གུར་གྱི་རྒྱུད་ཀྱི་ཟིན་བྲིས། ༡

༼ཀ༽

༄༅། །གུར་གྱི་རྒྱུད་ཀྱི་ཟིན་བྲིས་བཞུགས།།

༄༅། །ལེའུ་དང་པོར་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་གསུངས་པས་ཡི་དམ་གྱི་ལྷ་མཆོད་པར་བྱ་བའི་ཡུལ་མདུན་གྱི་ནམ་མཁའ་ལ་སྤྱན་དྲང་བ་གླེང་གཞིའི་ཚུལ་གྱིས་བསྟན་པ་དང༌། ལེའུ་གཉིས་པའི་སྟོད་ཀྱིས་ཡི་དམ་གྱི་ལྷ་མཆོད་པ་བསྟན། དེའི་མདུན་དུ་བདུན་པོ་རྣམ་པར་དག་པར་བྱ་བ་དོན་གྱིས་བསྟན་ཏོ། །ཚད་མེད་པ་བཞི་བསྒོམ་པར་བྱ་བ་ཡང་རྟོགས་པར་བྱའོ། །དེ་ནས་འབྱུང་པོ་འདུལ་བའི་ཏིང་ངེ་འཛིན་དང༌། སྟོབས་པོ་ཆེའི་སྒྲུབ་ཐབས་གཉིས་ནི་བརྗོད་པར་བྱ་བའི་དོན་ཡིན་ལ། སྲུང་བའི་འཁོར་ལོ་རྟོགས་པར་བྱ་བའི་ཚུལ་གྱིས་བསྟན་ཏོ། །དེ་ནས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་བསྟན་པས་ནི། རྫོགས་པའི་རིམ་པ་རྣམ་པ་གཉིས་བསྒོམ་པ་དངོས་སུ་བསྟན་ལ། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱས་ན། བསྐྱེད་པའི་རིམ་པའི་ལྷ་དེ་དག་ཀྱང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་མོས་པར་བྱས་ཏེ་བསྒོམ་པ་བསྟན་ཏོ། །དེ་ནས་སྟོབས་ཀྱི་བསྒྲུབ་པ་གསུམ་པ་ནི། དེ་ལྟར་མོས་པ་བྱས་ཏེ་བསྒྲུབས་ཀྱང་མ་གྲུབ་ན་སྤོགས་པའི་ཆོ་ག་ཇི་ལྟར་བྱ་བ་དང༌། དེའི་རྗེས་ལ་འབུམ་ཕྲག་ལྔ་བྲིས་པ་གསུངས་པ་ནི། འཁོར་དུ་གཏོགས་པའི་ལྷ་རྣམས་ལ་སྟོབས་ཀྱི་བསྒྲུབ་པ་བྱ་བར་མ་ཟད་ཀྱི། རྒྱལ་བ་རིགས་ལྔ་ལ་ཡང་སྟོབས་ཀྱི་བསྒྲུབ་པ་བྱ་སྟེ། གཉིས་པོ་དེ་ཞར་ལས་གསུངས་སོ། །དེ་ནས་མི་གཡོ་མགོན་གྱི་ཆེ་བ་བསྟན་པས། སངས་རྒྱས་རྣམས་ཀྱི་གར་ནི་བརྗོད་པར་བྱ་བའི་ཚུལ་གྱིས་བསྟན་ལ། སེམས་ཅན་ཇི་སྙེད་པ་རྣམས་ཞེས་བྱ་བ་ནས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ་ཞེས་འབྱུང་བས། རྣལ་འབྱོར་བསྒོམ་པའི་སྔོན་དུ་སེམས་ཅན་གྱི་དོན་བྱ་བའི་སྨོན་ལམ་རྗེས་སུ་དྲན་པར་བྱ་བ་རྟོགས་པར་བྱ་བའི་ཚུལ་གྱིས་བསྟན། དེའི་རྗེས་ལ་གཏོར་མ་བསྟན་པས་བགེགས་དང་བར་ཆད་སྤང་བའི་དོན་དུ། དུས་ཐམས་ཅད་དུ་གཏོར་མ་གཏང་བ་དངོས་སུ་བསྟན་ལ། ཁྱད་པར་དུ་རྣལ་འབྱོར་བསྒོམ་པའི་སྔོན་དུ་སེམས་ཅན་གྱི་དོན། རྣལ་འབྱོར་གྱི་བར་ཆད་བསྲུང་བའི་ཕྱིར་གཏོར་མ་གཏང་བ་དོན་གྱིས་བསྟན། དེ་ནས་མཚན་གྱི་ལེའུའི་མིང་གི་དབང་གི་དུས་སུ་ལྷ་གང་ལ་བབ་པའི་མིང་ཇི་ལྟར་གདགས་པ་དངོས་སུ་བསྟན་ལ། མངོན་པར་རྟོགས་པའི་དབང་དུ་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མིང་དེ་དང་དེས་མཚོན་པའི་ལྷ་གང་དང་གང་གི་རྣལ་འབྱོར་བསྒོམ་པ་དོན་གྱིས་བསྟན་པ་དང༌། དེ་ནས་རྒྱུད་བསྡུས་པ་དང་རྒྱས་པའི་རབ་ཏུ་དབྱེ་བ་བསྟན་པ་ནི། རྒྱུད་ཀྱི་བསྡུས་པ་དང་རྒྱས་པའི་རབ་ཏུ་དབྱེ་བ་དགོས་པ་དང་བཅས་པ་དངོས་སུ་བསྟན་ལ། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ། ཇི་ལྟར་རྩ་བའི་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པ་འམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་གསུངས་པ་བཞིན། ལྷ་དེ་གཉིས་ཀྱི་རྣལ་འབྱོར་འབའ་ཞིག་བསྒོམ་པར་མ་ཟད་ཀྱི། ལས་རྒྱས་པའི་དབང་དུ་བྱས་ནས་ལྷ་གཞན་དག་གི་རྣལ་འབྱོར་བསྒོམ་པ་ལས་ཀྱི་ཚོགས་དང་བཅས་པར་བསྟན་ཏོ། །ང་ནི་དུར་ཁྲོད་ཆུ་འགྲམ་དང༌། །ཞེས་བྱ་བ་ལ་སོགས་པས་ནི་ལྷའི་རྣལ་འབྱོར་དེ་དག་བསྒྲུབ་པའི་གནས་གསུངས་སོ། །དེ་ནས་ཕྱག་རྒྱ་དང་ཕྱག་མཚན་བཤད་པས་ནི་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་མཚན་བསྒོམ་པ་གསུངས་སོ། །དེ་ནས་བདག་མེད་མའི་སྒྲུབ་ཐབས་ཀྱིས་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྒྱལ་བ་རིགས་ལྔའི་རྣལ་འབྱོར་བསྒོམ་པར་མ་ཟད་ཀྱི་བདག་མེད་མའི་འཁོར་ལོ་ཡང་བསྒོམ་ཞིང༌། དེ་བཞིན་དུ་གང་ཟག་གི་མོས་པའི་བྱེ་བྲག་གིས་སྤྱན་མ་ལ་སོགས་པ་ནི། ཡུམ་གཞན་དག་གི་རྣལ་འབྱོར་བསྒོམ་པར་ཡང་དོན་གྱིས་གསུངས་སོ། །དེ་ནས་རིག་མའི་དབང་དུ་གསུངས་པས་ནི། དེ་ལྟར་བསྒོམས་པའི་རྣལ་འབྱོར་པའི་གང་ཟག་ཇི་ལྟ་བུས་བསྒོམ་པ་གསུངས་སོ། །དེ་ལྟར་དེ་ཡན་ཆད་ཀྱིས་ནི་མངོན་པར་རྟོགས་པའི་རིམ་པའི་འབྲེལ་བ་རྟོགས་པར་བྱ་བའི་ཚུལ་གྱིས་བསྡུས་ཏེ་བསྟན་ཏོ། །འདི་མན་ཆད་ཀྱིས་ནི་མངོན་པར་རྟོགས་པའི་རིམ་པ་གཉིས་པོ་ལས་ཀྱི་ཚོགས་དང་བཅས་པ་ཞར་ལ་སྐབས་སུ་རྒྱུའི་རྒྱུད་དང་བཅས་པ། རྒྱུད་ཀྱི་འཁྲུགས་ཀྱི་ཚུལ་གྱིས་ཤེས་རབ་ཀྱིས་རློམ་པའི་གང་ཟག སློབ་དཔོན་ལ་རག་ལས་པར་བྱ་བའི་ཕྱིར་ཁྲེའུར་དངོས་སུ་སྟོན་པར་བྱེད་པས། དེའི་འབྲེལ་པ་ནི་བཙལ་བར་མི་བྱའོ། །དེ་དག་རེས་འགའ་ནི་སྔ་མ་མི་གསལ་བ་གསལ་བའི་ཚུལ་གྱིས་སྟོན་ལ། རེས་འགའ་ནི་སྔ་མའི་ཁ་བསྐང་གི་ཚུལ་གྱིས་ཅི་རིགས་སུ་བསྟན་ཏོ། །དེ་ལྟར་དབང་བསྐུར་བ་དེས་དམ་ཚིག་ལ་གནས་པར་བྱ་བའི་ཕྱིར། དམ་ཚིག་རྡོ་རྗེ་གསུངས་པའི་བཀའ་ལུང་གིས་རིམ་པ་གཉིས་ཚུལ་བཞིན་དུ་བསྒོམ་པ་དང༌། བསྒོམས་པའི་དངོས་གྲུབ་ཀྱི་རྟགས་དང༌། དངོས་གྲུབ་ཀྱི་མཚན་ཉིད་ལུས་རྣམ་པར་གཞག་པའི་ཚུལ་གྱིས་མདོར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་གིས། འཁོར་དུ་གཏོགས་པ་རྣམས་དེ་ལ་རྗེས་སུ་ཡི་རང་བ་རྣམས་བསྟན་ཏོ། །ལྷག་མ་རྣམས་ཀྱིས་རྒྱས་པར་བསྟན་ཏོ། །དེ་ཉིད་ལ་ཡང༌། རིག་མ་ཆེན་མོ་བདག་མེད་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། མཆོག་གི་དངོས་གྲུབ་ཀྱི་ལྷའི་རྣལ་འབྱོར་དེ་དག་བསྒོམ་པའི་ཚེ། དེ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱ་བ་བསྟན་ཏོ། །སྐྱེས་བུ་ཆེན་པོ་བཞེངས་པ་རྡོ་རྗེ་ཏིང་ངེ་འཛིན་གྱིས་མི་བསྐྱོད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ནས། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་རྟེན་འབྲས་བུ་རྡོ་རྗེ་འཛིན་པའི་མཚན་ཉིད་བསྟན་ཏོ། །གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་ལ་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་བསྟན་ཏོ། །ཕྱག་གཉིས་ཞེས་བྱ་བ་ལ་སོགས་པས་ཡུམ་རྣམས་ཀྱི་མཚན་ཉིད་བསྟན་ཏོ། །ས་སྤྱོད་ཅེས་བྱ་བ་ལ་སོགས་པས་གནས་གང་དུ་ཆོ་ག་གང་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བསྟན་ཏོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་དེ་ཉིད་ཀྱི་སྒོ་མ་རྣམས་བསྟན་ཏོ། བྱང་སེམས་བུམ་པ་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་བཞི་བཅུ་རྩ་ལྔ་པོ་དེ་རྣམས་ཀྱི་མཚན་མ་རྣམས་བསྟན་ཏོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ལྷ་མོ་དེ་དག་དག་ཅིང་ལྷར་བསྐྱེད་པ་བསྟན་ཏོ། །ཧེ་རུ་ཀ་གཞན་དག་གི་བསྡུས་པའི་དཀྱིལ་འཁོར་ཡང་དོན་གྱིས་ཤེས་པར་བྱའོ། །ཐམས་ཅད་ཀྱི་རྣམ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་ནི་ལས་རྒྱས་པའི་དབང་དུ་བྱས་ནས། ཁྲོ་བོ་བཅུ་པོ་རྣམས་ཀྱི་སོ་སོའི་སྔགས་དང་ཕྲིན་ལས་བསྟན་ཏོ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པས་རྒྱལ་བ་རིགས་ལྔའི་བསྡུས་པའི་དཀྱིལ་འཁོར་དེ་དག་ཀྱང་སོ་སོའི་གཞལ་ཡས་ཁང་གི་ནང་དུ་དམ་ཚིག་གི་འཁོར་ལོ་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་དུ་བསྒོམ་པ་བསྟན་ཏོ། །སྒྲ་ལ་རྣམ་གསུམ་ཞེས་བྱ་བ་ནས། དོན་ཡོད་འབྲས་བུ་སྟེར་བའོ། །ཞེས་བྱ་བའི་བར་གྱིས་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའི་དོན་དུ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་རིགས་དང་རྗེས་སུ་མཐུན་པའི་ཕྱིའི་མཆོད་པ་བྱ་བར་བསྟན་ཏོ། །སྲུང་བའི་དམ་ཚིག་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པས་སྲུང་བའི་འཁོར་ལོའི་དབུས་སུ་བསྡུས་པའི་དཀྱིལ་འཁོར་བསྒོམ་པའི་མཚན་ཉིད་བསྒོམ་པ་བསྟན་ཏོ། །དོམ་དང་བྱ་རྒོད་ཅེས་བྱ་བ་ལ་སོགས་པས་རྒྱལ་བ་རིགས་བཞིའི་ཕྱག་མཚན་དང་རིགས་ལྔའི་ཕྱག་མཚན་གྱི་དག་པ་བསྟན་ཏོ། །སེམས་ཀྱི་རྗེས་སུ་དྲན་བྱ་བ་ལ་སོགས་པས་ནི་རྒྱལ་བ་རིགས་ལྔའི་ཐོག་མར་དམ་ཚིག་གི་འཁོར་ལོ་བསྒོམ་ཞིང༌། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་དང༌། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞིས་གདབ་པ་སྤྲོ་བསྡུ་དང་བཅས་པ་བསྟན་ཏོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་སོ་སོའི་རིགས་དང་རྗེས་སུ་མཐུན་པར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ས་བོན་དང་ཕྱག་མཚན་བསྒོམ་པ་བསྟན་ཏོ། །དཔག་ཚད་ཅེས་བྱ་བ་ལ་སོགས་པས་བསམ་གཏན་གྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་དེའི་རྒྱ་ཁྱོན་བསྟན་ཏོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་པར་བྱ་ཞིང༌། ཕྱོགས་ཀྱི་ལྷ་མོས་དགུག་གཞུག་བྱ་བ་དགོས་པ་དང་བཅས་པ་བསྟན་ཏོ། །རུ་རག་ཤ་དང་ཞེས་བྱ་བ་ལ་སོགས་པས་སྔགས་ཡུལ་གང་ལ་བཟླས་པ་དགོས་པ་དང་བཅས་པ་བསྟན་པའོ། །གང་གིས་སྔགས་ཀྱི་རིམ་ཐོབ་པ། །ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་སྤྱོད་པ་ལ་གནས་པའི་གནས་སྐབས་དེ་ཉིད་ཀྱི་ཕན་ཡོན་བསྟན་ཏོ། །སངས་རྒྱས་ང་རྒྱལ་ཞེས་བྱ་བ་ལ་སོགས་པས་ནི་རིམ་པ་གཉིས་ལ་གནས་པའི་མཐར་ཐུག་གི་ཕན་ཡོན་བསྟན་ཏོ། །བསྐྱེད་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་ནི་བསྐྱེད་པའི་རིམ་པ་ཡན་ལག་དྲུག་གི་བདག་ཉིད་བྱིན་གྱིས་བརླབ་པའི་སྔགས་དང་བཅས་པ་བསྟན་ཏོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་གཞལ་ཡས་ཁང་ཇི་ལྟར་བསྐྱེད་པ་དང༌། དེར་ལྷ་གང་བསྒོམ་པ་བསྟན་ཏོ། །བུམ་པའི་དབང་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོའི་གང་ཟག་དབང་བསྐུར་བ་དང༌། བཟའ་བའི་དམ་ཚིག་བསྟེན་པ་ཕན་ཡོན་དང་བཅས་པ་བསྟན་ཏོ། །ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་དག་པ་བསྟན་ཏོ། །ཁྱོད་ནི་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་གླུ་བསྟན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པས་སྐུ་གསུང་ཐུགས་དང་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་ལ་ལྷ་མོའི་སྐུར་བསྒོམ་པ་བསྟན་ཏོ། །གལ་ཏེ་འགལ་བ་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་ལུས་ལྷའི་སྐུས་སྦྱོང་བ་ལ་བརྩད་པའི་སྐྱོན་སྤང་བར་བསྟན་ཏོ། །རྩིག་པ་རྣམས་ཀྱི་གདུང་དང་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ཀྱི་ཐེག་པའི་ཐབས་ཁྱད་པར་དུ་འཕགས་པ་བསྟན་ཏོ། །དེ་ནས་རྡོ་རྗེ་སྒྲོལ་མ་ཞེས་བྱ་བ་ལ་སོགས་པས་ལས་རྒྱས་པའི་དབང་དུ་བྱས་ནས་སྒྲོལ་མ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་བསྟན་ཏོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་ཅིང༌། དེ་ལ་མ་གུས་པའི་ཉེས་དམིགས་བསྟན་པའི་སྒོ་ནས་དེའི་བསྙེན་བཀུར་བྱ་ཞིང་དེའི་ཕན་ཡོན་བསྟན་ཏོ། །ཚོགས་ཀྱི་ཟས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བྱེད་པའི་གང་ཟག་དེས་ཉམས་སུ་བླང་བའི་རིམ་པ་བླ་ན་མེད་པའི་མཆོད་པ་ཇི་ལྟར་བྱ་བ་བསྟན་ཏོ། །རྣལ་འབྱོར་པ་གང་དབང་བསྐུར་མེད། །ཅེས་བྱ་བ་ལ་སོགས་པས་ནི་དེ་ལྟར་མ་བྱས་པའི་ཉེས་དམིགས་བསྟན་ཏོ། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བྱས་པའི་ཕན་ཡོན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འཐོབ་པར་བསྟན་ཏོ། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །ཅེས་བྱ་བ་ལ་སོགས་པས་ནི་བུད་མེད་ལ་སྨད་པ་སྤང་བ་དང༌། ཕྱག་རྒྱའི་མཚན་ཉིད་བསྟན་ཏོ། །སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོའི་གང་ཟག་གི་མཚན་ཉིད་དམ་ཚིག་ལ་གནས་པར་བསྟན་ཏོ། །དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དང་སྦྱིན་སྲེག་དང་རབ་ཏུ་གནས་པ་བསྟན་ཏོ། །ཡེ་ཤེས་བདུད་རྩི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་རབ་ཏུ་གནས་པའི་ལྷ་ལ་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་དངོས་སུ་བསྟན་ཅིང༌། བདག་ཉིད་མི་བསྒོམ་པའི་དུས་སུ་ཡང་ཡན་ལག་གསུམ་པོ་དེ་དག་བྱ་བ་ཤུགས་ཀྱིས་བསྟན་ཏོ། །དེ་ནས་ཡེ་ཤེས་བདུད་རྩི་ཞེས་བྱ་བས་ནི་མཆོད་པ་བསྟན་ཏོ། །བྱང་ཆུབ་སེམས་མཆོག་ཅེས་བྱ་བ་ལ་སོགས་པས་ནི་བསྟོད་པའོ། །རྡོ་རྗེ་སེ་གོལ་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་མྱང་བར་བསྟན་ཏོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་སྟོབས་ཀྱི་བསྒྲུབ་པའི་ཆོ་གའི་བྱེ་བྲག་དྲག་ཤུལ་གྱི་བསྒྲུབ་པ་གསུངས་སོ། །འདིར་རྡོ་རྗེ་སེམས་དཔའི་དབང་དུ་བྱས་པ་ནི་དངོས་སུ་གསུངས་ཀྱི། རིགས་གཞན་དག་གི་དྲག་ཤུལ་གྱི་བསྒྲུབ་པ་ནི་དོན་གྱིས་བསྟན་ཏོ། །མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་རྒྱལ་བ་རིགས་ལྔ་སོ་སོའི་ཕྱག་རྒྱ་དང༌། དབུ་རྒྱན་ལ་སོགས་པའི་བྱེ་བྲག་བསྟན་ཏོ། །ལྷ་མོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཡུམ་གྱི་ཕྱག་རྒྱ་དང་ཕྱག་མཚན་བསྟན་ཏོ། །ཀྱེའི་རྡོ་རྗེ་ལ་ཞེས་བྱ་བ་ལ་སོགས་པས་ནི་རིགས་དང་རྗེས་སུ་མཐུན་པའི་ཡོན་དབུལ་བ་བསྟན་ཏོ། །སྐལ་བཟང་ཞེས་བྱ་བ་ལ་སོགས་པས་ནི་བླ་མ་ལ་དེ་ལྟར་དབུལ་བའི་རྒྱུ་མཚན་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་པས་ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་སོ་སོའི་ཐུགས་ཀྱི་སྙིང་པོ་བསྐུལ་བ་བསྟན་ཏོ། །སངས་རྒྱས་དཀྱིལ་འཁོར་ཞེས་པ་ལ་སོགས་པས་ནི་སོ་སོའི་དཀྱིལ་འཁོར་གྱི་ཕྱིའི་དབྱིབས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་སོ་སོའི་རྒྱན་གྱི་བྱེ་བྲག་དང་ཕྱག་རྒྱ་བསྟེན་པའི་ཚུལ་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོ། །ཞེས་བྱ་བ་ལ་སོགས་པས་སྤྱོད་པའི་མཚན་ཉིད་ཕན་ཡོན་དང་བཅས་པ་བསྟན་ཏོ། །སྐྱེས་པ་དང་ནི་སྐྱེ་ཞེས་བྱ་བ་ལ་སོགས་པས་ནི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པའི་ཕན་ཡོན་བསྟན་ཏོ། །ཕན་པ་ཉིད་ཀྱིས་ཞི་བ་སྟེ། །ཞེས་བྱ་བ་ལ་སོགས་པས་ལས་རྣམ་པ་བཞི་ལྷའི་རྣལ་འབྱོར་དང་བསམ་པའི་བྱེ་བྲག་དང༌། གང་ལས་གང་དབང་དུ་བྱས་ལ་ཚུལ་ཇི་ལྟར་བསྟན་པ་དང་སྔགས་ཀྱི་བྱེ་བྲག་བསྟན་ཏོ། །ལེའུ་བཅུ་གཉིས་པས་ནི་རྣལ་འབྱོར་མའི་འཁོར་ལོ་བསྒོམ་པ་བསྐྱེད་པའི་རིམ་པ་རྣལ་འབྱོར་སྤྱིའི་མཚན་ཉིད་དང་སྦྱར་ཏེ་བསྟན་ཏོ། །དེ་ནས་བྱམས་པ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མའི་རྒྱུད་ལ་བྱ་བའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་ཏོ། །དགའ་མཛེས་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་གཉིས་ཀྱི་སོ་སོའི་ངོ་བོ་དང་གྲངས་བསྟན་ཏོ། །སྐྱེས་བུ་རྣམས་ལས་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་གཉིས་བཤད་པའི་དགོས་པ་བསྟན་ཏོ། །དམན་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་སྡེ་བཞི་གང་ཟག་གང་ལ་བཤད་པ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་དགོངས་པ་བསྟན་ཏོ། །དེ་ལ་སྟོང་པ་སྙིང་རྗེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་དོན་ཇི་ལྟར་བསྡོམ་པ་བསྟན་ཏོ། །བདག་གི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་ནི་གང་ཟག་གང་གི་དོན་དུ་བསྒོམ་པ་བསྟན་ཏོ། །བདག་འཛིན་ཞེས་བྱ་བ་ལ་སོགས་པས་ནི་དགོས་པ་གང་གི་དོན་དུ་ཐབས་གང་གིས་བསྒོམ་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་འཁོར་རྣམས་ཀྱིས་དེ་ལ་རྗེས་སུ་ཡི་རང་ནས་བསྟོད་པ་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་མཚན་ཉིད་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་འབྲིང་གི་དངོས་གྲུབ་ཀྱི་དབང་དུ་བྱས་ནས་རིག་འཛིན་གྱི་དངོས་གྲུབ་བསྒྲུབ་པ་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་སེམས་རང་བཞིན་མེད་ཀྱང་དེ་ལས་ཐབས་ཀྱི་བྱེ་བྲག་གིས་དངོས་གྲུབ་དུ་མ་འབྱུང་བ་ལ་ངོ་མཚར་བར་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པའི་སེམས་དེ་ཉིད་སྣ་ཚོགས་སུ་སྣང་བའི་རྒྱུ་བསྟན་ཏོ། །ཤིན་ཏུ་མཛེས་ཞེས་བྱ་བ་ལ་སོགས་པས་ནི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བྱེ་བྲག་བསྟན་ཏོ། །དྲི་ལྔ་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བཟའ་བའི་དམ་ཚིག་ཕན་ཡོན་དང་བཅས་པ་བསྟན་ཏོ། །གང་གིས་དཀོན་མཆོག་གསུམ་བསད་ཅེས་བྱ་བ་ལ་སོགས་པས་ནི་དབང་དེ་ཉིད་ཀྱི་བསྲུང་བའི་དམ་ཚིག་ཕན་ཡོན་དང་བཅས་པ་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་རྒྱལ་ཞེས་བྱ་བ་ལ་སོགས་པས་ནི་བདག་དང་གནས་དང་རྣལ་འབྱོར་བསྲུང་བའི་ཕྱིར་ཁྲོ་བཅུའི་སྲུང་འཁོར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཆེན་པོ། །ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་རང་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པའི་ཚུལ་བསྟན་ཏོ། །གཟུགས་སྒྲ་ཞེས་པ་ལ་སོགས་པས་ནི་རང་བྱིན་གྱིས་བརླབ་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་ཏོ། །མྱོས་བྱེད་ཅུང་ཟད་ཅེས་པ་ལ་སོགས་པས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པས་གྲུབ་པའི་ས་ཧ་ཛ་ཡེ་ཤེས་ཀྱི་མཚན་ཉིད་བསྟན་ཏོ། །འབྱུང་པོ་འགྲོ་དང་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་གཉིས་མངོན་དུ་བྱས་པའི་འབྲས་བུ་ཧེ་རུ་ཀའི་མཚན་ཉིད་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རྫོགས་རིམ་གཅིག་པུས་མི་ཆོག་གི་རིམ་པ་གཉིས་ཀ་བསྒོམ་དགོས་པའི་འཐད་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཁྱད་པར་ཅན་བསྒྲུབ་པའི་ཕྱིར་རྡོ་རྗེ་ཡན་ལག་མེད་པ་སྒྲུབ་པའི་ཐབས་བསྟན་ཏོ། །དེ་ལ་ཡང་ཕྱག་བཞི་པ་དང་ཞེས་པ་ལ་སོགས་པས་ནི་ལྷ་གང་གི་རྣལ་འབྱོར་གྱིས་བསྒྲུབ་པ་བསྟན་ཏོ། །ཧྃ་གིས་ས་བོན་ཞེས་པ་ལ་སོགས་པས་ནི་བསྒྲུབ་པར་བྱ་བ་གང་བསྒྲུབ་པ་བསྟན་ཏོ། །མ་བཅོམ་མཆོག་གི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཡན་ལག་མེད་པ་དང་བསྟན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ས་བོན་གྱི་ཡི་གེ་ཧཱུྃ་གི་མཚན་ཉིད་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ཧཱུྃ་གི་ས་བོན་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་ཏོ། །སྣ་ཚོགས་བྱེད་པ་རྣམ་པར་རྒྱལ། །ཞེས་བྱ་བ་ལ་སོགས་པས་ནི་ས་ཡོངས་སུ་གཟུང་བ་ལ་སོགས་པའི་དུས་སུ་ལྷའི་བུའི་བདུད་ལ་སོགས་པ་ཚར་གཅད་པའི་ཐབས་མཚོན་ཆའི་རིག་བྱེད་དང༌། དེ་ཉིད་ཀྱི་ཚེ་མཆོད་པའི་བྱེ་བྲག་རོལ་མོའི་སྒྲའི་ཕྱག་རྒྱ་དང༌། དྲིའི་མཆོད་པ་དང༌། རྡོ་རྗེ་གར་གྱི་བྱེ་བྲག་དང༌། བར་ཆད་བསལ་བ་དང༌། ལྷ་མཉེས་པར་བྱ་བ་དང༌། ལས་ཀྱི་ལྷག་ཆད་ཁ་བསྐང་བའི་དོན་དུ་སྦྱིན་སྲེག་བྱ་བ་ཕན་ཡོན་དང་བཅས་པ་བསྟན་ཏོ། །རྗེས་སུ་ཆགས་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱ་གང་ལ་བརྟེན་ཏེ། མཆོག་གི་ཟེ་བའི་ནང་དུ་བྱང་ཆུབ་ཀྱི་སེམས་ཇི་ལྟར་བཟུང་བ་བསྟན་ཏོ། །རྡོ་རྗེ་གར་ཞེས་བྱ་བ་ལ་སོགས་པས་ནི་ས་ཡོངས་སུ་གཟུང་བའི་དུས་སུ་རྡོ་རྗེ་གར་གོང་དུ་ཇི་སྐད་གསུངས་པ་དེ་ཁ་བསྐང་བའི་ཕྱིར་རྐང་སྟབས་ཀྱི་བཀོད་པ་དང༌། ལག་པའི་བཀོད་པ་དང༌། འདུག་སྟངས་ཀྱི་བཀོད་པ་དང༌། གར་གྱི་རོ་དགུ་དང༌། གླུའི་བཀོད་པ་དང༌། མཆོད་པའི་བཀོད་པ་དང༌། རྡོ་རྗེ་དང་དྲིལ་བུ་བླང་བའི་སྔགས་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པས་ཧེ་རུ་ཀ་གསུམ་གྱི་རྣལ་འབྱོར་བསྟན་ཏོ། །མདོག་དམར་ཞེས་བྱ་བ་ལ་སོགས་པས་ལས་རྒྱས་པའི་དབང་དུ་བྱས་ནས་ཀུ་རུ་ཀུལླེའི་སྒྲུབ་ཐབས་བསྟན་ཏོ། །བཙུན་མོའི་ཆོས་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་གྱི་རྒྱུད་དང་མཐུན་པའི་གླེང་གཞི་ཕུན་སུམ་ཚོགས་པའི་སྒོ་ནས་གང་བཤད་པའི་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །ལམ་གྱི་དེ་ཉིད་ཅེས་བྱ་བ་ལ་སོགས་པས་ལས་རྒྱས་པའི་དབང་དུ་བྱས་ནས་ལྷ་བཅུའི་རྣལ་འབྱོར་དང༌། སོ་སོའི་སྔགས་དང༌། ལས་གང་ལ་སྦྱར་བ་དང༌། བཟླས་པའི་བསྙེན་པའི་ཚད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པས་གདུག་པ་ཅན་ཚར་གཅོད་པའི་དོན་དུ་མངོན་སྤྱོད་ཀྱི་ལས་ཀྱི་བྱེ་བྲག་ནག་པོ་ཆེན་པོ་སྒྲུབ་པའི་ཐབས་བསྟན་ཏོ། །དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱ་ལྷ་གང་གི་རྣལ་འབྱོར་དུ་བྱ་བ་དང༌། ཇི་ལྟར་བསྟེན་པ་དང༌། དུས་ཇི་སྲིད་དུ་བསྟེན་པ་དང༌། ལྷ་གང་གི་དངོས་གྲུབ་འགྲུབ་ལ་བསྟན་ཏོ། །ཆུའི་དབང་གི་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་གང་ཟག་དབང་དང་དམ་ཚིག་ལ་གནས་པ་བསྟན་ཏེ། དེ་ཡང་ཆུའི་དབང་གི་ཞེས་བྱ་བ་ལ་སོགས་པས་ནི་དབང་གི་རབ་ཏུ་དབྱེ་བ་རྒྱས་པར་བསྟན་ཏོ། །སློབ་དཔོན་སྨད་པར་ཞེས་བྱ་བ་ལ་སོགས་པས་ནི་བསྲུང་བའི་དམ་ཚིག་རྣམས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་འཁོར་རྣམས་ཀྱིས་དེ་བཞིན་གཤེགས་པ་དྲུག་དང༌། བདག་མེད་མའི་ངོ་བོ་ཉིད་དུ་གྱུར་པའི་སྒོ་ནས་བསྟོད་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུ་དབང་བསྐུར་བའི་སློབ་དཔོན་ལ་ཇི་ལྟར་གུས་པ་བྱ་བ་བསྟན་ཏོ། །ས་མཱཔྟ་མི་ཐི།། ༄༅། །«སཾ་པུ་ཊའི་དཀའ་འགྲེལ་བཞུགས།། »༄༅། །བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་མཚན་གྱི་དོན་ནི་རྩ་བའི་རྒྱུད་ཀྱི་སྐབས་སུ་གཏན་ལ་ཕབ་པ་ལས་ཁྱད་པར་མེད་ལ། ཚིག་ཅུང་ཟད་ཙམ་ཟུར་མི་མཐུན་པ་ཡང་དག་པར་སྦྱོར་བ་ཞེས་པས་ཐབས་ཤེས་རབ་ཏུ་གཏན་ལ་ཕབ་པ་བསྟན་ཏེ། འོག་ནས་ཀྱང་ཡང་དག་པར་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ་ཞེས་གསུངས་སོ། །རྩ་བའི་རྒྱུད་ཀྱི་རྒྱལ་པོ་དང་འདིར་ཆེན་པོ་ཞེས་གསུངས་པ་གཉིས་དོན་གཅིག་ཏུ་སྦྱར་རོ། །མཚན་དེ་དང་ལྡན་པའི་དོན་ལ་ལྔ་སྟེ། རྒྱུད་བཤད་ཐབས་ཀྱི་མན་ངག་དུས་བཤད་པ། གཞུང་མདོ་རྒྱས་དུར་གནས་པ། རྒྱུད་ཀྱི་གནས་ལུགས་ཇི་ལྟར་གནས་པ། རྟེན་གྱི་གང་ཟག་གཅིག་གི་ཆ་རྐྱེན་གྱི་མངོན་པར་རྟོགས་པར་ཇི་ལྟར་འགྲོ་ཚུལ། རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་ཚུལ་ལོ། །དང་པོ་བཤད་ཐབས་ཀྱི་མན་ངག་དྲུག་ཀ་འཇུག་ཏུ་རུང་སྟེ། ཉན་པ་པོས་རྟོགས་སླ་ཞིང་གཟུང་བདེ་བའི་ཕྱིར་གདམས་ངག་དྲུག་གིས་བཤད་པ། དབང་ལམ་དུ་བྱ་བའི་ཕྱིར་བདག་ཉིད་ཅན་རྣམ་པ་གསུམ་གྱི་བཤད་པ། འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་ཕྱིར་གནས་པ་བཞིར་བཤད་པ། རང་གི་རྒྱུད་རྒྱུན་ཆགས་གཅིག་ལ་དགོངས་ནས་རྒྱུད་གསུམ་དང་སྦྱར་ཏེ་བཤད་པ། སྤང་བྱ་མི་མཐུན་པའི་ཕྱོགས་སྤོང་པའི་དབང་དུ་བྱས་ནས་དག་པ་གསུམ་དང་སྦྱར་ཏེ་བཤད་པ། སྣོད་མ་ཡིན་པ་ལ་གསང་བའི་དབང་དུ་བྱས་ནས་གསང་བ་རྣམ་པ་བདུན་དང་སྦྱར་ཏེ་བཤད་པའོ། །དེ་ལ་དང་པོ་གཉིས་ནི་རྩ་བའི་རྒྱུད་ཀྱི་སྐབས་སུ་བཤད་པ་ལྟར་རྟོགས་པར་བྱའོ། །གནས་པ་བཞིས་རྒྱུད་ཀྱི་དོན་ཇི་ལྟར་བསྡུས་པ་བརྟག་པ་ལྔ་པའི་གཉིས་པར་འཆད་པར་འགྱུར་རོ། །རྒྱུད་གསུམ་གྱི་རྒྱུད་ཀྱི་དོན་ཇི་ལྟར་བསྡུས་པ་མཚན་དོན་གྱིས་ཤེས་པར་ནུས་པ་ཡིན་ནོ། །དག་པ་གསུམ་དང་སྦྱར་བ་ནི་རྒྱུའི་རྒྱུད་ཀྱིས་བསྡུས་པའི་དག་པ་གསུམ། ཐབས་ཀྱི་རྒྱུད་ཀྱིས་བསྡུས་པའི་དག་པ་རྣམ་པ་གསུམ། འབྲས་བུའི་རྒྱུད་ཀྱིས་བསྡུས་པའི་དག་པ་རྣམ་པ་གསུམ་སྟེ་དགུར་གནས་སོ། །དང་པོ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྟོག་པ་ཐམས་ཅད་དང་བྲལ་བ། ཆོས་རང་བཞིན་གྱིས་འོད་གསལ་བ་སྟེ་དེ་བཞིན་ཉིད་ཀྱི་དག་པ། སེམས་རང་བཞིན་གྱིས་རྟོག་པ་ཐམས་ཅད་དང་བྲལ་བ། སེམས་རང་བཞིན་གྱིས་འོད་གསལ་བ་སྟེ། རང་རིག་པའི་དག་པའོ། །སེམས་ཅན་རྣམས་རང་བཞིན་གྱིས་ཞལ་ཕྱག་རྣམ་པའི་གཟུགས་ཅན་སྤྲུལ་པའི་སྐུ་ཡིན་པ་དང༌། མ་དག་པ་ཉི་ཤུ་རྩ་གཅིག་གམ་བཅུ་བདུན་ངོ་བོ་ཉིད་ཀྱི་ལྷ་ཡིན་པ་ལྷ་སོ་སོའི་དག་པའོ། །གཉིས་པ་ལམ་གྱི་དེ་བཞིན་ཉིད་ཀྱི་དག་པ་ཐོས་བསམ་གྱིས་སྤྲོས་བྲལ་གཏན་ལ་ཕབ་པ་དང༌། ཡེ་ཤེས་ཚོགས་བསགས། ལྷ་སོ་སོའི་དག་པ་བསྐྱེད་རིམ་སྦྱང་གཞི་སོ་སོའི་གཉེན་པོར་བསྒོམ་པ། རང་རིག་པའི་དག་པ་རྫོགས་པའི་རིམ་པ་བསྒོམ་པའོ། །གསུམ་པ་འབྲས་བུའི་དེ་བཞིན་ཉིད་ཀྱི་དག་པ་མཐར་ཕྱིན་པ་ཆོས་སྐུ། ལྷ་སོ་སོའི་དག་པ་མཐར་ཕྱིན་པ་སྤྲུལ་སྐུ་སྣ་ཚོགས་སུ་སྣང་བ། རང་རིག་པའི་དག་པ་མཐར་ཕྱིན་པ་བདེ་བ་ཆེན་པོའི་དབང་དུ་བྱས་ཏེ་ལོངས་སྐུའོ། །དེ་ལྟར་ན་རྒྱུད་གསུམ་དག་པ་གསུམ་གྱིས་བསྡུས་སོ། །གསང་བ་བདུན་གྱིས་བསྡུས་པ་ནི་རྒྱུད་ཕྱི་མ་ལས་རྟོགས་པར་འགྱུར་རོ། །གཉིས་པ་གཞུང་མདོ་རྒྱས་དུར་གནས་པ་ནི་རྩ་བའི་རྒྱུད་བརྟག་པ་གཉིས་པ་མདོ་རྒྱས་གསུམ་དུ་གནས། གུར་གཉིས་སུ་གནས་ལ། ཡང་དག་པར་སྦྱོར་བ་འདི་མདོ་རྒྱས་ལྔར་གནས་ཏེ་གླེང་གཞིའི་ཚུལ་གྱིས་མདོར་བསྟན། མཚན་དོན་གྱིས་ཅུང་ཟད་ཙམ་གྱིས་རྒྱས་པར་བཤད། ཡང་མཚན་དོན་ཡང་མདོར་བསྟན་དུ་བྱས་ནས་བརྟག་པ་དང་པོས་རྒྱས་པར་བཤད། ཡང་བརྟག་པ་དང་པོ་ཡན་ཆད་མདོར་བསྟན་དུ་བྱས་ནས། བརྟག་པ་གཉིས་པ་ནས་བཅུ་པའི་བར་བརྟག་པ་དགུས་མངོན་པར་རྟོགས་པའི་རིམ་པ་རྒྱས་པར་བཤད། རྒྱུད་ཕྱི་མས་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བའི་དབང་དུ་བྱས་ནས་ཤིན་ཏུ་གསལ་བར་བཤད་དོ། །གསུམ་པ་རྒྱུད་གནས་པའི་གོ་རིམ་ནི། རྩ་བའི་རྒྱུད་བརྟག་པ་གཉིས་པ་ནི་རྟེན་གྱི་གང་ཟག་གཞུག་པའི་གོ་རིམ་དུ་གནས། གུར་ཤེས་རབ་ཏུ་རློམ་པའི་གང་ཟག་བླ་མ་ལ་རག་ལས་སུ་གཞུག་པའི་ཕྱིར་མངོན་པར་རྟོགས་པ་འཁྲུགས་ནས་གནས་ལ། འདི་ནི་རྒྱས་པར་བཤད་པ་ལ་གང་ཟག་གི་རྒྱུད་ལ་སྐྱེ་བའི་གོ་རིམ་དུ་གནས་ཏེ་དང་པོར་དབང་བསྐུར་བ། དེ་ནས་དེ་ཉམས་སུ་བླང་བའི་ཐབས། དེ་ནས་འབྲས་བུའོ། །ལྔ་པ་རྟེན་གྱི་གང་ཟག་གཅིག་གི་མངོན་པར་རྟོགས་པར་འགྲོ་བའི་ཚུལ་ནི། རྩ་བའི་རྒྱུད་དུ་ཐུན་མོང་དུ་རྟོགས་པར་བྱ་ལ། དེ་ཉིད་གཞུང་དང་སྦྱར་ན་བརྟག་པ་དང་པོར་རྟེན་གྱི་གང་ཟག་དང༌། ཐབས་དང༌། འབྲས་བུ་ཐམས་ཅད་མདོར་བསྟན་ནས་རྒྱས་པར་བཤད་པ་ལ། གཉིས་པའི་དང་པོས་རྟེན་གྱི་གང་ཟག་དབང་བསྐུར་བ་བསྟན། དེས་ཉམས་སུ་བླང་བའི་ཐབས་མངོན་པར་རྟོགས་པ་བཅུ་གཅིག་ལས་བརྟག་པ་གཉིས་པའི་གཉིས་པ་ལས་ཐབས་ལ་གནས་པས་ཇི་ལྟར་མོས་པའི་དབང་དུ་བྱས་ནས་རྫོགས་པའི་རིམ་པ་བསྟན། རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་གཉིས་པའི་གསུམ་པ་ནས་གསུམ་པ་དངོས་ཀྱི་བར་རབ་བྱེད་དྲུག་གིས་བསྟན། ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་ལྔ་པའི་གཉིས་པ་དང་གཙོ་བོར་སྦྱར་ལ། དོན་གྱིས་ན་རྒྱུད་འདི་ལས་བྱུང་བའི་རྫོགས་རིམ་ཐམས་ཅད་ཀྱང་ཡིན་ནོ། །རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ་ནི་ལྔ་པའི་གསུམ་པ་ནས་སྤྱོད་པའི་མཚན་ཉིད་བསྟན། ལྔ་པ་དངོས་ནི་སྤྱོད་པ་བསྒྲུབ་པའི་རིམ་པ་བསྟན། བཞི་པ་ཐབས་ཀྱིས་སྤྱོད་པའི་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་བསྟན་ལ། དེའི་ངག་བརྡའི་དོན་དུ་བདུན་པའི་དང་པོ་ནས་ཀྱང་ཅུང་ཟད་བཤད་ལ། ལྔ་པའི་དང་པོ་ལས་རྣལ་འབྱོར་མ་དང་འདུ་བའི་གནས་ལ་སོགས་པ་བསྟན་ཏེ། རབ་བྱེད་བདུན་པའི་ཆ་ཤས་དང་བརྒྱད་ཀྱིས་བསྟན་ཏོ། །སྤྱོད་པ་ལ་གནས་པ་དེས་ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་དོན་དམ་པ་དང༌། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཨཱ་ལིའི་བདག་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དྲུག་པ་རིལ་པོས་བསྟན་ལ། ཀཱ་ལིའི་བདག་ཉིད་ཀུན་རྫོབ་ཀྱི་སེམས་བསྐྱེད་པ་དགུ་པའི་དང་པོ་ལས་བསྟན་ཏེ། དེ་ལྟར་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའི་དང་པོའི་ཆ་དང་ཉི་ཤུ་རྩ་གཅིག་གིས་གཙོ་བོར་མཆོག་སྒྲུབ་པའི་མངོན་རྟོགས་ལྔ་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྙིང་པོ་ནས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ་ནི་བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གསུམ་པའི་སྟོད་ནས་སྔགས་དག་པར་བྱ་བའི་ཕྱིར་སྔགས་བཏུ་བ་བསྟན་ལ། བརྒྱད་པ་དངོས་ནས་སྔགས་ཉིད་བསྟན། བརྒྱད་པའི་གཉིས་པ་ནས་སྔགས་བཟླས་པའི་ཡུལ་ཕྲེང་བ་དང་ཞར་ལས་སྔགས་བཟླས་པའི་མན་ངག་ཀྱང་བསྟན་ཏོ། །བར་ཆད་ལ་སོགས་པ་ཞི་བའི་ཕྱིར་གཏོར་མ་ནི་དགུ་པའི་རབ་བྱེད་གཉིས་པ་ནས་བསྟན་ལ། གཏོར་སྔགས་བརྒྱད་པ་དངོས་ནས་ཀྱང་སྟོན་ཏེ། ལས་མཐའ་དག་སྒྲུབ་པར་བྱེད་པའི་ཐབས། སྦྱིན་སྲེག་ནི་བདུན་པའི་གཉིས་པ་དང༌། བདུན་པ་དངོས་ཀྱི་རབ་གནས་ཀྱི་སྐབས་ལས་བསྟན་ལ། བཅུ་པའི་དང་པོ་ནས་ཀྱང་བསྲེག་རྫས་ལ་བརྩད་པ་སྤང་བ་བསྟན་ཏོ། །སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་རབ་གནས་བདུན་པ་དངོས་ལས་བསྟན་ཏེ། དཀྱིལ་འཁོར་དང་སྦྱིན་སྲེག་ལ་བརྟེན་ནས་རབ་གནས་འགྲུབ་པས་སོ། །དམན་པ་ལ་མོས་པའི་རྟེན་གྱི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ཕྲིན་ལས་རབ་འབྱམས་ནི་བདུན་པའི་དང་པོ་ནས་ལྟ་སྟངས་ལ་སོགས་པའི་ཡེ་ཤེས་བདུན་བསྟན་ལ། བདུན་པའི་གསུམ་པ་ནས་འཁྲུལ་འཁོར་ལ་བརྟེན་པའི་ལས་རྣམས་བསྟན། བདུན་པ་དངོས་ཀྱི་སྨད་ལས་བསམ་གཏན་ལ་བརྟེན་པའི་ལས་རྣམས་བསྟན། གཉིས་པ་དངོས་ཀྱི་སྟོད་ལས་ཀྱང་ལས་རྒྱས་པའི་ལྷ་མོ་གསུམ་བསྟན་ཏོ། །གྲོགས་དམ་ཚིག་དང་སྡོམ་པ་རྐྱང་པས་ཀྱང་འགྲུབ་པས་དམ་ཚིག་དང་སྡོམ་པ་ནི་བརྒྱད་པའི་དང་པོ་ནས་རྡོ་རྗེ་དྲིལ་བུའི་དེ་ཁོ་ན་ཉིད་ནི་ཐུགས་རྡོ་རྗེ་མི་བསྐྱོད་པའི་དམ་ཚིག་དང་སྡོམ་པ་ཡིན་ལ། གཉིས་པ་ནས་ཕྲེང་བ་ཡང་གསུང་རྡོ་རྗེའི་དམ་ཚིག་ཏུ་ཡང་བསྡུ། བརྒྱད་པའི་གསུམ་པ་ནས་འཕོ་བ་བསྟན་པ་ལ་དོན་ཡོད་གྲུབ་པའི་དམ་ཚིག་སྟེ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཞེས་པའི་ཁོངས་སུ་བསྡུས་པ་ཡིན་གསུང་ངོ༌། །དགུ་པའི་གཉིས་པ་དགུ་པ་དངོས་ནས་ཚོགས་བསྟན་པ་ཡང་དམ་ཚིག་ཡིན་ལ། དགུ་པའི་གསུམ་པའི་བྲིས་སྐུ་སྐུ་རྡོ་རྗེའི་དམ་ཚིག གླེགས་བམ་གསུང་རྡོ་རྗེའི་དམ་ཚིག་གོ །བཅུ་པ་དངོས་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག བསྟེན་པར་བྱ་བའི་དམ་ཚིག་ཕྱག་རྒྱ། རང་གི་ལུས་ཀྱི་ཁམས་རྣམས་ལ་སངས་རྒྱས་ལྔར་བྱ་བའི་དམ་ཚིག་བསྟན་ཏོ། །དེ་ལྟར་རབ་ཏུ་བྱེད་པ་བཅུ་གཉིས་པ་དངོས་ཀྱི་ཆ་དང༌། བཅུ་གསུམ་གྱིས་དངོས་གྲུབ་མཐའ་དག་གི་མངོན་རྟོགས་དྲུག་བསྟན་ཏོ། །ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་ནི། བཅུ་པའི་དང་པོ་ལས་འབྲས་བུ་དེ་ཉིད་རྒྱུའི་སྒོ་ནས་བསྟན། གཉིས་པ་ལས་གྲུབ་པའི་རྟགས་ཀྱི་སྒོ་ནས་བསྟན། གསུམ་པ་ནས་འབྲས་བུ་དངོས་བསྟན་ནོ། །རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པ་ནི། ལ་ལར་མི་གསལ་བ་གསལ་བར་བྱས་ལ། ཁ་ཅིག་ཏུ་མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས། ཁ་ཅིག་ཏུ་ཆ་མཐུན་ངེས་པ་བསྐྱེད་པའི་ཚུལ་གྱིས་སོ། །མི་གསལ་བ་གསལ་བ་ལའང་ཁ་ཅིག་ཏུ་བསྡུས་ཏེ་གསལ་བར་སྟོན། ཁ་ཅིག་ཏུ་འཁྲུགས་བསྡེབས་ཏེ་གསལ། ཁ་ཅིག་ཏུ་ཚིག་གི་དོན་རྣམ་པར་ཕྱེ་སྟེ་གསལ་བར་བྱེད་པའོ། །གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པའི་དོན་རྩ་བའི་རྒྱུད་དང་ཐུན་མོང་དུ་རྟོགས་པར་བྱའོ། །མཚན་གྱི་དོན་གྱིས་ཅུང་ཟད་ཙམ་གྱིས་རྒྱས་པར་བཤད་པ་ལས་རྒྱུད་གསུམ་དང་སྦྱར་ན་བརྒྱུད་ཅེས་པ་རྗོད་བྱེད་སྒྲའི་རྒྱུད་དེ་རྒྱུད་ཀྱི་དོན་སྟོན་པས་སོ། །གླེང་གཞི་ནི་ནཱིད་ན་ཞེས་པ་འབྱུང་བར་ངེས་པ་སྟེ། དང་པོ་ནི་དོན་གྱི་གླེང་གཞི་སྟོན་པ་ལ་སོགས་པ་ཆོས་འབྱུང་བའི་རྒྱུད་འབྱུང་བར་ངེས། ངེས་ཚིག་གི་གླེང་གཞི་ཕྱི་རབས་ཀྱི་གང་ཟག་ངེས་པ་བསྐྱེད་པའི་ཕྱིར་འབྱུང་བར་ངེས། ཡང་ན་བརྗོད་བྱ་རྒྱུད་གསུམ་ལ་རྗོད་བྱེད་བསྡུས་པའི་ཡི་གེ་སུམ་ཅུ་བདུན་འབྱུང་བར་ངེས། ཡང་བརྗོད་བྱ་ཐབས་ཤེས་རབ་མཚོན་པར་བྱེད་པའི་ཡི་གེ་ཨེ་ཝྃ་གཉིས་དང་པོར་འབྱུང་བར་ངེས་པའོ། །གསང་བ་ནི་དེའི་བརྗོད་བྱའོ། །ཡང་དག་པར་སྦྱོར་བ་ནི་རྒྱུའི་རྒྱུད་མ་དག་པ་སྣོད་བཅུད་དང་དག་པ་སྐུ་དང་ཡེ་ཤེས་ལ་སོགས་པར་སྣང་བས་ཐབས་དང༌། རང་བཞིན་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ཤེས་རབ་སྟེ། དེ་གཉིས་དབྱེར་མེད་པའི་བདག་ཉིད་ཅན་ནོ། །རྒྱུའི་རྒྱུད་དེ་ལས་བྱུང་བ་ནི་ཐབས་ཀྱི་རྒྱུད་ཀྱི་ཐབས་ཤེས་རབ་གཉིས་མེད་དེ་ཡང་དག་པར་སྦྱོར་བ་ནི་ཏིང་ངེ་འཛིན་ཞེས་པའོ། །དེ་ཉིད་བཤད་པ་འབྱུང་བ་ལ་སོགས་པ་སྟེ། སེམས་ཉིད་དང་བརྟན་གཡོ་ཐམས་ཅད་རོ་གཅིག་པར་ཉམས་མྱོང་སྐྱེ་བའོ། །མཚན་ཉིད་ནི་ཐབས་འདིས་མཚོན་པར་བྱེད་པས་མཚན་ཉིད་ཅེས་ཐབས་ལ་བྱ་ལ། འདི་མཚོན་པར་བྱ་བ་ཞེས་འབྲས་བུ་ལ་བྱའོ། །མཚན་གྱི་དོན་སྟོན་པ་དང་དེས་གསུངས་པའི་ཆོས་དང་སྦྱར་ཏེ་བཤད་པ། རྒྱུད་ཐམས་ཅད་སྔར་དང་འདྲ་ལ། གླེང་གཞི་སློང་བ་པོ་སྟེ། འོག་ཏུ་སྦྱར་ལ་སྟོན་པ་རྡོ་རྗེ་སེམས་དཔའོ། །དེ་ཉིད་ཡང་དག་པར་སྦྱོར་བ་སྟེ། ཆོས་སྐུ་དམིགས་མེད་སྙིང་རྗེ་དང་ཤེས་རབ་སྦྱོར་ལ། གཟུགས་ཀྱི་སྐུ་ཡུམ་དང་ཡང་དག་པར་སྦྱོར་བའོ། །གསང་བ་ཞེས་བྱ་བ་ལ་སོགས་པས་འོག་ནས་འབྱུང་བའི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་འཁོར་དང་བཅས་པའོ། །བཤད་པར་དམ་བཅའ་བའི་དོན་ལ་རྗོད་བྱེད་ཀྱི་དབང་དུ་བྱས་ན་ཐབས་ཞེས་པ་ཡི་གེ་སོ་བདུན་གྱིས་མགོ་དྲངས་པ། ཤེས་རབ་ཡི་གེ་བཅུ་དྲུག་གིས་དྲངས་ལ། བདག་ཉིད་ཅེས་པ་གཉིས་སུ་མེད་པ་སྟེ། གཉིས་ཀ་བཤད་ཅེས་པའོ། །བརྗོད་བྱ་དོན་གྱི་དབང་དུ་བྱས་ན་བརྒྱུད་གསུམ་ཀ་ཐབས་ཤེས་རབ་གཉིས་མེད་དེ་མཚན་དོན་གྱི་སྐབས་བཞིན་དུ་འདིར་ཡང་རྟོགས་པར་བྱའོ། །དེ་བཞིན་ཉིད་ཀྱི་དག་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བརྗོད་པར་བྱ་བའི་དོན་ལྟ་བའི་དབང་དུ་བྱས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི་ཡིན་ལ། ལྷ་བསྐྱེད་པའི་སྔོན་དུ་ཡེ་ཤེས་ཀྱི་ཚོགས་བསག་པ་དང་འབྲེལ་བའི་དབང་དུ་བྱས་ནས་བསྐྱེད་རིམ་དང་སྤྱིའོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་མངོན་པར་རྟོགས་པ་ཐབས་ལ་གནས་པས་ཇི་ལྟར་མོས་པར་བྱ་བའི་དབང་དུ་བྱས་ནས་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་དང་འབྲེལ། རྒྱུད་སྡེ་གཞན་རྡོ་རྗེ་གདན་བཞིའི་བདག་གི་གདན་གྱི་རབ་ཏུ་བྱེད་པ་གསུམ་པ་དང༌། དེ་བཞིན་ཉིད་ཀྱི་དག་པ་བསྒོམ་པའི་དགོས་པ་དང༌། ཆོས་ཅན་ཁམས་བཅོ་བརྒྱད་སྟོང་པ་ཉིད་དུ་བསྒོམ་པ་ཆ་མཐུན། དེར་གླེང་གཞི་ལ་སོགས་པ་སྟོང་པར་བསྒོམ་པར་གསུངས་ལ། འདིར་ཁམས་བཅོ་བརྒྱད་དུ་ཐམས་ཅད་འདུས་པའི་དབང་དུ་བྱས་ནས་བསྡུས་ནས་བསྟན། སྟོང་པ་ཉིད་དང་དེ་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་མ་ཚང་བ་ཁ་བསྐང༌། བསྒོམས་པའི་ཕན་ཡོན་དང་མ་བསྒོམས་པའི་ཉེས་དམིགས་གཉིས། དེར་རབ་ཏུ་བྱེད་པ་བཞི་པའི་སྟོད་དུ་གསུངས་པ་འདིར་ཕྱོགས་གཅིག་ཏུ་བསྡེབས་ཏེ་བཤད་དོ། །ཚིག་གི་དོན་ལ་དང་པོར་ཞེས་པ་ལམ་ཐམས་ཅད་ཀྱིའོ། །སྟོང་པ་ཉིད་བསམ་པ་ནི་ཐོས་བསམ་གྱིས་བཤིག་པའི་སྒོ་ནས་སོ། །ཡེ་ཤེས་ཚོགས་ལྟར་ན་ལྷ་བསྐྱེད་པའི་དང་པོར་ཤཱུ་ནྱ་ཏཱ་ལས་སྣང་བ་མི་དམིགས་པའི་སྟོང་པ་བསྒོམ་པའོ། །དྲི་མ་ནི་ཀུན་ཏུ་བརྟགས་པའི་དྲི་མའོ། །སྟོང་པ་ཉིད་བསྒོམ་པའི་དགོས་པའོ། །ཆོས་ཅན་གང་དག་སྟོང་པ་ཉིད་དུ་བསྒོམ་པ། །གཟུགས་ཀྱི་ཁམས་ནི་སྟོང་པ་ཡི། །ཞེས་པ་རང་བཞིན་གྱིས་སོ། །ཅིའི་ཕྱིར་ཞེ་ན། ཡང་དག་པ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དང༌། ཡང་གློ་བུར་དུ་རྒྱུ་རྐྱེན་ལས་སྐྱེ་བའི་ཕྱིར་རོ། །སྒྲ་ལའང་རིགས་པ་དེ་ཉིད་ཀྱིས། ཞེས་པ་ལ་སོགས་པའོ། །བསྒོམས་པའི་ཕན་ཡོན་ལ། སྤང་བྱ་སྤང་བ་ནི། བསམ་པ་ཇི་ལྟ་བུ་དང་ལྡན་པ་ལ་ཕན་ཡོན་འབྱུང་ན་འཁོར་བའི་ཞེས་པ་ལ་སོགས་པ་གསུངས་སོ། །གང་ལས་སྒྲོལ་ན་ལུས་ཞེས་པ་ཕུང་པོ་ལྔ་དེའི་དབུས་སུ་བསྐོར་ཞེས་པ་དེས་བཅིངས་པའི་སེམས་བརྒལ་བ་སྟེ་གྲོལ་བའོ། །གང་གིས་གྲོལ་ན་རྣམ་ཤེས་ཞེས་པ་ལ་སོགས་པ་ཡུལ་ཅན་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་སྟོང་པར་རྟོགས་པས་སོ། །ཐོབ་བྱ་ཐོབ་པའི་ཕན་ཡོན་འགྲོ་བ་ཞེས་པ་རྐང་པ་གཉིས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་བསྟན་ཏོ། །མ་བསྒོམས་པའི་ཉེས་དམིགས་སྟོང་པ་ཉིད་མ་རྟོགས་པས་དངོས་པོ་ལ་མངོན་ཞེན་མི་ལྡོག དེས་ཉོན་མོངས་པ་གསུམ་བརྒྱུད་མར་འཇུག་པས་འཁོར་བར་འགྲོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེ་ལྟར་དེ་བཞིན་ཉིད་ཀྱི་དག་པ་བསྟན་ནས། རང་རིག་པའི་དག་པ་བྱང་ཆུབ་སེམས་བསྐྱེད་བསྟན་པ་ནི་བརྗོད་པར་བྱ་བའི་དོན་སྦས་པ་གཉིས་ཀ་ཡོད། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་བོ་ཡིན་ལ། གཉིས་པོ་ཡང་ཅུང་ཟད་འཇུག མངོན་པར་རྟོགས་པ་ནི་ལྷ་ཡེ་ཤེས་སུ་རྟོགས་པའི་ཕྱིར་རྫོགས་པའི་རིམ་པ་དང་འབྲེལ། རྒྱུད་སྡེ་གཞན་ནི་གདན་བཞིའི་བདག་གི་གདན་གྱི་རབ་ཏུ་བྱེད་པ་བཞི་པ་དང༌། དེ་བཞིན་ཉིད་ཀྱིས་དག་པར་བྱས་ནས་བསྒོམ་པ་ཆ་མཐུན། རང་བྱིན་གྱིས་བརླབ་པ། དག་པ་ཤེལ་གྱི་འོད་དང་མཉམ། །ཞེས་པ་ཆ་མཐུན་པ་དེའི་དོན་གསལ་བར་བཤད། ལྷན་ཅིག་སྐྱེས་པའི་རང་རིག་པའི་དག་པ་མ་ཚང་བ་ཁ་བསྐང༌། ཡན་ལག་བརྒྱད་ལ་ཡི་གེ་བརྒྱད་དགོད་པ་བདག་གི་གདན་གྱི་རབ་བྱེད་བཞི་པར་བསྲུང་བར་གསུངས་པ། འདིར་བྱང་སེམས་མི་ཉམས་པའི་ཕྱིར་སྒོ་དགུ་དགག་པར་གསུངས་པའི་ཚུལ་མི་འདྲ་བའི་སྒོ་ནས་བཤད། གནས་དང་ཕན་ཡོན་དང༌། ཉེས་དམིགས་རྣམས་ཀྱང་མི་གསལ་བ་གསལ་བར་བཤད་པའོ། །ལྷན་ཅིག་སྐྱེས་པའི་རང་རིག་པའི་དག་པའི་ཕྱག་རྒྱའི་རིགས་རྣམས་བསྟན་པ་ཡང་རབ་ཏུ་བྱེད་པ་དེར་མ་གསུངས་པས་བརྟག་པ་གཉིས་པའི་ལེའུ་ལྔ་པ་དང་བསྡེབས་ནས་ཁ་བསྐངས་ཏེ་བཤད་པའོ། །ཡང་བརྟག་པ་གཉིས་པ་རང་དུ་ཕྱག་རྒྱ་ལྔ་ལས་མ་གསུངས་ལ། འདིར་བཅུ་གཉིས་གསུངས་ལ། དེ་ཡང་དོན་བརྒྱད་དུ་བསྡུས་ཏེ་ལྔ་ཆ་མཐུན་གསུམ་ཁ་བསྐངས། གང་ཞིག་གང་གི་ཕྱག་རྒྱ་ཡིན་པའང་དེ་བཞིན་དུ་སྦྱར་རོ། །གཞུང་ལྷག་མ་རྣམས་ནི་བརྟག་པ་གཉིས་པ་དང་ཆ་མཐུན་པ་ཁོ་ནའོ། །ཚིག་དོན་ལ། བློ་དང་ལྡན་པས་ས་བོན་གདབ། །ཅེས་པས་ལྷ་སོ་སོའི་དག་པའང་ཟིན་པས་དག་པ་གསུམ་འབྲེལ་པ་ཅན་དུ་བསྟན་ལ། རང་བྱིན་གྱིས་བརླབ་པའི་རང་རིག་པའི་དག་པ་ནི། རྩ་མཛེས་སྤྱི་ཞེས་པས་ལྟེ་བའི་རྩ་གཉིས་ཀྱི་མདུད་པ་གྲུ་གསུམ་གྱི་ནང་དུ་ཨ་ཝ་དྷཱུ་ཏཱི་ཨ་ཤད་ལྟ་བུ་གནས་སོ། །ལས་བྱུང་བ་དེ་ལས་ལྟེ་བར་ཁམས་དྭང་མ་ཕབ་པའོ། །དེ་ཉིད་ལ་རྡུལ་བྲལ་ནི་དེར་མྱོང་བའི་རང་བྱུང་རྟོག་པའི་རྡུལ་དང་བྲལ་བའོ། །རྟོག་པའི་དྲི་མ་མེད་པས། དག་པ་ཤེལ་གྱི་འོད་དང་མཉམ། །ཞེས་པའོ། །བྱང་ཆུབ་སེམས་མི་རྟོག་པ་འོད་གསལ་བ་རང་རིག་པའོ། །དེ་ནས་འོག་ཏུ་སྦྱར་ལ་མ་མོ་ནི་ཨཱ་ལི་ཡིན་ལ། དེ་ལ་རིང་ཐུང་གཉིས་རེ་རེར་བརྩིས་པའི་ཕྱེད་ཨ་ཐུང་ཡིན་པས་ཨ་ཤད་ལྟ་བུ་མཆོག་ཏུ་ཕྲ་བ་དེ་ཉིད་ཐིག་ལེའི་གཟུགས་སོ། །དེ་རྣམས་ཀྱིས་ལྟེ་བའི་ཨ་བསྟན་ཏོ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཅེས་པ་ཤླཽ་ཀ་གཅིག་དང་འོག་ནས་ཡིད་ཀྱི་དངོས་ཞེས་པས་རྐང་པ་ཕྱེད་དང་གསུམ་གྱིས་སྙིང་གའི་ཧཱུྃ་བསྟན་ཏོ། །འདི་གཉིས་ཀྱིས་ཙཎྜཱ་ལཱི་ཉི་ཤུ་རྩ་བཞིའི་དང་པོ་འཁོར་ལོ་གཉིས་ལ་བརྟེན་པ་བསྟན་ཏེ། ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་ཐུར་ལ་བལྟས། དེ་གཉིས་རྩ་དབུ་མས་ཟུང་སྦྲེལ་བར་བསམས་ལ། འོག་རླུང་བསྐུམ་པས་ཨྃ་ལ་ཕོག་པས་མེ་སྦར་ཏེ་ཧཱུྃ་ལ་ཕོག་པས་བྱང་སེམས་འཛག་པར་བསམ་ཞིང་རླུང་ཁ་སྦྱར་ཞིང་མེ་འབར་བ་ཤས་ཆེ་ན་ཧཱུྃ་ལ་ཤེས་པ་གཏད་ལ་བསྒོམ་མོ། །འཛག་པ་ཤས་ཆེ་བ་སྙམ་བྱེད་ན་ཨྃ་ལ་ཤེས་པ་གཏད་ལ་བསྒོམ་མོ། །བཅུ་གཉིས་པ་མཐའ་ཞེས་པས་དབང་པོ་དྲུག་དང་འབྲེལ་བའི་རྩ་གཡས་ན་དྲུག་གཡོན་ན་དྲུག་ཡོད་པའི་མཐའ་གཉིས་ཏེ་དབུ་མ་བསྟན་ཏོ། །དགུ་ནི་སྒོ་དགུ་དང་འབྲེལ་བའི་རྩ་སྟེ་དེའི་མཐའ་ཡང་དབུ་མའོ། །རྐང་མཐིལ་ལ་པ་ཏ་ལ་ཟེར་ལ། པ་པདྨ་ནི་ལྟེ་བའི་པདྨ། ཏ་བིསྟཱ་ར་ན། བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པ། ལ་ལི་ཡ་ཏི་ན། རྣམ་རྟོག་ཐིམ་ཞིང་ནུབ་པའོ། །མགོ་བོ་མེད་པ་ནི་བདེ་ཆེན་གྱི་ཧྃ། མགོ་བོ་བཅད་པ་ལྟ་བུའི་བར་དུའོ། །ཐག་པ་གཅིག་ནི་རྣམ་འབྱུང་ཞེས་པ་ཨ་ཝ་དྷཱུ་ཏཱི་བ་ཐག་ལྟ་བུའི་རྣམ་པར་འབྱུང་བའོ། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཞེས་པ་ལྟེ་བ་སྤྲུལ་པའི་འཁོར་ལོར་རོ། །དེའི་དབྱིབས་ཆ་ཞེས་པ་ཨཱ་ལི་ཡིན་ལ། དེའི་ལྔ་པ་ཨུ་སྟེ། ལྟེ་བ་ན་རོ་རྐྱང་གི་མདུད་པའི་དབྱིབས་སུ་གནས་པ་བསྟན་ཏོ། །དེ་གཉིས་ཀླུ་དབང་དབྱིབས་ཞེས་པ་སྦྲུལ་འཁྱིལ་པ་ལྟ་བུར་གནས་པའོ། །དེའི་ཆའང་ཕྱེ་ཞེས་ཙཎྜཱ་ལཱི་སྦར་བའི་སྟོབས་ཀྱིས་ཧྃ་ལས་འཛག་པ་སྟེ་དེ་ལྟེ་བའི་དབུས་སུ་འཛག་པ་ཡིན་ལ། སྟོབས་ཆེ་བའི་དུས་སུ་ཐབས་ཡིན་ན་རྡོ་རྗེ་ནོར་བུའི་བར་རམ། ཤེས་རབ་ཡིན་ན་གསང་རྩའི་བར་དུ་འཛག་པ་བསྟན་ཏོ། །རྡོ་རྗེའི་ཚིག་དེ་ཉིད་དབང་ལྟར་བཤད་ན་བཅུ་གཉིས་ཞེས་པ་དབང་བཅུ་གཉིས་ཏེ། སྟ་གོན་སོ་ཤིང་མེ་ཏོག་ཕྲེང་བ་གསུམ། རིག་པའི་དབང་ལྔ། དྲུག་པ་རྫོགས་པའི་སངས་རྒྱས་ཀྱི་དབང༌། བདུན་པ་བུམ་པའི་དབང་སྟེ་བཅུ། གསང་དབང་དང་བཅུ་གཅིག