེ་ལ་རིམ་གྱིས་བསྐུར་བའི་དབང་དུ་བྱས་ན་དང་པོ་བུམ་པའི་དབང་ཙམ་བསྐུར་ནས་དེ་དང་རྗེས་སུ་འབྲེལ་བའི་ལམ་སྟོན་པས། དམ་ཚིག་དང་སྡོམ་པ་ལ་སོགས་པ་ནས་བརྩམས་ཏེ། བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་སྟོན་ཏོ། །དེ་ནས་འོས་སུ་གྱུར་པ་ན་མཆོག་དབང་གསུམ་བསྐུར་ནས་རྟོགས་པའི་ལྟ་བ་ནས་བརྩམས་ཏེ། རིམ་པ་གཉིས་སྟོན་ཀྱང་གཙོར་རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་སྟོན་པ་ཡིན་ནོ། །དབང་ཅིག་ཅར་དུ་བསྐུར་བའི་དབང་དུ་བྱས་ན། དང་པོར་རྟོགས་པའི་ལྟ་བ་བསྟན་ནས། དེས་ལམ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་བར་བྱས་ནས། དེ་ནས་རིམ་པ་གཉིས་སྤྱོད་པ་དང་ཅེས་པ། ཉེ་བའི་རྒྱུ་དང་བཅས་པ་ལམ་གྱི་གཙོ་བོ་རྣམས་སྟོན། དེ་ནས་བཟླས་པ་ལ་སོགས་པ་ལམ་གྱི་ཡན་ལག་རྣམས་སྟོན་པ་ཡིན་ནོ། །དེ་ལྟར་ལུགས་གཉིས་པོ་དེའང་གང་ཟག་མཆོག་རྣམས་ལ་ཅིག་ཅར་བ་མཆོག་ཡིན་ལ། གང་ཟག་འབྲིང་མན་ཆད་ལ་དབང་རིམ་གྱིས་བསྐུར་བ་མཆོག་ཡིན་ནོ། །དེ་བས་ན་བླ་མ་དམ་པས་རྒྱུད་དུ་གསུངས་པ་གང་ཟག་མཆོག་གི་དབང་དུ་བྱས་ནས་དབང་ཅིག་ཅར་བའི་ལུགས་སུ་སྦྱར་ཏེ་གསུངས་ལ། ཉམས་སུ་བླང་བའི་དུས་སུ་དབང་རིམ་གྱིས་པའི་ཕྱག་ལེན་དུ་མཛད་དེ། འགལ་བ་ཡོད་པ་མ་ཡིན་ནོ། །འདིར་དབང་ཅིག་ཅར་བའི་དབང་དུ་བྱས་ཏེ་བརྗོད་ན། དེ་ལྟར་དབང་ཡོངས་སུ་རྫོགས་པས་དབང་གི་ཡེ་ཤེས་དེ་ཉིད་རྟོགས་པའི་ལྟ་བར་བསྟན་ནས། དེ་ཉིད་བླ་མས་བཤད་དེ་སློབ་མས་ཐོས་བསམ་གྱིས་ངེས་པ་སྐྱེད་པ་སྟོན་པ་ནི་ཕྱི་མའི་ལེའུ་གསུམ་པར་ཡུལ་ལ་སོགས་པ་སྦྱོང་བའི་དོན་བཤད་པ་དང༌། བརྟག་པ་དང་པོའི་ལེའུ་དང་པོར་ལུས་ལ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྟ་བ་ལ་གནས་པས་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་བསྒོམ་པ་ནི། བརྟག་པ་དང་པོའི་ལེའུ་དང་པོ་དང༌། གསུམ་པ་དང༌། བཞི་པ་དང༌། བརྒྱད་པ་དང༌། ཕྱི་མའི་ལྔ་པས་བསྟན་ཏོ། །དེ་ལ་བརྟེན་ཏེ་རྫོགས་པའི་རིམ་པ་བསྒོམ་པ་ནི་བརྟག་པ་དང་པོའི་ལེའུ་ལྔ་པ་དང༌། བརྒྱད་པའི་སྨད་དང༌། ཕྱི་མའི་གཉིས་པའི་ཕལ་ཆེ་བ་དང༌། ཕྱི་མའི་གསུམ་པའི་ཆ་དང༌། བཞི་པའི་ཆ་དང༌། བརྒྱད་པའི་ཆ་དང༌། བཅུ་གཅིག་པའི་ཆ་ཤས་རྣམས་ཀྱིས་བསྟན་ཏོ། །དེ་ལྟར་རིམ་པ་གཉི་ག་བསྒོམ་དགོས་པར་ཡང་དང་པོའི་བརྒྱད་པ་དང་ཕྱི་མའི་གཉིས་པ་ལས་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ལ་གནས་ནས་དྲོད་ཐོབ་པའི་སྤྱོད་པ་སྤྱད་པར་བསྟན་པ་ནི། བརྟག་པ་དང་པོའི་ལེའུ་དྲུག་པ་དང༌། བདུན་པ་དང༌། ཕྱི་མའི་གཉིས་པ་དང༌། ཕྱི་མའི་གསུམ་པའི་ཆ་ཤས་རྣམས་ཀྱིས་བསྟན་ཏོ། །སྤྱོད་པ་ལ་གནས་ནས་ཉེ་བའི་རྒྱུ་བསྟན་པ་ནི་བརྟག་པ་དང་པོའི་ལེའུ་བཅུ་པ་ལས་མིང་བསྟན་ལ། བསྒོམ་པ་ནི་སྔར་བསྟན་པའི་རྫོགས་པའི་རིམ་པ་རྣམས་ཉིད་ཀྱིས་བསྟན་ཏོ། །དེ་ལྟ་བུའི་ལམ་གྱི་ཡན་ལག་ལ་དྲུག་ལས། དང་པོར་བཟླས་པ་ནི་བརྟག་པ་དང་པོའི་ལེའུ་གཉིས་པ་དང༌། ཕྱི་མའི་ལྔ་པ་དང༌། ཕྱི་མའི་དགུ་པ་དང༌། བཅུ་པ་རྣམས་ཀྱིས་བསྟན་ཏོ། །གཏོར་མ་ནི་དང་པོའི་གཉིས་པ་དང༌། ཕྱི་མའི་བཞི་པ་ལས་བསྟན་ཏོ། །སྦྱིན་སྲེག་ནི་ཕྱི་མའི་དང་པོ་ལས་སོ། །རབ་གནས་ཀྱང་ལེའུ་དེ་ཉིད་ལས་བསྟན་ཏོ། །དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བའི་ཕྱིར། ལས་ཀྱི་ཚོགས་རབ་འབྱམ་ནི་བརྟག་པ་དང་པོའི་ལེའུ་གཉིས་པ་དང༌། དང་པོའི་བཅུ་གཅིག་པ་དང༌། ཕྱི་མའི་དགུ་པ་ལས་སྟོན་པ་ཡིན་ནོ། །དམ་ཚིག་དང་སྡོམ་པ་ནི། སྤྱིར་ལས་དང་པོ་པའི་དམ་ཚིག་དང༌། བརྟན་པ་ཐོབ་པའི་དམ་ཚིག་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་ཅེས་བྱ་བ་གསུམ་ཡིན་ལ། རེ་རེ་ལའང་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། མི་འབྲལ་བའི་དམ་ཚིག་དང༌། བསྟེན་པའི་དམ་ཚིག་ཅེས་བྱ་བར་བསྡུ་བ་ལས། བསྲུང་བ་ནི་དབང་སོ་སོའི་བསྲུང་བ་སྟེ་རྩ་ལྟུང་བཅུ་བཞི་ལ་སོགས་པ་སྟེ། འདིར་དང་པོའི་ལེའུ་བཅུ་གཅིག་པ་དང༌། དྲུག་པ་ལ་སོགས་པར་ཆ་འགའ་ཙམ་དང༌། དབང་གོང་མའི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ལ་སོགས་པ་ཡིན་ནོ། །བཟའ་བའི་དམ་ཚིག་ལ་རྒྱུན་དུ་བསྟེན་པ་ནི། ཤ་ལྔ་བདུད་རྩི་ལྔ་སྟེ་དང་པོའི་བཅུ་གཅིག་པར་རོ། །གནས་སྐབས་སུ་བཟའ་བ་ནི་ཚོགས་ཀྱི་འཁོར་ལོ་སྟེ་དང་པོའི་བདུན་པ་དང་ཕྱི་མའི་གསུམ་པ་དང་བདུན་པས་བསྟན་ཏོ། །ཕྱི་མའི་བཞི་པའི་གླུ་གར་ཡང་དེ་དང་འབྲེལ་བའོ། །བསྟན་པའི་དམ་ཚིག་ནི་གཉིས་ཏེ། རང་དང་འབྲེལ་པ་དང༌། གཞན་དང་འབྲེལ་པའོ། །དང་པོ་ནི་ལམ་རིམ་པ་གཉིས་བསྒོམ་པ་དང༌། སྨོན་ལམ་ལ་སོགས་པ་ལ་བརྩོན་པ་ནི་མི་ཉམས་པར་བྱ་བའོ། །ཉམས་པ་ཕྱིར་བཅོས་པ་ནི་ཚོགས་འཁོར་དང་བདག་འཇུག་གོ །གཞན་དང་འབྲེལ་པ་ནི་སློབ་མ་ཡོངས་སུ་སྨིན་པར་བྱ་བའོ། །མི་འབྲལ་བའི་དམ་ཚིག་ནི། ཕྱི་མའི་དྲུག་པ་དང་བདུན་པས་བསྟན་ཏོ། །བརྟན་པ་ཐོབ་པའི་དམ་ཚིག་ནི་རྫོགས་པའི་རིམ་པ་ཉིད་དེ་དབང་གསུམ་གྱི་དམ་ཚིག་གོ །བརྟན་པ་ཆེར་ཐོབ་པའི་དམ་ཚིག་ནི་སྔར་བསྟན་པའི་སྤྱོད་པ་ཉིད་དོ། །སྤྱིར་དམ་ཚིག་དང་སྡོམ་པའི་ནང་དུ་ཆོས་མཐའ་དག་ཀྱང་འདུ་སྟེ། དཔེར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མཐའ་དག་འདུ་བ་དང་འདྲའོ། །དེ་ལྟར་ལམ་བསྒྲུབས་པས་འབྲས་བུ་ས་ཐོབ་པའི་རིམ་པ་ནི་བརྟག་པ་དང་པོའི་ལེའུ་བདུན་པ་ལས་གནས་ལ་སོགས་པས་ས་བཅུ་གཉིས་གསུངས་སོ། །དེ་ལ་འབྲས་བུ་གྲུབ་པ་དངོས་ནི་བརྟག་པ་དང་པོའི་བཅུ་པ་དང༌། ཕྱི་མའི་གཉིས་པ་ལས་ཅུང་ཟད་གསུངས་ལ་གཙོར་བརྟག་པ་དང་པོའི་ལེའུ་དང་པོ་ལས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་མངོན་པར་རྟོགས་པ་འདི་མཐའ་དག་ཀྱང་འདིར་མདོ་ཙམ་གསུངས་པ་དེ་བླ་མའི་མན་ངག་གིས་བཤད་པའི་རྒྱུད་ཀྱི་དགོངས་པ་ཁ་བསྐངས་ཤིང་ཉམས་སུ་བླང་བར་བྱའོ། །མངོན་པར་རྟོགས་པ་དེ་དག་ཀྱང་གསལ་བ་དང་མི་གསལ་བའི་དབྱེ་བས་རྒྱུ་དང་ཐབས་དང་འབྲས་བུའི་རྒྱུད་ཀྱི་རིམ་པར་གཞག་གི་ཐམས་ཅད་ཀྱང་རྟེན་གྱི་གང་ཟག་གཅིག་གིས་ད་ལྟ་ཉིད་དུ་ཉམས་སུ་བླངས་པ་ལས་མ་གཏོགས་པ་གཞན་མེད་པས་ཐམས་ཅད་ཉམས་སུ་བླང་བར་བྱ་བ་ཁོ་ན་ཡིན་ནོ། །བློ་ལྡན་ཉུང་ངུས་རྒྱུད་ཀྱི་དོན། །རྟོགས་བྱའི་ཕྱིར་དུ་བསྡུས་དོན་འདི། །བྲིས་ལས་དགེ་བ་གང་ཐོབ་པས། །འགྲོ་རྣམས་རྒྱུད་དོན་རྟོགས་པར་ཤོག །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།།  །། ༄༅། །བླ་མའི་ཞབས་ལ་སྤྱི་བོས་འདུད། །ཀྱེ་ཡི་རྡོ་རྗེ་ལ་དེ་བཞིན། །བླ་མས་གསུངས་པ་དྲན་བྱས་ནས། །རྣམ་བཤད་ཚིག་དོན་རྒྱས་པར་བྲི། །ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་འདིར་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ཡི་གེ་བཞི་བཅུ་ཐོག་མར་གསུངས་པ་འདིས་ནི། གླེང་གཞི་ཕུན་སུམ་ཚོགས་པ་ཞེས་བྱ་བ་བསྟན་ཏོ། །འདིས་ནི་ཕུན་སུམ་ཚོགས་པ་ལྔ་ཞིག་སྟོན་ཏེ། ཆོས་ཕུན་སུམ་ཚོགས་པ་དང༌། དུས་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་རྣམས་སོ། །དེ་ལྟར་ལྔ་པོ་འདི་གླེང་གཞི་གཉིས་སུ་འགྱུར་ཏེ། དོན་གྱི་གླེང་གཞི་དང༌། སྒྲའི་གླིང་གཞིའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔའི་དོན་སྔོན་བྱུང་བ་དེ་ནི་དོན་གྱི་གླེང་གཞི་ཞེས་བྱའོ། །དེ་ཇི་ལྟར་གླེང་གཞི་ཡིན་ཞེ་ན། ཆོས་འབྱུང་བའི་རྒྱུར་གྱུར་པའམ། ཆོས་ཀྱི་གླེང་གཞིར་གྱུར་པའི་ཕྱིར་གླེང་གཞི་སྟེ། ཕུན་སུམ་ཚོགས་པ་ལྔ་པོ་ལས་གང་ཡང་རུང་བ་ཅིག་མ་ཚང་ཡང་ཆོས་ཀྱི་གླེང་བ་མི་འབྱུང་བའི་ཕྱིར་རོ། །དེ་བས་ན་སྔོན་བྱུང་གི་ཕུན་སུམ་ཚོགས་པ་ལྔ་དོན་གྱི་གླེང་གཞིའོ། །གཉིས་པ་སྒྲའི་གླེང་གཞི་ཞེས་བྱ་བ་ནི། སྔོན་བྱུང་གི་ཕུན་སུམ་ཚོགས་པ་ལྔ་པོ་དེ་སྟོན་པར་བྱེད་པའི་སྒྲ་ཨེ་བྃ་ཞེས་བྱ་བ་ལ་སོགས་པ་ཡི་གེ་བཞི་བཅུ་པོ་འདིའོ། །སྒྲའི་གླེང་གཞི་འདི་ཇི་ལྟར་ན་གླེང་གཞི་ཡིན་ཞེ་ན། དོན་གྱི་གླེང་གཞི་སྟོན་པར་བྱེད་པའི་ཕྱིར་གླེང་གཞིའམ། ཡང་ན་ངེས་པ་སྟེར་བར་བྱེད་པའི་ཕྱིར་གླེང་གཞི་སྟེ་ནི་དཱ་ན་ཞེས་བྱ་བའི་སྒྲ་དེར་འགྱུར་རོ། །ཇི་ལྟར་ངེས་པ་སྟེར་ན་ཕུན་སུམ་ཚོགས་པ་ལྔ་པོ་འདི་ལྟ་བུ་ལས་ཆོས་འབྱུང་ངོ་ཞེས་ངེས་པ་སྟེར་བའམ། ཡང་ན་སྡུད་པ་པོས་བདག་གིས་ཐོས་ཞེས་བྱ་བས་གླེང་བསླངས་ནས། གང་ཐོས། གང་གིས་ཐོས། གང་གི་ཚེ་ཐོས། གང་ལས་ཐོས། གང་དུ་ཐོས། ཞེས་དེ་རྣམས་ཀྱི་ཐེ་ཚོམ་སེལ་བས་ན་ངེས་པ་སྟེར་བའི་ཕྱིར་གླེང་གཞིའམ། དེ་རྣམས་ཀྱིས་སྐབས་བཙལ་ནས་ཆོས་སྡུད་པའི་ཕྱིར་གླེང་གཞི་ཞེས་བྱའོ། །ཡང་སྒྲའི་གླེང་གཞི་ནི། རྒྱུད་ཀྱི་ཐོག་མར་སྨོས་པའི་དགོས་པ་ཅི་ཡིན་ཞེ་ན། མ་འོངས་པའི་གདུལ་བྱ་རྣམས་ལ་ཐོག་མར་ངེས་པ་བསྐྱེད་ན་རྒྱུད་ལ་འཇུག་པའི་ཡན་ལག་ཏུ་འགྱུར་བའི་དགོས་པ་དང༌། དོན་གྱི་གླེང་གཞི་རྒྱུད་འབྱུང་བའི་སྔོན་རོལ་དུ་ཚང་བས་ན་དེ་དང་མཐུན་པའི་སྒྲའི་གླེང་གཞི་སྔོན་དུ་བསྟན་པ་དང༌། ཡང་ན་རྒྱུད་མཐའ་དག་ཀྱང་ཕུན་སུམ་ཚོགས་པ་ལྔར་འདུས་པས་རྒྱུད་ཀྱི་ལུས་རྣམ་པར་གཞག་པར་བསྟན་པའི་དགོས་པ་ཡོད་པས་ཐོག་མར་བསྟན་ཏོ། །གལ་ཏེ་སྒྲའི་གླེང་གཞི་ཡི་གེ་བཞི་བཅུ་པོ་འདི་དག་སྟོན་པའི་བཀའ་ཡིན་ནམ། སྡུད་པ་པོའི་ཚིག་ཡིན། དང་པོ་ནི་མི་རིགས་ཏེ་བདག་གིས་ཐོས་པ་ཞེས་འབྱུང་བས། སྟོན་པ་ཐོས་སྒྲོགས་ཉན་ཐོས་སུ་འགྱུར་རོ། །གཉིས་པའང་མི་རིགས་ཏེ་སྟོན་པའི་བཀའི་ཐོག་མར་སྡུད་པ་པོའི་རང་དགའི་ཚིག་མི་རིགས་སོ་སྙམ་ན། འདིར་རེ་ཞིག་དྲང་བའི་དོན་གྱི་དབང་དུ་བྱས་ན་སྡུད་པ་པོའི་ཚིག་ཡིན་ནོ། །འདི་ལ་སྐྱོན་གང་ཡང་མེད་དེ། ཆོས་ཡང་དག་པར་སྡུད་པ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་གླེང་སློངས་ལ་ཆོས་སྡུས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་བཀའ་ཡིན་པས་འགལ་བ་མེད་དོ། །དེ་བས་ན་འདིར་དྲང་བའི་དོན་གྱི་དབང་དུ་བྱས་ན་སྡུད་པར་བྱེད་པ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་པའི་རྒྱུད་ཀྱི་དོན་མ་ལུས་པ་བློ་ལ་གནས་པར་བྱས་ནས། གདུལ་བྱའི་སྐྱེ་བོ་རྣམས་ལ་བསྟན་པའི་ཕྱིར། མདོར་བསྡུས་པའི་རྒྱུད་འདི་སྡུད་པར་བྱེད་པའི་ཚེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཚིག་གསུམ་གྱིས་གླེང་བསླངས་ནས། དེ་ནས་ནི་གང་ཐོས། གང་གིས་ཐོས། གང་གི་ཚེ་ཐོས། གང་ལས་ཐོས། གང་དུ་ཐོས། གང་དང་ཐོས་ཞེས་བྱ་བའི་ཐེ་ཚོམ་བསལ་ཏེ། ངེས་པ་སྦྱིན་པའི་ཕྱིར་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་མཚམས་སྦྱོར་དང་བཅས་པའི་རྒྱུད་རྒྱས་པར་སྨྲས་སོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འདི་སྐད་ཅེས་བྱ་བ་ནི་འདི་ཁོ་ན་ཞེས་བྱ་བ་མང་ཉུང་མེད་པ་སྒྲོ་སྐུར་དང་བྲལ་བ་སྟེ་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་སྐད་དུའང༌། དཔལ་སཾ་པུ་ཊ་ལས། འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་དེ་སྐད་ཅེས་གསུངས་ན་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་ཚོགས་ལ་སྙེགས་སོ་ཞེས་བརྗོད་དོ་ཞེས་གསུངས་སོ། །ཆོས་ཀྱི་སྒྲ་འབྱུང་བ་ལ་ཆོས་ཡོངས་སུ་རྫོགས་པ་སྟོན་པའི་ཐུགས་ལ་མངའ་བ་དགོས་པས་འདི་སྐད་ཅེས་བྱ་བས་ཆོས་ཏེ་ཕུན་སུམ་ཚོགས་པ་དང་པོའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་མངོན་སུམ་དུ་སྟོན་པ་ལས་ཐོས་ཀྱི་གཞན་དང་གཞན་ལས་བརྒྱུད་པ་ཐོས་པ་འགོག་པ་ཉེ་བ་མངོན་སུམ་གྱི་ཚིག་གོ །ཐོས་པ་ཞེས་བྱ་བ་སྟོན་པ་ལས་བདག་གི་རྣ་བས་ཐོས་པ་དེ་འདིར་འཆད་པ་ཡིན་གྱི། རང་གི་ཤེས་རབ་ཀྱིས་རྟོགས་ནས་སྟོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་གསུངས་པ། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཐོས་ཀྱི་གཞན་དང་གཞན་ལས་འོངས་པ་ནི་མ་ཡིན་ནོ། །ཐོས་སོ་ཞེས་བྱ་བ་ནི་རྣ་བའི་ཡེ་ཤེས་ཀྱིས་ཐོས་ཀྱི་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །གསོལ་པ། མངོན་དུ་གྱུར་པའི་སྐྱོན་གང་ལགས། བཀའ་སྩལ་པ། སྡུད་པ་པོ་དང་འཆད་པ་པོ་དག་དབྱེར་མེད་པར་འགྱུར་རོ་ཞེས་སོ། །འདིས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་འདི་ལྟར་ཐོས་པ་དེ་དུས་གང་གི་ཚེ་ཐོས་ཞེས་དུས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། དུས་གཅིག་ན་ཐོས་ཞེས་བྱ་བར་སྦྱར་ཏེ། དུས་ཞེས་བྱ་བ་ནི་དུས་ཚོད་དེ། སྟོན་པ་སྤྱོད་ལམ་གྱི་དུས་དང༌། སྙོམས་པར་འཇུག་པའི་དུས་དང༌། ནང་དུ་ཡང་དག་འཇོག་པའི་དུས་དང༌། ཆོས་འཆད་པ་ཞེས་བྱ་བ་སྤྱོད་ལམ་བཞི་ལས། གསུང་གི་ཕྲིན་ལས་ཆོས་འཆད་པས་བཞུགས་པའི་དུས་ཉིད་ཀྱི་ཚེའོ། །དེའང་གཅིག་ན་ཞེས་བྱ་བ་སྟེ། དུས་གཅིག་ཁོ་ནའི་ཚེ་འདི་ཐོས་ཀྱི། གཞན་དུ་ནི་འདི་མ་ཐོས་ཞེས་བྱ་བས་རྒྱུད་རྙེད་པར་དཀའ་བ་སྟོན་ཏོ། །ཡང་དུས་གཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་ནི་གཞན་ཡང་ཐོས་ཞེས་བྱ་བ་ཤུགས་ལས་ཤེས་པས་སྡུད་པ་པོ་ཐོས་པ་མང་བར་ཡང་སྟོན་ཏོ། །ཡང༌། སཾ་པུ་ཊ་ལས། གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ་ཞེས་འབྱུང་བས། སྐད་ཅིག་ལ་གསུངས་ཤིང༌། སྐད་ཅིག་ལ་ཐུགས་སུ་ཆུད་པས། སྟོན་པ་དང་སྡུད་པ་པོ་གཉིས་ཀ་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་སྟོན་ཏོ། །ཡང་དུས་དེའི་ཚེ་སྟོན་པ་གང་ལས་ཐོས་ཞེས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་སྨོས་སོ། །དེ་ལ་བཅོམ་པ་དང་ལྡན་པ་འདི་གཉིས་གང་ལ་ཡོད་པ་འདི་ནི་བཅོམ་ལྡན་ཏེ། བྷ་ག་བཱན་ཛ་ན་ཞེས་བྱ་བའི་སྒྲ་དྲངས་པས་བཅོམ་པར་འགྱུར་ཏེ། ཐོག་མར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཐའ་དག་སྤངས་པ་ནི་ཉོན་མོངས་པའི་བདུད་བཅོམ་པའོ། །ཉོན་མོངས་པ་མེད་པས་གང་གིས་ཀྱང་བར་དུ་གཅོད་པར་མི་ནུས་པས་ན་ལྷའི་བུའི་བདུད་བཅོམ་པའོ། །དེ་བས་ན་ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་བཅོམ་པའོ། །འཆི་བ་མེད་པས་ཕུང་པོ་ཉིད་མཚམས་སྦྱོར་བ་མེད་པས་ཕུང་པོའི་བདུད་བཅོམ་པའོ། །དེ་བས་ན་བཅོམ་པའི་སྒྲ་ནི་བདུད་བཞི་བཅོམ་པ་ལ་འཇུག་སྟེ། དཔལ་རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང༌། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །ཅེས་སོ། །ཡང་བྷ་ག་ཨཾ་ས་ཞེས་བྱ་བའི་སྒྲར་དྲངས་ན་ལྡན་པར་འགྱུར་ཏེ། ལྡན་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །དེའང་འདི་ལྟར་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་སྟོན་པ་འདི་ལ་འཇིག་རྟེན་ན་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་གང་གིས་ཀྱང་ཆོས་དང་མཐུན་པར་རྒོལ་བ་མེད་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམ་ཤིང་སྤྱད་ཅིང་མཐར་ཕྱིན་པའི་ཡོན་ཏན་ནོ། །གཟུགས་བཟང་བ་ནི་བ་སྤུའི་ཁུང་བུ་གཅིག་ལའང་བསྐལ་པའམ་བསྐལ་པ་ལས་ལྷག་པར་བལྟས་ཀྱང་ཆོག་མི་ཤེས་པ་སྟེ་བཟོད་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །གྲགས་པ་ནི་གདུལ་བྱ་གང་ན་གནས་པ་དེ་དག་གི་ཡིད་ཚིམ་པར་མཛད་པ་སྟེ། བདག་ཅག་ལྷ་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཚུལ་ཁྲིམས་མཐར་ཕྱིན་པའོ། །དཔལ་ནི་ཞིང་ཁམས་དང་འཁོར་གྱི་ཚད་ཡོངས་སུ་གཟུང་བར་མི་ནུས་པ་སྟེ་སྦྱིན་པ་མཐར་ཕྱིན་པའོ། །ཡེ་ཤེས་ནི་སྐད་ཅིག་གཅིག་གི་ཁོངས་སུ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཇི་སྙེད་པ་དང་ཇི་ལྟ་བ་ཐམས་ཅད་མཁྱེན་པ་སྟེ་བསམ་གཏན་མཐར་ཕྱིན་པའོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་སྐད་ཅིག་མ་གཅིག་ལ་གདུལ་བྱ་མཐའ་དག་གི་སྐལ་བ་ཇི་ལྟ་བ་བཞིན་དོན་མཛད་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །དེ་ལྟར་དྲུག་ལ་ལྡན་པ་ཡིན་པར་ཡང་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་ལྡན་ཞེས་བྱ། །ཞེས་གསུངས་སོ། །དཔལ་ཁ་སྦྱོར་ལས་ཀྱང༌། འདི་ལྟ་སྟེ། དབང་ཕྱུག་དང༌། གཟུགས་བཟང་བ་དང༌། དཔལ་དང༌། གྲགས་པ་དང༌། བརྩོན་འགྲུས་དང་ཡེ་ཤེས་ཏེ་དྲུག་པོ་དེ་འདི་ལ་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་གང་ཞིག་མི་མཐུན་པའི་ཕྱོགས་ཀྱི་ཆོས་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །ཞེས་གསུངས་སོ། །འདས་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་གྱི་ལེགས་ལྡན་ལས་ཁྱད་པར་དུ་བསྟན་པའི་ཕྱིར་བོད་ཀྱི་རྒྱལ་པོས་སླ་ཐབས་སུ་བསྣན་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྟོན་པ་འདི་ནི་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། རྒྱུད་ཕྱི་མ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་འབྱུང་བའི་ཕྱིར་རོ། །འདིའི་རྣམ་པའང་མི་བསྐྱོད་ཀྱེའི་རྡོ་རྗེའི་གནས་མནན་པ་སྟེ། གཉིས་སུ་མེད་པར་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། རྒྱུད་འདིར་གདུལ་བའི་གང་ཟག་གི་ཕྱིར་ཀྱེའི་རྡོ་རྗེའི་གཟུགས་ཅན་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ་ཞབས་བཞི་པ་སྟེ་ཟླ་བ་ཆུ་ཤེལ་ནོར་བུའི་འོད་དོ། །དེ་ལྟ་བུའི་རྣམ་པ་ཡིན་པར་ཡང༌། ཕྱི་མའི་ལྔ་པ་ལས། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པ་པོ། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །བདག་མེད་མ་ནི་ཉིད་ཀྱིས་ཞུས། །ཞེས་གསུངས་པས་ཤེས་པར་ནུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་འདི་རྣམས་སྟོན་པའི་ཁྱད་པར་ཡིན་པར་བླ་མ་དག་གསུང་ལ། རྣམ་བཤད་བྱེད་པ་ཕལ་ཆེར་རྣམས་ཀྱིས་གནས་ཀྱི་ཁྱད་པར་དུ་འཆད་དོ། །དེ་ལ་སྟོན་པའི་ཁྱད་པར་དུ་སྦྱར་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང་གཟུགས་ཀྱི་སྐུ་དེ་བཞིན་ཉིད་ལས་གཤེགས་པའི་ཕྱིར་ཏེ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཤེས་རབ་རིགས་པ་འདི་ཡིས་ནི། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའི་སྒྲ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའམ་དེ་ལས་དབྱེ་བས་བསམ་གྱིས་མི་ཁྱབ་པའི་བར་དུ་གཟུང་ངོ༌། །དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྡུ་བ་ནི་སྐུའི་གསང་བ་དང༌། གསུང་གི་གསང་བ་དང༌། ཐུགས་ཀྱི་གསང་བ་ཞེས་བྱ་བ་འདི་གསུམ་དུ་བསྡུས་པའི་ཕྱིར་རོ། །ཡང་ན། སྐུ་ནི་མཚན་དང་དཔེ་བྱད་འབར་བའོ། །གསུང་ནི་དབྱངས་ཀྱི་ཡན་ལག་དྲུག་ཅུའོ། །ཐུགས་ནི་ཇི་སྙེད་པ་དང་ཇི་ལྟ་བ་མཁྱེན་པའོ། །དེ་རྣམས་ཀྱི་སྙིང་པོ་ཞེས་བྱ་བ་ནི་དེ་རྣམས་ལས་མཆོག་ཏུ་གྱུར་པའམ། དེ་རྣམས་ཀྱི་འབྱུང་བའི་གནས་ཏེ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་འབར་བ་ཁ་སྦྱོར་གྱི་སྐུ་གང་ཡིན་པའོ། །ཞེས་གསུངས་སོ། །དེ་དག་གནས་ལྟར་དུ་བཤད་ན། བཅོམ་ལྡན་འདས་དེ་གང་ན་བཞུགས་སྙམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ལ་སྟེ། གསང་བ་གསུམ་པ་དེ་ཉིད་དབྱེར་མི་ཕྱེད་པ་ལ་སྙིང་པོ་ཞེས་བྱ་བའམ། ཡང་ན་གསང་བ་གསུམ་པོ་དེའི་འབྲས་བུའམ་བཅུད་དམ་མཆོག་གོ །དཔེ་ཁ་ཅིག་ལ་སྙིང་པོ་ཞེས་བྱ་བ་མི་སྣང་སྟེ་དེའི་ལུགས་ནི་བཤད་སླ་མོད་ཀྱི་མི་དག་སྟེ་འོག་ནས་སྙིང་པོ་ཞེས་བརྗོད་བྱའི་གཙོ་བོར་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་གསང་བ་གསུམ་པོ་མཚོན་པར་བྱེད་པའི་བརྡར་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ནི་གྲུ་གསུམ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །སྐུ་གསུང་ཐུགས་སུ་དབྱེ་བ་ཡིས། །གྲུ་གསུམ་རྣམས་སུ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ནི་ཇི་ལྟར་རྡོ་རྗེ་རིན་པོ་ཆེ་གང་གིས་ཀྱང་མི་ཕྱེད་པ་ལྟར། ནམ་མཁའ་ཡང་གང་གིས་ཀྱང་མི་བྱེད་པས་རྡོ་རྗེའི་རང་བཞིན་ནམ་མཁའི་ཁམས་ཟུར་གསུམ་པའོ། །དེ་ཉིད་བཙུན་མོའི་བྷ་ག་ཞེས་སྨོས་ཏེ། བཙུན་མོ་ནི་སངས་རྒྱས་རྣམས་ཀྱིས་བརྟན་པར་བྱ་བས་ན་སྤྱན་ལ་སོགས་པའི་རྡོ་རྗེ་ལྷ་མོའོ། །ཡང་ན་རྡོ་རྗེ་ནི་རིགས་ལྔའོ། །དེའི་བཙུན་མོ་ནི་སྤྱན་ལ་སོགས་པའོ་ཞེས་མར་སྦྱར་བར་བྱའོ། །བྷ་ག་ནི་འཇོམས་པ་སྟེ་དེའི་ཉེར་གནས་སུ་རྣམ་རྟོག་འཇོམས་པས་སམ། ཡང་ན་ལོངས་སྤྱོད་པའི་ཁྱིམ་ཡིན་པ་སྟེ། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཞེས་སཾ་པུ་ཊ་ལས་གསུངས་སོ། །དེ་ཉིད་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་སྤེལ་བའི་ཕྱིར་གདེངས་ཁ་གྱེན་ལ་ཕྱོགས་པའོ། །ཐབས་དང་ཤེས་རབ་ཟུང་དུ་ཆུད་པ་ཉིད་ཀྱིས་ན་ཕྱི་དཀར་ལ་ནང་དམར་བའོ། །དེ་ལྟ་བུའི་ཆོས་འབྱུང་གི་ནང་ནའང་ཏ་ཐཱ་ག་ཏ་ཐམས་ཅད་ཀྱི་རང་བཞིན་གྱི་རྣམ་པར་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་གི་ནང་ན་བཞུགས་སོ། །དེ་ལྟར་ཅིས་ཤེས་ན། ཕྱི་མའི་ལེའུ་ལྔ་པ་ལས། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །མཚམས་བཞི་པ་ལ་སྒོ་བཞི་པ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །དེ་ལ་དབུས་སུ་ང་ཡོད་དེ། །ཞེས་གསུངས་པས་སོ། །གལ་ཏེ་དེས་འདིར་ཤེས་པར་མི་ནུས་ཏེ། དེ་ནི་རྗེས་འཇུག་གི་བསྒོམ་པའི་མངོན་པར་རྟོགས་པའི་སྐབས་ཡིན་པའི་ཕྱིར་རོ་སྙམ་ན་མ་ཡིན་ཏེ། སྔོན་བྱུང་གི་རྣམ་པར་འཕྲུལ་པ་དང༌། རྗེས་འཇུག་གི་བསྒོམ་པ་དང༌། འབྲས་བུ་མཐར་ཕྱིན་པ་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་འདིར་མ་སྨོས་ཀྱང་ཤུགས་ལས་ཤེས་པ་ཉིད་ཡིན་ཏེ། དཔེར་ན་རྒྱལ་པོ་ཡུལ་འཁོར་ན་བཞུགས་ཞེས་སྨོས་ཀྱང༌། ཁང་བཟངས་ཀྱི་ནང་ན་བཞུགས་པར་ཤུགས་ལས་ཤེས་པ་དང་འདྲའོ་ཞེས་ཀྱང་སློབ་དཔོན་ཁ་ཅིག་གསུང་ངོ༌། །གལ་ཏེ་རྣལ་འབྱོར་གྱི་རྒྱུད་དག་ལ་སྨོས་པ་ལྟར། འདིར་ཡང་ཁང་པ་བརྩེགས་པ་མི་སྨོས་པར་ཅིའི་ཕྱིར་བྷ་ག་སྨོས་སྙམ་ན། བདེན་མོད་དེ་སྐྱེ་བོ་འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་ཏེ། གཉིས་སུ་མེད་པ་མཉམ་པ་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུན་མི་དབྱུང༌། །གང་གཞན་དམ་ཚིག་གསུམ་པོ་རྣམས། །དེ་ཉིད་ཀྱི་ནི་ནང་དུ་འདུས། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་གནས་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་ནི་སྔར་བསྟན་པ་བཞུགས་པ་རྣམ་པ་བཞིས་གནས་འཕོ་བ་མེད་པར་བཞུགས་སོ་ཞེས་བྱ་བའི་དོན་ཏེ། བརྟན་པ་རྟག་པ་མཆོག་ཏུ་ཡང༌། །ཞེས་བྱ་བ་དང༌། བཅོམ་ལྡན་འདས་འོག་མིན་ལས་བསྐྱོད་པར་མི་མཛད་དོ་ཞེས་སཾ་པུ་ཊ་ལས་གསུངས་སོ། །གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་གང་ཡིན་སྙམ་ན་བདག་གིས་ཞེས་བྱ་བའི་ཤུགས་ལས་ཤེས་ཏེ། དེ་བཞིན་གཤེགས་པའི་འཁོར་ནི་ཏིལ་གྱི་གང་བུ་ཙམ། རྣལ་འབྱོར་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ། རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ། རྒྱུད་ཡོངས་སུ་དག་པའི་ལྷ་དང་མི་ལ་སོགས་པའི་འཁོར་གྲངས་མེད་པ་དང་བཅས་པས་བསྐོར་བ་ལས་ཐོས་སོ་ཞེས་ཤེས་པར་བྱའོ། །འཁོར་འདི་དག་ཡོད་པར་གང་ལས་ཤེས་ཤེ་ན། འོག་ནས་བདག་མེད་མ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ཤེས་པར་ནུས་སོ། །གལ་ཏེ་རྒྱུད་སྡེ་ཐམས་ཅད་དུ་སྐབས་འདིར་འཁོར་ལ་སོགས་པ་གསུངས་ན། འདིར་མི་གསུང་བ་ཅི་ཡིན་སྙམ་ན་བདེན་མོད། དེ་ནི་རྒྱུད་རྒྱས་པའི་སྐབས་སུ་སྨོས་ཟིན་ལ་འདི་ནི་དེ་ལས་ཕྱི་མར་གྱུར་པའི་ཕྱིར་རོ། །དེ་ལྟར་ན་འཁོར་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འདི། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ནས། ཆོས་ཕུན་སུམ་ཚོགས་པ་སྟོན་པས་ཐུགས་སུ་ཆུད་ནས་གསུངས་པ་འདི་ཐོས། དུས་ཕུན་སུམ་ཚོགས་པ་དུས་གཅིག་གི་ཚེ་ན། འཁོར་ཕུན་སུམ་ཚོགས་པ་བདག་གིས་ཞེས་པས་བསྟན། ཞེས་བྱ་བར་སྦྱར་ཏེ། དེ་ལྟར་ན་ཕུན་སུམ་ཚོགས་པ་ལྔ་ཚང་བ་ནི། སྔོན་བྱུང་ཆོས་འདི་འབྱུང་བའི་རྒྱུ་ཡིན་ལ། དེ་སྟོན་པ་འདི་དག་ནི་སྒྲའི་གླེང་གཞིའོ། །དེ་དག་གིས་ནི་ཡན་ལག་གི་དོན་དང་ཡི་གེའི་དོན་གྱི་བཤད་པའི་སྒོ་ནས། གླེང་གཞིའི་ཚིག་ཕ་རོལ་ཏུ་ཕྱིན་པ་པའི་ཐེག་པ་དང་མཐུན་པར་ཡི་གེ་ཐད་སོའི་དོན་དུ་བཤད་པ་སྟེ། དྲང་བའི་དོན་གྱི་བཤད་པའོ། །ཡང་དག་པར་ན་གླེང་གཞིའི་ཚིག་ཡི་གེ་བཞི་བཅུ་པོ་དེའང་སྡུད་པར་བྱེད་པས་སྨྲས་པ་མ་ཡིན་གྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཞལ་ནས་གསུངས་སོ། །དེ་ལྟ་མ་ཡིན་ན་འདི་ཉིད་ཀྱི་གཞུང་གི་ཆ་ཕྱི་མ་དང༌། དཔལ་ཡང་དག་པར་སྦྱོར་བ་དང༌། དགོངས་པ་ལུང་སྟོན་པ་དང༌། ལྷའི་དབང་པོས་ཞུས་པ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་མང་པོར་གླེང་གཞིའི་ཡི་གེས་རྣམས་ཀྱི་བཤད་པ་མཛད་པ་འདི་ཇི་ལྟར་རིགས་པར་འགྱུར། སྡུད་པ་པོས་ཕྱིས་སྨྲས་པའི་བཤད་པ་སྔར་མཛད་པ་འདི་རིགས་པའི་ལམ་དང་འགལ་བར་འགྱུར་རོ། །དེ་བས་ན་དཔལ་གསང་བ་གྲུབ་པ་ལས། འདི་སྐད་ཐོས་པའི་ཚིག་གང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་བྱ་བ་དང༌། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་དེ་བཞིན་ཉིད། ཡེ་ཤེས་སྒྱུ་མའི་རང་བཞིན་གྱི་གཟུགས་བརྙན། ཐུགས་ཀྱི་རྡོ་རྗེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་གྱུར་ནས། དཔལ་གསང་བ་འདུས་པར། ཨེ་ཝྃ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་ཏོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་ཐོས་པ་ཞེས་འབྱུང་བ་འདིས་སྟོན་པར་མི་འགྱུར་གྱི་ཉན་ཐོས་སུ་འགྱུར་རོ་ཞེ་ན། འདི་ཐོས་ཞེས་བྱ་བའི་སྒྲ་ནི་རྟོགས་ཞེས་བྱ་བ་སྟེ་རྒྱས་པར་འོག་ནས་འཆད་དོ། །གལ་ཏེ་དེ་ལྟ་ན་ཕུན་སུམ་ཚོགས་པ་ལྔའི་གླེང་གཞི་མ་ཡིན་པར་འགྱུར་རོ་སྙམ་ན། མི་འགྱུར་ཏེ། གླེང་གཞི་ཞེས་བྱ་བ་ནི་ཆོས་འབྱུང་བའི་རྒྱུ་ཡིན་ན། དེ་ནི་འདིར་སྟོན་པའི་བཀའ་ཉིད་ཁོ་ན་ལ་ཡོད་པར་འགྱུར་ཏེ། རྟོགས་པའི་ཆོས་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་རྒྱུད་ཀྱི་ལུས་རྣམ་པར་གཞག་པའི་ཕྱིར་ངག་དང་པོར་སྟོན་ཏོ། །དེ་ལ་རེ་ཞིག་བསྐྱེད་པའི་རིམ་པར་བཤད་ན། འདི་སྐད་ཅེས་བྱ་བ་ནི་མངོན་པར་རྟོགས་པ་མ་ཚང་བ་མེད་པ་སྟེ། སྔོན་དུ་འགྲོ་བ་ཚོགས་གཉིས་བསག་པ་དང༌། དངོས་གཞི་ཡན་ལག་དྲུག་ཡན་ལག་རྫོགས་པ་དང་བཅས་པ་སྟོན་ཏོ། །ཐོས་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྐད་ཅིག་ལའོ། །དེར་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་གཞིའི་ཡན་ལག་ཆོས་ཀྱི་འབྱུང་གནས་སོ། །དེའི་སྔོན་དུ་སྲུང་བའི་འཁོར་ལོ་བསྒོམ་པ་དང༌། གཞལ་ཡས་ཁང་བསྐྱེད་པ་དང་བཅས་པ་སྟེ་ཡན་ལག་དང་པོའོ། །དེར་མངོན་པར་བྱང་ཆུབ་པ་ལྔ་ལས་གཙོ་བོ་བསྐྱེད་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ཕྱག་གཉིས་པའོ། །གསུང་ནི་ཕྱག་བཞི་པའོ། །ཐུགས་ནི་ཕྱག་དྲུག་པའོ། །སྙིང་པོ་ནི་ཕྱག་བཅུ་དྲུག་པའོ། །བཙུན་མོ་ནི་བདག་མེད་མའོ། །དེའི་འཁོར་ནི་བདག་གིས་ཞེས་བྱ་བའི་ཤུགས་ལས་བསྟན་ཏོ། །བསྙེན་པའོ། །སྒྲུབ་པ་དང༌། ཉེ་བར་སྒྲུབ་པ་དང༌། སྒྲུབ་ཆེན་ནི་དེ་དག་གི་ཤུགས་ལས་བསྟན་ཏེ་ཡན་ལག་གཉིས་པའོ། །གཞན་དབང་བསྐུར་བ་ལ་སོགས་པའི་ཡན་ལག་བཞི་ནི་འདི་སྐད་ཀྱི་ཤུགས་ལས་ཤེས་པར་ནུས་སོ། །དེ་ལྟར་ན། ཚོགས་གཉིས་སྔོན་དུ་སོང་བའི་དུས་སུ། སྲུང་འཁོར་གྱི་ནང་གཞལ་ཡས་ཁང་གི་དབུས་སུ། སྟོན་པ་ཧེ་རུ་ཀ་བཞི་ཡུམ་དང་བཅས་པ་ལ། འཁོར་ལྷ་མོའི་འཁོར་ལོ་དང་བཅས་པ་དེ་ལས། ཆོས་བསྐྱེད་པའི་རིམ་པའི་མངོན་པར་རྟོགས་པ་ཡན་ལག་དང་བཅས་པ་འབྱུང་ངོ་ཞེས་བྱ་བ་སྟེ། འདིས་ནི་འོག་གི ལམ་བསྐྱེད་པའི་རིམ་པ་དང༌། བུམ་པའི་དབང་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། བཟླས་པ་དང༌། དམ་ཚིག་གི་ཆོ་ག་རྒྱས་པ་དང༌། ལས་ཀྱི་ཚོགས་དང་བཅས་པ་སྟེ། མདོར་ན་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པའི་ལུས་རྣམ་པར་གཞག་པར་འགྱུར་རོ། །འདིར། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཞེས་བྱ་བ་ལ་སོགས་པས་ཡི་གེ་སོ་བདུན་ལྷ་སོ་བདུན་དུ་བཤད་པ་ལ་སོགས་པ་བཤད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་བླ་མའི་གསུང་བྲིས་པའོ། །གླེང་གཞིའི་ཚིག་ལ་བསྡུས་པའི་དོན་གྱི་མན་ངག་གི་སྒོ་ནས། བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་བཤད་པའོ། །གཞན་ཡང་གླེང་གཞིའི་ཚིག་ལ་རང་བྱིན་བརླབ་ལྟར་བཤད་ན། ཨེ་བྃ་མ་ཡ་ཞེས་བྱ་བས་རྟེན་འཁོར་ལོ་བཞི་བསྟན་ཏེ། དཔལ་ཡང་དག་པར་སྦྱོར་བ་ལས། ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་ཏེ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་རྣམ་པར་གནས། །བྃ་ཡིག་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་བྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་རྣམ་པར་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་གསུངས་སོ། །སྐུ་དང་གསུང་དང་ཐུགས་ནི་འཁོར་ལོ་བཞི་པོ་ཉིད་ལའང་སྦྱར་བ་དང༌། ཡང་སྐུ་ནི་ར་ས་ནཱའོ། །གསུང་ནི་ལ་ལ་ནཱའོ། །ཐུགས་ནི་ཨ་བ་དྷཱུ་ཏཱིའོ། །སྙིང་པོ་ནི་ལྟེ་བའི་ཨའོ། །དེ་ཉིད་ཞུ་བདེ་ཐམས་ཅད་ཀྱིས་བསྟེན་པར་བྱ་བས་ན་རྡོ་རྗེ་བཙུན་མོའོ། །བྷ་ག་ནི་སྣ་ཚོགས་མདུད་པ་གྲུ་གསུམ་མོ། །དེ་ལྟར་འཁོར་ལོ་བཞི་རྩ་གསུམ་དང་བཅས་པའོ། །གཞང་ཁའི་རླུང་དང༌། སུམ་མདོའི་མེའང་གསལ་བར་བྱ། ཡི་གེ་དགོད་པ་རྣམས་ཀྱང་བླ་མའི་མན་ངག་གིས་གསལ་བཏབ་ལ། དེར་རླུང་གི་མེ་སྦར་ཏེ་དེས་ལྟེ་བའི་ཨཾ་སྦར་ནས། དེས་མེ་རོ་མ་ནས་སོང་སྟེ་རང་གི་འཁོར་ལོ་བཞི་བསྲེགས་ཏེ། སྣ་བུག་ནས་སོང་སྟེ་དེ་བཞིན་གཤེགས་པའི་འཁོར་ལོ་བཞི་བསྲེག་པའི་བར་ནི་སྡུག་བསྔལ་གྱི་དུས་སོ། །དེ་ནས་དེ་བཞིན་གཤེགས་པའི་བདུད་རྩི་སྣ་བུག་ནས་ཁྱེར་ནས་འོངས་ཏེ། རང་གི་སྣ་གཡོན་ནས་ཞུགས་ནས་གཡོན་རྐྱང་མ་ནས་འོངས་ནས་ལྟེ་བའི་བར་དུ་སླེབས་ཏེ་སྔར་གྱི་འཁོར་ལོ་རྣམས་གསོ་བ་ནི་བདེ་བའི་དུས་སོ། །དེ་ནས་ཨཾ་འབར་ནས་དབུ་མར་སོང་སྟེ་ཧྃ་ལས་བྱང་ཆུབ་ཀྱི་སེམས་བབས་ནས་འབར་འཛག་རྣམ་པ་ལ་དམིགས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཡིན་ལ། དེ་ལ་རྣམ་པར་རྟོག་པའི་ཟླ་མེད་པས་ན་གཅིག་གོ །ཧྃ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་ནི་སྲུ་ཏ་སྟེ་སྲ་བ་དྷཱ་ཏུའོ། །དེར་བདེ་ཆེན་གྱི་ཡེ་ཤེས་རྒྱས་པ་ནི་ཏ་སྟེ་བི་སྟཱ་རའོ། །དེ་ལྟར་ཡང་གསུངས་པ། ས་མ་ཡ་ནི་དུས་གསུམ་སྟེ། །དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ལྟར་སྣ་བུག་གིས། །འོངས་པ་བདེ་བའི་དུས་སུ་བརྗོད། །མེ་ཡི་གཟུགས་ཀྱིས་འགྲོ་བ་ཉིད། །སྡུག་བསྔལ་དུས་དང་དེ་གཅིག་གྲགས། །དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །ཞེས་བྱ་བ་དང༌། སྲུ་ཞེས་བྱ་བ་ནི་འཛག་པར་གསུང་ངོ༌། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །ཞེས་གསུངས་པ་ལྟ་བུའོ། །དུས་དེར་ཐོས་པ་གང་ཡིན་པ་ནི་རང་བྱུང་གི་ཡེ་ཤེས་ཆོས་བཞི་ལྡན་ཏེ། དེ་ཉིད་མཚན་མ་དང་རྣམ་རྟོག་བཅོམ་པས་ན་བཅོམ་པའོ། །བདེ་ཆེན་གྱི་སྐལ་བ་དང་ལྡན་པས་ལྡན་པའོ། །ལྟེ་བའི་གནས་སུ་ཡང་ནས་ཡང་དུ་བྱོན་གཤེགས་མཛད་པས་ན་དེ་བཞིན་གཤེགས་པའོ། །ཐམས་ཅད་ནི་བདུད་རྩི་དང་འབྱུང་བ་དང་དབང་པོའི་དྭངས་མའོ། །སྐུ་ནི་ཞུ་བ། གསུང་ནི་བདེ་བ། ཐུགས་ནི་མི་རྟོག་པ། སྙིང་པོ་རང་རིག་པའོ། །ཡང་ན་སྐུ་རླུང་མགོ་ཟུག་པ། གསུང་ལོངས་སྤྱོད་པ། ཐུགས་ཐིམ་པ། སྙིང་པོ་དེར་མྱོང་བའོ། །རྡོ་རྗེ་ནི་རྟོག་པས་མི་ཕྱེད་པའོ། །བཙུན་མོ་ནི་བདེ་བའི་ཕྱིར་རོ། །བྷ་ག་ནི་རྟོག་པ་རྣམས་བཅོམ་པས་ནའོ། །བཞུགས་སོ་ཞེས་བྱ་བ་ནི་དེ་ལྟ་བུའི་སྟོན་པ་རང་བྱུང་ཡེ་ཤེས་ཆོས་བཞི་ལྡན་ཏེ། གནས་འཁོར་ལོ་བཞི་དང་རྩ་གསུམ་སྟེ་ཁྱད་པར་དུ་ལྟེ་བར། འཁོར་ཕུང་པོ་དང་དབང་པོ་དང༌། འབྱུང་བའི་དྭངས་མས་བསྐོར་ནས། དུས་བསམ་གྱིས་མི་ཁྱབ་པའི་དུས་སུ་བཞུགས་ནས། ཆོས་རང་འབྱུང་གི་ཡེ་ཤེས་གསུང་སྟེ། མདོར་ན་རང་བྱིན་བརླབ་སྔོན་འགྲོ་གསང་དབང་དང༌། དེའི་ཡན་ལག་རླུང་དང་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་དང་བཅས་པའི་ལུས་རྣམ་པར་གཞག་པར་བསྟན་པ་ཡིན་ནོ། །དེས་ནི་གླེང་གཞིའི་ཚིག་ལ་ཡན་ལག་དང་ཡི་གེ་དང་མན་ངག་གསུམ་ཀས་རང་བྱིན་བརླབ་ཀྱི་སྦས་བ་ལྟར་བཤད་པའོ། །གཞན་ཡང་རྡོ་རྗེའི་ཚིག་དེ་དག་དཀྱིལ་འཁོར་འཁོར་ལོའི་ཐབས་ལྟར་བཤད་ན། ཨེ་ནི་ཤེས་རབ་ལྷར་བསྐྱེད་ཅིང་དེའི་བྷ་ག་ཨ་ལས་པདྨར་བསྐྱེད་པའོ། །མཛེས་པའི་སྤྱི་བོ་ནི་བྃ་མོ། ཡང་བྃ་ནི་སྒྲུབ་པ་པོ་ལྷར་བསྐྱེད་པ་དང༌། དེའི་རྡོ་རྗེ་ཧཱུྃ་ལས་བསྐྱེད་པའོ། །འདོམ་གྲུ་གསུམ་ནི་ཨེའོ། །དེ་ལྟར་ཡང་གསུངས་པ། ཨེ་ནི་ཤེས་རབ་བརྗོད་པར་བྱ། །བྃ་ནི་ཐབས་དང་ལྡན་པ་ཉིད། །བྃ་གྱིས་རྣམ་པར་བརྒྱན་པ་དང༌། །ཨེས་ནི་ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེང་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཉིད་དང་ནི་བྃ་ཉིད་ནི། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །ཅེས་སོ། །མ་ནི་མ་ཧཱ་རཱ་ག་སྟེ་འདོད་ཆགས་ཆེན་པོ་ཡིན་ལ། ཡ་ནི་བཱ་ཡུ་ཞེས་བྱ་བ་སྟེ་འདོད་ཆགས་ཆེན་པོ་དེའི་དབང་གིས་བྱང་ཆུབ་ཀྱི་སེམས་འདུས་པ་རྣམས་དལ་བར་རྒྱུ་བའི་རླུང་གིས་དབང་གི་གནས་སུ་མངོན་དུ་བྱེད་པ་གང་ཡིན་པའོ། །བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་ནི་སྲུ། སྲ་བ་དྷཱ་ཏུའོ། །དེ་ལས་བདེ་བ་ཆེན་པོའི་རྒྱས་པ་ནི་ཏ་བི་སྟཱ་རའོ། །ཡང་གསུངས་པ། མ་ཡ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ། །སྲུ་ཞེས་བྱ་བ་ནི་འཛག་པའོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །དུས་ནི་རྣམ་པ་གསུམ་སྟེ་སྣ་ཚོགས་པ་དང་རྣམ་སྨིན་བདེ་བའི་དུས། རྣམ་ཉིད་སྡུག་བསྔལ་གྱི་དུས། མཚན་ཉིད་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་དུས་སོ། །གཅིག་ནི་དེའི་ཚེ་རྣམ་པར་རྟོག་པའི་ཟླ་མེད་པའོ། །ཡང་གསུངས་པ། དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །ཞེའོ། །བཅོམ་ལྡན་ནི་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ནི་རྣམ་པར་རྟོག་པ་བཅོམ་ཞིང་བདེ་ཆེན་གྱིས་སྐལ་བ་དང་ལྡན་པས་སོ། །དེ་བཞིན་གཤེགས་པ་ནི་དབང་གི་གནས་སུ་བྱོན་ཅིང་གཤེགས་པས་སོ། །ཐམས་ཅད་ནི་བདུད་རྩི་ལྔ་མ་ལུས་པའོ། །སྐུ་ནི་ཞུ་བའོ། །གསུང་ནི་བདེ་བའོ། །ཐུགས་ནི་མི་རྟོག་པའོ། །སྙིང་པོ་ནི་རང་རིག་པ་གསལ་བའོ། །རྡོ་རྗེ་ནི་རིགས་རྣམ་པ་ལྔའི་སྒྲུབ་པ་པོ་རྣམས་སོ། །དེས་བསྟེན་པར་བྱ་བ་ཡིན་པས་ན་བཙུན་མོ་སྟེ་བྲམ་ཟེ་མོ་ལ་སོགས་པ་སྤྱན་ལ་སོགས་པར་བསྐྱེད་པའོ། །དེའི་བྷ་ག་ནི་དེའི་ཉེར་གནས་ཏེ་སྤྱད་པར་བྱ་བའི་དོན་གྱིས་བྷ་ག་སྟེ། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་སྟེ། སྟོན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གནས་དབང་གི་གནས་དེར། དུས་བསམ་གྱིས་མི་ཁྱབ་པའི་དུས་སུ་འཁོར་བདུད་རྩི་དང་དབང་པོའི་དྭངས་མ་དང་འབྱུང་བའི་འཁོར་གྱིས་བསྐོར་ནས། ཆོས་དཀྱིལ་འཁོར་འཁོར་ལོ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆོས་གསུངས་ཏེ། མདོར་ན་ཕྱག་རྒྱའི་རྣལ་འབྱོར་ཡེ་ཤེས་དང་བཅས་པ་མཐའ་དག་དང༌། སྔོན་འགྲོ་དབང་གསུམ་པ་དང༌། དེའི་ལམ་གྱི་ཡན་ལག་ཏུ་གྱུར་པ་མཐའ་དག་གི་ལུས་རྣམ་པར་གཞག་པར་འགྱུར་བ་ཡིན་ནོ། །དེས་ནི་གླེང་གཞི་ལ་ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱི་སྒོ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ཀྱི་སྦས་པ་ལྟར་བཤད་པའོ། །དེ་ལྟར་བཤད་ཐབས་ཀྱི་ཚུལ་གཉིས་པོ་དེས་ནི་རྫོགས་པའི་རིམ་པ་སྟེ་སྦས་པའི་དོན་གྱི་བཤད་པའོ། །གལ་ཏེ་དེ་ལྟར་ན་སྟོན་པའི་བཀའ་ཡིན་པ་དེ་བདེན་ན་ནི་སྡུད་པར་བྱེད་པས་སྨྲས་ཞེས་བྱ་བ་འདི་བརྫུན་དུ་འགྱུར་ལ། ཡང་སྡུད་པ་པོས་སྨྲས་པའོ་ཞེས་བྱ་བར་བདེན་ནའང་སྟོན་པའི་ཞལ་ནས་གསུངས་པའི་བཀའ་ཡིན་ནོ་ཞེས་བྱ་བ་འདི་བརྫུན་དུ་འགྱུར་རོ་ཞེ་ན། འདིར་སྡུད་པ་པོ་དང་སྟོན་པ་ཞེས་བྱ་བའི་ཐ་དད་པ་ཅིག་ཡོད་པར་གྱུར་ན་དེ་ལྟར་འགྱུར་བ་བདེན་མོད་ཀྱི་འདི་ལ་སྟོན་པ་དང་སྡུད་པ་པོ་ཞེས་བྱ་བ་ཐ་དད་ནི་མི་འདོད་དེ། དཔལ་གསང་བ་གྲུབ་པ་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་པ་པོ་དེ་སྡུད་པའང་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གལ་ཏེ་སྟོན་པ་དང་སྡུད་པ་པོ་ལ་སོགས་པ་ཐ་དད་མེད་ན། འོ་ན་རྡོ་རྗེ་སྙིང་པོས་ཞུ་བ་དང༌། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ལ་སོགས་པ་འདི་དག་ཀྱང་མི་འགྲིག་པར་འགྱུར་ལ། བདག་གིས་ཐོས་པ་ཞེས་བྱ་བ་འདིའི་སྒྲ་ཇི་བཞིན་པ་ཉིད་ཀྱང་ཇི་ལྟར་དྲང་སྙམ་ན་བདེན་མོད། འདི་དག་ནི་ཐ་དད་པ་ཉིད་ཡིན་ནོ་ཞེས་བཤད་ན་དེ་ལྟར་འགྱུར་ཡང༌། ཐ་དད་དུ་སྣང་བ་ལ་ཐ་དད་པར་འཛིན་པ་ནི་བློ་དམན་པ་ཉིད་ཀྱི་སྐྱོན་ཡིན་ནོ། །དེ་བས་ན་ལྷའི་དབང་པོས་ཞུས་པའི་མདོ་ལས་ཀྱང༌། ཀུན་དགའ་བོ་ནི་ཕྱག་ན་རྡོ་རྗེའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདིས་ན། རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་གཅིག་ཉིད་སྟོན་པ་དང་ཞུ་བ་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་འདི་ཉིད་ཀྱི་ཕྱིར་ཡང་ཡེ་ཤེས་ཡོངས་སུ་དག་པ་གཅིག་ཉིད་ཀྱི་སྣང་བ་ཡིན་པར་ཤེས་ཏེ། ཨེ་བྃ་ཞེས་བྱ་བའི་དོན་དེ་ཉིད་བདག་གིས་ཐོས་ཞེས་བྱ་བ་ནི་རྟོགས་པ་ལ་ཐོས་པ་ཞེས་བྱའི། མ་རྟོགས་པར་གྲགས་པ་ཙམ་ལ་ཐོས་པ་ཞེས་འཇིག་རྟེན་ནའང་མ་གྲགས་སོ། །དེས་ན་ཐོས་པ་ནི་རྟོགས་པ་ཡིན་ལ། གཅིག་ཅེས་བྱ་བ་ནི་སྐད་ཅིག་ཡིན་ལ། སྐད་ཅིག་ལ་རྟོགས་ཤིང་ཁོང་དུ་ཆུད་པ་དེ་རྡོ་རྗེ་འཆང་ཆེན་པོ་ཉིད་མ་ཡིན་པ་གཞན་གྱིས་ག་ལ་ནུས། དེ་བས་ན་ཨེ་བྃ་དེ་བདག་གི་སྐད་ཅིག་གིས་དུས་ལ་རྟོགས་ཤིང་ཁོང་དུ་ཆུད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་དཔལ་ཡང་དག་པར་སྦྱོར་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་བཀའ་སྩལ་ཏེ། གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ། །ཐོས་པ་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིས་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པར་མོས་པའི་ཏིང་ངེ་འཛིན་རྙེད་དེ་ཞེས་བྱ་བར་སྙེགས་སོ་ཞེས་བྱ་བ་དང༌། ཡང་ན་ཐོས་པ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ནས་ཡིན་གྱི། འཆད་པ་པོ་ཉིད་སྡུད་པར་བྱེད་པ་ཡིན་ཏེ། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །དེ་དག་ཐ་དད་སྣང་བར་ཇི་ལྟར་འཚལ་བར་བགྱི། །གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པ། །གཅིག་ཉིད་དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་པར་མཛད་པའོ། །ཞེས་གསུངས་སོ། །ལེགས་པར་བཀའ་སྩལ་ཏོ། །དེ་བས་ན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཞལ་ནས་གསུངས་ཀྱང་དེ་ཉིད་སྡུད་པ་པོ་དང་ངོ་བོ་གཅིག་པ་ཉིད་ཡིན་པས་ན་སྡུད་པ་པོའི་ཡིན་ནོ་ཞེས་དྲང་པའི་དོན་དུ་བཤད་པ་འདི་ལའང་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོ་ཇི་ལྟ་བུ་ཞིག་ཡིན། གང་ན་ནི་བཞུགས། ཇི་ལྟར་མཛད་ཅིང་བཞུགས་སྙམ་ན། བཅོམ་ལྡན་འདས་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྔར་བཤད་པ་ལྟར། བཅོམ་པ་དང་ལྡན་པ་ནི་བཅོམ་ལྡན་འདས་སོ། །དེ་ནི་གསུམ་སྟེ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ནི། རང་གི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་མཚན་མ་དང་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་གནས་གང་ལ་བཞུགས་སྙམ་ན། འཁོར་བ་དང་མྱ་ངན་ལས་འདས་པ་དང༌། བརྟན་པ་དང༌། གཡོ་བས་བསྡུས་པ་ཐམས་ཅད་ནི་དེ་བཞིན་ཉིད་དུ་གཤེགས་པའམ་དེ་བཞིན་ཉིད་དུ་གཤེགས་པས་ན་སརྦ་ཏ་ཐཱ་ག་ཏའོ། །དེ་དག་གི་སྐུ་དང་གསུང་དང་ཐུགས་ནི་གཡོ་བ་གསུམ་མོ། །སྙིང་པོ་ནི་འབྱུང་གནས་ཉིད་དུ་གྱུར་པས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་མེད་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་ཞེས་སུ་བརྗོད། །ཅེས་རྡོ་རྗེ་རྩེ་མོ་ལས་བཀའ་སྩལ་ཏོ། །དེ་ཉིད་ཟག་པ་མེད་པའི་བདེ་བ་བསྐྱེད་པའི་ཕྱིར་བཙུན་མོ་སྟེ། སཾ་པུ་ཊ་ལས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེ་དོན་གང༌། །བཙུན་མོ་ཉེ་བར་མཛད་པའོ། །ཞེས་སོ། །དེའི་བྷ་ག་ནི་བདེ་བ་དེ་ཉིད་རྣམ་པར་རྟོག་པ་དང་བཅས་པའི་བདེ་བ་མ་ཡིན། དེར་རྣམ་པར་རྟོག་པ་ཐམས་ཅད་བཅོམ་པས་ན་བྷ་ག་སྟེ། ཤེས་རབ་ཀྱི་དབང་གིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འཇོམས་པའི་ཕྱིར་ཤེས་རབ་བྷ་གར་གསུངས་ཏེ། བྷ་ག་དེར་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོ་ལྷན་ཅིག་ཏུ་བཞུགས་སོ། །ཞེས་ཁ་སྦྱོར་ལས་གསུངས་པ་ལྟ་བུའོ། །བཞུགས་པའི་ཚུལ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཀྱི་ལོངས་སྤྱོད་བྱ་བའི་གཞིར་གྱུར་པ་སྟེ། ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་རྫོགས་པ་ཞེས་ཡན་ལག་གསུམ་དུ་ཁ་ཅིག་བཞེད་དོ། །འདིའི་གནས་དང་བཞུགས་པའི་ཚུལ་ནི་སྔར་ཡི་གེའི་དོན་གྱི་སྐབས་སུ་ཇི་ལྟར་བཤད་པ་བཞིན་ནོ། །སྤྲུལ་པའི་སྐུ་ནི་ཇི་ལྟ་ཇི་ལྟར་འདུལ་བའི་ཁམས་ཡོད་པ་དེ་དང་དེའི་རྣམ་པས་དོན་མཛད་པ་གང་ཡིན་པ་དེའོ། །དེ་གང་ལ་བཞུགས་ན། རྡོ་རྗེ་ནི་སངས་རྒྱས་རྣམས་སོ། །དེའི་བཙུན་མོ་ནི་བསྟེན་པར་བྱ་བ་སྟེ་སེམས་ཅན་གྱི་ཁམས་སོ། །བྷ་ག་ནི་འདུལ་བའི་ཁམས་ལའོ། །བཞུགས་སོ་ཞེས་བྱ་བ་ལ་བཞུགས་པའི་ཚུལ་ནི་གདུལ་བྱའི་སྐྱེ་བོ་གང་གིས་འདུལ་བ་དེའི་ཡིད་འཕྲོག་པ་སྟེ། གི་བི་ཙི་ཏྲ་ན་གདུལ་བྱའོ། །ཛ། ཛནྨ་ནི་སྐྱེ་བོའོ། །ཧ། ཧ་ར་ནི་འཕྲོག་པ་ཞེས་བྱ་སྟེ། དཔལ་ཡང་དག་པར་སྦྱོར་བ་ལས། ཀྱེ་བཅོམ་ལྡན་འདས་བཞུགས་སོ། །ཞེས་བྱ་བས་ཅི་གསུངས་པ་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་གདུལ་བའི་སྐྱེ་བོའི་ཡིད་འཕྲོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་སོ། །དེ་དག་གིས་ནི་ཕུན་སུམ་ཚོགས་པ་ལྔ་དབྱེར་མེད་པས་དབང་བཞི་པ་འབྲས་བུ་དང་བཅས་པའི་ལུས་རྣམ་པར་གཞག་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་གླེང་གཞིའི་ཚིག་ལ་ཡན་ལག་དང་ཡི་གེའི་བཤད་ཐབས་ཀྱི་སྒོ་ནས་མཐར་ཐུག་པའི་དོན་དུ་བཤད་པའོ། །ངེས་པའི་དོན་གྱི་བཤད་པའོ། །གླེང་གཞི་ཕུན་སུམ་ཚོགས་པས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་བཤད་ཟིན་ཏོ།།  །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བའང་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་སྟོན་པ་ལས། ཐོག་མར་ཁྱད་པར་དུ་འཕགས་པའི་མཚན་དང་ལྡན་པའི་རྒྱུད་འདི་བཤད་པར་བཞེད་ནས་སྟོན་པས་གླེང་བསླང་བ་སྟོན་པ་ནི་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག་ཅེས་བྱ་བའི་བར་ཡིན་ནོ། །མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་སྟོན་པར་བཞེད་པར་གོ་ནས། དེའི་ངེས་པའི་ཚིག་ལ་ཞུས་པ་དང་ལན་རྒྱས་པར་སྟོན་པ་ནི་རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་མཚན་གྱི་དོན་བསྟན་པའི་སྒོ་ནས། རྒྱུད་འདིར་བརྗོད་པར་བྱ་བའི་གཙོ་བོའམ་དམིགས་པར་བྱ་བའི་ཡུལ་ནི་ཧེ་རུ་ཀ་བཞི་སྟེ། དེ་ལས་ཀྱང་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་འདི་ཡིན་ནོ་ཞེས། འབྲས་བུ་ལ་སྤྲོ་བ་སྐྱེད་པའི་ཕྱིར་འབྲས་བུའི་རྒྱུད་ཐོག་མར་བསྟན་ཅིང༌། འབྲས་བུ་སྙིང་པོ་ཀྱེའི་རྡོ་རྗེ་ཡིན་པ་དེ་བས་ན་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་དང་རྒྱུའི་རྒྱུད་ཀྱང་ཀྱེའི་རྡོ་རྗེ་ཡིན་ལ། དེའི་ཕྱིར་རྒྱུད་འདི་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་བྱ་བར་སྦྱར་ཏེ། བསྡུས་པའི་དོན་ཏོ། །ཚིག་གི་དོན་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་གསང་བའང་ཞེས་བྱ་བའི་བར་འདིའང་ཞེས་བྱ་བའི་སྒྲའི་དོན་ལ་བརྟེན་ཏེ་གསང་བའང་ཞུས་པ་དེ་བཀའ་སྩལ་ཞེས་འབྲེལ་པས་དེ་དག་ཞུ་བའི་ཚིག་ཏུ་ཤེས་པར་བྱའོ། །དེ་ལ་ཏེ་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་འདི་རྒྱ་གར་གྱི་དཔེ་ལས་གོང་ན་ཡོད། སྒྱུར་བྱེད་ཁ་ཅིག་གིས་ཀྱང་གོང་ཉིད་ན་ཡོད་པར་བསྒྱུར་བས་འདི་དག་ཞུ་བའི་ཚིག་ཏུ་ཇི་ལྟར་རུང་ཞེ་ན། འདིའི་ལན་གདབ་པ་ལ་གསུམ་སྟེ། གཞུང་གི་ཡི་གེའི་སྡེབ་སྦྱོར་གྱི་དབང་དུ་བྱས་ནས་ཞུ་བའི་ཚིག་ཏུ་རིགས། གླེང་གཞི་དྲང་དོན་སྟོན་པའི་བཀའ་མ་ཡིན་ནའང་ཞུ་བའི་ཚིག་རིགས། ངེས་དོན་སྟོན་པའི་བཀའ་ཡིན་ནའང་ཞུ་བའི་ཚིག་རིགས་པའོ། །དེ་ལ་དང་པོར་བཀའ་སྩལ་པ་ཞེས་བྱ་བའི་སྒྲའི་ཤུགས་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་ལས་རྗེ་བཙུན་ཆེས་གསང་བའང་བཀའ་སྩལ་པ་ཞེས་བྱ་བར་སྡེབ་སྦྱོར་འབྱུང་བ་ལས། དངོས་སུ་རྡོ་རྗེ་སྙིང་པོས་གསོལ་ཞེས་བྱ་བ་ལ་སོགས་པ་མེད་ཀྱང༌། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནས་འང་ཞེས་པའི་བར་གྱི་ཚིག་རིང་པོ་འདིས་ཤུགས་ལས་དེ་དག་ཞུས་པ་ཞེས་བྱ་བར་སྟོན་གྱི། ཞུས་པ་དེ་མི་སྟོན་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ཉིད་ཀྱིས་ཆོག་གི་ཚིག་རིང་མོ་ལ་དོན་ཅི་ཡོད། ཡང་ཞུ་བའི་ཚིག་མེད་ན། ཞུས་པ་མེད་པ་ལ་ཨེ་མའོ་ཞེས་བྱ་བ་ངོ་མཚར་བ་དང༌། ལེགས་སོ་བའི་གཏང་རག་བྱིན་ཏེ་མཉན་པར་གདམས་པའང་མི་རིགས་སོ། །གལ་ཏེ་རྗེ་བཙུན་ཆེས་གསང་བའང་ཨེ་མའོ་ཞེས་གསང་བ་ལ་སོགས་པ་ལ་ངོ་མཚར་ཞིང་དེ་ལ་ལེགས་སོ་བྱ་བ་བྱིན་ཏེ་མཉན་པར་གདམས་པ་ཡིན་ནོ་སྙམ་ན། དེའང་མི་རིགས་ཏེ། བཀའ་སྩལ་པ་གོང་ན་ཡོད་ན། གསང་བ་ལ་སོགས་པ་ཞལ་ནས་གསུངས་པའི་བཀའ་ཡིན་དགོས་ལ། ཡིན་ན་འོག་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་དོན་མཐུན་ན་ལྟབས་ལ་དོན་མི་མཐུན་ན་སྔ་ཕྱི་འགལ་བ་གསུང་པ་མི་རིགས་པའི་ཕྱིར་དེ་མ་ཡིན་ནོ། །གཉིས་པ་ནི། དྲང་དོན་དུ་གླེང་གཞི་སྟོན་པའི་བཀའ་མ་ཡིན་ཞིང་འཁོར་དང་སྟོན་པ་ཐ་དད་ཡིན་ནའང་ཞུ་བའི་ཚིག་དགོས་ཏེ། སངས་རྒྱས་རྣམས་ནི་ཞུས་ནས་ཞུ་བའི་ལུང་སྟོན་གྱི་མ་ཞུས་པར་གསུངས་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་མ་ཞུས་པར་གསུངས་པ་བདེ་མཆོག་ལ་སོགས་པ་མང་ངོ་སྙམ་ན་དེ་ནི་ངེས་པའི་དོན་གྱི་རྒྱུད་ཡིན་ནོ། །གསུམ་པ་ནི། འཁོར་དང་སྟོན་པ་ཐ་མི་དད་གླེང་གཞི་སྟོན་པའི་བཀའ་ཡིན་པས། གླེང་གཞི་གསུངས་པའི་རྗེས་ལ་མ་ཞུས་པར་དེ་ནས་བཀའ་སྩལ་པ་ཞེས་ཇི་ལྟར་རིགས། དེས་ན་ཞུ་བ་དགོས་སོ། །གལ་ཏེ་སྟོན་པ་དང་འཁོར་ཐ་དད་མེད་ན་ཞུ་བ་ཉིད་མི་རིགས་སོ་སྙམ་ན། རིགས་ཏེ་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་ཏེ། ཨེ་མའོ་གར་མཁན་འཁོར་ལོ་འདི། །རང་གི་ཡེ་ཤེས་འདྲི་བར་བྱེད། །ཅེས་རྩེ་མོ་ལས་གསུངས་པ་ལྟ་བུའོ། །དེས་ན་ཞུ་བའི་ཚིག་ཏུ་ཤེས་པར་བྱའོ། །འོ་ན་གལ་ཏེ་རྒྱུད་འདིར་ཞུ་བའི་ཚིག་རྒྱས་པར་མ་སྨོས་པ་ཅི་ཡིན་སྙམ་ན། རྒྱུད་ཉུང་ངུ་འདི་ནི་རྒྱུད་རྒྱས་པ་ལས་བསྡུས་ནས་ཕྱུང་བ་སྟེ་རྒྱུད་འབུམ་ཕྲག་ལྔ་པ་དེར་ནི་ཞུ་བའི་ཚིག་རྒྱས་པར་འབྱུང་ངོ༌། །དེ་བས་ན་རྡོ་རྗེ་སྙིང་པོའི་རྣམ་བཤད་ལས་ཀྱང༌། གསོལ་བ་བཏབ་པ་འབྱུང་ངོ་ཞེས་གསུངས་སོ། །དེ་ལ་གསོལ་བ་འདེབས་པའི་ཚིག་ལ་སོགས་པ་མཚམས་སྦྱར་བ་ནི་འདི་ཡིན་ཏེ། དྲང་བའི་དོན་གྱི་དབང་དུ་བྱས་ན་ད་ལྟར་གནས་སུ་བཞུགས་པའི་ཚེ། ངེས་དོན་གྱི་དབང་དུ་བྱས་ན་གླེང་གཞིའི་ཚིག་གསུངས་པའི་རྗེས་ལ། ཐོག་མར་རྡོ་རྗེ་སྙིང་པོ་སྤོབས་པ་བསྐྱེད་པའི་ཕྱིར་སྟོན་པས་ལུས་ཀྱི་གླེང་བསླང་བ་འབྱུང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས། རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །དཔལ་གྱི་བེའུ་དང་མཛོད་སྤུ་ལས་ཀྱང་འོད་ཟེར་སྤྲོས་ཏེ། རྡོ་རྗེ་སྙིང་པོ་ལ་རེག་པར་མཛད་དོ། །དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་གླེང་གཞི་ཚིག་ཏུ་གསུངས་པ་དེ་ཉན་པར་འཚལ་ན། སྐུ་ནི་གང་གསུང་ནི་གང་ཐུགས་ཀྱི་གསང་བ་འདི་རྣམས་ནི་གང་ཡིན། དེ་རྣམས་ཀྱིའང་སྙིང་པོ་ཆེས་གསང་བའི་རྗེ་བཙུན་དེ་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་བཤད་པར་རིགས་ལགས་སོ། །ཞེས་ཞུ་བའི་ཚིག་རྩ་བའི་རྒྱུད་རྒྱས་པ་ལས་འབྱུང་བ་དེ་བཤད་པའི་རྒྱུད་དང་བླ་མའི་མན་ངག་གིས་འདིར་སྦྱར་བར་བྱའོ། །དེ་ལྟར་ཞུས་པས་ན་དེའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་སྦྱར་བར་བྱའོ། །དེ་ལ་རྗེ་བཙུན་ཞེས་བྱ་བ་ནི་དེར་དད་པ་ཅན་རྣམས་ལ་འཁོར་བ་ལས་སྒྲོལ་བ་ལྷ་ལ་སོགས་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ལྷ་ཞེས་བྱ་བའི་དོན་ཏོ། །གསང་བ་ཞེས་བྱ་བ་ནི་གསང་སྔགས་ཀྱིས་བསྒྲུབས་པའི་འབྲས་བུ་ནི་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་གསང་བའོ། །ལས་ཀྱང་གསང་བ་ནི་བྱ་བ་དང་སྤྱོད་པ་ལ་སོགས་པ་ལའང་གསང་བ་སྟེ། དམན་པ་རྣམས་ཀྱིས་དད་པ་ཙམ་ཡང་བྱ་དཀའོ་ཞེས་བྱའོ། །དེ་ལྟར་ན་གསང་བ་ལས་ཀྱང་ཆེས་གསང་བ་མཆོག་ཏུ་གྱུར་པའི་རྒྱུད་ཞུ་བ་ལས་ངོ་མཚར་བའི་གཏང་རག་བྱིན་པ་ནི་ཨེ་མའོ་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཡོན་ཏན་བསྟན་པར་བཞེད་ནས་མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་མཉན་པར་གདམས་པ་ནི་རྡོ་རྗེ་སེམས་དཔའ་དང་ཞེས་བྱ་བ་ལ་སོགས་པའོ། །མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་སྟོན་པར་གོ་ནས་ཞུ་བ་ལས། ཐོག་མར་ཐུན་མོང་གི་གསང་བ་རྣམ་པ་གསུམ་པོ་ཞུ་བ་ནི་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ལན་སྟོན་ཏོ། །འདི་རྣམས་ལ་རང་གི་ངོ་བོ་གང་ཡིན་པ་དང༌། དེ་ཉིད་ལ་སྐུ་རྡོ་རྗེ་ལ་སོགས་པར་གཞག་པའི་ཚུལ་དང༌། དེ་གདུལ་བྱ་རྣམས་ལ་སྣང་བའི་དུས་སུ་ཐུན་མོང་གི་གདུལ་བྱ་ལ་སྣང་བའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་སྣང་བའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་སྣང་བ་དེ་ལྟར་འོངས་པའི་འཐད་པ་དང་ལྔར་གསུང་ངོ༌། །དེ་ལ་དང་པོ་ལྔར་ནི་རྡོ་རྗེ་སེམས་དཔའ་རང་གི་ངོ་བོ་ནི། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །དེ་ཉིད་མི་ཕྱེད་ཅེས་སྨོས་ཏེ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལ་སུས་ཀྱང་གཞིག་པའམ་དབྱེ་བར་མི་ནུས་སོ། །དེའི་ཕྱིར་རྡོ་རྗེ་སྟེ་རྡོ་རྗེ་དང་འདྲ་བས་སོ། །ཇི་སྐད་དུ། གང་ཞིག་ས་སྟེང་རིན་ཆེན་ནི། །ངེས་པར་ལྕགས་ཀྱི་ཁམས་རྣམས་ལ། །རྡོ་རྗེ་དེ་ཡིས་ངེས་པར་འཇོམས། །དེ་ལ་གཞན་གྱིས་གཞིག་མི་ནུས། །ཞེས་བཤད་པ་ལྟ་བུའོ། །སེམས་དཔའ་ཞེས་བྱ་བ་དེ་གང་ཡིན་སྙམ་ན། སྲིད་པ་གསུམ་གཅིག་པ་ཞེས་སྨོས་ཏེ། ཡོད་ཅིང་འབྱུང་བའི་དོན་གྱིས་ན་སྲིད་པའོ། །དེ་བས་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་དངོས་པོ་ཐམས་ཅད་ཅེས་བྱ་བའོ། །གཅིག་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེའི་ངོ་བོ་ལ་དེ་དག་ལས་ཐ་དད་པར་གྲུབ་པ་ལྟ་བུ་མེད་དོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཁ་ཅིག་སྲིད་པ་གསུམ་ནི་སྐུ་གསུང་ཐུགས་ཏེ་སངས་རྒྱས་ཀྱི་སྲིད་པ་རྣམས་དེ་བཞིན་ཉིད་དུ་གཅིག་ཅེས་བྱ་བར་འཆད་དོ། །དེ་བས་ན་གཅིག་པ་ཉིད་དུ་སེམས་དཔའ་ཞེས་བྱ་བའོ། །དེ་ལྟ་བུའི་ཤེས་རབ་ཀྱི་རིགས་པ་འདིས་ནི་སྐུ་རྡོ་རྗེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཅིའི་ཕྱིར་སྐུ་རྡོ་རྗེ་ཡིན་སྙམ་ན། ཇི་ལྟར་སྐུས་ངག་དང་སེམས་ཀྱི་རྟེན་བྱེད་པ་བཞིན་དུ། དེ་བཞིན་ཉིད་དེས་དཀར་པོའི་ཕྱོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པས་ན་སྐུ་རྡོ་རྗེའོ། །དེ་ནི་དོན་ཡིན་ནོ། །དེ་ཉིད་དམན་པའི་གདུལ་བྱ་རྣམས་ལ་སྐུའི་སྣང་བ་ཇི་ལྟར་འབྱུང་སྙམ་ན། ཐུན་མོང་གི་གདུལ་བྱ་རྣམས་ལ་མཚན་དང་དཔེ་བྱད་རབ་ཏུ་འབར་བའི་སྐུར་སྣང་ངོ༌། །ཐུན་མོང་མ་ཡིན་པ་དཔལ་ཀྱེའི་རྡོ་རྗེས་འདུལ་བ་རྣམས་ལ་ནི་ཕྱག་གཉིས་པའི་རྣམ་པར་སྣང་ངོ༌། །ཅིའི་ཕྱིར་སྣང་སྙམ་ན། ཆོས་ཅན་དག་པ་ལ་ཡོད་པ་དང་ཆོས་ཅན་མ་དག་པ་ལའང་དེ་བཞིན་ཉིད་དེ་ཡོད་དོ། །ཞེས་བསྟན་པའི་ཕྱིར་ཕྱག་གཉིས་པའོ། །ཞེས་བྱ་བ་མན་ངག་གོ །རྣམ་བཤད་བྱེད་པ་རྣམས་ཀྱིས་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་ཉིད་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུར་འཆད་དེ། མགོན་པོ་བྱམས་པས། ཟག་མེད་ཆོས་རྣམས་རྣམ་ཀུན་དུ། །རྣམ་པར་དག་འགྱུར་གང་དག་ཡིན། །དེ་དག་ཆོས་ཀུན་རང་བཞིན་ཅན། །ཐུབ་པའི་ངོ་བོ་ཉིད་སྐུ་ཡིན། །ཞེས་གསུངས་པ་དང༌། རྗེས་སུ་མཐུན་པར་འགྱུར་རོ། །ཅིའི་ཕྱིར་ན་སེམས་དཔའ་ཆེན་པོ་ཡིན་སྙམ་པ་ལ། ཡེ་ཤེས་ཆེན་པོའི་རོས་གང་བས་ཞེས་སྨོས་ཏེ། ཡེ་ཤེས་ནི་སེམས་དཔའ་སྟེ་ཤེས་པའོ། །ཆེན་པོ་ནི་སོ་སོའི་སྐྱེ་བོའི་ཤེས་པ་ལས་ཁྱད་པར་དུ་ཆེ་བས་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་བས་ན་སེམས་དཔའ་ཆེན་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱང་ཡིན་ལ་ཆེན་པོའང་ཡིན་པས་ཡེ་ཤེས་ཆེན་པོ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའོ། །རོས་གང་བ་ཞེས་བྱ་བ་ལ། ཡེ་ཤེས་ཀྱི་གྲངས་མཚོན་པར་བྱ་བའི་ཕྱིར་དང༌། ཡེ་ཤེས་དེ་མྱོང་བར་ཤེས་པར་བྱ་བའི་ཕྱིར་དང༌། གསུང་མཚོན་པར་བྱ་བའི་ཕྱིར་ན་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་གྲངས་མཚོན་པར་མི་ནུས་ཏེ་ཡེ་ཤེས་ནི་ལྔ་ཡིན་ལ་རོ་ནི་དྲུག་ཡིན་པས་སོ་སྙམ་ན། ཡིན་མོད་ཀྱི། རྡོ་རྗེ་གུར་ལས། ཁ་བ་ཚ་བ་རྡོ་རྗེར་དབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་རབ་ཏུ་བརྟག་པར་བྱ། །ཞེས་རོ་གཉིས་ཡེ་ཤེས་གཅིག་ཏུ་བསྡུས་ཏེ་དེ་བས་ན་སངས་རྒྱས་ལྔ་མཚོན་ནོ། །ཡང་ན་རོ་ནི་མྱང་བ་ཡིན་ལ་ཡེ་ཤེས་ཀྱང་མྱོང་བར་མཚོན་ནོ། །ཡང་རོ་ཞེས་བྱ་བ་འདིས་གསུང་རྡོ་རྗེ་ཉིད་དུ་མཚོན་པར་བྱེད་དེ། རོ་ནི་མགྲིན་པར་མྱང་བ་ཡིན་ལ་ཡེ་ཤེས་ལྔ་གཞན་ལ་སྟོན་པའི་གསུང་ཡང་མགྲིན་པ་ནས་འབྱུང་ངོ་ཞེས་མགྲིན་པའི་གནས་བསྟན་པས་གསུང་རྡོ་རྗེ་ཉིད་དུ་རབ་ཏུ་གྲུབ་བོ། །ཐུན་མོང་གི་གདུལ་བྱ་རྣམས་ལ་ནི་གསུང་དབྱངས་ཡན་ལག་དྲུག་ཅུར་སྣང་ལ། ཀྱེའི་རྡོ་རྗེས་གདུལ་བ་རྣམས་ལ་ནི་ཕྱག་བཞི་པར་སྣང་ངོ༌། །ཅིའི་ཕྱིར་སྣང་སྙམ་ན། མགྲིན་པ་ན་ཡ་ར་ལ་ཝ་བཞི་ནི་ཡེ་ཤེས་ཀྱི་རླུང་བཞིའི་འབྱུང་གནས་ཏེ་གསུང་དུ་མཚོན་པར་བྱེད་པས་ཕྱག་བཞིའོ། །སློབ་དཔོན་ཁ་ཅིག་ཡེ་ཤེས་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ཡིན་ལ། རོ་ནི་ལོངས་སྤྱོད་པ་ལ་འཆད། ཁ་ཅིག་ནི་ཡེ་ཤེས་ཆེན་པོ་ནི་ཐབས་ཤེས་རབ་ཡིན་ལ། རོ་ནི་གང་ཞིང་མྱང་བ་ལ་འཆད་དོ། །གང་ལྟར་ཡང་རུང་སྟེ་རྣམ་འགྲེལ་བྱེད་པ་རྣམས་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སེམས་དཔའ་ཆེན་པོ་ཞེས་གསུང་ངོ༌། །དེའང༌། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། །ཐེག་ཆེན་ཉེ་བར་ལོངས་སྤྱོད་པས། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། །ཅེས་བྱམས་པས་གསུངས་པ་དང་ཡང་འཚམ་མོ། །དམ་ཚིག་གི་སེམས་དཔའ་དེ་གང་ཡིན་སྙམ་ན། རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ནི་རྒྱུན་ཏུ་སྟེ་རྒྱུ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུའོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་སྟེ་བསྐྱང་བར་བྱ་བ་ཡིན་པའོ། །དེ་བས་ན་རྒྱུ་དུས་ཀྱི་དམ་ཚིག་བསྟེན་པས་འབྲས་བུའི་དུས་སུ་ཡེ་ཤེས་ལྔ་ཉིད་ཀྱིས་ཐུགས་སུ་ཆུད་པ་འདི་ནི་དམ་ཚིག་སེམས་དཔའི་རང་གི་ངོ་བོའོ། །དེ་ལ་རྒྱུ་དུས་ཀྱི་དམ་ཚིག་ནི། གང་ཞེ་ན། བསྲུང་བའི་དམ་ཚིག་བཟའ་བའི་དམ་ཚིག་གོ །བསྲུང་བ་ནི་བཞི་སྟེ། རང་གི་ཡུལ་ལ་རྣམ་པར་ཤེས་པ་ལྔའི་ལུས་བསྲུང་བའི་དམ་ཚིག་དང༌། ཕུང་པོ་ལྔ་འདུལ་བའི་དམ་ཚིག་དང༌། ཁམས་བཞི་འདུས་པའི་དམ་ཚིག་དང༌། རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་བྱང་ཆུབ་ཀྱི་སེམས་འདྲིས་པར་བྱེད་པ་དང་གོམས་པར་བྱེད་པའི་དམ་ཚིག་ཅེས་བྱ་བ་རྣམས་སོ། །དེ་ལ་དང་པོ་གསུམ་ནི་བསྐྱེད་རིམ་གྱིས་ཐ་མལ་གྱི་རྣམ་པར་རྟོག་པ་ལས་བློ་རྡོག་པར་བྱེད་པ་སྟེ། དེའང་དང་པོས་ནི་དབང་པོའི་སྒོ་བསྡམས་པས་ཡུལ་ལ་རྣམ་པར་མི་གཡེང་བར་བྱེད་པ་སྟེ། འདིས་ནི་སྡོམ་པའི་ཚུལ་ཁྲིམས་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྲུབ་བོ། །བར་པ་གཉིས་པོས་ནི་ཐ་མལ་གྱི་རྣམ་པར་རྟོག་པ་རྩ་བ་ནས་འབྱིན་པར་བྱེད་པ་ཡིན་ཏེ། འདིས་དགེ་བའི་ཕྱོགས་ཐམས་ཅད་སྡུད་པར་བྱེད་དོ། །བཞི་པ་ནི་བྱང་ཆུབ་ཀྱི་སེམས་ནི་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །ཀུན་རྫོབ་ནི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ་མྱ་ངན་ལས་འདས་པའི་མཐའ་མནན་ཏོ། །དོན་དམ་པས་ནི་རྣམ་པར་རྟོག་པ་ཐམས་ཅད་བཤིགས་པས་འཁོར་བའི་མཐའ་མནན་པའོ། །བཟའ་བའི་དམ་ཚིག་ནི་ཤ་ལྔ་བདུད་རྩི་ལྔ་བསྟེན་པའོ། །དེ་ལ་ཅིའི་ཕྱིར་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་སྙམ་ན། རྒྱུ་དུས་ཀྱི་དམ་ཚིག་དེའང་རང་གི་ཐུགས་ཀྱིས་བསྟན་པར་བྱ་བ་ཡིན་གྱི་ལུས་ངག་གིས་བསྟེན་པར་ག་ལ་ནུས། བཟའ་བ་ཉིད་ཀྱང་ལུས་ཀྱིས་བསྟེན་པར་བྱ་བ་མ་ཡིན་ཏེ། ཁྱི་ཕག་ལ་ཐལ་བར་འགྱུར་རོ། །དེས་འབྲས་བུའི་དུས་སུ་ཡེ་ཤེས་ལྔ་ཐུགས་སུ་ཆུད་པས་ན་ཐུགས་རྡོ་རྗེའོ། །དེ་ལྟ་བུ་དེ་ཐུན་མོང་གི་གདུལ་བྱ་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པར་སྣང་ལ། ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་ཕྱག་དྲུག་པའི་རྣམ་པར་སྣང་ངོ༌། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ཚོགས་དྲུག་གནས་གྱུར་པ་ལས་བྱུང་ངོ་ཞེས་མཚོན་པའི་ཕྱིར་རོ། །རྣམ་བཤད་བྱེད་པ་རྣམས་ཀྱིས་དམ་ཚིག་ནི་བསྐྱང་པ་ཉིད་ཡིན་ལ། དེ་རྒྱུ་དུས་སུ་བསྐྱངས་པས་འབྲས་བུའི་ཚེ་སེམས་ཅན་གྱི་ཁམས་བསྐྱང་བ་ཡིན་པས་སྤྲུལ་སྐུའམ། ཁ་ཅིག་སྤྲོ་བའི་སྦྱོར་བས་ཀུན་ཏུ་འགྲོ་བས་ན་དམ་ཚིག་གོ །གདུལ་བྱའི་ཁམས་འདུལ་བས་རྟག་ཏུ་དམ་ཚིག་སྟེ་མདོར་ན་སྤྲུལ་སྐུའོ་ཞེས་འཆད་པར་བྱེད་དོ། །བྱམས་པས་ཀྱང༌། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པ་དང་ཡང་མཐུན་པར་འགྱུར་རོ། །དེ་བས་ན་བླ་མ་གོང་མ་རྣམས་ནི། གསུམ་པོ་རེ་རེ་ལའང་རང་གི་ངོ་བོ་ཆོས་ཀྱི་སྐུ་དང༌། གདུལ་བྱ་ལ་སྣང་བ་གཟུགས་ཀྱི་སྐུ་ཞེས་བྱ་བ་གཉིས་གཉིས་སུ་གསུངས་ལ། ཊཱི་ཀ་བྱེད་པ་རྣམས་ནི་སྐུ་གསུམ་སོ་སོར་སྦྱར་ཏེ་འཆད་དོ། །འདི་ལ་རྡོ་རྗེ་སྙིང་པོས་རྒྱུ་དང་ལམ་བསྐྱེད་རྫོགས་མཐའ་དག་དང༌། འབྲས་བུ་སྐུ་གསུམ་ལ་སྦྱར་ཏེ་འཆད་མོད། རྗེ་བཙུན་མི་གསུང་བའི་ཕྱིར་ཁོ་བོས་སྤྲོ་བར་ག་ལ་ནུས་ཏེ་གཞག་གོ །ད་ནི་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བའི་སྙིང་པོ་རྗེ་བཙུན་ཀྱེའི་རྡོ་རྗེ་ཞེས་བྱ་བ་འདྲི་བར་འདོད་ནས། རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་སྟེ། དེའི་རང་གི་ངོ་བོ་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་སྟེ། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །ཅེས་བྱ་བ་སྨོས་ཏེ། ཇི་ལྟར་ཀྱེ་ཞེས་བྱ་བས་འཇིག་རྟེན་ན་འབོད་ཅིང་བསྐུལ་བ་བཞིན་དུ་སྙིང་རྗེ་ཡང་འབོད་པར་བྱེད་དོ། །སྙིང་རྗེ་ཅི་ལ་འབོད་པར་བྱེད། །ཅེ་ན། སེམས་ཅན་གྱི་དོན་འབོད་པར་བྱེད་དེ་དང་པོ་ལམ་ལ་འཇུག་པ་ནས་བརྩམས་ཏེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བར་དུའོ། །ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བརྩེ་བས་རྒྱ་ཆེ་བ་ལའང་འཇུག ཡང་སེམས་ཅན་དང༌། ཆོས་དང༌། དམིགས་པ་མེད་པའི་སྙིང་རྗེ་གསུམ་ལས་དམིགས་པ་མེད་པའི་སྙིང་རྗེ་ལའང་འཇུག་གོ །རྡོ་རྗེ་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་དེ་ལ། རྡོ་རྗེ་རྩེ་མོ་ལས་གསུངས་པ། བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་པ་ཤེས་རབ་ཅེས་སུ་བཤད། །ཅེས་གསུངས་སོ། །དེ་ནི་རྡོ་རྗེ་ཞེས་བྱ་བ་སྟེ་དེས་ཕར་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འཇོམས་ལ་ཚུར་གང་གིས་ཀྱང་མི་ཚུགས་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མིན། །གཅད་མེད་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་ཞེས་སུ་བརྗོད། །ཅེས་གསུངས་པས་ཡུལ་ཅན་གྱི་ཤེས་པ་ལའང་དེ་སྐད་ཅེས་བྱའོ། །དེ་བས་ན་སྐུ་གསུམ་ལས་སྙིང་པོར་གྱུར་པ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་སྐུ་བཞི་པ་ཧེ་རུ་ཀ་བཞི་པ་ཞེས་བྱ་བའི་དོན་ཏོ། །ཧེ་རུ་ཀ་བཞི་པའི་རང་གི་ངོ་བོ་ནི་སྟོང་པ་དང་སྙིང་རྗེའོ། །དེ་ཉིད་གདུལ་བྱ་ཐུན་མོང་མ་ཡིན་པ་ལ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་རོ། །ཐུན་མོང་བ་ལ་སྐུ་མཚན་དང་དཔེ་བྱད་འབར་བ། གསུང་དབྱངས་དྲུག་ཅུ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་བྷ་ག་བཱན་ཤཱཀྱ་ཐུབ་པ་ལྟ་བུར་སྣང༌། ཕྱག་བཅུ་དྲུག་པར་འོས་པའི་རྒྱུ་མཚན་འདི་ལ་ཆོས་སྐུའི་མཚོན་བྱེད་ཡོད་དེ། ཤེས་རབ་ལས་སྟོང་ཉིད་བཅུ་དྲུག་ཕྱག་བཅུ་དྲུག་གི་བརྡར་ཀཱ་རུ་ཎ་ཀ་རུ་ལས་བསྡུ་དངོས་ཏེ་ཞབས་ཀྱིའོ། །སྙིང་པོ་ནི་སྐུ་གསུམ་མི་འདོར་བའོ། །དེ་བས་ན་དེས་འདུལ་བའི་སྐྱེ་བོ་རྣམས་ལ་དེ་ལྟ་བུའི་སྣང་བ་བསྟན་པའི་སྐུའི་རྣམ་པ་ནི་སྔར་བསྟན་པ་རྗེ་བཙུན་ཞེས་བྱ་བ་མཆོག་གི་ལྷ་སྟེ། སྟོང་པ་དང་སྙིང་རྗེའི་དོན་བསྟན་པའི་ཁྲོ་ཆགས་ཀྱི་རྣམ་པ་ཞལ་བརྒྱད་པ། ཞབས་བཞི་པ་ཕྱག་བཅུ་དྲུག་པ་སྟེ། འདི་ལ་ཉན་ཐོས་ལ་སོགས་པས་དད་པ་ཙམ་ཡང་ཤིན་ཏུ་བྱ་བར་དཀའ་བའོ། །ཅི་གལ་ཏེ་སྟོང་པ་དང་སྙིང་རྗེ་ཞེས་བྱ་བ་ནི་ཐབས་ལམ་གྱི་གནས་སྐབས་ཡིན་ན་དེའི་ཕྱིར་འབྲས་བུར་མི་རིགས་སོ་ཞེས་བྱ་བ་ནི་རྒོལ་བ་དང་པོའོ། །འབྲས་བུ་ཡིན་དུ་ཆུག་ཀྱང་སྐུ་གསུམ་ལས་སྟེང་དུ་ཡོད་པར་མི་རིགས་ཏེ། མདོ་རྒྱུད་རྣམས་སུ་སྐུ་གསུམ་ལས་མ་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བ་གཉིས་པའོ། །དེའི་ལན་ནི་སྐུ་གསུམ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་སྙིང་རྗེ་དང་ཤེས་རབ་འབྲས་བུ་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། རྒྱུ་དང་ལམ་ལས་འབྲས་བུ་ལོགས་པ་ཡོད་པ་མ་ཡིན་ཏེ་ལམ་ཉིད་འབྲས་བུར་འགྱུར་རོ། །དེ་བས་ན་ཐམས་ཅད་གསང་བའི་རྒྱུད་ལས། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་རྒྱུ་ཡིས་རྒྱས་གདབ་བྱ། །གཞན་དུ་བསྐལ་པ་བྱེ་བར་ནི། །བརྒྱས་ཀྱང་དངོས་གྲུབ་རྙེད་མི་འགྱུར། །ཞེས་གསུངས་སོ། །འོ་ན་འབྲས་བུ་དང་ལམ་གྱི་ཐ་དད་ཅི་ཡིན་སྙམ་ན། ལམ་དུ་ནི་འབྲས་བུ་དང་ཆ་འདྲ་བ་ཙམ་བསྒོམ་པས་མཐུན་པའི་དོན་དམ་པ་ཞེས་བྱ་ལ། འབྲས་བུ་ནི་དངོས་སུ་མངོན་དུ་འགྱུར་པའོ། །དེ་བས་ན་ལམ་གྱི་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་གཉིས་ཀའང་དམིགས་པ་མེད་པར་མོས་པ་ཙམ་ཡིན་གྱི་དམིགས་པ་མེད་པར་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །འབྲས་བུ་ནི་མངོན་དུ་གྱུར་པ་སྟེ། དཔལ་ཡང་དག་པར་སྦྱོར་བ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་མཛད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་སོ། །ཡང་མདོ་རྒྱུད་གཞན་དུ་མ་གྲགས་པས་འབྲས་བུ་འདི་མི་རིགས་སོ་ཞེས་རྒོལ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། གང་དང་གང་དུ་འབྲས་བུ་འདི་མ་གྲགས་པ་དེ་ན་ལམ་མེད་པ་ཉིད་ཡིན་ཏེ། དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་སྐུ་གསུམ་དང་ཡེ་ཤེས་བཞི་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མ་གྲགས་པར་དེར་ཡང་དེ་ཐོབ་པར་བྱེད་པའི་ལམ་མ་བསྟན་པར་རིགས་པར་བྱའོ། །ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡེ་ཤེས་ལྔ་རིགས་ལྔར་བསྟན་པ་ལ་སོགས་པ་མ་གྲགས་པ་དེར་ཡང་དེ་ལྟ་བུའི་ལམ་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཀྱེའི་རྡོ་རྗེ་མ་བསྟེན་པ་དེར་ཡང་ཀྱེའི་རྡོ་རྗེ་མེད་པར་ཤེས་པར་བྱའོ། །གང་དང་གང་དུ་སྟོང་ཉིད་སྙིང་རྗེ་མེད་པ་དེ་ནི་རྒྱུད་སྡེ་དམན་པ་ཡིན་ལ། རྒྱུད་སྡེ་གང་དུ་འབྲས་བུའི་ཀྱེའི་རྡོ་རྗེ་དང༌། དེ་ཐོབ་པར་བྱེད་པའི་ལམ་དེ་དང་མཐུན་པར་སྟོན་པ་བསྐྱེད་པའི་རིམ་པ་ཁྲོ་ཆགས་ཀྱི་རྣམ་པ་ཅན་དང་རྫོགས་པའི་རིམ་པ་ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་ཟབ་མོ་ལ་སོགས་པ་སྟོན་པའི་རྒྱུད་སྡེ་དེ་ནི་གསང་བ་ལས་ཀྱང་ཆེས་གསང་བ་ཡིན་པས་ན། དེའི་ཕྱིར་རྒྱུད་འདིའང༌། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་འབྲས་བུའི་རྒྱུད་ཐོག་མར་བསྟན་པ་འདི་ནི་ལམ་ལ་གཞུག་པར་བྱ་བའི་ཕྱིར་ཡིན་ནོ། །འབྲས་བུའི་རྒྱུད་དེ་དོན་དང་པོའོ།།  །།དེ་ལྟ་བས་ན་འབྲས་བུ་དེ་ཐོབ་པར་བྱེད་པ་ཡིན་པས་རྒྱུད་འདིའང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དོ། །དེ་ལ་ཐབས་ཞེས་བྱ་བ་ནི་དངོས་པོའི་བདག་ཉིད་དེ་སྔར་བསྟན་པ་ཧེའི་དོན་ཏོ། །ཤེས་རབ་ནི་དངོས་པོ་མེད་པ་སྟེ་བཛྲའི་དོན་ཏོ། །བདག་ཉིད་ནི་དེ་གཉིས་ཟུང་དུ་ཆུད་ཅིང་གཉིས་སུ་མེད་པའོ། །དེ་ལྟར་ཡང༌། དཔལ་གསང་བ་འདུས་པ་ལས་གསུངས་པ། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་བཤད་པ་ལྟ་བུའོ། །རྒྱུད་ནི་རྒྱུན་ཆགས་པ་སྟེ་རང་གི་སེམས་ཉིད་དོ། །དེ་ནི་རྣམ་པ་གསུམ་སྟེ། རྒྱུ་དང་ཐབས་དང་འབྲས་བུའོ། །དེ་ལྟར་ཡང་གསུངས་པ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་དཔལ་གསང་བ་འདུས་པ་ལས་སོ། །དེ་བས་ན་རྒྱུའང་ཐབས་ཤེས་རབ། ལམ་ཡང་ཐབས་ཤེས་རབ། འབྲས་བུའང་ཐབས་ཤེས་རབ་སྟེ། དེ་ལྟ་བུའི་རང་གི་སེམས་ཉིད་ནི་བརྗོད་པར་བྱ་བའི་རྒྱུད་དོ། །དེ་སྟོན་པར་བྱེད་པ་ནི་བརྗོད་པར་བྱེད་པའི་རྒྱུད་དོ། །དེར་ཉན་པ་པོ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་བྱ་བ་སྟེ་འདིར་ཞུགས་པ་ནི་དགོས་པའོ། །དགོས་པའི་དགོས་པ་ནི་སྔར་བསྟན་པ་ཉིད་ཡིན་ནོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གལ་ཏེ་རྒྱུད་ཅེས་བྱ་བས་རྒྱུད་གསུམ་ཀ་སྟོན་པ་ཡིན་ན། །འབྲས་བུའི་རྒྱུད་ནི་གོང་དུ་སོང་ཟིན་པ་ཡིན་ལ་རྒྱུའི་རྒྱུད་ནི་འཆད་པར་འགྱུར་བར་མ་མཐོང་ངོ་སྙམ་ན། བདེན་མོད་སྔར་བསྟན་པ་དེའང་འབྲས་བུའི་རྒྱུད་གཙོ་ཆེ་བའི་དབང་དུ་བྱས་ནས་བསྟན་གྱིས་དེར་ཡང་རྒྱུ་འབྲས་དབྱེར་མེད་དུ་ཤེས་དགོས་ལ། འཆད་པར་འགྱུར་བ་ཐམས་ཅད་ཀྱང་དེ་བཞིན་དུ་ཡིན་པས་རྒྱུ་ཐབས་འབྲས་བུ་ལ་ཁྱད་པར་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །རྒྱུའི་རྒྱུད་ནི་ཇི་ལྟར་གནས་པ་ཞེས་བྱ་བ་ཙམ་ཡིན་པས་ཤུགས་ལས་ཤེས་པར་ནུས་སོ། །གལ་ཏེ་ཡང་ཅི་ཐབས་དང་ཤེས་རབ་གཉིས་ཟུང་དུ་ཆུད་པ་དེ་ཧེ་བཛྲ་ཡིན་ན་དེ་ནི་འདུས་པ་ལ་སོགས་པ་དང༌། བདེ་མཆོག་ཤེས་རབ་ཀྱི་རྒྱུད་ཐམས་ཅད་དུ་བསྟན་ན། ཅིའི་ཕྱིར་འདི་ཁོ་ན་ཧེ་བཛྲ་ཡིན་སྙམ་ན། བདེན་མོད་ཐམས་ཅད་གཉིས་སུ་མེད་པ་ཡིན་ཡང་གཙོ་ཆེ་ཆུང་གི་དབང་དུ་མཛད་ནས་གསུངས་ཏེ། ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ཞེས་བྱ་བའི་རྒྱུད་རྒྱས་པ་ལས། རྣལ་འབྱོར་མ་ནི་ཀུན་སྤྱོད་ཅིང༌། །གང་དུ་ཐབས་ནི་ངེས་གནས་པ། །ཀུན་རྫོབ་རྣལ་འབྱོར་མ་ཡི་རྒྱུད། །བྱིས་པ་རྣམས་ལ་ང་ཡིན་བསྟན། །གང་དུ་ཐབས་ནི་ཀུན་སྤྱོད་ཅིང༌། །ཤེས་རབ་གནས་པར་གྱུར་པས་ན། །ཐབས་ཀྱི་རྒྱུད་ཅེས་གང་བསྟན་པ། །གང་ཡིན་དེ་ནི་ཀུན་རྫོབ་བོ། །ཤེས་རབ་ཐབས་ནི་སྙོམས་འཇུག་པས། །དགྱེས་རྡོར་འདི་ནི་ཕྱོགས་གཅིག་མིན། །དེ་བཞིན་འདུས་པ་ལ་སོགས་ཀུན། །ཤེས་རབ་ཐབས་ཀྱི་བདག་ཉིད་ཡིན། །ཞེས་རྡོ་རྗེ་སྙིང་པོའི་འགྲེལ་པ་ལས་གསུངས་སོ། །དེ་ལྟར་བཤད་པར་དམ་བཅའ་བའི་སྒོ་ནས་མཉན་པར་གདམས་པ་དེ་ལ། གང་འཆད་གང་མཉན་པར་བྱ་སྙམ་ན། ལུས་རྣམ་པར་གཞག་པར་བྱ་བའི་ཕྱིར་ལྟ་སྟངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟ་སྟངས་ཞེས་བྱ་བ་ནི་ལྟ་སྟངས་ཀྱི་ལེའུའི་འོ། །རྣལ་འབྱོར་མ་དགུག་པ་དང༌། ཆར་དབབ་པ་ལ་སོགས་པ་དོན་བྱེད་རྣམ་མང་དང༌། རེངས་པར་བྱེད་པ་དང༌། སྐྲོད་པ་དང༌། སྡེ་རེངས་བྱེད་དང༌། མངོན་སྤྱོད་དང༌། དོན་བྱེད་པ་ས་བོན་བཟླས་པ་གཉི་གའི་དོན་བྱེད་པ་དང༌། རྐུན་པོ་ངོས་འཛིན་ལ་སོགས་པ་ནི་རྣམ་ཤེས་ཏེ་བརྒྱད་ནི་སྔགས་ཀྱི་ལེའུའི་འོ། །བརྡ་ཆེན་ནི་བརྡའི་ལེའུའི་འོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་དམན་པ་དང་མཆོག་གི་དབྱེ་བས་སོ། །རྣལ་འབྱོར་མ་ཡི་བསྐྱེད་པ་སྟེ་སྐུའོ། །གནས་ནི་ཁང་པའོ། །བྱེད་རྒྱུ་ནི་མངོན་བྱང་ལྔ་སྟེ་ལེའུ་བརྒྱད་པའི་དོན་ཏོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་མཐའ་དག་གིའོ། །ཡེ་ཤེས་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་མཐའ་དག་གིའོ། །ལེའུ་དྲུག་པ་ནི་རིམ་པ་གཉིས་ལ་བརྟེན་ནས་དྲོད་ཐོབ་པས་སྤྱོད་པ་སྤྱད་པས་དེ་དག་གི་ཤུགས་ལས་སོ། །དགུ་པ་ལའང་རིམ་པ་གཉི་གའི་དག་པ་སྟོན་པས་ཤུགས་ལས་བསྟན་ཏོ། །ཞེས་བླ་མ་ཁ་ཅིག་གསུང་ལ། ཡང་ན་སྤྱོད་པ་ནི་དོན་བྱེད་དམ་བརྡ་ཆེན་གྱི་ཤུགས་ལས། རྣམ་དག་ནི་དོན་བྱེད་པ་རྣམ་པ་མང་པོས་བསྟན་ཏོ། །ཞེས་ཀྱང་བླ་མ་ཁ་ཅིག་གསུངས་ཏེ། བླ་མ་རྗེ་བཙུན་མི་གསུང་ངོ༌། །སློབ་དཔོན་ཁ་ཅིག་ན་རེ། ཡེ་ཤེས་ནི་པྲ་དབབ་པ་ལ་སོགས་པ་ཡིན་ལ། རྣམ་ཤེས་ནི་སློབ་དཔོན་གྱི་ལས་ཐམས་ཅད་མཁས་པའོ་ཞེས་གསུང་ངོ༌། །ཡང་ཁ་ཅིག་ཡེ་ཤེས་ནི་དངོས་གྲུབ་གཏན་ལ་འབེབས་པའི་ཡེ་ཤེས་ཡིན་ལ། རྣམ་ཤེས་ནི་མངོན་བྱང་ལྔའི་ཡེ་ཤེས་སོ་ཞེས་གསུང་ངོ༌། །གཞན་དག་ནི་དང་པོ་ཚིགས་སུ་བཅད་པ་གཅིག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གིའོ། །ཇི་ལྟར་རིགས་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་འོག་མས་གཙོ་བོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་འབྲེལ་པའི་རྣམ་པར་གཞག་པའོ། །ཡང་ན་སྔ་མ་ནི་ལུས་ཀྱི་བྱ་བ་ལམ་གྱི་ཡན་ལག་གི་ཡིན་ལ། ཕྱི་མ་ནི་སེམས་ཀྱི་བྱ་བ་ལམ་གྱི་གཙོ་བོའི་ལུས་རྣམ་པར་གཞག་པ་ཞེས་བྱ་བར་དགོངས་སོ། །ལུས་རྣམ་གཞག་གོ །དེ་ལྟར་ཐོག་མར་འབྲས་བུའི་རྒྱུད་བསྟན་ཀྱང༌། དེ་ནི་ལམ་ལ་གཞུག་པའི་ཕྱིར་ཡིན་ལ། མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་ནི་དང་པོར་ཐབས་ཀྱི་རྒྱུད་འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་ཅིག་ཤོས་བསྒོམ་པར་བྱ། །ཞེས་གསུངས་སོ། །ཅིག་ཤོས་ཞེས་བྱ་བ་ནི་འབྲས་བུ་ལ་ལྟོས་ཏེ་ཐབས་ཀྱི་རྒྱུད་ལ་བྱའོ། །ཡང་ཐབས་ཀྱི་རྒྱུད་ཉིད་ལའང་དང་པོར་བསྐྱེད་པའི་རིམ་པ་ཡིན་ལ། དེ་ནས་ནི་རྫོགས་པའི་རིམ་པའོ། །དེ་ལའང་དང་པོར་དམིགས་པ་དང་བཅས་པ་རྣམས་ཡིན་ལ། དེ་ནས་ནི་དམིགས་པ་མེད་པའོ་ཞེས་བྱ་བ་ནི་དེ་ལྟར་གོ་རིམ་སྟོན་ཏེ། ཅིག་ཤོས་ཞེས་བྱ་བ་ནི་རགས་པའི་རིམ་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལུས་རྣམ་པར་གཞག་པ་རྣམས་ལས་དང་པོར་ཅིག་ཤོས་ཞེས་བྱ་བ་སྟེ་རྫོགས་པའི་རིམ་པ་ལ་ལྟོས་ནས་སོ། །དེ་གང་ཞེ་ན། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ་སྟེ་བསྐྱེད་པའི་རིམ་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལུས་རྣམ་པར་གཞག་པ་རྣམས་ལས་ཐོག་མར་བསྐྱེད་པའི་རིམ་པ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཤེས། ཡན་ལག་རྒྱས་པར་དབྱེ་བ་ལས་ནི་ཐོག་མར་རྫོགས་པའི་རིམ་པ་གསུངས་སོ་སྙམ་ན། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བ་འདིས་ཤེས་པར་ནུས་སོ་ཞེས་བླ་མ་རྗེ་བཙུན་གསུང་ངོ༌། །དེས་ན་དཔལ་གསང་བ་གྲུབ་པ་ལས་ཀྱང༌། དང་པོར་ཡི་གེ་དགོད་པར་བྱ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ཏེ། །སེམས་ཅན་དང་པོའི་ལས་ཅན་རྣམས། །གཟུང་ཕྱིར་རྒྱུད་ལས་དང་པོར་བསྟན། །ཞེས་གསུངས་པའང་ལེགས་པར་བྲིས་པར་འགྱུར་རོ། །དེ་བཞིན་དུ་མང་པོ་ལས་གསུངས་མོད་རྒྱས་པར་མི་སྤྲོའོ། །གལ་ཏེ་རང་ཉིད་གྲོལ་བར་འདོད་པ་སྲིད་པ་ལ་ཞེ་སྡང་བ་ཐེག་པ་དམན་པར་མོས་པ་འགའ་ཞིག་གི་རྣམ་པར་རྟོག་པས། སྡུག་བསྔལ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཐོབ་པར་བྱེད་པ་ལ་ནི་གཟུགས་ལ་སོགས་པ་འདི་རྣམས་དང་བྲལ་དགོས་ན། བསྐྱེད་པའི་རིམ་པ་དང་རྩའི་འཁོར་ལོ་ལ་སོགས་པ་འདི་རྣམས་ཀྱིས་ཅི་བྱ་སྙམ་ན། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་བ། །ཞེས་གསུངས་ཏེ། འབྱུང་ཞིང་འགྲོ་བར་གྱུར་པས་ན་དངོས་པོ་སྟེ་ཕུང་པོ་ལ་སོགས་པའི་ལུས་སོ། །དེས་གྲོལ་ཏེ་འདི་རྣམས་ཉིད་ལ་བརྟེན་པས་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་བྱིས་པ་རྣམས་ཀྱི་འཆིང་བ་གང་ཞེ་ན། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་གསུངས་ཏེ། དེ་ལ་མངོན་པར་ཞེན་ཅིང་བདེན་པར་འཛིན་པའི་སྒོ་ནས་འཆིང་ངོ༌། །འོ་ན་གྲོལ་བ་གང་ཞེ་ན། དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་སྨོས་ཏེ། དེ་ལ་དེ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འདི་རྣམས་ལ་རང་བཞིན་གྱིས་མ་སྐྱེས་པའི་དེ་ཁོ་ན་ཉིད་ལའང་འཇུག་མོད། སྐབས་འདིར་ཐ་མལ་གྱི་རྣམ་པ་འདི་རྣམས་ལྷའི་རང་བཞིན་དུ་ཤེས་པ་དེས་གྲོལ་བར་འགྱུར་ཞེས་བྱ་སྟེ། རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་འཆད་པར་འགྱུར་བ་ལྟ་བུའོ་ཞེས་རྗེ་བཙུན་གསུང་ངོ༌། །དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱིས་ཡུལ་གཅིག་ཉིད་ལ་བློ་དུ་མར་འགྱུར་བར་གསུངས་པ། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་པ་རྣམས་ནི་ཆགས་བྲལ་འགྱུར། །མཁས་པ་རྣམས་ཀྱིས་གཟུགས་ཀྱི་ནི། །རང་བཞིན་ཤེས་པས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་བས་ན་དེ་ཡོངས་ཤེས་པ་ནི་རྟོགས་པའི་ལྟ་བས་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་པའམ། བསྐྱེད་པའི་རིམ་པས་ལྷའི་ངོ་བོར་ཤེས་པའོ། །དངོས་པོ་མེད་པའང་ཡོངས་ཤེས་པས་བྱ་བ་ལ་དངོས་པོ་མེད་པ་ནི་སྔ་མའི་གཉེན་པོའོ། །འང་ཞེས་བྱ་བ་ནི་བསྡུ་བ་སྟེ་དེའང་དངོས་པོ་བཞིན་དུ་ཤེས་པར་བྱས་ནས་ཞེས་བྱ་སྟེ་ལྷའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་སམ། རང་བཞིན་མེད་པ་ཉིད་ཀྱང་མེད་པར་ཤེས་པས་སོ། །དེ་ལྟ་བུར་ཤེས་པ་དེས་ནི་དངོས་པོ་བསྒོམ་པར་འགྱུར་ཞེས་བྱ་སྟེ། ཉན་ཐོས་ལྟར་མྱ་ངན་ལས་འདས་པའི་མཐའ་བསལ་བར་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་ལ་སོགས་པ་དངོས་པོ་བསྒོམ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཅན་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །དངོས་པོ་མེད་པ་ཡོངས་ཤེས་པས། །ཞེས་བྱ་བ་ནི། བདེན་འཛིན་གྱི་དངོས་པོའམ་ཐ་མལ་གྱི་དངོས་པོ་མེད་པར་ཤེས་པ་སྟེ་འདིས་འཁོར་བའི་མཐའ་སེལ་བར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡོངས་སུ་ཤེས་པར་བྱ་བའི་ཚུལ་དེ་ལྟ་བས་ན་ཞེས་བྱ་བའི་དོན་ཏོ། །ཧེ་རུ་ཀ་བསྒོམ་བྱ་ནི་བསྐྱེད་པའི་རིམ་པའི་ཧེ་རུ་ཀ་བསྒོམ་སྟེ། དེས་ཐ་མལ་གྱི་དངོས་པོ་ཡོངས་སུ་འཇིག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བསྐྱེད་པའི་རིམ་པའི་དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། ཞེས་བྱ་བར་སྦྱར་རོ། །འོ་ན་རྫོགས་པའི་རིམ་པ་བསྒོམ་པ་དོན་མེད་དོ་སྙམ་ན། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་བྱ་སྟེ། བསྐྱེད་རིམ་ཉིད་ལ་ཞེན་པར་གྱུར་ནའོ། །དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་བྱ་བ་ནི་རྫོགས་པའི་རིམ་པས་ལྷ་དེ་ཉིད་ཡེ་ཤེས་སུ་ཤེས་ནའོ། །དངོས་པོ་མེད་པའང་ཡོངས་ཤེས་པས། །ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་ཡེ་ཤེས་ཉིད་ཀྱང་ངོ༌། །དེ་ལྟར་གང་ལའང་ཞེན་པ་མེད་པའི་ཡེ་ཤེས་སུ་བསྒོམ་འགྱུར་ཤེས་རབ་ཅན་ཞེས་བྱ་བའོ། །དེ་བས་ན་བསྐྱེད་པའི་རིམ་པ་ལ་ཡང་དག་པར་འཛིན་པའི་དངོས་པོ་མེད་པ་ཡོངས་ཤེས་པས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཧེ་རུ་ཀ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་རྫོགས་པའི་རིམ་པ་འབའ་ཞིག་གིས་ཆོག་མོད་སྙམ་ན། འདིའི་ལན་རྒྱུད་ཕྱི་མ་དང་བཤད་པའི་རྒྱུད་རྡོ་རྗེ་གུར་ལས་གསུངས་ཏེ། ཐ་མལ་གྱི་རྣམ་པར་རྟོག་པ་དང༌། གྱ་ནོམ་པ་ལྷར་མངོན་པར་ཞེན་པ་ཞེས་བྱ་བའི་སྤང་བྱ་གཉིས་ཡོད་པའི་ཕྱིར་དང༌། རང་གི་ངོ་བོ་རྟེན་དང་བརྟེན་པར་གྲུབ་པའི་ཕྱིར་དང༌། ཐོབ་བྱ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་ཞེས་བྱ་བ་གཉིས་ཐོབ་པར་བྱ་བའི་ཕྱིར་ལམ་རིམ་པ་གཉི་ག་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་སྟེ་འདི་ནི་གཞན་དུ་རྒྱས་པར་ཤེས་པར་བྱ་བས་ན་འདིར་ཧ་ཅང་སྤྲོ་བར་མི་བྱའོ། །དེ་ལྟར་ན་དེ་དག་གིས་ནི་ཐབས་ཀྱི་རྒྱུད་མཐའ་དག་གི་སྤྱི་བསྟན་པ་ཡིན་ནོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་བྱ་བ་ལ་སོགས་པས་ཡན་ལག་རྒྱས་པར་དབྱེ་བ་འཆད་དོ། །དེའང་ལེའུ་དང་པོ་རྫོགས་ཀྱི་བར་གྱིས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །ལེའུ་གཉིས་པ་ལ་སོགས་པས་ནི་དེ་ལྟར་མོས་པ་བྱས་ནས་གནས་པར་བྱེད་པའི་ཐབས་ཀྱི་རྒྱུད་རྒྱས་པར་འཆད་དོ། །ཅིའི་ཕྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལེའུ་དང་པོར་བསྟན་སྙམ་ན། སྤྱིར་ཐབས་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་ཀྱང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཐབས་འདི་ཐབས་ཀྱི་གཙོ་བོ་ཡིན་ལ། དེའི་ཐབས་ལའང་ཐོག་མར་རྟོགས་པའི་ལྟ་བ་དོན་དམ་པའི་བྱང་ཆུབ་སེམས་ཞེས་བྱ་བ་འདི་དགོས་ཏེ། འདིས་འོག་ནས་འབྱུང་བ་བཟླས་པ་ལ་སོགས་པ་ཡན་ལག་ཐམས་ཅད་དང༌། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་མཚན་མ་དང་བཅས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཀྱི་རང་གི་ངོ་བོ་ལས་མ་འདས་པའམ། དེ་རྟོགས་པའི་ཐབས་ཀྱི་ཡིན་ནོ་ཞེས་ཤེས་པར་བྱ་བ་སྟེ། མདོར་ན་རྒྱུད་འདིར་བརྗོད་པར་བྱ་བའི་གཙོ་བོ་ཡིན་པའི་ཕྱིར་དང་པོར་བསྟན་ཏོ། །འདིའི་བརྗོད་པར་བྱ་བའི་དོན་ནི་གང་ཡིན། དེ་རྗོད་པར་བྱེད་པའི་སྒྲ་ནི་གང་གིས་འཆད། ལུས་རྣམ་པར་གཞག་པ་ནི་གང་གིས་རྒྱས་པར་བཤད་པ་ཡིན། བཤད་པའི་རྒྱུད་ནི་གང་གིས་འཆད། གང་ཟག་གི་ཉམས་སུ་བླང་བའི་མངོན་པར་རྟོགས་པ་ནི་གང་ཡིན་ཞེས་བྱ་བ་དོན་ལྔ་ལྔས་སྟོན་པ་གཞུང་གི་ཆ་མཐའ་དག་ཤེས་པར་བྱའོ། །དེ་ལ་ལེའུ་དང་པོའི་བརྗོད་པར་བྱ་བའི་དོན་ནི་སྦས་པའི་དོན་ཏོ། །ཐོག་མར་ཡེ་ཤེས་ཀྱི་མཚན་ཉིད་བཤད་པའི་ཞར་ལ་མོས་པའམ་གོ་ཡུལ་དུ་བྱེད་པ་སྤྱི་ཙམ་གྱི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་དུའང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ནི་གཙོར་ཡན་ལག་གི་དོན་གྱིས་འཆད་ལ་གཉིས་པོའང་སྐབས་སུ་འཇུག་གོ །ལུས་རྣམ་པར་གཞག་པ་ཡེ་ཤེས་ཀྱི་རྒྱས་པར་བཤད་པའོ། །བཤད་པའི་རྒྱུད་དཔལ་ཡང་དག་པར་སྦྱོར་བའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་གཉིས་པས་ཡེ་ཤེས་དང་རྩའི་འཁོར་ལོ་འཆད་ལ། སྡོམ་པའི་དབྱེ་བ་ནི་བརྟག་པ་དང་པོ་དངོས་ཀྱི་ཆ་ཤས་ཀྱིས་འཆད་ལ། བརྟག་པ་དྲུག་པ་མཐའ་དག་གིས་ཤིན་ཏུ་རྒྱས་པར་འཆད་དོ། །ཡེ་ཤེས་ཀྱི་མཚན་ཉིད་སྤྱི་དོན་དུ་བཤད་པའི་ཚུལ་ནི་བརྟག་པ་གཉིས་པའི་གཉིས་པ་དང༌། གུར་གྱི་ལེའུ་དྲུག་པ་དང་བཅུ་བཞི་པས་ཀྱང་འཆད་དོ། །འདིའི་མངོན་པར་རྟོགས་པ་གང་ཡིན་ཞེ་ན། སྤྱིར་ན་གང་ཟག་གཅིག་གིས་མངོན་པར་རྟོགས་པ་སྐྱེ་བ་ལ་རྒྱུ་དང་ཐབས་དང་འབྲས་བུ་གསུམ་དུ་འདུས་པ་ལས། འདིར་གཙོར་ཐབས་ཀྱི་རྒྱུད་དོ། །དེ་ལ་གཉིས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་དང༌། གཙོ་བོར་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ལས། འདིར་མཆོག་གི་མངོན་པར་རྟོགས་པའོ། །དེ་ལ་ལྔ་ལས་ཐོག་མར་རྟོགས་པའི་ལྟ་བ་དང་འབྲེལ་ཏོ། །གལ་ཏེ་རྟོགས་པའི་ལྟ་བ་དང་འབྲེལ་པ་ཞེས་བྱ་བ་འདི་མི་རུང་སྟེ། རྟོགས་པའི་ལྟ་བ་ནི་ཇི་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་སེམས་ཙམ་མམ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞེས་བྱ་བར་མོས་པ་བྱེད་པ་ཡིན་ན། ལེའུ་འདི་ལ་ནི་རྩའི་འཁོར་ལོ་ལ་སོགས་པ་བསྟན་པས་ལམ་རྫོགས་པའི་རིམ་པ་ཉིད་དུ་མི་འགྱུར་རམ་སྙམ་ན། བདེན་མོད། སེམས་ཙམ་མམ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཙམ་དུ་མོས་པ་བྱེད་པ་དེ་ཡང་ལྟ་བ་ཡིན་ཏེ་དེ་ནི་ལྷན་སྐྱེས་ཀྱི་མཚན་ཉིད་སྤྱི་དོན་དུ་བཤད་པས་བསྟན་ལ། ལྟ་བ་དེ་ཙམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དང་བསྐྱེད་པའི་རིམ་པ་པ་མཐའ་དག་ལའང་ཡོད་པ་ཡིན་ནོ། །རྒྱུད་འདིར་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ནི་གཞན་དང་ཐུན་མོང་མ་ཡིན་ཏེ། དབང་བཞི་རྫོགས་པའི་རྣལ་འབྱོར་པའི་ལམ་ཡིན་ན། དེ་བས་ན་དབང་གི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་མཚོན་ནས། ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ནི་ཕྱི་རོལ་གྱི་སྤྲོས་པ་ལས་མི་འབྱུང་སྟེ་རང་གི་ལུས་ལས་འབྱུང་ངོ་ཞེས་རྡོ་རྗེའི་ལུས་ཀྱི་གནས་ལུགས་འདི་ཐོག་མར་སྟོན་པ་སྟེ། དེ་ལ་ལུས་དང་སེམས་ཀྱི་གནས་ལུགས་ཙམ་ནི་རྒྱུའི་རྒྱུད་ཉིད་དུའང་འགྱུར་ལ། དེ་ལྟར་མོས་པར་བྱེད་པའི་ཆ་ནི་རྟོགས་པའི་ལྟ་བ་ཡིན་ལ། ཉམས་སུ་ལེན་པའི་ཆ་ནས་ནི་རྫོགས་པའི་རིམ་པར་འགྱུར་ལ། མངོན་དུ་གྱུར་པ་ན་འབྲས་བུ་ཡིན་པས་ངོ་བོ་ལ་ཁྱད་པར་མེད་པ་ཡིན་ནོ། །དེ་བས་ན་དངོས་པོའི་གནས་ལུགས་དང༌། ལྟ་བ་དང༌། རྫོགས་རིམ་གྱི་ལམ་མཐའ་དག་སྟོན་པར་བྱེད་པའི་ལམ་ཁྱད་པར་དུ་གྱུར་པ་འདི་བརྗོད་བྱའི་གཙོ་བོ་ཡིན་པས་ཐོག་མར་བསྟན་ཏོ། །དེ་ལ་དང་པོར་ཚིགས་སུ་བཅད་པ་གཅིག་གིས་ལྷན་སྐྱེས་ཀྱི་མཚན་ཉིད་བསྟན་ཏོ། །ལྷག་མས་ནི་ཡེ་ཤེས་དེ་སྐྱེ་བའི་རྟེན་ནམ་རྒྱུ་སྟོན་ཏོ། །དང་པོ་ལ་ལྔ་སྟེ། རང་གི་ངོ་བོ་དང༌། མཚན་ཉིད་དང༌། དེའི་རྟེན་དང༌། ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་དང༌། རྟེན་དང་བརྟེན་པའི་གནས་ལུགས་བསྟན་པའོ། །དེ་ལ་དང་པོ་ནི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ཞེས་བྱ་བ་ནི་གསལ་ཞིང་ཤེས་པས་ན་ཡེ་ཤེས་ཏེ། སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་བའི་ཤེས་པའོ། །ཆེན་པོ་ནི་ཕུལ་དུ་བྱུང་བ་སྟེ་འཇིག་རྟེན་ལས་འདས་པའིའོ། །དེ་བས་ན་ཡེ་ཤེས་ཀྱང་ཡིན་ལ་ཆེན་པོའང་ཡིན་པས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །གཉིས་པ་དེའི་མཚན་ཉིད་ནི། སངས་རྒྱས་ཀྱི་ཡེ་ཤེས་དེ་ཅི་འདྲ་སྙམ་ན། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་སྨོས་སོ། །དེ་ལ་རྟོག་པ་ནི་སྒྲོ་བཏགས་པའམ་མི་བདེན་པར་འཛིན་པས་རྟོག་པ་སྟེ་སོ་སོའི་སྐྱེ་བོའི་བློ་རྣམས་སོ། །དེ་སྐད་དུ་ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་ལས། བྱིས་པ་འཁྲུལ་པས་བདེན་མིན་པ། །ཀུན་ཀྱང་རྟོག་པ་ལས་བྱུང་དངོས། །ཀུན་ཀྱང་རྟོག་པའི་བདག་ཉིད་ཅན། །དེ་ནི་སྲིད་པར་མཁས་པས་བཤད། །ཅེས་སོ། །དེ་ཇི་ལྟར་བདེན་པར་འཛིན་ཞེ་ན། ཡོད་པ་དང་མེད་པར་འཛིན་པས་སོ། །དེ་ཇི་ལྟར་མི་བདེན་སྙམ་ན། བརྟགས་ན་མི་རྙེད་པའི་ཕྱིར་ཡོད་པ་མི་བདེན་ནོ། །ཡོད་པ་མེད་པས་དེ་ལ་ལྟོས་པའི་མེད་པའང་མི་འགྲུབ་པ་དང༌། ཀུན་རྫོབ་དུ་སྐྱེ་བར་མཐོང་བས་མེད་པའང་མི་འཐད་དོ། །དེ་སྐད་དུ། རིན་པོ་ཆེ་ཕྲེང་བ་ལས། སྐྱེ་བ་རྒྱུ་དང་བཅས་མཐོང་བས། །མེད་པར་ཅི་ཡི་ཕྱིར་ན་བརྗོད། །རྒྱུ་དང་བཅས་པར་འགགས་མཐོང་བས། །ཅི་ཡི་ཕྱིར་ན་ཡོད་པར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་རྟོགས་པ་ནི་སོ་སོའི་སྐྱེ་བོའི་བློ་འཛིན་པ་དང་བཅས་པ་ཡིན་ལ། དེ་སྤངས་པ་ནི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུ་སྟེ། ཡེ་ཤེས་ཆེན་པོ་ཞེས་བྱ་བའོ། །གསུམ་པ་ནི། དེ་ལྟ་བུའི་ཡེ་ཤེས་དེ་གང་ལ་གནས་སྙམ་པ་ལ། ལུས་ལ་གནས་ཞེས་སྨོས་ཏེ། རང་གི་ལུས་ནི་ཉོན་མོངས་པ་དང་བཅས་པའི་ལུས་འདི་ཉིད་ལ་སངས་རྒྱས་ཀྱི་སྙིང་པོར་གནས་ཞེས་བྱ་སྟེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །བཞི་པ་དེ་ཉིད་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་ནི། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་སྟེ། དངོས་པོ་ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའམ། སྲིད་པ་གསུམ་མམ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལའོ། །ཁྱབ་པ་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་པ་སྟེ། དངོས་པོ་ཐམས་ཅད་བཙལ་ན་ཅིར་ཡང་མ་གྲུབ་པས་རྟོག་པའི་ཡུལ་མ་ཡིན་པས་རྟོག་མེད་དུ་གནས་སོ། །ཡང་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་སྟེ། དེ་ལས་མ་འདས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟླ་གསང་ཐིག་ལེ་ལས་གསུངས་པ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །ཐམས་ཅད་དུ་ནི་ཡང་དག་ཞུགས། །ཞེས་པ་ལྟ་བུའོ། །ལྔ་པ་རྟེན་དང་བརྟེན་པའི་གནས་ལུགས་བསྟན་པ་ནི། ལུས་ལ་གནས་ཀྱང་ལུས་ལས་མ་སྐྱེས་ཞེས་སྨོས་སོ། །འདི་ལ་གཉིས་ཏེ། ལུས་ལ་གནས་ཞེས་བྱ་བས་གནས་ལུགས་དངོས་བསྟན་ཏོ། །ཀྱང་མ་སྐྱེས་ཞེས་པས་དེ་ལ་རྩོད་པ་སྤོང་བ་སྟོན་ཏོ། །དང་པོ་ནི། ལུས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །གནས་ཞེས་བྱ་བ་ནི། རྟོག་མེད་ཀྱི་ཡེ་ཤེས་དེ་ལས་ནི་མཚན་མ་དང་རྣམ་པར་རྟོག་པ་རྣམས་འབྱུང་ལ། རྟོག་པ་ལས་ནི་སྣང་བ་སྣ་ཚོགས་སུ་འབྱུང་བར་འགྱུར་རོ། །ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང༌། །ཞེས་སོ། །དེ་བས་ན་དེ་ལས་ཐམས་ཅད་བྱུང་བའི་ཚུལ་དུའམ་ཐམས་ཅད་དེའི་བདག་ཉིད་དུ་གྱུར་པའི་ཚུལ་གྱིས་ཁྱབ་སྟེ། ཆོས་ཅན་དེ་ཆོས་ཉིད་ཀྱི་ཚུལ་གྱིས་གནས་ཞེས་བྱའོ། །གཉིས་པ་ནི་གལ་ཏེ། འོ་ན་ལུས་འཁོར་བ་ལ་ཡེ་ཤེས་མྱང་འདས་གནས་པས། ཡང་ན་ཡེ་ཤེས་འཁོར་བར་འགྱུར་ལ། ཡང་ན་ལུས་ཀྱང་མྱང་འདས་སུ་འགྱུར་སྙམ་ན། ཀྱང་ལུས་ལས་མ་སྐྱེས་ཏེ། དེའི་རང་གི་ངོ་བོ་ལ་བསྒྲིབས་པས་དེས་བསྐྱེད་པ་མ་ཡིན་པས། ཡེ་ཤེས་འཁོར་བར་མི་འགྱུར་ཏེ། རྒྱུད་བླ་མ་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་ཡོངས་སུ་དག །ཡང་འཁོར་བ་དེའང་མྱང་འདས་སུ་མི་འགྱུར་ཏེ། ཀྱང་ལུས་ལས་མ་སྐྱེས་ཏེ་མ་རྟོགས་ན་ཞེས་བྱའོ། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཤེས་དང་མ་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་རྣམ་པར་སྤྲོས་ན་མང་པོར་འགྱུར་མོད་ཀྱི་གཞན་ཉིད་དུ་ཤེས་པར་ནུས་སོ། །དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས། སྤྱིའི་རྣམ་པ་ཙམ་ཉམས་སུ་ལེན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཡིན་ལ། གསང་སྔགས་ནི་དེ་བས་ཁྱད་པར་དུ་འཕགས་ཏེ། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོས་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ཚུལ་གསུམ་གྱི་སྒྲོན་མ་ལས་གསུངས་སོ། །དེ་བས་ན་ཇི་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས། སྤྱིའི་རྣམ་པ་ཙམ་ཡུལ་དུ་བྱས་པ་དེ་ཉིད། དབང་གི་དུས་སུ་ཉམས་སུ་མྱོང་བས་གཏན་ལ་ཕབ་ནས། དེ་ཉིད་ཀྱི་དོན་བླ་མས་སྟོན་པར་བྱེད་དོ། །དེའང་ཟབ་མོ་ལ་མོས་པ་རྣམས་ལ་སྤྲོས་པ་ཉུང་བར་བྱ་བའི་ཕྱིར་རམ། དེ་རྟོགས་བྱེད་ཀྱི་ཐབས་རང་གི་ལུས་ལ་ཤེས་པར་བྱ་བའི་ཕྱིར་ལུས་ཀྱི་གནས་ལུགས་དང་བཅས་པའི་ཡེ་ཤེས་སྟོན་པ་ནི་རྫོགས་རིམ་གྱི་ལྟ་བའོ། །དེ་ནས་ཉམས་སུ་ལེན་པ་ལ་ཐོག་མར་བསྐྱེད་པའི་རིམ་པ། དངོས་པོ་ཐམས་ཅད་ལ་ལྷན་སྐྱེས་ཁྱབ་ནས་གནས་སོ་ཞེས་བྱ་བ་དང་རྗེས་སུ་མཐུན་པ་དཀྱིལ་འཁོར་དང་ཧཱུྃ་ལ་སོགས་པ་བསྒོམ་པ་སྟོན་ཏོ། །དེ་ནས་ཡང་དེ་དང་རྗེས་སུ་མཐུན་པ་མཚན་མ་དང་བཅས་པའི་ཐབས་སྟོན་ཏོ། །དེ་ལས་མཚན་མ་མེད་པའི་ཡེ་ཤེས་སྐྱེས་པས་མཚན་མེད་བསྒོམ་པ་སྟོན་ཏོ། །དེ་ནས་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་སོགས་པ་ལ་སློབ་བོ་ཞེས་བྱ་བ་མངོན་པར་རྟོགས་པའི་རིམ་པའོ། །དེ་བས་ན་རྫོགས་པའི་རིམ་པའི་ལྟ་བ་ལ་སོགས་པ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར། དེའི་ཐབས་ཟབ་མོ་འདི་ནི་བརྗོད་པར་བྱ་བའི་གཙོ་བོ་ཡིན་པས་འདི་ཐོག་མར་སྟོན་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི་ཞུ་བདེའི་ལྷན་སྐྱེས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའི་ཕྱིར་ཡེ་ཤེས་ཆེན་པོ་སྟེ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་འཆད་པར་འགྱུར་རོ། །དེ་བས་ན་རང་བཞིན་ལྷན་སྐྱེས་ཤེས་པར་བྱེད་པའི་ཐབས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་གང་ནས་བཙལ་སྙམ་ན། ལུས་ལ་གནས་ཞེས་སྨོས་ཏེ། གཞན་ཕྱི་རོལ་གྱི་གཏན་ཚིགས་ལ་སོགས་པའི་སྒོ་ནས་རྙེད་པ་མ་ཡིན་ཏེ། རང་གི་ལུས་ལས་རྙེད་ཅེས་བྱ་བའི་དོན་ཏོ། །ལུས་ལས་སྐྱེས་པའི་ཡེ་ཤེས་དེའི་མཚན་ཉིད་ཅི་འདྲ་ཞེ་ན། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་སྨོས་ཏེ། གློ་བུར་དུ་ཡང་རྟོག་པ་གང་ཡང་མེད་དེ། རང་གཞན་རིག་པ་ཡང་དག་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །ཅེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དེ་ལྟ་བུ་དེ་ལུས་ཀྱི་གང་ན་གནས་ཤེ་ན། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་སྟེ་ལུས་མཐའ་དག་ལ་རྩས་ཁྱབ་སྟེ། དེ་དག་ལ་བྱང་ཆུབ་ཀྱི་སེམས་གནས་ཤིང་དེ་ལས་བདེ་བ་འབྱུང་ལ། དེ་ལས་མི་རྟོག་པ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་བསྐྱེད་པའི་རིམ་པ་པའི་རྟེན་དང་བརྟེན་པར་བཅས་པ་ལ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཡི་གེ་ཧཱུྃ་ལ་སོགས་པ་གནས་པ་ལྟར། འདིར་ཡང་ལུས་ཀྱི་རྟེན་ལ་བརྟེན་པ་རྩ་གནས་ལ། དེ་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་གནས་སོ་ཞེས་བྱ་སྟེ། རློམ་སེམས་མེད་པའི་རང་བཞིན་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་འཆད་པར་འགྱུར་རོ། །གལ་ཏེ་དེ་ལྟར་གནས་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཅིའི་ཕྱིར་མི་རྟོགས། ཡང་ལུས་ལས་བྱུང་བ་ནི་བདེ་བ་ཡིན་ལ་དེ་ལྟ་ན་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེས་རྒོལ་ན། ཀྱང་ལུས་ལས་མ་སྐྱེས་ཞེས་སྨོས་ཏེ། ལུས་ལས་མ་སྐྱེས་ཞེས་བྱ་བ་ནི་གནས་ཀྱང་སོ་སོའི་སྐྱེ་བོ་རྣམས་གནད་དང་བྲལ་བའི་ཕྱིར་ཐམས་ཅད་ཀྱིས་ཀྱང་མི་རྟགས་ལ། ཡང་ཞུ་བདེའི་ཡེ་ཤེས་རྟོག་བཅས་ཉིད་དུའང་མི་འགྱུར་ཏེ། ཚོར་བ་བདེ་བ་ལུས་ལས་སྐྱེས་པ་ཡིན་ཡང༌། ཞུ་བདེའི་ཡེ་ཤེས་དངོས་སུ་ལུས་ལས་སྐྱེས་པ་མ་ཡིན་ཏེ་ཡེ་ཤེས་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་བས་ན། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་འཆད་པར་ཡང་འགྱུར་ལ། ཡེ་ཤེས་གྲུབ་པ་ལས་ཀྱང༌། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེས་ངན་སྨྲའི། །དེ་ནི་བདེ་ཆེན་དེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བའང་ལེགས་པར་བྲིས་པར་འགྱུར་རོ། །འོ་ན་ལུས་ལ་གནས་པར་ཇི་ལྟར་རུང་སྙམ་ན། དེའང་དངོས་སུ་ལུས་ཀྱིས་མ་བསྐྱེད་ཀྱང༌། ལུས་ལ་གནས་པ་འགལ་བ་ཡོད་པ་མ་ཡིན་ཏེ། རྟོག་པ་མེད་པའི་ཡེ་ཤེས་ལུས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། ལུས་ལ་གནས་པའི་བདེ་བ་དེས་རྟོག་མེད་དེ། དེ་རྟོགས་པའི་རྒྱུད་པའི་རྒྱུར་འགྱུར་བའི་ཕྱིར་ལུས་ལ་གནས་པའང་ཡིན་ལ། རང་གི་ངོ་བོ་མི་རྟོག་པའི་ཕྱིར་དངོས་སུ་བསྐྱེད་བྱ་མ་ཡིན་པའང་མི་འགལ་ཏེ། དཔེར་ན་ཐམས་ཅད་སྟོང་པ་ཉིད་ཡིན་པ་དང༌། ཀུན་རྫོབ་ལ་བརྟེན་ཏེ་སྟོང་ཉིད་རྟོགས་ཀྱང༌། ཀུན་རྫོབ་ཀྱིས་སྟོང་ཉིད་བསྐྱེད་བྱ་མ་ཡིན་པ་བཞིན་ནོ། །སྦས་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པའོ། །དེ་ལྟར་ཡེ་ཤེས་དེ་ལུས་ལ་གནས་ཤིང་རྟོགས་པར་གོ་ནས་ལུས་ཀྱི་རྟེན་དང་བརྟེན་པའི་གནས་ལུགས་འདྲི་བར་འདོད་ནས། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རྟོགས་པར་བྱེད་པའི་རྒྱུ་ནི་གཉིས་ཏེ། ཟབ་མོ་དཀྱིལ་འཁོར་གྱི་འཁོར་ལོ་དང༌། སྡོམ་པའི་དབྱེ་བ་རང་བྱིན་གྱིས་རློབ་པའོ། །ཅིའི་ཕྱིར་རྩའི་འཁོར་ལོ་ལ་དཀྱིལ་འཁོར་འཁོར་ལོ་ཞེས་བྱ། སྡོམ་པའི་དབྱེ་བ་ལ་རང་བྱིན་བརླབ་ཅེས་བྱ་སྟེ། རྩ་དང་སྡོམ་པ་ལ་ཁྱད་པར་མེད་པའི་ཕྱིར་རོ་སྙམ་ན། བདེན་མོད་ཀྱང་གཙོ་ཆེ་ཆུང་གི་དབང་དུ་བྱས་ནས་བཏགས་ཏེ། ཐབས་དང་ཤེས་རབ་ཀྱི་འདུ་འཕྲོད་ནི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས། འཁོར་འདས་གཉི་གར་འགྱུར་ཏེ། རྩ་འདི་རྣམས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལ་ཁྱད་པར་མེད་པར་བསྟན་པའི་ཕྱིར་ཞེས་དེ་ལ་དགོངས་ཏེ་བཏགས་སོ། །རང་བྱིན་རློབ་ནི་འཁོར་ལོ་བཞི་ལ་བརྟེན་ཏེ་བསྒོམ་པས་རང་གི་ལུས་འདིར་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་འདུས་སོ། །ཞེས་བྱ་བ་འདི་ལ་དགོངས་ཏེ་བཏགས་པ་ཡིན་ནོ། །རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ། འོ་ན་རྩ་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་མང་པོ་ཡོད་དོ་ཞེས་དོགས་པ་ལ། བྱང་ཆུབ་ཀྱི་སེམས་ཞེས་སྨོས་ཏེ། བཤད་པའི་རྒྱུད་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་གསུངས་པ་ལྟ་བུའོ། །རྩ་ལ་བརྟེན་ཏེ་རྡོ་རྗེའི་ལུས་འགྲུབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་གང་ནས་འབྱུང་བ་དང༌། དེ་ལས་རླུང་གི་སྒོ་ནས་རྡོ་རྗེའི་ལུས་འགྲུབ་པའི་ཚུལ་དང༌། ད་ལྟ་རྡོ་རྗེ་ལུས་ཀྱི་གནས་ལུགས་ཞེས་བྱ་བ་གསུམ་ལས། རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་འགྲུབ་པ་དང༌། ཁྱད་པར་དུ་རྩའི་གཙོ་མོ་དང༌། མིང་དང༌། ལས་ལ་སོགས་པ་རྒྱས་པར་ཤེས་པར་བྱ་བ་འདི་ནི། བཤད་པའི་རྒྱུད་ཡང་དག་པར་སྦྱོར་བའི་བརྟག་པ་དྲུག་པ་ལས་རྟོགས་པར་སླ་བས་དེར་བཙལ་བར་བྱའོ། །འདིར་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །རྩ་འདི་དག་གི་སྤྱིའི་མཚན་ཉིད་དམ། རང་བཞིན་ནམ། བྱེད་པའི་ལས་ཞུས་པ་ནི་ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །སྲིད་གསུམ་ཡོངས་འགྱུར་ཞེས་བྱ་བ་ནི་རྩའི་རང་བཞིན་ཏེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་སྲིད་པ་ནི་སྤྱི་དོན་གྱིའོ། །ཞུ་བ་དང༌། བདེ་བ་དང༌། མི་རྟོག་པ་ནི་ལམ་དུ་བྱ་བ་སྦས་དོན་གྱིའོ། །སྐུ་དང་གསུང་དང་ཐུགས་ནི་མཐར་ཐུག་གི་སྲིད་པ་གསུམ་མོ། །ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་རྩའི་རང་བཞིན་ཏེ་ལམ་དུ་གྱུར་པ་དང༌། མ་གྱུར་པའི་བྱེ་བྲག་གིས་ཐམས་ཅད་རྩ་འདི་དག་གིས་བསྐྱེད་པས་ན། གསུམ་གྱིས་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ལམ་དུ་བྱས་ན་གཟུང་དང་འཛིན་པ་རྣམ་པར་སྤངས་ཏེ། རྟོག་པ་མེད་པའི་ཏིང་ངེ་འཛིན་ནི་སྐྱེད་པར་བྱེད་དོ། །ཞེས་བྱ་སྟེ་དོན་དམ་པའི་ལས་སོ། །ཡང་ན་ཞེས་བྱ་བ་ནི་ལམ་དུ་མ་བྱས་པ་ཀུན་རྫོབ་ཀྱི་ལས་ལྟར་ན་ཞེས་བྱ་བའི་དོན་ཏོ། །དངོས་པོའི་མཚན་ཉིད་དུ་ནི་བརྟག་ཅེས་བྱ་བ་ནི་ཕ་མའི་རྩ་ལས་དྭངས་མ་བྱུང་བས་བུ་ཚའི་ལུས་བསྐྱེད་དེ་ཞེས་བྱ་བའི་དོན་ཏོ། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །ཕུང་པོ་འབྱུང་བ་དབང་པོ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །ཅེས་གསུངས་པ་ལྟ་བུའོ། །ཡང༌། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པ་གསུམ་དུ་བརྗོད། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་དེ་བཞིན་བརྗོད། །ཅེས་བྱ་བ་ལ་སོགས་པའང་གསུངས་སོ། །དེ་ལྟར་ཟབ་མོའི་རྫོགས་པའི་རིམ་པ་དཀྱིལ་འཁོར་གྱི་འཁོར་ལོ་རྩའི་འཁོར་ལོ་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཆེན་པོའི་རྒྱུར་བཤད་ནས། སྡོམ་པའི་དབྱེ་བའང་ཞེས་བྱ་བ་བསྡུ་བ་སྟེ། འདིའང་ཡེ་ཤེས་ཆེན་པོའི་རྒྱུར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྡོམ་པ་ཞེས་བྱ་བའི་རྣམ་པར་གཞག་པ་ལ། གནས་གང་དུ་སྡོམ་པ་དང༌། སྡོམ་པ་རང་གི་ངོ་བོ་དང༌། ཐབས་གང་གིས་སྡོམ་པ་ཞེས་བྱ་བ་གསུམ་དུའོ། །དེ་ལ་ཕྱི་རོལ་དུ་གཙུག་ལག་ཁང་ནཱ་ལེནྡྲ་ལ་སོགས་པ་དང༌། སྡེ་པའི་གཞི་རྩ་བའི་སྡེ་པ་བཞི་ལ་སོགས་པ་ལྟར་འདིར་གནས་ནི་རང་གི་ལུས་ཏེ་འཁོར་ལོ་བཞི་དང་རྩ་གསུམ་དུའོ། །དེ་ལ་སྡོམ་པ་ཞེས་བྱ་བ་རང་གི་ངོ་བོ་ནི་གསུམ་སྟེ། སྤྱིར་མང་པོ་གཅིག་ཏུ་བསྡུས་པའི་ཕྱིར་སྡོམ་པ་ཞེས་བྱ་བའམ། ཡང་ན་མི་མཐུན་པའི་ཕྱོགས་བསྡམ་པའི་ཕྱིར་སྡོམ་པའམ། ཡང་ན་བདེ་བ་མཆོག་ཏུ་གྱུར་པའི་ཕྱིར། སཾ་བ་ར་ཞེས་བྱ་བའི་སྒྲ་གསུམ་ལ་འཇུག་པ་ལས། གསུམ་ཀ་འདིར་འཇུག་གོ །དེ་ལ་ཕྱི་རོལ་ཏུ་ཡོད་པའི་ཆོས་མང་པོ་བསྡུས་པ་ལྟར། འདིར་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་རྩ་དང་འཁོར་ལོ་ལ་སོགས་པར་བསྡུས་པས་སྤྲོས་པ་ཐམས་ཅད་འདིར་གཅོད་པར་བྱས་པས་ལམ་ལ་སོམ་ཉི་སེལ་བར་བྱེད་དོ། །ཡང་མི་མཐུན་པའི་ཕྱོགས་སྡོམ་པས་སྡོམ་པ་སྟེ། ཕྱི་རོལ་དུ་ཉན་ཐོས་ལུས་ངག་སྡོམ་ལ། བྱང་ཆུབ་སེམས་དཔས་མི་དགེ་བ་འཁོར་དང་བཅས་པ་སྡོམ་ཞིང༌། འདིར་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །ཡང་དེས་བདེ་བར་གྱུར་པས་སྡོམ་པ་སྟེ། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ་ཞེས་བྱ་བ་ལ་སོགས་པ་ལྟ་བུར། འདིར་ཡང་རང་བྱུང་གི་ཡེ་ཤེས་བདེ་བ་མཆོག་ཏུ་གྱུར་པས་ཏེ། སཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་མཉམ་སྦྱོར་ལས་གསུངས་པ་ལྟ་བུའོ། །སྡོམ་པའི་ཐབས་ནི་ཕྱི་རོལ་ཏུ་བརྗོད་པས་ཐོབ་པ་ལྟར་འདིར་གཏུམ་མོ་སྦར་བ་དང་འཛག་པ་ལས་སོ། །དབྱེ་བ་ཞེས་བྱ་བ་ནི་ཕྱི་རོལ་ལྟར་ནང་དུ་རྩི་བས་རྣམ་པར་གཞག་པ་ཞེས་བྱ་བའི་དོན་ཏེ། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་ལྟར་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་འཆད་པར་འགྱུར་རོ། །དེ་ལ་འདིར་གནས་དང༌། མང་པོ་གཅིག་ཏུ་བསྡམ་པ་དང༌། ཐབས་འཆད་ལ། གཉིས་པོ་ཤུགས་ཀྱིས་འབྱུང་ངོ༌། །དེ་ལ་རྩ་གཉིས་ཀྱི་རྣམ་པར་གཞག་པ་དང༌། རྩ་དང་འཁོར་ལོ་གསུམ་གྱི་རྣམ་པར་གཞག་པ་དང༌། འཁོར་ལོ་བཞིའི་རྣམ་པར་གཞག་པའོ། །རྩ་གཉིས་ཀྱི་རྣམ་གཞག་ནི། ཨ་ལིའི་རྣམ་པས་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟར་དཀར་བ་འབབ་པ་ནི། ཤེས་རབ་ཅེས་བྱ་བ་གཡོན་པའི་བརྡ་ཉིད་དམ་གཡོན་ནས་འཛག་པའི་ཚེ་མི་རྟོག་པར་འགྱུར་བས་ན། ཤེས་རབ་སྟེ་རྩ་གཡོན་པ་ལ་ལ་ནཱའོ། །འོ་ན་སྔར་རྐྱང་མ་མི་བསྐྱོད་འབབ་པ་ཞེས་བཤད་པ་དང་མི་འགལ་ལམ་སྙམ་ན། བདེན་མོད་ཀྱི་ལྟེ་བ་མན་ཆད་ནས་རྩ་གཉིས་གཉིས་སུ་གྱེས་པའི་ཅིག་ཤོས་ཀྱིས་མི་བསྐྱོད་པ་འབབ་པ་ལ་དགོངས་སོ། །ཀཱ་ལིའི་རྣམ་པས་བྱང་ཆུབ་ཀྱི་སེམས་ཉི་མ་ལྟར་དམར་བ་འབབ་པ་ནི་ཐབས་ཞེས་བྱ་བ་གཡས་པའི་བརྡའམ། ར་ས་ནཱ་ལ་གཏུམ་མོ་སྦར་བ་ལ་སོགས་པའི་ཐབས་ཡིན་པས་ར་ས་ནཱའི་རྩའོ། །དེ་ལྟར་ཡང་ཁ་སྦྱོར་ལས། སྐྱེ་གནས་དབུས་སུ་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་པ་ལ། །ཟླ་བ་ཉི་མར་རྣམ་པར་བཤད། །གཡོན་དུ་ཁུ་བ་རྣམ་ཤེས་བྱ། །གཡས་པ་ལ་ཡང་ཁྲག་ཉིད་དོ། །ཞེས་གསུངས་པས་གྲུབ་བོ། །རྩ་གཉིས་པོ་འདིས་རྒྱུད་ཕྱི་མ་ལས། ནང་གི་སྙོམས་པར་འཇུག་པར་བཤད་པ་དེ་ལྟར་རིགས་པར་བྱའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་གསུམ་ཚན་གཉིས་པོ་འདིས་ཀྱང་རྩ་གསུམ་ལ་ཤེས་པར་བྱ་སྟེ། ཡང་གསུངས་པ། མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་ལ། །ཞེས་གསུངས་པ་འདིས་གཉིས་པོ་ཤུགས་ལས་ཤེས་སོ། །ཡང་ན་གསུམ་པོ་འདིས་འཁོར་ལོ་བཞི་བསྟན་ཏེ། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཅེས་ཕྱི་མ་ལས་རྒྱས་པར་ཤེས་པར་བྱའོ། །ཨེ་ཝྃ་མ་ཡ་ཞེས་བྱ་བ་ལ་སོགས་པས་འཁོར་ལོ་བཞི་ལ་སྦྱར་བ་སྟེ། ཡི་གེ་བཞིས་ནི་འཁོར་ལོའི་དབྱིབས་བསྟན་ལ། དེ་ན་འབྱུང་བ་བཞི་གནས་པས་ལྷ་མོ་བཞི་བསྟན་ཏེ། རྒྱས་པར་ན་ཆོས་བཅུ་བཅུ་སྦྱར་ཏེ། བཤད་པའི་རྒྱུད་ལས་གསུངས་པ་འདིར་དང་པོའི་ཚིག་ཏུ་རྒྱས་པར་བསྟན་ཟིན་ཏོ། །འཁོར་ལོའི་རྩ་འདབ་ཀྱི་གྲངས་ནི་གོ་སླ་བས་ཡི་གེ་དགོད་པ་ཤུགས་ལས་བསྟན་ཏེ། བཤད་པའི་རྒྱུད་ཀྱི་བརྟག་པ་དང་པོ་དངོས་དང༌། དྲུག་པར་ཤེས་པར་བྱའོ། །འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག་པ་ཞེས་བྱ་བ་ལ་ཇི་སྐད་དུ་བཤད་པ་ཇི་སྙེད་པའི་ཆོས་རྣམས་འཁོར་ལོ་བཞིར་བསྡུས་ཏེ་མོས་པ་བྱས་ན་འཁོར་ལོའི་བསྒོམ་པ་ཡོངས་སུ་རྫོགས་པ་ན་དེ་དག་གིས་བསྒོམ་པའང་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བས་ན་སྤྲོས་པའི་སྒྲོ་འདོགས་ཉུང་ངུས་བཅད་པ་འདི་ཉིད་རྣལ་འབྱོར་པའི་ལམ་ཐུན་མོང་མ་ཡིན་པའོ་ཞེས་བྱ་བར་དགོངས་སོ། །དེ་ལ་རྒྱས་པར་བཤད་པ་ལ། སྐད་ཅིག་མ་ནི་དུས་ཚོད་དོ། །དེ་ནི་ཕྱི་རོལ་གྱི་བྱ་བ་གཅིག་ལའང་ཐོག་མར་བྱ་བ་སྣ་ཚོགས་པ་རྩོམ་པར་བྱེད་དོ། །དེ་ནས་ནི་ཡོངས་སུ་རྫོགས་པའི་རྣམ་སྨིན་ནོ། །དེ་ནས་ནི་བརྟག་དཔྱད་ཀྱིས་རྣམ་པར་ཉེད་དོ། །མཐར་ནི་མཚན་ཉིད་དང་བྲལ་བའོ། །དེ་དབང་ལྟར་ལ་སྦྱར་བ་ནི་ཕྱི་མའི་གསུམ་པ་ལས་འབྱུང་ངོ༌། །འདིར་འཁོར་ལོ་བཞི་ལ་མས་རིམ་གྱིས་སྦྱར་རོ། །དེ་བཞིན་དུ་ཕྱི་རོལ་ན་ཕུང་པོ་ལ་སོགས་པ་གང་ཅི་ཡང་རུང་བ་ཐམས་ཅད་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བ་ཡིན་ཏེ། དེ་ནི་ཡོངས་སུ་ཤེས་པར་བྱ་བ་སྟེ། དེ་སྤང་བར་འདོད་ན་དེའི་རྒྱུ་ལས་དང་ཉོན་མོངས་པ་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ་སྤང་བར་བྱ་བའོ། །སྡུག་བསྔལ་དང་བྲལ་བ་ནི་འགོག་པ་སྟེ་མངོན་དུ་བྱ་བའོ། །དེ་ཐོབ་པའི་ཐབས་ནི་ལམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་བསྟེན་པར་བྱ་བའོ། །དེའང་འདིར་ཆོས་མཐུན་པས་མོས་པར་བྱའོ། །ཡང་ཕྱི་རོལ་དུ་རྣལ་འབྱོར་གྱི་རྒྱུད་དག་ལ་དེ་ཁོ་ན་ཉིད་བཞི་གྲགས་ཏེ། བདག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཅི་དང་ཅི་སྣང་བ་དེ་ཐམས་ཅད་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་གདགས་སོ། །བདག་དེ་ཉིད་ཀྱང་རིལ་པོར་རམ་རྟག་པར་འཛིན་པ་མེད་པ་ནི་དེ་ཁོ་ནའོ། །ལྷའི་དེ་ཁོ་ན་ཉིད་ནི། གཟུགས་ལ་སོགས་པ་གང་ཅུང་ཟད་སྣང་བ་དེ་ཐམས་ཅད་ཐ་མལ་པ་མ་ཡིན་ཏེ། བདེ་བ་ལ་ལོངས་སྤྱོད་པའི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཉིད་ཡིན་པས་ལྷའོ། །དེ་ཉིད་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་དུ་གྲུབ་པ་ནི་དེ་ཁོ་ན་ཉིད་དོ། །ཨོཾ་ལ་སོགས་པའི་སྒྲ་གང་ཡིན་པ་དེ་ནི་སྔགས་སོ། །དེ་ཉིད་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པ་ནི་དེ་ཁོ་ན་ཉིད་དོ། །ལྷ་ལ་སོགས་པའི་རྣལ་འབྱོར་ཉམས་སུ་བླངས་པ་ལས་བདེ་ཆེན་གྱི་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཡེ་ཤེས་སོ། །དེ་ཉིད་བློའི་ཡུལ་ཐམས་ཅད་ལས་གྲོལ་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། །དེ་དག་ཀྱང་འཁོར་ལོ་མས་རིམ་དུ་མོས་པར་བྱའོ། །དགའ་བ་བཞི་ནི་ལེའུ་བརྒྱད་པ་དང༌། བཅུ་པ་ལས་འཆད་པར་འགྱུར་བས་དེའང་དེ་བཞིན་དུའོ། །སྡེ་པ་བཞི་ཕྱག་རྒྱ་བསྡུས་པ་ལས་འཆད་པར་འགྱུར་བས་དེ་བཞིན་དུ་ཤེས་པར་བྱའོ། །ཟླ་བ་དང༌། ཉི་མ་དང༌། ཨཱ་ལི་དང༌། ཀཱ་ལི་ཞེས་བྱ་བས་ནི་སྤྲུལ་པའི་འཁོར་ལོ་ལ་ཡི་གེ་དགོད་པ་བསྟན་ཏོ། །འཕོ་བ་ལ་སོགས་པ་ནི་རྩ་འདབ་རྣམས་ལ་ཤེས་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བཞིའོ། །ཞེས་བྱ་བ་ནི་འཁོར་ལོ་བཞི་ལ་སྦྱར་ཞེས་བྱ་བའི་དོན་ཏོ། །ཡང་ན་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་ནི་རྫོགས་པའི་རིམ་པ་མཐའ་དག་གི་མདོར་བསྡུས་པ་སྟེ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། སྔར་བཤད་པའི་རྩ་དང་འཁོར་ལོ་ལུས་ཀྱི་དཀྱིལ་འཁོར། ཨེ་ཝྃ་ལ་སོགས་པ་ཡི་གེ་བྷ་གའི་དཀྱིལ་འཁོར། ཟླ་བ་དང་ཉི་མ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། འཕོ་བ་ལ་སོགས་པས་དེ་གསུམ་མངོན་དུ་བྱེད་པས་སྙིང་པོ་ཡེ་ཤེས་རླུང་བསྟན་ཏོ། །དེ་ལ་ཕྱི་རོལ་གྱི་རྩིས་པ་རྣམས་ཀྱིས་བ་རུ་ར་འབྲིང་པོ་གཅིག་ལ་ཞོ་གཅིག་ཏུ་བྱས་པའི་ཟངས་སྲང་བཅུ་གཉིས་ལ། རྒྱར་སོར་བཅུ་གཉིས་དཔངས་སུ་སོར་དྲུག་པའམ། ཡང་ན་རྒྱར་སོར་བརྒྱད་པ་དཔངས་སུ་བཞི་པ་བྱས་པའི་སྣོད་བྱས་ལ། དེ་ལ་ལྕགས་ར་ཏི་དྲུག་ཅུ་རྩ་བཞིའམ་གསེར་མན་ཆ་བཞི་ལས་བྱས་པའི་ཐུར་མ་སོར་དྲུག་པས་བུ་ག་ཕུག་སྟེ། དེ་སྣོད་ཆུས་བཀང་བའི་སྟེང་དུ་བཞག་པས་དེ་གང་བའི་བར་ནི་དབྱུག་ཚོད་དོ། །ནང་དུ་བརྩིས་ན་ནི་དེའི་བར་ལ་རྣལ་འབྱོར་པ་ཁམས་སྙོམས་པའི་དབང་དུ་བྱས་པའི་དབུགས་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་རྒྱུའོ། །ཡང་དེ་བཏེག་སྟེ་ཟད་པའི་བར་ལའང་དེ་བཞིན་ནོ། །དེ་གཉིས་བསྡོམས་པ་ནི་ཆུ་ཚོད་གཅིག་གོ །དེའི་བར་ལ་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུའོ། །ཆུ་ཚོད་གཉིས་ནི་འཕོ་བ་གཅིག་སྟེ་ལུགས་ལ་སོགས་པའི་མིང་ངོ༌། །རླུང་ནི་སྟོང་སུམ་བརྒྱ་ལྔ་བཅུའོ། །དེས་ནི་སྣ་གཡས་གཡོན་གྱི་འཕོ་བ་རྫོགས་སོ། །འཕོ་བ་གཉིས་ནི་ཐུན་ཕྱེད་དེ་རླུང་ཉིས་སྟོང་བདུན་བརྒྱའོ། །དེ་གཉིས་ནི་ཐུན་གཅིག་སྟེ་ལྔ་སྟོང་བཞི་བརྒྱར་རླུང་རྒྱུ་སྟེ་འཁོར་ལོ་གཅིག་ཡོངས་སུ་རྫོགས་སོ། །དེ་གཉིས་ལ་ཞག་ཕྱེད་དེ་རླུང་ཁྲི་བརྒྱད་བརྒྱ། དེ་གཉིས་ལ་ཉིན་ཞག་གཅིག་སྟེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟ་བུའི་རླུང་སྟོང་བརྒྱད་བརྒྱ་པ་རེ་འགགས་པས་ས་རེ་རེ་མངོན་དུ་བྱེད་དོ། །དེ་ལྟར་ན་ཕྱི་རོལ་གྱི་ཐམས་ཅད་ལུས་ལ་ཆུད་པར་ཤེས་པར་བྱ་བ་འདི་ནི་ཐོས་བསམ་གྱིས་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟར་མོས་པར་བྱས་ནས་སྡོམ་པའི་ཐབས་ནི་ལྟེ་བར་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་བསྟན་པའི་འཁོར་ལོ་བཞི་ཡི་གེ་དགོད་པ་དང་བཅས་པ་དང༌། རྩ་གསུམ་དང༌། མེ་རླུང་གི་འཁོར་ལོ་གཉིས་ཀྱང་བླ་མའི་མན་ངག་བཞིན་གསལ་བར་བྱས་ལ། བཤང་སྒོའི་རླུང་གཙུབས་པས་སུམ་མདོའི་མེ་སྦར་ཏེ། དེས་ལྟེ་བའི་ཨྃ་སྦར་བ་ནི་ལྟེ་བར་གཏུམ་མོ་སྦར་ཞེས་བྱ་སྟེ། ཨྃ་ནི་རྣམ་པར་རྟོག་པ་གསོད་པས་ཙཎྜཱ་ལཱི་ཞེས་བྱའོ། །མེ་དེ་རྩ་གཡས་ནས་སོང་སྟེ། སྙིང་གའི་འཁོར་ལོ་བསྲེགས་པས་ནི་དེ་བཞིན་གཤེགས་པ་ལྔ་བསྲེགས་ཞེས་བྱ་སྟེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བྷཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་རྣམས་སོ། །ཡང་མགྲིན་པར་སོང་སྟེ་བསྐོར་བ་ལན་གསུམ་བྱས་ནས་མགྲིན་པའི་འཁོར་ལོ་བསྲེགས་པ་ནི་སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། ཡ་ར་ལ་ཝ་བཞི་བསྲེགས་པས་སོ། །དེ་ནས་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་སྟེ་སྣ་བུག་གཡས་པ་ནས་སོང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས་ཏེ། དེའི་འཁོར་ལོ་བཞི་བཞུ་ནས། སྣ་བུག་གཡས་པ་ནས་ཕྱུང་ནས་རང་གི་སྣ་བུག་གཡོན་ནས་ཞུགས་ནས་སྤྱི་གཙུག་གི་སྒོ་ཕྱེ་སྟེ། རྩ་གཡོན་པ་ནས་བརྒྱུད་ནས་སྔར་བསྲེགས་པ་རྣམས་གསོས་བཏབ་སྟེ་ལྟེ་བའི་ཨཾ་གི་བར་དུ་ཕྱིན་པ་དང༌། དེ་ལས་མེ་ཆེར་འབར་ཏེ་ཨ་བ་དྷཱུ་ཏཱི་ནས་ཞུགས་ཏེ། སྤྱི་གཙུག་གི་འཁོར་ལོའི་ཧཾ་ལ་ཕོག་སྟེ། དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འཛག་པ་ནི་བསྲེགས་པས་ཧྃ་ལས་རི་བོང་ཅན་ཏེ་ཟླ་བའི་བརྡས་བསྟན་པའི་བྱང་ཆུབ་ཀྱི་སེམས་འཛག་ཅེས་བྱ་བའི་དོན་ཏོ། །དེ་ནས་འབར་འཛག་གི་རྣམ་པ་རྩེ་ཕྲད་པ་ལ་དམིགས་ཏེ་སྲོག་དང་རྩོལ་བ་ཡང་དག་པར་བསྡམས་ལ་རྣལ་འབྱོར་དུ་བྱའོ། །དེ་ལྟ་བུ་ལས་རང་འབྱུང་གི་ཡེ་ཤེས་འབྱུང་བར་འགྱུར་ཞིང༌། སྔར་བསྟན་པའི་ལས་ཀྱི་རླུང་རྣམས་ཀྱང་འགག་པ་དང༌། ཆོས་མཐུན་པའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བཤད་པ་འདི་ནི་བླ་མའི་མན་ངག་གོ །གཞན་རྒྱས་པར་ཤེས་པར་འདོད་པས་བཤད་པའི་རྒྱུད་དུ་བཙལ་བར་བྱའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་བ་སྟེ་འདིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །རིགས་ནི་དེ་སྐྱེད་པར་བྱེད་པའི་རྒྱུའི་ཕྱིར་རམ། དེའི་གནས་ཀྱི་ཕྱིར་ཏེ་རྣལ་འབྱོར་མའི་རང་བཞིན་ཅན་གྱི་རྩ་སྟེ་རང་གི་ལུས་སོ། །ཡང་ན་རིགས་ཏེ་ཆོས་ཐམས་ཅད་དེའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རིགས་ཏེ་རྡོ་རྗེའང་དེ་ཡིན་ལ་རིགས་ཀྱང་དེ་ཡིན་པས། རྡོ་རྗེ་རིགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དོ། །དེ་རྟོགས་པར་བྱེད་པའི་གཞུང་གི་དུམ་བུ་ནི་ལེའུའོ། །དང་པོ་ཞེས་བྱ་བ་ལ། རྒྱུད་འདིར་བརྗོད་པར་བྱ་བའི་གཙོ་བོ་ཉིད་དུ་གྱུར་པའི་ཕྱིར་འདི་ཐོག་མར་བསྟན་ཅེས་བྱ་བའོ། །ལེའུ་དང་པོའི་ཚིགས་སུ་བཅད་པ་སུམ་ཅུ་པའི་རྣམ་པར་བཤད་པའོ། །སྔགས་ཀྱི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྔགས་ནི་ཨོཾ་ཨཱ་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་དོན་དུ་བཅས་པ་རྣམས་སོ། །དེ་གང་ལ་ཡོད་པའི་གཞུང་གི་དུམ་བུ་ནི་ལེའུ་སྟེ་དེ་གསལ་བར་བཤད་པར་བྱའོ། །དེ་ཅིའི་ཕྱིར་ལེའུ་དང་པོ་ལྷན་ཅིག་སྐྱེས་པའི་རྒྱུའི་ལེའུའི་རྗེས་ལ་གསུངས་སྙམ་པ་ལ། ཐོབ་པར་བྱ་བའི་འབྲས་བུ་སྐུ་གསུང་ཐུགས་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་དེའང་ལེའུ་དང་པོར་བསྟན་པ་དེ་ལ། ཐབས་གཞན་བཟླས་པས་ཀྱང་འགྲུབ་སྟེ། རྡོ་རྗེ་སེམས་དཔའི་སྙིང་པོ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །ཅེས་གསུངས་པས་སམ། ཡང་ན་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པ་དེ་ལ་འཇིག་རྟེན་པའི་དངོས་གྲུབ་མ་བསྟན་པར་སེམས་ཅན་རྣམས་འཇུག་པའམ་ཡིད་ཆེས་པར་ག་ལ་འགྱུར། དེ་བས་ན་དེ་བསྟན་པའི་ཕྱིར་ལེའུ་འདི་གསུངས་སོ། །སྤྱིའི་དོན་ཏོ། །ཡང་ན་དེ་ལྟར་ལེའུ་དང་པོར་རྡོ་རྗེའི་ལུས་ཀྱི་གནས་ལུགས་བཤད་ནས་ལུས་འདིས་ཐུན་མོང་དུ་བཤད་པའི་དངོས་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལ་གསུངས་ཏེ། དེ་ལ་སྔགས་ཞེས་བྱ་བ་ནི། ཨཱ་ལི་ཀཱ་ལི་གཉིས་ནི་སྔགས། །ཡང་ན་དེ་ལས་གང་བཏུས་པའོ། །ཞེས་སོ། །དེ་བས་ན་ཁ་སྦྱོར་ལས། དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ཀྱི་རྣམ་པར་གནས། །ལུས་ཅན་རྣམས་ཀྱི་སྔགས་གཟུགས་ཀྱིས། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་སྔགས་སུམ་ཅུ་རྩ་གཉིས་ཀྱིས་ནི་རྩ་སུམ་ཅུ་རྩ་གཉིས་རྟོགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །སྦས་པའི་དོན་ཏོ། །ཡང་ན་སྔགས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་རྗོད་པར་བྱེད་པའི་སྒྲའི་ཕྱིར་སྔགས་སམ། ཡང་ན་རྣམ་རྟོག་ལས་ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་གང་བྱུང་བའི་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་བྱ་བ་དང༌། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང༌། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅེས་སོ། །དེ་བས་ན་ལུས་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་དེ་ནི་སྔགས་ཀྱི་དོན་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ལེའུ་དེའི་རྗེས་ལ་བསྟན་ཏེ། མཐར་ཐུག་པའི་དོན་ཏོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་སྤྱིའི་དོན་གཙོ་བོར་གྱུར་པ་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀ་སྟེ། ཡན་ལག་གི་དོན་དང༌། ཡི་གེའི་དོན་གཙོ་ཆེ་ལ། སྔགས་དོན་མེད་པ་རྣམས་ནི་མན་ངག་གི་དོན་ཡིན་ནོ། །ལུས་རྣམ་པར་གཞག་པ། དགུག་དང་དོན་བྱེད་རྣམ་ཤེས་དང༌། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང༌། །དོན་བྱེད་རྣམ་མང་བརྗོད་པའོ། །ཞེས་བྱ་བ་བརྒྱད་ཀྱིས་རྒྱས་པར་བཤད་པའོ། །བཤད་པའི་རྒྱུད་ཁ་སྦྱོར་གྱི་བརྟག་པ་བདུན་པ་དང༌། བརྒྱད་པའི་ཆ་ཤས་དང༌། རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བརྒྱད་པ་དང༌། དགུ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་སྟེ། མདོར་ན་དངོས་གྲུབ་མཐའ་དག་དང༌།  རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*