ནག་པོ་དཀྱིལ་ཆོག་གི་ཐོ་ཡིག

༼ཁ༽

༄༅། །ནག་པོ་དཀྱིལ་ཆོག་གི་ཐོ་ཡིག་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་ཆོ་ག་འདི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་གཉིས་ལས། བཤད་པའི་རྒྱུད་ལ་བརྟེན། བཤད་རྒྱུད་ལྔ་ལས། སློབ་དཔོན་གྱི་ལས་ཚོགས་གཙོ་བོར་སྟོན་པ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ཏེ། དེའི་ལེའུ་བཞི་པ་ནས་སའི་ཆོ་ག་བསྟན། བཅོ་ལྔ་པ་ནས་ཚོགས་དང་དབང༌། བཅུ་དྲུག་པ་ནས་དམ་ཚིག་དང་སྡོམ་པ་བསྟན་ཏེ། དེ་དག་ལ་བརྟེན་ནས་མཛད། སློབ་དཔོན་ཀརྞ་པ་བྱ་བ་ཀརྞ་ཌའི་རྒྱལ་ཁམས་སུ་སྐྱེས་པས་ན་ཀརྞ་པ་ཟེར། ཀརྞ་པ་བྱ་བ་རྣ་བ་ལ་ཟེར་བས་སྙན་རིང་བ་ལ་ཡང་ཟེར། འདིའི་སློབ་དཔོན་ཤྲཱི་ཛཱ་ལནྡྷ་ར་བ་ཞེས་བྱ་བ་ཛཱ་ལནྡྷ་རར་གྲུབ་པ་བརྙེས་པ་དེ་ཡིན་ཏེ། དེའི་གདམས་ངག་ལ་བརྟེན་ནས་སྒྲུབ་པ་བྱས་པས་ནུས་པ་ཅུང་ཟད་སྐྱེས་ནས་འཁོར་རྣལ་འབྱོར་ཕོ་མོ་མང་པོས་བསྐོར་ནས་བཞུགས་པ་ལ། སྤྱོད་པ་བྱ་སྙམ་ནས་སློབ་དཔོན་ལ་ཞུས་པ་ལ། སློབ་དཔོན་ན་རེ་སྤྱོད་པ་ལ་ནུས་པ་ཐོབ་དགོས་ན་ཁྱོད་ལ་ནུས་པ་ཡོད་དམ་གསུངས་པ་ལ། དང་པོར་རི་དྭགས་ཁྲི་སྙན་སཱ་ལེ་ལ་དགུག་པའི་ལྟ་སྟངས་ཀྱིས་མདུན་དུ་ཁུགས། སྟག་ལ་རིངས་པའི་ལྟ་སྟངས་བྱས་པས་རེངས་སོ། །མ་ཧེ་ལ་དབང་གི་ལྟ་སྟངས་ཀྱིས་བལྟས་པས་དབང་དུ་འདུས་ཏེ་མདུན་དུ་འོངས། ཤིང་རློན་པའི་ཡལ་གའི་ཤིང་ཐོག་ས་ལ་ལྟུང་བའི་ལྟ་སྟངས་ཀྱིས་བལྟས་པས་ལྟུང་བར་ནུས་པ་ལ། སློབ་དཔོན་ན་རེ་ཚར་གཅད་པ་བྱ་བ་རྣམ་པར་ཤེས་པའི་ལས་ཡིན་གྱིས། ཡེ་ཤེས་ཀྱི་ལས་རྗེས་སུ་གཟུང་བ་དགོས་པས་དེ་རྣམས་ཁྲོལ་གསུངས་བ་ལ་དགྲོལ་མ་ནུས་སོ། །དེར་སློབ་དཔོན་གྱིས་སྤྱོད་པ་བྱེད་པའི་དུས་ནི་ཡེ་ཤེས་དང་རྣམ་ཤེས་ཀྱི་རླུང་ཆ་མཉམ་པས་ཚར་བཅད་པ་དང༌། ཕན་གདགས་པ་མཉམ་པར་སྦྱོར་ནུས་པའི་དུས་སུ་བྱེད་པ་ཡིན་པ་ལ། ཁྱོད་ཀྱིས་མཉམ་པར་སྦྱོར་མི་ནུས་པས་སྤྱོད་པའི་དུས་ལ་མ་བབ་བོ་གསུངས་ནས་དེ་རྣམས་སློབ་དཔོན་གྱིས་བཀྲོལ་ལོ། །དེ་ལྟར་སློབ་དཔོན་གྱིས་མ་གནང་ཡང༌། ཅིས་ཀྱང་སྤྱོད་པ་བྱེད་དོ་ཞེས་ང་རྒྱལ་བྱེད་པ་ལ་སློབ་དཔོན་ན་རེ། འོ་ན་ཁྱོད་དེ་ཝཱི་ཀོ་ཊ་སྟེ་ལྷ་མོ་རྫོང་དུ་མ་འགྲོ་ཞིག མཁའ་འགྲོ་མས་བར་ཆད་བྱེད་དོ་གསུང༌། དེ་ནས་འཁོར་དང་བཅས་ཏེ་ཆུ་ཁ་ཅིག་ཏུ་ཕྱིན་པ་ལ། མཛེ་མོ་ཞིག་ང་སྒྲོལ་ཟེར་བ་ལ། འདི་ཁུར་ན་འདི་ཡི་མཛེས་གོས་ན་དངོས་གྲུབ་ཚེ་གཅིག་གིས་བསྒྲུབ་པའི་བར་ཆད་དུ་འགྲོ་སྙམ་ནས་མ་བསྒྲལ་བ་ལ། འཁོར་ཀུ་ས་ལི་ཞིག་གིས་བསྒྲལ་བས། རྡོ་རྗེ་ཕག་མོར་གྱུར་ནས་ཀུ་ས་ལི་དང་གཉིས་མཁའ་སྤྱོད་དུ་སོང༌། དེ་ནས་ཕར་ཕྱིན་པས་རྨོད་པ་གཅིག་དང་ཕྲད་པ་ལ། རྨོད་པ་དེ་ཐུག་ཆང་ས་འོག་ཏུ་སྦས་ནས་འདུག་པ་ལ་བསླང་པས་མ་སྟེར་ཏེ། ཕ་ཟད་ན་རྡོ་བ་ཅིག་ལས་ཆུ་བག་ཙམ་འཛག་པ་ཅིག་འཐུང་ཟེར། དེས་མི་ངོམས་བྱས་པ་ལ་འཐུང་ནུས་པར་གྱིས་ཤིག་ངོམས་པར་བྱ་ཡིས་ཟེར་ཏེ། ཆུ་འཐུངས་བ་ལ་ཆུ་ཟད་པར་མ་གྱུར་ཏོ། །དེས་ཐུག་ཆང་མ་སྟེར་བ་ལ་གླང་ལ་སྡིགས་མཛུབ་བྱས་པས་གླང་ཤི་བ་ལ་ད་འདི་རྗེས་སུ་གཟུང་དགོས་པས་གསོས་ཤིག་ཟེར་བ་ལ་མ་ནུས་སོ། །ཡང་དེ་ནས་ཕར་བྱོན་པ་ལ་སྐྱེད་མོས་ཚལ་ཞིག་ན། ན་ཆུང་ཞིག་འདུག་པ་ལ་སྐོམ་ནས་ཤིང་ཐོག་བསླངས་པས། ཁྱོད་རང་ལ་ནུས་པ་མེད་དམ་ཟེར་བ་ལ་ཤིང་ཐོག་ལ་ལྟུང་བའི་ལྟ་སྟངས་ཀྱི་བལྟས་པས་མར་ལྟུང་ཞིང་བྱུང་བ་ལ། མོས་མིག་གི་རྫི་མ་བཏེག་པ་ཙམ་གྱིས་ཡར་འབྱར་གྱིན་སོང༌། ཡང་ཕར་ཕྱིན་པ་ལ་ལྷ་ཁང་ཞིག་ན་མི་ཞིག་བརྒྱད་སྟོང་པ་ཀློག་གིན་འདུག་པ་ལ། ཁྱེད་པཎྜི་ཏའམ། རྣལ་འབྱོར་པའམ། དགེ་བསྙེན་ལ་སོགས་པ་ཅིས་གནས་བྱས་པས། ཁོ་ན་རེ་རྣལ་འབྱོར་གྱི་ཆ་ལུགས་ཀྱིས་གནས་སོ་བྱས་པས། སློབ་དཔོན་ན་རེ་རྣལ་འབྱོར་བྱ་བ་ཀློག་བྱེད་དམ་བྱས་པ་ལ། འོ་ན་ཁྱོད་ཀྱི་ཀློག་ཟེར་བ་ལ། སློབ་དཔོན་གྱིས་ཀློག་མ་ཤེས་ཏེ་ཕམ་མོ། །དེ་ནས་སློབ་དཔོན་གྱིས་ཤར་ཕྱོགས་བྷཾ་ག་ལར། རཱ་ཛཱ་ཤྲཱི་སུ་ཙནྡྲ་དང༌། བློན་པོ་ཀུ་ས་ལི་ནཱ་ཐའི་གྲོང་ན་རྒྱལ་པོ་མུ་སྟེགས་པ་ཡིན། བློན་པོས་སློབ་དཔོན་ཀརྞ་པ་གྲོང་དུ་བྱོན་བྱ་བ་ཐོས་ནས། བསུར་ཕྱིན་པ་ལ་ང་ལ་བསྙེན་བཀུར་བྱེད་ཅིང་བསུ་བ་ཁྱེད་ཅི་དོན་དུ་གཉེར་བྱས་པ་ལ་བློན་པོ་ན་རེ། ང་ལ་དོན་དུ་གཉེར་རྒྱུ་གཞན་མེད། ལྷ་ཁང་ཞིག་ན་ལོ་ཀེ་ཤྭ་རའི་སྐུ་ཏིར་ཏི་ཀ་དང་མཐུན་པ་ཅིག་བྱས་ནས་ཡོད་པ་འདིའི་རབ་གནས་ཞུའོ་བྱས་པ་ལ། བྱ་གསུང་ནའང་ཡུན་རིང་པོར་བྱེད་དུ་མ་འདོད་པ་ལ་ལན་ཅིག་ད་ལྟ་རང་བྱ་གསུང༌། འོ་ན་རབ་གནས་ཀྱི་འཚོག་ཆས་མི་དགོས་སམ་བྱས་པ་ལ་ཅི་ཡང་མི་དགོས་གསུངས་ནས་མེ་ཏོག་གཅིག་སྐུའི་སྤྱི་བོར་བཞག་སྟེ་སུ་པྲ་ཏིཥྛ་གསུངས་ནས་རབ་གནས་ཟིན་ནོ་བྱས་པས། བློན་པོ་དེ་ལ་ཡིད་མ་ཆེས་པ་ལ་སློབ་དཔོན་གྱིས་མེ་ཏོག་ཕོག་པས། སྐུ་དེ་སློབ་དཔོན་གར་འགྲོ་བའི་རྟིང་ལ་སོང་བ་ལ་བློན་པོས་ཞུ་བ་ཕུལ་ཏེ་ད་ཡིད་ཆེས་པས་རབ་གནས་མཛོད་ཅིག་ཞུས་པས། མེ་ཏོག་གཅིག་མགོར་བཞག་སྟེ་ཡང་སུ་པྲ་ཏིཥྛ་ཞེས་བརྗོད་པས་སྐུ་དེར་འདུག་སྟེ། མི་མང་པོས་ནང་དུ་སྤྱན་དྲང་པས་མ་དྲོངས་ནས་དེ་ཉིད་དུ་ལྷ་ཁང་བཞེངས། ད་ཅིའི་ལྷ་ཁང་ལ་མཆོད་རྟེན་ཞིག་ཁོང་པར་བཅུག་ནས་བཞག དེ་ནས་བློན་པོས་སློབ་དཔོན་ལ་ནང་པའི་རས་བྲིས་ཤིག་མཛད་པར་ཞུས་པ་ལ་གནང་ནས། འདྲི་མཁན་དང་གསུམ་ལས་གཞན་ལ་གསང་ཏེ། རྒྱལ་པོའི་ལྷ་འཇིགས་བྱེད་དང་དུས་མཚན་གདན་དུ་བཏིང་བ་བྲིས་པ་ལ། གཅིག་ནས་གཉིས་སུ་འཛག་སྟེ་རྒྱལ་པོས་ཐོས་པ་ལས། རྒྱལ་པོ་ན་རེ་བློན་པོ་འདི་སྙིང་དང་འདྲ་བ་ཡིན་པས་འདི་མི་བདེན་མི་སྲིད་བྱས་པ་ལ། གཏམ་མང་དུ་གྲགས་པ་ལ་ད་ནི་བདེན་ནམ་སྙམ་ནས་འདུག་པ་ལ་བློན་པོ་གྲོགས་པོ་ཞིག་གིས་ཐད་ཀ་འདི་སྤོངས། ཁྱོད་ལ་རྒྱལ་པོ་འཁོར་དང་བཅས་པས་ཆད་པ་ཆེན་པོ་གཅོད་པར་འདུག་གོ་བྱས་པས། དེ་བཞིན་དུ་བྱའོ་ཟེར་ནས་རས་མང་པོས་དྲིལ་ནས་རྒྱས་བཏབ་ཏེ་ཉི་མ་ལྷོ་ཕྱོགས་ན་ཕར་བསྐུར་ཏེ་བཏང་བ་ལ། རྒྱལ་པོའི་གྲོང་ཁྱེར་ཕྱོགས་བཞི་ན་སྒོ་བཞི་ཡོད་པའི་སྒོ་བ་རྣམས་ཀྱིས། འདི་ཙམ་གྱི་རྒྱས་འདེབས་པ་འདི་ན་ནོར་མང་པོ་ཡོད་ཟེར་ནས་གཡེངས་པས་བྲིས་སྐུ་དེ་བྱུང་བ་ལ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་རྒྱལ་པོའི་གན་དུ་ཁྱེར་བ་ལ། རྒྱལ་པོའི་འཁོར་ཐམས་ཅད་འདི་སྲོག་དང་ཕྲལ་ལ། འདིའི་ནོར་ཐམས་ཅད་དང་དབྲལ་ལོ་ཟེར་བ་ལ། རྒྱལ་པོ་ན་རེ་ལར་བྱ་བ་ཐམས་ཅད་བརྟགས་ནས་བྱ་དགོས་པས་ད་དུང་ཆད་པས་མི་བཅད་ཀྱིས། འུ་ཅག་ཀྱང་བདེ་མཆོག་གདན་དུ་བྱས་པའི་འཇིགས་བྱེད་དང་དུས་མཚན་སྟེང་དུ་བཏོན་པ་བྲིས་ལ་བདེན་པའི་བྱིན་རླབས་འགྲན་ཟེར་ནས། མུ་སྟེགས་ཀྱི་དེའུ་ལའི་ནང་དུ་བཅུག་སྟེ། ཁྱེད་ཀྱི་ལྷ་ཡང་མཆོད་དོ་ཟེར་ནས་ཞག་བདུན་ན་ཆོ་འབྱེད་པ་ལ། བློན་པོ་ཀུ་ས་ལི་ནཱ་ཐས་སློབ་དཔོན་ལ་ཞག་བདུན་ནས་ཆོ་འབྱེད་པས་ནུས་པ་བསྟན་དགོས་ཞུས་པ་ལ། ནུས་པ་བསྟན་ཏོ་གསུང༌། དེ་ནས་ནམ་ཕྱེད་ན་ཏིར་ཏི་ཀའི་མཚན་མ་འཛིན་པ་ཐོད་པ་འཛིན་པ་གཅིག་བྱུང་བས། ངས་ཚོགས་དཔོན་བྱའམ་ཟེར་བ་ལ། ཁྱོད་ཀྱིས་ཚོགས་དཔོན་མི་བྱེད་དོ་བྱས་པ་ལ། ནམ་མཁའ་ལ་འཕུར་ནས་ཧེ་རུ་ཀར་བྱས་ནས་སོང་བ་ལ། བདག་རྗེས་སུ་གཟུང་དུ་གསོལ་བྱས་པ་ལ། ཁྱོད་ལ་ཚེ་འདི་ལ་མ་ཧཱ་མུ་དྲཱ་ཐོབ་པའི་སྐལ་བ་མེད་ཀྱིས་གཞུང་དྲུག་རྩོམས་ཤིག་པར་གནང་བ་བྱིན་ཏེ། བཞི་ཐུན་མོང་མ་ཡིན་པ། གཉིས་ཐུན་མོང་བའོ། །འོ་སྐོལ་གྱི་ལྷ་ཁོའི་གདན་ན་བདོག་པ་བྱས་པ་ལ། འཇིག་རྟེན་གྱི་ལྷ་འདྲ་བས་གདན་དུ་གནོན་ནུས་སམ། གསུངས་ནས་དེ་ནས་ཞག་བདུན་ནས་བལྟས་ཙམ་ན། འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་ནས་འོད་དང་བཅས་པར་བཞུགས་པ་མཐོང་ནས་ཐམས་ཅད་མོས་པར་གྱུར་ཏེ། སློབ་དཔོན་རྒྱལ་པོའི་གདན་སར་སྤྱན་དྲངས་ཏེ་རྫས་ལ་སོགས་པ་ཕུལ་ཏེ། དབང་བསྐུར་ལ་སོགས་པ་མནོས་ནས་བྷྃ་ག་ལ་པ་ཙམ་སངས་རྒྱས་པར་བསྒྱུར་གསུང༌། དེ་ནས་སློབ་དཔོན་གྱིས་གཞུང་དྲུག་བརྩམས་སོ། །དེ་ནས་མཛེ་མོ་དེ་ཡང་མཛེ་མོ་མིན་ཏེ་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ལོ། །ཞིང་རྨོད་དེ་ཡང་ཞིང་རྨོད་མིན་ཏེ་ཧེ་རུ་ཀ་ཡི་རྣམ་འཕྲུལ་ལོ། །མཛེས་ལྡན་བུ་མོ་དེ་ཡང་བུ་མོ་མིན་ཏེ་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། ཐོད་པ་ཅན་ཡང་ཐོད་པ་ཅན་མ་ཡིན་ཏེ་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། ཁྱོད་ཀྱི་ཞབས་ཀྱི་ལྗིད་ཀྱིས་མནན་ན་འོག་གི་རླུང་ཡང་འཇིག་འགྱུར་ཞེས་ཏེ་ཞབས་ཀྱི་རྩེ་མོས་མནན། ཕྱག་རྣམས་དྲང་པོར་བརྐྱང་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཞེས་ཏེ་ཕྱག་རྣམས་བསྐུམ་པས་གནས། དབུ་ཡི་གཙུག་ཏོར་དྲང་པོར་བསྲངས་ན་ཚངས་པའི་འཇིག་རྟེན་འཇིག་འགྱུར་ཞེས་ཏེ་དབུ་ནི་ཡོ་བར་གནས། རྗེ་བཙུན་ཁྱོད་ཀྱི་གར་ནི་དགོས་པ་དང་ལྡན་མཐོང་བས་བསྟོད། ཅེས་གསུངས་ནས་ཛཱ་ལནྡྷ་རར་དགོན་པ་བྱེད་གསུང་པ་ལ། ནད་ཀྱིས་ཐེབས་ནས་གཡོག་པོ་རྣམས་གནས་ཉི་ཤུ་རྩ་བཞིར་བཏང་སྟེ། བླ་མའི་བཀའ་བཅག་པ་ལ་བཤགས་པ་བྱས། དེ་ནས་དེ་མེ་ཏོག་དང་སྨན་བླངས་ནས་འོངས་པ་ལ། ལམ་ན་ཁྲུས་ཀྱི་རྫིང་ཡོད་པ་ལ་ཁྲུས་བྱ་ལོང་མེད་དེ་ལ་མོར་འགྲོ་བ་ལ། བུད་མེད་མང་པོ་དེ་ན་ཁྲུས་བྱེད་ཅིང་ཁྱེད་ཅག་ཀྱང་ཁྲུས་གྱིས་ཟེར་བ་ལ་ལོང་མེད་སློབ་དཔོན་ན་བས་མྱུར་དུ་འགྲོ་བྱས་པ་ལ། སློབ་དཔོན་སོས་ཟེར་ནས་ཁྲུས་བྱེད་ཅིང་བསྡད་པ་ལ། སྨན་རྣམས་བུད་མེད་དེ་རྣམས་ཀྱིས་ཁྱེར་ནས་བུད་མེད་རྣམས་གར་སོང་ཆ་མེད། དེར་ཁྱིམ་དུ་ཕྱིན་ཙམ་ན་སློབ་དཔོན་གྲོངས། ང་ལ་མཁའ་འགྲོ་མའི་ཆད་པ་བྱུང་བས་ཚེ་འདི་ལ་མ་ཧཱ་མུ་དྲཱ་མེད་ཀྱང༌། བར་དོར་རྟེན་འདི་ལ་ཞུགས་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་ཀྱིས་ཞག་བདུན་དུ་མ་སྲེགས་ཤིག་གསུང་བ་ལ། ཞག་ལྔར་གསང་ཐུབ་པ་ལ། རྒྱལ་པོའི་རྩིས་པས་རྩིས་བྱས་པས་ཡུལ་ཕྱོགས་ན་རོ་ཡོད་པས་ཡུལ་ཐམས་ཅད་འཚོགས་ཤིག་ཟེར་ཏེ་བསྲེག་ཏུ་བཏང་ངོ༌། །བསྲེགས་པས་དང་པོའི་གནས་དང༌། དེ་ནས་བསྲེགས་པ་ན་ཌཱ་མ་རུ་ལ་སོགས་པའི་སྒྲ་དུ་མ་གྲག་གོ །དེ་ནས་གཞན་དུ་སྐུ་འཁྲུངས་ནས་ང་སྤྱོད་པ་བྱེད་པའི་དུས་ལ་བབ་ན། རྒྱན་རང་ཆས་སུ་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས་བྱུང་ངོ༌། །དེ་ལྟ་བུའི་སློབ་དཔོན་ཁྱད་པར་ཅན་དེ་ལྷ་ལས་གནང་བ་ཐོབ་ནས་བརྩམས་སོ། །འདི་ལ་དོན་གསུམ་སྟེ། དང་པོ་ཀླད་དོན་བསྟན་ཏེ། དེ་ཡང་དང་པོ་ལ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་ཤླཽ་ཀ་གཅིག་གིས་བསྟན། དེ་ནས་བརྩམས་པའི་རྒྱུ་ཡོད་པ་ཤླཽ་ཀ་གཅིག་གིས་བསྟན། དེ་ནས་ཁེངས་བསྐྱུང་གཅིག་གིས་བསྟན། དེ་ནས་བརྗོད་བྱ་ཁྱད་པར་ཅན་དང་ལྡན་པ་གཅིག་གི་བསྟན་ཏོ། །དེ་ཡང་ཕྱག་དང་བཤད་པར་དམ་བཅའ་བ་གཉིས་ལས། དང་པོ་ལ་ཕྱག་འཚལ་བ་བསྟན་ཏེ། དཔལ་ལྡན་ཞེས་པ་དཔལ་ནི་ཡེ་ཤེས་སམ་རྡོ་རྗེ་ཕག་མོ་ལ་བྱ་ལ། དེ་དང་ལྡན་པས་དཔལ་ལྡན་ནོ། །འགྲོ་བའི་མགོན་གྱིས་གཙོ་བོ་ཡབ་ཡུམ་དངོས་སུ་སྨོས་ལ། ཤུགས་ལས་མཁའ་འགྲོ་མ་ལ་སོགས་པ་བཞི་དང༌། དུར་ཁྲོད་མ་བརྒྱད་ཤུགས་ལས་བསྟན། ཉི་ཤུ་རྩ་བཞི་གཉིས་མེད་ཅེས་པས་དཔའ་མོ་བསྟན་ཏེ། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཚང་བ་ལ་ཕྱག་འཚལ་བར་བསྟན། དེ་ནས་བཤད་ཅེས་སྦྱར། གང་བཤད་ན་དང་པོ་བསྙེན་པ་བཤད་ཅེས་སྦྱར་ཏེ། རབ་འབྲིང་གསུམ་སྟེ། རབ་ལྷས་གནང་བ་བྱིན་པ་དང༌། གཉིས་པ་རྨི་ལྟས་སུ་མཐོང་བ་དང༌། གསུམ་པ་སྔགས་ཀྱི་གྲངས་ཚད་དུ་སྐྱེལ་བའོ། །དེ་ནས་དཀྱིལ་འཁོར་གྱི་སྤྱོད་པ་སྤྱད་པ་ཞེས་བྱ་སྟེ། སའི་ཆོ་ག་དང༌། ཐིག་དང༌། སྟ་གོན་དང༌། བྲི་བ་དང༌། ཚོན་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང༌། འཇུག་པ་དང་བརྒྱད་དོ། །དེ་ནས་བརྟུལ་ཞུགས་ཀྱི་རིམ་པ་སྟེ། མེ་ཏོག་ཆུའི་དབང་བསྐུར་ལ་སོགས་བཅུ་བཞིའོ། །འོ་ན་ཁྱོད་ལ་གཞུང་རྩོམ་པའི་རྒྱུ་ཡོད་དམ་ཞེ་ན། ལན་དུ་ལུགས་སུ་འབྱུང་དང་ལ་སོགས་པ་སྟེ། ལུགས་སུ་འབྱུང་བ་སྟེ། ལྷ་དང་སྔགས་དང་རྒྱུད་ཀྱི་རིམ་པ་མ་ནོར་བ་ཡང་ཤེས་ཞེས་སྦྱར། བཟློག་པ་དང་ལྷ་གོ་རིམ་བཟློག་པས་བཀོད་པ་དང༌། སྔགས་དང་རྒྱུད་ཀྱི་གོ་རིམ་བཟློག་ནས་བསྟན་པ་ཡང་ཤེས་ཞེས་སྦྱར་རོ། །ཡང་སྦྱིན་བྱ་ཐ་དད་དེ། བུམ་པ་དེའི་དབང་དང༌། སྤྱི་སྟེ་གསང་དབང་དང༌། སྦས་པ་སྟེ་ཤེས་རབ་ཡེ་ཤེས་དང༌། བཞི་པ་ཡང་ཤེས་ནས་བརྩམས་པ་ཡིན་ནོ། །ད་ནི་གསུམ་པ་ཁེངས་བསྐྱུང་བསྟན་ཏེ། སྒྲ་སྟེ་ལེགས་པར་སྦྱར་བའི་སྐད་ཀྱང་སྤངས་ལ། སྒྲ་ཉམས་ཏེ་ཟུར་ཆགས་ཀྱང་སྤངས་ལ། བདེ་བས་སྦྱར་ཏེ་རྟགས་དང་བྱེད་ཚིག་དང༌། ཉེ་བར་བསྒྱུར་བ་སྐྱོན་མེད་ཀྱང་སྤངས་པའི་དཀྱིལ་འཁོར་གྱི་ཆོ་ག་བཤད་དོ། །འོ་ན་རྩོམ་པ་ལ་གཞུང་མཛེས་པ་དང༌། དོན་ལྷག་པ་གཉིས་ཡོད་དགོས་ཏེ། དེ་ཡོད་དམ་བྱས་པ་ལ། དེ་ཀུན་མེད་ཀྱང་རང་ཉིད་དྲན་པར་བྱ་བའི་ཕྱིར་བརྩམས་པ་སྟེ། འདིས་གཞན་དོན་དུ་མ་བརྩམས་ཞེས་ཁེངས་བསྐྱུང་བའོ། །གར་གྱི་གནས་བྱ་བ་ལ་གར་མཁན་དང༌། དེའི་གནས་ཏེ་སྦུབས་སོ། །དཔེར་ན་གར་གྱི་གནས་གཅིག་ལ་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་དུ་མའི་འདྲ་འབག་ཏུ་སྟོན་པ་བཞིན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཞན་ཡང་ཐོས་པ་ཙམ་ལམ་དུ་ཁྱེར་ཏེ། ངེས་པ་མ་བསྐྱེད་པས་དེ་ཁོ་ན་ཉིད་གཅིག་གྲུབ་མཐའ་དུ་མར་གདགས་སོ། །དེ་ལྟ་བུ་དེ་མནྟྲ་ཏྭ་མཐོང་བ་ལ་ལམ་དུ་ཁྱེར་བ་ཡིད་ཆེས་པ་བཞི་ལ་བརྟེན་ནས་སྐྱེས་པས་ངེས་པའི་སྒོ་ནས་འཇུག་པ་མེད་དོ་ཞེས་སུན་འདོན་ནོ། །དེ་ནས་ཕ་རོལ་ནི་ཚིག་ཙམ་ལ་སྟོན་པ་ཡིན་པར་སྔགས་ནི་མཚོན་བྱེད་ཁྱད་པར་ཅན་གྱི་དེ་དངོས་སུ་རྟོགས་པས། དོན་ལ་སྟོན་པས་དེས་དཔྱད་པ་སྟེ། ལོ་ཀའི་སིདྡྷི་དང༌། ཐར་པ་སྟེ། མཆོག་གི་དངོས་གྲུབ་དང༌། རང་དགའ་སྟེ། དུས་ཀྱི་ངེས་པ་ལ་མི་ལྟོས་ཏེ་ཚེ་གཅིག་གིས་ཅི་བདེ་བར་ཐོབ་པར་བྱེད་པས་སོ། །དེ་ལྟ་བུ་དེ་ཡང་དབང་ཐོབ་པ་ལ་སྟོན་པ་ལ་དབང་གི་དཀྱིལ་འཁོར་དགོས་ན་དཀྱིལ་འཁོར་དེ་སུའི་དོན་དུ་བྲི་ཞེ་ན། ལན་དུ། ལེགས་པར་བརྟགས་པའི་སློབ་མ་ལ་ཞེས་པ་སྟེ། བརྟག་པ་ནི་གཉིས་ཏེ། རང་གི་སྡེ་པའི་གཞུང་གིས་བརྟག་པ་དང༌། གཞན་གྱི་སྡེ་པའི་གཞུང་གིས་བརྟག་པའོ། །དེ་ལ་གཞན་གྱི་སྡེ་པའི་གཞུང་གིས་བརྟག་པ་ནི། རྣམ་པར་སྣང་མཛད་བྱང་ཆུབ་པ་ལས། རྒྱལ་རིགས་དང་རྗེའུ་རིགས་དང༌། བྲམ་ཟེ་དང༌། ཚོང་དཔོན་ལ་སོགས་པ། རིགས་དང་ཡོ་བྱད་སྙེམས་པ་ལ་དབང་མི་བསྐུར་བར་བཤད་པ་ལྟ་བུའོ། །རང་གི་རྒྱུད་ཀྱིས་བརྟག་པ་ནི་ཧེ་རུ་ཀ་འབྱུང་བ་ལས། སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བྱའི། །གསང་སྔགས་དེ་ལ་སྦྱིན་མི་བྱ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། སྔགས་དང་དེ་བཞིན་ཕྱག་རྒྱ་དང༌། །ཡེ་ཤེས་དེ་ལ་སྦྱིན་མི་བྱ། །ཞེས་གསུངས་པ་ལྟ་བུ་སྟེ། མདོར་ན་རིགས་སྙེམས་པ་དང༌། ལོངས་སྤྱོད་སྙེམས་པ་དང༌། བུ་ལ་སོགས་པ་ཉེ་བའི་སྙེམས་པ་དང༌། རྒན་པོ་དང་བྱིས་པ་ལ་སོགས་པ་ནུས་པ་མེད་པ་དེ་རྣམས་མ་ཡིན་པ་དེ་ནི་ལེགས་པར་བརྟག་པའོ། །དེ་ལྟར་བརྟགས་པའི་རྗེས་ལ། སློབ་མས་བླ་མ་ལ་ནུས་པ་དང་སྦྱར་བའི་བསྙེན་བཀུར་དང་མཎྜལ་བྱ། བླ་མས་ཅི་དོན་དུ་གཉེར་དྲི། སློབ་མས་བདག་གསང་སྔགས་ཀྱི་སྒོ་ནས་རྗེས་སུ་གཟུང་དུ་གསོལ་ཞེས་བརྗོད། དེ་ནས་བླ་མས་དེ་ལ་སྐྱབས་འགྲོ་སྔོན་དུ་བཏང་ལ་བླ་མ་ལྔ་བཅུ་པ་བཤད་དགོས་པས། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་སོ་སོར་ཐར་པའི་སྡོམ་པ་ལ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚུལ་གྱིས་བསྙེན་ནམ་ཞེས་དྲི། བསྙེན་ན་བཤད། མ་བསྙེན་ན་སྐྱབས་འགྲོ་ཁྱད་པར་ཅན་སྔོན་དུ་འགྲོ་བའི་ཚུལ་གྱིས་སེམས་བསྐྱེད་དང་སྡོམ་པ་སྦྱིན་ནོ། །དེ་ནས་སློབ་དཔོན་དང་སློབ་མའི་རྒྱུད་བརྟག སློབ་དཔོན་སློབ་མ་ཕན་ཚུན་གཅིག་ལ་གཅིག་མགུ་ན་སློབ་མའི་འབྲེལ་པ་བྱ། མ་མགུ་ན་བདེ་བྱེས་བྱའོ། །མགུ་ན་སློབ་དཔོན་གྱིས་དཀྱིལ་འཁོར་གསུམ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིའོ། །འོ་ན་སློབ་དཔོན་མཚན་ཉིད་ཇི་ལྟ་བུ་དང་ལྡན་པས་བྲི་ཞེ་ན། ཡང་དག་པའི་ཡེ་ཤེས་སྟོན་པར་བྱེད་པའི་རྒྱུད་ནི་བདེ་མཆོག་གོ །དེའི་གསང་སྔགས་ཀྱི་དོན་ཤེས་པ་ཡིན། མ་ཤེས་ན་སློབ་མ་ལ་བྱིན་རླབས་དགོད་མི་ནུས་སོ། །གཙང་མ་ནི་དམ་ཚིག་ཉམས་པའི་སྐྱོན་གྱིས་མ་གོས་པའོ། །མཁས་པ་ནི་དེ་ཁོ་ན་ཉིད་བཅུ་ཤེས་པའོ། །སྦྱོར་ཤེས་ནི་དངོས་གྲུབ་བཞི་དང་བརྒྱད་བསྒྲུབ་ཤེས་པའོ། །ཡེ་ཤེས་ཕ་རོལ་ནི་མཆོག་འགྲུབ་ཤེས་པའོ། །དཔལ་ལྡན་ཁྲག་འཐུང་ཚོགས་ཆ་ལུགས་ནི། བདག་ཉིད་ཐ་མལ་པའི་རྟོག་པ་སྤངས་ནས་སྤྱོད་ལམ་ཐམས་ཅད་དུ་བདེ་མཆོག་གི་རྣལ་འབྱོར་ལ་གནས་པའོ། །དེའི་སྟེང་དུ་གསང་བའི་ཡེ་ཤེས་སྤང་ཤིང་ཐེག་པ་དམན་པ་ལ་མོས་པ་ལ། དེ་འཁོར་བ་ལས་འདོན་པར་འདོད་པའི་སྙིང་རྗེ་དང་ལྡན་པའོ། །འོ་ན་གཉིས་པ་དེས་རྗེས་སུ་གཟུང་བར་བྱ་བའི་སློབ་མའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འཇམ་ཞིང་ལ་སོགས་པའི་ཚིག་རྐང་དྲུག་གིས་བསྟན་ཏོ། །ཡོངས་སུ་བཟུང་ཞེས་པའི་སློབ་མ་གཅིག་ནས་བཟུང་སྟེ། གསུམ་མམ། ལྔའམ། ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ཡོངས་སུ་བཟུང་སྟེ། དེ་ལྟར་ཡང་སློབ་མ་ཟུང་དུ་གྱུར་པ་ནི་ནམ་ཡང་བཟུང་བར་མི་ནུས་སོ། །དེའི་ནང་ནས་ཀྱང་གཙོ་བོ་གཅིག་སློབ་དཔོན་གྱི་འོས་སུ་བཟུང་ངོ༌། །དེ་ལྟར་སློབ་མ་མཚན་ཉིད་དང་ལྡན་དུ་ཟིན་ཀྱང༌། ལས་དང་པོ་པ་ལ་མཎྜལ་དུ་འཇུག་པ་ལ་བསྙེན་པ་ནས་བཟུང་ནས་མཎྜལ་གྱི་ཡོ་བྱད་འཚོགས་དགོས་པས། དེ་སློབ་དཔོན་གྱིས་དྲི་ཞིང་སློབ་མས་ཁས་བླང་བ། འཁོར་ལོའི་ཡོ་བྱད་ཅེས་རྐང་པ་བརྒྱད་ཀྱིས་བསྟན། དེ་ལྟར་ཡོ་བྱད་ཚོགས་ཀྱང་དམ་ཚིག་དང་སྡོམ་པ་འཛིན་མི་ནུས་ན། དབང་བསྐུར་བའི་འོས་མིན་པས། དེ་དྲི་ཞིང་སློབ་མས་ཁས་བླང་བ། དམ་ཚིག་སྐྱོང་ཞིང་ཞེས་པ་ཚིག་རྐང་བརྒྱད་ཀྱིས་བསྟན་ཏེ། དེ་ལ་གཟའ་ལ་བརྟེན་པའི་སྡིག་པ་ནི་ཏིར་ཏི་ཀ་འཚེ་བ་ཆོས་སུ་སྨྲ་བ་རྣམས་ཉི་ཟླ་གཟས་འཛིན་ཙམ་ན། སྡིག་པ་བྱས་ཀྱང་སྡིག་པར་མི་འགྱུར་ལ། སླར་ལ་སུ་བསད་པ་བྲན་དུ་སྐྱེ་བར་འདོད་པའོ། །སྐུ་ལ་བརྟེན་པ་མ་ཧཱ་དེ་བའི་ལྷ་འགྲམ་དུ་མ་ཧེ་ལ་སོགས་པ་བསད་ན་གྲོལ་བར་འདོད་པ་དང༌། དེར་ཤ་དང་རུས་པ་ལ་སོགས་པས་མཆོད་ན་གྲོལ་བར་འདོད་པ་སྟེ། དེ་ལ་རབ་ནི་ལྷས་གནང་བ་བྱིན་པའོ། །འབྲིང་མཎྜལ་བྲིས་ཤིག་པར་རྨི་ལྟས་སུ་བསྟན་པའོ། །ཐ་མ་གྲངས་ཀྱི་བསྙེན་པ་སྐྱོལ་བ་སྟེ། དེ་ཡང་དཔའ་བོ་དང་ཡུམ་གྱི་སྙིང་པོ་གཉིས་སྦགས་ལ་ཁྲི་ཕྲག་གསུམ་བཟླས་སོ། །དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་ཉི་ཤུ་རྩ་བཞིའི་དཔའ་བོའི་ཧཱུྃ་བོར་ཞིང༌། དཔའ་མོའི་ཨྃ་བོར་ལ། གཉིས་སྦྲེལ་ལ་ཁྲི་ཕྲག་གཉིས་བཟླས། རྣལ་འབྱོར་མ་བཞི་དང་ཧཱུྃ་བཞི་སྦྲེལ་མ་བྱ། ཀཱ་ཀཱ་སྱེ་ལ་སོགས་པ་རྐང་པ་བརྒྱད་པར་སྦགས་པ་ལྔ་སྟོང་ལྔ་བརྒྱ་བཟླས་སོ། །དེ་ལྟ་བུའི་བསྙེན་པ་དེ་གནས་གང་དུ་བྱ་ཞེ་ན། དེ་ནས་དཔའ་བོ་ཆེན་པོས་འདིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དང་པོ་གནས་ནི་ཁྱད་པར་དུ་ཞེས་བྱ་བ་ལ་གནས་ནི་གཉིས་ཏེ། སྒྲུབ་པ་པོས་བསྙེན་པ་བྱ་བའི་གནས་དང༌། དཀྱིལ་འཁོར་བྲི་བའི་གནས་སོ། །དེ་ལ་དང་པོ་ལ་ཁྱད་པར་དྲུག་སྟེ། རྒྱལ་པོ་ཆོས་མཐུན་པར་སྤྱོད་པའི་གནས་དང༌། རྒྱལ་པོ་ཡུལ་ན་གནས་པ་དང༌། རྒྱལ་པོ་འཁྲུག་པ་ལ་སོགས་པ་འཚེ་བ་མེད་པའི་གནས་སོ། །དེ་བཞིན་དུ་ཡུལ་ལ་ཡང་གོང་མ་ལ་གསུམ་སྦྱར་ཏེ་དྲུག་གོ །དཀྱིལ་འཁོར་གྱི་གནས་ནི་གྲོང་གི་བྱང་ཤར་གྱི་ཆའོ། །འཇིགས་བྲལ་ཞེས་པ་ལ་སོགས་པ་ཁྱད་པར་ཅན་བསྟན། འདྲེས་མེད་ཅེས་པ་དམན་པའི་སེམས་ཀྱིས་མ་འདྲེས་པའོ། །དཔལ་ལྡན་ཧེ་རུ་ཀ་རང་ཞེས་པས་ནི་ལྷའི་རྣལ་འབྱོར་ལ་གནས་ཏེ་བསྙེན་པ་བྱ་བར་བསྟན་ཏོ། །གནས་ནས་ཞེས་པ་བཞིས་ལྷ་དེ་བསྐྱེད་པའི་ཚུལ་བསྟན་ཏོ། །ད་ནི་དཀྱིལ་འཁོར་གྱི་སྤྱོད་པ་བཤད་དེ། དེ་ལ་བདུན་ལས་དང་པོ་ལ་སའི་ཆོ་ག་བསྟན། དེ་ལ་དྲུག་ལས་དང་པོ་ལ་བརྟག་ཅིང་གཟུང་བ་བསྟན་ཏེ། དེ་ལ་གཉིས། ཡིད་ཀྱིས་གཟུང་བ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ས་བཟུང་བའོ། །ཡིད་ཀྱིས་གཟུང་བ་ནི་གནས་དེ་ཡིད་ཀྱིས་བདག་གིར་བྱེད་པ་སྟེ། དེ་ཡང་དེ་ནས་ཞེས་པ་ནས། མཛེས་ཤིང་ཡིད་ནི་དགའ་བ་རུ། །ཞེས་པའི་བར་གྱིས་བསྟན། གཟུང་བ་གཉིསཔ་གནས་དེར་མཎྜལ་བྱ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་སུམ་ཅུ་རྩ་བདུན་བྱས་པས་བུདྡྷས་བྱིན་གྱིས་རློབ་སྟེ། སངས་རྒྱས་ཀྱིས་ས་བཟུང་བའོ། །དེ་ནས་བསླང་བར་བྱ་སྟེ། དེ་ལ་གཉིས་ཏེ། སྣང་བ་ལས་བསླང་བ་དང༌། མི་སྣང་བ་ལས་བསླང་བའོ། །དེ་ལ་གཉིས་ཏེ། ཞི་བས་བསླང་བ་ཞིང་སྐྱོང་ལ་གཏོར་མ་སྦྱིན་ལ་བཏང༌། དྲག་པོས་བསླང་བ་མགུལ་རྒྱན་གདུ་བུ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་སྦྱང་བ་ལ་གཉིས་ཏེ། ལས་དང་བྱ་བས་སྦྱང་བ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྦྱང་བའོ། །དང་པོ་ནི་རབ་འབྲིང་གསུམ་དུ་བརྐོས་ལ། རྡོ་བ་དང༌། རུས་པ་དང༌། ཕུབ་མ་ལ་སོགས་པའི་སྐྱོན་བསལ་ཏེ། འཐས་པར་བཅགས་ལ། ཆུ་དང་ལྕི་བ་ལ་སོགས་པས་བྱུགས་ཏེ། དེ་ཡང་རྡོ་བས་ནི་དམུ་ཆུ་སྐྱེས་ལ། རུས་པས་གཟེར། ཕུབ་མས་རིམས་བསྐྱེད་པར་བཤད་དོ། །གཉིས་པ་ནི་དེར་མེ་ཏོག་གི་ཚོམ་བུ་སུམ་ཅུ་རྩ་བདུན་བྱས་ཏེ། ལྷར་བསྐྱེད་པ་སྟེ། དེ་ཡང་དཔའ་བོའི་དབང་པོ་ལ་སོགས་པའི་མཚན་ཉིད་ཀྱིས་བསྟན་ཏོ། །བཞི་པ་བྱིན་གྱིས་བརླབ་པ་ནི། དབང་ལྡན་ཕྱོགས་ཞེས་པ་ནས་བགེགས་ལ་སོགས་པ་བསྐྲད་པར་བྱ་བའི་བར་གྱིས་བསྟན་ཏོ། །ཞལ་བཞི་ལ་སོགས་ཞེས་པ་ན་མར་བསྲུང་བར་བསྟན་ཏེ། བདག་སྣ་ཚོགས་རྡོ་རྗེའི་སྟེང་དུ་སྙིང་གའི་ཧཱུྃ་ལས་ལྷ་བཅུ་སྤྲོས་པས་བརྒྱད་ཀྱིས་ཕྱོགས་སྐྱོང་བརྒྱད་དགུག ཁ་གདོང་མས་སྟེང་གི་དགུག ཁྱི་གདོང་མས་འོག་གི་དགུག ཡང་ན་ཁཎྜ་རོ་ཧཱ་གཉིས་ཀྱིས་དགུག་སྟེ། ཕུར་བུས་གདབ་པ་དང༌། ཐོ་བས་བརྡུང་བ་ལ་སོགས་པ་དང༌། དེ་ཐམས་ཅད་རོར་སོང་བ་དང༌། རོ་བཅུ་ལས་རྭ་བ་དང་གུར་ལ་སོགས་པ་བསྐྱེད་པ་ལོ་ཧི་པ་དང་མཐུན་ནོ། །དེ་ནས་སའི་ལྷ་མོར་མཁྱེན་པར་གསོལ་བ་བྱ་སྟེ། དེ་ཙམ་གྱིས་སའི་ཆོ་ག་རྫོགས་སོ། །ད་ནི་གཉིས་པ་ལྷག་པར་གནས་པ་བསྟན་ཏེ། དེ་ལ་གསུམ་ལས་ལྷ་ལྷག་པར་གནས་པ་ལ་གཉིས་ཏེ། རང་ཉིད་ལྷར་བསྐྱེད་པ་དང༌། མདུན་དུ་བསྒོམ་པ་དང་གཉིས། དེ་ལ་དང་པོ་བདུན་རྣམ་དག་ནས་བཟུང་ནས་ལྷ་སུམ་ཅུ་རྩ་བདུན་སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྐྱེད། ཡེ་ཤེས་པ་དགུག དབང་བསྐུར་མཆོད་བསྟོད་ཀྱི་བར་དུ་བྱ། དེ་ནས་བདུན་པ་ལ་སོགས་ཀྱི་ལྷ་མོ་བཅུས་ཕྱོགས་སྐྱོང་བཅུ་དགུག ཀཱི་ལ་ཡས་ཐོ་བས་བརྡུངས་པས་རོར་སོང༌། རོ་བཅུ་ལས་རྭ་བ་དང་གུར་ལ་སོགས་པ་བསྐྱེད། ལྷག་མ་གཞུང་ན་གསལ། གཉིས་པ་སློབ་མ་ལྷག་པར་གནས་པ་ནི་སློབ་མ་ཁྲུས་བྱ། ལོ་ཀའི་བ་ལིཾ་གཏང༌། མཎྜལ་བྱ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །ཞེས་སོགས་ཀྱིས་མྱ་ངན་ལས་འདས་པའི་བསམ་པ་ཁྱད་པར་ཅན་བསྐྱེད། དེ་ནས་རང་ཧེ་རུ་ཀར་བྱས་ཏེ། བཱ་ར་ཧཱི་དང་སྦྱོར་བ་ལ། སློབ་མ་འོད་ཀྱི་གོང་བུའི་ཚུལ་དུ་སྣ་བུག་གཡོན་པ་ནས་ཞུགས་ནས་ཁོང་པར་སོང་སྟེ། དཀུ་གཡོན་པ་ནས་བྱུང་ནས་མདུན་དུ་འདུག་སྟེ། དགའ་ཆེན་སོགས་ཀྱིས་གསོལ་བ་འདེབས་པ་ཁ་བསྐང༌། དེ་ནས་བུ་ཚུར་སོགས་ཀྱིས་སྤྲོ་བ་བསྐྱེད། དེ་ནས་མཎྜལ་བྱ། སྐྱབས་འགྲོ་སྔོན་དུ་འགྲོ་བའི་སྒོ་ནས་ནང་གི་སེམས་བསྐྱེད་བྱ། དེ་ནས་དམ་ཚིག་དང་སྡོམ་པ་གཟུང༌། སོ་ཤིང་དོར། སྲུང་སྐུད་གདགས། ཀུ་ཤ་སྔས་དང་སྟན་དུ་སྦྱིན། དེ་ནས་འཇིག་རྟེན་ན་ནི་ཀུན་མཁྱེན་དག་སོགས་ཀྱིས་ཆོས་བཤད་དོ། །དེ་ཙམ་གྱིས་སློབ་མ་ལྷག་པར་གནས་པར་བསྟན་ཏོ། །དེ་ནས་བུམ་པ་ལྷག་པར་གནས་པ་བྱ་སྟེ། གྲངས་དང༌། མཚན་ཉིད་དང༌། ཁ་རྒྱན་དང༌། མགུལ་བཅིང་བ་ལ་སོགས་པ་གཞན་དང་མཐུན། མཚན་མ་བྲི་བ་ནི། རྣམ་རྒྱལ་ལ་རིགས་ལྔའི་མཚན་མ་བྲི། བརྒྱད་ལ་གྲི་གུག་བྲི། ལས་ཐམས་ཅད་པ་ལ་གྲི་གུག་གམ་སྣ་ཚོགས་རྡོ་རྗེ་བྲི། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་པ་བསྐྱེད། རྣམ་རྒྱལ་དུ་ལྷ་སུམ་ཅུ་རྩ་བདུན་ཚང་བར་བསྐྱེད། ལས་ཐམས་ཅད་པར་བདེ་བ་ཆེན་པོ་ལྷ་ལྔའམ། ཁཎྜ་རོ་ཧཱ་བསྐྱེད། བརྒྱད་དུ་ཀཱ་ཀཱ་སྱེ་སོགས་བརྒྱད་བསྐྱེད། ཕེཾ་གྱིས་ཡེ་ཤེས་པ་བསྟིམ། སོ་སོའི་སྔགས་བརྒྱ་རྩ་བརྒྱད་དམ་ཡང་ན་ཐམས་ཅད་ལ་སརྦ་བུདྡྷ་ཌཱ་ཀི་ནཱིའི་སྔགས་བརྒྱ་རྩ་བརྒྱད་བཟླས། རྣམ་རྒྱལ་གྱི་སྟེང་དུ་ཀ་པཱ་ལ་བཞག་སྟེ། བདུད་རྩི་ཐམས་ཅད་དུ་བླུགས་སོ། །བཅུ་པོ་དེའི་སྟེང་དུ་ཁྲུས་ཀྱི་བུམ་པ་བརྒྱད། དྲིའི་བུམ་པ་དང༌། མངར་གསུམ་གྱི་བུམ་པ་དང༌། ཞོ་དང་འབྲས་བུ་དང་འབྲུ་སྣ་ཚོགས་དང༌། འབྲས་ཡོས་དང༌། རིན་པོ་ཆེའི་བུམ་པ་སྟེ་བརྒྱད་དོ། །དེ་རྣམས་ལྷོ་རུ་བཞག་ལ་རྡུལ་ཚོན་སྦྱོང་བའི་དུས་སུ་ཁྲུས་བྱའོ། །དཀྱིལ་འཁོར་ཆོ་གའི་གོ་རིམ་ལ་བསྙེན་པ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་དང༌། བརྟུལ་ཞུགས་ཀྱི་རིམ་པ་དང་གསུམ་མོ། །དེ་ལ་དང་པོ་བསྙེན་པ་ནི། སློབ་དཔོན་དང་སློབ་མའི་འབྲེལ་པ་སྔོན་དུ་བརྟག་པ་གཅིག་གིས་བྱ་སྟེ། དེ་ཡང་མཉེས་པ་སྔོན་དུ་སོང་བས་སློབ་མ་ལ། སློབ་དཔོན་གྱིས་ཁྱོད་ཅི་འདོད་ནས་མཉེས་པར་བྱེད། ཅེས་དབུགས་དབྱུང་བར་བྱ་ཞིང༌། དེས་ཀྱང་རྗེས་སུ་གཟུང་བར་གསོལ་བ་བཏབ་ལ། དེ་ནས་སློབ་དཔོན་དེས་རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞིའི་ཆོས་འདུལ་བ་ལས་བྱུང་བའི་སོ་སོར་ཐར་པའི་སྡོམ་པ་ལ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚུལ་གྱིས་བསྙེན་ཏམ། ཞེས་སྐབས་ཕྱེ་ལ། ཐོབ་ན་ཁས་ལེན་དུ་འཇུག མ་ཐོབ་ན་བླ་མ་ལྔ་བཅུ་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར། མཎྜལ་ལྔའི་ཚུལ་གྱིས་སྐྱབས་འགྲོ་དང༌། ཕྱིའི་སེམས་བསྐྱེད་བྱས་ལ། བླ་མ་ལྔ་བཅུ་པ་བཤད་ཅིང་སློབ་དཔོན་དང་སློབ་མའི་རྒྱུད་སོ་སོར་བརྟག སོ་སོའི་མཚན་ཉིད་དང་མི་ལྡན་ན་བཏང་སྙོམས་སུ་གཞག སོ་སོར་འབྲེལ་བའི་ཡུལ་དུ་གྱུར་ན་བསྙེན་པའི་གསོལ་བ་གདབ་པར་བྱ་སྟེ། བསྙེན་པའི་ཡོ་བྱད་ཐམས་ཅད་བསགས་ནས་སློབ་དཔོན་བདག་ཉིད་དབུ་རྒྱན་གྱི་ལྷ་དྲན་པའི་བར་དུ་བསྒོམས་ལ། དེ་ལ་ཕྱི་ནང་གི་མཆོད་པས་མཆོད་ལ་ཇི་ལྟ་བ་བཞིན་དུ་བསྡུའོ། །ཡང་མདུན་དུ་མེ་ཏོག་ཚོམ་བུ་ལ་དབུ་རྒྱན་གྱི་ལྷའི་བར་དུ་བསྐྱེད་ལ། དེ་ལ་ཡང་སྔ་མ་བཞིན་དུ་མཆོད་དོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་ཀྱང་དབུལ། ཚོགས་བྱིན་གྱིས་བརླབ་ཅིང་གཏོར་མ་ལ་ཡང་ཕུད་དབུལ། གྲོགས་སུ་གྱུར་པའི་རྣལ་འབྱོར་པ་རྣམས་ལ་ཡང་སྔ་མ་བཞིན་མཆོད་ཅིང་དམ་ཚིག་གཏང༌། ཚོགས་ཅུང་ཞིག་ལོངས་སྤྱད། འཇིག་རྟེན་པའི་གཏོར་མ་བཏང་ལ། སློབ་མར་འོས་པ་རྣམས་བཀུག་ལ་མཎྜལ་དབུལ་བ་སྔོན་དུ་འགྲོ་བས། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་བསྟན་པ་ལེགས་གནས་པའི། །བདེ་མཆོག་ཆོ་ག་བཤད་དུ་གསོལ། །ཞེས་ལན་གསུམ་པའི་བར་དུ་གསོལ་བ་བཏབ་སྟེ། བདེ་མཆོག་ཆོ་གའི་སྐབས་སུ་དགྱེས་རྡོར་ཆོ་ག་ཞེས་བྱ་བ་ཅི་རིགས་པར་བསྒྱུར། དེ་ནས་འཁོར་ལོ་མཆོད་པའི་རིམ་ཇི་བཞིན། །ཞེས་བྱ་བ་ལ་སོགས་པས་ཡོ་བྱད་ཚོགས་སམ་དྲི། དེས་ཀྱང་ཚོགས་ན་ཁས་བླང༌། ཧེ་རུ་ཀ་དཔལ་ཚུལ་འདི་ལ། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་བསྲུང་ནུས་སམ་དྲི། ནུས་ན་ཁས་བླངས་ཏེ། དེ་ལྟར་མཚན་ཉིད་དང་ལྡན་པས་ཡོ་བྱད་ཚོགས་ལ། དམ་ཚིག་བསྲུང་ནུས་ལ། སློབ་མ་བསྲུང་བར་བྱ་ཞིང་བསྙེན་པ་བརྩམ་སྟེ། བཟླས་བསྒོམ་རྣམ་པ་གཉིས་ཀྱི་སྒོ་ནས་བསྙེན་པ་རབ་འབྲིང་གསུམ་གྱིས་བསྙེན་ཏེ། རབ་མཁའ་འགྲོ་མས་ལུང་བསྟན་པ། འབྲིང་རྨི་ལྟས་བསྟན་པ། ཐ་མ་སྔགས་ཀྱི་གྲངས་ཚད་ཚང་བ་སྟེ་བསྙེན་པའོ། །དཀྱིལ་འཁོར་གྱི་སྤྱོད་པ་ལ་དོན་བདུན་ལས། དང་པོ་སའི་ཆོ་ག་སྟེ། ས་བརྟག་ཅིང་གཟུང་བ་དང༌། བསླང་བ་དང༌། སྦྱང་བ་དང༌། བྱིན་གྱིས་བརླབ་པ་དང༌། བསྲུང་བ་དང༌། ས་ཡི་ལྷ་མོ་མཁྱེན་པར་གསོལ་བའོ། །གཟུང་བ་ལ་གཉིས་ཏེ། སངས་རྒྱས་ཀྱིས་ས་བཟུང་བ་དང༌། རང་གི་སེམས་ཀྱིས་གཟུང་བའོ། །དང་པོ་ནི་རང་བྱུང་གི་ཐིག་ལེ་ལ། ལྷ་སོ་སོའི་སྔགས་བཟླས་ལ་གཞག གཉིས་པ་རང་གི་སེམས་ཀྱིས་འདིར་བྱའོ། །ཞེས་གཟུང་བའོ། །བསླང་བ་ལ་གཉིས་ཏེ། སྣང་བ་ལས་བསླང་བ་དང༌། མི་སྣང་བ་ལས་བསླང་བའོ། །སྦྱང་བ་ལ་གཉིས་ཏེ། ཏིང་ངེ་འཛིན་དང་ལས་དང་བྱ་བས་སྦྱང་བའོ། །བྱིན་གྱིས་བརླབ་པ་ནི་སློབ་དཔོན་གྱིས་རྐང་མཐིལ་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་ལྗང་གུ་ལས་འོད་འཕྲོས་པས་བགེགས་སྐྲོད་པར་བསམ་ཞིང༌། གཡས་བརྐྱང་བ་ལ་སོགས་པའི་སྟང་སྟབས་ཀྱི་བྱིན་གྱིས་བརླབ་པའོ། །བསྲུང་བ་ནི་སློབ་དཔོན་གྱིས་མཎྜལ་གྱི་དབུས་སུ་སྣ་ཚོགས་རྡོ་རྗེའི་སྟེང་ན་འདུག་པར་བསམ་ཞིང༌། སྙིང་གའི་ཧཱུྃ་ལས་ཁྲོ་བཅུའམ། མཁའ་འགྲོ་མ་བཅུ་སྟེ། སྒོ་མཚམས་མ་བརྒྱད། ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་སྤྲོ་བའོ། །དེ་རྣམས་ཀྱིས་ཕྱོགས་སྐྱོང་རྣམས་བཀུག་ནས། ཕུར་བུའི་སྟོད་ཁཎྜ་རོ་ཧཱ་གཉིས་ཀྱི་གཟུགས་ཅན། སྨད་བསད་ཤིང་གི་རྩེ་མོ་ཅན་ཟུར་གསུམ་པ་དབལ་དང་བཅས་པ་སྙིང་གའི་ས་བོན་ལས་སྤྲོ་ཞིང༌། གྷཱ་ཏ་ཡས་གདབ། མུཏྐ་རས་བརྡུང་ཞིང་བསད་པ་དང༌། ཡང་རང་གི་ས་བོན་ལས་འོད་འཕྲོས་པ་དང༌། གནོད་མཛེས་རྣམས་བསྡུ། ཡང་ས་བོན་ལས་འོད་འཕྲོས་པས་དེའི་རྐྱེན་གྱིས་ཕྱོགས་མཚམས་ཀྱི་རོ་ཞུ་བ་ལས། ཕྱིར་རྡོ་རྗེའི་རྭ་བ། ནང་དུ་དྲྭ་བའོ། །སྟེང་དུ་གུར་དང་མདའི་དྲྭ་བའོ། །འོག་ཏུ་འོད་ཟེར་དང་ཨཿཚེག་དྲག་ཅན་གཉིས་ཀྱིས་རྡོ་རྗེའི་ས་གཞིའོ། །སའི་ལྷ་མོ་ལ་མཁྱེན་པར་གསོལ་བ་ནི། བསྐྱེད་རིམ་སྔོན་དུ་སོང་བས་མདུན་གྱི་སྟེགས་བུ་ལ་བའི་རྣམ་ལྔས་བྱུག་ཅིང༌། དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་གཅིག་བཀོད་ལ། རང་གི་ལག་པ་གཡོན་པའི་སྲིན་ལག་ལ་ཧཾ་བསམས་ཏེ། ཧྃ་ཞེས་བརྗོད་པས་མཎྜལ་ལ་བསྟུན་ལ་སེ་གོལ་བརྡབས་ཏེ། དེའི་རྗེས་ལ་ལྷ་མོ་སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་བདུད་རྩིས་གང་བའི་བུམ་པ་ཐོགས་པ། རྐེད་པ་ཡན་ཆད་ཐོན་ནས་བཀའ་ནོད་པར་བསམས་ལ། དེ་ལ་མཆོད་པར་བསམས་ལ། ཨོཾ་པྲྀ་ཐི་བཱི་དེ་ཝཱི་གྲིཧྣེ་དཾ་ཨརྒྷཾ། དེ་བཞིན་དུ་དཱུ་པཾ། དཱི་བཾ། པུཥྤེཾ། གནྡྷཾ། དེ་ནས་གཏོར་མ་དཀར་པོ་གཅིག་དབུལ་བར་བྱ་སྟེ། ཨོཾ་པྲྀ་ཐི་བཱི་དེ་བཱི་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ། ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་ཏེ། ཞེས་བྱ་བས་གཏོར་མ་དབུལ་ལོ། །དེ་ནས་ཚིགས་བཅད་བརྗོད་ལ་སེམས་ཅན་གྱི་དོན་རྩོམས་ཤིག་ཅེས་བརྗོད་པར་བསམས་ལ། དེ་ལ་མཆོད་པར་བསམས་ཏེ། ཨརྒྷཾ་སྦྲིང་ཞིང་པྲི་ཐི་བཱི་དེ་བཱི་ཡ་ཧི། ཞེས་བརྗོད་པས་དེ་ཉིད་དུ་ཐིམ་པར་བསམ་མོ། །སའི་ཆོ་གའོ། །སྟ་གོན་ལ་གསུམ་སྟེ། དེ་ལས་དང་པོ་ལྷ་སྟ་གོན་ལ་གནས་པར་བྱ་བ་ནི། ཚོགས་བསགས་པ་ནས་བཟུང་སྟེ། དབུ་རྒྱན་གྱི་ལྷ་དྲན་པའི་བར་དུ་བདག་ཉིད་བསྒོམས་ལ། དེའི་རྗེས་ལ་སྔགས་ཀྱི་མཆོད་པ་དང༌། ཕྱི་དང༌། བདུད་རྩི་དང༌། རས་ཀྱི་བར་གྱིས་མཆོད་དེ། བསྟོད་ལ་ལྷ་བསྡུས་ཏེ་གཡས་ཀྱི་རྒྱབ་ཀྱི་ཕྱེད་དང༌། མདུན་གྱི་ཕྱེད་སྣ་བུག་གཡས་པར་བསྡུ། དེའི་ཕྱེད་གཡོན་པར་རོ། །དེ་ནས་མདུན་གྱི་མི་དམིགས་པར་བྱས་ལ་པཾ་སེར་པོ་ལས་པདྨ་འདབ་མ་བརྒྱད་དང༌། དེའི་ལྟེ་བར་ཧཱུྃ་ལྗང་གུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་ལྗང་གུས་མཚན་པའི་འོད་ཟེར་ལས་སྲུང་བའི་འཁོར་ཇི་ལྟ་བ་བཞིན་བསམ་མོ། །དེའི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ཐིག་ལེར་གྱུར་པ་ལས། གཞལ་ཡས་ཁང་དང་སྣ་ཚོགས་རྡོ་རྗེ་པདྨ་དང་བཅས་པའམ། དེའི་སྟེང་དུ་ཕོ་བྲང་གི་ཕྱི་སྐོར་ཙམ་དུ་མཚམས་ཀྱི་ཁྲོ་བོ་བཞི་ཧཱུྃ་མཛད་དང་ལྔ་ཕུར་པ་ལྔར་བསྐྱེད་ཅིང་བཟླས་ལ་མེ་ཏོག་གི་ཚོམ་བུ་ལྔ་དབུལ། ཙནྡན་དམར་པོའི་ལྡེ་གུས་བྱུགས་པ་དབུལ། དེ་རྣམས་ཀྱིས་མཆོད་ལ་མེ་ཏོག་གི་ཚོམ་བུ་རྣམས་ཕྱིར་བསལ་ཞིང་ཕུར་པའི་ནང་ཁོངས་དྲིས་བྱུགས་ལ། རང་བྱུང་གི་ཐིག་ལེ་སུམ་ཅུ་རྩ་བདུན་གདབ། དེའི་སྟེང་དུ་ཚོམ་བུ་བཀོད་ལ། དབུས་ཀྱི་ཚོམ་བུའི་སྟེང་དུ་ཨཱ་ལི་གཡོན་སྐོར་ལས་ཟླ་བ། ཀཱ་ལི་གཡས་སྐོར་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ། དེ་གྱུར་པ་ལས་བདེ་མཆོག་འཁོར་ལོ་ཡབ་ཡུམ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་དང་བཅས་པ་བསྐྱེད་དོ། །དེ་ནས་དཔའ་བོ་དང༌། དཔའ་མོ་དང༌། གོ་ཆ་ཆེན་པོ་རྣམས་ཀྱིས་བརྒྱན་པ་ལ། ཡེ་ཤེས་ཀྱི་འཁོར་ལོ་བསྟིམ་སྟེ། དབང་བསྐུར་ལ་ཡང༌། སྔགས་དང༌། ཕྱི་དང༌། བདུད་རྩི་དང༌། རས་དང༌། ཀུ་ཤའི་བར་གྱིས་མཆོད་ལ་བསྟོད་དེ། བར་འདིར་གསོལ་བ་གདབ་ཅིང་བསྡུ་བར་བསམ། ཡང་ན་སྟ་གོན་གསུམ་ཀ་རྫོགས་ནས་མཆོད་ཅིང་བསྟོད་ལ་གསོལ་བ་གདབ་སྟེ། རང་གི་སྣ་བུག་གཡས་པའི་རླུང་སྤྲོས་ལ། དེ་ནས་མདུན་གྱི་ལྷ་རྣམས་བསྡུས་ནས་སྣ་བུག་གཡོན་ནས་རང་གི་སྙིང་གའི་གཞི་ལ་བསྟིམ། ཡང་ན་སྙིང་གའི་ས་བོན་གྱིས་བསྡུ་ཞིང་སྙིང་གར་བསྟིམ། འདིར་ཡང་ཚོགས་ཀྱི་མཆོད་པ་ནས་གཏོར་མ་འབུལ་བ་ལ་སོགས་པ་ནི་བསྙེན་པ་བཞིན་དུ་བྱ། ལྷ་ལྷག་པར་གནས་པའོ། །དེ་ནས་སློབ་མ་ལྷག་པར་གནས་པ་ནི། འཇིག་རྟེན་པའི་གཏོར་མ་བཏང་ལ། སློབ་མ་རྣམས་ཁྲུས་བྱས་ནས་ནང་དུ་བཀུག་སྟེ་མཎྜལ་བྱེད་དུ་བཅུག་ལ། གསང་སྔགས་ཐེག་པའི་སྐལ་ལྡན་ཞིང༌། །ཞེས་བྱ་བ་ནས། འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བྱ་བའི་བར་གྱི་སློབ་མ་རྣམས་མྱ་ངན་ལས་འདས་པའི་སེམས་བརྟན་པོ་བསྐྱེད་དུ་གཞུག་པའོ། །དེའི་རྗེས་སུ་དད་པའི་སློབ་མ་རྣམས་བློས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་ཕྱུང་ལ་འོད་ཀྱི་རིག་མའི་པདྨར་སོང་བར་བསམས་ལ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ཁ་ནས་གཞུག་ཅིང༌། ཞུ་བའི་གཟུགས་ཀྱིས་རྡོ་རྗེའི་ལམ་ནས་ཕྱུང་ནས་སློབ་མ་རྣམས་དབང་བསྐུར་བར་བསམས་ཏེ། དེ་རྣམས་ལྷ་མོའི་དཀུ་གཡོན་པ་ནས་བཏོན་ཏེ། དཀྱིལ་འཁོར་གྱི་ལྷོ་སྒོ་ལ་སོགས་པར་གནས་པར་བསམ་ཞིང༌། ཕྱིས་ཀྱང་དེ་ཉིད་ནས་གཞུག སློབ་མ་སྦྱང་བའོ། །དེ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་བས། །ཞེས་བྱ་བ་ནས། མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བྱ་བའི་ཚིག་གིས་གསོལ་བ་གདབ་པའོ། །བུ་ཚུར་ཞེས་བྱ་བ་ལ་སོགས་པས་སྤྲོ་བ་བསྐྱེད། དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཞེས་བྱ་བ་ནས། ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་བྱ་བའི་བར་གྱིས་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་ལ། ནང་གི་སེམས་བསྐྱེད་དང༌། དམ་ཚིག་ཉི་ཤུ་རྩ་གཉིས་སྦྱིན། དེ་ནས་སློབ་དཔོན་གྱིས་སྲིན་ལག་གཡོན་པའི་ཁྲག་དང༌། བདུད་རྩི་བསྲེས་ལ་གནས་གསུམ་བྱིན་གྱིས་བརླབས་ཏེ། ལག་པ་རྡོ་རྗེ་དང་བཅས་པ་ཐིག་ལེ་བྱ་ཞིང༌། དེར་ཡི་གེ་གསུམ་པའི་མཚན་མའང་བསྐུའོ། །དེ་ནས་སྐད་ཅིག་གི་སློབ་མ་རྣམས་ལྷར་དམིགས་ཤིང༌། མེ་ཏོག་ནི་མགོ་ལའོ། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་མཆོད། དེ་ནས་སྲུང་སྐུད་ནི་ཐ་མལ་པ་ལས་དམ་ཚིག་གི་སྲུང་སྐུད་དུ་བསྐྱེད་ལ། སྐུད་པ་དེ་ཉིད་དང་སྙིང་གའི་འོད་ཟེར་གྱིས་མཁའ་འགྲོ་མའི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲུང་སྐུད་བཀུག་ལ་བསྟིམ་མོ། །སློབ་མའི་ལུས་ཚད་ལ་སུམ་སྒྲིལ་བྱས་ལ། མདུད་པ་གསུམ་མམ་བདུན་བོར་ལ། སྔགས་བཟླས་ཏེ་དཔུང་པའམ་མགུལ་དུ་བཏགས་ལ། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །ཁ་ནས་བླུད་པ་དང་གཏོར་བ་ཡང་བྱའོ། །དེ་ནས་ཚེམས་ཤིང་མ་ཉམས་པར་གསེར་རམ་དངུལ་དུ་བསམ་སྟེ། སོ་རྩ་དྲུད་ཅིང་སྡིག་པ་དྲང་བར་བསམས་ལ། དེ་ནས་མཎྜལ་བའི་ཀོ་བ་ཙམ་གྱི་སྟེང་དུ་ཁ་ཤར་དུ་བལྟས་ཏེ་བོར་ལ་ལྟས་བརྟག་གོ །དེ་ནས་ཀུ་ཤའི་ཆུན་པོ་གཉིས་ལ་གཅིག་ལ་དྷཱིཿབཟླས་པས་སྔས་སུ་བཅུག་གོ །གཅིག་ལ་ཧ་བཟླས་ལ་སྟན་དུ་ཐིངས་ཤིག་པར་བསྒོའོ། །འཇིག་རྟེན་ན་ནི་ཀུན་མཁྱེན་དག །ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བྱ་བའི་བར་གྱིས་ཆོས་ཟབ་མོ་བསྟན་པས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་སེང་གེའི་ཉལ་སྟངས་ཀྱིས་ཉལ་དུ་གཞུག་གོ །སློབ་དཔོན་དུ་དབང་བསྐུར་བར་འོས་པ་ནི། སློབ་དཔོན་དུ་ལྷག་པར་གནས་པར་གསོལ་བ་འདེབས་སུ་གཞུག་ཅིང༌། དེ་ཉིད་ཀྱིས་ལྷག་པར་གནས་པར་འགྱུར་རོ། །སློབ་མ་ལྷག་པར་གནས་པའོ། །བུམ་པ་ནི་སྐྱོན་མེད་པ་བཅུ་ཇི་ལྟ་བ་བཞིན་བྱས་ལ། གཅིག་རྣམ་པར་རྒྱལ་བ་སྟེ་རིགས་ལྔའི་མཚན་མ་བྲིའོ། །བརྒྱད་ནི་སྒོ་མཚམས་མའི་སྟེ་གྲི་གུག་བྲིའོ། །གཅིག་ལས་ཐམས་ཅད་པ་སྟེ་སྣ་ཚོགས་རྡོ་རྗེའམ་གྲི་གུག་བྲིའོ། །དྲི་མའི་ཁྲུས་རྒྱས་པར་བྱེད་ན། དྲི་ཆུ་སྣ་ཚོགས་པའི་བུམ་པ་བརྒྱད་དེ། དེ་ལྟར་བཅོ་བརྒྱད་དོ། །བསྡུས་པར་བྱེད་ན། ལྷའི་བུམ་པ་གཉིས་སུ་བསྡུ་བར་བྱ་སྟེ་དེ་ལྟར་བཅུའོ། །ཡང་ན་རྫས་ཀྱི་བུམ་པ་གཅིག་དང༌། ལྷའི་བུམ་པ་བཅུ་དང་བཅུ་གཅིག་གོ །དེ་ལྟར་བྱས་པས་བུམ་པའི་གདན་རས་ཀྱི་སྟེང་དུ་བཞག་ལ། ཐ་མལ་པའི་བུམ་པ་སྟོང་པར་བྱས་ལ། བྷྲཱུྃ་མམ་ཁྃ་ལས་བདུད་རྩིའི་བུམ་པ་བསྐྱེད་དེ། རྣམ་རྒྱལ་དུ་ལྔའམ་གསུམ་མམ་ཡི་གེར་གྱུར་པ་ལས། དཀྱིལ་འཁོར་གྱི་ལྷ་ཚང་བར་བསྐྱེད། བརྒྱད་པོར་དེ་བཞིན་དུ་སྒོ་མཚམས་མ་བརྒྱད་བསྐྱེད། ལས་ཐམས་ཅད་པར་བདེ་བ་ཆེན་པོའི་འཁོར་ལོའམ་ཁཎྜ་རོ་ཧཱ་བསྐྱེད་པའོ། །དེ་ནས་ཕྱོགས་ཕྱོགས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པའམ། ཡང་ན་ཕག་མོའི་ཉེ་སྙིང་བརྒྱ་རྩ་བརྒྱད་དམ། ཡང་ན་དེ་ཉིད་ཉི་ཤུ་རྩ་གཅིག་ཟླའོ། །དེ་ནས་ཕྱི་ནང་གི་མཆོད་པ་ལ་སོགས་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་ཐོག་ཏུ་ཐོད་པ་བདུད་རྩི་ལྔ་དང་ལྡན་པ་བཞག་ལ། འབར་བ་ལ་སོགས་པའི་ཚུལ་གྱིས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བསམས་ལ། བུམ་པ་དེ་ཉིད་ནས་བཟུང་ནས་ལྷའི་བུམ་པ་རྣམས་སུ་ཧུབ་རེ་བླུགས་པས་དེའི་རྐྱེན་གྱིས་ལྷ་རྣམས་ཀྱང་ཞུ་ནས། ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བསམས་ལ་གནས་དབེན་པར་བཞག་པ་ནི་བུམ་པ་ལྷག་པར་གནས་པའོ། །ཐིག་དང་ཚོན་གྱི་ཆོ་ག་ནི། བསྐྱེད་རིམ་སྔོན་དུ་འགྲོ་བས་ཡིག་འབྲུ་ལྔའམ་མཁའ་འགྲོ་ལྔར་བསྐྱེད་ཅིང་དེ་བཞིན་དུ་ཡེ་ཤེས་པ་བསྟིམ་ལ་མཆོད། དཀྱིལ་འཁོར་བྲི་བ་དང་ལྷ་དགོད་པའི་ཆོ་ག་ནི་དཀྱུས་ན་གསལ། རྡུལ་ཚོན་སྦྱང་ཞིང་བྱིན་གྱིས་བརླབ་པ་ནི། ཚོགས་བསགས་པ་ནས་དབུ་རྒྱན་གྱི་ལྷ་དྲན་པའི་བར་དུ་བསྒོམས་ལ། སྔ་མ་བཞིན་དུ་མཆོད་ཅིང་བསྟོད་དེ་བསྡུའོ། །དེ་བཞིན་དུ་མདུན་གྱི་ཡང་དབུ་རྒྱན་གྱི་བར་དུ་དྲན་པར་བསྒོམས་ལ། ལྷའི་གྲངས་ཀྱི་གཏོར་མའམ། ཡང་ན་གཏོར་མ་གཅིག་གིས་སརྦ་བིགྷཱན་ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲིཧྞེ་དཾ་བ་ལིཾ་ཏེ། ཞེས་པས་ལན་གསུམ་དུ་བསྐོར་ཞིང་གཏོར་མ་གཏང་ངོ༌། །ཏིང་ལོ་དང་ཆང་བུ་ཡང་མ་འབྱོར་ན་ཟུང་གཅིག་བཏང་སྟེ་དཀྱིལ་འཁོར་སོ་སོའི་ལས་ཐམས་ཅད་པའི་སྔགས་ཀྱིས་བསྐོར་ལ་གཏང་ངོ༌། །དེ་བཞིན་དུ་གུ་གུལ་ལ་སོགས་པའི་བདུགས་པ་རྣམས་ཀྱང་སྔགས་དེ་ཉིད་བཟླས་ཤིང་བདུག་ལ་བསྐྲད་དོ། །དྲི་མའི་ཁྲུས་ནི་ལྷ་ལ་སོགས་པའི་སྒོ་ནས་མེ་ལོང་ལ་གཟུགས་བརྙན་འཆར་བར་བྱས་ལ། དྲི་ལ་སོགས་པའི་བུམ་པ་བརྒྱད། ཇི་ལྟར་བལྟམས་པ་དང༌། འདི་ནི་ཁྲུས་མཆོག་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ལྟར་བརྒྱད་ཀྱིས་ཤིས་པ་བརྗོད་ཅིང༌། མེ་ལོང་ལ་ཏིལ་མར་གྱིས་བྱུག