ཤེས་རབ་ཡེ་ཤེས་དང་བཅུ་གཉིས། དེའི་མཐའ་ཤེས་རབ་ཡེ་ཤེས་སོ། །དགུའི་མཐའ་འང་སྔོན་མ་གསུམ་བོར་བས་དེ་ཉིད་དོ། །དེའི་དུས་སུ་རྐང་མཐིལ་ཞེས་པ་རྐང་མཐིལ་ལ་པ་ཏ་ལ་ཟེར་ལ། པ། པདྨ་ནི་ཆོས་འབྱུང་ཡིན་ལ། དེ་ཨ་ལས་པདྨར་བསྐྱེད་པའོ། །ཏ་ལ་དང་མགོ་བོ་མེད་པ་སྔ་མ་དང་འདྲ། ཐག་པ་གཅིག་ནི་རྣམ་འབྱུང་ཞེས་པ་ཧྃ་ལས་བྱང་སེམས་དགའ་བ་བཅུ་དྲུག་གི་རྣམ་པར་འབབ་པའོ། །ལྟེ་བའི་ཞེས་པ་ཤླཽ་ཀ་གཅིག་གིས་འབྲུ་སྔར་དང་འདྲ་བས་བྱང་སེམས་འབབ་པའི་ལམ་དྷཱུ་ཏཱིའི་དབྱིབས་བསྟན་ནོ། །རྡོ་རྗེའི་དབུས་སུ་ཞེས་པ་ལ་སོགས་པས་དབང་གསུམ་པའི་དུས་ཀྱི་ལྷན་སྐྱེས་ཀྱི་གནས་བསྟན་ཏེ། རྡོ་རྗེའི་དབུས་ཡབ་ཀྱི་རིགས་ཀྱི་བདག་པོའི་ཁ་དང༌། སྐྱེ་གནས་ཀྱི་དབུས་ཡུམ་གྱི་རྩ་མཛེས་པའི་སྤྱི་བོར། ས་བོན་དེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་པའོ། །ཆོས་དབྱིངས་ཞེས་པ་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀའི་རྒྱུར་གྱུར་པ་ལ་བྱའོ། །དེའི་ངོ་བོ་བྱང་སེམས་ཁུ་བའོ། །དེ་ཡང་བྱང་སེམས་འཛིན་པའི་ཐབས་ཀྱིས་མ་ཟིན་ན་སྒོ་དགུ་པོ་ཐམས་ཅད་ནས་འཕོ་བའོ། །དེ་དགག་པའི་ཕྱིར་ཡི་གེ་བརྒྱད་བསྟན་པ་ནི་གདན་བཞི་ལས། ལུས་ལ་བཀོད་པ་གོ་ཆར་འགྱུར་བ་དང༌། ལྷ་མོ་རྣམས་བསྐྱེད་པའི་ས་བོན་དུ་འགྲོ་བ་དང༌། ཡང་འདི་ཉིད་ཀྱི་བརྒྱད་པའི་གསུམ་པའི་འཕོ་བའི་མདོར་བསྟན་དུ་འགྲོ་བའང་ཤེས་པར་བྱའོ། །ཤུགས་ལས་ཙཎྜཱ་ལཱི་གཉིས་པ་འཁོར་ལོ་གཅིག་ལ་བརྟེན་པའང་བསྟན་ཏེ། ལྟེ་བའི་སྤྲུལ་པའི་འཁོར་ལོའི་དབུས་སུ་ཨ། ཕྱོགས་ཀྱི་འདབ་མ་ལ་བརྩེགས་པའི་ཡི་གེ་བཞི། མཚམས་ཀྱི་འདབ་མ་ལ་རྐྱང་པའི་ཡི་གེ་བཞི་སྟེ། ཡི་གེ་ཐམས་ཅད་ཁ་དོག་དམར་པོར་གསལ་བཏབ་ལ། དེ་ནས་དབུགས་ལན་གསུམ་ཅི་བདེར་རྒྱུར་གཞུག དེ་ནས་ནང་དུ་འཇུག་པ་དང༌། ལྟེ་བའི་ཡིག་འབྲུ་རྣམས་ལ་བསྟིམ་ལ་མནན། གཏོང་བ་དང་ལྟེ་བའི་ཡིག་འབྲུ་རྣམས་བྱ་འཕུར་བ་བཞིན་དུ་བྱུང་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རི་སྣ་ལ་སྨུག་པ་ཆགས་པ་བཞིན་བསྒོམ་མོ། །ལྷན་ཅིག་སྐྱེས་པའི་རང་རིག་པའི་དག་པའི་ཕྱག་རྒྱའི་རིགས་ལ་མིང་བཅུ་གཉིས་གསུངས་ཀྱང་དོན་བརྒྱད་དུ་འདུ་བ་ཡིན་ཏེ། དང་པོར་མ་ལ་སོགས་པ་བཞི་ནི། བྲམ་ཟེ་མོ་ལ་སོགས་བརྒྱད་པོ་ཉིད་གསང་དབང་གི་དུས་སུ་སློབ་དཔོན་གྱིས་བསྟེན་བས་མ། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་རང་ཉིད་ཀྱིས་བསྟེན་པས་སྲིང་མོ། ལམ་དུས་སུ་བསྟེན་པའི་དབང་དུ་བྱས་ནས་བུ་མོ་དང་གཉེན་མོ་གསུང༌། ཡང་བརྟག་པ་བཅུ་པའི་དང་པོ་ལས་བཤད་པ་ལྟར་སྦྱར་ཏེ། འོག་ནས་ཀྱི་བྲམ་ཟེ་མོ་ལ་མ། གར་མ་ལ་སྲིང་མོ། གདོལ་པ་མོ་ལ་བུ་མོ། གཡུང་མོ་ལ་གཉེན་མོ་སྟེ། ཚ་མོའི་བརྡས་བསྟན་པ་ཡིན་ནོ། །ཡང་རབ་བྱེད་འདི་ཉིད་ཀྱི་སྨད་ལས་འབྱུང་བ་ལྟར་ཕྱག་རྒྱ་བརྒྱད་པོ་ཉིད་ལ་སྐྱེ་འགྲོ་སྐྱེད་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཀྱང་མ་ལ་སོགས་པར་བཞག་པ་ཡིན་ནོ། །ཚུལ་ཇི་ལྟར་བསྟན་པ་ནི། འདུ་ཤེས་གསུམ་དང་ལྡན་པས་བྱང་སེམས་མ་ཉམས་པར་གསང་ལ་བསྟེན་ཞེས་པའོ། །ལྷག་མ་ནི་གཞུང་ཉིད་དུ་བརྟག་གོ །རབ་ཏུ་བྱེད་པའི་མཚན་ལས་སེམས་བསྐྱེད་པ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་ལ་འཇུག་པ་ཞེས་གསུངས་པས། དེ་གཉིས་ཀྱི་འབྲེལ་པ་ནི་སྤྱི་དོན་དང་སྤྱིའི་དོན་དུ་འབྲེལ་ཏེ། ཐོས་བསམ་གྱིས་ཆོས་ཅན་ཁམས་བཅོ་བརྒྱད་སྟོང་པ་ཉིད་དུ་རྟོགས་པ་ནི། དེ་བཞིན་ཉིད་ཀྱི་དག་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ལ། བྱང་ཆུབ་སེམས་ལ་འཇུག་པ་ནི་དེ་ནས་འཁོར་གསུམ་མི་དམིགས་པས་ཟིན་པས་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པའོ། །སྦས་པ་དང་སྦས་པར་འབྲེལ་ན་དང་པོ་ནི་ཙཎྜཱ་ལཱི་དང་ཕྱག་རྒྱའི་ཐབས་ལ་བརྟེན་ནས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ལ། གཉིས་པ་འཇུག་པ་ནི་ཡེ་ཤེས་གཉིས་ཀྱི་རྟོགས་པས་ས་བཅུ་གསུམ་བགྲོད་པར་བྱེད་པ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དག་པའི་རྩ་སུམ་ཅུ་རྩ་བདུན་དུ་རླུང་དང་བྱང་ཆུབ་ཀྱི་སེམས་གོ་ཟུག་པ་དང༌། ལོངས་སྤྱོད་པ་དང་ཐིམ་པ་གསུམ་གྱིས་གནས་པ་དབུ་མར་རིམ་གྱིས་ཐིམ་པ་རྣམས་ཀྱིས་ས་རྣམས་ཀྱི་རྟོགས་པ་རིམ་གྱིས་སྐྱེ་བའོ། །རབ་བྱེད་གཉིས་པའི་སྟོད་ཀྱིས་བརྗོད་པར་བྱ་བའི་དོན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི། རྗོད་བྱེད་ཡན་ལག་གི་དོན་མངོན་པར་རྟོགས་པ་བསྐྱེད་རིམ་ལྷའི་དག་པའི་དབང་དུ་བྱས་ནས་བསྐྱེད་རིམ་དང་འབྲེལ། རྩའི་དག་པའི་དབང་དུ་བྱས་ནས་རྫོགས་པའི་རིམ་པའི་དེ་ཁོ་ན་དང་འབྲེལ། རྒྱུད་སྡེ་གཞན་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལེའུ་གཉིས་པར། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་མིང་ཙམ་བསྟན་པ། དེ་འདིར་ཚིག་གི་དོན་རྣམ་པར་ཕྱེ་སྟེ་བཤད་པའོ། །དེ་ཡང་གཞུང་དུམ་བུ་བདུན་དུ་གནས་པ་ལས་རེ་རེ་ལ་ཡང་དམིགས་པའི་ཡུལ་གང་ཡིན་པ། རང་གི་ངོ་བོ། གྲོགས་གང་དང་མཚུངས་པར་ལྡན་པ། དེ་ཚུལ་ཇི་ལྟར་བསྒོམ་པ། བསྒོམས་པའི་འབྲས་བུ་སྟེ་ལྔ་ལྔའོ། །དེ་ཡང་དྲན་པ་ཉེར་གཞག་གི་དམིགས་པའི་ཡུལ་ལུས་ལ་སོགས་པ་བཞི། རང་གི་ངོ་བོ་དྲན་པ་དང་ཤེས་རབ་ཀྱིས་རྣམ་པར་ཕྱེ་སྟེ། ཀུན་རྫོབ་ཏུ་མི་གཙང་བ་ལ་སོགས་པ་དང༌། དོན་དམ་པར་རང་བཞིན་མེད་པར་ཤེས་པར་བྱས་ནས་དྲན་པར་མི་བརྗེད་པར་བྱེད་པའོ། །གྲོགས་ནི་དད་པ་ལ་སོགས་པའི་སེམས་ལས་བྱུང་བ་ཉི་ཤུ་རྩ་གཅིག་ལས་ཅི་རིགས་པ་དང་མཚུངས་པར་ལྡན་ནོ། །བསྒོམ་པ་ནི་ལུས་ལ་སོགས་པ་ལ་ཀུན་རྫོབ་ཏུ་མི་གཙང་བ་ལ་སོགས་པ་དང༌། དོན་དམ་པར་རང་བཞིན་མེད་པར་བསྒོམ་པའོ། །བསྒོམས་པའི་འབྲས་བུ་ནི་བདེན་པ་བཞིས་ལ་འཇུག་པ་སྟེ། ལུས་མི་གཙང་བར་ཤེས་པས་ལུས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བསྡུས་པ་དེའི་མཚན་ཉིད་ཤེས་པས་སྡུག་བསྔལ་གྱི་བདེན་པ་སྤོང་བ་ལ་འཇུག ཚོར་བ་ཐམས་ཅད་སྡུག་བསྔལ་དུ་ཤེས་པས་སྤང་བྱར་ཤེས་པ་ན་ཚོར་བའི་འབྲས་བུ་སྲེད་པ་ལྡོག་ལ། སྲེད་པ་ཀུན་འབྱུང་གི་གཙོ་བོ་ཡིན་པས་ཀུན་འབྱུང་སྤོང་བ་ལ་འཇུག སེམས་མི་རྟོག་པར་ཤེས་པས་ཟག་བཅས་ཀྱི་སེམས་རྒྱུན་འཆད་པར་འགོག་པའི་བདེན་པ་མངོན་དུ་བྱེད་པ་ལ་མི་སྐྲག་པས་འགོག་པའི་བདེན་པ་ལ་འཇུག ཆོས་བདག་མེད་པར་ཤེས་པས་བདག་མེད་མངོན་སུམ་རྟོགས་པའི་ལམ་གྱི་བདེན་པའི་རྒྱུར་འགྱུར་བས་ལམ་གྱི་བདེན་པ་ལ་འཇུག་གོ །ཚིག་དོན་ལ་ཕྱིའི་ཡུལ་ལ་སོགས་པ་ཡུལ་བསྟན་པ་ལ་ལུས་ཀྱི་རྗེས་སུ་བལྟ་ཞེས་པས་བསྒོམ་པ་བསྟན། ངོ་བོ་ནི་རབ་ཏུ་ཤེས་ཏེ་ཞེས་པས་ཤེས་རབ་བསྟན་ལ། དྲན་པ་ཞེས་པས་དྲན་པ་བསྟན་ཏོ། །མ་རིག་པ་ལ་སོགས་པས་གང་ཟག་བསྟན་ཏོ། །ཡང་དག་པར་སྤོང་བའི་དམིགས་པའི་ཡུལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་དང་སྐྱེས་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་དང་སྐྱེས་པའོ། །ངོ་བོ་བརྩོན་འགྲུས་གྲོགས་དེ་ལྔ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་བསྒོམ་པ་ནི་འདུན་པ་བསྐྱེད་དོ། །ཞེས་བྱ་བ་ལ་སོགས་པས་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པ་སྟེ། དེ་ཡང་གནས་ནི་འདུན་པ་སྟེ། འདུན་པ་ལ་བརྟེན་ནས་བརྩོན་འགྲུས་འབྱུང་བས་སོ། །དགེ་སྡིག་གི་ཉེས་དམིགས་དང་ཕན་ཡོན་དྲན་པས་གཉེན་པོ་སྐྱོན་མེད་པ་བསྒོམ་པ་ནི་འབད་པའོ། །ངོ་བོ་ནི་སྡིག་པ་སྤོང་བ་ལ་སོགས་བརྩོན་འགྲུས་བརྩམ་མོ། །དེ་ལ་བྱིང་རྒོད་བྱུང་ན་བྱིང་བ་ན་སེམས་མངོན་པར་འདུ་བྱེད་པ་སྟེ། སེམས་པ་བསྒོམ་པ་ནི་སེམས་ཡང་དག་པར་འཇོག་པའོ། །རྒོད་པ་ན་སེམས་མངོན་པར་འདུ་མི་བྱེད་པ་སྟེ། བཏང་སྙོམས་བསྒོམ་པ་ནི་སྨོན་ལམ་ཡང་དག་པར་འདེབས་པའོ། །འབྲས་བུ་ནི་དང་པོ་གཉིས་ཀྱིས་མི་མཐུན་ཕྱོགས་སྤོང་བ་དང༌། གསུམ་པས་གཉེན་པོ་ཐོབ་པ་དང༌། བཞི་པས་གཉེན་པོ་ཐོབ་པ་འཕེལ་བ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པས་ཐོབ་པར་བྱ་བའི་དམིགས་ཡུལ། ཏིང་ངེ་འཛིན་ལས་སྐྱེས་པའི་རྫུ་འཕྲུལ་སྟོད་ནས་མེ་འབར་བ་དང་སྨད་ནས་ཆུ་འབྲུབ་པ་ལ་སོགས་པ་བསྒོམས་པའི་དམིགས་ཡུལ་བདེན་པ་བཞིའོ། །ངོ་བོ་ཏིང་ངེ་འཛིན། གྲོགས་ནི་འདུན་པ་ལ་སོགས་པ་ཅི་རིགས་པའོ། །བསྒོམ་པ་ནི་ཏིང་ངེ་འཛིན་ཉེས་པ་ལྔའི་གཉེན་པོ་འདུ་བྱེད་བརྒྱད་བསྒོམ་པ་སྟེ། དེ་ཡང་ལེ་ལོའི་གཉེན་པོར་བརྩོན་འགྲུས་བསྒོམ་པ་དེའི་རྒྱུ་ནི་འདུན་པ། འདུན་པའི་རྒྱུ་དད་པ་སྟེ་ཡིད་ཆེས་པའི་དད་པ་ཡོད་ན་དོན་དུ་གཉེར་བའི་འདུན་པ་འབྱུང་བའོ། །དེ་ལྟར་བརྩོན་འགྲུས་བསྒོམས་པ་ལས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་ངོ༌། །དེ་ལྟར་ཉེས་པ་གཅིག་ལ་འདུ་བྱེད་བཞིའོ། །རྨུགས་པ་ནི་དྲན་པས་སེལ་ཏེ་བླ་མའི་གདམས་ངག་དང༌། ཏིང་ངེ་འཛིན་གྱི་དམིགས་པ་མ་བརྗེད་པའོ། །ཤེས་བཞིན་མ་ཡིན་པ་ནི་བྱིང་རྒོད་ལ་སོགས་པ་མི་རྟོགས་པ་སྟེ་དེ་ཤེས་བཞིན་གྱིས་ཟིན་པས་ཤེས་པར་བྱེད་དོ། །བྱིང་བ་སེམས་པས་སེལ་ལ་རྒོད་པ་བཏང་སྙོམས་ཀྱིས་སེལ་ཏོ། །དེ་ལྟར་ཉེས་པ་བཞི་ལ་འདུ་བྱེད་རེ་རེའོ། །འབྲས་བུ་ནི་ཇི་ལྟར་འདོད་པ་བཞིན་དུ་རྫུ་འཕྲུལ་ལ་སོགས་པའི་ཕན་ཡོན་གྲུབ་བོ། །གཞུང་ལས་འདུན་པ་ཞེས་པ་ནི་གྲོགས་འདུན་པ་གཙོ་བོར་གྱུར་པ་དང་ལྡན་པའོ། །ཏིང་ངེ་འཛིན་ནི་ངོ་བོ། སྤོང་བའི་ཞེས་པ་ཉེས་པ་ལྔའི་གཉེན་པོར་འདུ་བྱེད་བརྒྱད་བསྒོམ་པའོ། །ཤེས་རབ་ཀྱིས་སྡུག་བསྔལ་བ་ལ་སྡུག་བསྔལ་ཉིད་དུ་ཤེས་པས་དེ་ལས་དབེན་པ་འཚོལ་བར་བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བའོ། །སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་སྤང་བྱར་ཤེས་པས་འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བའོ། །འགོག་པ་མངོན་དུ་བྱ་བར་ཤེས་པས་འགོག་པ་ངེས་པར་འབྱུང་བའོ། །འགོག་པ་དེའི་རྒྱུ་བདག་མེད་རྟོགས་པའི་ལམ་ལ་ལམ་དུ་ཤེས་པ་རྣམ་པར་བྱང་བར་འགྱུར་བས་ཞེས་པའོ། །དེ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་དབེན་པ་ལ་གནས་འདོད་ཆགས་དང་བྲལ་བ་ལ་གནས་འགོག་པ་ལ་གནས་ཞེས་གསུངས་སོ། །དབང་པོ་ལྔའི་དམིགས་པའི་ཡུལ་བདེན་པ་བཞིའོ། །ངོ་བོ་དད་པ་ལ་སོགས་པ་གྲོགས་དེ་དང་མཚུངས་པར་ལྡན་པས་སེམས་ལས་བྱུང་བའོ། །བསྒོམ་པ་ནི་དད་པའི་དབང་པོས་བདེན་པ་བཞི་ལ་ཡིད་ཆེས་པའི་ཚུལ་གྱིས་བསྒོམ། ཡིད་ཆེས་པའི་བདེན་པར་མངོན་པར་རྟོགས་པར་བྱ་བའི་ཕྱིར་དེ་ལ་སྤྲོ་བའི་ཚུལ་གྱིས་བརྩོན་འགྲུས་བརྩམ་མོ། །དྲན་པས་མི་བརྗེད་པའི་ཚུལ་གྱིས་བསྒོམ། ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ། ཤེས་རབ་ཀྱིས་རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམ་མོ། །གཞུང་དང་སྦྱར་ཏེ་ཤེས་པར་བྱའོ། །འབྲས་བུ་ནི་མ་དད་པ་ལ་སོགས་པ་འཇོམས་པའོ། །སྟོབས་ལྔ་ནི་ཐམས་ཅད་གོང་མ་དང་འདྲ་ལ། ཁྱད་པར་མ་དད་པ་ལ་སོགས་པ་འཇོམས་པའི་སྟོབས་དང་ལྡན་པར་འགྱུར་བའོ། །བྱང་ཆུབ་ཀྱི་ཡན་ལག་གི་དམིགས་པ་ནི་བདེན་པ་བཞིའི་ཆོས་ཉིད་དོ། །ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་གཙོ་བོ་ཡིན་ནོ། །གྲོགས་སྔར་དང་འདྲ། དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ་མངོན་དུ་སྤྲོས་བྲལ་ལ་སེམས་གཏོད་པའི་དྲན་པ་ལས་མཐོང་ལམ་དུ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་འབྱུང་བས་སོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་སྟེ་མཐོང་ལམ་གྱི་ངོ་བོ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ་དེས་ལམ་གོང་ནས་གོང་དུ་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ་སེམས་ཀྱི་རྒྱུད་ཚིམ་པར་བྱེད་པས་སོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ཡན་ལག་སྟེ་དེ་ཡང་གང་གིས་ཉོན་མོངས་པ་མེད་པ་ན་ལུས་དང་སེམས་ཤིན་ཏུ་སྦྱངས་པས་གནས་ངན་ལེན་འཇིག་པས་སོ། །གང་གི་ཚེ་ཉོན་མོངས་པ་མེད་ན་ཏིང་ངེ་འཛིན་ལ་དེ་རྩེ་གཅིག་ཏུ་གནས་པའི་ཚེ་མེད་དེ། ཇི་ལྟར་མེད་ན་བཏང་སྙོམས་ཏེ་སེམས་རྣལ་དུ་གནས་པའི་ཚུལ་གྱིས་མེད་པའོ། །གཞུང་དང་སྦྱར་ཏེ་ཤེས་པར་བྱའོ། །བསྒོམ་པ་ནི་བྱེ་བྲག་ཕྱེད་པས་ངེས་པར་འབྱུང་ཞེས་པ་ལ་སོགས་པ་སྟེ། སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་ཤེས་པ་དང༌། དེའི་ཆོས་ཉིད་མངོན་སུམ་དུ་ཤེས་པའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱའི་རིགས་རྣམས་སྤང་བའོ། །ལམ་གྱི་ཡན་ལག་གི་དམིགས་པའི་ཡུལ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་བྱས་པ་དེ་ཉིད་དོ། །ངོ་བོ་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དོ། །དེ་ཡང་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ་མཉམ་གཞག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་དེ་ཉིད་རྗེས་ཀྱིས་ངེས་པར་འཛིན་པའོ། །ཡང་དག་པའི་རྟོག་པ་ནི་གཞན་དག་གོ་བར་བྱེད་པའི་ཡན་ལག་སྟེ། རྟོག་པ་རང་མཐུན་པར་ངག་ཀུན་ནས་སློང་བར་བྱེད་དོ། །ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་གཞན་དག་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གིས་རྟོགས་པ་དང་མཐུན་པར་གཞན་དག་འདྲི་བ་དང་ལུང་སྟོན་པ་ལ་སོགས་པ་འབེལ་བའི་གཏམ་གཏན་ལ་ཕབ་པས་གཞན་གྱི་ལྟ་བ་རྣམ་པར་དག་པར་ཤེས་སོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལྟུང་བ་ཆུང་ངུ་ལ་འཛེམ་པས་ཚུལ་ཁྲིམས་རྣམ་པར་དག་པར་ཤེས་སོ། །འཚོ་བ་ནི་ཁ་ན་མ་ཐོ་བ་མེད་པ་འཕགས་པས་གནང་བའི་འཚོ་བ་སྟེ། བསོད་སྙོམས་ཀྱི་འཚོ་བ་རྣམ་པར་དག་པར་ཤེས་སོ། །རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་རིམ་གྱིས་སྦྱོང་བས་སོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། ཞི་གནས་ཀྱི་དམིགས་པ་མ་བརྗེད་པས་བྱིང་རྒོད་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་མི་འབྱུང་བའོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་མེད་པའི་ཡན་ལག་སྟེ། ཏིང་ངེ་འཛིན་གྱིས་བསམ་གཏན་གྱི་སྒྲིབ་པ་ལྔ་སྤངས་པས་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་སོ། །བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ནོ། །གྲོགས་ཀྱང་སྔ་མ་དང་འདྲའོ། །འབྲས་བུ་ནི་ཡོངས་སུ་གཅོད་པ་ལ་སོགས་པ་དྲུག་ཉིད་དོ། །རབ་ཏུ་བྱེད་པ་གཉིས་པའི་སྨད་བརྗོད་པར་བྱ་བའི་དོན་གཙོ་བོར་སྦས་པ་ཡིན་ལ། རྩ་སོ་བདུན་གྱི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་ཐིམ་པ་ལས་ས་བཅུ་གསུམ་གྱི་རྟོགས་པ་སྐྱེ་བ་མཐར་ཐུག་ཏུ་ཡང་འགྲོ། བརྗོད་བྱ་ཡན་ལག་གི་གཙོ་བོ་ཡིན་ལ། མངོན་པར་རྟོགས་པ་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་དང་འབྲེལ། རྒྱུད་སྡེ་གཞན་རྣམས་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་ལེའུ་གཉིས་པ་དང་གསུམ་པར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱི་དང༌། བསྐྱེད་པའི་རིམ་པ་དང་སྤྱིའི་དོན་བཤད་ཀྱང་སྦས་པ་དང་མཐར་ཐུག་ཏུ་བཤད་པ་མ་གསུངས་པས་དེར་མ་ཚང་བ་ཁ་བསྐང་བའོ། །ཡང་བརྟག་པ་གཉིས་པའི་ལེའུ་དང་པོར་ཡེ་ཤེས་དང་རྡོ་རྗེའི་རྟེན་རྩ་བཤད་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཆ་མཐུན་རྟེན་རྩ་འཁོར་ལོའི་དབྱེ་བས་བརྒྱ་ཉི་ཤུ་ཁ་བསྐངས། མིང་གི་དབྱེ་བ་ཆ་མཐུན། ཐུན་མོང་གི་མཚན་ཉིད་བསྡུས་ནས་གསལ་བར་བསྟན། རྩ་ལ་བརྟེན་པའི་ཡེ་ཤེས་ཀྱི་རྟེན་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ཅུང་ཟད་ཙམ་བཤད་པ་འདིར་བྱེད་པའི་ལས་དང་བཅས་ཏེ་གསལ་བར་བཤད་དོ། །གཞུང་ནས་དེ་ཉིད་ཡང་དག་བཤད་པར་ཞེས་པ་སྦས་པ་དང༌། མཐར་ཐུག་ཏུའོ། །དགའ་བ་ལ་སོགས་ས་རྣམས་ཞེས་པ་བྱང་ཆུབ་ཀྱི་ཕྱོགས་རྣམ་པར་དག་པའི་རྩ་སོ་བདུན་གྱི་རླུང་སེམས་དབུ་མར་ཐིམ་པ་ལས་ས་བཅུ་གསུམ་གྱི་རྟོགས་པ་སྐྱེ་བའོ། །དེས་ནི་མཐར་ཐུག་ཀྱང་བཤད་པར་འགྲོའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་དོན་རྩ་བའི་རྒྱུད་བརྟག་པ་གཉིས་པའི་ཡི་གེར་ཅུང་ཟད་བྲིས་པས་འདིར་མ་བྲིས་སོ། །རབ་ཏུ་བྱེད་པ་གསུམ་པའི་བརྗོད་པར་བྱ་བའི་དོན་འབྲས་བུ་སྐུ་གསུམ་མཛད་པ་དང་བཅས་པ་སྦས་པའི་དོན་གྱི་མཐར་ཐུག་ཐབས་ཀྱི་རྒྱུད་ཞར་ལ་བསྟན་པ་སྦས་པའི་དོན་རྗོད་བྱེད་ཡན་ལག་གི་དོན་གྱི་གཙོ་བོས་བཤད་ལ། གཉིས་པོའང་ཅུང་ཟད་འཇུག མངོན་པར་རྟོགས་པ་ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་དང༌། ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་དང་འབྲེལ། རྒྱུད་སྡེ་གཞན་ནི་བཞུགས་པའི་གནས་མཉམ་སྦྱོར་གྱི་རྟོགས་པ་དང་པོ་དང་ཆ་མཐུན། རྒྱུད་ཕྱི་མ་དང་བཅས་པའི་ཚིག་གི་དོན་ཕྱེ་སྟེ་གསལ་བར་བཤད། བཞུགས་པ་པོ་མཛད་པ་དང་བཅས་པའང་མི་གསལ་བ་གསལ་བ་རྟོག་པ་ལྔ་པར་མཛད་པ་ཅུང་ཟད་བཤད་པས་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་བཤད། ཐུན་མོང་མ་ཡིན་པ་འབྲས་བུའི་རྒྱུད་ཀྱི་མཚན་ཉིད་ཀྱང་རྟོག་པ་ལྔ་པ་དང་ཆ་མཐུན་ཞིང༌། ཅུང་ཟད་མི་གསལ་བ་གསལ་བར་བཤད་ཐབས་ཀྱི་རྒྱུད་ཞར་བྱུང་གི་ཚུལ་གྱིས་བཤད་པ་ཡང་མཉམ་སྦྱོར་གྱི་རྟོག་པ་ལྔ་པར་མཉམ་ཉིད་མི་གཡོ་ལ་སོགས་པའི་བསྟོད་པ་གསུངས་ལ། འདིར་ཚུལ་མི་འདྲ་བ་རྣལ་འབྱོར་གྱི་བདག་པོ་ལ་སོགས་པ་གསུངས་ལ་གཞན་ན་མ་ཚང་བ་ཁ་བསྐངས་སོ། །ཚིག་དོན་ལ་ཞུས་པའི་སྐབས་ལས་གསང་བ་ཞེས་བྱ་བ་ནི་འབྲས་བུ་ས་བཅུ་གསུམ་པ་དེ་ཉིད་འདུས་པ་མན་ཆད་ལ་མ་གྲགས་པས་སོ། །དེ་ལས་མཆོག་ཏུ་གྱུར་པ་མེད་པས་ཡེ་ཤེས་བླ་མེད་པ། རྒྱུའི་རྒྱུད་ལ་སོགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སྙིང་པོ། ལན་ལ་བཞུགས་པའི་གནས་ཆོས་ཀྱི་སྐུའི་དབང་དུ་བྱས་ན་དབྱིངས་སྤྲོས་བྲལ་ཏེ། སྣོད་མ་ཡིན་པ་ལ་གསང་བར་བྱུང་བ་ན་གསང་བ་སྟེ། ས་བཅུ་གཅིག་པ་ལ་སོགས་པའི་འང་ཡུལ་མ་ཡིན་པའོ། །ཡེ་ཤེས་དམ་པའི་ཡུལ་ཡིན་པས་ན་མཆོག དགྱེས་པ་འབྱུང་བའི་གཞི་ཡིན་པས་ན་དགྱེས་པ་སྟེ། ཟག་པ་མེད་པའི་བདེ་བ་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དེ་ཉིད་ཡེ་ཤེས་ལྔའི་བདག་ཉིད་དམ་རྣམ་སྣང་ལ་སོགས་པ་ལྷ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ལ་བཞུགས་པ་པོ་ཡེ་ཤེས་དུས་གསུམ་མཉམ་པ་ཉིད་ཀྱི་ཚུལ་གྱིས་རྟག་ཏུ་བཞུགས་པའོ། །ལོངས་སྐུའི་དབང་དུ་བྱས་ན་དབྱིངས་དེ་ཉིད་རྣམ་པ་ཆོས་འབྱུང་གི་ནང་དུ་ཚུད་པའི་གཞལ་ཡས་ཁང་དུ་སྣང་བ་སྟེ། དེར་བཞུགས་པ་པོ་ཡེ་ཤེས་ཉིད་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་བཙུན་མོའི་འཁོར་གྱི་ནང་དུ། གནས་འཕོ་བ་མེད་པའི་ཚུལ་གྱིས་བཞུགས་པའོ། །བཞུགས་པ་པོ་མཛད་པ་དང་བཅས་པ་ལ་བཞུགས་པ་པོ་སྐུ་གཉིས་པ་ལ་བྱ་ལ། མཛད་པ་སྤྲུལ་པའི་སྐུ། དང་པོ་བཤད་པའི་དོན་ཆོས་སྐུ་ཡེ་ཤེས་ཡིན་ལ་རྣམ་པ་ལོངས་སྐུ་རྡོ་རྗེ་འཆང་ཡིན་པས་དེ་ཉིད་སངས་རྒྱས་ཀུན་རིགས་ལྔའོ། །དེའི་དངོས་གཞི་ནི་རང་བཞིན་ནོ། །སེམས་དཔའ་ནི་སེམས་ཅན་གྱི་དོན་ལ་ནུས་པ་དང་ལྡན་པའོ། །རྡོ་རྗེ་ནི་དམིགས་མེད་ཀྱི་ཤེས་རབ་དང་ལྡན་པའོ། །དམིགས་མེད་ཀྱི་སྙིང་རྗེ་དང་ལྡན་པས་སེམས་དཔའོ། །ཡང་རྒྱུད་ཕྱི་མ་ལས་རྡོ་རྗེ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས། སེམས་དཔའ་ནི་རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པའོ། །ཞེས་བཤད་དོ། །ཟག་བཅས་ཀྱི་བདེ་བ་ལས་མཆོག་ཏུ་གྱུར་པ་ཟག་མེད་ཀྱི་བདེ་བ་དང་ལྡན་པས་ན་བདེ་བའི་མཆོག་གོ །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པས་བཅོམ་ལྡན་ནོ། །དམིགས་མེད་ཀྱི་སྙིང་རྗེ་དང་དམིགས་མེད་ཀྱི་ཤེས་རབ་དབྱེར་མི་ཕྱེད་པས་ན་རྣལ་འབྱོར་ཏེ་ཞེས་པའོ། །ལོངས་སྐུའི་དབང་དུ་བྱས་ནས་ཞལ་སྦྱོར་གྱི་རྣམ་པའོ། །རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པས་ན་བརྟན་པ། རང་རིག་པ་མི་འགྱུར་བས་རྟག་པ། ཟག་པ་མེད་པའི་བདེ་བས་ཚིམ་པས་ན་མཆོག་ཏུ་ཡིད་སྲུབས་པའོ། །སོ་སོར་སྐྱེས་པ་ཉིད་ཅེས་པ་ནི་ལམ་གྱི་དུས་སུ་འདོད་ཡོན་ལྔ་གཟུགས་རྡོ་རྗེ་ལ་སོགས་པར་བྱས་པས་འབྲས་བུའི་དུས་སུ་ཡང་ཡེ་ཤེས་ཀྱི་རང་བཞིན་ཉིད་གཟུགས་རྡོ་རྗེ་ལ་སོགས་པར་འདོད་པའི་ཡོན་ཏན་ལྔར་སྣང་བའོ། །རྟག་ཏུ་རང་བཞིན་མནན་དཀའ་བ་ནི་དེ་ཉིད་མི་སྤོང་བའོ། །མཛད་པ་ནི་སྣ་ཚོགས་ལས་ཀྱི་རྣལ་འབྱོར་ཞེས་པ་གང་ལ་ཅིས་འདུལ་བ་དེ་ལ་དེའི་རྣམ་པར་སྟོན་པའོ། །སྣ་ཚོགས་ཆོ་ག་འདོད་པའི་མི་བསྐྱོད་པ་ལ་སོགས་པ་གང་དང་གང་གི་དངོས་གྲུབ་འདོད་པའི་དོན་དུ་སངས་རྒྱས་རྡོ་རྗེ་འཛིན་དེ་མི་བསྐྱོད་པ་ལ་སོགས་པར་བསྟན་ནས་དོན་མཛད་ཅེས་པའོ། །རྒྱས་པར་བཤད་པ་དོན་མཛད་པ་པོའི་ཆོས་ཀྱི་སྐུ་དང༌། གདུལ་བྱའི་སེམས་ཉིད་ཀྱི་རང་བཞིན་ཁྱད་པར་མེད། སངས་རྒྱས་ཀུན་ཀྱི་བདག་ཉིད་ཡིན་པར་མ་ཟད་བརྟན་གཡོ་ཐམས་ཅད་ཀྱི་ཡང་བདག་ཉིད་ཡིན་པར་བཤད་གསུངས་ཏེ། རྒྱུད་ཕྱི་མ་ལས་འདོད་ཆགས་ལ་སོགས་པས་བསྐྱོད་པར་མི་ནུས་པས་བརྟན་པ་དང༌། སྤྲུལ་པའི་སྐུའི་མཛད་པ་རྒྱུན་མི་འཆད་པའང་བཤད། སངས་རྒྱས་ཀུན་ཞེས་པ་ཡེ་ཤེས་ལྔ། དེ་དང་མཉམ་པར་སྦྱོར་བ་དབྱིངས་སྤྲོས་བྲལ་ལོ། །ནམ་མཁའ་ནི་དབྱིངས་སྤྲོས་བྲལ་དུ་འགྲོ་བའི་དྲྭ་བ་ཡེ་ཤེས། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་སོ། །གཟུགས་ཀྱི་སྐུའི་དབང་དུ་བྱས་ན་སངས་རྒྱས་རྣམ་སྣང་ལ་སོགས་པ་མཉམ་པར་སྦྱོར་བ་མཁའ་འགྲོ་མ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བའོ། །དྲྭ་བ་ནི་པཉྫ་ར་ཞེས་པ་འཚོགས་པ་ལ་ཡང་འགྲོ་བས་སྤྱན་མ་ལ་སོགས་པའི་ཚོགས་སོ། །དེ་རྣམས་ལས་བུད་མེད་བྲམ་ཟེ་མོ་ལ་སོགས་པར་སྤྲུལ་པ་ལ་བརྟེན་ནས་ཟག་པ་མེད་པའི་བདེ་བ་མངོན་དུ་བྱས་པ། སྡོམ་པ་ཞེས་པ་སམྦ་ར་ཡིན་པས། སཾ། སུ་ཀ་ན་བདེ་བ། བ། བ་ར་ན་ཁྱད་པར་དུ་འཕགས་ཞེས་པའི་དོན་ཏོ། །འདིས་ནི་ཞེས་རྡོ་རྗེ་འཆང་ངོ༌། །སྒྱུ་མའི་རྣལ་འབྱོར་ཞེས་པ་རྣམ་སྣང་ལ་སོགས་པར་སྤྲུལ། དེ་ལས་ཀྱང་སྤྱན་མ་ལ་སོགས་པར་སྤྲུལ། དེ་རྣམས་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་ཏུ་བྱས་པས་དངོས་གྲུབ་སེམས་ཅན་ཀུན་དོན་མཆོག ཅེས་པ་གདུལ་བྱས་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་ལ། དེ་རྣམས་ཀྱི་ཀྱང་གོང་བཞིན་དུ་དོན་བྱེད་པས་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པའོ། །དེ་ཡང་དོན་ཇི་ལྟར་བྱེད་ན་རང་གི་ངོ་བོས་ཡོངས་སུ་གྱུར་པས་ཞེས་པ་རྣམ་ཤེས་བརྒྱད་ཡེ་ཤེས་ལྔར་གྱུར་པའི་ཚུལ་གྱིས་སོ། །དེའང་གང་ལ་བརྟེན་ནས་ཞེ་ན། བུད་མེད་སྒྱུ་མས་ཐམས་ཅད་འགྲུབ། །ཅེས་པས་བུད་མེད་དུ་སྤྲུལ་པ་ལ་བརྟེན་ནས་སོ། །སྣ་ཚོགས་སྒྱུ་མ་ཞེས་པ་སྤྲུལ་པ་སྣ་ཚོགས་སོ། །དེ་ལ་མཁའ་འགྲོ་མ་ཞེས་ཟེར་བ་ནི་ཀླ་ཀློའི་སྐད་དེ། དེ་ལས་ཕྱེ་ན་པེ་ཏ་ཡ་ས་ག་མ་ནི་ཞེས་པ་འོད་ཟེར་ཅན་གྱི་སྒྲ་སྟེ། དེ་ཉིད་རྟོགས་པར་དཀའ་བས་སྐད་ཀྱི་བྱིངས་ཞེས་བྱའོ། །ཡང་རྒྱུ་མཚན་གྱིས་བཤད་ན་ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པས་ལ་སོགས་པ་གསུངས་སོ། །ཀུན་ལ་ཞེས་པ་ཕྱོགས། ཡང་ཀུན་ཏུ་ཞེས་སྦྱར་ཏེ། དུས་ཀུན་དུའོ། །སྣ་ཚོགས་ཕྱག་རྒྱ་ཞེས་པ་ཁ་དོག་གམ། ཕྲིན་ལས་སྣ་ཚོགས་ཏེ་རིགས་ལྔའོ། །དེའི་ཕྱག་རྒྱ་སྤྱན་ལ་སོགས་པའོ། །དེ་རྣམས་ལ་བརྟེན་ནས་ཀུན་ལ་ཞེས་པ་གདུལ་བྱ་སྣ་ཚོགས་ཀྱིས། སྡོམ་ཞེས་པ་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པའོ། །དེ་རྣམས་ལ་བརྟེན་ནས་རྡོ་རྗེ་ཞེས་པ་མི་བསྐྱོད་པའི་རྣལ་འབྱོར་པས། གཡུང་མོ་མཱ་མ་ཀཱིར་བསྐྱེད་པ་ལ་བརྟེན་ནས་རྡོ་རྗེ་འཛིན་པ་ཉིད་ཅེས་བྱ་བ་མི་བསྐྱོད་པའི་དངོས་གྲུབ་ཐོབ་ཅེས་པའོ། །འཁོར་ལོ་དེ་དང་རལ་གྲི་འཛིན་པ་གཉིས་ཀྱང་ཤུགས་ལས་ཤེས་པར་བྱའོ། །འདི་རྣམས་ཀྱིས་ནི་ཞེས་པ་རིགས་ལྔ་པོའི་རིགས་རྣམས་ཡིན་ཞེས་པ་རྒྱུ་ལ་རིགས་སུ་གཞག་པའོ། །ཐུན་མོང་མ་ཡིན་པ་འབྲས་བུའི་རྒྱུད་ཀྱི་མཚན་ཉིད་ལས་དེ་བཞིན་གཤེགས་པ་ནི་འདུས་པ་ལ་སོགས་པ་མན་ངག་གིས་ཐོབ་བྱ་ས་བཅུ་གཉིས་པ་མན་ཆད་དོ། །ཟིལ་གྱིས་གནོན་པ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ཐོབ་བྱ་ས་བཅུ་གསུམ་པའོ། །རྡུལ་ནི་རྟོག་པའི་གནས་གོ་འཕང་ངོ༌། །བྱང་ཆུབ་ཀྱི་སེམས་ནི་འབྲས་བུའི་རྒྱུད་ཀྱིས་བསྡུས་པའི་བྱང་ཆུབ་ཀྱི་སེམས་ས་བཅུ་གསུམ་པའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་དོ། །སྟོང་མིན་ནི་དམིགས་མེད་ཀྱི་སྙིང་རྗེ་དང་ལྡན་པས་སོ། །དམིགས་མེད་ཀྱི་ཤེས་རབ་དང་ལྡན་པས་སྟོང་པ་མིན་པའང་མིན་ནོ། །དབུ་མར་དམིགས་པར་མི་འགྱུར་ཞེས་པས་གཉིས་ཀ་དང་བྲལ་བ་ཡང་མ་ཡིན་པའོ། །རྒྱུད་ཕྱི་མ་ལས་བཤད་པ། རྟོག་མཁན་གྱི་བསམ་ངོར་ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པའི་དངོས་པོ་ཡིན་པའི་ཕྱིར་སྟོང་མིན་ནོ། །དོན་དམ་པར་རྣམ་རྟོག་གི་སྤྱོད་ཡུལ་གྱི་དངོས་པོ་མ་ཡིན་པའི་ཕྱིར་སྟོང་པ་མིན་པའང་མིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དབུ་མར་རྟོགས་པར་བྱའོ་ཞེས་པའི་དོན་ཏེ། ཞེས་བཤད་དོ། །དེ་ཡང་ཤེས་རབ་ཕ་རོལ་ཕྱིན་ཞེས་པ་དམིགས་མེད་ཀྱིའོ། །སྦྱོར་ཞེས་པ་གང་དང་སྦྱོར་ན། ཐབས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་ངོ༌། །དེ་ནས་རྐང་པ་བཞིས་དེ་ཉིད་བཤད་དོ། །དེ་ལྟ་བུ་འབྲས་བུ་རྟོག་པ་མེད་པ་དེ་ཡང་ལམ་རྟོག་པ་མེད་པ་ཐོབ་པས། རྣམ་རྟོག་མེད་པར་ལྷག་མོས་ལ། །བརྟག་པ་ཀུན་གྱིས་བརྟག་པར་བྱ། །ཞེས་པ་གཟུགས་ལ་སོགས་པ་ཤེས་རབ་ཀྱིས་སྒྱུ་མ་ལྟར་བརྟག་པའོ། །དེ་ལྟར་རྟོགས་པ་ལས་སྙིང་རྗེ་འབྱུང་བས་ན། རྣམ་རྟོག་མེད་པའི་ཆོས་རྣམས་ལ། སེམས་ཅན་དོན་ནི་ཡོངས་སུ་བརྟག །ཅེས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་བདེན་པའི་རང་བཞིན་དུ་མེད་པ་སྒྲ་བརྙན་ལྟ་བུར་རྟོགས་པ་ལས། གཞན་ལ་རང་བཞིན་མེད་པར་སྟོན་པའི་ཆོས་ཀྱི་ངག་འབྱུང་བས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པས་བསྟན་ཏོ། །ཐབས་ཀྱི་རྒྱུད་ཞར་ལ་བསྟན་པ་ནི་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་སྟེ། འབྲས་བུ་ནི་འདིར་འདོད་པས་ན་ཐེག་པ་ཡིན་ལ། ལམ་ནི་འདིས་འདོད་པས་ན་ཐེག་པའོ། །ཆེན་པོ་རྣམ་པ་བདུན་དང་ལྡན་པས་ན་ཆེན་པོ་སྟེ། དེ་ལ་དམིགས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་རྒྱ་ཆེན་པོ་ལ་དམིགས་པ་དང༌། སྒྲུབ་པ་ཆེན་པོ་སྟེ་རང་གཞན་གྱི་དོན་མ་ལུས་པ་བསྒྲུབ་པ་དང༌། ཡེ་ཤེས་ཆེན་པོ་སྟེ་བདག་མེད་གཉིས་ཀྱི་དོན་རྟོགས་པ་དང༌། བརྩོན་འགྲུས་ཆེན་པོ་སྟེ་བསྐལ་པ་གྲངས་མེད་གསུམ་དུ་བརྩོན་འགྲུས་རྩོམ་པ་དང༌། ཐབས་ལ་མཁས་པ་ཆེན་པོ་སྟེ། སྙིང་རྗེ་དང་ཤེས་རབ་ཀྱིས་མཐའ་གཉིས་སུ་མ་ལྷུང་བ་དང༌། ཐོབ་པ་ཆེན་པོ་སྟེ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མ་ལུས་པ་ཐོབ་པ་དང༌། ལས་ཆེན་པོ་སྟེ། རང་གཞན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་བྱེད་པའོ། །དེ་ལྟར་ཆེན་པོ་བདུན་ལས་བྱུང་བའི་ཡོན་ཏན་ཡང་སྤངས་པ་དང༌། ཡེ་ཤེས་གཉིས་སུ་འདུ་བས་སྤངས་པ་དང་ཡེ་ཤེས་ཀྱི་ཡོན་ཏན་རྒྱས་པ་རྣམས་ཀྱིས་སོ། །དུས་གསུམ་ནི་འདས་པ་ལ་སོགས་པའོ། །རྣལ་འབྱོར་གྱི་བདག་པོ་ལ་སོགས་པས་གཞན་དོན་ཁྱད་པར་ཅན་གྱི་སྒོ་ནས་བསྟོད་པའོ། །སེམས་ཅན་ཞེས་པ་ལ་སོགས་པས་ཀུན་འགྲོའི་དབང་ཕྱུག་ཏུ་གྱུར་པའི་སྒོ་ནས་སོ། །འཁོར་བའི་ཞེས་པ་ལ་སོགས་པས་གཞན་གྱི་རྒྱུད་ལ་སྤངས་པ་ཕུན་སུམ་ཚོགས་པ་བསྐྱེད་པའི་སྒོ་ནས་སོ། །དེ་ཁོ་ན་ཞེས་པ་ལ་སོགས་པས་གཞན་གྱི་རྒྱུད་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་བསྐྱེད་པའི་སྒོ་ནས་བསྟོད་པའོ། །ཆོས་རྣམས་ཐམས་ཅད་གཅིག་པའི་སྐུ། །སྙིང་པོ་ཞེས་པ་ཕྱག་རྒྱ་ཆེན་པོའོ། །དེ་མངོན་དུ་བྱེད་པའི་ཐབས་རང་བཞིན་ལྷན་སྐྱེས་ཀྱི་དོན་བསྒོམ་པ་བཤད་དུ་གསོལ། ཞེས་པའོ། །ལན་ནི་གོང་དུ་རྣམ་རྟོག་མེད་པར་ལྷག་མོས་ཞེས་གསུངས་པའི་དོན་བཤད་པ་སྟེ། རང་བྱིན་གྱིས་བརླབ་པ་ཙཎྜཱ་ལཱི་འམ། དམིགས་མེད་བསམ་མི་ཁྱབ་པའམ། དཀྱིལ་འཁོར་འཁོར་ལོའི་ཐབས་བསྒོམས་པའི་སྟོབས་ཀྱིས་རྗེས་ལ་སྣང་བ་ཐམས་ཅད་རང་བྱུང་ངམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པ་འཆར་བའོ། །དེ་ཡང༌། དབང་པོ་གང་དང་གང་ལམ་ཉིད། །ཅེས་པ་སྒྲ་ཟློས་པས་དོན་དུ་མ་སྟོན་པ་ཡིན་ཏེ། མིག་གི་ཡུལ་གཟུགས་ལ་སོགས་པའོ། །དེ་དང་དེའི་རང་བཞིན་ཞེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བའོ། །མཉམ་པར་མ་བཞག་ཅེས་པ་ཤེས་པའི་རྒྱུ་བ་མ་བཀག་ཀྱང་ངོ༌། །རྣལ་འབྱོར་ནི་ལྷན་སྐྱེས་སུ་ཤེས་པའིའོ། །རྟག་པར་ཤིན་ཏུ་མཉམ་གཞག་ནི་སྤྱོད་ལམ་ཐམས་ཅད་དུའོ། །འོ་ན་དབང་པོའམ་ཡུལ་ཐམས་ཅད་ལྷན་སྐྱེས་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཡུལ་བསྟེན་པས་གྲོལ་བར་རིགས་སོ་ཞེ་ན། གང་ཕྱིར་ཞེས་པ་གཏན་ཚིགས་སོ། །ཐམས་ཅད་ནི་དབང་པོ་དང་ཡུལ་ལོ། །རྣམ་ཤེས་ཕུང་པོར་གནས་པ་ནི་སེམས་ཉིད་རང་རིག་པའོ། །དེ་ཉིད་སྐྱེས་པ་ཐ་མལ་པ་སེམས་རྨོངས་པ་ཞེས་པ་བླ་མའི་གདམས་ངག་དང་བྲལ་བས་མི་རྟོགས་པས་སོ། །འོ་ན་དེ་རྣམས་ཀྱིས་ཇི་ལྟར་རྟོགས་ཤེ་ན། སེམས་དང་ཞེས་པ་གཟུང་བ། སེམས་བྱུང་ནི་འཛིན་པ་སྟེ། ཉན་ཐོས་པས་གཟུང་འཛིན་དོན་དམ་དུ་སེམས་ཀྱི་ཚུལ་ཞེས་པ་སེམས་ཙམ་པས་རྣམ་པར་རིག་པ་ཙམ་དུ་རྟོགས་པའོ། །ཡེ་ཤེས་ཞེས་བྱ་བ་རང་བཞིན་ཅན་ནི་ཁྱབ་འཇུག་རྒྱུར་སྨྲ་བས་ཁྱབ་འཇུག་བྱེད་པ་པོར་འདོད་པ་ལ་སོགས་པའོ། །ཆོས་རྣམས་ནི་བྱ་བའོ། །ཆོས་ཅན་ནི་བྱེད་པ་པོ་སྟེ་དབང་ཕྱུག་ལ་སོགས་པར་རྟོགས་པའོ། །འོ་ན་གྲུབ་མཐའ་དུ་མ་ཡོད་པས་དངོས་པོ་དུ་མ་ཡོད་དམ་དངོས་པོ་དུ་མ་རྟོགས་པས་མཐར་ཐུག་ཀྱང་དུ་མ་ཡོད་དམ་སྙམ་ན་མ་ཡིན་ཏེ། གང་ཕྱིར་ཆོས་ནི་དུ་མས་ནི། །ཞེས་པ་ལ་སོགས་པས་གྲུབ་མཐའ་དུ་མ་ཡོད་ཀྱང་གནས་ལུགས་གཅིག་ལས་མེད་ལ། དེ་རྟོགས་པའི་མཐར་ཐུག་ཀྱང་གཅིག་ལས་མེད་པ་དཔེ་དང་བཅས་པ་བསྟན་ཏོ། །དངོས་པོ་གཅིག་པོ་དེ་ཐབས་གང་གིས་རྟོགས་ཤེ་ན། ཇི་ལྟར་ནང་དུ་རྣམ་གནས་པ། །ཞེས་པ་དོན་ནང་དུ་གནས་པ་སེམས་ཉིད་ཡིན་ལ། རྟེན་ནང་དུ་གནས་པ་རླུང་སེམས་དབུ་མར་འདུས་པའོ། །བླ་མའི་ཞལ་ལས་རྙེད་པར་འགྱུར་བ་ནི། བླ་མའི་གདམས་ངག་ལས་རླུང་སེམས་དབུ་མར་འདུ་བའི་ཐབས་བརྟག་པ་ལྔ་པའི་གཉིས་པ་ལས། ཙཎྜཱ་ལཱིའི་འཁོར་ལོ་བཞི་ལ་བརྟེན་པ་བཤད་པ་དང་འབྲེལ་ལོ། །རབ་ཏུ་བྱེད་པའི་མཚན་ལ་ཐབས་ཀྱི་རྒྱུད་ཀྱི་དེ་ཁོ་ན་ནི་བརྟག་པ་གཉིས་པའི་རབ་བྱེད་གཉིས་པའི་མདོར་བསྟན་ཡིན་ལ། འབྲས་བུའི་དེ་ཁོ་ན་བརྟག་པ་བཅུ་པའི་མདོར་བསྟན་ནོ། །རབ་ཏུ་བྱེད་པ་འདིའི་དོན་རྒྱུད་ཕྱི་མ་ལས་ཞིབ་ཏུ་བཤད་ནའང༌། འདིར་ངག་བསྡུས་པ་བླ་མའི་གསུང་ལ་བརྟེན་ནས་ཅུང་ཟད་བྲིས་པའོ།།  །།བརྟག་པ་དང་པོ་དངོས་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་བཤད་པའི་བརྗོད་པར་བྱ་བའི་དོན། སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀ དེ་རེ་རེ་ལའང་གཉིས་གཉིས་ཡོད་པའི་དྲུག་ཀ་ཚང་དུ་རུང༌། རྗོད་བྱེད་ཀྱི་སྒྲའང་གསུམ་ཀ་འཇུག མངོན་པར་རྟོགས་པ་ཐབས་དང་འབྲས་བུ་གཉིས་དང་འབྲེལ། དེ་ཡང་ཐབས་ནི་མཆོག་སྒྲུབ་པའི་མངོན་རྟོགས་ལྔ་པ་ཉེ་བའི་རྒྱུ་དང་གཙོ་བོར་སྦྱར་རོ། །རྒྱུད་སྡེ་གཞན་གསང་བ་འདུས་པ་ལ་སོགས་པ་ཁྱད་པར་དུ་རྣལ་འབྱོར་བླ་ན་མེད་པ་འདི་སྐད་བདག་གིས་ཐོས་པས་མགོ་དྲངས་པ་ཙམ་གྱིས་གླེང་གཞི་ཚིག་གི་དོན་རྣམ་པར་ཕྱེ་སྟེ་རྒྱུད་མཐའ་དག་གི་ལུས་རྣམ་གཞག་ཡིན་པར་བཤད་པའོ། །ཚིག་དོན་ལས་དེ་ནས་རྒྱུད་རྣམས་ཐམས་ཅད་ནི་འདུས་པ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །གཏན་ལ་ཕབ་པ་ནི་ཡི་གེ་སུམ་ཅུ་རྩ་བདུན་ནམ་བཞི་བཅུ་ཐམ་པས། བརྗོད་བྱ་ཐབས་དང་འབྲས་བུའི་རྒྱུད་བསྟན་པའོ། །རབ་བཤད་ནི་ཚིག་གི་དོན་རྣམ་པར་ཕྱེ་སྟེའོ། །འབྲས་བུ་དེ་མངོན་དུ་བྱེད་པའི་གནས་རབ་བྱེད་གསུམ་པ་དང་འབྲེལ་པ་ཅན་དུ་བྱས་ནས་འབྲས་བུ་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་གནས་ཡིན་ཏེ། བྲམ་ཟེའི་རིགས་ཀྱི་བུ་མོ་སྤྱན་དུ་བསྐྱེད་པ་ལ་སོགས་པ་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱས་པ་ལས་ཐོབ་པའོ། །དེ་བས་ན་དེའི་ཆོས་འབྱུང་གི་མཚན་ཉིད། ཡི་གེ་ཨེས་བཤད་པའི་དབང་དུ་བྱས་ནས། སེམས་ཅན་ཀུན་ལ་ཞེས་པས་འདོད་པའི་ཁམས་ཀྱི་སེམས་ཅན། དེ་ལས་ཀྱང་བུད་མེད་ཀྱི་རྟེན་ལའོ། །དབྱིབས་གྲུ་གསུམ། ཐབས་ཀྱིས་མ་ཟིན་པ་དང་ཟིན་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀ་བསྐྱེད་པས་རྒྱ་ཆེན་ནོ། །ཚངས་སོགས་ཞེས་པ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ན་ཚངས་པ་ནི་དྲི་ཆེན། སོགས་ཁོངས་སུ་ཁྱབ་འཇུག་དྲི་ཆུ། དབང་ཕྱུག་ཆེན་པོ་བྱང་སེམས་གཉིས་བསྡུ། ལྷ་རཀྟ། ལྷ་མིན་ཤ་ཆེན་ཏེ་དེ་རྣམས་ཀྱི་གནས་སོ། །ཡང་འཁོར་བ་རྒྱུའི་དབང་དུ་བྱས་ན་ཉོན་མོངས་པ་གཏི་མུག་ལ་སོགས་པ་ལྔའོ། །འཁོར་བ་འབྲས་བུའི་དབང་དུ་བྱས་ན་ཚངས་པ་ལ་སོགས་པ་ཉིད་བསྐྱེད་པའོ། །དེ་རྣམས་ཀྱིས་མཚོན་ནས་རིགས་དྲུག་གིས་བསྡུས་པའི་འཁོར་བ་བསྐྱེད་པའོ། །དེ་ཉིད་ཅེས་པ་ལ་སོགས་པས་གནས་དེའི་མཚན་ཉིད་བསྟན་པ་ནི། དོན་གནས་དེར་མངོན་དུ་བྱས་པའི་ལྷན་སྐྱེས་ཀྱི་མཚན་ཉིད་ཡིན་ཏེ། དེས་ཕར་ཡང་ཡུལ་དུ་མི་བྱེད་ལ། ཚུར་ཡང་ཡུལ་དུ་མི་བྱེད་པས་ཡུལ་ལས་འདས་པའོ། །སྲོག་ཆགས་ཀུན་གྱི་སྙིང་ལ་དེའི་མཚོན་བྱར་རང་བཞིན་ལྷན་སྐྱེས་ཀུན་འགྲོའི་དབང་ཕྱུག་ཏུ་གནས་པའོ། །གནས་དེ་འདུ་ཤེས་གསུམ་ལ་སོགས་པའི་ཐབས་ཀྱིས་ཟིན་པས་བསྟེན་པས་ལྷན་སྐྱེས་རྟོགས་པའི་ཕན་ཡོན་དེའི་ཕྱིར་རྒྱས་པ་ལ་སོགས་པས་མཆོག་དང༌། ཡང་ན་ལས་ལ་སོགས་པས་ཐུན་མོང་སྟེ་དེ་གཉིས་ཀྱིས་ཐོབ་བྱ་ཐོབ་པ་ལས་གཏི་མུག་ལ་སོགས་པ་སྤང་བྱ་སྤོང་བ་སྟེ། དེ་རྣམས་ཀྱི་རང་གི་དོན་འགྲུབ་པའི་ཕན་ཡོན་ནོ། །གཞན་དོན་འགྲུབ་པའི་ཕན་ཡོན་ནི། སངས་རྒྱས་ཞེས་པ་རྐང་པ་བདུན་གྱིས་རྫོགས་པའི་རིམ་པ་ཐབས་ཤེས་རབ་སྤྲུལ་པ་ཞེས་གསུངས་ཏེ། མདོར་བསྟན་དུ་གསལ་ལོ། །གདུལ་བྱ་ཉོན་མོངས་པ་གང་དང་གང་གིས་གནས་གྱུར་པ་སྟེ་ཤས་ཆེ་བ་ལ་རྡོ་རྗེ་འཛིན་པ། ཞེ་སྡང་ཤས་ཆེ་བ་ལ་མི་བསྐྱོད་པ་ལ་སོགས་པར་བསྟན་པའོ། །དེའང་སྦྱང་གཞིའི་མིང་གིས་གཉེན་པོ་ལ་བཏགས་པ་བསྟན་ཏོ། །དེ་ལྟར་རིགས་ནི་ལྔ་རྣམས་ལ་སོགས་པས་དངོས་སུ་གཏི་མུག་ལ་སོགས་པ་སྦྱངས་པས་རིགས་ལྔ་ལ་སོགས་པ་བསྐྱེད་པ་བསྟན་ལ། ཤུགས་ལས་ལྔ་ཚན་གསུམ་པོས་ཨཱ་ལི་བཅོ་ལྔ་བསྟན་པས་ཙཎྜཱ་ལཱི་གསུམ་བསྟན་ཏེ། ལྟེ་བའི་རྩ་འདབ་བརྒྱད་ལ་ཨཱ་ལི་གཉིས་གཉིས་གཅིག་ལ་ཨཿཚེག་དྲག་ཅན་ཏེ་བཅོ་ལྔ། ཨྃ་ལྟེ་བར་བསྒོམས་ལ། དེ་རྣམས་ལ་དམིགས་ཏེ་རླུང་མནན་ནོ། །ནང་གི་ཞེས་པ་ལ་སོགས་པས་རང་གི་སེམས་ཉིད་ལྷན་སྐྱེས་རྟོགས་པར་བྱེད་པའི་ཐབས་བླ་མ་ལས་གྲུབ་པར་བསྟན་ཏོ། །གང་གི་ཚེ་གྲུབ་ན་རང་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ཀྱིས་ཨཱ་ལིའི་བདག་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་ཚེ་འགྲུབ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ཀཱ་ལིའི་བདག་ཉིན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་ཚེ་འགྲུབ་པའོ། །འདི་ཡང་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པའང་ཡིན་ལ། གཙོ་བོར་ཉེ་བའི་རྒྱུ་དང་འབྲེལ་པའི་དབང་དུ་བྱས་ནས་བྱང་སེམས་བརྒྱད་དམ་དྲུག་མངོན་དུ་བྱས་པའི་ཚེ་འགྲུབ་པ་ལས། བརྒྱད་ནི་སྒྲུབ་པ་པོའི་རྒྱུད་ལ་རང་བྱིན་གྱིས་བརླབས་པས་བསྐྱེད་པའི་ཞུ་བདེ་གཉིས། དཀྱིལ་ཁོར་གཉིས་བསྐྱེད་པའི་ངོས་ནས་ད་ལྟའི་ཐབས་གཉིས་བསྒོམས་པ་ལའང་ཉེ་བའི་རྒྱུའི་མིང་འཐོབ་པ་ཡིན་ནོ། །དེ་ཡང་གླེང་གཞི་སྦས་པར་བཤད་པ་གཉིས་ཀྱིས་སྟོན་པ་ལས། གྲུ་གསུམ་དག་པ་ཞེས་པ་ནས། དེ་ཉིད་ནས་ནི་ཡང་དག་འབྱུང༌། །ཞེས་པའི་བར་གྱིས་ཙཎྜཱ་ལཱི་བཞི་པ་བསྟན་ཏེ། སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་ཨྃ། ནང་སྐོར་ལ་སྡེ་ཚན་བརྒྱད། ལྟེ་བའི་ཕྱི་སྐོར་དང་འཁོར་ལོ་གོང་མ་གསུམ་ཡང་འདབ་བརྒྱད་དུ་བྱས་ཏེ། ལྟེ་བ་ལ་སོ་སོའི་ཡི་གེ འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད། ལྟེ་བའི་ངོས་ནས་ཚར་དུ་དགོད། ཡི་གེ་རྣམས་འཁོར་ལོའི་ཁ་དོག་དང་མཐུན་པར་བྱ། དེ་རྣམས་ལ་རླུང་བསྟིམ་ལ་མནན། ཕྱིར་ཅི་བདེར་བཏང་ངོ༌། །དེ་ནས་སྡེ་ཚན་བརྒྱད་ལ་ས་བོན་ལ་སོགས་པས་ཙཎྜཱ་ལཱི་ལྔ་པ་འཁོར་ལོ་གཅིག་ལ་བརྟེན་པ་སྟེ། ལྟེ་བའི་དབུས་སུ་ཨ། འདབ་མ་བརྒྱད་ལ་སྡེ་ཚན་གྱི་གཙོ་བོ་བརྒྱད་བཀོད་ལ། དེ་ལ་རླུང་བསྟིམ་ལ་བསྒོམ་པའོ། །དེ་རྣམས་རང་བྱིན་གྱིས་བརླབ་པའི་གནས་གཙོ་བོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གླེང་གཞི་ཡི་གེ་ཨེས་བཤད་པའི་དབང་དུ་བྱས་པའོ། །ཡི་གེ་བཞིས་སྐྱེ་བའི་གནས་མཐའ་དག་འཁོར་ལོ་བཞིས་བསྟན་པས་ཞར་ལ་ཙཎྜཱ་ལི་དྲུག་པ་བསྟན་ཏེ། འཁོར་ལོ་བཞིའི་ལྟེ་བ་ལ་ཡི་གེ་སོ་སོར་དགོད། འདབ་མ་ལ་བརྟག་པ་དྲུག་པ་ལས་བྱུང་བ་ལྟར་བཀོད་ལ། རྩ་གསུམ་དང༌། བཤང་སྒོའི་རླུང་དང༌། སུམ་མདོའི་མེ་ཡང་གསལ་བཏབ་སྟེ། འོག་རླུང་བསྐུམ་པས་རླུང་གིས་མེ་སྦར་ཏེ། ཨྃ་ལ་ཕོག་པས་ཨྃ་འབར། དེ་གཡས་ཀྱི་རོ་མ་ནས་སོང༌། འཁོར་ལོ་གོང་མའི་ཡིག་འབྲུ་རྣམས་རིམ་གྱིས་བཅོམ། ཧྃ་ལ་ཕོག་པས་རྐྱང་མ་ནས་འཛག་སྟེ། ཨྃ་ལ་བབས་པས་ཨྃ་ཆེར་འཕྲོས་ཏེ། དབུ་མ་ནས་སོང་ནས་ཧྃ་ལས་བྱང་སེམས་བབས་ཏེ། འབར་འཛག་ལ་དམིགས་ལ་རླུང་མནན་ནོ། །ལྷག་མ་རང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་གཉིས་ཀ་དུས་གཅིག་ན་ཡན་ཆད་འདིར་བཤད་ལ། ལྷག་མ་གླེང་གཞིའི་མདོར་གསུངས་པ་ལྟར་ཁ་བསྐངས་ནས་གསུང༌། རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་དང་སྦྱར་བ་ནི། འདིར་སྐུ་གསུང་ཐུགས་སྙིང་པོ་རྣམས་ཧེ་རུ་ཀ་བཞི་དང་སྦྱར་བ་ཙམ་ལས་གཞན་སྦྱར་དུ་མེད་ཀྱི། དོན་ནི་གླེང་གཞི་འཆད་པ་འདིར་ཡང་གསུངས་སོ། །འབྲས་བུ་གང་ཞིག་བསྒྲུབ་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། སྤྱི་དང་མཐར་ཐུག་ཏུ་བཤད་པ་གཉིས་ཀྱིས་སྟོན་ཏེ། སྔོན་བྱུང་གི་རྣམ་པར་འཕྲུལ་པ་ཡང་འབྲས་བུའི་རྣམ་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་དང༌། སྤྱི་དོན་དུ་བཤད་པ་ཡང་འབྲས་བུ་ཡིན་པས་སོ། །བཤད་པ་གླེང་གཞི་བཞིན་ནོ། །མཐར་ཐུག་ཏུ་བཤད་པ་ལ་ཡང་ན་བརླབས་པ་ཉིད་ནི་ཞེས་པ་ལ་སོགས་པས་ཡེ་ཤེས་གཅིག་ཉིད་དུ་སྡུད་པར་བྱེད་པ་ལ་སོགས་པར་སྣང་བར་བསྟན་ལ། གཅིག་ན་ཞེས་པ་ལ་སོགས་པས་ཀྱང་སྟོན་པ་དང་སྡུད་པ་པོ་ཐ་མི་དད་དེ། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་བཤད་དོ། །བཅོམ་ལྡན་འདས་ལ་སོགས་པའི་ཚིག་དོན་སྤྱི་དོན་དུ་བཤད་པ་དང་ཁྱད་པར་མེད་པས་འདིར་སྦྱར་ནས་མི་གསུང་ངོ༌། །བཞུགས་པའི་དོན་ལ་གསུམ་སྟེ། སྤྲུལ་པའི་སྐུ་བཞུགས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་ས་བཅུ་གསུམ་པའི་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཉིད་ཡིན་ལ། བཞུགས་སོ་ལ་བི་ཛ་ཧཱ་ར་བྱ་བ་ཡོད་པས། ཡི་གེའི་དོན་གྱིས་བཤད་པ། བི། བི་ཙི་ཏྲ་ན་སྣ་ཚོགས་ཏེ་འདུལ་བྱེད་ཐབས་སྣ་ཚོགས་ཀྱིས་སྐྱེ་བོ་འདུལ་བའོ། །ཛ། ཛནྨ་ན་སྐྱེ་བོའི་ཡིད། ཧ། ཧ་ར་ན་འཕྲོག་པ་དང་ལྡན་པའོ། །ཆོས་ཀྱི་སྐུའི་བཞུགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡེ་ཤེས་ཡིན་ལ། བཞུགས་པའི་གནས་རྡོ་རྗེའི་རང་བཞིན་གྱི་ཆོས་ཀྱི་འབྱུང་གནས་ཏེ། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ལ་གང་གི་ཚེ་ལ་སོགས་པ་དབྱེར་མི་ཕྱེད་པའི་ཚུལ་གྱིས་བཞུགས་པའོ། །ཐོས་ཞེས་པའང་དོན་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་ལ་བྱའོ། །བྷ་ག་ལ་བཞུགས་པའི་བྷ་གའི་བཤད་པ་ནི། འདི་ལྟ་སྟེ་ལ་སོགས་པ་ཆོས་ཀྱི་དབྱིངས་ཏེ་རྟོགས་པས་ཉོན་མོངས་པ་ལ་སོགས་པ་འཇོམས་པས་སོ། །བྷ་ག་དེ་ལ་སོགས་པས་ལོངས་སྐུའི་བཞུགས་པ་སྟེ། ཆོས་ཀྱི་སྐུ་དེ་ཉིད་རྣམ་པ་ཆོས་འབྱུང་གི་ནང་དུ་ཚུད་པའི་གཞལ་ཡས་ཁང་དུ་བཙུན་མོ་དང་ཞལ་སྦྱོར་གྱི་ཚུལ་གྱིས་བཞུགས་པའོ། །རིགས་ཀྱི་བུ་ལ་སོགས་པ་དེ་རྣམས་ཀྱིས་གཞུང་བསྡུས་པ་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས་བཞུགས་པ་པོ་རྡོ་རྗེ་འཛིན་པ་བསྟན་ལ། བཞུགས་པ་པོའི་གནས་ཆོས་འབྱུང་ནི་དྷརྨ། སོགས་ཁོངས་སུ་ཏ་ཡ་བསྡུས་པས་ཡི་གེ་བཞིས་ཆོས་ཀྱི་འབྱུང་གནས་ཏེ་ཆོས་ཀྱི་དབྱིངས་བསྟན་ཏོ། །དེའི་མཛད་པ་གདུལ་བྱ་ལ་དག་པ་སྟེ། སྤངས་པ་དང་རྟོགས་པ་ཡང་དག་པར་རྫོགས་པ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་སྐྱེད་པར་བྱེད་པའོ། །མ་བཤད་པ་ནི་ཡི་གེ་སུམ་ཅུ་བདུན་འབྲས་བུར་རོ། །ཕན་ཡོན་དུས་འདི་ཉིད་དུ་མངོན་པར་འགྲུབ་པར་བསྟན་པ་ལ། བསམ་པ་ཇི་ལྟ་བུ་དང་ལྡན་པས་འགྲུབ་པ། དུས་ནམ་གྱི་ཚེ་འགྲུབ་པ། འབྲས་བུ་གང་འགྲུབ་པ། རྟེན་གྱི་གང་ཟག་ཇི་ལྟ་བུ་ཅིག་གིས་འགྲུབ་པ། ཐབས་གང་གིས་འགྲུབ་པ། འབྲས་བུ་དཔེའི་སྒོ་ནས་བསྟན་པ་དང་དྲུག་གོ །དེའི་དང་པོ་ནི་ཕྱག་རྒྱའི་ཆོས་འབྱུང་དུ་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱས་ལ། སེམས་ཅན་འཁོར་བ་ནས་བསྒྲལ་བའི་བསམ་པ་སྟེ། ཚིག་འབྲུ་འདི་རྣམས་ལ་སོགས་པས་སོ། །གཉིས་པ་སྐྱེ་བ་འདིར། གསུམ་པ་སངས་རྒྱས་ཉིད་དམ། སོགས་པས་བཞི་པ་ཀུན་ནས་ཞེས་པ་ལ་སོགས་པས་སོ། །ལྔ་པ་ནི་སྙོམས་པར་ཞུགས་པའི་སྟོབས་ཀྱིས་བརྒྱད་དྲུག་མངོན་དུ་བྱས་པ་སྟེ། མཐར་དབུ་མར་ཐམ་པ་ལས་མངོན་དུ་འགྱུར་བས་ཏེ། ཐབས་དང་ཞེས་པ་ལ་སོགས་པས་སོ། །དྲུག་པ་ནི་ནམ་མཁའ་དང་མཉམ་ཞིང་ལ་སོགས་པས་བསྟན་ཏོ། །བརྟག་པ་དང་པོའི་བཤད་པའོ།།  །།རྒྱས་པར་བཤད་པའི་དང་པོ། བརྟག་པ་གཉིས་པའི་རབ་བྱེད་དང་པོའི་བརྗོད་པར་བྱ་བའི་དོན་རྡོ་རྗེ་སློབ་དཔོན་གྱི་དབང་དང་འབྲེལ་པ་རྣམས་བསྐྱེད་རིམ་དང་སྤྱི། གོང་མ་གསུམ་དང་འབྲེལ་པ་སྦས་པ། རྗོད་བྱེད་ཡན་ལག་གི་དོན་གཙོ་བོ་ཡིན་པ། བསྡུས་པའི་དོན་ཡང་བྲམ་ཟེ་མོ་ལ་མའི་བརྡས་བསྟན་པ་ལ་སོགས་པ་ཅུང་ཟད་ཙམ་མོ། །མངོན་པར་རྟོགས་པ་རྟེན་གྱི་གང་ཟག་དང་འབྲེལ། རྒྱུད་སྡེ་གཞན་རྩ་བའི་རྒྱུད་བརྟག་པ་གཉིས་པའི་བརྟག་པ་དང་པོའི་ལེའུ་བཅུ་པ་དང༌། གཉིས་པའི་གསུམ་པ་དང༌། གཉིས་པའི་ལྔ་པ་རྣམས་སུ་ཁ་ཅིག་ཏུ་མི་གསལ་བ་གསལ། ཁ་ཅིག་ཏུ་མ་ཚང་བ་ཁ་སྐོང༌། ཁ་ཅིག་ཏུ་ཆ་མཐུན་ངེས་པ་བསྐྱེད་པའོ། །དེ་ཡང་རྟེན་གྱི་དཀྱིལ་འཁོར་ཇི་ལྟར་བྲི་བ་དང་པོའི་བཅུ་པ་དང་ཆ་མཐུན། དཀྱིལ་འཁོར་སྒྲུབ་པ་ཕྱག་རྒྱ་ལ་བརྟེན་པའི་ལུགས་ཕྱི་མའི་ལྔ་པའི་དོན་མི་གསལ་བ་གསལ། འོད་ཀྱི་རིག་མ་ལ་བརྟེན་པ་མ་ཚང་བ་ཁ་བསྐང༌། སློབ་དཔོན་བདག་ཉིད་འཇུག་པ་དང་པོའི་བཅུ་པར་མི་གསལ་བ་གསལ། དབང་གི་སྔོན་དུ་བླ་མ་མཆོད་ཅིང་བསྟོད་ལ་གསོལ་བ་གདབ་པ་དང༌། དམ་ཚིག་དང་སྡོམ་པ་སྦྱིན་པ་ཐམས་ཅད་དུ་མ་ཚང་བ་ཁ་བསྐང༌། དང་པོའི་བཅུ་པ་དང་གསང་དབང་ཆ་མཐུན། ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་ཆ་མཐུན་པ་ལ་ཡང་དབང་དེའི་མཚན་ཉིད། ལེའུ་བརྒྱད་པ་ནས། དགའ་བ་དང་པོ་དཔའ་བོ་སྟེ། །ཞེས་པ་ལ་སོགས་པ་གསུངས་པ་དང༌། ཡང་ཕྱི་མའི་གསུམ་པ་ལས། ཆོས་མཐུན་གྱི་དབང་དུ་བྱས་ནས། དང་པོ་ལ་ནི་བུམ་པའི་དབང༌། །ཞེས་པ་ལ་སོགས་པ་དགའ་བ་བཞིའི་མཚོན་བྱེད་གསུངས་པ་དང༌། དེ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་བཤད། ཕན་ཡོན་དང༌། རྗེས་སུ་གནང་བ་དང༌། སློབ་མའི་བྱ་བ་གསུམ་ཁ་བསྐང༌། ཚིག་དབང་རིན་པོ་ཆེ་བཞི་པ་གསལ་བར་བཤད་དོ། །གཞུང་ལས་མ་དང་ཞེས་པ་ལ་སོགས་པས་གོང་དུ་དཀྱིལ་འཁོར་སྒྲུབ་པའི་རྟེན། དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་མོ་རྣམ་པར་གཞུག །ཅེས་པས་རྒྱས་པར་བཤད་པའོ། །དངོས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང༌། ཡང་ན་མངོན་དུ་ལ་སོགས་པས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་པའི་ཚུལ་བཤད་དོ། །སྐྱེ་གཉིས་ཀྱི་བུ་མོ་ཞེས་པ་ལ་སོགས་པས་གོང་དུ་མ་ལ་སོགས་པའི་བརྡས་བསྟན་པ་དེ་ཉིད་བཤད་ལ། དེ་དག་གི་མཚན་ཉིད་ཀྱང་ཡང་ན་རི་དྭགས་ཀྱི་མིག་མ་ཞེས་པ་ལ་སོགས་པ་བསྐྱེད་པ་ལས་ཐོབ་པའི་ཡོན་ཏན་དང༌། དམ་ཚིག་གི་སྤྱོད་པ་ལ་ཤིན་ཏུ་དམ་པ་ཞེས་པ་ལ་སོགས་པས་སྦྱངས་པ་ལས་བྱུང་བའི་ཡོན་ཏན་དང༌། མ་རྙེད་ཅེས་པ་ལ་སོགས་པས་དེ་ཡང་རིགས་པས་ཀྱང༌། ལང་ཚོ་གཙོ་བོར་སྟོན། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ཉིད་དབང་བསྐུར་བའི་གསོལ་བ་གདབ་པའི་སྔོན་དུ་བླ་མ་ལ་དབུལ་བ་ཡང་བསྟན་ཏོ། །དབང་གསུམ་པའི་མཚན་ཉིད་ལས་བླ་མས་ཕྱག་རྒྱ་གཏད་ནས་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་ལྷན་སྐྱེས་ཉམས་སུ་མྱོང་བའི་མཚན་ཉིད་བེམས་པོ་ལས་ལོགས་པ་རང་རིག་ཡེ་ཤེས་ཉིད་དུ་འགྱུར། ཞེས་པའོ། །རབ་སྒྲུབ་པའོ། །གཞན་ཕྱག་རྒྱ་འདྲེས་པ་དབང་གི་གནས་སུའོ། །དཔེ་མཁའ་མཉམ། རྟོག་པའི་རྡུལ་བྲལ། རྟོག་པའི་རྒྱུ་བས་སྟོང་པ་ཉིད་དོ། །དངོས་པོ་ཞུ་བ། དངོས་མེད་མི་རྟོག་པ། བདག་ཉིད་རང་རིག་པ། མཆོག་བདེ་བའོ། །ཐབས་ཞུ་བ། ཤེས་རབ་བདེ་བ། འདྲེས་པ་དབང་གི་གནས་སུའོ། །འདོད་ཆགས་ཐབས་ཀྱི་བྱང་ཆུབ་ཀྱི་སེམས། འདོད་ཆགས་བྲལ་བ་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས། འདྲེས་པ་དབང་གི་གནས་སུའོ། །རང་གི་རིགས་པའི་བདག་ཉིད་ཀྱིས་སྲོག་ཆགས་རྣམས་ཀྱི་སྲོག་གོ །ཡི་གེ་ནི་ཨཱ་ཀྵ་ར་སྟེ། རྣམ་པར་རྟོག་པར་མི་འགྱུར་བས་སོ། །ཀུན་ཁྱབ་བྱེད་ནི་བརྟན་གཡོ་ཐམས་ཅད་ལའོ། །སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་མེད་པས་སངས་རྒྱས་ཡེ་ཤེས་ཅན། ཡི་གེ་བཞིའི་དོན་དང་ལྡན་པས་ཧེ་རུ་ཀ་དཔལ་ཞེས་བྱ་བར་བརྗོད་དོ། །གཞན་རྣམས་དབང་པོ་དྲུག་གོ །གང་རྣམས་བརྟན་པ་སྣོད། དེ་རྣམས་གཡོ་བ་བཅུད་དོ། །དངོས་པོ་སྣང་བ། དངོས་མིན་སྟོང་པ། དེ་ལས་བྱུང་བའི་དེ་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་ཉིད་སྣང་བའོ། །དགའ་བ་བཞི་དཔེའི་སྒོ་ནས་བསྟན་པ། འོ་དང་འཁྱུད་པ་ལ་སོགས་པའི་དུས་སུ་བདེ་བ་ཅུང་ཟད་མྱོང་བ་ནི་དགའ་བ་ཡིན་ལ། མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་ལ་དང་པོར་སྐྱེ་བས་དང་པོའོ། །དེ་ཉིད་བྱ་བ་མང་བས་དཔེ་སྐྱེས་པ་དང་ཆོས་མཐུན་པས་དཔའ་བོའོ། །བོལླ་ཀཀྐོ་ལ་མཉམ་པར་སྦྱོར་བའི་དུས་སུ་གོང་མ་ལས་མཆོག་ཏུ་གྱུར་པའི་བདེ་བ་ཉམས་སུ་མྱོང་བ་མཆོག་ཏུ་དགའ་བ། དེ་ཉིད་བྱ་བ་ཉུང་པས་རྣལ་འབྱོར་མ་སྟེ་བུད་མེད་དང་ཆོས་མཐུན་པའོ། །བསྲུབ་པ་དང་སྲུབ་པའི་སྦྱོར་བའི་དུས་སུ་གོང་མ་ལས་མཆོག་ཏུ་གྱུར་པ། བདེ་བ་མི་རྟོག་པ་དང་བཅས་པར་སྐྱེ་ནས་ཤིན་ཏུ་བདེ་དགའོ། །དེའི་དུས་སུ་ཕྱིའི་བྱེད་གཟུགས་ལ་སོགས་པ་ལ་ཞེན་པ་དང་བྲལ་བར་ངེས་པ་ལ། ནང་གི་བདེ་བ་ལ་འདོད་པས་ཆགས་པར་ངེས་པས་ཐམས་ཅད་ངེས་པའོ། །དེ་བདེ་བ་ནི་འདས་མ་ཐག་པའི་དགའ་བ་གསུམ་པའོ། །དེའི་ཐབས་ཐམས་ཅད་རིག་པ་ནི་མཆོག་གི་ཟེ་བར་ལྷན་སྐྱེས་མངོན་དུ་བྱས་ཙམ་ན། ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོར་རྟོགས་པའོ། །དང་པོ་དགའ་བ་ཙམ་ཉིད་ལ་སོགས་པས་ཉམས་མྱོང་ཆེ་ཆུང་གི་སྒོ་ནས་དགའ་བ་བཞིའི་གོ་རིམ་བསྟན་ཏོ། །དེ་ཡང་དབང་ནི་རྣམ་པ་བཞི་ཞེས་པ་ལ་སོགས་པས་དགའ་བ་བཞིའི་མཚོན་བྱེད་དབང་བཞི་བསྟན་ཏེ། དེ་ཡང་གྲངས་བཞིར་མཐུན་པ་དང༌། གོ་རིམ་བུམ་དབང་ལ་བརྟེན་ནས་གསང་དབང་བསྐུར་བ་ལ་སོགས་པ་དང༌། དགའ་བ་ལ་བརྟེན་ནས་མཆོག་དགའ་སྐྱེ་བ་ལ་སོགས་པར་མཐུན་པ་དང༌། བྱེད་པའི་ལས་རྣམ་རྟོག་གི་དྲི་མ་འཁྲུད་པར་མཐུན་པས་མཚོན་ནུས་པའོ། །དབང་བཞི་པ་ནི་སྔོན་དུ་སློབ་མ་ཟབ་པ་རྫོགས་པའི་རིམ་པ་ལ་མོས་པ་དང༌། རྒྱ་ཆེ་བ་བསྐྱེད་པའི་རིམ་པ་ལ་མོས་པ་ཤེས་པར་བྱས་ནས། ཟབ་པ་ལ་མོས་པ་ལ་དབང་གསུམ་པའི་དུས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་བཞིན་ལྷན་སྐྱེས་དང་འབྲས་བུ་ཆོས་སྐུ་གསུམ་ཁྱད་མེད་པར་སྟོན་པ་ལམ་གྱི་དུས་སུའང་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་ལ། བྱང་ཆུབ་ལ་དགོད་པའི་བསམ་པས་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་གོམས་པར་གྱིས་ཤིག་ཅེས་སྟོན་པ་ལམ་དུ་བྱེད་པའི་བཞི་པའོ། །ཚིག་དོན་ལ་དབང་རབ་མཆོག །ཅེས་པ་དབང་གསུམ་པའོ། །དེའི་དུས་སུ་རིགས་ཀྱི་བདག་པོ་སྟེ། ཐབས་ཀྱི་རྩ་སྣ་དང༌། ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་རོ། །གཟུང་ནི་དེར་ཐིག་ལེའོ། །དེ་ཤིན་ཏུ་རྙེད་པར་དཀའ་བས་ན་རྙེད་པར་དཀའ་བའོ། །བྱང་ཆུབ་ཀྱི་སེམས་མི་འཆོར་བའི་ཐབས་དུ་མས་མི་འཆོར་བར་བསྡམས་པས་ན། མཚུངས་པ་མེད་པར་ཤིན་ཏུ་བསྡམས། །ཞེས་པའོ། །བདེ་བ་ལ་ལོངས་སྤྱོད་པས་ན། ལོངས་སྤྱོད་རྫོགས་པ་མཁའ་སྣང༌། ཞིང་ནི་གནས་ཏེ། རྩ་གཉིས་ཀྱི་གནས་དེ་ཉིད་ལ་བྱའོ། །དཔལ་ནི་ཞུ་བདེ་དེ་ཉིད་མི་ཤེས་པའི་རི་བོ་དྲལ་བས་སོ། །བླང་བ་ནི་མངོན་དུ་བྱ་བའོ། །ཞུ་བདེ་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་མངོན་དུ་བྱས་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་བཞིན་དུ་ལམ་གྱི་དུས་སུའང་གོམས་པར་གྱིས་ཤིག་ཅེས་གཞུང་ལྷག་མས་བསྟན་ཏོ།།  །།བརྟག་པ་གཉིས་པའི་བརྗོད་པར་བྱ་བའི་དོན་སྦས་པ་རྣམ་པ་གཉིས་ཀ་ཡོད། ཕན་ཡོན་གྱི་ཚུལ་གྱིས་མཐར་ཐུག་ཏུ་ཅུང་ཟད་འགྲོ་བ་ཡོད། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་གཙོ་བོར་བཤད་པ་ལ་བསྡུས་པའི་དོན་ཡང་གཏི་མུག་དམ་ཚིག་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་པའི་བརྡས་བསྟན་པ་ལ་སོགས་པ་ཅུང་ཟད་ཡོད། མངོན་པར་རྟོགས་པ་ཐབས་ལ་གནས་པས་ཇི་ལྟར་མོས་པར་བྱ་བའི་དབང་དུ་བྱས་ནས། རྫོགས་པའི་རིམ་པ་བསྒོམ་པ་དང་གཙོ་བོར་འབྲེལ་ལོ། །ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་རིམ་དང༌། ལྔ་པ་ཉེ་བའི་རྒྱུད་གཉིས་དང་ཡང་འབྲེལ་པ་ཡིན་ནོ། །རྒྱུད་སྡེ་གཞན་ནི་བསམ་མི་ཁྱབ་ཀྱི་དོན་ཚུལ་ཇི་ལྟར་བསྒོམ་པ། བརྟག་པ་གཉིས་པའི། བརྟག་པ་དང་པོའི་ལེའུ་བརྒྱད་པར། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །ཞེས་པ་ལ་སོགས་པ་གསུངས་པའི་དོན་གསལ་བར་བཤད་པ་ཡིན་ལ། བསྒོམ་པའི་དགོས་པ་དང་དམ་ཚིག་དང་འཐད་པ་གསུམ་དེར་མ་ཚང་བ་ཁ་བསྐང༌། ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་ནི། བརྟག་པ་གཉིས་པའི་ལེའུ་དང་པོ། ལེའུ་ལྔ་པར་སྐྱེད་བྱེད་མ་དང་སྲིང་མོ་ལ་སོགས་པ་གསུངས་པ་དང༌། བརྒྱད་པར་ནམ་མཁའི་ཁམས་ནི་པདྨ་ལ་སོགས་པ་གསུངས་པ་དང༌། ཕྱི་མའི་གསུམ་པར་ཡང་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་སྡོམ་པ་གསུངས་པ་དེ་རྣམས་སུ་གནས་དང༌། དུས་དང་སྐྱེ་བོ་གདུག་པའི་ནང་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་གོམས་པར་བྱ་བ་དང༌། ཤེས་རབ་མངོན་དུ་མ་རྙེད་ན་ལོགས་མ་ལ་ཡང་བྱ་བ་རྣམས་མ་ཚང་བ་ཁ་བསྐང་བ་ཡིན་ལ། བསྟེན་པའི་ཐབས་གསལ་བར་བཤད་པ་ཡིན་ནོ། །ཚིག་དོན་ལས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ཉིད་སྣ་ཚོགས་སུ་སྣང་ཞིང་སྐྱེ་བས་ཐབས། དེ་ཉིད་རང་བཞིན་གྱིས་རྟོག་པ་ཐམས་ཅད་དང་བྲལ་བས་ཤེས་རབ་བསྒོམ་པ་ནི་གང་ལྟར་ཡང་མི་བསྒོམ་པའི་ཚུལ་གྱིས་སོ། །ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་ལྟར་ན་ཐབས་སྒྲུབ་པ་པོ་རིགས་ལྔར་བསྐྱེད་པ། ཤེས་རབ་ཕྱག་རྒྱ་སྤྱན་སོགས་སུ་བསྐྱེད་པ། བསྒོམ་པ་ནི་དབང་གི་གནས་སུ་ལྷན་སྐྱེས་མངོན་དུ་བྱས་ནས་སོ། །འཁོར་བའི་ཞེས་པ་ལ་སོགས་པ་བསྒོམ་པའི་དགོས་པ་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བསྟན་ནོ། །ཕུང་པོ་ལྔ་ལ་སོགས་ཀྱིས་དམ་ཚིག་ལྟུང་བ་བརྒྱད་པ་དང་དྲུག་པ་བསྟན་ནོ། །ཚུལ་ཇི་ལྟར་བསྒོམ་པ་ལ་བསམ་གྱིས་མི་ཁྱབ་པའི་དངོས་པོའི་འདུག་ཚུལ་གྱི་དབང་དུ་བྱས་ནས་སྟོང་པ་སྟེ་ཅི་ཡང་མེད་པའི་ཕྱལ་ཆད་དུའང་བསྒོམ་པར་མི་བྱ། སྟོང་མིན་ཏེ་དངོས་པོ་ཡང་དག་ཏུ་སྤང་ངོ༌། །རང་བཞིན་གྱིས་སྟོང་པ་མི་སྤང༌། གང་གིས་ན་རྣལ་འབྱོར་པས་སྟོང་མིན་ཏེ་རིག་པ་གསལ་བ་མི་སྤང་ངོ༌། སྟོང་དང་སྟེ་ཕྱལ་ཆད། སྟོང་མིན་ཏེ་དངོས་པོ་ཡང་དག་ཏུ་ཡོད་པར་གཟུང་བ་ལས་སྒྲོ་སྐུར་གྱི་རྟོག་པར་འགྱུར་བའོ། །རང་བཞིན་གྱིས་སྟོང་པ་དང་རིག་པ་གསལ་བ་ཡོངས་སུ་སྤངས་ནའང་སྒྲོ་སྐུར་གྱི་རྟོག་པའོ། །ཡང་དག་པ་གསུམ་དང་སྦྱར་ན་དེ་བཞིན་ཉིད་ཀྱི་དག་པ་བརྟགས་པས་སྟོང་པ་ཙམ་དུ་ཡང་བསྒོམ་པར་མི་བྱ། སྟོང་མིན་ཏེ་ལྷ་སོ་སོའི་དག་པ་ཙམ་དུ་ཡང་བསྒོམ་པར་མི་བྱ། འོ་ན་ཇི་ལྟར་བསྒོམ། རང་རིག་པའི་དག་པ་རྟོག་པའི་རྒྱུ་བས་སྟོང་པ་མི་སྤང་རྣལ་འབྱོར་པས། སྟོང་མིན་ཏེ་རང་རིག་པ་མ་འགགས་པ་མི་སྤོང་བའོ། །གཉིས་ཀྱིས་བཟུང་བ་ཞེས་པ་ལ་སོགས་པས་རང་རིག་པའི་དག་པ་མཐའ་གསུམ་གྱིས་མ་རེག་པའི་ཚུལ་གྱིས་བསྒོམ་པ་བསྟན་པའོ། །སྙིང་རྗེ་དང་ལྡན་པ་ཞེས་པ་ཤླཽ་ཀ་གསུམ་གྱིས་འབྲས་བུའི་རྒྱུད་ཀྱིས་བསྡུས་པའི་ཤེས་རབ་དང་སྙིང་རྗེ་བསྟན་ལ། དེ་ལྟ་བུ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་བསྒོམ་པར་འཐད་པའོ། །གང་བ་ཞེས་པ་ནས། གཞན་དུ་སྨྲ་བར་མི་ནུས་སོའི་བར་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བསྟན་ལ། དེ་ཉིད་དུ་དུས་ཐམས་ཅད་དུ་འབྱུང་བ་གཟུགས་རྣམས་ཐམས་ཅད་བལྟ་བ་ནས་སྐྱེ་བར་འགྱུར་གྱི་བར་གྱིས་བསྟན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་བསྒོམ་པར་འཐད་ཅེས་སྟོན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་ལས། ཤེས་རབ་ཕ་རོལ་ཕྱིན་ཞེས་པ་མི་རྟོག་པའི་ངོ་བོ་ཉིད་ཡིན་པས་སོ། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །ཞེས་པས་ནི་མ་ཆགས་པས་སྦྱིན་པ། ཉེས་བྱས་ཕྲ་མོས་མ་གོས་པས་ཚུལ་ཁྲིམས། ཞེ་སྡང་མེད་ཅིང་དེ་ཁོ་ན་ཉིད་ལ་མི་སྐྲག་པས་བཟོད་པ། དེ་ཉིད་ལ་རྒྱུན་དུ་སྤྲོ་བས་བརྩོན་འགྲུས། དེ་ལས་གཞན་དུ་མ་ཡེངས་པས་བསམ་གཏན་ནོ། །ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་ལས་གཏི་མུག་དམ་ཚིག་ཕྱག་རྒྱ་ཞེས་པ་ལ་སོགས་པས། གཏི་མུག་ཅེས་པ་སྦྱང་གཞི། གཏི་མུག་དག་པ་རྣམ་སྣང་ཡིན་ལ། དེའི་སྒྲུབ་པའི་ཕྱག་རྒྱ་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་ལ་དམ་ཚིག་གི་ཕྱག་རྒྱའི་བརྡས་བསྟན་པ་ལ་སོགས་པའོ། །གཏི་མུག་ལས་ཞི་བ་ལ་སོགས་པ་ཆོས་ཀྱི་འདུ་ཤེས་བསྟན་ཏོ། །གཏི་མུག་ཅེས་པ་རྣམ་སྣང་གི་སྒྲུབ་པ་པོས་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་ལ་བརྟེན་ནས་ཞི་བ་ཞེས་པ་རྣམ་སྣང་གི་དངོས་གྲུབ་འཐོབ་པར་བྱ་སྙམ་པའོ། །འོག་མ་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །ཤེས་རབ་སྔོན་དུ་མ་རྙེད་པ་ནི་རིགས་དང་མཐུན་པ་མ་རྙེད་པའོ། །བྱོལ་སོང་ཞེས་པ་ཏིརྻ་ཀ་བྱ་བའི་སྒྲ། དེ་ལོགས་མ་ལའང་འཇུག་པས། རིགས་དང་མཐུན་པ་ལ་ལོགས་མ་རིགས་དང་མི་མཐུན་པ་ལ་ཡང་གོམས་པར་བྱའོ། །ཡང་བཅུ་དྲུག་མ་དང་ཉི་ཤུ་རྩ་ལྔ་མ་མ་རྙེད་ན། དེ་ལས་ལོགས་མ་བཅུ་དྲུག་ནས་བཅུ་དགུའི་བར་དང༌། རྩ་གཅིག་ནས་རྩ་བཞིའི་བར་རོ། །ཡང་མ་རྙེད་ན་ནི་མའི་ནུ་མོའོ། །ལོགས་མ་ཕྱག་རྒྱ་དགུག་པའི་ནུས་པ་ཡོད་པས་ལྷའི་བུ་མོ་ལ་སོགས་པ་ལའང་གོམས་པར་བྱའོ། །གསང་བའི་རྫས་ནི་བཟའ་བའི་དམ་ཚིག་གོ །སྔགས་ནི་རྡོ་རྗེ་པདྨ་སྔགས་ཀྱི་བྱིན་གྱིས་བརླབ་པའོ། །རྒྱུད་ནི་གཟུགས་བསྒྱུར་བའམ། ཡང་སྦྱོར་ཐབས་ཏེ། བྱང་ཆུབ་ཀྱི་སེམས་དུས་མཉམ་དུ་འབབ་པ་དང་མི་ཉམས་པར་གཟུང་བ་ལ་སོགས་ལ་བྱའོ། །འདི་སྐད་ནི་ཨེ་ཝྃ་སྟེ་རྡོ་རྗེ་པདྨའོ། །དེ་ནས་འོག་ཏུ་ཡང་དག་པར་སྦྱོར་ཞེས་པར་སྦྱར་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་དང༌། འོག་ཏུ་བསམ་གྱིས་མི་ཁྱབ་ཅེས་པའང་སྦྱར་རོ། །གཉིས་པའི་གསུམ་པ་ནས་བརྟག་པ་གསུམ་པ་རྫོགས་པའི་བར། རབ་ཏུ་བྱེད་པ་དྲུག་གིས་བརྗོད་པར་བྱ་བའི་དོན། བསྐྱེད་རིམ་དང་སྤྱི་ཡིན་ལ། ཞར་ལ་སྦས་པའི་དོན་ཡང་ཅུང་ཟད་ཙམ་ཡོད། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་བོ་ཡིན། གཉིས་པོའང་ཅུང་ཟད་འཇུག་པའི་སྐབས་ཡོད། མངོན་པར་རྟོགས་པ་རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་དང་འབྲེལ། རྒྱུད་སྡེ་གཞན་གང་གི་ཡིན་པ་ཐད་ཀ་ཐད་ཀར་གསུངས་ཏེ། ཧེ་རུ་ཀ་གསུམ་བསྐྱེད་པའི་ཆོ་ག་བརྟག་པ་གཉིས་པའི་དང་པོའི་གསུམ་པར་ཐུན་མོང་གི་ཆོ་ག་ཕལ་ཆེར་ཆ་མཐུན་པ་ཡིན་ལ། ཡེ་ཤེས་ཚོགས་བསགས་ཅུང་ཟད་གསལ་བར་བཤད། གདན་གྱི་སྐབས་སུ་ཉི་མ་ཁ་བསྐང༌། ཕྱག་གཉིས་པ་ཆ་མཐུན། ཕྱག་བཞི་པའི་ཞལ་མ་གསུངས་པ་དེ་འདིར་རྒྱུད་ཕྱི་མ་དང་བཅས་པས་གསལ་བར་བཤད། ཕྱག་བཞི་པའི་རྣམ་དག་ཀྱང་གསལ་བར་བཤད། ཕྱག་དྲུག་པ་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་སུ་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐངས་ཏེ་བཤད་པའོ། །ཚིག་དོན་ལ་དེ་ནས་འཁོར་ལོ་ཐམས་ཅད་ཀྱིས་ཞེས་པ་འོག་ནས་འབྱུང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་རྣམ་པར་འཕྲུལ་པ་ཞེས་པ་ལས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བའི་ཚུལ་གྱིས་བཤད་པའོ། །དེ་ཉིད་བཤད་པ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཕྱག་གཉིས་པ་ཡིན་ལ། སོགས་ཞེས་པ་འོག་ནས་འབྱུང་བའི་དཀྱིལ་འཁོར་བཅུ་བཞིས་བསྡུས་ཏེ་བརྟེན་པ་ལྷའོ། །རྟེན་ནི་ཐམས་ཅད་ཀྱི་སྣོད་འཇིག་རྟེན་ཐ་མལ་པའོ། །སྣ་ཚོགས་མཆོག་ཅེས་པ་དེ་ལས་མཆོག་ཏུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་པ་ཁྱད་པར་གྱི་ཆོས་སྣ་ཚོགས་ལྡན་པའོ། །གནས་གང་དུ་ལྷ་གང་དག་ཚུལ་ཇི་ལྟར་བསྒོམ་པ་ལ་རྣལ་འབྱོར་པའི་གནས་འོག་ཏུ་སྦྱར་ལ། རྣམ་པ་བྲལ་དང་ཞེས་པ་རྐང་པ་གཉིས་ཀྱིས་བསྟན། ལྷའི་གནས་གོང་དུ་སྦྱར་ལ་གཞལ་ཡས་ཁང་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པས། དེ་ཕལ་པའི་ཡུལ་མ་ཡིན་པས་གསང་བ། ཡེ་ཤེས་དམ་པའི་ཡུལ་ཡིན་པས་མཆོག ཟག་པ་མེད་པའི་བདེ་བ་འབྱུང་བའི་གཞི་ཡིན་པར་དགྱེས་པ། དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ཐམས་ཅད་ཀྱི་བདག་ཉིད། དེའི་རྣམ་པ་གཞལ་ཡས་ཁང་ཡིན་པས་འདི་ལ་བསྒྲུབ་ཅེས་པས་དེ་ལ་བཞུགས་པར་བསྒོམ་པའོ། །ལྷ་གང་དག་བསྒོམ་པ་ཀུན་ལ་ཞེས་ཕྱོགས་བཅུའོ། །སྣ་ཚོགས་ནི་རིགས་ལྔས་བསྡུས་པའི་ལྷ་ཚོགས་ཏེ། ཕྱོགས་སྣ་ཚོགས་དང༌། ཁ་དོག་སྣ་ཚོགས་དང༌། ཕྲིན་ལས་སྣ་ཚོགས་མཛད་པའི་ཚུལ་གྱིས་བཞུགས་པས་སོ། །ཕྱག་རྒྱ་ནི་སོ་སོའི་ཡུམ་དང་བཅས་པའོ། །ཀུན་ལས་སྣ་ཚོགས་ནི་བཞུགས་ཚུལ་ཏེ་བརྐྱང་བསྐུམ་ལ་སོགས་པའོ། །སྡོམ་པ་ཞེས་པ་དེ་ལྟར་རྣམ་རྟོག་སྡོམ་པའོ། །ཚུལ་ཇི་ལྟར་བསྒོམ་པ་ཀུན་ལ་སྣ་ཚོགས་བྱ་བ་རྣམས་ཞེས་པས་སྐྱེད་ཆོག་སྣ་ཚོགས་ཏེ་ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་བ་ལས་བསྐྱེད་པ་དང༌། ཨཱ་ལི་ཀཱ་ལི་མི་མཉམ་པར་སྦྱོར་བ་དང༌། རྡོ་རྗེ་ཆོ་ག་ཡན་ལག་བཞི་དང༌། ཡན་ལག་གསུམ་དང་ས་བོན་ཙམ་ལ་བསྐྱེད་པ་དང༌། དབུགས་དབྱུང་བ་དང་རྔུབ་པ་ལས་བསྐྱེད་པ་སྟེ། དྲུག་ལས་ཇི་ལྟར་བདེ་བར་བསྒྲུབ་ཅེས་པ་གང་མོས་པ་བསྒོམ་པའོ། ལྷག་མ་ནི་གཞུང་ཉིད་དུ་བརྟག་པའོ། །ཕྱག་བཞི་པ་དང༌། དྲུག་པའང་གཙོ་བོ་བསྐྱེད་པ་ཡན་ཆད་གཉིས་པ་དང་འདྲ་བའམ། ཡང་ན་ཆོ་ག་ཡན་ལག་གསུམ་ལས་བསྐྱེད། ཕྱག་བཞི་བའི་འཁོར་གྱི་ལྷ་མོ་གཽ་རཱི་ལ་སོགས་པ་ཉིད་ཡིན་ལ། བསྐྱེད་ཚུལ་མངལ་སྐྱེས་སུ་བསྐྱེད་དོ། །གོང་མ་གཉིས་ལ་གཞལ་ཡས་ཁང་མེད་ལ། ཕྱག་དྲུག་པ་ལ་སྲུང་འཁོར་དང་ཆོས་འབྱུང་གི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་འཕར་མ་གཉིས་པ་བསྐྱེད་གསུང༌། བྷ་ག་ཉིད་དུ་ཞེས་པ་ལ་སོགས་པ་འཁོར་གྱི་ལྷ་མོ་དབྱུང་བ་དང་འབྲེལ་བ་ཞར་ལས་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱང་བསྟན་ཏོ། །རྡོ་རྗེ་དྲག་མོ་ལ་སོགས་པ་ནང་གི་འཕར་མའི་ལྷ་མོ་བརྒྱད་ཀྱི་མིང་བསྟེན་ཏོ

། །ལས་རྒྱས་པའི་ལྷ་མོ་གསུམ་མངོན་རྟོགས་དམན་པ་ལ་མོས་པའི་རྟེན་གྱི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ཕྲིན་ལས་རབ་འབྱམས་དང་འབྲེལ། རྒྱུད་དེ་གཞན་ནི་སྒྲོལ་མ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་གདན་བཞིའི་སྦྱོར་བའི་གདན་གྱི་རབ་བྱེད་གཉིས་པ་དང་ཆ་མཐུན། ཤེས་རབ་ཕ་རོལ་ཕྱིན་མ་གུར་གྱི་ལེའུ་བརྒྱད་པ་དང་ལྷའི་རྣལ་འབྱོར་ཆ་མཐུན་པའི་ཡིན་པ་ལ། གུར་དུ་ལྟེ་བར་བསྒོམ་པར་གསུངས་པས་ཅུང་ཟད་མི་འདྲ་ལ། སྔགས་ཀྱང་ཚུལ་མི་འདྲ་བར་བཤད་དོ། །འཁོར་ལོ་ལ་བརྟེན་ཏེ་ལས་བསྒྲུབ་པ་ཁ་བསྐང་ངོ༌། །ཀུ་རུ་ཀུལླེ་བརྟག་པ་གཉིས་པའི་ལེའུ་བཅུ་གཅིག་པར་ལྷའི་རྣལ་འབྱོར་ཆ་མཐུན། འཁོར་ལོ་ལ་བརྟེན་ཏེ་ལས་བསྒྲུབ་པ་ཁ་བསྐང༌། གཞུང་དེ་གསུམ་ཀར་དུ་ཡང་ལྷ་མོ་གསུམ་གྱི་སྒྲུབ་ཐབས་ཕན་ཚུན་ཁ་བསྐངས་པ་ཡིན་གསུང་ངོ༌། །རིགས་བཞིའང་རིགས་གཞན་གྱི་རྣལ་འབྱོར་པས་རྫོགས་པའི་རིམ་པའི་རྟེན་དུ་བསྒོམ་ན་ཡབ་ཡུམ་ཞལ་སྦྱོར་གྱི་སྒྲུབ་ཐབས་ཡིན་ལ། ཡང་ན་རིག་པ་འཛིན་པའི་དངོས་གྲུབ་ཀྱི་ཆེད་དུ་བསྒོམ་ན་ལྷ་རྐྱང་པ་བརྒྱད་ཡིན་ཏེ། མངོན་པར་རྟོགས་པ་གནས་སྐབས་གཉིས་སུ་འབྲེལ། རྒྱུད་སྡེ་གཞན་གསང་བ་འདུས་པའི་ལེའུ་དང་པོ་དང་གསུམ་པ་དང་བཅུ་གཅིག་པ་དང་བཅུ་གསུམ་པ་རྣམས་སུ་རིགས་བཞི་ཡུམ་བཞི་གསུངས་ཀྱང་རིགས་བཞི་ཕྱག་བཞི་པ། ཡུམ་གསུམ་ཕྱག་བརྒྱད་མ། མཱ་མ་ཀཱི་ཕྱག་བཅུ་གཉིས་མ་འདི་ལྟ་བུ་མ་གསུངས་པའི་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་དེའི་རྟོག་པ་བཞི་པར་རིགས་བཞི་ཡུམ་བཞི། ཞལ་གཅིག་ཕྱག་གཉིས་པ་གསུངས་ཀྱང་ཚུལ་འདི་ལྟ་བུ་མ་གསུངས་པས་དེ་ཁ་བསྐང༌། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་དང་བཅུ་གཉིས་པར་རིགས་བཞི་ཡུམ་བཞི་གསུངས་ཀྱང༌། སྐུ་མདོག་ཕྱག་མཚན་དང་ཞལ་ལ་སོགས་པ་གསལ་བར་མ་གསུངས་པས་གསལ་བར་བཤད་པའི་རྒྱུད་དོ། །སྒྲོལ་མའི་ལྷའི་རྣལ་འབྱོར་ནི་བདག་ཉིད་སྒྲོལ་མར་བསམས་པའི་ཐུགས་ཀར་ཟླ་བ་ལ་ཏཱྃ་ཡིག་བསམས་པའི་འོད་ཟེར་གྱིས་རྗེ་བཙུན་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཡིད་ལས་བྱུང་བའི་མཆོད་པ་ལྔ་ཙམ་གྱིས་མཆོད། སྡིག་པ་བཤགས་པ་ལ་སོགས་པ་གུར་ལས་འབྱུང་བའི་ཚིགས་བཅད་ཀྱི་རྗེས་སུ་འབྲངས་ལ་བྱ། ཚད་མེད་པ་བཞི་བསྒོམ། ཤཱུ་ནྱ་ཏཱས་སྟོང་པ་ཉིད་བསྒོམ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་ཆོ་ག་ཡན་ལག་བཞི་ལས་བསྐྱེད། ཡེ་ཤེས་དགུག་གཞུག་གོ་ཆ་དགོད། དབང་བསྐུར་བའི་མཐར་དོན་གྲུབ་དབུ་རྒྱན་དུ་བསམ། སྤྲོས་པ་ལ་མི་དགའ་ན་དམ་ཚིག་སེམས་དཔའ་བསྐྱེད་པ་དང་གོ་ཆ་དགོད་པ་ཙམ་བྱ། དེ་ནས་སྙིང་གར་ཟླ་བའི་སྟེང་དུ་ཏཱྃ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ལ་བཟླས་པ་བྱ། འཁོར་ལོ་ནི་བྲི་བའི་གཞི་ལ་སོགས་པ་ལས་དང་མཐུན་པ་ལ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་དགུ་ལས་འདབ་མ་བརྒྱད་ལ་ཏཱ་སོགས་བརྒྱད། ལྟེ་བ་ལ་ཨོཾ་དང་ཧཱའི་བར་དུ་མིང་སྤེལ་ཚིག་དང་བཅས་པ་བྲི། མུ་ཁྱུད་ལ་ཨཱ་ལི་དང་ཀཱ་ལི་དགོད། རབ་གནས་བྱས་ལ་སྲུང་བ་དཔུང་པ་གཡོན་ལ་གདགས། རྒྱས་པ་ལ་མཆོད། དབང་དྲག་ལ་མནན་པས་ལས་ལ་སྦྱར། གཞུང་ནི་འཁྲུགས་སུ་བྱ་བའམ། ཡང་ན་ཐད་སོ་རང་དུ་བཤད་དོ། །ཕྱག་འཚལ་ནི་ཨོཾ་དབུས་ཞེས་པ་རྐང་པ་གཉིས་ཀྱིས། དེ་གཉིས་ཀྱི་དབུས་སུ་མིང་དང་སྤེལ་ཚིག་བསྟན་ཏོ། །མཉམ་ཉིད་ཅེས་པ་ལ་སོགས་པས་རབ་གནས་བསྟན། སེམས་ཅན་ལ་སོགས་པས་ལྷའི་རྣལ་འབྱོར་བསྟན་ཏོ། །ལས་རྒྱས་པའི་ལྷ་ནི་རྣལ་འབྱོར་འོག་མ་རྣམས་ཀྱང་འདི་ལས་བསྒྲེས་ཏེ་ཤེས་པར་བྱའོ། །རིགས་བཞི་ཡུམ་བཞིའི་སྔགས་བརྟག་པ་བདུན་པའི་གསུམ་པ་ལས་འབྱུང་ངོ༌། །རིག་པ་འཛིན་པའི་དངོས་གྲུབ་ནི་ལུས་ལྷ་གང་བསྒོམ་པའི་རྣམ་པར་ཡོད་པ། ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པ། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞལ་བལྟ་བ་དང་ཆོས་ཉན་པ་ལ་སོགས་པ་ནུས་པ། དེ་ལ་བརྟེན་ནས་མཆོག་གི་དངོས་སྒྲུབ་བསྒྲུབ་ཏུ་བཏུབ་པ་ཅིག་ཡིན་གསུང་ངོ༌། །ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ནི་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་ལྔ་པར་གསུངས་པ་དང་གཙོ་བོའི་ཕྱག་མཚན་མི་འདྲ། གཽ་རཱི་ལ་སོགས་པ་ཡང་འདིར་ཕྱག་བཞི་མ། ལྷ་བཅུ་བདུན་གྱི་སྒྲུབ་ཐབས་སུ་གསུངས་པས་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང་བའོ། །ཚིག་གི་དོན་ལ་ཡང་གང་གི་ཞེས་པ་ཧེ་རུ་ཀའོ། །གདུག་པ་ཅན་དྲག་པོ། གདུལ་བྱ་ཞེ་སྡང་ཅན་ནོ། །དེ་ལྟ་བུ་འདུལ་བར་གྱུར་པ་དེ་མཁའ་འགྲོ་སྟེ་ཧེ་རུ་ཀས་མཛད་པའོ། །བདག་མེད་མའི་དབང་དུ་བྱས་ན་བདག་མེད་མ་གང་གིས་གདུག་པ་དྲག་པོ་ཆགས་ཅན་ནོ། །དེ་ལྟ་བུའི་སེམས་ཅན་འདུལ་བ་མཁའ་འགྲོ་མས་མཛད་ཅེས་སྦྱར་རོ། །འདིའི་ཡང་ཚོགས་བསག་པ་ཧེ་རུ་ཀ་གསུམ་གྱི་སྐབས་སུ་བཤད་པ་ལ་ལྟོས་ལ། གཞལ་ཡས་ཁང་འོག་གི་བདག་མེད་མའི་སྐབས་ལ་ལྟོས་ནས་མ་གསུངས་སོ། །རྡོ་རྗེ་སེམས་དཔར་གྱུར་ཅེས་པས་རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔས་བསྐྱེད་པ་སྟེ་དེས་མཚོན་ནས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ལ། རྡོ་རྗེ་ཅན་ཉིད་ཡེ་ཤེས་ཀྱི་འཁོར་ལོ། རྡོ་རྗེ་སྟེ་དམ་ཚིག་གི་འཁོར་ལོ་ལ་དབབ་ཅེས་པ་གཞུག་པའོ། །འབར་བའི་ཕྲེང་དཀྲུགས་དྲག་པ་ནི། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །ཞེས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་མངོན་བྱང་གསུམ་པའི་ཕྱག་མཚན་གྱི་ས་བོན་ལས་འོད་སྤྲོ་བའོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ས་བོན་ཕྲེང་བ་དེ་ནང་དགོད། །ཅེས་པས་མངོན་བྱང་དང་པོ་ལས། ཨཱ་ལི་ལས་ཟླ་བ་ལ་ཨཱ་ལི་དགོད་པ་དང༌། གཉིས་པ་ལ་ཀཱ་ལི་ལས་ཟླ་བ་ལ་ཀཱ་ལིའི་ཕྲེང་བར་དགོད་པ་བསྟན་ཏོ། །དེ་ལྟར་རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་ལས་བསྐྱེད་པ་དྲོད་གཤེར་ལས་སྐྱེ་བ་ཡིན་ལ། འཁོར་གྱི་ལྷ་མོ་མངལ་སྐྱེས། འབྲས་བུ་རྡོ་རྗེ་འཛིན་པ་ཐིག་ལེ་ལས་ས་བོན་དུ་གྱུར་པ་ལས་སྐྱེས་པས་སྒོང་སྐྱེས། སྐྱེ་མཆེད་བྱིན་གྱིས་རློབ་ན་རྫུས་སྐྱེས་སུ་བྱའོ། །སྒེག་ཅིང་ཞེས་པ་ལ་སོགས་པས་ནི་བདག་མེད་མས་མགུལ་ནས་འཁྱུད་པ་དང༌། གཡོན་དམར་བ་དང་གཅེར་བུ་སྒེག་པའི་ཉམས། བདུད་བཞི་མཉམ་པར་མནན་པ་དང༌། སྟག་གི་པགས་པའི་ཤམ་ཐབས་དཔའ་བོའི་ཉམས། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པའམ། ཐོད་པ་ལྔ་བཅུའི་དོ་ཤལ་དང་ཐོད་པ་ལྔའི་དབུ་བརྒྱན། ཕྱག་རྒྱ་དྲུག་གི་རྒྱན་རྣམས་མི་སྡུག་པའི་ཉམས། ཞལ་ནས་ཧཱུྃ་སྤྲོ་བ་དང་ཧ་ཧར་བཞད་པ་དགོད་པའི་ཉམས། ཁ་དོག་ནག་པོ་དང་སྤྱན་ཉི་ཤུ་རྩ་བཞིས་ཕྱུག་པ་དང༌། ལྷག་མའི་ཞལ་བུང་བ་བཞིན་དྲག་ཤུལ་གྱི་ཉམས། སྐྲ་སེར་པོ་གྱེན་དུ་བརྫེས་པ་དང་ཉི་མར་བཞུགས་ཤིང་རོལ་མོ་དང་བཅས་པ་འཇིགས་སུ་རུང་བའོ། །ཕྱག་མཚན་བརྒྱད་གཉིས་བཅུ་དྲུག་གིས་དབང་ཕྱུག་བརྒྱད་སྟེར་བ་དང༌། ནད་བརྒྱད་སེལ་བ་སྙིང་རྗེའི་ཉམས། སྒེག་པ་ལ་སོགས་པའི་ཉམས་ཀྱིས་འདོད་ཆགས་ཅན་ལྟ་བུར་འདུག་ལ། དྲག་ཤུལ་གྱི་ཉམས་ཀྱིས་ཞེ་སྡང་ཅན་ལྟ་བུ་དག་མི་འགལ་བ་ནི་ངོ་མཚར་གྱི་ཉམས་སོ། །གཡས་པ་དཀར་བ་ཞི་བའི་ཉམས་སོ། །ཡེ་ཤེས་མཁའ་འགྲོ་མ་ནི་གདན་བཞིའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་དང༌། ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སུ་ཆ་མཐུན་ལ། དེར་ཕྱག་རྒྱ་དང་སྔགས་བཏུ་བ་ལ་སོགས་པ་རྒྱས་པར་གསུངས་པ། འདིར་མ་གསུངས་པས་བསྡུས་ནས་གསལ་བར་སྟོན་པ་ཡིན་གསུང་ངོ༌། > རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*