རྡོ་རྗེ་སྙིང་འགྲེལ་སྔ་འགྱུར་གྱི་ཡིག་སྣ།

༼ཀ༽

༄༅། །རྡོ་རྗེ་སྙིང་འགྲེལ་སྔ་འགྱུར་གྱི་ཡིག་སྣ་བཞུགས།།

༄༅། །འཇིག་རྟེན་སྤྱོད་པ་ཞེས་པ་ན་མར་མཆོད་པར་བརྗོད་པ་བསྟན། སྤྱིར་མཆོད་པ་ལ་སོགས་པའི་དགོས་པ་གྲངས་ལས་ཤེས་པར་བྱའོ། །མཆོད་པའི་ཡུལ་ནི་ངོ་བོ་ཉིད་ཀྱི་སྐུ་དང༌། གཟུགས་སྐུ་གཉིས། དེ་ཡང་སྤྱིར་ན་སྐུ་བཞི་སྟེ། དེ་ཡང་མཚན་མ་མེད་པའི་སྐུ་གཉིས་དང༌། མཚན་མ་དང་བཅས་པའི་སྐུ་གཉིས་དང་བཞིའོ། །མཚན་མ་མེད་པ་ནི་རང་བཞིན་གྱིས་དག་པའི་ངོ་བོ་ཉིད་ཀྱི་སྐུ་དང༌། དྲི་མ་དང་བྲལ་པ་དག་པ་ཆོས་ཀྱི་སྐུའོ། །མཚན་མ་དང་བཅས་པ་ནི་ལོངས་སྤྱོད་དང་སྤྲུལ་པའོ། །དེ་ཡང་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་ངོ་བོ་ཡིན་ཏེ། རང་བཞིན་གྱི་དྲི་མ་མེད་པའི་ངོ་བོ་ཡིན་ཞིང༌། ཡེ་ཤེས་ཀྱི་ངོ་བོའི་ཆ་ནས་ཡེ་ཤེས་དེ་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །སྒྲིབ་པ་གཉིས་སྤངས་ནས་དེ་དང་བྲལ་བའི་ཐུགས་ཀྱི་ཆ་ནས་ཆོས་སྐུ་ཞེས་བྱའོ། །ཐོབ་པའི་སྟོབས་ཀྱིས་དང་སྨོན་ལམ་གྱིས་གདུལ་བྱ་ཇི་ལྟར་མོས་པ་བཞིན་དུ། གསུང་གི་སྒོ་ནས་ཆོས་སྟོན་པའི་གསུང་རྒྱུ་དང་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །གདུལ་བྱའི་མོས་པ་སྣ་ཚོགས་དང་མཐུན་པར་སྐུའི་བྱེ་བྲག་སྣ་ཚོགས་སྟོན་པ་ལ་སྤྲུལ་པའི་སྐུ་ཞེས་པའོ། །དེ་སྐད་དུ་ཡང་ཐུན་མོང་གི་བཤད་རྒྱུད་ཁ་སྦྱོར་ཐིག་ལེ་ལས། ངོ་བོ་མེད་ཅིང་འགྲོ་བ་མེད། །རྟག་པ་མེད་ཅིང་ཆད་པ་མེད། །སྤྲོས་པ་ཉེ་བར་ཞི་སྣང་བ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་པ་དང༌། རང་བཞིན་གྱིས་ནི་དྲི་མེད་ཅིང༌། །ལ་སོགས་པའི་སྒོ་ནས། ངོ་བོ་ཉིད་ཀྱི་སྐུ་ནི་གཞན། །ཞེས་པ་དང༌། སྣ་ཚོགས་སྒྲ་དོན་སྟོན་མཛད་པ། །སེམས་ཅན་ཀུན་སྐད་རྫུ་འཕྲུལ་གྱིས། །བདག་ཉིད་སྟོན་པར་གང་བཞེད་པ། །སྐུ་ནི་ལོངས་སྤྱོད་རྫོགས་པ་ཉིད། །ཅེས་པ་དང༌། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སེམས་ཅན་མོས་པ་སྣ་ཚོགས་ལ། །སྐུ་རྣམས་རབ་ཏུ་སྟོན་བྱེད་པ། །དེ་ནི་སྤྲུལ་པའི་སྐུ་ཞེས་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སྐུ་བཞི་མཆོད་པའི་ཡུལ་ཡིན་པ་ལས། ངོ་བོ་ཉིད་ལ་བསྟོད་པ་དངོས་སུ་བསྟན་པས་ནི་ཆོས་སྐུ་ཤུགས་ལས་སྟོན་པ་ཡིན་ཏེ། མདོར་ན་མཚན་མ་མེད་པའི་སྐུ་ལ་བསྟོད་པ་ནི་ཤླཽ་ཀ་དང་པོས་བསྟན་ཏེ། དེ་ཡང་ཕྱག་འཚལ་ཞེས་ཞབས་སུ་སྦྱར། སུ་ལ་ན། བུདྡྷ་ལ། ཞེས་ཁོངས་ནས་ཤེས་སོ། །ཅིའི་ཆེད་དུ་ན། བུདྡྷ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་བདག་ཉིད་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །དེ་རྟོགས་པར་བྱ་བའི་ཕྱིར་ཕྱག་འཚལ་བའི་སྐུ་དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་ནི་རྐང་པ་དང་པོས་བསྟན་ཏེ། འཇིག་རྟེན་པའི་སྤྱོད་པ་སྤངས་བཞིན་དུ་ཡང༌། འགྲོ་བའི་དོན་དུ་འཇིག་རྟེན་སྣང་བར་མཛད་པའི་ཡོན་ཏན་དང་གཉིས་པས་བསྟན་ཏེ། དེ་གཉིས་རྟོག་པ་ཐམས་ཅད་དང་བྲལ་ཞིང་འཇིག་རྟེན་པའི་བདེ་བ་སྤངས་ནས། འཇིག་རྟེན་ལས་འདས་པའི་མཆོག་དང་ལྡན་པའི་ཡོན་ཏན་ཡང་གསུངས་པས་བསྟན་ཏེ། སྒྲིབ་པ་གཉིས་སྤངས་པས་ཞི་བའི་ཐུགས་དང་ལྡན་པས། ཡེ་ཤེས་དེ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་སེམས་མ་ཡིན་ལ། དེ་ལྟ་བུའི་སེམས་མ་ཡིན་ཡང་བེམ་པོར་མ་སོང་སྟེ། མི་རྟོག་པའི་ཡེ་ཤེས་ཞི་བའི་ཐུགས་དང་ལྡན་པའི་ངོ་བོར་གནས་པའི་ཡོན་ཏན་དང་ལྡན་པ་སྟེ། དེ་ལྟ་བུའི་ཡོན་ཏན་གསུམ་དང་ལྡན་པའི་བུདྡྷ་དེ་ལ་ཕྱག་འཚལ་བའོ། །དེས་ནི་ཕྱག་གི་ཡུལ་དེའི་ཁ་དོག་དང༌། མཚན་མ་མེད་པའི་སྐུའི་མཚན་ཉིད་བསྟན་པའི་གཞུང་བསྡེབས་པས་བསྟན་ནས། ད་ནི་དེའི་ཚིག་གི་དོན་འཆད་དེ། འཇིག་རྟེན་སྤྱོད་པ་ཞེས་པ་ནི། སད་པའི་སད་པ་ཉིད་དང༌། སྟུག་པོའི་དང༌། རྨི་ལམ་གྱི་དང་ཏུརྻ་ཉིད་དེ་བཞི་ཡོད་པ་ལས། ཏུརྻའི་དུས་ཀྱི་གཉིད་ཀྱི་རིམ་པ་དང་འདྲ་བར་སྐྱེས་པ་རྣམས་ནི་ལོ་བཅུ་དྲུག་ན། བུད་མེད་ཀྱི་ནི་ལོ་བཅུ་གཉིས་ན་རང་བཞིན་ནམ་ཆོས་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་ཡིན་ལ། དེ་ལྟ་བུའི་བདེ་བ་ལ་སོགས་པ་རྣམས་ལ་ཞེན་པ་ནི། འཇིག་རྟེན་པའི་སྤྱོད་པ་ཡིན་པས་དེ་སྤང་བ་ཡིན་གསུང་ངོ༌། །གཞན་བཞི་འོག་ནས་སྟོན་པ་ཀུན་ཡིན་ལ། དེ་ལ་སོགས་པ་སྤངས་པས་སོ། །དེ་རྣམས་ཀྱང་སྤངས་པའི་རྒྱལ་བའི་བདག་ཉིད་དེ། རྟག་ཏུ་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་སྣང་བར་མཛད་པ་ཡིན་ནོ། །དེ་ལྟར་ཁྱབ་པར་མཛད་པའི་བུདྡྷའི་ངོ་བོ་ནི། གཉིས་འཛིན་ཐམས་ཅད་དང་བྲལ་བའི་བདེ་བ་དང་ལྡན་པའི་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། གཉིས་མེད་པས་ནི་གཅིག་ཡིན་པ་དང༌། བདེ་བའི་གོང་ན་གཞན་མེད་པས་མཆོག་ཡིན་པའོ། །འོ་ན་བདེ་བ་ནི་ཐ་མལ་པའི་མིའི་བུ་མོ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ལ་ཡང་ཡོད་ན། དེ་ཉིད་མཆོག་ཡིན་ནམ་ཞེ་ན། དབང་པོའི་བདེ་བ་སྤངས་པས་ཞེས་བྱ་སྟེ། དབང་པོའི་བདེ་བ་ནི་མཚན་ཉིད་བརྒྱད་དམ་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། མིའི་བུ་མོ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་དང༌། རང་སྣང་གཟུགས་བརྙན་གྱི་ལྷ་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་ཡིན་ཏེ། སྔ་མ་དེ་སྤངས་པའི་བདེ་བ་དེ་མཆོག་ཡིན་ནོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་ཐུགས་དེ་ནི་ཞི་བའོ། །ཞི་བ་ཡིན་པས་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་རང་བཞིན་བདག་གི་སེམས་མ་ཡིན་པའོ། །འོ་ན་སེམས་མ་ཡིན་ན་བེམ་པོ་མ་ཡིན་ནམ་ཞེ་ན། གཉིས་སུ་མེད་པའི་སེམས་དེ་ནི་བེམ་པོ་མ་ཡིན་ཞིང༌། ཐ་མལ་པའི་དབང་པོའི་གཡོ་འགུལ་དང་བྲལ་བ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མཚན་མ་མེད་པའི་སྐུ་དེ་ལ་ཕྱག་འཚལ་བའོ། །ད་ནི་མཚན་མ་དང་བཅས་པའི་གཟུགས་སྐུ་སྟོན་པ་སྟེ། དེ་ཡང་སྤྲུལ་པའི་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི་དངོས་སུ་བསྟན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད་པ་ཤུགས་ལས་ཤེས་པར་བྱའོ། །དེ་ལ་གཙོ་བོ་ལ་ཕྱག་འཚལ་ལོ་ཞེས་བྱའོ། །གཙོ་བོ་ཞེས་པ་ནི་རིགས་ལས་གཙོ་བོར་གྱུར་པ་ཡིན་ཏེ། རྟག་པའི་རིགས་ཀྱི་ཧེ་རུ་ཀ་དང༌། རྡོ་རྗེའི་རིགས་ཀྱི་ཧེ་རུ་ཀ་དང༌། པདྨའི་རིགས་ཀྱི་དང༌། ལས་ཀྱི་རིགས་ཀྱི་དང༌། རིན་པོ་ཆེའི་རིགས་ཀྱི་ཧེ་རུ་ཀ་སྟེ། རིགས་ལྔ་ལས་རྡོ་རྗེ་གཙོ་བོ་ཡིན་པས་ན་འདི་ལ་གཙོ་བོའོ། །ཡང་རྡོ་རྗེའི་རིགས་དེ་རང་ལའང་གཙོ་བོ་དང་གཙོ་བོ་མ་ཡིན་པ་ཡོད་དེ་སྐུའི་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང༌། གསུང་གི་ཞལ་གསུམ་ཕྱག་དྲུག་པ་དང༌། ཐུགས་ཀྱི་ཞལ་གཅིག་ཕྱག་བཞི་པ་དང༌། ཡེ་ཤེས་ཀྱི་ཞལ་གཅིག་ཕྱག་གཉིས་པ་སྟེ། དེ་རྣམས་ལས་དཀྱིལ་འཁོར་སྤྲུལ་པར་བྱེད་པའི་ཧེ་རུ་ཀ་ནི་དང་པོ་ཡིན་པས་དེ་ལ་གཙོ་བོ་ཞེས་བྱའོ། །ཡང་ཐུན་མོང་མ་ཡིན་པའི་འཁོར་གྱི་བྱེ་བྲག་ཏུ་བྱས་པ་ཡང་གཙོ་བོ་སྟེ། ཞལ་བརྒྱད་ཕྱག་བཅུ་དྲུག་པ་དེ་ནི་གཽ་རཱི་ལ་སོགས་པའི་ལྷ་མོའི་འཁོར་དང་བཅས་པས་ཁྱད་པར་དུ་འཕགས་པས་གཙོ་བོའོ། །དེ་ལྟ་བུའི་གཙོ་བོ་དེའི་ཡོན་ཏན་འཆད་པ་ལ། དེ་ཡང་ཡོན་ཏན་འདི་རྣམས་ལ་ཕྱོགས་སྔ་མ་འཇིག་རྟེན་པའི་དབང་ཕྱུག་ལ་སོགས་པ་ལ་ཞེན་པ་དགག་པའི་ཕྱིར་བཤད་པ་དང༌། སྤང་བྱ་ཁམས་དག་པའི་བརྡ་ཡིན་པ་དེ་བསྟན་པ་དང༌། དེ་སྤངས་པ་ལས་ཡོན་ཏན་གྱི་ཆོས་གང་དང་གང་ཐོབ་པའི་བརྡ་ཡིན་པ་གསུམ་དུ་ཤེས་པར་བྱའོ། །དེ་ལ་རྐང་པ་དང་པོས་ཞལ་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། ཕྱོགས་སྔ་མ་ནི་དབང་ཕྱུག་ཆེན་པོ་ལ་སོགས་ལྷ་རྣམས་ཀྱིས་ཁོ་རང་གི་ཧེ་རུ་ཀ་ཞལ་བརྒྱད་པར་འདོད་དེ། སའི་ཞལ་དང༌། ཆུའི་དང༌། མེའི་དང༌། རླུང་གི་དང༌། ནམ་མཁའི་དང༌། ཟླ་བའི་དང༌། ཉི་མའི་དང༌། དྲག་པོའི་ཞལ་ཏེ་བརྒྱད་དུ་འདོད་པའི་ང་རྒྱལ་དེ་གཞོམ་པའི་ཕྱིར་ཞལ་བརྒྱད་དུའོ། །ཡང་འཇིག་རྟེན་སྐྱོན་བརྒྱད་ཅེས་པ་ནི། བསྟོད་པ་དང༌། སྨད་པ་དང༌། བདེ་བ་དང༌། སྡུག་བསྔལ་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། ཡོད་པ་དང༌། མེད་པ་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་སྤངས་པའི་བརྡར་ཡང་ཞལ་བརྒྱད་པའོ། །ཡང་སྒྲ་གཅན་གྱི་དུས་ན་ནང་གི་ཁམས་སྒྲ་གཅན་གྱི་ཐེག་ལེ་གཉིས་དང༌། ཟླ་བའི་ཐེག་ལེ་གཉིས་དང༌། ཉི་མའི་ཐེག་ལེ་གཉིས་དང༌། མེའི་ཐིག་ལེ་གཉིས་ཏེ། ལྟེ་བ་གཉིས་ནས་གཏུམ་མོའི་མེ་དྲོད་ཀྱི་རང་བཞིན་གྱི་ཁྲག་གི་ཐིག་ལེའོ། །དེ་རྣམས་དག་པའི་བརྡར་ཡང་ཞལ་བརྒྱད་དོ། །ཡང་ན་རྣམ་པར་ཐར་པའི་སྒོ་བརྒྱད་ཀྱི་ཡོན་ཏན་དང་ལྡན་པས་ཞལ་བརྒྱད་དེ། དེ་ལ་རྣམ་ཐར་བརྒྱད་ལ་ཁ་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པའི་རྣམ་ཐར་བརྒྱད་དང་ལྡན་པའི་བརྡ་ཡིན་གསུངས་ཏེ། འདི་ནི་འདི་ལྟར་བསམས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང་སྟེ་ཡུལ་སྟོང་པ་ཉིད་དང༌། དེའི་ཡུལ་ཅན་མཚན་མ་མེད་པ་བཞི་སྟེ། བརྒྱད་པོ་དེ་ཡོངས་སུ་རྫོགས་པའི་བརྡར་ཞལ་བརྒྱད་དོ། །དེ་ལྟ་བུའི་ཞལ་མངའ་བ་ཅན་གྱི་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྟོང་ཉིད་ཅེས་པའི་རྐང་པས་ཕྱག་གི་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། ཕྱོགས་སྔ་མའི་དབང་དུ་བྱས་ན་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ནི། འཇིག་རྟེན་ཐམས་ཅད་བྱེད་པ་རྣམ་པ་གསུམ་གྱིས་བྱེད་པ་ཡིན་ཏེ། ཉིན་མོ་ཀུན་ཉི་མས་བྱེད་པ། ཟླ་བ་གཅིག་ལ་སོགས་པ་ཀུན་ཟླ་བ་འཕེལ་འགྲིབ་ཀྱིས་བྱེད། ཡང་རྒྱུ་སྐར་དང་ཉི་མ་གཉིས་ཀྱིས་མར་ངོར་བྱེད་པ་ཡིན་ནོ། །དེ་ལྟར་ཡིན་པས་ཟླ་བ་ཡང་ངོར་འཕེལ་བ་དང༌། མར་ངོར་འགྲིབ་པ་ཀུན་ཀྱང༌། དངོས་པོ་ཀུན་ལ་གཅིག་གིས་འཕེལ་འགྲིབ་ཡོད་དེ་ཟེར་ནས་ཞེན་པ་ལ། ཞེན་པ་དེ་སྤངས་པའི་ཕྱིར་ནི་སྟོང་ཉིད་བཅུ་དྲུག་གི་བརྡར་ཕྱག་བཅུ་དྲུག་གོ །སྙིང་རྗེ་བཅུ་དྲུག་གི་བརྡར་ཕྱག་བཅུ་དྲུག་གི་ཀ་པཱ་ལ་བཅུ་དྲུག་གོ །དེ་དག་ཕྱི་དུས་ཀ་ཟླ་བ་འཕེལ་འགྲིབ་དང་སྦྱར་བ་ཡིན་ཏེ། ཚེས་བཅུ་དྲུག་གི་ཟླ་བ་དང་པོ་ནས་ཚེས་གཅིག་ལ་འཛེག་ལ་ཁད་པའི་བར་ན་སྟོང་པ་བཅུ་དྲུག་སྟེ། བཅུ་དྲུག་པ་ནས་ཉི་ཤུའི་བར་ཞག་ལྔ་ལ་ཁམས་ལྔ་འགྲིབ་པས་ན་སྟོང་པ་ཉིད་ལྔ་དང༌། ཉེར་གཅིག་པ་ནས་ཉེར་ལྔ་པའི་བར་དུ་ཕུང་པོ་ལྔ་འགྲིབ་པས་ན་ཆེན་པོ་སྟོང་པ་ཉིད་ལྔའོ། །ཉེར་དྲུག་པ་ནས་གནམ་སྟོང་གི་བར་དུ་དབང་པོ་ལྔ་འགྲིབ་པས་ན་དོན་དམ་པ་སྟོང་པ་ཉིད་ལྔའོ། །དེ་ལྟར་ན་སྟོང་པ་བཅོ་ལྔའོ། །གནམ་སྟོང་གི་ཞབས་དང་ཚེས་གཅིག་ལ་འཇིག་པ་སྟོང་པ་ཉིད་ཅེས་བྱ་སྟེ། དེ་དང་བཅུ་དྲུག་གི་བར་གྱི་ཡར་ངོ་ལ་ཐུགས་རྗེ་བཅུ་དྲུག་སྟེ། གཅིག་ནས་ལྔའི་བར་དུ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ། དྲུག་ནས་བཅུའི་བར་དུ་ཆོས་ལ་དམིགས་པའི་སྙིང་རྗེ་ལྔ། བཅུ་གཅིག་ནས་བཅོ་ལྔའི་བར་དུ་དམིགས་པ་མེད་པའི་སྙིང་རྗེ་ལྔའོ། །བཅུ་དྲུག་པའི་སྔ་དྲོའི་ཆ་དེ་ནི་ཤིན་ཏུ་རྣམ་པར་དག་པའི་སྙིང་རྗེ་སྟེ། ཐུགས་རྗེ་ནི་དེ་རྣམས་རིམ་གྱིས་འཕེལ་བ་ཡིན་ལ། ཟླ་བ་ཡང་རིམ་གྱིས་འཕེལ་ནས་བཅུ་དྲུག་པའི་ཆ་ནི་གང་བར་གནས་པས་དེ་དང་བསྟུན་ནོ། །དེས་ནི་ཁྱོད་ཟེར་བ་ལྟ་བུ་ཟླ་བ་འཕེལ་འགྲིབ་བྱེད་པས་བྱས་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་གནས་ལུགས་ཡིན་ལ། དེ་དང་ཆོས་མཐུན་པར་ཕུང་པོ་ལ་སོགས་པ་འགྲིབ་པ་དང༌། ཐུགས་རྗེ་འཕེལ་བའི་བརྡར་ཕྱག་མཚན་ནོ། །ཁམས་ཀྱི་དབང་དུ་བྱས་ན། སེམས་ཅན་རེག་བྱའི་བདེ་བ་མྱོང་བའི་དུས་ན། གཏུམ་མོ་ཉི་མ་གྱེན་དུ་རྒྱུ་བས་ན་སྤྱི་བོར་ཕྱིན་པ་བཅུ་དྲུག་ཉམས་སུ་མྱོང་བ་དེ་སྤངས་པའི་བརྡར་ཕྱག་བཅུ་དྲུག་ཡིན་ལ། བྱང་སེམས་ལྔ་ཐུར་དུ་རྒྱུ་བ་དང་ཐ་མི་དད་པའི་ཉམས་སུ་ང་བ་བདེ་བ་ཆ་བཅུ་དྲུག་ཡིན་ལ། དེ་སྤངས་པའི་བརྡར་ཀ་པཱ་ལ་བཅུ་དྲུ་གོ །ཡང་སྟོང་པ་ཉིད་བཅུ་དྲུག་རྫོགས་པའི་བརྡར་ཡང་ཕྱག་བཅུ་དྲུག་གོ །དེ་ཡང་བཅོ་བརྒྱད་ཡོད་པ་ལས་རང་བཞིན་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་གྱི་ཆ་ཡིན་པས་མི་བརྩི་བས། ལྷག་མ་སྟོང་པ་བཅུ་དྲུག་ནི་ཀུན་རྫོབ་སྒྱུ་མའི་ཆ་ཡིན་ཏེ། དེ་རྣམས་རྣམ་པར་དག་པའི་བརྡར་ཕྱག་བཅུ་དྲུག་གོ །ཡི་གེ་ལྔ་བཅུ་ཞེས་པ་རྐང་པ་གཉིས་ཀྱིས་ནི། རྒྱན་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་བསྟན་ཏེ། དེ་ཡང་རྐང་པ་དང་པོས་མི་མགོ་ལྔ་བཅུའི་ཡོན་ཏན་འཆད་དེ། ཕྱོགས་སྔ་མའི་དབང་དུ་བྱས་ན། དབང་ཕྱུག་ཆེན་པོས་འཇིག་རྟེན་ཆགས་དང༌། གནས་པ་འཇིག་པ་གསུམ་གྱི་བྱ་བ་བྱེད་པ་ལྔ་བཅུ་བྱེད་པའི་སྤྲུལ་པ་བྱེད་ཅིང༌། དེས་ང་རྒྱལ་བ་ལ། དེ་གཞིལ་བའི་དོན་དུ་སྦྲུལ་གྱི་ཐག་པ་དང༌། མི་མགོ་ལྔ་བཅུའི་དོ་ཤལ་འཆང་བ་ཡིན་ཏེ། དེའང་འཇིག་རྟེན་སྐྱེ་བར་བྱེད་པའི་སྤྲུལ་པ་བཅུ་བདུན་ས་འོག་ཏུ་འགྱེལ་ལ། གནས་པར་བྱེད་པའི་ལྷ་མོ་བཅུ་བདུན་ས་སྟེང་དུ་འགྱེད་ལ། འཇིག་པར་བྱེད་པའི་སྤྲུལ་པ་བཅུ་བདུན་ས་བླར་བཏོན་ཏེ། དེ་ལྟ་བུའི་སྤྲུལ་པའི་ཞེན་པ་ཅན་གྱི་ལྷ་དེ་རྣམས་ཀྱི་མགོ་བོ་ཡང་ངའི་རྒྱན་དུ་བྱའོ་ཞེས་པའི་ཆེད་དུ་དོ་ཤལ་ལོ། །ཡང་སྤང་བྱ་འཁོར་བ་ལྔ་བཅུ་སྤངས་པའི་བརྡར་ཡང་ཡིན་ཏེ། དམྱལ་བའི་ཚ་གྲང་བཅུ་དྲུག ཡི་དྭགས་དུད་འགྲོ་གཉིས། གླིང་བཞིའི་མི། འདོད་ཁམས་ཀྱི་ལྷ་དྲུག ལྷ་མ་ཡིན། གཟུགས་ཁམས་གནས་རིགས་བཅུ་བདུན། བཅུ་བདུན་པོ་དེའི་ཐོག་ན་ཡང་བག་མེད་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་དང་བཅོ་བརྒྱད་གཟུགས་མེད་ཁམས་བཞི་སྟེ། བསྡུ་ན་འཁོར་བ་ལྔ་བཅུ་པོ་དེར་འདུས་པས། དེ་ཡང་སྤངས་པའི་བརྡར་ཡང༌། མགོ་བོ་ལྔ་བཅུའི་དོ་ཤལ་ལོ། །འཁོར་བ་དེ་ཡང་སྤངས་པ་ལས་ཐོབ་པ་མྱ་ངན་ལས་འདས་པ་ལྔ་བཅུའི་བརྡར་ཡང་ཡིན་ཏེ། ས་བཅུ་རྫོགས་པ་དང༌། དེ་བཅུ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དང༌། འབྲས་བུ་སྟོབས་བཅུ་དང༌། བུདྡྷའི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ཐབས་ཤེས་རབ་གཉིས་ཏེ་ལྔ་བཅུའོ། །ཡི་གེ་ལྔ་བཅུ་ཞེས་པ་དེས་མཚོན་ནས། ལུས་ཀྱི་ཆ་ལྔ་བཅུ་རྣམ་པར་དག་པའི་བརྡར་ཡང་དོ་ཤལ་ཡིན་པ་དང༌། ཡང་སེམས་ཀྱི་འབྲས་བུའམ། བྱེ་བྲག་ལྔ་བཅུ་དག་པའི་བརྡ་དང༌། ཡི་གེ་ལྔ་བཅུ་ཞེས་པས་ངག་རྣམ་པར་དག་པའི་བརྡར་ཡང་འབྱུང་བ་ཡིན་ཏེ། ལུས་རྣམ་པར་དག་པ་ནི་ཁ་དོག་གི་གཟུགས་བཅུ་གཉིས་དང༌། དབྱིབས་ཀྱི་བརྒྱད་དང༌། སྒྲ་བརྒྱད་དང༌། རོ་དྲུག་དང༌། དྲི་བཞི་དང༌། རེག་བྱ་བཅུ་གཅིག་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་ལྔ་བཅུའོ། །ངག་གི་སྒྲ་ལ་བྱ་ལ། སྒྲ་ཐམས་ཅད་ནི་ཨཱ་ལི་ཀཱ་ལི་ལས་བྱུང་ལ། དེ་ལས་བྱུང་བའི་སྒྲ་དེ་ཡང༌། རླུང་ལས་འབྱུང༌། དེ་ཡང༌། གཡས་རོ་མ་ནས་འབྱུང་བ་ཤེས་རབ་ཀྱི་རླུང༌། གཡོན་ལ་ལ་ནཱ་ནས་རྒྱུ་བ་ཐབས་ཀྱི་རླུང་སྟེ། དེ་རྣམས་དག་པའི་བརྡར་ཡང་དོ་ཤལ་ལོ། །ཡང་སེམས་ལས་བྱུང་བའི་འདུ་བྱེད་ལྔ་བཅུ་རྩ་གཅིག་ལས་གཅིག་ནི་སྦྲུལ་གྱི་ཐག་པ་ཡིན་ལ། ལྷག་མ་དག་ནི་དོ་ཤལ་ལོ། །དེ་ཉིད་ཅེས་པ་ནི་དག་པ་ཡིན་ལ། དག་པའི་བརྡ་དོ་ཤལ་བཀོད་པ་ལ་སྤྲས་པ་ཞེས་བྱའོ། །མི་བསྐྱོད་པ་དབུ་ལ་འཇོག་པ་ནི་ཕྱོགས་སྔ་མ་མེད། མི་བསྐྱོད་པ་དེ་རྡོ་རྗེ་རིགས་ཀྱི་བདག་པོ་ཡིན་ལ། བདག་པོ་དེས་སྤྱི་བོར་མཚན་པ་ནི་དགོས་པ་དྲུག་སྟེ། ཧེ་རུ་ཀ་རྡོ་རྗེ་རིགས་ཀྱི་ཧེ་རུ་ཀ་ཡིན་པའི་ཕྱིར་དང༌། དེས་མཚོན་པར་བྱ་བའི་ཕྱིར་དང༌། དེས་མཚོན་པས་རྡོ་རྗེ་རིགས་ཀྱི་ཕྲིན་ལས་སྒྲུབ་པ་དང༌། རིགས་དེའི་ཕྱག་རྒྱ་ངེས་པར་བྱ་བ་དང༌། དེ་རིགས་དེའི་མཆོད་པས་མཉེས་པར་བྱ་བ་དང༌། རྡོ་རྗེ་རིགས་ཀྱི་དམ་ཚིག་སྲུང་བ་ལ་བདག་ཉིད་བག་ཡོད་པར་བྱ་བའི་ཕྱིར་རོ། །ཟླ་བ་ཕྱེད་པ་འཇོག་པ་ནི། ཕྱོགས་སྔ་མ་ནི་དབང་ཕྱུག་ཆེན་པོའི་སྤྱི་བོ་ན་ཡོད་པའི་ང་རྒྱལ་བ་དེ་གཞོམ་པའི་ཕྱིར་འཕྲོག་སྟེ་འདིར་བཏགས་པས་སོ། །ཕྱིའི་ཟླ་བ་བཅུ་དྲུག་པ་ནི་རྟོགས་པར་དཀའ་བ་ཡིན་ལ། དག་པ་བཅུ་དྲུག་པོ་ཡང་རྟོགས་པར་དཀའ་བས། དེ་མེད་པ་ཡིན་ནམ་སྙམ་པ་ལས། མེད་པའང་མ་ཡིན། ཡོད་པའང་མ་ཡིན་ཞེས་མཚོན་པར་བྱ་བའི་ཕྱིར་ཟླ་ཚེས་ཐོགས་པའོ། །ཡེ་ཤེས་ཐོབ་པའི་དབང་དུ་བྱས་ན། དོན་གྱི་སྐྱེ་བ་དག་ཐོབ་པའི་བརྡའོ། །དེ་ཡང་སྤྱི་བོར་འཇོག་པ་ནི་སྤྱི་གཙུག་ན་བྱང་སེམས་ཐིག་ལེ་བསྒོམ་པའི་སྤྱི་བོ་ན་ཡོད་དོ། །ཞེས་མཚོན་པར་བྱ་བའི་ཕྱིར་ཡང་ཟླ་ཚེས་ཐོགས་པའོ། །ཐོད་པ་ལྔ་ཐོགས་པ་ནི་ཕྱོགས་སྔ་མའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཁོ་རང་ལ་ཧེ་རུ་ཀ་ལྔ་ཡོད་པར་འདོད་དེ། ཚངས་པའི་ལྷ་ཧེ་རུ་ཀ་དང༌། མིའུ་ཐུང་པའི་ལྷ་ཧེ་རུ་ཀ་དང༌། ལེགས་ལྡན་གྱི་ལྷ་ཧེ་རུ་ཀ་དང༌། ཁྱབ་འཇུག་གི་ལྷ་ཧེ་རུ་ཀ་དང༌། དེ་ཁོ་ནའི་ལྷ་ཧེ་རུ་ཀ་དང༌། སངས་རྒྱས་པའི་རིགས་ལྔ་དང་བསྟུན་ནས། ཁོང་ཧེ་རུ་ཀ་ལྔར་འདོད་ནས་ཞེན་པ་དེ་སྤངས་པའི་བརྡར་ཐོད་པ་ལྔ་ཐོགས་པའོ། །ཡང་སྙིང་གའི་བདུད་རྩི་ལྔ་རྒྱུ་བའི་ཐོད་པ་ལྔ་ཐོགས་པའོ། །རྩ་དང་ཁམས་དག་པའི་ཁམས་ནི། ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏཱི་དང༌། དེ་གཉིས་ཀྱི་བར་ན་པྲ་རབ་དུ་མའི་དང༌། ཕུང་པོ་དྷཱུ་ཏཱི་ཞེས་རྩ་ལྔ་ཡོད་དེ། ལྔ་པོ་དེའི་ནང་གི་ཁམས་སྤངས་པ་དང༌། ཡེ་ཤེས་ལྔ་རྫོགས་པའི་བརྡར་ཐོད་པ་ལྔའོ། །བྱམས་ནས་མར་གྱི་སྐུ་སྨད་ཀྱི་ཡོན་ཏན་སྟོན་ཏེ། བྱམས་པ་ལ་སོགས་ཚད་མེད་བཞི་དང༌། རྣམ་ཐར་བཞི་ཟུང་འཇུག་ཏུ་ལེགས་པར་རྟོགས་པའི་བརྡར་ནི་ཞབས་བཞི་ཡོད་ལ། བདུད་བཞི་སྤངས་པའི་བརྡར་ནི་ལྷ་བཞི་མནན་པའོ། །དེ་ལ་ཉོན་མོངས་པའི་བདུད་བཅོམ་པའི་བརྡར་དབང་ཕྱུག་ཆེན་པོའོ། །ལྷའི་བུའི་བདུད་བཅོམ་པའི་བརྡར་དགའ་རབ་དབང་ཕྱུག འཆི་བདག་གི་བདུད་བཅོམ་པའི་བརྡར་གཤིན་རྗེ། ཕུང་པོའི་བདུད་བཅོམ་པའི་བརྡར་ཚངས་པ་སྟེ། དེ་བཞི་མནན་པའོ། །རླུང་སྟེ་སྐུ་སྨད་སྟག་གི་པགས་པས་དཀྲིས་པ་དང༌། ཕྱོགས་སྔ་མ་དབང་ཕྱུག་དེ་གནོན་པ་ལ། དེའི་ང་རྒྱལ་གཞོམ་པའི་ཕྱིར་འདིར་བསྣམས་པ་དང༌། ཁོ་རང་གི་ངོ་བོ་ནི་སྒྲིབ་པ་གཉིས་པོ་སྣ་ཚོགས་སྤངས་པའི་བརྡའོ། །སྐུ་སྨད་དཀྲིས་པ་ནི་ལྟེ་བ་མན་ཆད་ཀྱི་རྩ་གསུམ་གྱི་ནང་ན་བཤང་གཅི་ཁུ་བ་གསུམ་གྱི་ཁམས་ཡོད་པ། དེ་སྤངས་པའམ་དག་པའི་བརྡའོ། །དུས་སྦྱོར་ཞེས་པ་ནི་སྒྲིབ་པ་སྣ་ཚོགས་ཡོད་པའམ་འདུས་པ་སྟེ། དེ་སྤོང་བ་ལ་སྦྱར་ན་སྤངས་པའི་བརྡ་སྟག་ལྤགས་བསྣམས་པའོ། །དེས་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཧེ་རུ་ཀ་སྟོབས་ལྡན་གང་ཡིན་པ་དེའི་ཞབས་ཀྱིས་བདུད་ལ་སོགས་པ་མནན་ནས་འགྲོ་དོན་མཛད་པའི་ཧེ་རུ་ཀ་དེ་ལ་ཕྱག་འཚལ་ནས་རྒྱུད་འདིའི་འགྲེལ་པ་རྩོམ་པའོ། །དེ་ལྟར་འགྲེལ་པ་ལ་སོགས་པས་གང་ཟག་ཕལ་ཆེར་ཐེ་ཚོམ་སྐྱེ་སྟེ། འགྲེལ་པ་འདི་བརྩམས་པའི་དགོས་པ་གང་ཡིན་སྙམ་པའི་དོགས་པ་དང༌། འགྲེལ་པ་འདི་རྩོམ་པ་ལ་བསྐུལ་མཁན་མེད་པར་རྡོ་རྗེ་སྙིང་པོས་རང་དགར་བྱས་སམ་སྙམ་པ་དང༌། བསྐུལ་མཁན་ཡོད་ཀྱང་གཞུང་གཞན་ལ་མ་བརྟེན་པར་བཙན་ཐབས་སུ་བྱས་སམ་སྙམ་པ་དང༌། དགྱེས་རྡོར་ལ་རྒྱུད་མང་པོ་ཡོད་ན་གང་གི་འགྲེལ་པ་ཡིན་སྙམ་པ་དང༌། འགྲེལ་པ་འདིའི་གཞུང་ཚད་ཇི་ཙམ་ཡིན་ན་སྙམ་པའི་ཐེ་ཚོམ་ལྔ་ཡོད་པ་དེ་དག་བསལ་བའི་ཆེད་དུ། འདི་ནི་གསང་སྔགས་ཀྱི་བྱ་བར་རྒྱུད་འཆད་དེ། འདི་ས་བཅུ་ཞེས་པའི་རྐང་པ་དང་པོ་གཉིས་ཀྱིས་དགོས་པ་བསྟན། སེམས་ཅན་ཀུན་ལ་ཕན་འདོགས་པའི། །དཔལ་ལྡན་རྡོ་རྗེ་སྙིང་པོ་ལ། དགྱེས་པ་རྡོ་རྗེས་བསྐུལ་ནས་ཞེས་བསྡེབས་ནས་བཤད་དོ། །དེས་ནི་བསྐུལ་མཁན་མེད་པར་བརྩམ་པ་མ་ཡིན་པ་བསྟན་ཏོ། །འབུམ་ཕྲག་ནས་ལྡན་གྱི་བར་གྱིས་དགྱེས་པ་རྡོ་རྗེ་འབུམ་ཕྲག་ལྔ་པ་ནས་བཏུས་པའི་ཡི་གེ་ཉུང་ངུའི་རྒྱུད། ཤླཽ་ཀ་བདུན་བརྒྱ་ལྔ་བཅུའི་འགྲེལ་པ་བྱེད་པར་བསྟན་ཏོ། །དྲུག་སྟོང་ཞེས་པས་འདིའི་གཞུང་ཚད་བསྟན། རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲང་ཞེས་པས། བཙན་ཐབས་སུ་མ་བྱས་པ་བསྟན་ཏོ། །དེ་ལ་དགོས་པ་སྟོན་པའི་ཚིག་ལ། ལམ་རྙེད་པའམ་རྣལ་འབྱོར་ཞེས་པས་རྣལ་འབྱོར་པའི་ལམ་རྙེད་ཕྱིར། ཞེས་བྱས་ན། བདེ་བ་ཡིན་ཏེ། ས་བཅུ་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཐོབ་པར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བྱེད་དོ། །དེ་ལ་རྣལ་འབྱོར་ཞེས་པའི་མཚན་ཉིད་ཀྱིས་ནི་ས་བཅུ་པ་རང་གི་རྣལ་འབྱོར་ཡེ་ཤེས་ལ་བྱ་སྟེ། རྣལ་འབྱོར་ཞེས་པ་ནི། ཐབས་ཤེས་རབ་ཟུང་དུ་འཇུག་པར་གནས་པ་ལ་ཟེར་བ་ཡིན་ཏེ། དེ་སྐད་དུ་ཡང་རྒྱུད་ལས། ཐབས་ཉིད་ཀྱིས་ཀྱང་རྣལ་འབྱོར་མིན། །ཤེས་རབ་ཀྱིས་ཀྱང་རྣལ་འབྱོར་མིན། །ཤེས་རབ་ཐབས་ནི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བྱ་བར་བཤད། །ཅེས་གསུངས་སོ། །དེ་ལྟར་མཚན་ཉིད་ཀྱི་རྣལ་འབྱོར་ཞེས་པ་ས་བཅུའི་ཡེ་ཤེས་རང་ལ་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཟག་བཞི་ཡིན་ཏེ། ལས་དང་པོ་པའི་གང་ཟག་དང༌། རྣལ་འབྱོར་པའི་གང་ཟག་དང༌། བསྒྲུབ་པའི་གང་ཟག་དང༌། དག་པའི་གང་ཟག་བཞི་ལས། ད་རེས་རྣལ་འབྱོར་ཞེས་བྱ་བ་མཐོང་ལམ་ལ་བྱའོ། །མཐོང་ལམ་ལ་སོགས་པས་ནི་རྙེད་པར་བྱ་བའི་ཕྱིར་རོ། །འབུམ་ཕྲག་ལྔ་ཞེས་པ་ལ། དགྱེས་རྡོར་གྱི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། སངས་རྒྱས་མཁའ་འགྲོ་འབུམ་ཕྲག་གཅིག །དེ་བཞིན་རྡོ་རྗེ་ཅན་ལ་འབུམ། །རྡོ་རྗེ་ཉི་མ་ལ་ཡང་འབུམ། །སངས་རྒྱས་ཆོས་ལ་འབུམ་ཕྲག་གཅིག །འབུམ་ཕྱེད་རྡོ་རྗེ་རྟ་མཆོག་ལ། །འབྱུང་པོ་འདུལ་ལ་སྟོང་ཕྲག་ལྔ། །སངས་རྒྱས་གར་ལ་འབུམ་ཕྲག་ལྔ། །འཇིག་རྟེན་འདུལ་ལ་སྟོང་ཕྲག་ལྔ། །སྟོང་ཕྲག་སུམ་ཅུ་ཐམ་པ་ནི། །ཀུ་རུ་ཀལླེའི་བརྟག་པའོ། །ཤླཽ་ཀ་བདུན་བརྒྱ་པ་དེ་ཡང་ཚིག་བྱེད་པ་དག་པ་དང༌། དོན་བྱེད་པ་དག་པས་ན་རྡོ་རྗེའི་ཚིག་གོ །རྩ་བའི་རྒྱུད་འབུམ་ཕྲག་ལྔ་པའི་རྗེས་སུ་འབྲངས་ནས་ལེའུ་ཉི་ཤུ་རྩ་གཉིས་པའི་རྒྱུད་འདི་གསལ་བར་བྱས་སོ། །དེ་ལ་རྒོལ་བ་ཁོངས་ན་ཡོད་དེ། འོ་ན་རྡོ་རྗེ་སྙིང་པོས་འགྲེལ་པ་བྱ་ཅི་དགོས། མ་འོངས་པའི་སློབ་དཔོན་ཡང་འགྲེལ་པ་བྱེད་པ་ཡིན་ནོ་ཞེས་པ་ལ། མ་འོངས་པའི་སློབ་དཔོན་ཀུན་གྱིས་སངས་རྒྱས་ཀྱི་དགོངས་པ་མི་ཁྲེལ་བའི་སྐྱོན་ཡོད་པས་ན། སྐྱོན་དེ་རྣམས་སྤང་པའི་ཕྱིར་འགྲེལ་པ་བྱེད་ཅེས་པའོ། །འོ་ན་མ་འོངས་པའི་སློབ་དཔོན་ཇི་ལྟ་བུ་ཡིན་ན། མ་འོངས་པ་ན་འདི་འདྲ་འབྱུང་ཞེས་པ་ནི། སྙིགས་མ་ལྔ་ནས་མར་སྟོན་ཏོ། །དེ་ཡང་ཤླཽ་ཀ་དང་པོ་ནས་མར་སྟོན་ཏེ། སྙིགས་མ་ལྔ་ཡི་གོ་བར་ཟད། །རྣལ་འབྱོར་སྤྱོད་པ་སྟོན་པར་བྱེད། །ཅེས་པ་ལ། རྣལ་འབྱོར་མ་ཡིན་པར་རྣལ་འབྱོར་གྱི་སྤྱོད་པ་སྟོན་པ་དང༌། རྣལ་འབྱོར་པ་བཞིན་དུ་ཆོས་འཆད་པའོ། །ཆོས་བཤད་ཀྱང་དངོས་སུ་བཤད་པ་དང༌། འགྲེལ་པ་བྱེད་པ་འབྱུང་སྟེ། དེ་ནི་མི་ཤེས་བཞིན་དུ་ལོག་པ་བསྟན་པས་ལམ་མ་ཡིན་པ་ལ་གནས་པའོ། །དོན་དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ། དམྱལ་བ་ཞེས་པའི་ཤླཽ་ཀས་ནི། དམྱལ་བར་འགྲོ་བའི་སློབ་དཔོན་བསྟན། དེ་བཞིན་འགྲེལ་པ་བྱེད་པའི་སློབ་དཔོན་དང༌། བདུད་ཀྱི་རིགས་ཀྱི་སློབ་དཔོན་དང༌། དོར་ཐབས་ཅན་གྱི་སློབ་དཔོན་དང༌། གཡོན་ཅན་གྱི་སློབ་དཔོན་དང༌། དངོས་པོ་མི་ཤེས་པའི་སློབ་དཔོན་ནོ། །དེ་རྣམས་ནི་ཤླཽ་ཀ་གཅིག་དང༌། ཕྱེད་དང་བཞི་དང༌། གཉིས་དང༌། ཡང་ཕྱེད་དང་བཞི་དང༌། ཤླཽ་ཀ་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ནོ། །ཚིག་དོན་སྤྱིར་གསལ་བ་མ་བཤད། རྐང་པ་རེ་རེ་དེ་ཉིད་ནི། དང་པོ་འགྲེལ་པ་མེད་པར་རྒྱུད་སྤྱིར་བཤད་པ་བྱེད་དོ། །རྒྱུད་ནི་དགོངས་པ་མེད་པ་ཡིན་པས། དེའི་དོན་མི་ཤེས་བཞིན་དུ་བཤད་པ་ཡིན་པས། སློབ་མས་བསྒྲུབས་ཀྱང་དངོས་གྲུབ་མི་འབྱུང་བས་དེ་ཆོས་བརྫུན་ཟེར་ནས་སྐུར་པ་འདེབས་པས། ངན་སོང་དུ་ལྷུན་ནས་དེའི་རྒྱུས་སློབ་དཔོན་དེ་ཡང་དམྱལ་བར་འགྲོའོ། །གཉིས་པ་འགྲེལ་པ་བྱེད་པའི་སློབ་དཔོན་ནི་མངོན་ཤེས་དང་ལྡན་པས་བྱེད་པ་ཡིན་པ་ལ། དེ་དང་མི་ལྡན་པར་བསྟན་བཅོས་མཛད་པའི་ང་རྒྱལ་གྱིས་རྒྱུད་ཀྱི་རྣམ་གཞག་བྱེད་པ་ནི་རྣལ་འབྱོར་ཉམས་པ་ཡིན་ནོ། །གསུམ་པ་བོ་དྷི་ས་ཏྭ་ནི། དབང་བསྐུར་བ་ཐོབ་པ་ཡིན་པས་དབང་བསྐུར་བ་ལོང་ཤིག་ཟེར་ནས། སློབ་མ་མི་མོས་བཞིན་དུ་དབང་ལེན་དུ་འཇུག་པ་དང༌། ང་ནི་རྡོ་རྗེ་འཆང་ཆེན་རང་ཡིན་ཟེར་ནས་མི་ལ་སྨྲ་བ་དང༌། ང་ནི་རྡོ་རྗེ་འཆང་གི་ས་ཐོབ་ཟེར་བ་དང༌། རྒྱལ་པོ་བསྟེན་པ་དང༌། ཁེའི་ཆེད་དུ་ཚོང་བྱེད་པ་དང༌། རིགས་ངན་པའི་མི་ནི་རང་བཞིན་གྱིས་ངོ་ཚ་ཆུང་བ་ཡིན་པས། རིགས་ངན་སློབ་དཔོན་དུ་བྱེད་པ་དང༌། རྫས་ཀྱི་ཕྱིར་ཆོས་འཚོང་བ་དང༌། བྱི་ལ་དང་ཁྱི་དང་ཁྱིམ་བྱ་ལ་སོགས་པ་ལོངས་སྤྱོད་མ་ཡིན་པ་འཆང་བའོ། །བཞི་པ་ནི། རིགས་བཟང་བ་རང་གི་སྐྱོན་སྦེད་ཅིང་དོར་ཐབས་ཀྱིས་སློབ་མ་ལ་སློབ་དཔོན་མཉེས་པ་ལ་སོགས་པ་མ་བྱས་ན། ཉེས་པ་འདི་དང་འདི་ལྟ་བུ་ཟེར་བ་ལ། རང་གི་སློབ་མ་ལ་ལེགས་སུ་མ་བྱས་ན་དམ་ཚིག་ཉམས་པ་དེ་མི་སྨྲའོ། །ལྔ་པ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་མདོར་བསྟན་པ་ལ། དེ་ཉིད་ཀ་དོན་བརྩེ་མེད་ན་མར་རྒྱས་པར་བསྟན་ཏོ། །སློང་བ་སྐྱེ་ལ་སྡང་ནི་དགེ་སློང་གི་སྐྱེ་བ་བཟང་པོ་ཡིན་པས་དེ་ལ་སྡང་བའོ། །དྲུག་པ་རྒྱུད་ནས་བཤད་པའི་དགོངས་དོན་མི་ཤེས་པས་ནི། དབང་བསྐུར་ཐོབ་པའི་སློབ་མ་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས་ཅད་ཕྱག་བྱེད་པར་འགྱུར་རོ་ཞེས་པའི་ཚིག་ཡོད་པ་ལ། དེ་སྒྲ་ཇི་བཞིན་དུ་བཟུང་ནས་མིང་ཁོ་ན་ལྟར་བྱེད་པའི་སློབ་དཔོན་དེ་ནི་ཤི་ནས་ངུ་འབོད་དུ་སྐྱེའོ། །འོ་ན་དགོངས་པ་ཇི་ལྟར་ཡིན་ན་འདི་ལྟར་ཡིན་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ནས་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་དགོངས་པ་ནི་སྤྱིར་ན་དོན་དམ་པའི་སློབ་དཔོན་སངས་རྒྱས་གཅིག་གིས། དོན་དམ་པའི་གནས་ཤིང་དྲུང་དུ། དོན་དམ་པའི་སློབ་མ་ས་བཅུའི་བྱང་ཆུབ་སེམས་དཔའ་གཅིག་ཡིན་ལ། དོན་དམ་པའི་དབང་བསྐུར་གདམས་ངག་ཁྱད་པར་ཅན་གཅིག་གིས་དབང་བསྐུར་བ་ན་སངས་རྒྱས་ཡིན་ལ། དེ་ལྟ་བུའི་སངས་རྒྱས་གསར་པ་དེ་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཕྱག་བྱེད་པ་ཡིན་ནོ། །འོ་ན་དེ་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཕྱག་བྱེད་ཟེར་བ་ཅི་སྟེ་ཞེ་ན། ཕྱོགས་བཅུ་ནས་བྱོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། འཇིག་རྟེན་ཁམས་ཞེས་པ་ནི། དེ་རྣམས་ཀྱི་ལུས་ལ་འགྲོ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཕུང་པོ་ལྔ་ནི་བུདྡྷ་ལྔ་ཡིན་ལ། ཡང་སེམས་དཔའ་དེ་ཡང་ཕལ་ཆེར་རིགས་ལྔའི་ཅོད་པན་ཡོད་པས། དེ་དང་བཅས་པས་ཕྱག་བྱེད་པས་བུདྡྷས་ཕྱག་བྱེད་པའོ། །ཡང་ཀུན་རྫོབ་ཀྱི་སློབ་དཔོན་གྱི་ཆ་ནས་ཀྱང་གཞུང་དེ་ལན་ཅིག་བཤད་པར་བྱ་སྟེ། ཀུན་རྫོབ་ཀྱི་སློབ་དཔོན་སོ་སོ་སྐྱེ་བོ་གཅིག་གིས། ཀུན་རྫོབ་ཀྱི་གནས་དཀྱིལ་འཁོར་དུ་ཀུན་རྫོབ་ཀྱི་སློབ་མ་སོ་སོའི་སྐྱེ་བོ་གཅིག་ལ། ཀུན་རྫོབ་ཀྱི་དབང་བསྐུར་ཆུ་ལ་སོགས་པ་བྱས་པས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ། བུདྡྷ་དང༌། ལྷ་མོ་དང༌། སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབ་པ་ཡིན་ལ། དབུ་རྒྱན་རིགས་ལྔ་དང་བཅས་པས་སློབ་དཔོན་ལ་ཕྱག་འཚལ་བ་ཡིན་ལ། དེ་ལ་དགོངས་ནས་བུདྡྷ་རྣམས་ཕྱག་བྱེད་ཅེས་བྱའོ། །ཕྱོགས་བཅུ་ནི་ལུས་ཀྱི་ཕྱོགས་བཅུའོ། །སློབ་མ་དེའི་སློབ་མ་གཅིག་དེ་ལ་ཕྱག་བྱེད་པ་ལ་དགོངས་ནས་ཀྱང་བཤད་པའོ། །དེའི་དགོངས་པ་དེ་ལྟར་འགྲེལ་ལོ། །དེ་ཉིད་དང་རྗེས་སུ་མཐུན་པར་དམ་ཚིག་ཀྱང་ཀུན་རྫོབ་དོན་དམ་གཉིས་སུ་ཤེས་པར་བྱའོ། །དོན་དམ་གྱི་དབང་བསྐུར་བྱས་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག རྣམ་སྣང་དང་སྣང་མཐའ་མི་བསྐྱོད་གསུམ་དངོས་སུ་བསྐྱེད་ལ། ཀུན་རྫོབ་ཏུ་ནི་དེ་གསུམ་གྱི་བརྡར། དེ་འདྲའི་རང་བཞིན་ཅན་དྲི་ཆེན་ལ་སོགས་པ་གསུམ་སྟེར་བའོ། །དེ་ལ་དྲི་ཆེན་ལ་སོགས་པ་གསུམ་རྣམ་སྣང་ལ་སོགས་པ་གསུམ་དང་ཆོས་མཐུན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་གསུམ་གྱི་རང་བཞིན་ཅན་དུ་བྱིན་གྱིས་བརླབ་པ་ཡིན་པ་དང༌། རྟེན་འབྲེལ་གྱི་ནུས་པ་ཡིན་ཏེ། དེ་རྣམས་བསྟེན་པ་ལ་དམ་ཚིག་དེ་རྣམས་ཐོབ་པ་ཡིན་པ་དང༌། ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ་ཀུན་ཀྱང་སྟོང་པ་ཉིད་དུ་རོ་གཅིག་པའོ། །དེས་ན་དེ་ལྟ་བུའི་དམ་ཚིག་དེ་སློབ་དཔོན་རྡོ་རྗེ་འཆང་གིས་དེ་བཞིན་དུ་སྦྱིན་པའོ། །དེ་ཡང་ཀུན་རྫོབ་ཏུ་དམ་ཚིག་བསྟེན་པ་དེ་ཡང༌། རིལ་བུ་བསྟེན་པ་དང༌། སྐྱེ་མ་བསྟེན་པ་དང༌། རྣམ་པ་བསྟེན་པ་དང༌། དངོས་སུ་བསྟེན་པ་དང༌། དག་པ་བསྟེན་པ་ལྔ་ལས། ད་ལྟ་ནི་སྦྱོར་བ་དང་བསྒྲུབ་པ་ཇི་ལྟ་བ་བཞིན་བྱས་པའི་རིལ་བུ་བསྟེན་པའོ། །ཡང་དོན་དེ་ཉིད་རྒྱས་པར་ནི་བཤང་གཅི་ནས་མར་སྟོན་ཏེ། དེ་ཡང་མདོར་བསྟན་དུ་ཡེ་ཤེས་ཀྱི་དམ་ཚིག་དངོས་སུ་བསྟན་པའི་ཤུགས་ལས་ཤེས་པར་བྱ་སྟེ། དེ་ཡང་དོན་དམ་གྱི་དབང་བསྐུར་བྱས་པ་དེས་ནི། ཡེ་ཤེས་ཀྱི་དམ་ཚིག་ཕྱག་རྒྱ་ཆེན་པོ་ལས་བྱུང་བའི་བདེ་བ་བསྒོམ་པའོ། །ཀུན་རྫོབ་ཏུ་ནི་ལས་དང་ཡེ་ཤེས་ཀྱི་མུ་དྲཱ་དངོས་སུ་བསྟེན་ནས་ཡེ་ཤེས་ཀྱི་བདེ་བ་བསྒོམ་པ་ཡིན་པས་ན་ཕྱག་རྒྱ་རྣམས་ཞེས་བྱའོ། །དེ་ལྟ་བུའི་དམ་ཚིག་བཞི་བཞི་སྦྱིན་པའོ། །ཀུན་རྫོབ་ནས་བསྐུར་རོའི་བར་ནི་བསྡུས་པ་བཤད་དོ། །ཀུན་རྫོབ་ཀྱི་སློབ་དཔོན་གྱིས་ཀུན་རྫོབ་ཀྱི་སློབ་མ་ལ་གནས་དང༌། ཡན་ལག་ལྔར་དབང་བསྐུར་བའོ། །དོན་དམ་གྱི་སློབ་དཔོན་གྱིས་རྣལ་འབྱོར་པ་ལ་གནས་པའི་དྲུང་དུ་ཕྱིས་དབང་བསྐུར་བའོ། །འོ་ན་མ་འོངས་པའི་དུས་ཀྱི་སློབ་དཔོན་ཡོན་ཏན་ཅན་གང་ཡིན་ན། དེ་སྟོན་པ་ལ་དགོངས་ནས་ཉིད་དོའི་བར་གྱིས་དོན་དམ་གྱི་སློབ་དཔོན་གྱི་མཚན་ཉིད་འཆད་དེ། མཐར་ཐུག་གི་ཡོན་ཏན་ཤེས་པ་དེའི་ཡོན་ཏན་ཡིན་ལ། མཐར་ཐུག་ཤེས་པ་ལ་མངོན་ཤེས་དྲུག་དང་ལྡན་དགོས་ཏེ་སློབ་དཔོན་ཞེས་ཐ་སྙད་གདགས་སོ། །མཐར་ཐུག་དྲུག་ནི། དངོས་པོ་ལ་མཐའ་དྲུག་གི་བཤད་པ་ཡིན་ཏེ། དེ་ཡང་དཔེ་དོན་གཉིས་ཀྱིས་སྟོན་པ་ལ། དཔེ་ནི་ཉི་མ་ལ་དགོངས་པ་མ་ཡིན་པས་བཤད་པ་ནི། ཉི་མ་འདི་ནི་ཤར་ཞེས་སྟོན་པའོ། །དགོངས་པས་བཤད་པ་ནི་སྤང་བྱའི་ཕྱོགས་ནས་ཉི་མ་ནུབ་པ་ཡིན་ཟེར་བའོ། །སྒྲ་ཇི་བཞིན་དུ་ནི་ཉིན་མོ་བྱེད་པ་ཡིན་ཞེས་པའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི། འཇིག་རྟེན་དང་བསྟན་བཅོས་གཉིས་ལས་མ་གྲགས་པའི་ཀོ་ཊ་ཀྵ་ལ་སོགས་པའི་སྐད་ཀྱིས་བསྟན་པའོ། །ངེས་དོན་ནི་ཉི་མ་དཔག་ཚད་བཞི་ཁྲིའི་སྟེང་ན། དཔག་ཚད་ལྔ་བཅུ་རྩ་གསུམ་པ་བྱ་བ་ལ་སོགས་པ་ཉི་མའི་ཡོན་ཏན་གྱི་ཆ་ཀུན་ནས་སྟོན་པའོ། །དྲང་དོན་མཛུབ་མོས་བསྟན་ནས་འདི་ཡིན་ཞེས་ཏེ། དེའི་སྒོ་ནས་རྟོགས་པར་བྱེད་པའོ། །དོན་གྱི་དབང་དུ་བྱས་ནས། བདེ་ཆེན་ལུས་གནས་ཡེ་ཤེས་ཆེན་པོ་དེ་ལ་དགོངས་པ་མ་ཡིན་པ་ནི། ཟུང་དུ་དེ་ཡང་དག་པའི་མཐའ། །ཞེས་ནས་ཕྱོགས་གཅིག་གིས་བསྟན་ནོ། །དགོངས་པ་ནི་མི་མཐུན་པའི་ཕྱོགས་སྟོན་ཏེ། ཟུང་འཇུག་བྱ་བ་བེམ་པོ་ཡིན་ཞེས་པའོ། །སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པ་ནི་འཇིག་རྟེན་དང་བསྟན་བཅོས་ལས་མ་གྲགས་པའོ། །སྐད་ཀྱི་ངེས་དོན་ནི་སྟོང་པ་ཉིད་ཡང་དག་པའི་མཐའ་བྱ་བ་ལ་སོགས་པ་དེའི་མཚན་ཉིད་རྫོགས་པའི་ཆ་ནས་སོ། །དྲང་དོན་ནི་བདེ་བ་བྱ་བ་འདི་ཡིན་ཞེས་པ་ནས། བྷ་གའི་པདྨ་སྟོན་པ་ལྟ་བུའོ། །དེ་ལྟ་བུ་ཡོན་ཏན་དེ་དང་ལྡན་པ་གང་ཡིན་པ་དེ་ལ། འདིར་དོན་དམ་པའི་སློབ་དཔོན་ཞེས་བྱའོ། །བསྟན་པ་ཡིན་གྱི་བར་གྱིས་ཀུན་རྫོབ་ཀྱི་སློབ་དཔོན་གྱི་ཡོན་ཏན་བཅུ་གསུམ་བསྟན་ཏེ། བསྟན་པ་ནི་ལུང་བསྟན་པའོ། །ངག་གི་སྒོ་ནས་དུལ་བ། སེམས་ཀྱི་སྒོ་ནས་ཤེས་རབ་ཆེ་བ། མི་ལ་ཕྱི་རོལ་དུ་བསླུས་མི་བྱེད་པས་ན་གཡོ་མེད་པ། དེ་ལྟར་བྱ་བར་ནང་དུ་སེམས་ལ་མི་འཇོག་པ་ནི་སྒྱུ་མེད་པ། སྔགས་ཀྱི་སྦྱོར་བ་ཤེས་པ་ནི། སྔགས་ཞེས་པས་བསྒོམ་པ་དང༌། བཟླས་པ། ཕྲེང་བ། གནས། ལྷ། དུས། ལ་སོགས་པ་ངེས་པ་སྟེ། འོག་ནས་སྟོན་པའི་ངེས་པ་བཅུ་བཞི་པོ་ཤེས་པ་སྟེ། རྒྱུད་ཀྱི་སྦྱོར་བ་ཤེས་པ་ནི། རྒྱུད་ན་བཟང་པོའི་སྨིན་ཡིན་ཞེས་པ་སྨན་རྫས་ཀྱི་སྦྱོར་བ་དང༌། རྒྱུད་ཀྱི་ཆོ་ག་བསྐྱེད་རྫོགས་ཀྱི་དོན་ཤེས་པའོ། །མཚན་ཉིད་ཤེས་པ་བསྟན་བཅོས་ཤེས་པའོ། །དེ་ཉིད་བཅུ་ནི། དཀྱིལ་འཁོར་དང༌། སྔགས་བཟླས་པ་དང༌། ཕྱག་རྒྱ་བསྒོམ་པ་དང༌། བདག་དང་གནས་བསྲུང་བ་དང༌། མཆོད་པ་དང༌། གཏོར་མ་དང༌། རབ་གནས་ཤེས་པའོ། །དེ་ལྟ་བུའི་ཀུན་རྫོབ་ཀྱི་སློབ་དཔོན་ལ། ཡོན་ཏན་བཅུ་གསུམ་དང་ལྡན་པ་དེ་བསྟན་པ་ལ་འཇུག་པའི་རིམ་པ་ཇི་ལྟ་བ་ཡིན་པ་དེ་མ་འོངས་པ་རྣམས་ཀྱིས་མི་ཤེས་པས་དེ་བདག་གིས་བཤད་དོ་ཞེས་པ་ནི། བདག་ནས་ལྔ་ཡིན་ནོའི་བར་གྱིས་བསྟན་ནོ། །དེའང་བསྟན་པ་ལ་རིམ་པས་འཇུག་པས་ཁྱད་པར་ཅན་ཡིན་པ་ནི། བདག་གིས་ནས་ཤེས་བྱའི་བར་གྱིས་བསྟན་ཏོ། །བདག་ཉིད་མི་བྱ་སྟེ། རང་དྭང་བའི་དད་པ་དང༌། ཡིད་ཆེས་པའི་དད་པ་དང༌། འདུན་པའི་དད་པ་དང་ལྡན་པ། དབང་བསྐུར་བ་ཐོབ་པ། དམ་ཚིག་མ་ཉམས་པ། གོང་དུ་བསྟན་པའི་ཡོན་ཏན་བཅུ་དྲུག་དང་ལྡན་པའི་དགེ་སློང་རྡོ་རྗེ་འཆང་དེ་ནི། དགེ་ཚུལ་དང༌། ཁྱིམ་པའི་རྡོ་རྗེ་འཆང་ལས་ཁྱད་པར་དུ་འཕགས་པའོ། །དེ་ལྟ་བུའི་དགེ་སློང་དབང་ཐོབ་ལ་མ་ཉམས་པ་དེ་ནི་ཐ་མལ་པའི་དགེ་སློང་བཅུ་དང་འདྲ་བ་ཡིན་ནོ། །འོ་ན་དགེ་ཚུལ་དང་དགེ་བསྙེན་གཉིས་སྔགས་པ་བྱས་པ་དང༌། དགེ་སློང་རྡོ་རྗེ་འཆང་འདྲ་བའམ་ཞེ་ན་ཞེས་པ་ལ། དགེ་ཚུལ་དང་དགེ་བསྙེན་གཉིས་ནི་སྔགས་པ་ཡིན་ཡང་དགེ་སློང་སྔགས་པ་དང་མི་མཉམ་ལ། བསླབ་པའི་མཐར་ལྡན་པའི་དགེ་སློང་གཅིག་དང་ཡང་དགེ་སློང་རྡོ་རྗེ་འཛིན་པ་དེ་ཡང་མི་འདྲ་མི་མཚུངས་པའོ། །དེ་ལྟ་བུའི་རྟེན་ཁྱད་པར་ཅན་དགེ་སློང་རྡོ་རྗེ་འཛིན་པའི་སྟན་པ་ལ་འཇུག་པའི་རིམ་པའང་འབུམ་ཕྲག་ལྔའི་རྒྱུད་ནས་འཆད་པ་ཡིན་པས། དེ་བཤད་ཅེས་དམ་བཅའ་བ་ནི། ཇི་ལྟར་ནས་བྱ་བའི་བར་གྱིས་བསྟན། དེ་ཡང་དགེ་སློང་རྡོ་རྗེ་འཆང་དང་ལྡན་པའི་སློབ་དཔོན་དེ་མཉེས་པར་བྱེད་པའི་སློབ་མ་ལ། རྩ་བའི་རྒྱུད་དེ་ལས་གསུངས་པའི་འཇུག་པའི་རིམ་པ་བརྗོད་པར་བྱའོ། །འོ་ན་རྩ་བའི་རྒྱུད་དེ་རང་དུ་བསྟན་པ་ལ་འཇུག་པའི་རིམ་པ་སུས་ཞུས་ནས་སུ་ལ་བཤད་ན། རྡོ་རྗེ་འཆང་ཀྱེའི་རྡོ་རྗེ་དེ་ལ་བདག་མེད་མས་ཞུས་ནས་རྡོ་རྗེ་སྙིང་པོ་ལ་བཤད་དོ། །དེ་ཡང་གོ་རིམ་དུ་གསུངས། གང་གི་ཕྱིར་གསུངས་པ་ནི་བསླབ་ཚིག་སྟེ་འཇུག་པའི་རིམ་པ་གསལ་བར་བྱ་བའི་ཕྱིར་རོ། །འཇུག་པའི་རིམ་པ་ནི། དང་པོ་ནས་ཤེས་བྱའི་བར་གྱིས་བསྟན་ཏོ། །འོ་ན་འཇུག་པའི་རིམ་པ་ནི་དེ་ཡིན་ན། འཇུག་པའི་སའམ་ཡུལ་གང་ལ་འཇུག་ན་ནི། ཐེག་པ་གསུམ་ཀྱང་མཐར་ཐུག་འབྲས་བུ་གཅིག་པ་དང་གཞུང་ལྔ་ཡིན་པར་ཐེག་པ་ནས་ཡིན་ནོའི་བར་གྱིས་བསྟན་ཏོ། །མདོར་ན་ཐེག་པ་གསུམ་ལས་བུདྡྷ་བ་ལ་མེད་ལ། གཞུང་ནི་ལྔ་སྟེ། ཐེག་པ་ཆེན་པོ་ལ་སེམས་ཙམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་བ་དང༌། སྔགས་ཀྱི་གཞུང་དང་གསུམ་དུ་བྱས་པས་ལྔའོ། །གཞན་པས་དེ་ལྟར་བསྟན་པ་ལ་འཇུག་པའི་རིམ་པས་ཞུགས་ནས། དགྱེས་པ་རྡོ་རྗེ་བསྒོམ་པ་རུ་ཕྱིན་པའི་རྣལ་འབྱོར་པ་དེས་ཐོབ་བྱ་བདེ་ཆེན་གཉིས་མེད་དེ། རྒྱུ་དང་ལམ་དང་འབྲས་བུ་དང་བཅས་པ་གང་ཡིན་པ་གསལ་བར་ཤེས་པར་བྱ་བའི་ཆེད་དུ་ཡང་བཤད་པ་ནི། རྣམ་པ་ཀུན་ནས་འཆང་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དོན་དྲུག་ཡོད་པ་ལས། དང་པོར་རང་དོན་མ་གྲུབ་པར་གཞན་དོན་མི