སྲན་དཀར་གྱི་བདག་ཆལ་གྱིས་གདབ། དཱུར་བའི་པིར་གྱིས་བྱུག་ཅིང་རྫས་སོ་སོའི་སྔགས་ཀྱིས་བཀྲུའོ། །དྲི་སྣ་ཚོགས་ཀྱིས་ནི་རྫས་གཞན་གྱི་བུམ་པ་རེ་རེའི་གཞུག་ལ་བཤལ་ལོ། །བུམ་པ་རེ་རེའི་ཁྲུས་ཟིན་པ་དང༌། སྐུ་ཕྱིས་ཀྱིས་རྡུལ་དེ་ཕྱིའོ། །དེ་ལྟར་ཁྲུས་ཟིན་པ་དང༌། མཁའ་འགྲོ་ལྔའི་ས་བོན་བཟླས་པའི་དྲིའི་ཐིག་ལེ་ལྔ་བྱས་ལ། ན་བཟའ་མ་འབྱོར་ན་སྤྱིར་ཟུང་གཅིག་དབུལ་ལོ། །དེ་ནས་གཉིས་སུ་མེད་པའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་ཁྱད་པར་གྱི་སྔགས་ཀྱིས་སོ། །དེ་ནས་སྒོ་མ་བཞིའི་སྔགས་ཀྱིས་སོ། །དེ་ནས་ལྷའི་གྲངས་བཞིན་དུ་ཨཱ་ལི་ཀཱ་ལིས་སོ། །དེ་ནས་ལྷ་ཐམས་ཅད་རང་གི་མིང་དང་ལྡན་པའི་ཡི་གེ་བརྒྱ་པས་སོ། །དེ་ནས་སྔགས་ལ་སོགས་པའི་བར་གྱིས་མཆོད་ཅིང་བསྟོད་ལ། ཚོགས་བྱིན་གྱིས་བརླབ་ཅིང་ཕུད་གཏོར་མ་ལ་དབུལ་བ་ལ་སོགས་པ་སྔ་མ་བཞིན་དཀྱིལ་འཁོར་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ནི། འཇིག་རྟེན་པའི་གཏོར་མ་བཏང་ལ་སློབ་དཔོན་གྱིས་ལས་ཐམས་ཅད་པའི་བུམ་པ་དང༌། གདོང་གཡོགས་དང༌། རྡོ་རྗེ་ཁྱེར་ལ་སློབ་མའི་དྲུང་དུ་ཕྱིན་པ་དང༌། རང་གི་ལྷའི་རྣལ་འབྱོར་གསལ་བར་དྲན་ལ་བདེན་པ་བརྗོད་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །ཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་དེ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཐམས་ཅད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་ལ། ཡོལ་བའི་ཕྱི་རོལ་དུ་འཇུག་པའི་ཡོན་ཕུལ་ཏེ། སློབ་མ་རྣམ་པར་སྣང་མཛད་དུ་དམིགས་ལ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་བརྗོད་ལ། མེ་ཏོག་གི་ཕྲེང་བ་དང་བཅས་པའི་གདོང་གཡོགས་བཅིངས་ལ། བུམ་པའི་ཆུས་བྲན་ཞིང་འཇུག་པའི་ཕྱིར་དྲི་བར་བྱ་སྟེ། ཁྱོད་སུ་ཅི་ལ་དགའ། ཞེས་དྲི་བར་བྱའོ། །དེས་ཀྱང་བརྗོད་པར་བྱ་སྟེ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨཏྤཱ་ད་ཡཱ་མི། སུ་ར་ཏི་ས་མ་ཡ་སྟཾ། བོ་དྷི་ཙིཏྟ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་པས་སེམས་བསྐྱེད། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །དེ་ནས་ཧཱུྃ་ཛཿཧཱུྃ་ཞེས་བྱ་བས་བཀུག་སྟེ། ཡོལ་བའི་ནང་དུ་བཅུག དཀྱིལ་འཁོར་གྱི་ལྷོ་སྒོ་ལ་སོགས་པར་བཞག་སྟེ། སློབ་དཔོན་གྱིས་གོང་ནས་གོང་མའི་ཞེས་བྱ་བ་ལ་སོགས་པའི་ཚིག་ཀྱང་བརྗོད་དོ། །དེ་ནས་ཡང་བདུད་རྩིས་བསངས་ཤིང་བསྲུང་བར་བྱའོ། །དེ་ནས་ལྷར་མོས་ཤིང་གོ་ཆས་བརྒྱན་ལ། སློབ་མའི་གཙོ་བོའི་ལག་པ་བཟུང་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་པི་ཏ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ལ། དཔའ་བོ་བསྐུལ་ལོ། །དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་བྱ་བ་བཅུག་ལ། རྣལ་འབྱོར་གནས་ལས་ཞེས་པའི་བར་གྱིས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའོ། །གསོལ་བ་གདབ། སློབ་དཔོན་གྱིས་ཀྱང་ལྷ་ལ་གསོལ་བ་གདབ། དེ་ནས་སློབ་མ་སྦྱངས་ཏེ། གཏོར་མ་ནས་འདུག་པས་བགེགས་བསྐྲད་པའི་བར་དུ་རྡུལ་ཚོན་དང་མཐུན། སྡིག་པ་སྦྱང་བ་ཇི་ལྟ་བ་བཞིན་བྱས་ལ་སློབ་མའི་ཐ་མལ་པའི་ལུས་མི་དམིགས་པར་བྱས་ལ། མངོན་པར་བྱང་ཆུབ་པ་ལས་ཡབ་ཡུམ་ཙམ་བསྐྱེད་ལ། དེའི་སྙིང་གར་རྫོགས་པར་བསྐྱེད་ལ་ཡེ་ཤེས་ཀྱང་རྫོགས་པར་བསྟིམ་པའམ། ཡང་ན་ཨཱ་ལི་ཀཱ་ལི་ཕྲག་ལྔའི་གྲངས་བཞིན་བསྟིམ་ལ། ཕྱི་ནང་གི་མཆོད་པས་མཆོད་ལ། དེ་ཙམ་གྱིས་ནི་དཀྱིལ་འཁོར་དུ་བཅུག་པའི་ངོ་བོའོ། །དེ་ནས་བྱིན་གྱིས་བརླབ་པའི་ཕྱག་གོ །དེ་ནས་སྡོམ་པ་དབོག་གོ །དེ་ནས་དམ་ལ་བཞག་པ་བཞིའོ། །དེ་ནས་དབབ་པའི་གསོལ་བ་འདེབས་སུ་གཞུག་གོ །དེ་ནས་སློབ་མའི་སྙིང་གར་ཧེ་རུ་ཀ ལྟེ་བར་ཕག་མོ་བསམས་ལ། ཡེ་ཤེས་ཀྱི་ཡབ་ཡུམ་སྤྱན་དྲངས་ལ་དམ་ཚིག་པ་ལ་བསྟིམ། ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚང་བར་སྤྱན་དྲངས་ལ་བསྟིམ་ཞིང་གནས་བཞིར་ཡང་འབྱུང་བ་བཞི་ལ་ཡི་གེ་བཞི་དགོད་ཅིང༌། རྐང་མཐིལ་གྱི་ཡི་གེས་ཡར་ཕུལ་ཞིང་ལྷ་རྣམས་མར་འཇུག་པར་བསམས་ལ། སྔགས་ཐམས་ཅད་བཟླས་པའམ། ཡང་ན་ཡབ་ཡུམ་གྱི་སྔགས་བཞི་པོ་བཟླས་ཤིང༌། ཨོཾ་ཤྲཱི་ཧེ་རུ་ཀ་ཏིཥྛ་མ་ཧཱ་ཀྲོ་དྷ། ཞེས་བྱ་བ་ལ་སོགས་པའང་བཟླས་ཤིང༌། ཇི་སྐད་གསུངས་པའི་བདུག་པས་ཀྱང་བདུག་པར་བྱའོ། །དེ་ནས་ཇི་ལྟར་ཕེབས་པའི་རྟགས་འབྱུང་ངོ༌། །དེ་ནས་དཀྱིལ་འཁོར་གྱི་འཇུག་གི་སྒོར་སོང་ལ་སྣང་བ་བརྟག་ཅིང༌། བདེན་པ་བརྗོད་ལ་མེ་ཏོག་དོར་རོ། །དེ་ནས་སློབ་མའི་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསམས་ལ། གདོང་གཡོགས་དགྲོལ་ཞིང་དཀྱིལ་འཁོར་བསྟན་ཏོ། །དེ་ཙམ་གྱིས་དཀྱིལ་འཁོར་དུ་འཇུག་པའོ། །འདི་ནི་སློབ་མ་འཇུག་པའི་དབང་དུ་བྱས་པ་སྟེ། སློབ་དཔོན་ནས་སྒྲུབ་པ་པོ་བདག་ཉིད་འཇུག་པར་འདོད་ན་ལོའམ་ཟླ་བར་བསྒྲུབས་ཤིང་སློབ་མ་འཇུག་པའི་ཚོགས་བདག་ཉིད་ཞུགས་ཤིང་དབང་རྣམས་ཀྱང་རྫོགས་པར་བླངས་ན་དམ་ཚིག་ཉམས་པ་སྐོང་བར་འགྱུར་ཞིང༌། ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་སེང་གེའི་ཁྲི་དང༌། རས་སམ་སྣམ་བུ་ལ་པདྨ་འདབ་བརྒྱད་ཀྱི་མཎྜལ་བྱེད་དུ་བཅུག་ལ། དབང་གི་ཡོན་ཕུལ་ནས་ཧེ་རུ་ཀ་དཔལ་ཞེས་བྱ་བའི་ཚིག་གིས་གསོལ་བ་གདབ་བོ། །དེ་ནས་ཡུངས་ཀར་བརྡེག་པ་དང༌། ཏིལ་བསྲེག་པར་བྱའོ། །དེ་ནས་ད་ཅིའི་མེ་ཏོག་དེ་ཡང་དཀྱིལ་འཁོར་དུ་ཕུལ་ལ་དེ་ནས་བླངས་ཏེ་སྤྱི་གཙུག་ཏུ་བཏགས་ལ། སྤྱི་གཙུག་ནས་མར་ཐིམ་ནས། དེའི་རིགས་སུ་འབྲེལ་པ་དང༌། ཡང་ན་སྐྲ་ལ་བཏགས་ནས་ཅུང་ཟད་ཅིག་བཞག་པས་དེའི་རིགས་སུ་འབྲེལ་པར་བསམ་མོ། །མེ་ཏོག་དེ་དང་འབྲེལ་བའི་ལྷའི་སྔགས་སྦྱིན་པར་བྱས་ཏེ། དང་པོ་སློབ་དཔོན་གྱིས་སློབ་མའི་བགྲང་ཕྲེང་ཐོགས་ཏེ། བཅོམ་ལྡན་འདས་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདས་ལ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ལ། སློབ་མ་སྦྱིན་ནོ། །སློབ་མས་ཀྱང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ། སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་བཀྲུས་ཤིང་དག་པར་བསམ་མོ། །ཕྱིའི་དབང་ངོ༌། །སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་མི་བསྐྱོད་པ་བཀུག་ཅིང༌། ཚངས་པའི་བུ་ག་ནས་བསྟིམ་པས་སློབ་མའི་རྣམ་པར་ཤེས་པ་གནས་གྱུར་ནས། མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱས་པ་ནི་ནང་གི་དབང་ངོ༌། །དབུ་རྒྱན་གྱི་དབང་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་འཛིན་དུ་བཅུག་ལ། གང་ཡང་རུང་བའི་ཅོད་པན་ཆོ་ག་ཡན་ལག་གསུམ་ལས་རིན་ཆེན་འབྱུང་ལྡན་དུ་བསྐྱེད་ལ། དེ་སློབ་མའི་སྤྱི་བོར་བཞག་ཅིང༌། ཨོཾ་པྲ་ཏཱིཙྪ་མ་ཧཱ་མུ་ཀུ་ཊ་ཧོཿ ཞེས་བརྗོད་པ་ནི་ཕྱིའིའོ། །སློབ་མའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམས་ལ། སློབ་དཔོན་གྱི་སྙིང་གའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་བཀུག་ལ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ནས་མར་བསྟིམ་པས་རང་རང་གི་སྔགས་དྲན་ཞིང་གཞུག་པར་བསམ། དེ་ནས་གཙོ་བོ་དང་མཁའ་འགྲོ་མ་བཞིའི་སྔགས་ཟློས་ཤིང༌། དབུ་རྒྱན་དཔྲལ་བར་འཛིན་ཅིང་དེ་བཞིན་གཤེགས་པ་ལྔ་དབུ་ལ་གནས་པར་བསམ་པ་ནི། རིན་ཆེན་འབྱུང་ལྡན་གྱི་ས་བོན་གཞག་པར་རིགས་པར་བྱའོ། །ནང་སྟེ་ཅོད་པན་གྱི་དབང་ངོ༌། །དེ་ནས་རྡོ་རྗེ་ཆོ་ག་ཡན་ལག་གསུམ་གྱིས་སྣང་བ་མཐའ་ཡས་སུ་བསྐྱེད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྙད་པ་ནི་ཕྱིའི་དབང་ངོ༌། །མགྲིན་པར་པདྨའི་ལྟེ་བ་ནས་སྣང་བ་མཐའ་ཡས་བཅུག་ཅིང་སློབ་མ་དང་གཉིས་སུ་མེད་པར་བྱས་པ་ནི་ནང་སྟེ་རྡོ་རྗེའི་དབང་ངོ༌། །དེ་ནས་དྲིལ་བུ་ཆོ་ག་ཡན་ལག་གསུམ་ལས་དོན་ཡོད་གྲུབ་པ་བསྐྱེད་དེ། འདི་ནི་རྣལ་འབྱོར་མ་ཀུན་གྱི་བྱ་བའི་ཚིག་གིས་སྦྱིན་པ་ནི་ཕྱིའི་དབང་ངོ༌། །ཡང་སྤྱི་བོར་སྣ་ཚོགས་རྡོ་རྗེ། ལྟེ་བ་ནས་སློབ་དཔོན་གྱིས་དོན་ཡོད་གྲུབ་པ་བཅུག་ཅིང༌། སློབ་མ་དེའི་རང་བཞིན་དུ་བྱས་པར་བསམ་པ་ནི་ནང་གིའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་འཛིན་དུ་བཅུག་སྟེ། མཁའ་འགྲོ་མ་ལ་སོགས་པ་བཞིའི་སྔགས་ཟློས་ཤིང༌། དེ་དག་གིས་མིང་འདོགས་པར་བསམས་ལ། མེ་ཏོག་བབས་པ་དང་མཐུན་པའི་མིང་འདོགས་སོ། །ཕྱིའིའོ། །ཡང་སྤྱི་བོར་ཟླ་བ་ལས་ཨོཾ་ཐུར་བལྟས། ཨོཾ་གྱི་ཐིག་ལེ་ནས་རྣམ་པར་སྣང་མཛད་བཅུག་པས་དེའི་རང་བཞིན་དུ་བྱས་པ་ནི་ནང་སྟེ། དེས་ནི་སློབ་མའི་རྒྱུད་ལ་རྣམ་པར་སྣང་མཛད་ཀྱི་ས་བོན་གཞག་པའོ། །དེ་ཡན་ཆད་སོ་སོའི་རྣལ་འབྱོར་ནི་སློབ་དཔོན་དང་སློབ་མ་གཉིས་ཀས་འཛིན་ནོ། །དེ་ནས་སློབ་མ་ཧེ་རུ་ཀར་མོས་པ་བྱས་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཐུན་མོང་གི་བརྟུལ་ཞུགས་དང༌། ཁ་ཊྭཱཾ་ག་དང་ཌཱ་མ་རུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་གིས་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཀྱི་བར་དུ་སློབ་དཔོན་དང་སྒྲུབ་པ་པོ་ཐམས་ཅད་ལ་ཐུན་མོང་དུ་བྱིན་ཏེ། དེ་ལྟར་ན་ཟུང་མ་ཐེམ་པའི་སློབ་མ་ཉི་ཤུ་རྩ་ལྔའི་བར་དུ་གཟུང་བར་བྱ་སྟེ། དེ་ཡང༌། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་ཡོངས་སུ་གཟུང༌། །དེ་ལས་ལྷག་པའི་སློབ་མ་དག །ཡོངས་སུ་གཟུང་བར་མི་ཤེས་སོ། །ཞེས་གསང་བ་སྤྱི་རྒྱུད་ལས་གསུངས་པས་སོ། །དེ་རྣམས་ཀྱི་ནང་ནས་སློབ་དཔོན་དུ་གཟུང་བ་ནི་གཅིག་ཡིན་ཏེ། དེ་ཡང་གསང་བ་སྤྱི་རྒྱུད་ལས། སློབ་དཔོན་བློ་གྲོས་ཆེན་པོ་ཡིས། །གསང་སྔགས་རྒྱུད་ནི་འཛིན་པ་པོར། །སློབ་མ་དམ་པ་སྙིང་རྗེ་ཅན། །གཅིག་ནི་ནན་ཏན་བསྐྱེད་དེ་བསྒྲུབ། །ཅེས་གསུངས་པས་སོ། །དེ་ལྟ་བུ་སློབ་དཔོན་དུ་འོས་པ་ཅིག་སེང་གེའི་ཁྲི་ལ་སོགས་པ་ཚོགས་པར་བྱས་ལ། དཔའ་བོ་ཆེན་པོ་མི་ལྡོག་པའི། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སློབ་དཔོན་དུ་འོས་པ་དེ་ལ་གསོལ་བ་འདེབས་སུ་བཅུག་ལ་སེང་གེའི་ཁྲིའི་སྟེང་དུ་བཞག་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་རང་བཞིན་ཅན་གཉིས་སུ་མེད་པའི་རྡོ་རྗེ་ལག་པ་གཡས་པར་སྦྱིན། འདི་ནི་རྣལ་འབྱོར་མ་ཀུན་གྱི། །བྱ་བ་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་བྱ་བ་ལ་སོགས་པ་ཆོས་ཀྱི་ཕུང་པོ་རྗོད་བྱེད་ཀྱི་རང་བཞིན་གྱི་དྲིལ་བུ་ལག་པ་གཡོན་པར་སྦྱིན་ལ། དེ་གཉིས་འཁྱུད་པའི་ཚུལ་དུ་བསྣོལ་ལ། རང་གི་འོད་ཀྱི་རིག་མ་ཕག་མོ་ལ་སོགས་པའི་ཤེས་རབ་བཅུ་དྲུག་ལོན་པ་ལ་འཁྱུད་པར་བསམ་དུ་གཞུག དེ་ཙམ་ནི་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ལ། དེ་ཡང་ཀྱེ་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་དང༌། །ལག་པ་གཉིས་ཀྱིས་འཁྱུད་པ་དང༌། །རྡོ་རྗེ་དྲིལ་བུ་མཉམ་ལྡན་ལ། །སློབ་དཔོན་དབང་དུ་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེ་ནས་དེ་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བསྟན་ཅིང་བསྙེན་པ་ལ་སོགས་པ་སློབ་དཔོན་གྱི་ལས་རྣམས་ཀྱང་བསླབས་ལ། སློབ་དཔོན་གྱི་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། དེ་རིང་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་གཟུང་ཕྱིར། །དཀྱིལ་འཁོར་ཆོ་ག་བཞིན་དུ་ནི། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་བྲིས། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བྱ་བ་རྗེས་སུ་གནང་བ་བྱིན་ལ། དེ་ནས་བསྒྲུབ་པ་དང་ཐུན་མོང་དུ་སྦྱིན་པ་ནི། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །ཞེས་བྱ་བ་ལ་སོགས་པས་རྗེས་སུ་གནང་བའི་དབང་སྦྱིན་པར་བྱ་བ་ནི་གསུམ་སྟེ། མཆོད་པའི་རྗེས་གནང་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་དང༌། ཞི་དང་རྒྱས་དང༌། ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་བསྒྲུབ་པའི་རྗེས་སུ་གནང་བའོ། །ནང་པར་སྔར་ལངས་སེམས་དག་ཉིད། །ཅེས་བྱ་བ་ནས། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཞེས་བྱ་བའི་བར་ནི། དམ་ཚིག་བཀའི་དབང་སྟེ། དཀྱུས་ན་གསལ། ལུང་བསྟན་པ་དང་དབུགས་དབྱུང་བ་ཡང་དཀྱུས་ན་གསལ། དེ་ནས་དྲིན་ལ་ལན་གྱིས་བླན་པའི་ཚུལ་དུ་སློབ་མས་ཡོ་བྱད་ཅི་འབྱོར་པ་དབུལ་ཞིང༌། མཐར་བདག་ཉིད་ཀྱང་དབུལ་བར་བྱའོ། །དེ་ལྟར་ན་གོང་གི་དབང་དེ་རྣམས་རེ་རེ་ཞིང་ཡང་ཆུའི་དབང་འཇུག་པས་ཐམས་ཅད་དུ་བུམ་པའི་བྱ་བ་འཇུག་པའི་ཕྱིར། བུམ་པའི་དབང་ཞེས་བྱའོ། །གསང་བའི་དབང་ནི། སློབ་དཔོན་ཞི་བ་ཆེན་པོ་ཀྱེ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་ཅིང༌། རྒན་པོ་དང་བསླབ་པས་བཅིངས་པ་རྣམས་ཀྱིས་ནི། ཆོ་ག་ཇི་ལྟ་བ་བཞིན་དུ་བདུད་རྩི་ལ་སོགས་པ་དང་བསྲེས་ལ་སྦྱིན་ནོ། །སློབ་དཔོན་གཞན་གྱིས་ནི་གསང་བའི་ཡུམ་ཇི་ལྟ་བ་བཞིན་དུ་བསྟེན་ལ་སྦྱིན་ནོ། །ཤེས་རབ་ཡེ་ཤེས་ནི་རྒན་པོ་དང་བསླབ་པས་བཅིངས་པའི་སློབ་མ་རྣམས་ལ་ནི་དགྱེས་པ་རྡོ་རྗེ་ལས་གསུངས་པའི་རང་གི་གཡས་དང་ལག་གཞན་གྱིས། ཞེས་བྱ་བས་རྩ་གཉིས་པོ་བཙིར་ཏེ་ཉམས་མྱོང་སྐྱེས་པའམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྦྱིན་པའོ། །དེ་ལས་གཞན་པའི་སློབ་མ་རྣམས་ལ་ནི་ཇི་ལྟ་བ་བཞིན་དུ་དངོས་ཀྱི་ཕྱག་རྒྱ་བསྟན་དུ་གཞུག་གོ །དབང་དེ་གཉིས་ཀ་ཡང་གསོལ་བ་འདེབས་པའི་ཚིག་ནི་གཅིག་གོ །དེ་ནས་བཞི་པའི་གསོལ་བ་གདབ་པར་བྱ་སྟེ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་བྱ་བ་ལན་གསུམ་གྱི་བར་དུ་བཀའ་དྲིན་གསོལ་བ་བཏབ་ལ། སློབ་དཔོན་གྱིས་ཀྱང༌། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པའི་དམ་ཚིག་བཞི་དབོག་ཅིང༌། ཡེ་ཤེས་ཆེན་པོ་ཕྲ་བ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིག་གི་སྒོ་ནས། གསུམ་པ་དང་བརྡ་སྦྱར་བ་ནི་བཞི་པའོ། །ནག་པོ་པའི་དཀྱིལ་འཁོར་གྱི་ཐོ་ཡིག་ཙམ་དུ་སྦྱར་བའོ། །རྫོགས་སོ།།  །།ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*