་ནུས་པ་ནི། རྣམ་པ་ཀུན་ནས། ནུས་ཀྱི་བར་གྱིས་བསྟན་ཏེ། ཉི་ཚེ་བའི་སྟོང་པ་ཉིད་ལྟ་བུ་མ་ཡིན་ཏེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་རྒྱུ་ཡིན་ལ། རྒྱུ་དེ་ཡོད་པ་སྨོན་ལམ་སྟེ། བསྐྱེད་རྫོགས་གཉིས་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཐབས་བསྒོམས་པ་ལས་ཕྱིས་རང་དོན་ཕུན་སུམ་ཚོགས་པ་ཆོས་སྐུ་ཐོབ་ལ། ཐུགས་རྗེའི་དབང་གིས་འགྲོ་བའི་དོན་བྱེད་པའི་གཟུགས་སྐུའི་འབྲས་བུ་འབྱུང་ངོ༌། །འོ་ན་རང་དོན་སྔོན་དུ་བྱེད་པ་ཇི་ལྟར་ཞེ་ན། དེའི་ལན་རང་ནས་མར་གྱིས་བསྟན་ཏེ། དེ་ལྟར་རང་གཞན་གཉིས་ཀྱི་དོན་བྱེད་པ་ནི་འབྲས་བུ་ཁྱད་པར་ཅན་ཡིན་ལ། འབྲས་བུ་ཁྱད་པར་ཅན་དེ་རྒྱུ་ཁྱད་པར་ཅན་ལ་བརྟེན་ནས་འགྲུབ་ཀྱི། རྒྱུ་ཁྱད་པར་ཅན་ལ་མ་བརྟེན་ན་མི་འགྲུབ་པ་ནི། རྒྱུ་ནས་མིང་གི་བར་གྱིས་བསྟན་ཏེ། རྒྱུ་འབྲས་དོན་དུ་གཉེར་བའི་གང་ཟག་གི་རྒྱུ་ཁྱད་པར་ཅན་དེ་ལས་འབྲས་བུ་ཁྱད་པར་ཅན་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ན་རྒྱུ་ཁྱད་པར་ཅན་མངོན་སུམ་དུ་མི་བྱེད་པས། རྒྱུ་དེ་དང་འབྲལ་བར་འགྱུར་བ་ཉན་ཐོས་ཀྱི་ཐེག་པ་ལྟ་བུ་ལ་ཁྱད་པར་ཅན་ག་ལ་འབྱུང་སྟེ་མི་འབྱུང་ངོ༌། །དེས་ན་ཐེག་པ་ཆེན་པོ་ལས་གཞན་པའི་ཐེག་པ་ཆུང་ངུ་གཉིས་པ་དེ་ལས་འབྲས་བུ་ཁྱད་པར་ཅན་འབྱུང་བར་བརྗོད་པ་དེས་ནི། ཐེག་པ་ཆེན་པོའི་དབང་དུ་བྱས་པའི་སྦྱིན་པ་ལ་སོགས་པ་ཉམས་པར་འགྱུར་རོ། །འོ་ན་ཐེག་པ་ཆུང་ངུ་དེའི་རྒྱུ་མ་ཡིན་ནམ་ཞེ་ན། ཡེ་མ་ཡིན་པ་ནི་མ་ཡིན་པ་ལ་སོགས་པའི་གནས་ཡིན་ཏེ། གནས་སྐབས་ཀྱི་འབྲས་བུ་ཡོད་པའོ། །དེ་ལྟར་ཡིན་པས་ན་རྒྱུ་ཁྱད་པར་ཅན་ལ་འབྲས་བུ་ཁྱད་པར་ཅན་འབྱུང་བའི་ངེས་པ་བསྟན་པ་ནི། ཆོས་རྣམས་ནས་ཤེས་པར་བྱ་བའི་བར་གྱིས་བསྟན་ཏེ། རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་བདེ་བ་དང་ཐ་མི་དད་པ་དེ་ནི། འབྲས་བུ་ཁྱད་པར་ཅན་འབྱུང་བའི་འབྱུང་ཁུངས་ཡིན་པར་སྙིང་རྗེ་ཆེན་པོ་བདག་སྨྲའོ། །ངེས་པར་འབྱུང་བ་ཡིན་པས་ན། རྒྱུ་དེ་དང་སྨོན་ལམ་དེ་སྦྱོར་བའི་ཡན་ལག་དྲུག་ལམ་གྱི་རིམ་པ་བསྒོམ་པ་དེའི་དབང་དེ་ལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་འབྲས་བུ་དེ་འབྱུང་བའོ། །སྙིང་རྗེ་དུ་ཡོད་ན་སྙིང་རྗེ་གསུམ་ཡིན་པར་སེམས་ཅན་ཞེས་པའི་ཚིག་རྐང་གཉིས་ཀྱིས་མདོར་བསྟན། སྙིང་རྗེ་དེའི་མཚན་ཉིད་ཇི་ལྟར་བུ་ཡིན་ཞིང་གནས་སྐབས་གང་ན་ཡོད་པ་དེ་བཤད་པར་བྱ་སྟེ། ཕྱོགས་གཅིག་ཅེས་པའི་ཚིག་རྐང་ཕྱེད་དང་གཉིས་ཀྱིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྟན་ཏེ། སྦྱོར་བ་ཡན་ལག་དྲུག་ལས་དྲུག་པ་མ་གཏོགས་པ་གོང་མ་ལྔ་བསྒོམས་པ་དེས་ནི། ལམ་ནི་མཐོང་ལམ་ཐོབ་པ་ཡིན་ལ། དེས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་མཐོང་ནས་དེ་ལ་སྙིང་རྗེའོ། །ཕྱོགས་གཅིག་ཅེས་པ་ནི་སྡུག་བསྔལ་ལ་དམིགས་པའོ། །ཉུང་བའི་དོན་བྱེད་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་དང་ལྡན་པར་སེམས་པའི་རྣལ་འབྱོར་པ་དེས་འགྲོ་བའི་དོན་བྱེད་པ་ཙམ་གྱིས་དོན་མི་ནུས་པའོ། །ཆོས་ལ་ནས་ཉིད་དེའི་བར་ཚིག་རྐང་ཕྱེད་དང་གསུམ་གྱིས་ནི། ཡན་ལག་དྲུག་ལས། དྲུག་པ་ཅིག་ཤོས་ཀྱི་ཏིང་ངེ་འཛིན་གྱིས་ཡན་ལག་དེ་བསྒོམ་པའི་རྣལ་འབྱོར་པས་ནི། ས་དང་པོ་ནས་བཅུའི་བར་གྱི་སའི་རིམ་པ་ལ་བདེ་བ་བསྒོམ་པ་བསྟན་ཏེ། དེའང་གྲུབ་བརྙེས་ཞེས་པ་ནི་གོང་དུ་བསྟན་པའི་ཡན་ལག་ལྔ་བསྒོམས་ནས། ཏིང་ངེ་འཛིན་གྱི་ཡན་ལག་བསྒོམ་པའི་རྣལ་འབྱོར་པ་བྱང་ཆུབ་སེམས་དཔའ་ལ་བྱའོ། །ས་བཅུ་ལ་གནས་ཞེས་པའང་མཚན་ཉིད་ཐེག་པ་ནས། ས་དེ་དེ་རུ་མཚན་མེད་སྤྱིའི་ཡུལ་དུ་བྱེད་པ་ལྟ་བུ་མ་ཡིན་ཏེ། དོན་དམ་བྱང་སེམས་རང་གི་ངོ་བོ་མངོན་སུམ་དུ་མྱོང་བར་བྱེད་པའོ། །ཉམས་མྱོང་དེའང་རླུང་གིས་འགོག་པ་ལས་མྱོང་བར་བྱེད་པ་ལ་བསྒོམ་ཐབས་ཀྱི་བྱེ་བྲག་གིས་བདེ་བ་བབས་ནས་རྡོ་རྗེ་ནོར་བུར་ཕྱིན། དེ་ནས་བཟློག་ནས་གསང་བར་ཕྱིན་པའི་དུས་སུ། རླུང་འགག་པ་དང༌། ས་གང་ཐོབ་པ་དང༌། སྐད་ཅིག་མ་གཅིག་ལ་འཇིག་རྟེན་ཇི་ཙམ་དུ་རྟོགས་པ་ལ་སོགས་པའི་དོན་འོག་ནས་གསལ་བར་འཆད་པས་འདིར་མ་བྲིས་སོ། །དེ་ལྟར་ས་བཅུ་མཐར་ཕྱིན་ནས་དུས་བཅུ་གཉིས་ཀྱི་རླུང་དང༌། ཁམས་འགགས་པས་རྣལ་འབྱོར་པ་དེས་ས་ཀུན་རྫོགས་ཏེ། བུདྡྷ་ཐོབ་ནས་དམིགས་མེད་ཐུགས་རྗེ་སྐྱེའོ། །དེ་ལྟར་བསྟན་བཞིན་དུ་རྒྱུ་ཁྱད་པར་ཅན་ལས་འབྲས་བུ་ཁྱད་པར་ཅན་འབྱུང་བ་ཡིན་པས་རྒྱུ་མཐུན་པར་བསྒོམས་ནས་འབྲས་བུ་འབྱུང་པས། རྒྱུ་དང་མཐུན་པར་བསྒོམ་ཞིང༌། །ཞེས་པ་དཔེ་དང་བཅས་པ་ནི། རྒྱུ་ནས་ཡོད་པར་མི་འགྱུར་ཏེའི་བར་གྱིས་ཏེ། རྐང་པ་དང་པོ་གཉིས་ཀྱིས་མདོར་བསྟན། ཀོ་ཏྲ་བ་ཞེས་པའི་རྐང་པ་གཉིས་ཀྱིས་རྒྱུ་ངན་པ་ལས་འབྲས་བུ་བཟང་པོ་མི་འབྱུང་བའི་དཔེ་བསྟན། སོ་སོའི་རྒྱུ་ལས་སོ་སོའི་འབྲས་བུ་འབྱུང་བ་ནི་ས་བོན་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། དཔེས་མཚོན་པའི་དོན་དངོས་ནི། དང་པོ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུ་དང་པོ་སྟོང་ཉིད་རང་བཞིན་དག་པ་ལས། ཐམས་ཅད་རྟོག་མེད་ཡན་ལག་བསྒོམས་ན། འབྲས་བུ་དམིགས་མེད་ཐུགས་རྗེ་འབྱུང་བས་ན། དང་པོ་བར་དང་ཐ་མར་དགེ་བར་གསུངས་པའོ། །རྒྱུ་འབྲས་མི་རྟོག་པ་འབྱུང་བ་མི་བཞེད་པ་ནི། དང་པོ་ཞེས་པའི་ཤླཽ་ཀས་བསྟན་ནོ། །འོ་ན་བསྐྱེད་པ་རིམ་བསྒོམ་པ་ལ་སོགས་པ་བསྒོམ་པ་ཡེ་མི་བྱ་བ་ནི་ཞིང་སྦྱོང་གི་ཡན་ལག་ཏུ་བསྒོམ་པ་ཡིན་པར་དཔེའི་སྒོ་ནས་བསྟན་པ་ནི། དཔེར་ན་ཞེས་པའི་ཤླཽ་ཀས་བསྟན་ཏོ། །ཞིང་སྦྱོང་བ་དང་པོ་ནས་ཞིང་ས་གཤིན་པ་དང་འདྲ་བར་འབྲས་བུ་དམིགས་མེད་བསྐྱེད་པའི་རྟེན་ནམ། གཞི་དེའང་ལས་ཀྱི་ས་པར་སྐྱེས་པའི་མི་ཡིན་པ་ནི་ལས་ཀྱི་ས་པར་སྐྱེས་ནས་མར་གྱིས་བསྟན་ཏོ། །ལས་ཀྱི་ས་པ་ཞེས་པ་ནི། སྤྱིར་རིགས་ཀྱི་གླིང་ཆེན་གླིང་ཕྲན་བཅུ་གཉིས་ཡིན་ལ་དེའི་ནང་ནས་ཀྱང་ལྷོའི་གླིང་འདི་ཡིན་ནོ། །དེ་ལ་ལས་ཀྱི་ས་པ་ཞེས་པས། དེ་ལ་ཞར་ལས་འོངས་པ་བསྟན་ནོ། །གནས་ནི་ལོངས་སྤྱོད་ཀྱི་གླིང་ཞེས་པ་ཡོད་དེ། རྒྱལ་ཆེན་བཞི་ལ་སོགས་པ་ཀུན་ཡོད་མོད་ཀྱི། དུས་ཀྱི་འཁོར་ལོ་ནས་འདི་ལྟར་སྟོན་ཏེ། མཛོད་ནས་བསྟན་པ་བཞིན་འཇིག་རྟེན་གྱི་གནས་ལུགས་མ་ཡིན་པ་ཅིག་སྟོན་པ་ལ། རི་རབ་ཀྱི་སྐེད་པ་ཡན་ཆད་བྱ་སྐྱིབས་ལྟ་བུར་སོང་ལ། སྐྱིབས་དེ་འཁོར་བ་རུ། རི་དྲུག མཚོ་དྲུག གླིང་དྲུག་ཡོད་པ་ལས། དེ་ན་ལོངས་སྤྱོད་ཀྱི་ས་པ་ཡོད་པར་བཞེད་དོ། །དེ་ལ་ཕྱིའི་བ་ཚ་ཅན་གྱི་རྒྱ་མཚོ། རྡོ་རྗེའི་རི་ཞེས་བྱས་པས་བསྐོར་བ་སྤྱིར་གྲགས་པ་འདི་རང་ཡིན། ནང་ན་ལས་ཀྱི་ས་པ་ཡིན་པ་སྟེ། སའི་གླིང་ཆེ་ཆུང་བཅུ་གཉིས་ཡོད་དོ། །དེ་ནས་གངས་ཀྱི་རིས་བསྐོར་བ་ཆང་གི་མཚོ་ཡོད་པ་ལ། དེ་ན་དྲག་པོའི་གླིང་ཞེས་བྱ་བ་ཡོད་དོ། །དེའི་ནང་ན་དྲག་པོའི་རིས་བསྐོར་བའི་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་མཚོ། དེའི་ནང་ན་ཁྲུང་ཁྲུང་གི་གླིང་ཡོད། དེའི་ཕ་རོལ་ན་ནོར་བུ་བྱེད་ཅེས་བྱ་བའི་རིས་བསྐོར་བའི་འོ་མའི་མཚོའམ། མིའམ་ཅི་ཞེས་བྱ་བའི་གླིང་ཡོད་དོ། །དེའི་ཕ་རོལ་ན་ཤ་ཐ་ཞེས་བྱ་བའི་རིས་བསྐོར་བའི་ཞོའི་མཚོ་ཀུ་ཤའི་གླིང་ཞེས་བྱ་བ་ཡོད་དོ། །དེའི་ཕ་རོལ་ན་མནྡ་རས་བསྐོར་བ་མར་ཁུའི་མཚོ་དཀར་པོའི་འོད་ཅེས་བྱ་བའི་གླིང་དང་བཅས་པ་ཡོད། དེའི་ཕ་རོལ་ན་སྔོན་པོའི་འོད་མས་བསྐོར་བའི་སྦྲང་རྩིའི་མཚོ་ཟླ་བའི་འོད་ཅེས་བྱ་བ་ཡོད་དོ། །དབུས་སུ་རི་རབ་བོ། །གླིང་དེ་རྣམས་ན་ཡང་ལྷ་དང་མི་འདྲེས་མར་གནས་ཏེ། སོ་སོ་རང་གི་སྤྱོད་པ་སྤངས་པས་ན་མ་དག་པ་བཞི་ཞེས་བྱའོ། །དེས་ན་རྟེན་ཁྱད་པར་ཅན་དེས། རྒྱུ་སྟོང་ཉིད་ཐབས་ཡན་ལག་དྲུག་བསྒོམས་ནས་འབྲས་བུ་དམིགས་མེད་འདོད་པའི་རྣལ་འབྱོར་པ་དེ་ལ། བུདྡྷ་རྣམས་དགོངས་པ་ཡིན་པར་ཐེ་ཚོམ་མི་ཟའོ། །ཟབ་ཅིང་ནས་བདུད་ཀྱི་རིགས་ཀྱི་བར་གྱིས་ནི་བསྐྱེད་རིམ་ལ་སོགས་པ་དེ་བུདྡྷ་ཐོབ་པ་དངོས་ཀྱི་ལམ་ཡིན་ཟེར་བ་དེ་བདུད་ཀྱི་རིགས་ཀྱི་སློབ་དཔོན་ཡིན་པར་བསྟན་ནོ། །ཟབ་ཅིང་བདེ་བ་གཉིས་མེད་རྒྱལ་བ་ནི་བསྒོམ་ཐབས་ཀྱི་བྱེ་བྲག་ཡན་ལག་ཡིན་ལ། དེ་གཉིས་རྟོགས་པའི་སྐལ་པ་མེད་པའི་ཤེས་རབ་ཆུང་བ་རྣམས་ཀྱིས་ཞིང་སྦྱོང་གི་ཡན་ལག་ཏུ་དཀྱིལ་འཁོར་ལ་སོགས་པ་བསྟན་པ་ལ། དེ་གཉིས་ངེས་དོན་དུ་དཀྱིལ་འཁོར་ལ་སོགས་པ་དེ་བུདྡྷ་ཐོབ་པ་དེའི་དངོས་ཀྱི་ལམ་ཡིན་ཟེར་བ་དེ་བདུད་ཀྱི་རིགས་སུ་སངས་རྒྱས་ཀྱིས་གསུངས་སོ། །ཐེག་པ་གསུམ་ཞེས་པའི་ཤླཽ་ཀས་དེ་རྣམས་ཀྱི་མཇུག་སྡུད་དོ། །མདོར་ན་དེ་ཡན་ཆད་དུ་བསྟན་པའི་ཐེག་པ་གསུམ་པོ་ལ་འཇུག་པའི་རིམ་པ་ཡོངས་སུ་ཤེས་པ་དང༌། གཞུང་ལྔ་ཡོངས་སུ་ཤེས་པ་དང༌། ཆོས་རྣམས་ཏེ་ཐེག་པ་གསུམ་གྱི་ཆོས་རྣམས་ཀྱི་འབྲས་བུའི་ཐེག་པ་གཅིག་ཏུ་འདུས་པ་ཡིན་པར་གསུངས་པ་ཤེས་པ་ཡིན་པས་ན། དེ་ལྟར་ཤེས་པའི་དགེ་སློང་དེ་ནི། རྡོ་རྗེ་འཆང་ཆེན་པོ་ཡིན་ཞེས་གསུངས་པའོ། །ཡང་ན་ཆོས་ཐམས་ཅད་བསྡུས་པ་ཞེས་པ་ནི་ཆོས་ཐམས་ཅད་བསྡུས་པའི་མདོ་ཞིག་ཡོད་པས་དེ་ཤེས་པ་ལའང་ཆོས་ཐམས་ཅད་བསྡུས་པ་ཤེས་པ་ཞེས་གསུངས་སོ། །གཞན་ཡང་མ་འོངས་པའི་དུས་ན་ནི། སངས་རྒྱས་ཀྱི་ཆོས་ལ་ནི་ཆོས་མ་ཡིན་ཞེས་ཟེར་ལ། དབང་ཕྱུག་ལ་སོགས་པས་བྱས་པའི་ཆོས་ལ་ནི་མྱ་ངན་ལས་འདས་པ་འཐོབ་པ་ཡིན་ཞེས་ཟེར་ནས་ཆོས་ལོག་པར་སྟོན་པ་འབྱུང་བས་ན། དབང་ཕྱུག་ལ་སོགས་པས་བྱས་པའི་ཆོས་རྣམས་ཀྱིས་སངས་རྒྱས་ཐོབ་པའི་རྒྱུ་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་དུ། དགྱེས་རྡོར་གྱིས་བསྐུལ་ནས་འགྲེལ་པ་བྱེད་པའོ། །འོ་ན་ལོག་རྟོག་དེ་རྣམས་ཀྱི་སྒོ་ནས་ལོག་པར་བྱས་པའི་ཆོས་གང་ཡིན་ན། དེ་ནི་ཕྱོགས་སྔ་མར་གྲགས་པ་རིག་བྱེད་ནས། འབྱུང་གི་བར་གྱིས་བསྟན་ཏེ། སྲིད་སྲུང་གི་རིག་བྱེད་ལ་སོགས་པ་རིག་བྱེད་བཞིའི་གྲུབ་མཐའ་འཛིན་པའི་རྣལ་འབྱོར་པའི་རྒྱུད་རྣམས་དང༌། དབང་ཕྱུག་ལ་སོགས་པས་བྱས་པའི་རྒྱུད་ཡོད་དེ། དེ་རྣམས་ཀྱི་རང་བཞིན་ཡིན་ལ། དེ་རྣམས་ཀྱིས་ནི་ཉི་ཚེ་བའི་སྟོང་པ་ཉིད་དང་ལྡན་པར་ཁྱད་ཡོད་དོ། །དེ་ལྟ་བུའི་ཉི་ཚེ་བའི་སྟོང་པ་ཉིད་ཅན་གྱི་རྗེས་སུ་འབྲངས་ནས་སྒྲུབ་པར་བྱེད་པ་དེ་རྣམས་ནི་རྨོངས་པའི་རང་བཞིན་མི་ཤེས་པས་ཞུགས་པའི་སློབ་མ་རྣམས་ནི་ངན་སོང་དུ་ལྟུང་ངོ༌། །དེ་རྒྱུ་རང་སྤྱིའི་ཤེས་པ་ལ་བྱེད་པ་ཡོད་པས་ཞེས་བྱ་བ་སྟེ། དབང་ཕྱུག་ལ་སོགས་པ་རྣམས་ཀྱི་ཆོས་ནི་བྱེད་པ་པོས་བྱས་པ་ལ་སོགས་པ་དངོས་པོར་འཛིན་པས་ན་ལས་ཞེས་བྱ་སྟེ། སངས་རྒྱས་ཐོབ་པར་བྱེད་པའི་ལས་སམ་ཐབས་ལམ་གྱི་རིམ་པ་མེད། དེ་མེད་པས་འབྲས་བུ་དམིགས་མེད་ག་ལ་ཡོད་དེ་མེད་དོ། །འོ་ན་བྱེད་པ་པོ་ལ་སོགས་པའི་རྒྱུ་རང་གང་ཞེ་ན་སྒྱུ་མ་ཆེ་དང་དྲག་པོ་ཆེའོ། །བྱེད་པ་པོ་ལ་སོགས་པ་ཇི་ལྟར་ལྟ་ན་འབྱུང་བ་རྣམ་པ་བཞི་ནི་ཞེས་པའི་རྐང་པ་གཉིས་ཀྱིས་རྒྱང་འཕེན་པའི་འདོད་པ་འཇིག་རྟེན་ཐམས་ཅད་འབྱུང་བ་བཞིས་བྱེད་ཅིང༌། འགག་པའང་དེ་ཉིད་འགགས་པ་ཡིན་པས། ལས་བཟང་ངན་གྱིས་སྐྱེ་བ་བཟང་ངན་ལེན་པ་མེད་ཅེས་པས་བསྟན་ཏེ། ཆད་ལྟ་བསྟན་ནས། བདག་ཉིད་ཅེས་པའི་རྐང་པས་རྟག་ལྟ་བསྟན་ཏོ། །བདག་རྟག་པ་ཞེས་པ་གཅིག་གིས་བྱེད་དེ། རྒྱལ་པོ་དང་གཙོ་བོར་ཡང་དེས་བྱེད་ལ། ངན་སོང་དུ་ཡང་དེས་གཏོང་བའོ། །འོན་ཀྱང་སྒྱུ་མ་ཆེ་ལ་སོགས་པའི་རྒྱུ་དེས་བྱས་པ་ཡིན་ནོ། །དགྲ་བོ་ཆེན་པོའི་རྒྱུ་ནི་ཁྱབ་འཇུག་གིས་བྱས་པར་མུ་སྟེགས་ཞེས་པ་ནས་མར་གྱིས་བསྟན་ཏེ། ཞི་བའི་གྲུབ་མཐའ་ནི་དབང་ཕྱུག་ཆེན་པོ་དང༌། ཁྱབ་འཇུག་གཉིས་ཀ་འདོད་པའོ། །ཀླུ་ཆོས་བྱས་ཞེས་པ་ནི་ཁྱབ་འཇུག་གི་ཀླུའི་འཇུག་པ་དང༌། རུས་སྦལ་གྱི་དང༌། སེང་གེའི་དང༌། གྲི་གུག་གི་ལ་སོགས་པ་འཇུག་པ་བཅུའི་བསྟན་བཅོས་བྱས་པའོ། །དེ་རེ་རེ་ལ་ལོ་རྒྱུས་རེ་རེ་ཡོད་དེ། དེ་ཉིད་ཀྱི་གཞུང་ལས་ཤེས་པར་བྱའོ། །སེང་གེའི་འཇུག་པ་ཞེས་པ་ནི་འདི་ལྟ་སྟེ། དུས་གཅིག་གི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་གསེར་མིག་གིས། ལྷ་ཚངས་པར་དངོས་གྲུབ་བསླངས་པས་ནམ་མཁའ་དང་ས་དང་ཉི་མ་དང༌། མཚན་མོ་ཀུན་དུ་མི་འཆི་བའི་དངོས་གྲུབ་བྱིན་པས། ང་རྒྱལ་སྐྱེས་ནས་འགྲོ་བ་ཀུན་ལ་གནོད་པར་བྱེད་པས། ལྷ་ཀུན་གྱིས་འདི་ཐུལ་ཅིག་ཅེས་བྱས་ནས། ང་རང་གིས་དངོས་གྲུབ་བྱིན་ནས་ཡང་དེ་རང་དགར་འདོད་ཅེས་སོ། །དེ་དང་ཁྱབ་འཇུག་གིས་སེང་གེར་སྤྲུལ་ནས་ཉི་མ་ནུབ། ནམ་སྲོས་པའི་དུས་སུ་པུས་མོའི་ཐོག་ཏུ་བླངས་ནས་གསེར་མིག་བསད་དོ། །ཉིན་མོ་མི་ཐུབ་པས་ཉི་མ་ནུབ་པའི་དུས། མཚན་མོ་མི་ཐུབ་པས་ནམ་སྲོས་པའི་དུས་ནམ་མཁའ་ལ་མི་ཐུབ་པས་པུས་མོའི་ཐོག་ཏུ་བསད་དོ། །དེ་ལྟར་སེང་གེའི་འཇུག་པའོ། །ཀླུའི་འཇུག་པ་ནི་འགྲོ་བ་དགའ་བར་བྱེད་པ་སྟེ། མདོར་ན་ཀླུའི་འཇུག་པ་ལ་སོགས་པ་ཆོས་བཅུ་བྱས་པས་སོ། །འཇུག་པ་བཅུ་པོ་དེ་ཡང་གདུལ་བྱ་དགའ་བ་གསེར་མིག་ལ་སོགས་འདུལ་བར་བྱེད་པ་ཡིན་ལ། རང་ལ་ལེགས་པར་བྱེད་པ་རྣམས་ནི་བསྐྱབ་པའི་ཕྱིར་འཇུག་པ་བཅུ་བྱས་པ་ཡིན་པ། ངའི་ཆོས་འདི་ལ་སྐྲག་པ་མེད་པ་ཡིན་ལ། ངའི་ཆོས་འདི་སྤྱིར་དགྲར་གྱུར་པའམ་ནད་དུ་གྱུར་པ་མཆོག་སྦྱིན་ཞེས་པ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་སྟེ། མཆོག་སྦྱིན་དེ་ནད་དུ་གྱུར་པ་ཡིན་ཟེར་རོ། །མཆོག་སྦྱིན་གྱི་ཆོས་དེ་ནི་ཆོས་མ་ཡིན་པ་ལ་འཇུག་པ་ཡིན་པས་ན་དེ་སྤང་ཞེས་ཤུགས་ལས་བཤད་དོ། །མདོར་ན་མཆོག་སྦྱིན་ཞེས་པ་རྐང་པ་གཉིས་ནི་སངས་རྒྱས་ཀྱི་བསྟན་པ་ཁོངས་ཕྱོགས་སྔ་མར་བྱས་པ་ཡིན་ནོ། །ཡང་བཤད་ཡམས་གཉིས་པ་མཆོག་སྦྱིན་ཞེས་པ། ཁྱབ་འཇུག་གི་སློབ་མ་ཅིག་གི་མིང་ཡིན་པས་སློབ་མ་ལ་མཆོག་སྦྱིན་ཞེས་བོས་ནས། མཆོག་སྦྱིན་ངའི་བསྟན་པ་འདི་ལ་ནི་བུདྡྷའི་བསྟན་པ་ནད་དུ་གྱུར་པ་ཡིན་ཞེས་སྨྲས་པ་ཡིན་ཞེས་ཟེར་རོ། །དེ་ནས་ཁྱབ་འཇུག་གི་འཇུག་པར་བྱེད་པ་བཅུས་བདག་དྲག་པོ་རྣམས་འདུལ་བར་བྱེད་པ་དང༌། ལེགས་པ་རྣམས་སྐྱོང་བར་བྱེད་པའི་བདག་ཉིད་ཅན་དེ་དུས་དང་དུས་སུ་སྟེ། སྐབས་སྐབས་སུ་སྤྲུལ་པ་བྱ་དགོས་ཞེས་བྱའོ། །དགོས་པ་ཅིའི་ཆེད་དུ་ནི། ལེགས་བྱ་ཞེས་པ་རྐང་པ་གསུམ་གྱིས་བསྟན་ཏོ། །ཆོས་ཀྱི་ནས་བྱ་བའི་བར་ཀྱི་དེ་ཡན་ཆད་ཀྱིས་སྤྱིའི་མཇུག་སྡུད་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པ་བཞིན་དུ་སྐྱོན་དེ་རྣམས་སྤང་བའི་ཕྱིར། དགྱེས་པ་རྡོ་རྗེ་བསྐུལ་ནས། འགྲེལ་པ་སྤྱིར་བརྩམ་པར་བྱ་བ་བཤད་ནས། ད་ནི་ཁྱད་པར་དུ་རྒྱུད་དག་གི་དོན། ངེས་དོན་དུ་ཤེས་པར་གྱིས་ཤིག་ཅེས་བསྟན་པར་བྱ་བའི་ཆེད་དུ་ཡང༌། སྐུ་བཞི་ལ་བསྟོད་པ་སྔོན་དུ་སོང་བས་བཤད་པར་དམ་བཅའ་བ་བསྟན་ཏེ། དེ་ཡང་མཆོད་ཅིང་བཤད་པར་དམ་བཅའ་བའི་དོན་གསལ། ངོ་བོ་ཉིད་ཅེས་པའི་རྐང་པས་ངོ་བོ་ཉིད་ཀྱི་སྐུ་བསྟན། ཆོས་སྤྱོད་ངོ་བོ་བདེ་སྡུག་སྤང༌། །ཞེས་པས་ཆོས་སྐུ་བསྟན། ལོངས་སྤྱོད་སྟོན་པར་མཛད་དང་ཞེས་པས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན། སྤྲུལ་པ་ནས་མར་གྱིས་སྤྲུལ་པའི་སྐུ་བསྟན་ཏོ། །ཆོས་སྤྱོད་ཅེས་པ་ནས། ཆོས་སུ་བརྗོད་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པའི་དྲི་མ་སྤངས་བ་དེ་ཆོས་སྐུའོ། །དེ་ལྟར་མཆོད་པར་བརྗོད་ནས་འཆད་པའི་ངེས་དོན་དེ་སུ་ལ་འཆད་ན། ཐོག་མར་སངས་རྒྱས་འབུམ་ཕྲག་ལྔའི་རྒྱུ་དང༌། འབུམ་ཕྲག་གཅིག་པ་འཁོར་ལོ་བདེ་མཆོག་དང༌། སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཀུན་ནས་བསྟན་པའི་ངེས་དོན་དེ་ཡང་དག་པའི་ལྟ་བ་དང་ལྡན་པའི་མི་རྣམས་ལ་བསྟན་པ་ཡིན་ཞིང༌། འགྲེལ་པ་ལ་སོགས་པ་ལ་མ་བརྟེན་ན་རྒྱུད་དོན་མི་རྟོགས་པ་ཡིན་པར་ཐོག་མ་ནས་སྦྱིན་གྱི་བར་གྱིས་བསྟན་ཏོ། །རྒྱུད་རྒྱལ་མ་ལུས་ཞེས་པ་ནི། དགྱེས་རྡོར་གྱི་རྒྱུད་འབུམ་ཕྲག་ལྔ་པ་དང༌། བདེ་མཆོག་གི་རྒྱུད་འབུམ་པར་དེ་ཁོ་ནར་མ་བས་ཏེ། རྒྱུད་གཞན་པའི་འགྲེལ་པ་ཡང་སེམས་དཔའ་རྣམས་ཀྱིས་བྱས་པའི་རྗེས་སུ་འབྲང་བར་བྱའོ། །དེ་ལ་དེ་ལྟར་བསྟན་པར་བྱ་བ་ཡིན་པས་ན། རྒྱུད་ཀྱི་ནང་ནས་མཐའ་དྲུག་ལ་སོགས་པས་བཤད་ཀྱང༌། དང་པོ་ལ་རྒྱུད་མཐའ་དག་གི་དོན་དེ། ངེས་དོན་ཡིན་གྱི་དྲང་དོན་མ་ཡིན་པར་ཤེས་པ་བྱ་བ་ནི། རྒྱལ་བ་ནས་མཁྱེན་གྱི་བར་གྱིས་བསྟན་ཏོ། །དེ་ལ་རྐང་པ་དང་པོ་གཉིས་ཀྱིས་རྒྱུད་མཐའ་དག་གི་དོན་ངེས་དོན་ཡིན་པར་ཤེས་པར་གྱིས་ཤིག ཅེས་པས་བསྟན། དེ་ལྟར་ངེས་དོན་ཡིན་པས་འགྲེལ་པ་འདི་ཡང་ངེས་དོན་ཡིན་ཞེས་བྱའོ། །གལ་ཏེ་ངེས་དོན་དུ་འགྲེལ་པ་མ་བྱས་པར་དྲང་དོན་དུ་འགྲེལ་པ་གསལ་བར་བྱས་པ་ཡིན་ན། གང་རྩ་བར་བཤད་པའི་དམ་བཅའ་བའི་སྐབས་སུ་རྒྱུད་ཉུང་ངུ་གསལ་ལ་ཚིག་ངེས་པའི་དོན་རྣམས་གསལ་བར་བྱ། ཞེས་པའི་ངེས་དོན་གྱི་འགྲེལ་པ་བྱེད་པའི་ཞེས་ཚིག་དེ་བརྫུན་པར་ཤེས་པར་གྱིས་ཤིག་ཅེས་པའོ། །འོ་ན་སངས་རྒྱས་ཀྱིས་ནི་རྒྱུད་ཀུན་ན་མར་དགོངས་པས་བཤད་པ་ལ་སོགས་པ་མཐའ་དྲུག་དང༌། ཕུང་པོ་ལྔ་ལྷར་བསྒོམ་པ་ལ་སོགས་པ་གསུངས་ན། དེ་ཀུན་གྱིས་འགྲེལ་པ་གཅིག་པ་ལས་མི་བྱེད་ཅེས་པ་ལ། དེའི་ལན་ནི་རྒྱལ་བ་ནས་བྱ་བའི་བར་གྱིས་བསྟན་ཏོ། །དྲང་དོན་དང་ངེས་དོན་ཞེས་པའི་གོ་བ་ཡང༌། སངས་རྒྱས་ཐོབ་པ་དངོས་ཀྱི་རྒྱུ་ལ་དེ་ནི་ངེས་དོན་ཞེས་བྱ་ལ། བརྒྱུད་པ་དེ་ནི་དྲང་དོན་ཞེས་བྱ་བ་ཡིན་པས། རྒྱུད་ནས་མཐའ་དྲུག་ལ་སོགས་པ་ཡིན་པ་དེ་ཀུན་གྱི་བརྗོད་བྱ་གཙོ་བོ་ངེས་དོན་དུ་ཤེས་པར་བྱའོ། །མ་ལུས་པ་དྲང་དོན་དུ་བཤད་པ་མ་ཡིན་པའོ། །དེས་ན་ཕུང་པོ་ལྔ་རིགས་ལྔ། དྲི་ཆེན་ལ་སོགས་པ་དེ་རྣམས་སངས་རྒྱས་སུ་བྱེད་པ་ནི་ཀུན་བརྟགས་ཡིན་གྱི། ངེས་དོན་དངོས་སུ་སངས་རྒྱས་ཐོབ་པར་བྱེད་པ་ནི་རྒྱུ་མ་ཡིན་པར་ཤེས་པར་བྱའོ། །འོ་ན་སངས་རྒྱས་ཀྱིས་གསང་བ་འདུས་པ་ལ་སོགས་པ་ན་མར་ལ་མཐའ་དྲུག་བཤད་པ་ལ་སོགས་པ་ཅི་ལ་བཤད་ན། ལན་གཞུང་ནས་བསྟན་ཏེ། དེ་ལྟར་བཤད་པ་དེ་ནི་སངས་རྒྱས་དངོས་ཀྱི་ལམ་དུ་བྱ་བའི་ཕྱིར་གསུངས་པ་མ་ཡིན་ཏེ། གང་ཟག་ལ་ལ་བསྟན་བཅོས་མཁས་པའི་ང་རྒྱལ་གྱིས་སྔགས་ལ་བཙན་ཐབས་སུ་འཇུག་པ་དེ་རྣམས་སུན་དབྱུང་བའི་ཕྱིར་བཤད་པ་ཡིན་ནོ། །དེ་ལྟར་བཤད་ན་བསྟན་བཅོས་མཁན་པོས་མི་ཤེས་སམ་ན། དེ་ལྟར་བཤད་དེ་རྟོགས་པ་གང་ལས་ཤེས་སོ། །དེས་ན་མེ་ལོང་གི་གཟུགས་བརྙན་ཏེ་གཟུགས་ཀྱི་རྣམ་པ་སྣང་ཡང་གཟུགས་དངོས་ཀྱིས་སྟོང་པ་དང་འདྲ་བར། རྒྱུད་རྣམས་ན་མར་མཐའ་དྲུག་ལ་སོགས་པ་དང༌། བསྐྱེད་རིམ་བསྒོམ་པ་ལ་སོགས་པ་སངས་རྒྱས་ཀྱི་ལམ་ལྟ་བུར་བཤད་ཀྱང༌། དངོས་སུ་སངས་རྒྱས་ཐོབ་པའི་རྒྱུས་སྟོང་པ་ཡིན་པས་ན་ཕྲ་བཞིན་ཞེས་བྱའོ། །འོ་ན་དངོས་སུ་སངས་རྒྱས་ཐོབ་པའི་རྒྱུ་ངེས་དོན་ཁོ་ན་ཡིན་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཞེས་པ་ནས་མར་གྱིས་བསྟན་ཏེ། རྐང་པ་དང་པོས་ལུས་གནས་ཡེ་ཤེས་ཆེན་པོའི་མཚན་ཉིད་དངོས་བསྟན། དེ་རྟོགས་པའི་རྒྱུ་ནི། གང་གི་ཕྱིར་ནས་འབྱུང་གི་བར་གྱིས་བསྟན་ཏེ། སྤྱིའི་རྩ་སུམ་ཅུ་རྩ་གཉིས་ནི་བདེ་བ་གཡོ་བའི་གནས་ཡིན་ལ། དེ་ལས་གཡས་ནས་བདེ་བ་རྒྱུ་བའི་རྩ་སུམ་ཅུ་རྩ་གཉིས་ནི། གཡས་ར་ས་ནཱ་ནས་བཅུ་དྲུག གཡོན་ལ་ལ་ནཱ་ནས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །དེ་ཡང་ས་བོན་བྱང་ཆུབ་ཀྱི་སེམས་བདེ་བ་བྱང་ཆུབ་ཀྱི་སེམས་གཉིས་ལས་འདི་ནི་བདེ་བ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བདེ་བ་དེའང་འཁོར་ལོ་དྲུག་ལ་རིམ་པས་འབབ་ལ། དེ་ལམ་ཡིན་ལ། བདེ་བའི་རྒྱུ་ལུས་ཀྱི་ཕྱིའི་ཆ་རྐང་ལག་གི་ཚོགས་ལ་སོགས་པ་ནས་རྒྱུ་བ་དེ་ལས་ལམ་མ་ཡིན་པ་ནི་གང་གི་ནས་མར་གྱི་རྐང་པ་གཉིས་ཀྱིས་བསྟན་ནོ། །དགྱེས་པ་རྡོ་རྗེའི་བཀའ་ལ་སོགས་པས་རྒྱུ་བའི་བདེ་བ་དེ། ལམ་མ་ཡིན་པར་རྡོ་རྗེ་སྙིང་པོ་བདག་ལ་གསུངས་པ་མེད་དོ། །དེ་ནི་གསུང་དང་སྐུའི་ངེས་དོན་དང་དྲང་དོན་བསྟན་པ་ལས། གང་ཡང་ནས་མཛད་ཀྱི་བར་གྱིས་གསུང་གི་ངེས་དོན་བསྟན་པ་ཡིན་ཏེ། མདོར་ན་སཾ་སྐྲྀ་ཏའི་སྐད་གཅིག་པུས་ཆོས་བཤད་པ་ལྟ་བུ་ཡིན་ཏེ། དུས་ཀྱི་འཁོར་ལོ་ནས་བཤད་པ་ལྟར་སྐད་ཆེན་པོ་བཅོ་བརྒྱད་ལ་སོགས་པ། སྣ་ཚོགས་པའི་སྒོ་ནས་བཤད་པ་ནི་གསུང་གི་ངེས་དོན་ཡིན་ལ། སཾ་སྐྲྀ་ཏ་ལ་སོགས་པའི་སྐད་ཀྱི་བྱེ་བྲག་གཅིག་གིས་ཆོས་བསྟན་པ་ནི་དྲང་དོན་ནོ། །དེས་དེའི་གཞུང་ཤེས་པར་བྱའོ། །ལུང་དེ་སངས་རྒྱས་ཀྱི་གསུང་དེ་དགེ་སློང་རྣམས་ལ་གྲོང་ཁྱེར་མ་ག་དྷཱའི་སྐད་ཀྱིས་ཆོས་སྟོན་ལ། ཡང་སྡེ་སྣོད་གསུམ་པོ་ཁ་ཅིག་ལ། གནས་བརྟན་པའི་སྐད་ཀྱིས་གསུངས་སོ། །དེས་མཚོན་ནས་སྐད་མང་པོ་ཤེས་པར་བྱའོ། །འོ་ན་སྐད་མང་པོ་ཅི་དགོས་ཤེ་ན། ནད་དག་ཅེས་པའི་རྐང་པས་སྟོན་ཏེ། ནད་སོ་སོ་ན་བའི་དཔེ་དེ་དག་བསལ་བར་བྱ་བའི་ཕྱིར། ནད་སོ་སོ་ལ་ཕན་པའི་སྨན་སོ་སོ་བྱིན་པས་ཕན་གྱི། དེ་ལྟར་མ་བྱས་ན་ནད་མི་སེལ་ལོ། །དེ་བཞིན་དུ་འགྲོ་བ་གཞན་ཁ་ཡར་བ་སྣ་ཚོགས་ལ། དོན་སྣ་ཚོགས་བྱེ་བྲག་ཅེས་བྱའོ། །རྟོགས་པ་བཞི་པོ་དེ་ཚིག་སྣ་ཚོགས་ཀྱི་སྒོ་ནས་ཤེས་པར་བྱས་ན་ཤེས་པར་འགྱུར་ལ། དེ་མ་ཡིན་ན་རྟོགས་པར་དཀའ་བའོ། །དེས་ན་འཇིག་རྟེན་སྤངས་པ་སངས་རྒྱས་དེས་དམ་པའི་ཆོས་སྐད་བཅོ་བརྒྱད་ལ་སོགས་པའི་སྒོ་ནས། དུས་སྐད་ཅིག་མ་གཅིག་ལ་སྟོན་པའི་ངེས་དོན་ངོ་མཚར་ཆེ་བའོ། །འདི་ནི་ནས་མེད་ཀྱི་བར་གྱིས་གསུང་གི་དྲང་དོན་བསྟན་ཏེ། སངས་རྒྱས་པ་ལེགས་པར་བཤད་པའི་སྐད་ཁོ་ནས་ཆོས་འཆད་པ་ཡིན་ཟེར་བ་ལ་ངོ་མཚར་ཆེ་བ་མེད་པའོ། །སྐུའི་ངེས་དོན་དང་དྲང་དོན་སྟོན་པ་ལ། རྣམ་པ་ནས་སྟོན་མཛད་ཀྱི་བར་གྱིས་སྐུའི་ངེས་དོན་བསྟན་ཏོ། །སྐུའི་གཟུགས་ཀྱི་བྱེ་བྲག་བཟང་ངན་དང༌། དཀར་དམར་ལ་སོགས་པ་སྣ་ཚོགས་སུ་སྟོན་པ་ནི་སྐུའི་ངེས་དོན་ནོ། །སངས་རྒྱས་ནི་མཚན་དང་དཔེ་བྱད་དང་ལྡན་པ་ཕུང་པོ་ལྔ་རྣམ་པར་དག་པས་སངས་རྒྱས་ལྔ། ཁམས་ལྔ་དག་པས་ལྷ་མོ་ལྔ། སྐྱེ་མཆེད་ལྔ་ཡུལ་དང་ཡུལ་ཅན་དག་པས་སེམས་དཔའ་དང་ལྷ་མོར་སྣང་བས། དེ་ཡང་གཙོ་འཁོར་གྱི་བྱེ་བྲག་གིས་དཀྱིལ་འཁོར་གྱི་སྣང་བ་དེ་གཅིག་པུ་སངས་རྒྱས་ཡིན་ཟེར་ལ། དྲང་དོན་དུ་བྱིས་པ་སྒྲིན་པོ་རྣམས་ལ་བསྟན་པར་ཤེས་པར་བྱ་སྟེ། དེ་ནི་བྱིས་པ་ནས་གཞུག་པའི་བར་གྱིས་བསྟན་ཏོ། །རྨོངས་པ་ཞེས་པའི་རྐང་པ་གཉིས་ཀྱིས་ཐུགས་ཀྱི་ངེས་དོན་དང་དྲང་དོན་སྟོན་པ་ལས། དྲང་དོན་དངོས་སུ་བསྟན། ངེས་དོན་ནི་ཤུགས་ལས་བཟློག་ཕྱོགས་ནས་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཐུགས་ནི་རང་བཞིན་གྱིས་དྲི་མ་དང་བྲལ་བ་དག་པ་གཉིས་མེད་དུ་ཤེས་པ་ནི་ངེས་དོན་ཡིན་ལ། བྱིས་པ་རྨོངས་པ་རྣམས་ལ་ནི། སངས་རྒྱས་ཀྱི་ཐུགས་རྟེན་འབྲེལ་ལས་འབྱུང་བ། སྐྱེ་བ་ངེས་པ་ཞག་དང་ཟླ་བ་ལ་སོགས་ཚེས་གྲངས་ངེས་པ་དེ་དག་བརྩིས་སུ་བྱར་འདོད་པ་ཡིན་ནོ། །ཞེས་རྒྱུད་རྣམས་ཀྱི་ནང་ནས་བསྟན་པ་ནི་དྲང་དོན་དུ་ཤེས་པར་བྱའོ། །དེ་ལྟར་ན་རྒྱུད་མཐའ་དག་ནས་སྣ་ཚོགས་སུ་བཤད་ཀྱང༌། སངས་རྒྱས་དངོས་སུ་ཐོབ་པའི་རྒྱུ་ངེས་དོན་དུ་ཤེས་པར་བྱ་བ་ཡིན་ཞིང༌། དེ་ཡང་འབུམ་ཕྲག་ལྔ་པ་དང༌། སེམས་དཔའ་ཀུན་གྱིས་བྱས་པའི་འགྲེལ་པ་དང༌། རང་མངོན་ཤེས་དང་ལྡན་པས་བྱས་པ་ཡིན་ལ། གལ་ཏེ་གང་ཟག་མི་མཁས་པ་ཕལ་གྱིས་རྒྱུད་དོན་དེ་ལྟར་མ་ཤེས་པར་རྒྱུད་ཀུན་གྱི་དྲང་དོན་ཤེས་ཤིང༌། དེ་ལ་སངས་རྒྱས་འབྱུང་བར་འདོད་པ་ལ་ཡང་ངེས་པ་མེད་དེ་མི་ཤེས་པས་འབྱུང་བའོ། །དཔེར་ན་བྱིས་པ་ཆུང་ངུ་ཞིག་ཞོའི་རྒྱུ་འོ་མ་མེད་པར་ཞོ་འདོད་པར་བྱེད་དེ། དེ་མི་ཤེས་པའི་དབང་གི་དེ་ལྟར་འདོད། དེ་དང་འདྲ་བ་མི་མཁས་པ་ནི་མངོན་ཤེས་དང་བྲལ་བ་ནི་འབུམ་ཕྲག་ལྔ་པ་ལ་སོགས་པ་མ་མཐོང་བ་འོ་མ་མེད་པ་དང་འདྲ་བ་ནི་སེམས་དཔའ་རྣམས་ཀྱི་འགྲེལ་པ་མ་མཐོང་བ་སྟེ། དེ་རྣམས་དང་མི་ལྡན་པ་རྒྱུད་ནས་བསྟན་པའི་དྲང་དོན་དེ་དངོས་སུ་སངས་རྒྱས་ཐོབ་པའི་རྒྱུ་ཡིན་ཟེར་བ་ནི། མི་ཤེས་པའི་དབང་གིས་ཟེར་བས་ན་ཉེས་པ་མེད་དོ། །འོ་ན་རྒྱུད་ཀུན་ནས་ཇི་སྐད་བཤད་ཀྱང༌། སངས་རྒྱས་ཐོབ་པའི་དངོས་ཀྱི་རྒྱུ་ནི་ངེས་དོན་ཡིན་པར་རྒྱུད་དོན་ཀུན་ངེས་དོན་དུ་ཤེས་པར་བྱའོ། །ཞེས་པ་ཇི་ལྟར་ཤེས་པར་བྱ། །ཞེས་པས་དེའི་ལན། དགྱེས་པ་ནས་ཤེས་ཀྱི་བར་གྱིས་བསྟན་ཏེ། གཞུང་ནས་བསྟན་པའི་རྒྱུད་དེ་རྣམས་ནང་ཕན་ཚུན་གཅིག་གིས་གཅིག་ཤེས་པར་བྱས་ན། ཁ་ཅིག་ཏུ་དྲང་དོན་བསྟན་པ་དེ་ཁ་ཅིག་ཏུ་ངེས་དོན་དུ་འགྲོ་བས་ན་དེ་ལྟར་ཤེས་པར་བྱས་ལ། རྒྱུད་ཀུན་ནས་བསྟན་པའི་དོན་ཀུན་ངེས་དོན་དུ་ཤེས་པར་བྱ་ཞིང༌། ངེས་དོན་དེ་སངས་རྒྱས་ཀྱི་རྒྱུ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ནས་བྱ་བའི་བར་གྱིས་རྒྱུད་ཀུན་ངེས་དོན་དུ་བསྟན་པའི་མཇུག་སྡུད་བསྟན་ཏེ། སངས་རྒྱས་ཐོབ་པ་དངོས་ཀྱི་ལམ་ངེས་དོན་ཡིན་པར་དོན་དུ་གཉེར་བ་དང༌། ངེས་དོན་གྱི་འགྲེལ་པ་དོན་དུ་གཉེར་བ་ནི། དུས་རྟག་ཏུ་འབུམ་ཕྲག་ལྔ་ལ་སོགས་པའི་རྒྱུད་བསྟན་དུ་ཤེས་པར་བྱའོ། །དེ་ལྟར་རྒྱུད་རྣམས་ཀྱི་དོན་མཐའ་དག་གི་ངེས་དོན་ཡིན་པར་ཤེས་པར་བྱ་ཞིང༌། ཉུང་ངུའི་རྒྱུད་འདི་ཡང་ངེས་དོན་དུ་ཤེས་པར་བྱའོ། །འོ་ན་ཉུང་ངུའི་རྒྱུད་ཀྱི་དོན་ངེས་དོན་དུ་བཤད་ན། འོ་ན་འདི་བར་སྐབས་སུ་ཤེས་པར་བྱས་པས་ཆོག་ན། འོ་ན་ལོགས་སུ་བསྟན་པ་ཅི་ཞེ་ན། འདིར་ལོགས་སུ་བསྟན་པ་ནི། རྒྱུད་མཐའ་དག་ངེས་དོན་ཡིན་པར་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་དུ་བསྟན་པའོ། །ད་ནི་རྒྱུད་དངོས་འཆད་པར་བྱ་སྟེ། དེ་ཡང་དགོས་འབྲེལ་སྟོན་པར་བྱེད་ལ། ད་ནི་ནས་བསྟན་ཏོའི་བར་གྱིས་དགོས་འབྲེལ་གཉིས་མདོར་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་ཞེས་བྱ། གང་བསྟན་ན་ནི་དགྱེས་རྡོར་འབུམ་ཕྲག་ལྔ་པ་ལས་བཏུས་པའི་ཉུང་ངུ་ཤླཽ་ཀ་བདུན་བརྒྱ་ལྔ་བཅུ་དེ་བསྟན་ཏོ། །རྒྱུད་དེ་གདུལ་བྱ་གང་ལ་བསྟན་ན། ངེས་པ་སྤངས་པའི་འགྲོ་བ་རྣམས་ལ་སྟེ། ཉན་ཐོས་ཀྱི་ལྟ་བ་སྤངས་པའི་གང་ཟག་གི་དོན་དུའོ། །དགོས་པ་གང་གི་ཆེད་དུ་ན། རང་གི་སེམས་ཀྱིས་བསམ་པ་ཉིད་ལ་སངས་རྒྱས་ཐོབ་པའི་ཕྱིར་བསྟན་ཏོ། །གནས་གང་དུ་བཤད་པ་ནི། ཨེ་ཝཾ་གྱི་གནས་ལ་བཞུགས་ནས་སོ། །དེ་ལ་ངེས་དོན་གྱི་གནས་ནི་ཐབས་ཤེས་རབ། དྲང་དོན་དུ་གྲུ་གསུམ་སྟེ་འཛམ་གླིང༌། དེ་ཡང་ཆོས་འབྱུང་ཕྱག་རྒྱ་གྲུ་གསུམ་སྟེ་གཞལ་ཡས་ཁང་དུ་གནས་སོ། །འཁོར་སུ་ལན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་པའི་སྣང་བར་གྱུར་པ། ཐུན་མོང་མ་ཡིན་པའི་མཁའ་འགྲོ་མ་རྣམས་དང་བཅས་པའོ། །སུས་བསྐུལ་ནས་འཆད་ན། དང་པོ་རྡོ་རྗེ་སྙིང་པོས་བསྐུལ་ནས་གསོལ་བ་བཏབ་ལ། དེའི་རྗེས་ལ་རང་གི་ཡུམ་རྡོ་རྗེ་བདག་མེད་མས་ཞུས་ནས་རྡོ་རྗེ་སྙིང་པོ་ལ་བཤད་ཅེས་བྱའོ། །དེ་ཡང་གཡེང་བ་དང་བཅས་པས་བཤད་པ་མ་ཡིན་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་པའོ། །ཅི་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན། དགྱེས་པ་རྡོ་རྗེ་ཉུང་ངུའི་རྒྱུད་བཤད་པར་བྱའོ་སྙམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དགོས་འབྲེལ་འོག་ནས་རྒྱས་པར་འཆད་དོ། །དེ་རྣམས་རྒྱས་པར་བཤད་པར་བྱ་སྟེ་གཞུང་འདིའི་བརྗོད་བྱ་ནི། དགྱེས་རྡོར་དང་བདག་མེད་མ་ཡིན་ནོ། །དེ་ལ་གསུམ། རྒྱུའི་དགྱེས་རྡོར་དང༌། ཐབས་ཀྱི་དང༌། འབྲས་བུའི་འོ། །ཐབས་ཀྱི་ལ་གཉིས་ཏེ། དྲང་དོན་དང༌། ངེས་དོན་ནོ། །དྲང་དོན་ལས་ས་བོན་དང༌། མཚན་མ་དང༌། སྐུ་ཡོངས་སུ་རྫོགས་པའོ། །སྐུ་ལ་བཞི། སྐུའི་དགྱེས་རྡོར་དང༌། གསུང་གི་དང༌། ཐུགས་ཀྱི་དང༌། ཡེ་ཤེས་ཀྱིའོ། །དེ་རེ་རེ་ལའང་སོ་སོའི་ཡུམ་དང་བཅས་པའི་གཙོ་འཁོར་དང་བཅས་པ་དེ་བརྗོད་པར་བྱའོ། །མདོར་ན་དེ་བསྡུ་ན་བཞི་སྟེ། དང་པོར་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། །བཞི་པ་ཡིག་འབྲུ་དགོད་པ་ཡིན། །ཞེས་བྱ་བ་སྟེ་བསྐྱེད་རིམ་ཡན་ལག་དང་བཅས་པ་ལ་བྱའོ། །ངེས་དོན་གྱི་དབང་དུ་བྱས་ན། མཚན་བཅས་དང་མཚན་མེད་གཉིས་ལས། མཚན་བཅས་ནི་རླུང་དང༌། རྩ་དང༌། ཐིག་ལེ་དང༌། འདྲེས་པ་དང༌། དྲོད་དེ་ལྔའོ། །དེ་ལ་རླུང་གི་དགྱེས་རྡོར་ནི་འཁོར་ལོ་བཞིའི་རྩ་བརྒྱ་རྩ་ལྔའི་རླུང་ཡིན་ལ། དེ་རྣམས་ཀུན་ཀྱང་གཡས་ནས་རྒྱུ་བ་ཐབས་ཀྱི་རླུང་དང༌། གཡོན་ནས་རྒྱུ་བ་ཤེས་རབ་ཀྱི་རླུང་སྟེ། དེ་གཉིས་དབུ་མར་འདུས་པ་ནི་གཉིས་མེད་ཀྱི་རླུང་སྟེ། རླུང་བསྒོམ་པ་དེའང་འདིའི་བརྗོད་བྱའོ། །ཡང་རྩ་ནི་རྒྱས་པར་ན་བྱེ་བ་ཕྲག་ཕྱེད་དང་བཞི། དེ་ལས་བསྡུ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་ལས་ཀྱང་བསྡུ་ན་བརྒྱ་དྲུག་ཅུ་རྩ་བརྒྱད། དེ་ལས་ཀྱང་བསྡུ་ན་བརྒྱ་རྩ་ལྔ། དེ་ལས་ཀྱང་བསྡུ་ན་གསུམ་སྟེ། དེ་རྣམས་ཀྱང་དབྱིབས་སུ་སྣང་བ་ཐབས། སྦུ་གུ་སྟོང་པ་ཤེས་རབ། ཐ་མི་དད་དུ་བསྒོམ་པ་ཟུང་འཇུག་སྟེ། རྩའི་དགྱེས་རྡོར་ཞེས་བྱའོ། །ཐིག་ལེ་ལ་གཉིས། གནས་པའི་ཐེག་ལེ་དང་རྒྱུ་བའི་འོ། །གནས་པ་ནི་རྩ་བརྒྱ་དྲུག་ཅུ་རྩ་བརྒྱད་ཀྱི་ནང་ན། ཐིག་ལེ་དེ་ཉིད་ཀྱི་གྲངས་ཡོད་ལ། རྒྱུ་བའི་དབང་དུ་བྱས་ན། རྩ་བྱེ་བ་ཕྲག་བཞིའི་ནང་ནས་རྒྱུ་བ་དང༌། རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་ནས་རྒྱུ་བ་དང༌། ཡང་འཁོར་ལོ་དྲུག་ལ་ཐབས་ཤེས་རབ་ཀྱི་ཐིག་ལེ་དྲུག་གནས་པ་དང༌། དེ་རྣམས་ཀུན་རྫོབ་བྱང་སེམས་སམ་ས་བོན་བྱང་སེམས་ཏེ། ཐིག་ལེའི་རྣམ་པར་གནས་པ་ཐབས། དེའི་སྟོང་ཆ་ཤེས་རབ། གཉིས་མེད་རོ་གཅིག་པ་ལ་དགྱེས་རྡོར་ཞེས་བྱའོ། །བདེ་བ་ལ་གཉིས། དཔེའི་བདེ་བ་དང༌། དོན་ལས་ད་རེས་ནི་དཔེའི་བདེ་བ། རྒྱུ་བའི་རྩ་སུམ་ཅུ་རྩ་གཉིས་ནས་འབྱུང་བ་དེའང་སྙིང་གའི་ཐིག་ལེ་དང་ཐ་མི་དད་པ་དེ་ནི་ཐབས་ཀྱི་བདེ་བ། ལྟེ་བའི་བདེ་བ་དང་ཐ་མི་དད་པ་ནི་ཤེས་རབ་ཀྱི་བདེ་བ་སྟེ། དེ་གཉིས་རོ་གཅིག་པ་དེ་ནི་དྲོད་ཀྱི་དགྱེས་རྡོར་རོ། །མཚན་མེད་ཀྱི་རྫོགས་རིམ་ནི། དམིགས་མེད་ཐུགས་རྗེ་ནི་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལ་བྱ་སྟེ། མདོར་ན་དོན་གྱི་བདེ་བ་ཆེན་པོའོ། །དགྱེས་པ་ཡིས་ནི་ཐུགས་རྗེ་ཆེ། །རྡོ་རྗེ་སྟོང་པ་དག་ཏུ་བཤད། །ཅེས་བྱའོ། །དེ་ཀུན་ཡང་གཞུང་འདིའི་བརྗོད་བྱའོ། །རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ། རྒྱུད་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། རབ་ཏུ་དབྱེ་བ་ལས། ངེས་ཚིག་དང༌། དབྱེ་བ་སྤྱིར་གྲངས་ལས་ཤེས་པར་བྱའོ། །ངོ་བོ་ལ་རྒྱུ་དང༌། ཐབས་དང༌། འབྲས་བུ་གསུམ་ལས། རྒྱུ་ནི་འདོད་ཆགས་ཀྱི་རིགས་དང༌། ཞེ་སྡང་གི་རིགས་ལ་སོགས་པ་རིགས་ལྔའི་བདག་ཉིད་དུ་གནས་པའི་སྟོང་པ་ཉིད་ཡིན་ལ། ཐབས་ནི་སྤྱོད་པ་བཞི་སྟེ། འཇུག་པའི་སྤྱོད་པ་དང༌། སྦྱོར་བའི་སྤྱོད་པ་དང༌། བསྒྱུར་བའི་སྤྱོད་པ་དང༌། གྲུབ་པའི་སྤྱོད་པའོ། །འབྲས་བུ་ནི་རང་གཞན་གཉིས་ཀྱི་དོན་དུ་སྐུ་གསུམ་ཐོབ་པའོ། །ཉན་ཐོས་ཀྱི་སྡོམ་པ་སྤངས་ཞེས་པ་ལ། བླ་མ་ཙནྡི་བའི་ཞལ་ནས། འདོད་ཡོན་ལྔ་དང༌། ཉོན་མོངས་པ་ལྔ་དང༌། བདུད་རྩི་ལྔ་ལམ་དུ་བྱེད་པ་ལས། གཉིས་པ་ལ་སྤྱོད་པར་མི་བྱའོ། །འདོད་ཡོན་ལ་རིགས་གསུམ་སྟེ། ཀུན་དུ་བརྟགས་པའི་འདོད་ཡོན་དང༌། རྣམ་པར་བརྟགས་པའི་འདོད་ཡོན་དང༌། ཆོས་ཉིད་ཀྱིས་ཡོད་པའི་འདོད་ཡོན་གསུམ་ཡོད་པ་ལས། གྲོགས་སུ་མ་བྱས་པར་ཉན་ཐོས་ཀྱིས་ནི་ཀུན་སྤང་བར་འདོད་ལ། དེ་རྣལ་འབྱོར་པས་ནི་སྔ་མ་གཉིས་སྤངས་པའི་ཆོས་ཉིད་ཀྱིས་ཡོད་པའི་འདོད་ཡོན་དེ་ལམ་དུ་འདོད་དེ། དེས་ན་ཉན་ཐོས་འདོད་པའི་ཡོན་ཏན་ཀུན་སྤངས་ཞེས་བྱ་བ་ཡིན་ཟེར་བའི་འདོད་པ་དེ་སྤངས་པའི་སྡེ་སྣོད་ཡིན་གསུང༌། ཡང་དུས་འཁོར་མཁན་པོའི་ཞལ་ནས་ནི། ཉན་ཐོས་ལ་འཇུག་པའི་སྡོམ་པ་དང༌། མི་ཉམས་པའི་སྡོམ་པ་གཉིས་ཡོད་པ་ལས། དང་པོ་མི་སྤང༌། མི་ཉམས་པ་ལ་གཉིས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་འགྲོ་དོན་ཁྱད་པར་ཅན་མཐོང་ཡང༌། རང་བཞིན་ཁ་ན་མ་ཐོ་བ་མི་སྤངས་ལ། འགྲོ་དོན་ཡོད་ན་བཅས་པའི་ཁ་ན་མ་ཐོ་བ་ཙམ་ལ་དགོངས་ནས། དེའི་སྡོམ་པ་སྤང་པ་ཞེས་གསུངས་ཏེ། མདོར་ན་བཅས་པའི་ཁ་ན་མ་ཐོ་བ་སྤངས་པ་ལ་ཡིན་གསུངས་ཏེ། གཞན་པཎྜི་ཏ་ཕལ་ན་རེ། ཉན་ཐོས་ཀྱི་ལྟ་བས་བྱེ་བྲག་ཏུ་སྨྲ་བས་སྡོམ་པ་རྫས་སུ་འདོད་པའི་ངེས་པ་དེ་སྤང་བ་ཡིན་གསུང་ངོ༌། །འོག་མ་བདེ་བ་ཡིན་གསུང་ངོ༌། །སྐྱེ་བ་འདི་ཉིད་ཅེས་པ་ལ་མི་མཐུན་པར་སྨྲ་བ་མང་ལ། བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱི་དགོངས་པས་ནི། ཡང་དང་ཡང་མི་གནས་ཞེས་པས་སྐྱེ་བ་གཉིས་གསུམ་མིར་སྐྱེས་ཤིང༌། སྐྱེ་བ་དེ་ལ་བསྒྲུབས་པས་མཐར་སངས་རྒྱས་ཐོབ་པར་བཞེད་ལ། ལྷ་ལ་སོགས་པས་བར་ཆོད་ན་དེར་འགྲུབ་པར་མི་བཞེད་དོ། །ཨེ་ཝྃ་ཞེས་པ་གསུངས་ལ། གནས་དྲང་དོན་ངེས་དོན་གཉིས། དྲང་དོན་ལ་ཕྱི་ནང་གཉིས་ཏེ། འཛམ་བུའི་གླིང་གསུམ་དུ་གནས་པ་དེའི་ཐོག་ཏུ་གསུངས་པ་དང༌། ཡང་ཆོས་འབྱུང་ཕྱག་རྒྱ་གྲུ་གསུམ་དུ་གཞལ་ཡས་ཁང་དང་བཅས་པ་དེར་གསུངས་པའོ། །ནང་གི་ལྟེ་བ་གྲུ་གསུམ་པདྨ་ལ་བཞུགས་ནས་སོ། །ངེས་དོན་དུ་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ལ་བཞུགས། འཁོར། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལྔ་ལྔ་པོ་ཀུན་དག་པའི་རང་བཞིན་ཅན། ལྷ་མོ་བཅོ་ལྔའི་འཁོར་དང་བཅས་པའོ། །འཇིག་རྟེན་ནས་ཡིན་ནོའི་བར་གྱིས་དགོས་པ་གཅིག་བསྟན་ཏེ། གོང་དུ་བསྟན་པ་དབང་བསྐུར་བ་དང་ལྡན་པ་དེས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་རྫོགས་རིམ་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ཁོ་ན་ཉིད་དེ་ཡང་མ་ཧཱ་མུ་དྲཱ་ལ་བརྟེན་པའི་དེ་ཁོ་ན་ཉིད་བསྒོམ་པ་ལ་བཤད། དེ་ཡང་རྒྱུད་ལས། འདོད་ཁམས་དངོས་གྲུབ་ལམ་གྱིས་ཏེ། །གཟུགས་ཁམས་ཡེ་ཤེས་ཕྱག་རྒྱ་སྟེ། །ལས་ཀྱི་ཕྱག་རྒྱ་བདེ་སྤངས་པ། །རྒྱ་ཆེན་ཡན་ལག་བསྒོམ་པའོ། །ཞེས་གསུངས་སོ། །དེ་གཉིས་ནི་འདོད་ཁམས་དང་གཟུགས་ཁམས་གཉིས་ཀྱིས་འགྲུབ་ལ། འཇིག་རྟེན་ལས་འདས་པ་ནི་མ་ཧཱ་མུ་དྲཱ་ལས་འབྱུང་བའོ། །དེས་ན་དེ་ལྟ་བུ་ནི་བརྗོད་བྱའོ། །དགྱེས་རྡོར་རྗོད་བྱེད་གཞུང་རྒྱུད་འདིའི་སྟོད་སྨད་ཀུན་ན་གནས་པ་ནི། རྒྱུད་ནས་སོ་སོའི་བར་གྱིས་བསྟན་ཏེ། དེ་ཡང་བརྗོད་བྱ་དགྱེས་རྡོར་དེ། ལེའུ་དང་པོར་རིགས་ཏེ། ཁམས་སམ་རྒྱུའི་ཚུལ་དུ་བཞུགས་སོ། །རྒྱུ་དེ་ཡོད་པས་རིགས་སོ་སོའི་ལས་ཚོགས་བསྒྲུབ་དགོས་པས་ན། སྔགས་ཀྱི་ཚུལ་དུ་བཞུགས་པས་དེ་བསྟན། སྔགས་དེ་ཡང་ལྷའི་ལུས་སུ་བསྐྱེད་ནས་བསྒྲུབ་དགོས་པས་ན་ལྷའི་ལེའུ་འོ། །ལྷ་བསྐྱེད་པ་དེ་ལ་སྔོན་དུ་དབང་བསྐུར་དགོས་པས་ན་དབང་གི་ལེའུ་འོ། །སྤྱོད་པ་བྱེད་པའི་དུས་སུ་མཁའ་འགྲོ་དང་དཔའ་བོ་རྣམས་ལ་བརྡ་དགོས་པས་བརྡའི་ལེའུ་འོ། །བརྡ་བྱ་བའི་ཡུལ་མཁའ་འགྲོ་མ་ཡིན་པས་མཁའ་འགྲོ་མ་འདུ་བའི་ཚོགས་འཁོར་གྱི་ལེའུ་འོ། །དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱང་རང་བཞིན་མེད་པར་ཤེས་པར་བྱ་བའི་ཕྱིར་དག་པའི་ལེའུ་འོ། །དག་པ་དང་བཅས་པའི་ལྷ་དེ་རྣམས་ལ་དབང་བསྐུར་དགོས་པས་ན་དབང་བསྐུར་བའི་ལེའུ་འོ། །དེ་ལྟར་དབང་བསྐུར་ནས་བསྒྲུབས་པས་མངོན་པར་བྱང་ཆུབ་པར་འགྱུར་བས་མངོན་པར་བྱང་ཆུབ་བའི་ལེའུ་འོ། །དེ་ལ་བརྟག་པ་དང་པོ་འདི་ནི་གཙོ་ཆེ་བར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབས་པས་ངེས་དོན་སྟོན་པ་ཡིན་པས་ན། མངོན་པར་བྱང་ཆུབ་པའི་བརྟག་པ་ཞེས་བྱའོ། །བརྟག་པ་འོག་མར་འཇིག་རྟེན་པའི་ལས་ཚོགས་དང་འགྲོ་དོན་བསྒྲུབ་པའི་ལས་ཚོགས་བསྒྲུབ་པ་འབྱུང་བས་ན་སྒྱུ་འཕྲུལ་དྲྭ་བའི་བརྟག་པ་བཤད་དོ། །བརྟག་པ་འོག་མའི་ལེའུ་ལ་གོ་རིམ་ངེས་པ་མེད་གསུང་ངོ༌། །ད་ནི་རྒྱུད་དོན་དངོས་འཆད་པ་ལ། དེ་ཡང་ཉུང་ངུའི་རྒྱུད་ཀྱི་གཞུང་བཞིན་དུ་བཞུགས་པའི་གནས་སྔོན་དུ་མི་འཆད་པར། སངས་རྒྱས་ཀྱིས་བཀའ་སྩལ་པའི་ཚིག་དེ་མཚམས་སྦྱོར་དུ་བསྟན་པའོ། །དེ་ལྟར་བསྟན་པའི་དགོས་པ་ནི། འབུམ་ཕྲག་ལྔ་རུ་བཞུགས་པའི་གནས་ལ་སོགས་པ་བསྟན་ཡང༌། མ་འོངས་པའི་གང་ཟག་ཕལ་ཆེ་བ་དེའི་རྗེས་སུ་སངས་རྒྱས་ས་དང་པོའི་རྡོ་རྗེ་སྙིང་པོ་ལ་ཆོས་ཉོན་ཅིག་ཅེས་གསུངས་ནས། དེ་ནས་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་ནས་དེ་ནས་བདག་མེད་མས་ཞུས། དེ་ནས་དགྱེས་རྡོར་གྱི་རྒྱུད་ཀྱི་བཤད་པ་མཉན་པ་ཡིན་པས་ན་འདི་སྐད་ཅེས་བྱ་བ་ལ་སོགས་པ་བཞུགས་པའི་གནས་ལ་སོགས་པ་གཟོད་འབྱུང་བ་ཡིན་ནོ་སྙམ་པས་མཚམས་སྦྱོར་གྱི་ཚིག་སྔོན་དུ་བསྟན་པ་ཡིན་ཏེ། དོན་གོ་ནི་ཉུང་ངུའི་རྒྱུད་ན་མར་བཞུགས་པའི་གནས་སྔོན་དུ་བཤད་ནས་དེའི་མཐར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པར་བཤད་པས་ན་འདིར་ཡང་བཞུགས་པའི་གནས་སུ་བུདྡྷས་དངོས་སུ་གསུངས་པ་ཡིན་ནོ། །ཞེས་པའི་དོན་མགོར་ཤེས་པར་བྱའོ། །དེའི་ཚིག་དོན་ནི་སངས་རྒྱས་ཀྱིས་རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་པའོ། །རྡོ་རྗེ་སྙིང་པོ་ལ་ཇི་ལྟར་བྱས་ནས་སྩལ་བ་ནི། ཨེ་མ་ཧོ་ནས་ལེགས་སོའི་བར་གྱིས་བསྟན་པའི་ཚིག་དོན་གྱི་རྗེས་སུ་སྤྲོ་བ་བསྐྱེད་པས་བཀའ་སྩལ་བའོ། །བཀའ་སྩལ་པ་ནི། བྱང་ཆུབ་སེམས་དཔའ་ནས་མར་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ་ངོ་བོ་ཉིད་ཀྱི་སྐུ། རྡོ་རྗེ་སེམས་དཔའ་སྟེ་ཆོས་ཀྱི་སྐུ། སེམས་དཔའ་ཆེན་པོ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དམ་ཚིག་སེམས་དཔའ་སྟེ་སྤྲུལ་པའི་སྐུ་སྟེ་སྐུ་བཞི་པོ་འདི་བཤད་ཀྱིས་ཉོན་ཅིག་པར་བཀའ་སྩལ་པའོ། །ཇི་ལྟར་ཉོན་ཅིག་པར་བཀའ་སྩལ་ན་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་བཞི་པོ་དེ་སྙིང་པོ་ཡིན་པས་ན་མཆོག་ཏུ་གྱུར་པ་ཡིན། བདེ་བ་ཆེན་པོ་ཡིན་པས་ན་དེ་ཉིད་ཇོ་བོ་དང་མཐུན་པས་རྗེ་བཙུན་ཏེ། དེ་ཉིད་མུ་སྟེགས་པ་ལ་སོགས་པ་ལ་གསང་བས་ན་གསང་བ་དང༌། མཚན་ཉིད་ཐེག་པ་ལ་ཁྱད་པར་དུ་གསང་བ། རྣལ་འབྱོར་རྒྱུད་མན་ཆད་པ་ལ་གསང་བས་ན་རྣམ་པར་རྟོག་པ་བསྒོམ་པ་ལ་གསང་བ་དང༌། རྒྱུད་འདི་རང་གི་ཡང་བསྐྱེད་རིམ་ལ་གསང་བས་ཤིན་ཏུ་གསང་བའོ། །དེས་ན་ཤིན་ཏུ་གསང་བ་ལ་སོགས་པ་ཡིན་པའི་ཚུལ་དུ་ཉན་པའོ། །འདི་སྐད་ནས་ཚིག་གི་བར་གྱིས་བཞུགས་པའི་གནས་འཆད་དེ། འདི་སྐད་ཐོས་ཞེས་པས་ཆོས་ཕུན་སུམ་ཚོགས་པར་བསྟན་ཏོ། །དུས་གཅིག་ན་ཞེས་པས་དུས་བསྟན་ཏོ། །བཅོམ་ལྡན་འདས་ནས་ཐུགས་ཀྱི་བར་གྱིས་སྟོན་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །ལྷ་མོའི་བྷ་ག་ཞེས་པས་གནས་ཕུན་སུམ་ཚོགས་པར་བསྟན་ཏོ། །འདི་ཞེས་བྱ་བས་ཐུགས་ལ་བཞག་པའི་དོན། སྐད་ནི་སྐད་ལྷག་ཆད་མེད་པའོ། །བདག་གིས་ནི་སངས་རྒྱས་ལས་བདག་ཉིད་ཀྱིས་ཐོས་ཀྱི་བརྒྱུད་པ་ལས་མ་ཡིན་པའོ། །དུས་གཅིག་ན་ནི་རང་ཤེས་རབ་ཆེ་བ་དང་ཐོས་པ་མང་བར་བསྟན་ཏོ། །ཅི་ནས་འགྱུར་རོའི་བར་གྱིས་ནི་བཞུགས་པའི་གནས་འདི་དྲང་དོན་དུ་བཤད་ན་སྐྱོན་ཡོད་པར་བསྟན་ཏོ། །དེ་ཡང་ཡིན་གྱི་བར་གྱིས་དྲི་བ་བསྟན་ཏོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པས་སྟོན་པ་པོ་དགྱེས་རྡོར་གྱི་ཚིག་ཡིན་ནམ། སྡུད་པ་པོ་རྡོ་རྗེ་སྙིང་པོ་ཡིན་ནམ། དྲང་དོན་དུ་གང་ཡིན་ཡང་སྐྱོན་ཡོད་པ་ཡིན་པར་དྲི་བ་ནས་ཡིན་འགྱུར་རོའི་བར་གྱིས་བསྟན་ཏེ། དགྱེས་རྡོར་ཕྱོགས་ཕྱོགས་ཡིན་ན་ནི། དགྱེས་རྡོར་གྱིས་གཞན་ལས་ཐོས་ནས་ཡིན་པས་ན། དེ་མ་འོངས་པའང་མི་མཁྱེན་པས་ཐམས་ཅད་མཁྱེན་པ་མི་འགྲུབ་བོ། །འོ་ན་དེ་ཞུ་བ་པོ་རྡོ་རྗེ་སྙིང་པོ་རང་གི་རྒྱུད་འདིར་བྱས་པ་ཡིན་གྱི་རྡོ་རྗེ་སེམས་དཔའ་སྟེ། དགྱེས་རྡོར་གྱིས་མ་གསུངས་པར་སོང་ངོ༌། །དེས་ན་ཚིག་དེའི་དོན་དྲང་དོན་མ་ཡིན་ཏེ། ངེས་དོན་དུ་བཤད་པར་བྱ་སྟེ། ངེས་དོན་ལ་གཉིས་ཏེ། སྒྲིབ་པ་དང་བཅས་པའི་དགྱེས་རྡོར་གྱི་བཞུགས་གནས་དང༌། སྒྲིབ་པ་མེད་པའི་དགྱེས་རྡོར་ཁ་གྱེན་དུ་བལྟས་པའི་བཞུགས་པའི་གནས་བསྟན་པ་ལས་དེའི་ཕྱིར་ཞེས་པའི་ཚིག་གིས་མཚམས་སྦྱོར་བསྟན་ཏོ། །འདི་ནི་ནས་བཞུགས་སོའི་བར་གྱིས་སྒྲིབ་པ་དང་བཅས་པའི་དགྱེས་རྡོར་ཁ་ཐུར་དུ་བལྟས་པའི་གནས་དེ་བསྟན་ཏེ། དེ་ཡང་འདི་ནས་ནི་ནས་བསྟན་པའོའི་བར་གྱིས། ཨེ་ཝྃ་གཉིས་ཀྱི་དོན་བསྟན་པ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་པ་ནི། ཨེ་ཝྃ་མ་ཡ་སྲུ་ཏ་མེ་བྱ་བ་ཡིན་ཏེ། ངེས་དོན་དུ་བཤད་ན་ཚིག་དུ་མ་དེས་ནི་ཚིག་དོན་སྟོན་ཏེ། ཨེ་ཞེས་པ་ནི་སྤྱི་བོ་ན་ནམ་མཁའི་ཁམས་ཀྱི་འཁོར་ལོ་དང༌། དཔྲལ་བ་ན་རླུང་གི་དང༌། ལྐོག་མ་ན་མེའི་དང༌། སྙིང་ག་ན་ཆུའི་དང༌། ལྟེ་བ་ན་སའི་འཁོར་ལོའི་ཡོན་ཏན་དང་ལྡན་པ་ཡིན་ལ། གང་བཞུགས་ན་ཝྃ་ནི། དེ་རྣམས་ཀྱི་དབུས་ན་སྤྱི་བོ་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁ་ཐུར་དུ་བལྟས་པའོ། །བཞུགས་ཚུལ་ཇི་ལྟར་བཞུགས་ན་ནི་ཞི་བའི་རང་བཞིན་དུ་བཞུགས་པའོ། །དེས་བདེ་བ་མ་ལུས་པ་གནས་འཁོར་ལོ་དེ་ལྔ་ཡིན་ནོ། །བདེ་བ་དེ་ཉིད་སངས་རྒྱས་རིན་པོ་ཆེ་ཞེས་བྱ་ལ། དེའི་གནས་ནི་ཟ་མ་ཏོག་ཅེས་བྱའོ། །ཡང་ཨེ་ནི་འཁོར་ལོ་དེ་ལྔ་ལ། ཝྃ་ནི་སྒྲ་གཅན་དང༌། ཟླ་བ་དང་ཉི་མའང་སྒྲ་གཅན་དང༌། མེའི་ཐིག་ལེ་དེ་རྣམས་བདེ་བའི་རང་བཞིན་དུ་གནས་པའོ། །དེ་ནི་ལྟེ་བ་ཡན་ཆད་ཀྱི་འཁོར་ལོ་ལྔ་ལ་ཡོན་ཏན་ལྔའི་བྱེ་བྲག་གིས་བཞུགས་སོ། །ཡང་ལྟེ་བ་མན་ཆད་འཁོར་ལོ་གསུམ་ནི་སྐུ་གསུང་ཐུགས་གསུམ་ཡོན་ཏན་གྱི་བྱེ་བྲག་གིས་བཞུགས་སོ། །དེ་ཡང་ཟབ་པ་དང་ཟབ་པ་མ་ཡིན་པ་གཉིས་སུ་བཤད་དེ། ཟབ་པ་མ་ཡིན་པ་ནི་ཨེ་ནི་ལྟེ་བ། རྡོ་རྗེ་ནོར་བུའི་བུ་གའི་འཁོར་ལོ་ལ་གསུམ་པོ་ཡིན་ལ། ཝྃ་ནི་དེ་གསུམ་གྱི་ནང་ན་མེའི་ཐིག་ལེ་གཉིས། བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ་གནས་ཏེ། དེ་ཡང་བཞུགས་པའི་གནས་ནི་འཁོར་ལོ་གསུམ་བཞུགས་པ་ནི་ཐིག་ལེ། བཞུགས་ཚུལ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རྣམ་པས་བཞུགས། ལྷན་ཅིག་སྐྱེས་པའི་དགའ་བ་ཆ་གསུམ་དུ་བརྩི་སྟེ། ལྟེ་བའི་བདེ་བ་སྐུ། གསང་བའི་བདེ་བ་གསུང༌། རྡོ་རྗེ་ནོར་བུའི་བདེ་བ་ཐུགས། དེ་ལྟ་བུའི་འཁོར་ལོ་གསུམ་པོ་དེ་ནི་བདེ་བ་མ་ལུས་པ་གནས་པའོ། །བདེ་བ་དེ་ཉིད་བུདྡྷ་རིན་པོ་ཆེ་ཡིན་ལ། འཁོར་ལོ་དེ་ནི་ཟ་མ་ཏོག་གོ །དེ་ཉིད་ཟབ་པར་བཤད་པར་བྱ་སྟེ། ཨེ་ནི་ལྷ་མོའི་བྷ་ག ཝྃ་ནི་དེའི་དབུས་ཀྱི་ཟེའུ་འབྲུ། ཡང་ན་ཐབས་རྡོ་རྗེ། དེ་ལྟ་བུའི་པདྨ་དེ་བདེ་བ་མ་ལུས་པའི་གནས་ཡིན་ཞིང༌། བདེ་བ་དེ་ཉིད་ལ་སངས་རྒྱས་ཞེས་བྱ་ལ། དེའི་གནས་ལ་ཟ་མ་ཏོག་ཅེས་བྱའོ། །མདོར་ན་ཚིག་དུམ་བུ་ལ་བརྟེན་ནས་ཨེ་ཝྃ་གྱི་ཁ་དོག་བསྟན་ནས། དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ་ཐོས་པ་ཞེས་པ་ནི་སྒྲ་ཐོས་པ་མ་ཡིན་ཏེ། རང་གི་རྟོགས་པའི་བདག་ཉིད་ལ་ཐོས་ཞེས་བྱའོ། །དུས་གཅིག་ནི་བདེ་བ་སྐད་ཅིག་མ་ལ་ཉམས་སུ་མྱོང་བས་སྐད་ཅིག་མ་མངོན་པར་བྱང་ཆུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱིས་ལུགས་ཀྱི་བྱང་ཆུབ་བཞིར་འདོད་དོ། །སྐད་ཅིག་མ་ལ་བདེ་བ་རྟོགས་པའི་དབང་དུ་བྱས་ནས་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་དང༌། ཡང་མངོན་པར་བྱང་ཆུབ་པ་ལྔས་མངོན་པར་བྱང་ཆུབ་པ་དང༌། སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པ་དང༌། སྐུ་སྣ་ཚོགས་ཀྱི་སྤྲུལ་པ་མཛད་པའོ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ནི། ཕྲ་བའི་རླུང་དང༌། རགས་པའི་རླུང་སྟེ་བཅུ་པོ་དེ་རྒྱུ་བ་དང༌། འགགས་པའི་ཆ་ཉི་ཤུས་རླུང་ལྔ་པོ་ཞེས་པ་ནི། སྤང་བྱའི་ཕྱོགས་ནས་བདེ་བ་ངོ་བོར་འཛིན་ཏེ། སངས་རྒྱས་ལྔ་པོ་དེ་དག་དང་སྐུ་གསུང་ཐུགས་དང་བརྒྱད་པོ་དེ་ནི་ཡུལ་ཅན་ཡིན་ལ་དེ་རྣམས་ཀྱི་ཆོས་ཅན་ནི་འཁོར་ལོ་རྣམས་སོ། །འཁོར་ལོ་དེ་གསུམ་དང་ནམ་མཁའ་ལ་སོགས་པའི་རླུང་ལྔ་ལ་ཡོན་ཏན་ལྔ་དང་ལྡན་པ་རྒྱུ་བར་སྟོན་ཏེ། དབུགས་དབྱུང་བ་དང་འཇུག་པའི་བྱེ་བྲག་གིས་ཞེས་པ་ནི་སྤྱི་གཙུག་གི་འཁོར་ལོ་ནས་སྒྲའི་ཡོན་ཏན་དང་ལྡན་པའི་རླུང་སྣ་སྒོ་ནས་ཕར་བཅུ་བཏུད་ཙམ་དུ་རྒྱུས་ནས། ནང་དུ་འཇུག་པའི་དུས་སུ་ལྟེ་བ་རང་དུ་གནས་པའོ། །ཡང་དཔྲལ་བའི་འཁོར་ལོ་ནས་སྒྲ་རེག་གཉིས་ཀྱི་ཡོན་ཏན་དང་ལྡན་པ་རླུང་གི་རླུང༌། སྣ་སྒོ་ནས་ཕར་ཕྱིར་སོར་བཅུ་དྲུག་ཏུ་ཕྱིར་བྱུང་ནས་ནང་དུ་ཞུགས་ནས། ལྟེ་བའི་འོག་ཏུ་སོར་གཅིག་གི་བར་དུ་འཇུག་གོ །ཡང་ལྐོག་མའི་འཁོར་ལོ་ནས་སྒྲ་རེག་རོ་གསུམ་གྱི་ཡོན་ཏན་དང་ལྡན་པའི་མེའི་རླུང་སྣ་སྒོ་ནས་སོར་བཅོ་ལྔ་ཕྱིར་བྱུང་ནས་འཇུག་པ་ནི། ལྟེ་བ་ནས་མར་སོར་བཅུ་གཉིས་སུ་འགྲོའོ། །ཡང་སྙིང་ག་ནས་སྒྲ་རེག་རོ་གཟུགས་བཞིའི་ཡོན་ཏན་དང་ལྡན་པའི་ཆུའི་རླུང་སྣ་སྒོ་ནས་ཕར་སོར་བཅུ་བཞིའི་བར་དུ་རྒྱུས་ནས། ནང་དུ་ནི་ལྟེ་བ་ནས་མར་སོར་གསུམ་གྱི་བར་དུ་ཐུར་དུ་འགྲོ་བར་བྱེད་དོ། །ལྟེ་བའི་འཁོར་ལོ་ནས་སྒྲ་རེག་རོ་གཟུགས་དྲིའི་ཡོན་ཏན་དང་ལྡན་པའི་རླུང་སྣ་སྒོ་ནས་ཕར་སོར་བཅུ་གསུམ་གྱི་བར་དུ་བྱུང་ནས་ནང་དུ་ལྟེ་བ་ནས་མར་སོར་བཞིའི་བར་དུ་འགྲོའོ། །དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཚུལ་དུ་གནས་པའོ། །དེ་ནི་ལྟེ་བ་ཡན་ཆད་ཀྱི་དབང་དུ་བྱས་པའོ། །ལྟེ་བ་མན་ཆད་ཀྱི་རླུང་རྒྱུ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཆ་གསུམ་དུ་བྱས་པས། ལྟེ་བར་སྐུའི་ཡོན་ཏན་དང་ལྡན་པའི་རླུང་དང་ལྷན་ཅིག་སྐྱེས་པའི་དགའ་བས་ཁྱད་པར་དུ་བྱས་པའི་རྒྱུ་ལས་གསང་བར་ནི་གསུང་གི་ཡོན་ཏན་དང་ལྡན་པའི་ཡང་ལྷན་ཅིག་སྐྱེས་པའི་དགའ་བས་ཁྱད་པར་དུ་བྱས་པའི་རླུང་རྒྱུའོ། །དེ་ནས་རྡོ་རྗེ་ནོར་བུར་ནི་ཐུགས་ཀྱི་ཡོན་ཏན་དང་ལྡན་པའི་རླུང་ཡང་ལྷན་ཅིག་སྐྱེས་པ་དང་ཐ་མི་དད་པའི་རླུང་རྒྱུའོ། །དེས་ན་རྡོ་རྗེ་ནོར་བུར་བྱང་སེམས་མི་འབབ་པར་བྱ། དེ་ན་གཟུང་བའི་མན་ངག་གིས་བཟུང༌། དེ་ནས་གནས་པར་བྱེད་པའོ། །མདོར་ན་འཁོར་ལོ་རེ་རེ་ནའང་ཐིག་ལེ་དང༌། སོ་སོའི་ཡོན་ཏན་དང་ལྡན་པའི་རླུང་དང༌། རླུང་དེ་ཡང་དག་པ་ལ་སོགས་པའི་ཚུལ་དང་བཅས་པར་བཞུགས་སོ། །དེས་འབྲས་བུ་དུམ་བུ་དེ་ཡང་བསྣན་པའོ། །དེས་ནི་སྒྲིབ་པ་དང་བཅས་པས་བཞུགས་པ་དང༌། བཞུགས་པ་པོ་དང་བཞུགས་ཚུལ་མཐུན་པ་ལ་བལྟས་པའི་མཚན་ཉིད་བསྟན་ཏོ། །ད་ནི་སྒྲིབ་པ་དང་བྲལ་བའི་སངས་རྒྱས་ཁ་གྱེན་དུ་བལྟས་པའི་བཞུགས་པའི་གནས་བསྟན་ཏོ། །སྔ་མ་ལས་གོ་བཟློག་ནས་རྡོ་རྗེ་ནོར་བུར་བདེ་བ་གནས་པར་བྱས་པ་ལ། གྱེན་དུ་བཟློག་པའི་ཐུར་ལ་རྒྱུ་བའི་དུས་སུ་ནི་ལྟེ་བ་བས་གསང་བ་ཟབ། དེ་བས་རྡོ་རྗེ་ནོར་བུ་ཟབ་པའི་རིམ་པས་སྐུ་གསུང་ཐུགས་སུ་བཤད་ལ། གྱེན་ལ་རྒྱུ་བའི་དུས་སུ་རྡོ་རྗེ་ནོར་བུ་བས་གསང་བ་ཟབ། དེ་བས་ལྟེ་བ་ཟབ་པས་ན། སྐུ་གསུང་ཐུགས་ཀྱི་རིམ་པས་མར་ཡར་བརྩི་དུས་ལྔ་ལྔ་རྣལ་འབྱོར་པས་རླུང་སྟོང་བརྒྱད་བརྒྱ་འགགས་པར་བྱས། དང་པོའི་སྐུའི་ཡོན་ཏན་ཟབ་པ་ཐོབ་པ་ཡིན། དེ་ནས་བདེ་བ་གསང་བར་ཕྱིན་པ་ལ་ཡང་རླུང་སྟོང་བརྒྱད་བརྒྱ་འགགས་པས་གསུང་གི་ཡོན་ཏན་གསང་བ་ཡང་ཐོབ། དེ་ནས་ལྟེ་བར་ཕྱིན་པ་ན་རླུང་བརྒྱད་བརྒྱ་འགགས། ཐུགས་ཀྱི་ཡོན་ཏན་གསུམ་དང་བཞི་པོ་རྫོགས་ནས་རྒྱུ་མཐུན་གྱི་འབྲས་བུ་ཐོབ། ངོ་བོ་ཉིད་ཀྱི་སྐུའི་ཡོན་ཏན་རྫོགས་པ་ཐོབ། སའི་ཁམས་ཀྱི་ཡོན་ཏན་དང་བཅས་པ་ཟད། གཉིད་བཞི་ལས་ཏུརྻའི་གཉིད་སད། དེ་བཞིན་དུ་རིམ་པས་སད་པ་དང༌། ཐོབ་པ་ནི་འོག་རྩ་ནས་སྟོན་པའི་བཞི་པོ་ཀུན་དང་སྦྱར་རོ། །དེ་ནས་སྙིང་གར་ཕྱིན་པས་རླུང་སྟོང་བརྒྱད་བརྒྱ་འགགས་པ་ཡང་ཐོབ། ས་དྲུག་པ་ཐོབ། ཆོས་ཀྱི་སྐུའི་ཡོན་ཏན་དེར་རྫོགས། ཆུའི་ཁམས་ཀྱི་ཡོན་ཏན་དང་བཅས་པ་དེར་རྫོགས། རྣམ་པར་སྨིན་པའི་འབྲས་བུ་ཐོབ། ལྐོག་མར་ཕྱིན་པས་རླུང་སྟོང་བརྒྱད་བརྒྱ་ཡང་འགགས། མེའི་ཁམས་ཟད། ས་བརྒྱད་པ་ཐོབ། ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་ཐོབ། རྣམ་པར་སྨིན་པའི་འབྲས་བུ་ཐོབ། དཔྲལ་བར་ཕྱིན་ནས་རླུང་སྟོང་བརྒྱད་བརྒྱ་འགགས། རླུང་གི་ཁམས་འགགས། ས་བཅུ་ཐོབ། མདོར་ན་དེར་ཕྱིན་པ་ན་རླུང་སྟོང་བརྒྱད་བརྒྱ་འགགས། འབྲས་བུ་བཞི་བཞི་ཀུན་རྫོགས། སྤང་བྱ་ཀུན་སྤངས་ནས་བདེ་བ་དེ་གཉིས་སྤྱི་གཙུག་གི་འཁོར་ལོར་ཕྱིན་པའི་དུས་སུ་རླུང་ཁྲི་བརྒྱད་སྟོང་འགགས། ས་བཅུ་གཉིས་ཡོངས་སུ་རྫོགས་ཏེ་སངས་རྒྱས་ཀྱི་ཡོན་ཏན་ཀུན་རྫོགས། ཁམས་དྲུག་དང་ཕུང་པོ་དྲུག་སྐྱེ་མཆེད་དྲུག་དང་དེའི་ཡུལ་དང་དབང་པོའི་བྱ་བ་དྲུག་སྟེ། དྲུག་པོ་ཀུན་རྣམ་པར་དག་པའི་བརྡར་གྱུར་བ་ལྷ་སུམ་ཅུ་རྩ་དྲུག གཙོ་བོ་རང་ཉིད་དང་སུམ་ཅུ་རྩ་བདུན་ཏེ་གཙོ་འཁོར་དང་བཅས་པ་གདུལ་བྱ་ལ་སྣང་བ་ཡིན་ནོ། །དེ་ལ་ལྷ་དེ་རྣམས་དང་བཞུགས་པའི་གནས་གླིང་གཞི་བསྟན་པའི་ཡི་གེ་འདི་རྣམས་དང་བསྟུན་པའི་དགོས་པ་ནི་ཡི་གེ་རྣམས་ཀྱང་ཁམས་དྲུག་གི་རང་བཞིན་ཅན་ཡིན་ལ་ལྷ་དེ་རྣམས། ཁམས་དེ་རྣམ་པར་དག་པ་ལས་བྱུང་བ་ཞེས་བྱ་བའི་ཆེད་དུ་བསྟན་པ་ཡིན་ཏེ། ཁམས་གང་དང་གང་དག་ལས་ལྷ་གང་དང་གང་དག་པ་འབྱུང་བ་བསྟན་པའོ། །དེ་ལྟར་གླིང་གཞིའི་དོན་བཤད་ན་སྐྱོན་མེད་པ་ཡིན་ཞེས་སེམས་དཔའ་རྡོ་རྗེ་སྙིང་པོས་གསུངས་སོ། །དེ་ལ་ཡི་གེ་གང་དང་གང་ལྷ་གང་དང་གང་མཐུན་པར་བཤད་པར་བྱ་བ་ནི་ལོགས་སུ་ཤེས་པར་བྱའོ། །ཡང་སྤྱི་ལུགས་ཀྱི་ཕུང་པོ་ལྷར་བསྐྱེད་པ་སྔོན་དུ་བསྟན་ནས། ཁམས་ཕྱིས་སྟོན་པ་ལ་སོགས་པ་དང་ལས་ཀྱི་དབང་པོ་དྲུག་སྔོན་དུ་བསྟན་ལ། དེའི་བྱ་བ་དྲུག་གིས་བསྟན་ནས་སྣང་བ་ལ་དེ་རྣམས་ལྷ་དང་སྦྱོར་བའི་དུས་སུ་ཁམས་རྣམས་པར་དག་པའི་ལྷ་སྔོན་དུ་བསྟན་པ་དང༌། དབང་པོའི་བྱ་བ་ལྷ་མོར་གྱུར་པ་སྔོན་དུ་འཆད་པ་ནི། འདི་ཤེས་རབ་ཀྱི་རྒྱུད་ཡིན་པས་ཁམས་ལ་སོགས་པ་དག་པའི་ལྷ་མོ་སྔོན་དུ་འཆད་པའོ། །ཡང་དེ་རྣམས་དག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བསྟུན་པ་ལས། བྱང་ཆུབ་ཡན་ལག་བདུན་ཞབས་སུ་བསྟན་པ་ནི། མཐོང་ལམ་ནི་འཕགས་པའི་ལམ་ཡིན་པས། ལམ་དེ་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ་ཡང་དག་པའི་ལྟ་བ་ལ་སོགས་པའི་ཡན་ལག་དེ་རྣམས་ལ་ཡོད་པས་ན་ཡན་ལག་བརྒྱད་པ་མཐོང་ལམ་དང་སྦྱར་ལ། བྱང་ཆུབ་ནི་སྒྲིབ་པ་ཟད་པ་ལ་ཟེར་བས། དེའི་དངོས་ཀྱི་རྒྱུ་བསྒོམ་ལམ་ལ་གནས་པས། བསྒོམ་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །ཞེས་རྡོ་རྗེ་སེམས་དཔའ་རྡོ་རྗེ་སྙིང་པོས་དེ་ལྟར་བཤད་དོ། །དེ་ནས་བདེ་བ་སྤྱི་བོར་ཕྱིན་པའི་དུས་སུ་ལམ་གྱི་ཆོས་བྱང་ཆུབ་ཀྱི་ཕྱོགས་བདུན་རྫོགས་པ་དང༌། ཏུརྻ་ལ་སོགས་པ་གཉིད་ཀྱང་ཟད་པ་ལ་སོགས་པའི་ཡོན་ཏན་ཀུན་རྫོགས་སྒྱུ་འཕྲུལ་དྲྭ་བའི་ཁུངས་དང་བཅས་པ་ཤེས་པར་ཟད་དོ། །དེ་ནི་ལེའུ་གསུམ་པ་འཆད་པ་ལ་དེ་ལྟར་དང་པོ་སངས་རྒྱས་ཀྱིས་ཤིན་ཏུ་གསང་བ་ལ་སོགས་པས་འདི་ལྟ་བུ་ཉོན་ཅིག བྱས་པ་ལས་རྡོ་རྗེ་སྙིང་པོ་ལ་སོགས་པ་བསྟན་པས་དེ་འཆད་པར་བྱེད་པ་སྟོན་པ་ལ། དེ་ལ་ད་ནི་ནས་སྟོན་ཏོའི་བར་གྱིས་མཚམས་སྦྱོར་གྱི་ཚིག་བསྟན། ཅིའི་ཕྱིར་ནས་ཡིན་ནོའི་བར་གྱིས་གསོལ་བ་འདེབས་པའི་ཚིག་བསྟན་ཏེ། སངས་རྒྱས་ཆེན་པོ་ལ་སོགས་པ་དེ་རྣམས་ངས་བཤད་ཀྱི་ཉོན་ཅིག་གསུངས་ན། ངོ་བོ་ཉིད་ལ་སོགས་པ་དེ་རྣམས་ལ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བགྱི་པ་ལ་སོགས་པ་དྲིས་པའོ། །དེའི་ལན་ནི་གནས་ནས་མར་གྱིས་སྟོན་པ་ལས། དེ་ཡང་མི་ཕྱེད་ནས་བརྗོད་དོའི་བར་གྱིས་རྒྱུད་ཚིག་མདོར་བསྟན། བསྟན་པ་འདིའི་ནས་མར་དེའི་དོན་རྒྱས་པར་འཆད་པར་བྱེད་དེ། མི་ཕྱེད་ཅེས་པའི་ཤླཽ་ཀས་ཅིའི་ཕྱིར་རྡོ་རྗེ་སེམས་དཔར་འགྱུར་གྱིས་ལན་བཏབ་པ་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་ནི་བདེ་བ་ཆེན་པོའི་རང་བཞིན་རྣམ་དག་སྐུ་ཡིན་ལ། སྐུ་བདེ་བ་དེ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱའོ། །བདེ་བ་དེ་ནི་ཤེས་རབ་ནི་དུས་མེ་ཡིན་ལ་སྟོང་པ་ཉིད་ཤེས་རབ་དེ་ནི་སྲིད་གསུམ་དང་ཐ་མི་དད་པ་ཡིན་པས་ན་སྟོང་པ་ཉིད་དེ་ལ་སྲིད་གསུམ་གཅིག་པ་རུ་ཞེས་བྱ་སྟེ། དེ་ལྟ་བུའི་སྟོང་པའི་ཤེས་རབ་དང་ལྡན་པའི་ཤེས་རབ་དེ་ཡང་ལན་རྡོ་རྗེ་སེམས་དཔའ་ཞེས་ཟེར་རོ། །བྱང་ཆུབ་ནས་རྐང་པ་གཉིས་ཀྱི་གོང་གི་དྲི་བ་རེ་རེའི་ལན་བསྟན་ཏེ། བྱང་ཆུབ་ནི་བསྒྲུབ་པར་བྱ་ཞིང་རྫོགས་ནས་དམིགས་མེད་ཐུགས་རྗེ་ཆེན་པོའི་ཆོས་སྐུ་གནས་པ་ཡིན་ལ། དེ་ལ་བྱང་ཆུབ་སེམས་དཔར་བརྗོད་དོ། །དེ་ལྟར་ཆོས་སྐུ་ཐོབ་ནས་ཡེ་ཤེས་སྤྲོས་བྲལ་དུ་གནས་བཞིན་གདུལ་བྱ་ལ། གསུང་སྣ་ཚོགས་ཀྱིས་ཆོས་སྟོན་པས་ན་ལོངས་སྤྱོད་དོ། །དེ་ལ་འགྲོ་དོན་སེམས་པའི་ཆ་ནས་སེམས་དཔའ་ཆེ་ཞེས་བྱའོ། །དེ་ནས་སྤྲུལ་པ་སྣ་ཚོགས་པ་བཏང་ཞིང་འགྲོ་དོན་ལས་མི་འདའ་བས་ན་སྤྲུལ་སྐུ་ལ་དམ་ཚིག་སེམས་དཔའ་ཞེས་བྱའོ། །དེ་རྣམས་རྒྱས་པར་བཤད་པ་ལ་བསྟན་པར་བྱ་སྟེའི་བར་གྱིས་མདོར་བསྟན། མི་བྱེད་ཅེས་པའི་ཤླཽ་ཀ་དེ་ནི་དེ་ནས་ཞེས་པ་ནས། གནས་སྐབས་ཞེས་པའི་བར་གྱིས་བསྟན་ཏེ། རྒྱུད་ཚིག་མདོར་བསྟན་པའི་བཤད་པ་ཡང་རང་དགའ་དང་གཞན་གྱིས་གསལ་པོར་མི་འོང་སྟེ། འབུམ་ཕྲག་ལྔ་པ་དེ་རང་གིས་གསལ་བར་བྱེད་པས་ན། འབུམ་ཕྲག་ལྔ་པ་དེ་ཉིད་ཀྱི་རྗེས་སུ་འཇུག་པར་བྱ་སྟེ། དེ་ནས་བཤད་པ་ནི་འདི་ལྟ་སྟེ། མི་ཕྱེད་པ་ལ་རྡོ་རྗེ་ཟེར་བ་ལ། དེ་ཡང་ཝྃ་གྱིས་མཚོན་པར་བྱེད་པ་ཡིན་ཏེ། དེ་ཡང་མི་བྱེད་པ་ནི་བདེ་བ་གཉིས་མེད་མི་ཕྱེད་པའི་སྐུ་གསུང་ཐུགས་དང༌། དེར་མི་ཕྱེད་པ་ཐབས་ཀྱི་རང་བཞིན་ཡིན་ལ། དེ་ནི་ཝྃ་གྱིས་མཚོན་པ་སྟེ་སྤྱི་བོའི་ཧྃ་གི་ཐིག་ལེ་ལ་བྱའོ། །ཐིག་ལེ་དེའང་སྐུའི་དང་འབྲས་བུའི་གཉིས་ལས་སྤྱི་བོའི་ཧྃ་དེ་ནི་རྒྱུའི་ཐིག་ལེའམ་བ་བནྟ་ཡིན་ལ། དེ་ལས་ཐིག་ལེ་སྤྲོས་ནས་དཔྲལ་བ་ལ་སོགས་པའི་ལུས་ཀྱི་གནས་གར་གནས་དང་འབྲས་བུའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟ་བུའི་འབྲས་བུའི་བྱང་སེམས་ཏེ། དཔྲལ་བ། ལྐོག་མ། སྙིང་ག་རྣམས་སུ་ཕྱིན་པ་ལ་སྐུ་གསུང་ཐུགས་ཞེས་བྱའོ། །སྐུ་གསུང་ཐུགས་དེ་ལ་ཡབ་ཡུམ་གཉིས་དོན་དམ་བདེ་བའི་རང་བཞིན་སྐུ་གསུང་ཐུགས་དེ་སྐུ་གསུང་ཐུགས་ཀྱི་བརྙན་མའོ། །བརྙན་པ་ནི་དཔྲལ་བ། ལྐོག་མ། སྙིང་ག་གསུམ་དུ་རྒྱུ་བའམ། འབབ་པའི་ཀུན་རྫོབ་བྱང་སེམས་ལ་བྱ། དོན་དམ་གྱིས་ནི་གསུང་གི་བདེ་བའོ། །དེ་གཉིས་མི་ཕྱེད་པར་གནས་པས་ན་རྡོ་རྗེ་སྟེ། ཝྃ་གྱི་ཐབས་ཀྱིས་བསྟན་པའོ། །སེམས་དཔའ་སྲིད་པ་གསུམ་གཅིག་པ་ནི་སྟོང་པ་ཉིད་ཀྱི་སྲིད་པ་དང༌། འཆི་བའི་སྲིད་པ་དང༌། གནས་པའི་སྲིད་པ་ལ་སོགས་པ་སྲིད་པ་གསུམ་དང༌། གཅིག་པར་གནས་པའི་སྟོང་ཉིད་ནི་ལྟེ་བའི་ཐིག་ལེས་བསྟན་པ་ཡིན་ཏེ། དེ་ཡང་ལྟེ་གསང་གཉིས་ཀྱི་གཏུམ་མོའི་ཐིག་ལེ་ནི་རྒྱུའི་གཏུམ་མོ་ཡིན་ལ། དེ་ལས་འཕོས་པའི་གཏུམ་མོ་གང་ན་གནས་ཀྱང་འབྲས་བུའི་གཏུམ་མོའོ། །གཏུམ་མོ་དེས་བསྟན་པའི་ཤེས་རབ་དེ་ནི་སྲིད་པ་གསུམ་དང་དབྱེར་མི་ཕྱེད་པའོ། །དེས་ན་ཡེ་ཤེས་མཚོན་པའི་ཤེས་རབ་ནི་སྲིད་གསུམ་དང་ལྷན་ཅིག་སྐྱེས་པ་ཡིན་ལ། ཝྃ་གྱིས་བསྟན་པའི་བདེ་བ་རྣམས་སྐུ་གསུང་ཐུགས་གསུམ་གྱི་རིགས་སུ་ཐ་མི་དད་པ་དེའི་བདག་ཉིད་དུ་འགྱུར་བའོ། །འོ་ན་ཝྃ་དང་ཨེས་མཚོན་པའི་ངོ་བོ་ཉིད་ཀྱི་སྐུ་དེ་ནི་གནས་པ་གར་གནས་པ་ལ་སོགས་པ་ཡིན་ནོ། །དེ་གནས་པ་ལ་སོགས་ནི་ལྟེ་བ་ནས་སྐབས་ཀྱི་བར་གྱིས་སྟོན་ཏེ། ངོ་བོ་ཉིད་ཀྱི་སྐུ་དེ་སྦས་པའི་འཁོར་ལོ་གཉིས་བོར་ལ་ཐུན་མོང་གི་འཁོར་ལོ་བཞི་དང་སྦྱར་ན། གནས་ལྟེ་བ་ན་གནས། ཡེ་ཤེས་དཔའ་བོ། སྐུ་དཔའ་བོ། གསུང་དཔའ་བོ། ཐུགས་དཔའ་བོ་བཞི་ལས་ནི་ཡེ་ཤེས་དཔའ་བོ། ཟེའུ་འབྲུ་སྟེ། འཁོར་ལོ་དེ་བཞིའི་ལྟེ་བ་ན་ཨའི་ཟེའུ་འབྲུ་དང༌། ཧཱུྃ་དང་ཨྃ་དང་ཧྃ་དང་བཞིས་མཚན་པ་ལས་འདི་ནི་ཨས་མཚན་པའོ། །གསང་བའི་སྤྱོད་ཡུལ་ཏེ། ལྟེ་བ་པདྨའི་ཐིག་ལེ་དང༌། སྙིང་ག་རྣམ་པར་བལྟས་པའི་ཐིག་ལེ་དང༌། ལྐོག་མ་རྣམ་པར་བཟླས་པའི་ཐིག་ལེ་དང༌། སྤྱི་བོ་བདེ་བ་ཆེན་པོ་སྟེ་བཞི་ལས་འདི་ནི་ལྟེ་བ་པདྨའི་ཐིག་ལེའོ། །རང་ཤེས་རབ་སྟེ་མེའི་ཐིག་ལེ་དང༌། སྒྲ་གཅན་གྱི་དང༌། ཉི་མ་དང༌། ཟླ་བ་བཞི་ལས་འདི་ནི་མེའི་ཐིག་ལེའོ། །རྡོ་རྗེ་སེམས་དཔའ། མི་བསྐྱོད་པ། སྣང་བ་མཐའ་ཡས། རྣམ་སྣང་བཞི་ལས་འདི་ནི་རྡོ་རྗེ་སེམས་དཔའོ། །ཕྱག་གཉིས་པའི་ཧེ་རུ་ཀ་དང༌། བཞི་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་དྲུག་པ་དང་བཞི་ལས་འདི་ནི་གཉིས་པའོ། །ཏྲཻ་ལོ་ཀྱ་དང་ཛྭ་ལ་ཛྭ་ལ་དང༌། ཀི་ཏྲི་ཀི་ཏྲི་དང༌། དེ་ཝ་པི་ཙུ་བཛྲ་སྟེ་སྙིང་པོ་བཞི་ལས། འདི་ནི་ཏྲཻ་ལོ་ཀྱའོ། །ཕྱོགས་སྔ་མ་ནས་འཇིག་རྟེན་གསུམ་འགུགས་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་དང༌། ཚངས་པ་བཞི་ལས་འདི་ནི་འཇིག་རྟེན་གསུམ་འགུགས་སོ། །སྐུ་བཞི་ལས་འདི་ནི་ངོ་བོ་ཉིད་ཀྱི་སྐུའོ། །སངས་རྒྱས་སྐུ་ནི་བདེ་བ་ཆེ་སྟེ། བྱང་ཆུབ་སེམས་དཔའ་དང༌། སེམས་དཔའ་ཆེན་པོ་དང༌། རྡོ་རྗེ་སེམས་དཔའ་དང༌། དམ་ཚིག་སེམས་དཔའ་བཞི་ལས། འདི་ནི་བྱང་ཆུབ་སེམས་དཔའོ། །ཡེ་ཤེས་རྡོ་རྗེ་དང༌། ཐུགས་རྡོ་རྗེ་དང༌། གསུང་རྡོ་རྗེ་དང༌། སྐུ་རྡོ་རྗེ་བཞི་ལས་འདི་ནི་ཡེ་ཤེས་རྡོ་རྗེའོ། །དགའ་བ་དང༌། མཆོག་དགའ་དང༌། སྣ་ཚོགས་དགའ་བ་དང༌། ལྷན་ཅིག་སྐྱེས་དགའ་བཞི་ལས་འདི་ནི་ལྷན་ཅིག་སྐྱེས་དགའོ། །རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། རྣམ་པ་སྣ་ཚོགས་དང༌། མཚན་ཉིད་དང་བྲལ་བ་བཞི་ལས་འདི་ནི་མཚན་ཉིད་དང་བྲལ་བའོ། །རྒྱུ་མཐུན་པའི་འབྲས་བུ་དང༌། རྣམ་པར་སྨིན་པ་དང༌། སྐྱེས་བུ་བྱེད་པའི་དང༌། དྲི་མ་དང་བྲལ་བ་བཞི་ལས། འདི་ནི་རྒྱུ་མཐུན་པའི་འབྲས་བུའོ། །རྡོ་རྗེ་རྩེ་གཅིག་པའི་དང༌། འཁོར་ལོ་རྡོ་རྗེས་མཚན་པ་དང༌། པདྨ་དང༌། འཁོར་ལོ་སྟེ། སྡེ་པ་བཞི་ལ་སོགས་པ་ཀུན་ལ་ཡང་ཤེས་པར་བྱའོ། །ལྟེ་བའི་འཁོར་ལོ་ལ་བརྟེན་པའི་བཞི་བཞི་བསྟན་པ་དེ་ཀུན་གྱི་ཟླས་གཞན་ལ་ཡང་ཤེས་པར་བྱའོ། །འཁོར་ལོ་གསུམ་ལ་ཡང་གོ་རིམ་དུ་སྦྱར་རོ། །ཁ་ཅིག་མ་ཚང་བ་ཕན་ཚུན་ཁ་བསྐང་གཞན་གྱིས་བྱའོ། །རྣམ་པ་ནས་བྱེད་ཀྱི་བར་གྱིས་ནི་ཆོས་སྐུའི་གནས་ལ་སོགས་པ་བསྟན་ཏེ། དེའང་བྱང་ཆུབ་གནས་པ་ཞེས་པ་འགྲེལ་པའོ། །ཡེ་ཤེས་ནས་གྱུར་གྱི་བར་གྱིས་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ལ་སོགས་པ་བསྟན། ངོ་བོ་ཉིད་ནས་ཤེས་བྱའི་བར་གྱིས་འཁོར་ལོ་བཞི་ལ་གནས་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་དེ་རྣམས་རྒྱུ་འབྲས་མངོན་པར་འབྱུང་བའི་གོ་རིམ་དང༌། འབྲས་བུ་སྐུ་གསུང་ཡང་གཞན་གྱི་དོན་མངོན་པར་འབྱུང་བའི་རིམ་པ་ངེས་པར་བསྟན་ཏོ། །དེ་རྣམས་ཀྱིས་འབྲས་བུ་བསལ་ལོ། །སངས་རྒྱས་ཀྱི་ལམ་རྒྱུ་འབྲས་བུར་བྱས་པ་འདོད་པའི་རྣལ་འབྱོར་པ་དེས་གནས་འཁོར་ལོ་བཞིའི་རིམ་པ་ལ་དེ་ལྟར་ངེས་དོན་དུ་བསྒོམ་པར་བྱའོ། །ཞེས་པ་ནི་རྣལ་འབྱོར་ལྡན་པས་ཤེས་བྱ་ཞེས་པའི་ཚིག་གིས་བསྟན་པ་ལ། དེ་ལ་རྒོལ་ཏེ། འོ་ན་རྡོ་རྗེ་སྙིང་པོ་ཁྱོད་ཀྱིས་ཀྱང་རྒྱུད་འདི་ངེས་དོན་དུ་འཆད་ཅེས་པ་དང་པོ་དམ་བཅས། རྒྱུད་རང་གི་ཡང་རིགས་ཀྱི་ལེའུ་འདི་ནི་ངེས་དོན་ཉི་ཚེ་བ་འཆད་པ་ཡིན་ཟེར་བ་ལ། འཁོར་ལོ་བཞི་པོ་རེ་རེ་ལ་དོན་བཅོ་ལྔ་བཅོ་ལྔ་བྱས་ཤིང་བསྟན་པའི་དུས་སུ་ཨེ་ཝྃ་ལ་སོགས་པའི་ཡི་གེ་རྣམས་དང༌། ཡང་ཕྱག་མཚན་དང༌། སྐུ་ཁ་མིག་རྣ་བ་ཅན་དང༌། སོ་སོའི་སྙིང་པོ་རྣམས་བཅད་ན་དེ་ཀུན་ངེས་དོན་དུ་ཇི་ལྟ་བ་ཞེ་ན། ཞེས་པ་དེའི་ལན། ཡི་གེ་ཨེ་ཝྃ་ཞེས་པ་ནས་མར་གྱིས་བསྟན་ཏེ། ཨེ་ཝྃ་ལ་སོགས་པ་དེ་རྣམས་ལས། ད་ལྟ་ལྷ་བསྐྱེད་པའི་ས་བོན་གྱི་ཆེད་དུ་བསྟན་པ་མ་ཡིན་ཏེ། ཨེ་ཝྃ་ལ་སོགས་པའི་ཡི་གེ་དེ་རྣམས་ནི་མཚོན་བྱེད་ཡིན་ལ། དེ་རྣམས་ཀྱིས་མཚོན་པར་བྱ་བ་ནི་ངོ་བོ་ཉིད་ལ་སོགས་པ་ནི་སྐུ་བཞི་ཡིན་པས། དེ་མཚོན་པར་བྱ་བའི་ཆེད་དུ་སྐུ་བཞི་དང༌། ཤེས་རབ་ཐབས་གཉིས་སུ་མེད་པ་ལ་ཨེ་ཝྃ་ལ་སོགས་པའི་མིང་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཡིན་པས་མིང་ལ་དངོས་པོར་ཞེན་ནས་དྲང་དོན་ཡིན་པར་མི་བསམ་མོ། །གལ་ཏེ་དངོས་པོ་ཡིན་ན་ནི་ཞེས་བྱ་སྟེ། དངོས་པོ་བྱ་བ་ནི་མིག་གིས་བལྟར་རུང་ལ། སྣང་དུ་རུང་བ་དང༌། དེ་བཞིན་ཡིད་ཀྱིས་དང༌། འདི་ཡིས་བྱས་པར་གཟུང་དུ་རུང་བ་ཡིན་པ་ལས། དེ་རྣམས་ཀྱི་ཡུལ་ལས་འདས་པ་ནི་མིང་དངོས་པོ་ཡིན་ནོ། །དེས་ན་མིང་དེ་རྣམས་གཅིག་པུ་གཅིག་གིས་མིང་ཙམ་འཛིན་ལ། གཞན་མིག་ལ་སོགས་པ་ནི་མིང་དེ་འཛིན་པར་མི་བྱེད་དོ། །དཔེར་ན་བུམ་པ་དང་སྣམ་བུ་ཞེས་བྱའི་མིང་དེ་ནི་རྣམ་པར་འཛིན་ལ། མིང་དེའི་དོན་བུམ་པ་དང་སྣམ་བུའི་རྒྱུ་དང་བྲལ་བ་ཅན་ནི་མིག་ལ་སོགས་པས་འཛིན་ཏོ། །དེ་ཡང་ཅི་སྟེ་ན། ཆུ་ལ་སོགས་པའི་མིང་ནི་དངོས་པོ་རྣམས་ལ་བཏགས་པ་ཡིན་ནོ། །དེས་ན་སྣས་དྲི་བསྐྱེད་པ་ལ་སོགས་པ་ཡོན་ཏན་ཆོས་ཉིད་ཀྱི་དངོས་པོ་ཡོད་པ་ལྟ་བུ་མ་ཡིན་ཏེ། མིང་ཙམ་གྱིས་དོན་མཚོན་པ་ཡིན་ནོ། །གསོལ་བ་བཏབ་པ་དང་ལན་བཀའ་སྩལ་པ་གཉིས་ལས་ཀྱང་རྒྱུད་ཚིག་མདོར་བསྟན་ལ། དྲི་བ་དང་ལན་བསྟན་པ་གཉིས་སུ་ཤེས་པར་བྱའོ། །དེའི་དོན་རྒྱས་པར་འཆད་པ་ལ་སེམས་ཅན་ནས་སྟོང་པ་ཉིད་ཀྱི་བར་གྱིས་དགྱེས་པ་དང་རྡོ་རྗེའི་མཚན་ཉིད་ཇི་ལྟར་ཡིན་པ་ལ་ཤླཽ་ཀ་ཕྱེད་དང་གཉིས་དང་རྐང་པ་གཉིས་ཀྱིས་གོ་རིམ་དུ་བསྟན་ཏོ། །དེ་གཉིས་ཟུང་འཇུག་ཏུ་བསྒོམ་པས་རྣལ་འབྱོར་ཡིན་པས། གང་ཞིག་ཅེས་པ་ཤླཽ་ཀས་བསྟན་ཏོ། །དེ་ལྟར་བསྟན་པ་བཞིན་དུ་ཐབས་ཤེས་རབ་གཉིས་ཟུང་དུ་འབྲེལ་ན་རྣལ་འབྱོར་ཡིན་ཞིང༌། རྒྱུད་མཐའ་དག་གི་དོན་ཡང་ཐབས་ཤེས་རབ་གཉིས་ཀའི་དོན་དང་ལྡན་པ་ཡིན་པར་ནི། འབའ་ཞིག་ནས་ཞེས་བྱའོའི་བར་གྱིས་བསྟན། འོ་ན་རྒྱུད་མཐའ་དག་ཐབས་ཤེས་རབ་གཉིས་སུ་མེད་པ་ཡིན་ལ། ཤེས་རབ་ཀྱི་རྒྱུད་དང་ཐབས་ཀྱི་རྒྱུད་སོ་སོར་བསྟན་ཞེས་པ་ལ། ཀུན་རྫོབ་ཏུ་བྱིས་པ་རྣམས་ལ་དྲང་དོན་དུ་བསྟན་པ་ཡིན་པ་ནི། རྣལ་འབྱོར་ནས་ཀུན་རྫོབ་ཀྱི་བར་གྱིས་བསྟན་ཏོ། །ཀུན་སྤྱོད་ཅེས་པ་ནི་འཁོར་ལོ་བདེ་མཆོག་གི་དབང་དུ་བྱས་ནས། གཙོ་བོའི་གན་དུ་ལྷ་མོ་བཅུ་གཉིས་འགྲོ་བ་བཞིན་ཀུན་སྤྱོད་བྱེད་དོ། །འཁོར་ལོ་གསུམ་གྱི་དཔའ་བོ་གནས་ནས་དཔའ་མོ་རྣམས་སྤྱོད་ཅིང་འགྲོ་བའོ། །དགྱེས་རྡོར་གྱི་ཡང་ལྷ་མོ་བརྒྱད་དམ་གཙོ་བོ་རྣམ་ལྔ་ཀུན་དུ་སྤྱོད་པའོ། །འོ་ན་རིགས་ཀྱི་ལེའུ་འདིས་ངེས་དོན་འཆད་ལ། དྲང་དོན་མི་སྟོན་ཏེ། དྲང་དོན་དངོས་ཀྱི་ལམ་མ་ཡིན་པས་ཟེར་ལ། འགྲོ་བ་ཅི་སྟེ་ཟེར་ན་དྲང་དོན་ཡིན་ཞིང་དངོས་ཀྱི་ལམ་མ་ཡིན་པ་ནི་ཕྱག་རྒྱ་ནས་ཉིད་དོའི་བར་གྱིས་བསྟན་ཏོ། །སངས་རྒྱས་ཀྱི་དངོས་ཀྱི་རྒྱུ་ནི་མ་རྟོགས་པ་ཡིན་པ་ལས་དྲང་དོན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། དེའི་ཁ་དོག་དང་སྦྱོར་བ་དང་རྒྱན་ལ་སོགས་པ་དང༌། ཇི་ལྟ་ཇི་ལྟར་སྤྱོད་པ་བྱེད་པ་ལ། ཇི་ལྟར་སྤྱོད་པ་དེ་ལྟར་ན་རྣམ་རྟོག་འབྱུང་བས་ན། རྣམ་རྟོག་འབྱུང་བ་དེ་ཙམ་གྱིས་མི་རྟོག་པར་འཇོག་པར་འགྱུར་ཞིང༌། རྣམ་རྟོག་སྐྱེ་བ་དང༌། བདེ་བ་ཟད་པའི་མཚན་ཉིད་མ་ཡིན་ཞིང་དྲང་དོན་ནོ། །ཡང་དཀྱིལ་འཁོར་བསྒོམ་པ་ལ་ཡང་ཁ་དོག་དང་རྒྱན་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ཡིན་པས་ན་དངོས་ཀྱི་ལམ་ཐབས་ཤེས་རབ་ཟུང་དུ་འཇུག་པ་གཉིས་མེད་དངོས་པོ་ཡིན་ཞིང༌། དེ་བཞིན་དུ་བསྒོམ་པ་ནི་ཐབས་དང་ཞེས་པའི་ཤླཽ་ཀས་བསྟན་ཏོ། །ཐབས་དང་ཤེས་རབ་གཉིས་སུ་མེད། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གཉིས་སུ་མེད། ཤེས་པ་དང་ཤེས་བྱ་གཉིས་སུ་མེད་པའོ། །དེ་ལྟར་གཉིས་སུ་མེད་པ་ཡིན་ན་ཡང་ལྡོག་པའི་བྱེ་བྲག་གིས་སྟོང་པ་ཉིད་བཞིན་དུ་གནས་པ་ནི། སྟོང་པ་ཉིད་ཅེས་པའི་ཤླཽ་ཀས་བསྟན། ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལམ་གྱི་སྟོང་པ་གོ་རིམ་བཞིན་ནོ། །ཐབས་ལ་དབྱེ་བ་མེད་ཀྱང་ཡུལ་གྱི་ཆ་ནས་ཚད་མེད་བཞིར་འགྱུར་བ་ནི། བྱམས་དང་ཞེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་ཏོ། །དེ་ལྟར་གཉིས་མེད་དེ་ཡང་སྒྲིབ་པ་ཟད་པས་གཉིས་མེད་དུ་འགྱུར་བ་ནི། ཆོས་རྣམས་ཞེས་པའི་རྐང་པ་གསུམ་གྱིས་བསྟན་ཏོ། །དེ་གཉིས་རྒྱས་པར་འཆད་པ་ནི། ཐབས་དང་ཤེས་རབ་དངོས་ནས་མར་གྱིས་སྟོན་ཏེ། སྒྲིབ་པ་ཟད་པའི་དུས་སུ་སྐུ་རྡོ་རྗེ་ལ་སོགས་པ་གཉིས་སུ་མེད་པ་ལའང་ཡིན་ལ། རྒྱུ་སེམས་ཅན་གྱི་གནས་སྐབས་ཀྱི་ཕུང་པོ་ལ་སོགས་པ་ལ་ལྷ་སུམ་ཅུ་རྩ་དྲུག་པོ་དེ་རྣམས་དག་པའི་བརྡར། ལྷ་སུམ་ཅུ་རྩ་དྲུག་གི་གནས་འབྱུང་བ་ཡིན་ནོ། །དེ་ལྟར་མང་དུ་སྣང་ཡང་སངས་རྒྱས་རྣམས་ཀྱི་སྡོམ་པ་ནི། ཨེ་ཝྃ་གཉིས་ཡིན་ལ་དེ་རྣམས་སུ་འདུས་པ་ནི་གསང་ཆེན་རིགས་གཅིག དེ་ལས་གསུམ་དང་ལྔ་དང་བརྒྱ་ལ་སོགས་པ་སྣང་ངོ༌། །དེ་བཞིན་བརྒྱ་ཞེས་པ་ནི་སྤྱིར་ནི་རིགས་བརྒྱ་བྱེད་པ་ལ་མི་མཐུན་ཏེ། སློབ་དཔོན་འཕགས་པ་ལྷས་ནི་ཕུང་པོ་ལྔ་བསམ་ཞིང༌། སྐྱེ་མཆེད་བཅུ་གཉིས་ལ་ཆོས་ཀྱི་སྐྱེ་མཆེད་བོར་ནས་གཞན་མ་ཉི་ཤུ་ལ་ཡང༌། རེ་རེ་ལ་ཡང་ཉོན་མོངས་པའི་བྱེ་བྲག་ལྔ་ལྔ་བྱས་པ་ཉིད་ལ་བརྒྱར་འཆད་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་འཆད་དེ། ཕུང་པོ་ལྔ། དབང་པོ་དྲུག ཁམས་ལ་བད་ཀན། ཆུ་སེར། རྣག ཞག སྤུ། སྐྲ། ཤིག སྲིན། མཆིན་པ། མཁྲིས་པ། རྒྱུ་མ། གཉེ་མ། སྙིང༌། གློ་བ། མཁལ་མ། ཚིལ་བུ། རུས་པ། རྐང༌། བཤང་བའི་སྒོའོ། །གཅི་བའི་ཁུ་བ། སོའོ། །མཆན་ཁུང་གཉིས་ཀྱི་རྡུལ་ཏེ་སུམ་ཅུ་རྩ་དྲུག སེན་མོ་ཉི་ཤུ། སོ་སུམ་ཅུ་རྩ་གཉིས། མགོའི་རུས་པ་སུམ་ཅུ་རྩ་གཉིས་ཏེ། དེ་ལྟར་ཁམས་ཀྱི་བྱེ་བྲག་བརྒྱ་རྣམ་པར་དག་པའི་བརྡར་སངས་རྒྱས་རིགས་བརྒྱ་ཡིན། ཞེས་གསུང་གི་འཁོར་ལོ་བཤད་དེ། དེ་ལྟ་བུའི་དབྱེ་བ་དང༌། སྡོམ་གྱི་མཚན་ཉིད་དེ་སངས་རྒྱས་ལ་ཞུས་ཤིང་བཀའ་སྩལ་བ་ནི། ངེས་དོན་དུ་ངེས་པར་བཤད་པའམ། ཚད་མར་བཤད་པ་ཡིན་ནོ། །ཞེས་པ་ནི་ཤེས་པ་ནས་ངེས་པའི་བར་གྱིས་བསྟན་ཏོ། །ད་ནི་དྲང་དོན་གྱི་བསྐྱེད་རིམ་དུ་རྣལ་འབྱོར་མ་རྣམས་བསྐྱེད་པ་དང༌། གནས་པ་སྟོན་པས་རྒྱུ་སྟོན་ཏེ། ད་འདི་ནས་མར་གྱིས་སྟོན་པ་ལས་དེ་ཡང་ད་ནི་ནས་ངེས་པའི་བར་གྱིས་སྟོན་ཏོ། །བསྐྱེད་པ་ས་བོན་ལ་སོགས་པ་བསྐྱེད་པ་ཡིན་ལ། གནས་པའི་རྒྱུ་ནི་ནུས་པ་ལ་བྱ་སྟེ། ཡེ་ཤེས་བསྐྱེད་པའི་ནུས་པ་དང་ལྷའི་མིག་ལ་སོགས་པ་བསྐྱེད་པའི་ནུས་པ་དང་ལྷ་རྣམས་ཇི་ལྟར་བསྐྱེད་པ་ལ་སོགས་པའི་ནུས་པ་དང་ལྡན་པ་དེ་ནི་གནས་འགྱུར་བའོ། །གང་དེ་ལྟར་བསྐྱེད་པ་གང་གནས་པ་ཡིན་ན། རྒྱུད་འདིར་ས་དང་གནས་པ་ནི་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག་རྣམ་པར་དག་པའི་བརྡར་འབྱུང་བའི་ལྷ་མོ་བཅོ་ལྔའོ། །ཟླ་བའི་ཆས་ཞེས་པ་ནི། ཕྱོགས་སྔ་མ་རྣམས་ཀྱི་དབང་དུ་བྱས་ན། དབང་ཕྱུག་ཆེན་པོ་ལ་སོགས་པ་ནི་ཟླ་བ་ཡང་ངོ་དང་མར་ངོ་བཅོ་ལྔ་ཡིན་ལ། དེ་ཟླ་བས་བྱེད་ཅེས་པས་ན། དངོས་པོར་ཞེན་པའི་ལས་ཞེས་པ་དེ་སྤང་བའི་ཕྱིར། འདིར་བཅོ་ལྔར་བྱ་སྟེ་དེ་དང་གྲངས་མཉམ་པར་བྱའོ། །ནང་གི་ཁམས་ཀྱི་དབང་དུ་བྱས་ན། དབང་ཕྱུག་ཆེན་པོ་ལ་སོགས་པ་ནི་ཟླ་བ་ཡར་ངོ་དང་མར་ངོ་བཅོ་ལྔ་ཡིན་ལ། དེ་ཟླ་བས་བྱེད་ཅེས་པ་ནས་དངོས་པོར་ཞེན་པ་ལས་འཁོར་ལོ་བཞི་ལ་དགའ་བ་བཞི། དེ་རེ་རེ་ལ་བཞི་བཞིར་བྱས་པས་བཅུ་དྲུག་ཏུ་བྱས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཀུན་ལ་ཁྱབ་བྱེད་དུ་བརྩིས་ནས་གཞན་ལ་ཆ་བཅོ་ལྔ་ཡོད་པའི་བདེ་བ་དང༌། ཐ་མི་དད་པའི་སྒོ་ནས་བརྩིས་པའི་ཐིག་ལེ་བཅོ་ལྔ་རྣམ་པར་དག་པའོ། །དེས་ན་དེ་ལྟ་བུའི་རང་བཞིན་ཅན་གྱི་ཁམས་དག་པ་ལ་སོགས་པའི་ལྷ་མོའོ། །དེ་རྣམས་རྒྱས་པར་བཤད་པ་ལ། དེ་དག་བསྐྱེད་པའི་རྒྱུ་ནི་ཧཱུྃ་ཡིན་ལ། ཧཱུྃ་དེས་ཧེ་རུ་ཀ་བསྐྱེད་ལ་རྣལ་འབྱོར་མ་རྣམས་ཀྱང་བསྐྱེད་ལ་གཉིས་པའོ། །ཧཱུྃ་དེ་ཡང་དེ་ཁོ་ནར་འདུས་པའི་བདག་ཉིད་དེ་དབུས་ནམ་མཁའི་དབྱུག་པ་དང༌། ཤར་དུ་རླུང་གི་ཁམས་ཀྱི་གྲི་གུག ལྷོར་མེའི་ཁམས་ཀྱི་གཤོལ་དང༌། ནུབ་ཚེག་དྲག་དང༌། བྱང་ཐིག་ལེ་ལྔ་པས་འགྲུབ་པའོ། །གྲི་གུག་ཞབས་སྐྱེད། གཤོལ་མགོ་བོ། ཚིག་དྲག་ཟླ་ཚེས། ཐིག་ལེ་ནཱ་དར་གྱུར་པའོ། །དེ་ལས་བསྒྲུབ་པའོ། །གནས་པའི་རྒྱུ་ནི་ཡེ་ཤེས་དང་ལ་སོགས་པས་བསྟན་ཏོ། །མདོར་ན་ཡེ་ཤེས་བསྐྱེད་པ་ལ་སོགས་པའི་ཕྲིན་ལས་དེ་རྣམས་ནུས་ཤིང༌། དེ་ལ་གཟིགས་ནས་གནས་ཡིན་ཞེས་བྱའོ། །དང་པོར་རེ་ཞིག་གཅིག་གྱུར་པར། །ཞེས་བྱ་སྟེ་རྒྱུའི་ཧེ་རུ་ཀ་བསྐྱེད་པའི་རྒྱུ་རང་ཡང་ཨེ་ཝྃ་སྟེ། ཐབས་དང་ཤེས་རབ་གཉིས་མེད་ཀྱི། །རང་བཞིན་ཅན་གྱི་ཧཱུྃ་ལས་བྱུང༌། །ཧེ་རུ་ཀ་གཉིས་བསྐྱེད་པའི་རྒྱུ། །ཞེས་པ་ནི་འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་རྒྱུ་ཡང་ཡིན་ཏེ། དེ་གཉིས་ཀྱང་ཐབས་ཤེས་རབ་ཟུང་འཇུག་ལས་འབྱུང་བར་ཤེས་པར་བྱའོ། །ཡང་འབྲས་བུའི་ཆ་ནས་བཤད་ན། དང་པོ་གཅིག་གྱུར་ནི་གཉིས་མེད་ཆོས་སྐུ་ཡིན་ལ། ཧེ་རུ་ཀ་གཉིས་པ་ཆོས་སྐུ་ལས་སྤྲུལ་སྐུ་འབྱུང་བའོ། །དེ་ལྟ་བུའི་དོན་གནས་པ་དེ་ནི་ངེས་པའམ་མ་ཚང་བ་ཡིན་ཞེས་བྱའོ། །ད་ནི་དེ་ལྟ་བུའི་གཉིས་མེད་དེ་ལས་བྱུང་བའམ་བསྐྱེད་པའི་སྐུ་དེ་ལ་ཞེན་པ་དང་བཅས་པ་ནི་འཁོར་བར་འགྲོལ། མ་ཞེན་ན་གྲོལ་བར་འགྲོ་བས་ན། མ་ཤེས་ན་བཅིངས་ལ་ཤེས་ན་གྲོལ་བ་བསྟན་ཏེ། དེ་ལྟར་མཚན་མར་བཟུང་ངམ་མ་བཟུང་ཤེས་ན་འཆིང་བར་འགྲོ་བ་དེ་ནི། དེ་ལས་ནས་འགྱུར་རོའི་བར་གྱིས་སྟོན་ཏེ། ལས་ཀྱི་ཕྱག་རྒྱའམ་རང་སྣང་ལ་སོགས་པ་གཟུང་བྱ་འཛིན་པ་གཉིས་སུ་ཞེན་པ་རང་སྣང་ལ་སྙོམས་འཇུག་ལ་སོགས་པའི་ཡུལ་དུ་ཞེན་ཏེ། དེ་སྦྱོར་བར་ཞེན་པ་རྟོག་པ་ཡིན་པས་ན་དབང་པོའི་ཡུལ་ལ་སོགས་པར་འཛིན་པ་ནི་འཆིང་བའོ། །མ་ཞེན་ཅིང་དེ་རྣམས་ཨེ་ཝྃ་ལས་འབྱུང་བར་ཤེས་ན་གྲོལ་བར་འགྱུར་བ་ནི། ཡོངས་སུ་ནས་མར་གྱིས་སྟོན་ཏེ། དེ་རྣམས་ལས་ཞེན་པས་དབང་པོ་ཞེན་པ་རྣམ་པར་འགགས་ལ། དེ་འགགས་པས་ལྷའི་མིག་ལ་སོགས་པ་མངོན་ཤེས་རྣམས་དང་ལྡན་པའོ། །གཞན་ཞེས་པ་ནི་མངོན་པར་ཤེས་པའི་རྣམ་ཤེས་དེ་ནི་ཞེན་པ་དང་བཅས་པའི་རྣམ་ཤེས་ལས་གཞན་ནོ། །ཞེན་པ་དང་བཅས་པའི་གཟུགས་ལས་ཨེ་ཝྃ་ལས་འབྱུང་བ་མ་ཞེན་པའི་གཟུགས་གཞན་ཡིན་ནོ། །ཐ་མལ་པའི་མིག་གཟུགས་ལ་སོགས་པ་རྣ་བས་སྒྲ་ཐོས་པ་ལྟ་བུ་མ་ཡིན་ཏེ། མིག་གིས་ཀྱང་སྒྲ་ལ་སོགས་པ་ཀུན་ཤེས་ལ་རྣ་བས་ཀྱང་དེ་བཞིན་ནོ། །ཕྱག་དང་ཞབས་ཀྱིས་ཀྱང་སྒྲ་ཐོས་པ་ལ་སོགས་པའོ། །དེ་བཞིན་དུ་ལུས་ཀྱིས་ཀྱང་ཞབས་ལ་སོགས་པས་གཟུགས་ལ་སོགས་པའོ། །ད་ནི་གོང་དུ་བསྟན་པའི་གཉིས་མེད་བསྒོམ་པ་ལ་སོགས་པ་སྟོན་ཏེ། མདོར་ན་གོང་དུ་འཁོར་ལོ་བཞིའི་འཁོར་ལོ་རེ་རེ་ལ་ཡང་གནས་ངེས་པ་ལ་སོགས་པ་དོན་བཅོ་ལྔ་བཅོ་ལྔས་བསྟན་པ་དང༌། དགྱེས་པའི་རྡོ་རྗེ་ཞེས་པ་ཐབས་ཤེས་རབ་གཉིས་མེད་ཡིན་ཞིང༌། གཉིས་མེད་ལ་ཀུན་རྫོབ་དྲང་དོན་དུ་བསྐྱེད་རིམ་སྐུ་བསྒོམ་པ་དང༌། ངེས་དོན་དུ་ཐབས་ཤེས་རབ་གཉིས་མེད་དུ་བསྒོམས་པ་ལས་འབྲས་བུ་ཆོས་སྐུ་འབྱུང་ཞེས་པ་ཙམ་ལས་མ་བསྟན་ལ། ད་ནི་རྒྱུ་གཉིས་མེད་ལ་འབྲས་བུ་སྐུ་གསུམ་འབྱུང་བའི་དངོས་ཀྱི་གཞི་བསྒོམ་པའི་ལམ་གྱི་རིམ་པ་ཇི་ལྟར་བསྒོམ་པ་དེ་འཆད་དེ། དེ་ཡང་ནམ་མཁའ་དངོས་པོར་བསྒོམ་ཞེས་པས་དངོས་སུ་སོ་སོར་སྡུད་པའི་ཡན་ལག་ལ་ཚད་བསྟན་ཏེ། དེས་མཚོན་ལ་ཤུགས་ཀྱིས་ནི་སྦྱོར་བའི་ཡན་ལག་འདི་བསྒོམ་པ་ཡིན་པར་ཤེས་པར་བྱའོ། །སྦྱོར་བའི་ཡན་ལག་དྲུག་ལས་དང་པོ་གཉིས་ནི་སྟོང་ཉིད་དུ་བསྒོམ་པས་བསྡུས་ལ། སྲོག་རྩོལ་དང་འཛིན་པ་རླུང་ལ་དམིགས་ལ་བསྒོམས་ལ། རྗེས་དྲན་དང་ཏིང་ངེ་འཛིན་ནི་བདེ་བ་ལ་དམིགས་ནས་བསྒོམ་པའོ། །དེ་རེ་རེ་ལ་ཡང་སྦྱོར་བ་དང་དངོས་གཞི་གཉིས་གཉིས་སུ་ཤེས་པར་བྱའོ། །སོ་སོར་སྡུད་པ་སྦྱོར་བ་བསམ་གཏན་དངོས་གཞི་དང༌། འོག་མ་ལའང་དེ་ལྟར་སྦྱར་རོ། །སོ་སོར་སྡུད་པ་ནི་སྟོང་པ་ཉིད་དུ་བསྒོམ་པ་ཡིན་པ་ལས། དེའི་སྔོན་དུ་རླུང་ལས་རྒྱལ་བ་ཅིག་མ་སོང་ན། སྟོང་པ་ལ་བློ་གནས་སུ་མི་འདོད་པའོ། །རླུང་ལ་གཉིས་ཏེ་ཕྱིའི་བུམ་པ་ཅན་དང༌། ནང་གི་བུམ་པ་ཅན་ཕྱིའི་ལས་རྒྱལ་བ་ཡིན་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་ནས་རྒྱུ་བ་དེ་གཡས་གཡོན་གཉིས་སུ་བསྡུ་ནུས་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེས་དང་པོ་དབུས་ནས་རྒྱུ་བའི་དུས་ཤེས་པར་བྱས་ནས། དེ་ནས་རྒྱུ་དུས་མཚན་མོའམ། མུན་ཁང་གི་ནང་དུ་དངོས་ཀྱིའམ། རང་སྣང་མུ་དྲཱ་དང༌། རང་གི་གནས་དྲུག་ཏུ་བྱིན་བརླབ་བྱ། རྡོ་རྗེ་དང་པདྨ་བྱིན་བརླབ་བྱ། བཤང་གཅི་གཉིས་ཀྱི་སྒོའི་རྒྱུ་བའི་རླུང་བཀག་ལ། གྱེན་དུ་གཙུག་ཏོར་ལ་བལྟ་ཞིང་བྱང་སེམས་འབབ་བ་ལ་རྡོ་རྗེ་ནོར་བུ་ནས་གྱེན་དུ་བཟློག་པ་ལ་སོགས་པའི་སྦྱོར་བས། དངོས་པོ་སྟོང་པར་བསྒོམས་པ་ལས་དུ་བ་ལྟ་བུ་སྟེ། སྨིག་རྒྱུ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་ལྟ་བུ་གསུམ་པ་སྟེ། །མར་མེ་ལྟ་བུ་བཞི་པ་ཡིན། །ནམ་མཁའ་སྤྲིན་མེད་ལྟ་བུ་ལ་སོགས་པའི་རྟགས་ལྔའི་རིམ་གྱིས་ཤེས་པ་ལ་སྣང་བའི་ནམ་མཁའ་སྤྲིན་དང་བྲལ་བ་དངོས་པོ་ཀུན་མཐོང་བ་དེ་ལ་ནི། ནམ་མཁའ་དངོས་པོ་བསྒོམ་ཞེས་པ་མ་ཡིན་ནོ། །དེ་ནི་མཚན་མོའི་རྟགས་ལྔའི་ཐ་མའོ། །དེ་ལྟར་རྟགས་ལྔ་པ་མཐོང་བའི་དུས་སུ། རང་ལ་སོགས་པ་དངོས་པོ་རྣམས་རྨི་ལམ་ལྟ་བུ་རྡུལ་དང་བྲལ་བ་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་སྟོང་པ་ཉིད་དུ་སྣང་བ་ཉམས་སུ་མྱོང་བའོ། །དེ་ལྟར་ཡོངས་སུ་ཤེས་པས་ཆོས་རྣམས་དངོས་པོ་མེད་པར་ཤེས་པ་ཡིན་ནོ། །དངོས་པོའི་རྣམ་རྟོག་དང་བྲལ་བའི་ཤེས་པ་རང་གི་གཟུགས་ལ་སོགས་པ་གཟུགས་བརྙན་སྣང་བཞིན་དུ་སྟོང་པ་ཉམས་སུ་མྱོང་ངོ༌། །སྣང་བཞིན་དུ་སྟོང་པར་ཅི་ཉམས་སུ་མྱོང་ན་ནི་མངོན་སུམ་བཞིན་ཉམས་སུ་མྱོང་བ་ཡིན་པར་རྟོགས་པ་དང་ནས་ཡིན་ནོའི་བར་གྱིས་བསྟན་ཏོ། །གཟུགས་བརྙན་བཞིན་དུ་དང་པོའི་མངོན་སུམ་གྱིས་མཐོང་ལ། མཐོང་བ་དེའི་སྐད་ཅིག་མ་གཉིས་པ་ཡིན་གྱི། མངོན་སུམ་འཇུག་པར་བྱེད་དེ་དེ་ལྟར་བསྒོམ་པ་དེ་རྣལ་འབྱོར་བསྒོམས་པ་ལས་བྱུང་བ་ཡིན་པས་ན་རྣལ་འབྱོར་པ་དང་ཕྲད་པར་བྱེད་པ་དང༌། དེའི་དུས་སུ་སྤྲོས་བྲལ་དུ་ཉམས་སུ་མྱོང་བས་ན་རང་རིག་པ་མངོན་སུམ་མོ། །འོ་ན་གཟུགས་བརྙན་བཞིན་དུ་སྣང་ཞེས་པ་ནི། གཟུགས་བརྙན་བཞིན་དུ་སྣང་བ་ཇི་ལྟ་བུ་ཞེ་ན། མཚོན་བྱེད་དཔེ་དགུ་ནི་སྣང་བ་ནས་བྱའོའི་བར་གྱིས་བསྟན་ཏོ། །དེ་ལྟ་བུའི་བདེ་བ་དེ་ཉམས་སུ་མྱོང་བ་དེ་ཤེས་རབ་སྟོང་པ་འབའ་ཞིག་གམ་ཐབས་འབའ་ཞིག་གམ། དེ་གཉིས་མེད་ཡིན་པར་བསྒོམ་ཞེ་ན། དེའི་ལན་ཤེས་པར་ནས་བྱའོའི་བར་གྱིས་བསྟན་ཏེ། ཐབས་བདེ་བ་ལ་བློ་གནས་པར་བྱས་པས་དེ་གཉིས་སྟོང་པ་དང་ཐ་མི་དད་པ་ཡིན་ལ། ཨེའི་མཚན་ཉིད་ཅན་གྱི་ཤེས་རབ་དང་ཧེ་རུ་ཀ་བདེ་བ་ཆེན་པོས་རྟོགས། དེ་བཞིན་དུ་ཧེ་རུ་ཀ་སྟེ། ཤེས་རབ་སྟོང་པ་ཉིད་ལ་བློ་གཏད་པའི་དུས་སུ་དེ་དང་ཐ་མི་དད་པའི་བདེ་བ་ཐབས་ཀྱི་རང་བཞིན་ཡང་རྟོགས་པའོ། །དེས་ན་སྟོང་ཉིད་དངོས་མེད་བསྒོམས་པས་དེ་སྟེ་བདེ་བ་ཤེས་པའོ། །རྒྱུའི་ལྟ་བ་ལས་འབྲས་བུ་ཇི་ལྟར་འབྱུང་བ་བཞིན་དུ་བདེ་བ་རྟོགས། ཇི་ལྟ་བ་ལས་སྟོང་པ་རྟོགས་ན་སྟོང་པ་ཇི་ལྟར་ཉམས་སུ་མྱོང་བ་ལས་བདེ་བ་མྱོང་བའམ་རྟོགས་པའོ། །འོ་ན་དེ་ལྟ་བུའི་བདེ་བ་གཉིས་མེད་དེ་གང་བསྒོམ་ན་ནི། ལུས་ལ་བརྟེན་ནས་བསྒོམ་ཞེས་པ་ཡི་གེ་ནས་ཡིན་ནོའི་བར་གྱིས་བསྟན་ཏོ། །ལུས་ལ་བརྟེན་ནས་བསྒོམས་པའི་བདེ་བ་རང་གི་ཡིན་ནི། ལུས་དང་ཡེ་ཤེས་སྤངས་པའི་བདེ་བ་བསྒོམ་པ་ཡིན་ཏེ། དཀྱིལ་འཁོར་ནས་སྐུའི་བར་གྱིས་བསྟན་ཏོ། །ལུས་ལ་བརྟེན་པའི་བདེ་བ་ཡང་སེམས་ཅན་ཀུན་ལ་ཡོད་ཅིང༌། དངོས་པོ་ཀུན་ལ་ཁྱབ་པ་ནི་དངོས་པོའི་ནས་ཡིན་ནོའི་བར་གྱིས་བསྟན་ཏོ། །འོ་ན་ལུས་ལ་གནས་པ་ཡིན་ན་ལུས་ཞིག་པའི་དུས་སུ་ཡེ་ཤེས་དེ་མི་འཇིག་གམ་ཞེ་ན། ལུས་ལས་སྐྱེས་པ་ཡིན་ན། ལུས་འཇིག་པའི་དུས་ན་འཇིག་པར་འགྱུར་བ་ལས། འདི་ནི་ལུས་ལ་གནས་པ་ཡིན་ཡང་ལུས་ལས་སྐྱེས་པ་མ་ཡིན་པས་ན། མི་འཇིག་པ་ནི་ལུས་ལ་གནས་པའི་བར་གྱིས་བསྟན་ཏོ། །འོ་ན་གོང་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་དང༌། དཀྱིལ་འཁོར་ལ་སོགས་པ་སྤངས་པའི་བདེ་བ་དེ་ལུས་ལ་གནས་ཤིང་དེ་བསྒོམ་པ་ཡིན་ཞེས་བཤད་ལ། རྒྱུད་འདི་ཉིད་ཀྱི་བརྟག་པ་གཉིས་པའི་ལེའུ་གཉིས་པ་ནས་དཀྱིལ་འཁོར་དང་ལས་ཀྱི་ཕྱག་རྒྱ་ལ་སོགས་པས་ཀྱང་འབྲས་བུ་འཐོབ་པར་བཤད་ན་ཞེས་པ་ལ། དེ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པས་བཏབ་པའི་ལན་དུ་དེ་རྣམས་སངས་རྒྱས་ཀྱི་རྒྱུར་གསུངས་པ་ལ། དེ་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ་ཡིན་གྱི། ངེས་དོན་དངོས་ཀྱི་ལམ་མ་ཡིན་པ་ནི་འདི་ནས་ཡིན་ནོའི་བར་གྱིས་བསྟན་ཏོ། །དེ་ལ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་ནས། དེའི་ལན་སངས་རྒྱས་ཀྱི་བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུར་གསུངས་པ་ཡིན་ཞེས་ཟེར་ན། རྡོ་རྗེ་སྙིང་པོས་ནི་ཇི་ལྟ་བུ་ཞུས། སངས་རྒྱས་ཀྱིས་ལན་ནི་འདི་ལྟར་བཏབ་ཅེས་པ་ལ། རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ་ནི་རྡོ་རྗེ་ནས་དགོས་ཀྱི་ཚིག་གིས་བསྟན། སྨད་ཀྱི་རྒྱུད་ཚིག་འདིས་བསྟན་པ་ཡིན་ནོ། །རྒྱུད་འདིའི་ཚིག་དོན་ནི་རྫོགས་པར་ནས་ཡིན་ནོའི་བར་གྱིས་འཆད་པ་ལ་རྡོ་རྗེ་སྙིང་པོ་ན་རེ། སངས་རྒྱས་དེ་ཉིད་ཐོབ་པ་དངོས་ཀྱི་རྒྱུ་ནི་རྫོགས་པའི་རིམ་པ་དེའང་མཆོག་ཏུ་བདེ་བ་ཡིན་པར་བཤད་པས། རྫོགས་རིམ་ལས་གཞན་སངས་རྒྱས་ཐོབ་པའི་བསྒོམ་མེད་པར་བཤད་པས། བསྐྱེད་རིམ་བཤད་པ་འདིའི་དགོས་པ་ཅི་ཡོད་དེ་དགོས་པ་མེད་དོ་ཞེས་པ་ལ། དེ་ལྟར་གསོལ་བའི་ཚིག་དེའི་ལན་དུ་བསྐྱེད་རིམ་དགོས་པའི་ཚིག་འདི་ནས་ཀུན་རྫོབ་ཡིན་ནོའི་བར་གྱིས་བསྟན་ཏེ། སེམས་དཔའ་ཆེན་པོ་ཞེས་རྡོ་རྗེ་སྙིང་པོ་ལ་བོས་ནས། ཁྱོད་ནི་རྫོགས་རིམ་སྟེ་བདེ་བ་ཆེན་པོ་ཁོ་ན་ལ་མོས་པས་བསྐྱེད་རིམ་དང་ལས་ཀྱི་དང་ཡེ་ཤེས་ཀྱི་བདེ་བ་བསྒོམ་པ་ནི་ཤུགས་ལས་ཉམས་པ་ཡིན་ཏེ། བསྐྱེད་རིམ་དང་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་དེ་རྣམས་མེད་ན། བདེ་བ་ཆེན་པོ་ཡང་ཉམས་སུ་མི་མྱོང་བ་ཡིན་པས། དེ་རྣམས་དགོས་པས་མ་ལུས་མེད་ཅེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །འོ་ན་ལུས་ལ་བདེ་བ་དེ་ཇི་ལྟར་གནས་ན་ལུས་ནི་ཁྱབ་བྱར་གནས་པའོ། །བདེ་བ་ནི་ཁྱབ་བྱེད་དུ་གནས་པའོ། །དེ་ཉིད་དུ་ཞེས་པ་ནི་དེ་ལྟ་བུ་བསྒོམ་པའི་སྐབས་སུ་ནི་བདེ་བ་ཆེན་པོ་གཉིས་མེད་བཞི་བསྒོམ་པ་བཀག་པ་ཡིན་ནོ། །དོན་དམ་ནི་འདི་ལྟར་ཡིན་ཏེ། དངོས་པོ་བདེ་བ་དེ་ཉིད་དངོས་མེད་ཤེས་རབ་དང་ཐ་མི་དད་པར་ཤེས་པ་ཡིན་ལ། དངོས་པོར་རྟོགས་ཏེ་དངོས་པོའི་སྟོང་ཉིད་བསྒོམ་པའི་དུས་སུ་དངོས་པོ་བདེ་བ་ཐབས་དང་ཐ་མི་དད་པ་ཤེས་རབ་སྟེ་དེ་ལྟར་ཟུང་འཇུག་ཏུ་ཤེས་པ་ནི་སངས་རྒྱས་ཞེས་པའོ། །འོ་ན་དངོས་པོ་རང་གང་གིས་ཤེས་ན། མངོན་ཤེས་དྲུག་པས་ཤེས་པའོ། །དེ་ལྟར་མི་ཤེས་པས་ནི་མི་ཤེས་པ་སྟེ། དྲང་དོན་དུ་སངས་རྒྱས་དངོས་ཀྱི་རྒྱུ་བཏགས་པས་དབང་པོ་བདེ་བས་བདེ་ཆེན་ཉམས་པར་འགྱུར་རོ། །སྔ་མ་སྟེ། ལས་དང་ཡེ་ཤེས་ལ་བསྟན་པ་ནི་དྲང་བའི་དོན་ཡིན་ལ། དེ་རྣམས་ལ་མི་བརྟེན་པའི་བདེ་བ་ནི་ངེས་དོན་ནོ། །དེ་ནི་ཞར་ལས་འོངས་པའི་དོན་ཏེ། དྲང་དོན་དང་ངེས་དོན་གཉི་ག་དགོས་པ་དེའི་ཕྱིར་དོན་གཉིས་རང་གི་སྐབས་ཀྱི་ལེའུ་ལས་རྒྱས་པར་བསྟན་པ་དེར་ཤེས་པར་བྱའོ། །རིགས་ཀྱི་ལེའུའི་སྐབས་འདིར་ཡང་བདེ་ཆེན་གྱིས་རྒྱུ་བ་དང་མི་རྒྱུ་བ་ཀུན་ལ་ཁྱབ་པར་གནས་པ་ཡིན་པར་བཤད་དེ། ལུས་ལས་སྐྱེས་པ་ཡིན་ན་མེ་ཏོག་མེད་པའི་དུས་སུ་དེའི་དྲི་མེད་པ་དང་འདྲ་བ་ཡིན་པ་ལས། འདི་སྐྱེས་པ་མ་ཡིན་པས་ལུས་འཇིག་པའི་དུས་སུ་འཇིག་པ་ནི་མ་ཡིན་ནོ། །སྡེ་ཚན་དྲུག་གི་ཞེས་པ་ལ། དེ་ལ་བརྟེན་པའི་ལུས་གནས་ཡེ་ཤེས་ལུས་ལ་ཁྱབ་པ་ཡིན་ལ། ལུས་ལ་སོགས་པ་འཇིག་རྟེན་གྱི་ཤེས་བྱ་ཐམས་ཅད་འཇོམས་པར་བྱེད་པ་ནི་སྒྲ་ཡིན་ལ། སྒྲ་དེ་ཡང་ཐམས་ཅད་ཨཱ་ལི་ཀཱ་ལི་གཉིས་ལས་གྲུབ་ལ། དེའང་ཐབས་ཤེས་རབ་གཉིས་ལས་མ་འདས་ཐབས་ཤེས་རབ་གཉིས་ཀྱི་རང་བཞིན་ཅན་ཨཱ་ལི་ཀཱ་ལི་གཉིས་ཀྱིས་དངོས་པོ་ཤེས་བྱ་ཀུན་ལ་ཁྱབ་པའོ། །དེ་ལ་ཀཱ་ལི་ནི་སྡེ་ཚན་དྲུག་གིས་དངོས་སུ་བསྟན་པ་དེ་ཉིད་ཡིན་ལ། ཨཱ་ལི་ནི་ཡི་གེ་རེ་རེའི་ཁོག་ན་གནས་པའོ། །འོ་ན་འཇིག་རྟེན་གྱི་ཤེས་བྱ་ཐབས་ཤེས་རབ་གཉིས་ཀྱིས་ཁྱབ་པ་དེ་དངོས་པོ་དེ་རང་ལ་མ་སྦྱར་བར་ཀཱ་ལི་དང་སྦྱར་བ་ཅི་སྟེ། དེ་ནི་འོག་ནས་ལུས་ཀྱི་རྩ་སྟོན་པའི་དུས་སུ་ལས་ཀྱི་རྩ་རྣམས་ཐབས་ཤེས་རབ་ཀྱི་རང་བཞིན་ཅན་གྱི་ཡི་གེའི་རྣམ་པར་སྣང་བས་ན་དེ་དང་འབྲེལ་ཏེ་འབྱུང་ངོ༌། །དེ་ལྟར་གཉིས་མེད་ལུས་ལ་བརྟེན་ནས་བསྒོམ་ཞེས་པ་ཡང་ལུས་རྩ་གནས་ལ་བརྟེན་ནས་བསྒོམས་པས་ན་རྩ་རྣམས་འཆད་དེ་སྤྱིར་གསལ། རེ་རེ་འབྲུ་གཉེར་བ་བདེ་བ་ཆེན་པོའི་གནས་ལ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་སྤྱི་བོ་ན་རྩ་འདབ་བཞི་པ། ནང་ན་འདབ་མ་བརྒྱད་ཡོད་ལ་ཁ་དོག་ལྗང་གུ་ཡོད་པ། དཔྲལ་བ་ན་བརྒྱད། ཕྱི་རོལ་ནའང་བརྒྱད་པ་དཀར་པོའོ། །ལྐོག་མའི་ནང་ན་བཅུ་དྲུག ཕྱི་རོལ་ན་སུམ་ཅུ་རྩ་གཉིས་ཏེ་ཁ་གྱེན་དུ་བལྟས་པ་དམར་པོ། སྙིང་ག་ན་ཡང་བརྒྱད་པ། ཕྱི་དང་ནང་ན་གནས་ཏེ་བཅུ་དྲུག་པོ་སྔོན་པོ་ཁ་ཐུར་ལ་བལྟས་པ་ལ། ལྟེ་བ་ན་དྲུག་ཅུ་རྩ་བཞི་སེར་སྐྱ། སྣང་བ་བདེ་བ། ཡང་ནང་སྟོང་པ་རྩ་བཞི། དེའི་ཕྱི་རོལ་ན་བརྒྱད། དེའི་ཕྱི་རོལ་ན་བཅུ་དྲུག མཐའ་སྐོར་ན་དྲུག་ཅུ་རྩ་བཞི། འཁོར་ལོ་དེ་རྣམས་ཀུན་གྱི་ཡང་རྩ་ཕྱི་མ་ཀུན་ལས་མིང་ཐོགས་པའོ། །གསང་བ་ན་སུམ་ཅུ་རྩ་གཉིས་དམར་པོ་སྟེ། དེ་གཉིས་ཀྱང་ཁ་གྱེན་དུ་བལྟས་པ་སྟེ། དེ་ཡང་རང་ལས་གྲུབ་པའི་འཁོར་ལོ་གསུམ་ནི། སྤྱི་བོ་དཔྲལ་བ་སྙིང་ག་ཡིན་ལ། ལྐོག་མ་ལྟེ་བ་གསང་གནས་གསུམ་ནི་མ་ལས་གྲུབ་པའོ། །དེ་ལྟར་འཁོར་ལོ་དྲུག་ཡོད་པ་ལས། བདེ་བ་རྫོགས་པའི་ས་ནི་གསང་བ་ཡིན་ཏེ་དེ་ལ་དབབ་པའོ། །གསང་བའི་འཁོར་ལོ་དེའི་ཡང་ནང་ན་རྩ་དྲུག་སྟེ། གསུམ་གྱེན་དུ་བལྟས་པ་གསུམ་ཐུར་དུ་བལྟས་པ་ཡིན་ཏེ། གཅི་བ་དང༌། བཤང་བ་དང༌། ཁུ་བ་འཕོ་བའི་རྩ་གསུམ་མོ། །དེ་གསུམ་ལ་ཨེ་ཝྃ་གཉིས་དང་ཡེ་ཤེས་ཀྱི་ཁམས་སོ། །ས་བོར་ལ་བཞི་དགོད། །དེའི་ཕྱི་རོལ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་རང་བཞིན་གྱིས་ཡོད་པ་ལས། གོང་དུ་བོར་བའི་ས་དང༌། ཏ་དྲང་པོའི་ཚན་དང༌། པ་ཚན་ལས་པ་བོར་བ་བཞི་དང་བཅུ་དགོད། དེའི་ཕྱི་རོལ་ན་རྩ་བཅུ་དྲུག་ཡོད་པ་ལས་ཀ་ལ་སོགས་པ་ཚན་གསུམ། པ་དང་བཅུ་དྲུག་པོ་དེ་དགོད་དོ། །དོན་ཁོག་དེས་གཞུང་ཕྱིར་ཡང་ཤེས་པར་བྱའོ། །དེ་ལ་སྡེ་ཚན་དྲུག་པོ་དེ་ཁམས་དང་སྦྱོར་བའང་ཁམས་སོ་སོའི་རླུང་འབྱུང་བའི་གནས་ལ་ཡི་གེ་རྣམས་འབྱུང་བ་ཡིན་ཏེ། ཀ་ཚན་དེ་ནམ་མཁའི་ཁམས་ཀྱི་རླུང་ལ་བརྟེན་ནས་ལྐོག་མ་ནས་འབྱུང་བའོ། །ཙ་ཚན་དེ་རླུང་གི་ཁམས་ཀྱི་རླུང་ལ་བརྟེན་ནས་ཀླད་པ་ལས་འབྱུང་བའོ། །ཏ་ལོག་གི་སྡེ་ཚན་དེ་མེའི་ཁམས་ཀྱི་རླུང་ལ་བརྟེན་ནས་རྐན་ནས་འབྱུང་བའོ། །པ་ཚན་དེ་ཆུའི་ཁམས་ཀྱི་རླུང་ལ་བརྟེན་ནས་མཆུ་ལས་འབྱུང་བའོ། །ཏ་དྲང་པོའི་ཚན་པ་སའི་ཁམས་ཀྱི་རླུང་ལ་བརྟེན་ནས་སོ་ནས་འབྱུང་བའོ། །སྃ་བྃ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་ཀྱི་རླུང་ལ་བརྟེན་ནས་ལྟེ་བ་ནས་འབྱུང་བའོ། །དེ་རེ་རེ་ལའང་ནམ་མཁའི་ཁམས་ཀྱི་རླུང་དང༌། ཆུའི་ཁམས་ལ་སོགས་པའང་ཤེས་པར་བྱའོ། །འདི་དག་ནི་ནང་ནས་ཞེས་པ་ནི་གོང་དུ་བསྟན་པའི་ཁམས་ལྔ་ཡིན་ལ། ཁམས་ལྔར་བསྟན་པའི་ཡི་གེ་དེ་རྣམས་ཀྱི་ནང་ནས་ཡེ་ཤེས་ཀྱི་ཁམས་སའི་ཡི་གེ་རེ་རེ་ཡིན་པར་ཤེས་པར་བྱ་སྟེ། སྃ་ནི་གཞན་འགྱུར་གྱི་ནང་གི་ཡིན། བྃ་ནི་ཆུའི་ཁམས་ཀྱི་ནང་གི་ཡིན། ཀ་ནི་ནམ་མཁའི་ཁམས་ཀྱི་ནང་གི་ཡིན། ཤ་ལོག་ནི་མེའི་ཁམས་ཀྱི་ནང་གི་ཡེ་ཤེས་ཀྱི་ཁམས་ཡིན། ཤ་དྲང་པོ་ནི་རླུང་གི་ཁམས་ཀྱི་ཡེ་ཤེས་ཀྱིའོ། །འོ་ན་ཡི་གེ་ཨེ་ཝྃ་ལ་སོགས་པས་ལས་ཅི་བྱེད་ན། དེའི་ལས་ནི་ཨེ་ཝྃ་ནས་འདྲེན་ཏོའི་བར་གྱི་རྐང་པས་སྟོན་ཏོ། །ཐབས་གང་གིས་དབེན་ནི་ཨེ་ཝྃ་ནི་ཐབས་ཤེས་རབ་ཀྱི་སྦྱོར་བས་ཐབས་ཀྱིས་དབེན་ཞེས་པའི་ཤླཽ་ཀས་ཤེས་པར་བྱའོ། །གནས་གང་དུ་ན་ནི་གསང་བ་བདེ་ཆེན་གྱི་གནས་སུའོ། །བདེ་ཆེན་གྱི་འཁོར་ལོའི་དབུས་ཀྱི་རྩ་དྲུག་ཇི་ལྟར་གནས་ཤིང་ཁམས་གང་དུ་རྒྱུ་བ་ནི། གཅིག་པ་ནས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ད་ནི་ལྟེ་བ་ཡན་ཆད་ཀྱི་འཁོར་ལོ་ལྔ་ལས་འཁོར་ལོ་རེ་རེ་ལ་རླུང་དུ་དུ་རྒྱུ་འཆད་དེ། དེ་ཡང་སྤྲུལ་པའི་འཁོར་ལོ་ལ་ཇི་ལྟར་རྒྱུ་བ་དང་པོར་འཆད་དེ། དེ་ཡང་ལྟེ་བ་ན་ཁྱིམ་བཅུ་གཉིས་རྒྱུ་བའི་རྩ་ཡོད་ལ། བཅུ་གཉིས་པོ་དེ་ལས་རེ་རེ་ལའང་ཁམས་ལྔ་ལྔ་རྒྱུ་བ་ཡིན་པར་མཚོན་པར་བྱ་བའི་ཆེད་དུ་ཁམས་ཀྱི་ཡི་གེ་རྣམས་དང་སྦྱར་ནས་འཆད་དོ། །དེའང་འཁོར་ལོ་དྲུག་ཡོད་པ་ལས་གྱེན་དུ་རྒྱུ་བའི་རླུང་ལྟེ་བའི་འཁོར་ལོ་ལས་སོར་བཞི་ལས་འོག་ཏུ་འཇུག་ལ། དེ་མན་ཆད་མི་འཇུག་པས་ན་གྱེན་དུ་རྒྱུ་བའི་རླུང་གསང་བའི་འཁོར་ལོ་ན་མར་མི་བརྩིའོ། །དེ་ཡང་རྟེན་འབྲེལ་ལུས་ལ་གནས་ལུགས་ཀྱི་ཁམས་ལྔའི་རླུང་ཇི་ལྟར་གནས་པའམ་རྒྱུ་བ་བསྟན་པ་དང༌། ལམ་དུ་འཁྱེར་བའི་རླུང་ཇི་ལྟར་བསྒོམ་ཞིང་རྒྱུ་བ་བསྟན་པ་ལས། འདི་ནི་ཆོས་ཉིད་ཀྱི་རྟེན་འབྲེལ་དུ་ལུས་ལ་རླུང་ཇི་ལྟར་གནས་ཤིང་རྒྱུ་བ་བསྟན་པའོ། །དེའང་མི་དྲག་ཏུ་སོང་བ་ལྟ་བུ་མ་ཡིན་པ། ངལ་བ་ལྟ་བུ་མ་ཡིན་པ། ཐ་མལ་པར་གནས་པའི་དུས་ཏེ། དེའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་གཅིག་ལ་རྒྱུ་བ་བསྟན་ཏོ། །དེ་ལ་དུས་སྦྱོར་གྱི་རྩ་བཅུ་གཉིས་ལ་ཁྱིམ་ཆུ་སྲིན་བྱ་བ་ལ་སོགས་པའི་མིང་གིས་འདོགས་པ་དེའང་ཕྱི་རོལ་ཇི་བཞིན་ནང་དེ་ལྟར་ལུས་ལ་བྱ་བ་ཡིན་ལ། ཕྱི་རོལ་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པའི་དགུན་གྱི་ཉི་མ་ལོག་ནས། དབྱར་གྱི་གདུགས་ཁབ་ཀྱི་བར་དུ་ཕྱིན་པའི་བར་དུ་ཉི་མ་བྱང་བགྲོད་བྱེད་པའི་བར་དུ་དུས་ཀྱི་ཟླ་བ་དྲུག་ལ་ཆུ་སྲིན་ལ་སོགས་པའི་མིང་བཏགས་པ་དབྱར་གྱི་ནས་དགུན་གྱི་ལ་ཐུག་གི་བར་དུ་ཉི་མ་ལྷོ་བགྲོད་བྱེད་པ་ནི་དུས་ཏེ། ཟླ་བ་དྲུག་དེ་ལ་ནི་ཀརྐ་ཊ་ལ་སོགས་པའི་མིང་གིས་བཏགས་ཏེ། བསྟན་པས་དེ་ཁོ་ན་བཞིན་དུ་གཡོ་བ་ལ་ལ་ནཱ་ནས་རྒྱུ་བའི་རྩ་དྲུག བྱང་འགྲོས་དང་བསྟུན་པའི་ཁམས་འཕེལ་བའི་རླུང་རྒྱུའོ། །གཡས་ར་ས་ནཱ་ནས་ཀྱི་རྩ་དྲུག ལམ་དྲུག་ཁམས་བསྟུན་པའི་རླུང་རྒྱུའོ། །དེ་ལྟར་རྒྱུ་བའི་རྩ་དེ་རྣམས་ལའང་ཆུ་སྲིན་ལ་སོགས་པའི་མིང་བཏགས་སོ། །དེ་ལ་ཕྱིའི་ཟླ་བ་བརྩི་བ་དེ་ལ་མི་མཁས་པའི་རྩིས་དང༌། མཁས་པའི་རྩིས་གཉིས་ཡོད་པ་ལས་སྤྱིར་གྲངས་སུ་ཟླ་བའི་ཚེས་གཅིག་ནས་སྟོང་གི་བར་ཟླ་བ་གཅིག་ཏུ་བརྩིས་པ་ནི་མི་མཁས་པའི་རྩི་ཡིན་ལ། མཁས་པ་རྣམས་ནི་ཉི་མ་ཚེས་དུ་ལ་ལོག་ཀྱང༌། ལོག་པའི་ཞག་ནས་སུམ་ཅུ་ལ་ཟླ་བ་གཅིག་ཏུ་བརྩིའོ། །དེ་ལྟར་བརྩི་བས་དགུན་གྱི་ཉི་མ་ལོག་ནས་དབྱར་གྱི་ཉི་མ་མ་ལོག་གི་བར་དུ་ཟླ་བ་དྲུག་གོ །དེ་ལྟར་ཆུ་སྲིན་ལ་སོགས་པའི་མིང་ཅན་གྱི་རྩ་དེ་རྣམས་ལ། རྩ་རེ་རེ་ནས་ཁམས་ལྔ་ལྔའི་རླུང་རྒྱུའོ། །ཁོག་དོན་བསྟན་ནས་གཞུང་འཆད་པ་ལ་རྣམ་ཤེས་ཀྱི་བར་ནས་དབང་བྱེད་ཀྱི་བར་གྱིས་དམ་བཅའ་བ་མདོར་བསྟན་ཏེ། གཡོན་ལ་ལ་ནཱ་ནས་རླུང་རྒྱུ་བའི་དུས་སུ་དང་པོ་ནམ་མཁའི་ཁམས་ཀྱི་རླུང་རྒྱུའོ། །དེ་ཡང་ལྟེ་བ་ནས་ནི་མར་རྣམ་པར་ཤེས་པའི་མིང་ཅན་གྱི་རླུང་རྒྱུ་ལ། རླུང་དེ་སྣ་སྒོ་ནས་ཕྱིར་རྒྱུ་བའི་དུས་སུ་ནི་སྣ་གཡོན་པའི་བུ་གའི་དབུས་ནས་རྒྱུའོ། །དེ་ནས་འདུ་བྱེད་ཀྱི་མིང་ཅན་གྱི་རླུང་གི་ཁམས་ཀྱི་རླུང་ལྟེ་བ་ཤར་གྱི་རྩ་ནས་རྒྱུ་བ་ལ་ཕོག གཡོན་གྱི་སྣ་སྒོའི་སྟེང་ནས་རྒྱུའོ། །ཚོར་བའི་མིང་ཅན་གྱི་མེའི་ཁམས་ཀྱི་རླུང་ལྟེ་བའི་ལྷོ་ནས་རྒྱུ་ལ། ཕྱིར་འབྱུང་བའི་དུས་སུ་གཡོན་པའི་སྣ་བོར་ཕྱོགས་སུ་རྒྱས་ནས་རྒྱུའོ། །འདུ་ཤེས་མིང་ཅན་གྱི་ཆུའི་ཁམས་ཀྱི་རླུང་ལྟེ་བའི་བྱང་གི་ཕྱོགས་ནས་རྒྱུ་ལ། ཕྱིར་འབྱུང་བ་ནི་གཡོན་པའི་སྣ་སྒོའོ། །སྣའི་ཀ་བ་ལ་བརྡབས་ཏེ་རྒྱུའོ། །གཟུགས་ཀྱི་རང་བཞིན་གྱི་མིང་བཏགས་པའི་སའི་ཁམས་ཀྱི་རླུང་ལྟེ་བའི་ནང་ནས་རྒྱུ་ལ། སྣའི་འོག་མཆུ་ལ་བརྡབས་ནས་རྒྱུའོ། །དེ་བཞིན་དུ་གནས་རྒྱུ་བ་ཡང་དེ་ཁོ་ན་ལྟར་ཤེས་པར་བྱའོ། །དེ་ལ་གཡོན་ན་ཕུང་པོ་ལྔའི་མིང་ཅན་གྱི་རླུང་རྒྱུ་ལ་གཡས་ནས་ཁམས་ལྔའི་རྒྱུ་སྟེ་མཉམ་པའམ་ཀུན་དགའ་ཡང་ཁམས་ཡིན་ཏེ། ཕུང་པོ་ལྔ་ནི་ཁམས་ལྔའི་འབྲས་བུ་ཡིན་ལ་ཁམས་ལྔ་ནི་རྒྱུ་ཡིན་པས་དེ་གཉིས་ལ་སོ་སོ་མེད་དོ། །དེའང་ནམ་མཁའི་ཁམས་ལ་སོགས་པ་ཁམས་རེ་རེ་ལའང་དབུགས་སུམ་བརྒྱ་བཞི་བཅུ་རྩ་བརྒྱད་དང་བཞི་གསུམ་རྒྱུ་བ་བཅུ་གཅིག་དང་བཞི་ཆའི་དབུ་མའི་སྐལ་བའོ། །དེ་ཁོ་ན་བཞིན་དུ་ཁམས་རེ་རེ་ལ་སྦྱར་བས་ཁྱིམ་བཅུ་གཉིས་ཡོད་པའི་ཁྱིམ་གཅིག་ནས་ཁམས་ལྔའི་རླུང་དབུ་མའི་སྐལ་བ་དང་བཅས་པ་རྫོགས་ཙམ་ན། ཁྱིམ་གཅིག་ནས་རླུང་སྟོང་བརྒྱད་བརྒྱ་བརྒྱད་ཅུ་ཡིན་ནོ། །དབུ་མའི་སྐལ་བ་ལ་ནམ་མཁའི་ཁམས་ཀྱི་རླུང་རྒྱུས། དེ་ནས་དབུས་སུ་འཕོ་བ་ལྟ་བུ་མ་ཡིན་ཏེ། དབུ་མའི་སྐལ་བ་ཁམས་སོ་སོ་ནས། ལུས་ན་གཡོན་གྱི་ཁམས་ལྔའི་རྒྱུས་ཟིན་ནས་གཡས་སུ་འཕོ་བའི་སྔོན་ཚོགས་སུ། དབུགས་ལྔ་བཅུ་རྩ་དྲུག་བཞི་ཆ་དབུས་ནས་རྒྱུའོ། །དབུས་ནས་རྒྱུ་བ་ནི་སྣ་སྒོ་གཉིས་ཀའི་དབུས་ནས་རྒྱུའོ། །དེ་བཞིན་ཀུན་ལ་འགྲེའོ། །ཁྱིམ་མཉམ་པ་ཞེས་པ་ནི་གཡོན་ཤེས་རབ་གཅིག་པུ་ཡིན་པས་མི་མཉམ་པ་ཡིན་པས་གཡས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འགྱུར་བས་ན་མཉམ་མོ་གསུང༌། ཡང་གཡོན་གཅིག་པུ་ནས་རླུང་རྒྱུ་ཙམ་ན་ཟླ་བོ་མེད་པས་མི་མཉམ་པ་ཡིན་ལ། གཡས་ནས་ཡང་རྒྱུ་བས་ཟུང་ཚང་བས་མཉམ་པའོ། །དཀྱིལ་འཁོར་སུམ་ཅུ་སུམ་ཅུ་ཞེས་པ་ནི་གཡོན་ཕྱོགས་ཀྱི་རྩ་དྲུག་གི་རེ་རེ་ལ་ཁམས་ལྔ་ལྔའི་རླུང་རྒྱུ་བས་ལྔ་དྲུག་སུམ་ཅུའོ། །དེ་བཞིན་གཡས་པ་ལའང་སྦྱར་རོ། །འདིར་ཁྱིམ་ནས་མར་དེ་ཉིད་རྒྱས་པར་འཆད་དེ། ཁོག་དོན་གོང་མས་ཤེས་པར་བྱའོ། །བསྡུས་པ་ཞེས་པས་རྒྱུ་བ་གཡས་ནས་བཟུང་བ་དང་སྦྱར་བས་ན་སྣང་བའོ། །ལུས་དང་བསམ་པའི་བྱེ་བྲག་ཅེས་པ་ནི། དངོས་པོ་མ་ལུས་པ་རང་གི་གནས་ལུགས་དང་སྦྱར་ན་གཡས་ཤེས་རབ། གཡོན་ཐབས་ཡིན་ཏེ་སྐྱེས་པའི་ལུས་རང་བཞིན་གྱིས་ཁུ་བར་གནས་ཤིང་ཁུ་བ་འབབ་པར་གནས་པ་ཡིན། བུད་མེད་ནི་རང་བཞིན་གྱིས་ཁྲག་ཏུ་གནས་ཤིང་དེ་འབབ་པར་གནས་པས་ན་གཡས་ཤེས་རབ་བོ། །བསམ་པའི་དབང་དུ་བྱས་ནས་སྐྱེས་པ་བུད་མེད་ཀྱི་བསམ་པ་ཅན་དུ་འཇུག་པས་གཡས་ཐབས་ཡིན། བུད་མེད་སྐྱེས་པ་འདོད་པའི་བསམ་པ་ཅན་དུ་འདུག་པས་གཡོན་ཤེས་རབ་བོ། །དེ་བཞིན་དུ་ནས་མར་གྱིས་ནི་ནང་ལྟེ་བའི་འཁོར་ལོ་ནས་དུས་སྦྱོར་གྱི་རྩ་སུམ་ཅུ་གཉིས་ནས་རེ་རེ་ལའང་ཁམས་ལྔ་ལྔའི་རླུང་རགས་པ་སྣ་སྒོ་གཉིས་ལ་བརྟེན་ནས་རྒྱུ་བ་དང་དུས་མཉམ་དུ། ཕྱི་རོལ་གྱི་ཡན་ལག་བཞི་ཚོགས་ཆེན་པོ་བཅུ་གཉིས་ཡོད་པའི་ཚོགས་རེ་རེ་ནས་མཛུབ་མོ་རྣམས་ཀྱི་ཚིགས་དང་པོ་ལ་སོགས་པ་ལྔ་ལྔ་ནས་ཀྱང་ཁམས་ལྔ་ལྔའི་རླུང་རྒྱུ་བར་བསྟན་ཏེ། གཞུང་ཤིན་ཏུ་གསལ་ལ་དེ་ལྟར་ནས་གནས་སོ་སོའི་བར་གྱིས་ནི། དེ་རྣམས་ཀྱི་གནས་ཀྱི་མཇུག་སྡུད་བསྟན་ཏེ། ལྟེ་བ་ན་རྩ་དྲུག་ཅུ་རྩ་བཞི་ཡོད་པ་ལས། དབུས་མ་བཞི་ལས་ནི་དབུ་མའི་སྐལ་བའི་རླུང་རྒྱུ་སྟེ། དེ་ནི་དལ་གྱིས་རྒྱུ་བ་ཙམ་ལ་དགོངས་ནས་སྟོང་པའི་གནས་ཞེས་བྱ་སྟེ། མདོར་ན་ཨེ་ཝྃ་གྱིས་མཚོན་པའི་ཐབས་ཤེས་རབ་གཉིས་མེད་ཀྱི་རླུང་རྒྱུའོ། །དེ་བཞིན་ནས་སྤྱོད་ཡུལ་ལོའི་བར་གྱིས་ནི་ཁྱིམ་ཐ་དད་བཅུ་གཉིས་ཡང་ཁྱིམ་རེ་རེ་ནས་ཁམས་ལྔའི་རླུང་རྒྱུ་བའི་དུས་སུ་ལྟེ་བའི་ཕྱོགས་གང་དང་གང་ནས་རྒྱུ་བའི་ངེས་པ་བསྟན་ཏོ། །དེ་བཞིན་ནས་མར་ནི་འཁོར་ལོ་ལྔ་ནི་འཁོར་ལོ་རེ་རེའི་རྩ་གནས་ནས་རླུང་རྒྱུ་བ་སྟོན་ཏེ། དེའང་དེ་བཞིན་ནས་སྟོང་པའི་བར་གྱིས་སྤྲུལ་པའི་འཁོར་ལོ་འཆད་ལ། སྤྲུལ་པའི་འཁོར་ལོའི་ཁྱིམ་བཅུ་གཉིས་ཀྱང་ཁྱིམ་རེ་རེ་ལའང་ཁམས་ལྔ་ལྔའི་རླུང་རྒྱུ། ཁམས་རེ་རེའི་རླུང་དེ་ཉིད་ལ་དབུགས་རེ་རེར་བརྩིས་པས་དབུགས་དྲུག་སྟེ། མདོར་ན་དབུགས་རེ་རེ་ལ་དབུ་མའི་སྐལ་བ་དང་བཅས་པས་སུམ་བརྒྱ་དྲུག་ཅུ་དྲུག་ཅུ་ཡོད་དོ། །དེའང་དབུགས་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག་སྟེ། ཆུ་ཚོད་གཅིག་དང་དབྱུ་གུ་གཅིག ཅེས་པ་ནི་དོན་མཉམ་པ་ཡིན་ནོ། །ཁྱིམ་ཕྱེད་གཉིས་ཞེས་པ་ནི་སྙིང་གའི་རྩ་རེ་རེ་ནས་ཉིས་སྟོང་བདུན་བརྒྱ་བདུན་བརྒྱ་རྒྱུའོ། །ལྐོག་མའི་རྩ་རེ་རེ་ནས་དབུ་མའི་སྐལ་བ་དང་བཅས་པ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ལྔ་རྒྱུའོ། །དཔྲལ་བའི་རེ་རེ་ནས་དབུ་མའི་སྐལ་བ་དང་བཅས་པ་སྟོང་སུམ་བརྒྱ་ལྔ་བཅུ་ལྔ་བཅུ་རྒྱུའོ། །སྤྱི་བོའི་རྩ་རེ་རེ་ནས་དབུ་མའི་སྐལ་བ་དང་བཅས་པ་ལྔ་སྟོང་བཞི་བརྒྱ་ཉི་ཤུ་རྩ་ལྔ་ལྔ་རྒྱུའོ། །དེ་རྣམས་ལ་དབུ་མའི་སྐལ་བ་བརྩིས་ཤིས་དབྱུང༌། འདི་ནས་རྒྱུད་དོའི་བར་གྱིས་ནི་ལྟེ་བའི་འཁོར་ལོ་ནས་ཁམས་ལྔའི་རླུང་རྒྱུ་བའི་དུས་སུ་སྤྱིར་སྣ་སྒོ་གང་ནས་གང་རྒྱུ་བའི་ངེས་པ་བསྟན་ཏོ། །གཡོན་པ་དང་གཡས་པ་དང་པོའམ་ཐ་མ་ཞེས་པ་ནི་སྣ་བུག་གཡོན་པ་ནས་རྒྱུ་བའི་དུས་སུ། ནམ་མཁའི་རླུང་དང་པོ་དབུས་ནས་རྒྱུ་ལ། གཡས་པ་ནས་ཁམས་ལྔའི་རླུང་རྒྱུ་བའི་དུས་སུ་ནམ་མཁའི་རླུང་ཐ་མར་དབུས་ནས་རྒྱུའོ། །མེའི་རླུང་རྒྱུ་བའི་ཚེ་སྣ་བུག་གཡས་ནས་རྒྱུ་ཟེར་བ་ལ། གཡས་ནས་འབྱུང་བའི་དུས་སུ་སྣ་བོར་ཏེ་གཡས་སུ་རྒྱུ་བ་ལ་གཡོན་ནས་རྒྱུ་བའི་དུས་སུ་སྣ་བོར་ཏེ་གཡས་སུ་ཇི་ལྟར་འོང་ཞེས་པ་ལ་འབྱུང་བའམ་ཤག་པ་མི་བྱ་སྟེ། རླུང་གཅིག་གཅིག་འབྱུང་འཇུག་བྱེད་པ་ལས་བརྩིས་པ་ཡིན་ཏེ། དེའང་སྐྱེ་འཆི་གཉིས་ཀྱི་དུས་ཡིན་ཏེ། སྐྱེས་མ་ཐག་ཏུ་གཡས་ནས་རླུང་འབྱུང་སྟེ་གཡོན་ནས་ཞུགས་པ་ལྟེ་བར་ཕྱིན་པར་བྱས། དེ་མན་ཆད་སྣ་སྒོ་གཉིས་ནས་རེས་ཀྱིས་འབྱུང་ངོ༌། །འཆི་བའི་དུས་སུའང་གཡས་ནས་འབྱུང༌། གཡོན་ནས་ཞུགས། དེ་ནས་གཉིས་ཀ་ནས་བྱུང་ན་འཆིའོ། །དེ་ལྟར་ནས་བྱའོའི་བར་གྱིས་མཇུག་སྡུད་བསྟན། དགེ་བ་ནས་བསྟན་ཏོའི་བར་གྱིས་ནི་རྒྱས་པར་ངེས་པར་བསྟན། ཆུ་སྲིན་ནས་བཤད་དོའི་བར་གྱིས་ཁྱིམ་བཅུ་གཉིས་ཀྱི་རྩ་རྡོ་རྗེ་གདན་བཞི་ལ་སོགས་པའི་རྒྱུད་གཞན་ནས་མིང་གཞན་དང་གཞན་གྱིས་བསྟན་གྱི། དོན་འདི་ཉིད་ཡིན་པར་ཤེས་པར་བྱ་བ་དང༌། འཆི་ལྟས་ཀྱི་མཚན་ཉིད་རླུང་རྒྱུ་བ་ལ་སོགས་པ་གཞན་ནས་ཤེས་པར་བྱ་བའི་ངེས་པ་དང༌། ཁམས་ལྔའི་རླུང་རྒྱུ་བའི་དུས་ལས་བཟང་ངན་ཇི་ལྟར་བསྒྲུབ་པ་དང༌། མི་འགྲུབ་པ་རླུང་རྒྱུ་བ་ལས་ཤེས་པར་བྱ་བ་དང༌། དུས་མ་ཡིན་པར་འཆི་བའི་ལྟས་རླུང་ཇི་ལྟར་རྒྱུ་བ་ཤེས་པར་བྱ་བའི་ངེས་པ་ཀུན་རྒྱུད་གཞན་ལས་བཤད་པས་དེ་རྣམས་སུ་ཤེས་པར་བྱ་བ་བསྟན་ཏེ། རྡོ་རྗེ་གདན་བཞི་ནས་ནི། དུས་སྦྱོར་བཅུ་གཉིས་ལ་རོ་ཏ་མོ་ཧི་དང༌། མོ་ཧི་ཏ་ལ་སོགས་པའི་མིང་བཏགས་སོ། །དེའི་ཕྱིར་ནས་བསྒོས་སོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ལོ་ཀུན་གྱི་དབུས་ཀྱི་རྩ་གསུམ་པོ་སྟོན་ཏེ། དེ་ལྟེ་བ་ཡན་ཆད་ཀྱི་རྩ་གསུམ་པོ་དེ་ལ་རྩ་གསུམ་གྱི་མིང་དང༌། དེ་གསུམ་ནས་ཁམས་གང་དང་གང་རྒྱུ་བ་དང༌། རིགས་གསུམ་དང་སྦྱར་བ་དང༌། གཟུགས་གསུམ་དང་སྦྱོར་ཏེ། དགོས་པ་ནི་ཕྱོགས་སྔ་མ་རྣམས་གཞུག་པའི་ཆེད་དུའོ། །དེ་ཉིད་ལྔ་ནི་ཧཱུྃ་ལྔའི་བདག་ཉིད་དུ་གྲུབ་པ་བཞིན་ནོ། །རྡོ་རྗེའི་རིགས་ནི་མི་བསྐྱོད་པའོ། །ལྟེ་བའི་འོག་ནས་ཐུར་དུ་རྒྱུ་བའི་རྩ་གསུམ་ནི། ལ་ལ་ནཱ་ནས་འཁོར་ལོ་སྟེ་རྣམ་སྣང་གི་བར་བཞིན་བཤད་པའི་ཁམས་རྒྱུ། ར་ས་ནཱ་ནས་རང་གི་སྟེ་དོན་ཡོད་གྲུབ་པའི་རང་བཞིན་གཅིག་པའི་ཁམས་རྒྱུ། དབུ་མ་ནས་རྡོ་རྗེ་རྩེ་གཅིག་སྟེ་རྡོ་རྗེ་སེམས་དཔའི་ཁུ་བ་རྒྱུ་བ་སྟེ། ད་ནི་ཐུར་མར་ནི་རྒྱུ་བའི་རྩ་སུམ་ཅུ་རྩ་གཉིས་གང་དང་གང་གི་མིང་དང༌། ཁམས་གང་དང་གང་གི་རྒྱུ་བ་དང༌། རྩའི་གཙོ་བོ་གང་ལས་འཕྲོས་པ་དང༌། གནས་གང་ན་གནས་སྟོན་ཏེ། གཡོན་ལ་ལ་ནཱ་ནས་འཕྲོས་པའི་ཁམས་རྣམས་ན་སྐྱེད་པར་བྱེད་པའི་རྩ་མི་ཕྱེད་མ་ལ་སོགས་པའི་མིང་ཅན་གྱི་རྩ་བཅོ་ལྔ་ནས་བྱང་སེམས་རྒྱུ་ཞིང༌། རྐན་གྱི་ཕྱོགས་ལྕེ་ཆུང་ན་བའི་རྩ་བ་གནས་སོ། །དེ་ལ་དབྱངས་བཅོ་ལྔ་ཡར་ངོ་སྟེ་ཞེས་པ་ཕྱི་རོལ་ན་ཟླ་བ་ཡར་ངོ་ལ་ཆ་བཅོ་ལྔ་ཡོད་ཅིང་རིམ་གྱིས་འཕེལ་ལ་འདྲེ་བ་དག་གི་དབྱངས་བྱ། ཡོན་ཏན་ལྔ་འཕེལ་བའི་དབྱངས་ལྔ་དང༌། གཞན་འགྱུར་གྱི་དབྱངས་ལྔ་སྟེ་ཁམས་དེ་རྣམས་ཀྱི་ཡོན་ཏན་རིམ་གྱིས་འཕེལ་བ་མཚོན་ནས་གཡོན་གྱི་ལ་ལ་ནཱ་ནས་འཕྲོས་པའི་རྩ་དྲུག་ཅུ་པོ་དེ་ལས་ཁམས་ཀྱི་འཕེལ་བ་ཡིན་པས་ན་བསྐྱེད་པ་ཞེས་བྱའོ། །དེ་ལས་ཨཱ་ལི་རྒྱུ་བའི་ཚན་འདི་ལས་གསལ་བྱེད་ནི་ཀཱ་ལི་རྣམས་ཀྱི་ཁོང་ན་ཨཱ་ལི་མེད་ན་ནི། དེ་རྣམས་བརྗོད་མི་ནུས་པས་དེ་རྣམས་བརྗོད་ནུས་ཤིང་གསལ་བར་བྱེད་པ་ནི་ཨཱ་ལི་ཡིན་པས་འདི་རྣམས་ལ་ནི་གསལ་བྱེད་དུ་བཤད་ལ། ཀཱ་ལི་རྣམས་ནི་གསལ་བྱེད་དོ། །ཡི་གེ་ལ་གསལ་བྱ་ལས་བྱེད་པ་ཡོད་པ་དེས་མཚོན་ནས་གནས་པའི་འཁོར་ལོ་དྲུག་གི་རྩ་ཀུན་ཡང་མི་གསལ་བ་གསལ་བས་ཡིན་ལ་རྒྱུའི་རྩ་སུམ་ཅུ་རྩ་གཉིས་པ་འདི་ནི་གསལ་བྱེད་དོ། །འདི་ལས་རྒྱུས་ནས་འཁོར་ལོ་རྣམས་གསལ་བར་ཉམས་སུ་མྱོང་བའོ། །ཡི་གེའི་དབང་དུ་བྱས་ནས་ནི་བི་དུ་ན་ནི་བཅུ་དྲུག་པ་ཡིན་ལ་རྩའི་དབང་དུ་བྱས་ན་དབུ་མ་བཅུ་དྲུག་པའོ། །དེའང་ཕྱིའི་ཟླ་བ་ཤིན་ཏུ་གང་བ་བཅུ་དྲུག་པའི་རྣམ་པ་དེ་དངོས་པོ་ཆ་བཅུ་དྲུག་ཡོད་པ་དང་འདྲ་བར་རྩའང་བཅུ་དྲུག་གོ །མདོར་ན་ཕྱིའི་ཟླ་བ་ཡར་ངོའི་འཕེལ་བ་དང་འདྲ་བར་ཁམས་འཕེལ་བའི་རང་བཞིན་ཅན་ཡི་གེ་བཅོ་ལྔས་རྩ་མཚོན་ལ། རྩ་བཅོ་ལྔ་པོ་དེ་ཡང་བཅུ་དྲུག་དཔྲལ་བ་ལ་རྩ་ཟུག དེ་ནས་བྱང་སེམས་ཐིག་ལེ་བཅུ་དྲུག་འབབ་པོ། །དེ་དག་གི་ཞེས་པ་ནས་སའི་ཡི་གེ་བཅུ་དྲུག་པོ་དེ་དག་རྩ་བཅུ་དྲུག་ལ་དགོད་ཅིང་གནས་ནས་བསྐོར་ཞེས་བྱའོ། །དེ་ཡང་དག་པ་དང་ཡོན་ཏན་འཕེལ་ཞེས་པ་ནི་ཁོའི་སྒྲའི་སྦྱོར་བ་འགའ་དག་པར་འགྲོ་བ་དང༌། ཡོན་ཏན་འཕེལ་བར་འགྲོ་བའི་ཆོས་ཡོད་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་ར་ཞེས་པ་ནི་གནས་ནས་གཞན་ནོ། །དེ་བཞིན་དུ་རིང་པོ་དང་རྩ་སོ་སོ་ལ་ཡང་ངོ༌། །ཞེས་པ་ནི་གཡོན་གྱི་རྩ་བཅུ་དྲུག་པོ་འདི་ལ་བསྐྱེད་པའི་རིམ་པ་ཡི་གེ་ཐུང་ངུ་དེ་རྣམས་འགགས་པ་དེ་ཁོ་ན་བཞིན་དུ་གཡས་ར་ས་ནཱ་ནས་རྒྱུ་བའི་རྩ་བཅུ་དྲུག་པོ་དེ་ཁམས་སྡུད་པའི་རིམ་པ་ཅན་གྱི་ཡི་གེ་རིང་པོ་སོ་སོར་དགོད་ཅེས་པའོ། །དེ་བཞིན་མར་ངོ་ཞེས་བྱ་སྟེ། ཕྱིའི་ཟླ་བ་མར་ངོ་བཞིན་དུ་དག་པའི་དབྱངས་ལ་སོགས་པ་ལྔ་ཚན་ཏེ། དེ་རྣམས་ཡོན་ཏན་འདྲི་བའི་མཚོན་པའི་དབྱངས་ཡིག་བཅུ་དྲུག་ནི་ལྕེའི་འོག་གི་རྩ་ན་ཡོད་དེ། དྲུག་པོ་ནི་ལྕེའི་རྩ་བདུན་ཅུ་པོ་ལ་བྱའོ། །ཡི་གེ་ནི་ཚེག་དྲག་དང་བཅས་པའོ། །དེ་རྣམས་ལ་ཁམས་ནི་རཀྟ་རྒྱུའོ། །ར་ས་ནཱ་དང་པོར་ཞེས་པ་ནི་ར་ས་ནཱ་ལས་འཕྲོས་པ་ཡིན་ཞེས་པའོ། །རྩ་དེ་རྣམས་བསྟན་པ་ནི་ཕྱག་མ་འཁོར་ལོ་ནས་འབབ་པའི་བདུད་རྩིའི་རོ་མྱོང་བར་བྱེད་པའོ། །ཡང་རྡོ་རྗེ་ནས་མར་ནི་རྩ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུའི་དྲིས་ལན་དང༌། ལན་གཉིས་སུ་འཆད་དེ་དེ་ཡང་ལུས་ཀྱི་གནས་པའི་འཁོར་ལོ་དྲུག་དང༌། རྒྱུའི་གནས་ལུགས་ཀྱི་འཁོར་ལོ་དྲུག་དང༌། ཁམས་གང་རྒྱུ་བ་དང་རྩའི་གྲངས་ནི་བསྟན་ན་རྩ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེས་པའོ། །དེ་ལ་འདིར་ནི་རྒྱུ་བའི་རྩ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་དངོས་སུ་དྲི་ཞིང་ལན་བསྟན་ལ། ཤུགས་ཀྱིས་ནི་འཁོར་ལོ་ཀུན་གྱི་མཚན་ཉིད་དྲིས་ཤིང་ལན་བསྟན་པ་ཡིན་པར་ཤེས་པར་བྱའོ། །སྲིད་གསུམ་ཡོངས་གྱུར་ཐམས་ཅད་ཅེས་བྱ་སྟེ། སྲིད་པ་གསུམ་གྱི་སྐབས་ན་ཕུང་པོ་དང་དབང་པོ་དང་ལས་ཀྱི་དབང་པོ་རྟོག་པ་དེ་དག་སྤངས་ནས་མི་རྟོག་པའི་ངོ་བོ་ཐབས་ཤེས་རབ་ཀྱིས་མེད་པ་ཡིན་ཏེ། མདོར་ན་རྩ་རྣམས་ཐམས་ཅད་ཐབས་ཤེས་རབ་གཉིས་མེད་དུ་བསྒོམ་པའོ། །དེ་ཡང་རླུང་དབུ་མར་སྡུད་ནུས་ན་བསྡུས་པའི་དོན་དུ་དེ་ལྟར་ཤེས་པར་བྱས་ནས། དེ་ནས་སྤང་བྱ་བླང་བྱ་ཐོབ་པ་ཡིན་ཞེས་ཤེས་པར་བྱ་བའི་ཆེད་དུ་སྡོམ་པའི་ལེའུ་བཤད་པར་བྱ་སྟེ། དེ་ཡང་རྫོགས་རིམ་གྱི་སྦྱོར་བར་འགྲོའོ། །དེ་ནི་ནས་བྱ་བའི་བར་མདོར་བསྟན་ཏེ། ལུགས་འབྱུང་ནི་དཔྲལ་བ་ནས་མར་ཐུར་དུ་འབབ་པ་ཡིན་ལ། ལུགས་ལྡོག་པ་ནི། ལྟེ་བ་ནས་ཡར་གྱེན་ལ་བརྩིའོ། །དེས་ཕལ་པ་ཡས་མར་བརྩི། ཕལ་མས་ཡར་བརྩིའོ། །རྒྱས་པར་འཆད་པ་ལ་གཉིས་ཏེ། དོན་དམ་དུ་སྡོམ་པ་ཀུན་རྫོབ་ཏུ་སྡོམ་པ་སྟེ། དེ་ལ་དང་པོ་ནི་འདིར་ནས་ལོའི་བར་གྱིས་འཆད་དེ། དོན་དམ་པ་ནི་འཁོར་ལོ་ལ་སོགས་པ་ཀུན་ཐབས་ཤེས་རབ་གཉིས་སུ་འདུས་པ་ཡིན་ཏེ། ཤེས་རབ་ཀྱི་རང་བཞིན་ཅན་ཤེས་རབ་ཀྱི་ཨེ། ཐབས་ཀྱི་རང་བཞིན་ཅན་སྤྱི་བོའི་ཧྃ་ངོ༌། །དེ་ནི་བརྡ་ཡིན་ལ་དེས་མཚོན་པའི་དོན་དམ་ཀུན་སྡོམ་པའོ། །ཀུན་རྫོབ་ནི་འཁོར་ལོ་བཞི་ལ་སྡོམ་པ་སྟེ། འཁོར་ལོ་བཞིའི་དབང་དུ་བྱས་ན་སྤྲུལ་པའི་འཁོར་ལོ་ལ་སོགས་པ་ལྟེ་བ་ལ་སོགས་པའོ། །དེ་བཞིན་དུ་བྱས་ཏེ་སྤྱིར་གསལ། ཨཱ་ལི་བཅུ་དྲུག་དཔྲལ་བ། ཀཱ་ལི་སུམ་ཅུ་ལྐོག་མ་དང་ཡང་འཁོར་ལོ་ཁ་སྦྱོར་གྱི་དབང་དུ་བྱས་ན་ནི་སྙིང་ག་ཐབས། ལྟེ་བ་ཤེས་རབ་ཡིན་ལ། འདི་ནི་སེམས་སྟོང་པ་ཉིད་སྙིང་ག་ན་གནས་པས་དེ་ལ་ཤེས་རབ་ཅེས་བྱ་ལ། ལྟེ་བ་ནི་ཡེ་ཤེས་ལམ་གྱི་རིམ་པ་བསྐྱེད་པའི་རྒྱུའམ་ཐབས་སུ་གནས་པས་དེ་ལ་ཐབས་ཞེས་བྱའོ། །ཝྃ་ལ་སོགས་པ་བཞི་ནི་ལྷ་མོ་སངས་རྒྱས་སྤྱན་མ་ལ་སོགས་པའི་ས་བོན་ཡི་གེ་དགོད་པའི་ཆ་ནས་བཤད་ལ། ས་བོན་དེ་རྣམས་ཀྱིས་མཚོན་པའི་ལྷ་མོ་བཞི་ཡང་ཁམས་དང་མཐུན་པར་འཁོར་ལོ་ལ་སྦྱར་རོ། །དག་པ་ཐུར་ལ་རྒྱུ་བའི་དབང་དུ་བྱས་ནས་སྡུག་བསྔལ་གྱི་བདེན་པ་དཔྲལ་བར་དགའ་བ། དེའི་རྒྱུ་ཀུན་འབྱུང་གི་བདེན་པ་ལྐོག་མར་དག་པའོ། །འདིའི་གཞུང་བཞིན་དུ་སྦྱར་ན་འདི་རྟོགས་པའི་རིམ་པར་སྦྱར་ན་འགྲིག་པ་འདྲའོ། །བདག་ཅེས་པ་ནི་སངས་རྒྱས་རང་བཞིན་ཅན་གྱི་བདག་སྟེ། སངས་རྒྱས་རང་བཞིན་ཅན་ཁུ་བའི་ཐིག་ལེ་དཔྲལ་བ་ན་གནས་པའོ། །ལྐོག་མ་ནི་སྔགས་ཟློས་པའི་གནས་ཡིན་པའོ། །སྙིང་ག་ནི་ལྷའི་གནས་ཡིན་པའོ། །ལྟེ་བ་ནི་ཡེ་ཤེས་སྐྱེ་བའི་ས་བོན་ཡིན་པའོ། །རླུང་གི་ཐིག་ལེ་ཕྲ་མོ་མི་ཤིགས་པར་གནས་པ་ན་ཧྃ་ངོ༌། །ངག་བྱིན་གྱིས་རློབ་པ་ལྐོག་མ་ནའོ། །རྣམ་རིག་སྣ་ཚོགས་སྟོན་པའི་རླུང་སྙིང་ག་ནའོ། །ལྷན་ཅིག་སྐྱེས་པའི་བདེ་བའི་རིམ་པ་ནི་ལྟེ་བ་ནའོ། །སྠཱ་བཱི་ར་ཞེས་པ་ལྟེ་བ་ན་གནས་ཕྱིར་གནས་བརྟེན་ལ་ཟེར་བས་དེ་གཉིས་སྒྲ་མཐུན་པའམ། ཡང་ན་ལྟེ་བའི་ཨ་ཤད་འདྲ་བའི་མིང་འགྱུར་བས་ན། དེ་དང་གནས་བརྟན་ཞེས་མིང་མཐུན་པའི་མིང་ངོ༌། །ལས་རྒྱུ་འབྲས་མིང་བཟང་ངན་ཀུན་དངོས་པོར་ཡོད་ཟེར་ལ། མངོན་པར་བརྗོད་པ་ཀུན་འབྱུང་བའི་རྒྱུ་རྣམ་ཤེས་ཀྱིས་བྱེད་པས་སྙིང་ག་ཐམས་ཅད་ཡོད་པར་སྨྲ་བའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་གྱི་དཀྱིལ་འཁོར་དང་བཅས་ཤིང་འཁོར་མང་པོས་བཀུར་བ་ལྟ་བུར་སྣང་བ་ཡིན་པས་མང་པོས་བཀུར་བ་དང་མིང་མཐུན་པའོ། །དགེ་འདུན་གྲངས་མང་པོ་ཚོ་ལ་ཕལ་ཆེན་སྡེ་ཟེར་བ་དང་འདྲ་བར་སྤྲུལ་པའི་སྐུའང་སྐུའི་བྱེ་བྲག་ཕལ་ཆེན་པ་ལ་མང་པོ་དགོས་པས་ན་འགྲོ་དོན་བྱེད་པའོ། །ཐིག་ལེའི་ཁ་དོག་གི་བྱེ་བྲག་གི་གཟའ་ཟླ་བ་ལ་སོགས་པ་ལའང་སྦྱར་རོ། །དཔྲལ་བ་ན་ནི་བདེ་བ་ལ་ལོངས་སྤྱོད་དོ། །ལྐོག་མ་ནི་རང་དགར་བྱེད་དོ། །སྙིང་ག་ན་ནི་ཐིག་ལེ་དེ་གཉིས་པར་གནས་པ་ན་ཞུ་བའོ། །བདེ་བ་དེ་ལ་ལྟེ་བར་ནི་ཅི་དགར་རྒྱུ། བདག་པོར་རྒྱུའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་བཞི་ཚན་དགུ་ཡོད་ལ། དེ་བཞི་བཞིར་ལྟེ་བ་ལ་སོགས་པ་དང་སྦྱར་རོ། །མདོར་ན་དྲན་པ་ཉེ་བར་གཞག་པ་བཞི་དང༌། འཁོར་ལོ་བཞི་གཅིག་ཏུ་སྦྱར། དེ་བཞི་བཞིར་སྦྱར་རོ། །ཁམས་སུམ་ཅུ་རྩ་དྲུག་ཡང་བཞི་ཚར་དགུར་བྱས་ལ་འཁོར་ལོ་བཞི་ལ་རིམ་པ་བཞིན་སྦྱར་ཏེ། གཟུགས་ཀྱི་ཕུང་པོ་ས། འདུ་ཤེས་ཆུ། ཚོར་བ་མེ། འདུ་བྱེད་རླུང༌། ལྟེ་བ་ལ་སོགས་པ་བཞི་ལ་རིམ་གཅིག་སྦྱར། རྣམ་ཤེས་ཕུང་པོ་ནམ་མཁའ་སྙིང་གར། ཡེ་ཤེས་ཕུང་པོ་དཔྲལ་བར་ཁམས་དྲུག་ལ། ནམ་མཁའི་ཁམས་ལྐོག་མར། ཡེ་ཤེས་ལྟེ་བར་རོ། །ཡང་རླུང་གི་ཁམས་དཔྲལ་བར། མེའི་ཁམས་ལྐོག་མར། ཆུའི་ཁམས་སྙིང་གར། སའི་ཁམས་ལྟེ་བར་རོ། །ཡང་ལུས་ཀྱི་དབང་པོ་ས། ལྕེའི་དབང་པོ་ཆུ། སྣའི་དབང་པོ་མེ། མིག་གི་དབང་པོ་རླུང་སྟེ། དེ་བཞི་ལྟེ་བ་ལ་སོགས་པར་རིམ་གྱིས་སྦྱར། རྣ་བའི་དབང་པོ་ནམ་མཁའ་ནི་དཔྲལ་བ། ཡིད་ཀྱི་དབང་པོ་ཡེ་ཤེས་ནི་སྙིང་ག་སྟེ་ཕ་ལས་གྲུབ་པའི་ཐིག་ལེའམ། འཁོར་ལོ་དེ་གཉིས་ལ་ཐབས་ཀྱི་ཁམས་དེ་གཉིས་དགོད། མ་ལས་གྲུབ་པའི་འཁོར་ལོ་དེ་གཉིས་ལ་ཆོས་ཀྱི་སྐྱེ་མཆེད་ཡེ་ཤེས་ནི་ལྟེ་བར་སྒྲའི་སྐྱེ་མཆེད་ནམ་མཁའི་ཁམས་ནི་ལྐོག་མར་དེ་ལྟར་བཅུ་དྲུག་གོ །ཡང་དྲིའི་སྐྱེ་མཆེད་ས་དང༌། གཟུགས་ཀྱི་ཆུ་དང༌། རོའི་མེ་དང༌། རེག་གི་སྐྱེ་མཆེད་རླུང་དང་བཞི་པོ་ནི་ལྟེ་བ་ནས་ཡར་རིམ་གྱིས་དགོད་དེ། མཇུག་མའི་དབང་པོ་ས་དང༌། ལྐོག་མའི་དབང་པོ་ཆུ་དང༌། རྐང་པའི་དབང་པོ་ཞེས་བྱ་བ་འགྲོ་འོང་སྟེ་མེ་དང༌། མཇུག་མའི་དབང་པོ་ཞེས་བྱ་བ་སྣང་བ་འཕོ་བར་བྱེད་པ་རླུང་གི་ཁམས་ཏེ་དེ་རྣམས་དང་ལྟེ་བ་ལ་སོགས་པ་རིམ་གྱིས་སྦྱར་རོ། །རིགས་ཀྱི་དབྱེ་བས་ཞེས་པ་ནི་འཁོར་ལོ་བཞི་ལ་སོགས་པའི་རིགས་ཅན་ལ་ཕུང་པོ་སོ་ལ་སོགས་པ་ལ་ཡང་ས་ལ་སོགས་པའི་ཁམས་ཀྱི་རིགས་ཅན་ཏེ། དེ་རྣམས་རིགས་མཐུན་དུ་སྦྱར་ཞེས་པའོ། །འདི་ལྟར་རྩ་རྒྱུད་ལས་ཞེས་བྱ་སྟེ་ནང་གི་ཁམས་ཀྱི་བྱེ་བྲག་གིས་རྩའི་འཁོར་ལོ་བྱེ་བྲག་ཏུ་བཤད་པའི་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ་སྟེ། རྒྱུད་གཞན་རྣམས་ནས་བཤད་པའི་རྗེས་སུ་འབྲངས་ནས་དེ་ལྟར་ཤེས་པར་བྱའོ། །དོན་དེ་ཉིད་ལ་གསལ་པོར་ནི་རིགས་ནས་དབྱེ་བ་ཉིད་ཀྱི་བར་གྱིས་གསལ་པོར་བཤད་དེ། སའི་ཁམས་ལ་སོགས་པ་ཁམས་དྲུག་ལ་རིགས་ཞེས་བྱ་བ་ལ་རིགས་དེ་རྣམས་ཀྱི་བྱེ་བྲག་གིས་འཁོར་ལོའི་དབྱེ་བ་སྟེ། ས་ཆུ་མེ་རླུང་ནམ་མཁའི་ལྟེ་བ་ནས་ཡར་འཁོར་ལོ་ལྔ་ཡེ་ཤེས་ཀྱི་ཁམས་ཀྱི་བདེ་བས་གསང་བའི་འཁོར་ལོ་ཡང་ས་ལ་སོགས་པའི་ཁམས་ལྔའི་དབྱེ་བས་ལྟེ་བ་ཡན་ཆད་ཀྱི་འཁོར་ལོ་ལྔའོ། །ཡང་ས་ཆུ་མེ་རླུང་བཞིའི་བྱེ་བྲག་གིས་དཔྲལ་བ་ནས་ལྟེ་བའི་འཁོར་ལོ་བཞིའོ། །ཡང་སྤྱི་ལ་གྲགས་པའི་དབང་དུ་བྱས་ནས། དཔྲལ་བ་སྐུ། ལྐོག་མ་གསུང༌། སྙིང་ག་ཐུགས་ཏེ། དེ་གསུམ་གྱི་བྱེ་བྲག་གིས་དཔྲལ་བ་ལྐོག་མ་སྙིང་གའི་འཁོར་ལོ་གསུམ་མོ། །དཔྲལ་བ་ཁམས་དང་སྦྱར་ནས་རླུང་ཁམས་ཡིན་པ་ལ་ཐིག་ལེའམ། སྤྱིར་གྱི་སྐུ་གསུང་ཐུགས་དང་སྦྱར་བ་ནི། དཔྲལ་བ་སྐུ། ཡང་དེ་ཉིད་ལས་སེམས་དཔའ་རྣམས་ཀྱི་བཤད་པ་ནི་འདི་ལྟ་སྟེ། སའི་སྐུ་གསུང་ཐུགས་དང༌། ཕ་ལས་གྲུབ་པའི་ཐིག་ལེ་གསུམ་དང་སྦྱར་ན། དཔྲལ་བ་སྐུ། སྤྱི་བོ་གསུང༌། སྙིང་གའི་ཐིག་ལེ་ཐུགས་ཡིན་པས་ནི་འཁོར་ལོ་གསུམ་མོ། །མ་ནི་ལྟེ་བ་སྐུ། ལྐོག་མ་གསུང༌། གསང་བ་ཐུགས་ཏེ། དེའི་དབང་གིས་འཁོར་ལོ་གསུམ། དེ་ལྟར་ཁྱབ་བྱེད་རིགས་ཀྱི་དབྱེ་བས་ཡིན་ཏེ་དེ་ཉིད་ཚིགས་བཅད་གཅིག་གིས་བསྟན་ཏོ། །བརྟེན་པ་འཁོར་ལོ་རྟེན་ཁམས་སོ། །ད་ནི་ཁམས་ཀྱི་ཐིག་ལེ་དེ་ལས་ཞལ་གྱི་བྱེ་བྲག་འབྱུང་བ་བསྟན་ཏེ། རྟེན་ལྟེ་བའི་དུས་མེ་ཁམས་དག་པ་ཞལ་གཅིག་དང་གོང་རྩར་བསྟན་པ་ལྟར་ཕའི་སྐུ་གསུང་ཐུགས་དང༌། མ་ལས་གྲུབ་པའི་སྐུ་གསུང་ཐུགས་དང་ཐིག་ལེ་དག་པ་ཞལ་གསུམ་མོ། །ལྟེ་བ་ནས་དཔྲལ་བའི་བར་གྱི་ཐིག་ལེ་བཞིའི་ཁམས་དག་པས་ཞལ་བཞི་སྟེ། ལྟེ་བ་ཡན་ཆད་ཀྱི་ཐིག་ལེ་ལྔའི་ཁམས་དག་པའི་བརྡར་ཞལ་གཅིག འཁོར་ལོ་དྲུག་དག་པས་ཞལ་དྲུག རྟེན་གྱི་ཐིག་ལེ་གཉིས། སྒྲ་གཅན་གྱི་གཉིས། ཉི་མའི་གཉིས། ཟླ་བའི་གཉིས་ཏེ། བརྒྱད་དག་པའི་བརྡར་ཞལ་བརྒྱད་དོ། །དེ་ཉིད་ནི་རྒྱས་པར་འདི་ནས་ཡིན་ནོའི་བར་གྱིས་སྟོན་ཏོ། །དེ་ལས་ནས་འཁོར་ལོའི་བར་གྱིས་ཐིག་ལེ་དེ་རྣམས་ཀྱི་གནས་བསྟན་ཏོ། །དེ་ལྟར་ནས་ཡིན་ནོའི་བར་གྱིས་ནི་ཨེས་གནས་ཤིང༌། སྙིང་ག་ལ་སོགས་པའི་ཐིག་ལེ་གནས་ཏེ་གནས་པའི་རྒྱུད་ཚིག་སྟོན། གཉིས་སུ་འཇུག་པ་ནི་གཉིས་སུ་བརྩི་བའི་ཐིག་ལེ་དག དུས་ཀྱི་མེས་ཞུ་ནས་གང་ན་གནས་ཤིང་རྒྱུ་བ་དང༌། གཏུམ་མོའི་མེ་གང་ན་གནས་ཤིང་རྒྱུ་བ་ནི། དེ་དག་གིས་ལ་སོགས་པའི་ཤླཽ་ཀས་བསྟན་ཏོ། །མདོར་ན་གཏུམ་མོ་དག་ཏུ་གནས་པ་ནི། ཤེས་རབ་ཨེ་གནས་ཤིང་དེ་ལ་རྡོ་རྗེ་ཉི་མ་ཞེས་བརྗོད་ལ། བྱང་སེམས་ཐིག་ལེ་གང་ན་གནས་ཀྱང་ཐབས་ཀྱི་རྣམ་པར་གནས་ཤིང་རྡོ་རྗེ་ཟླ་བ་ཞེས་བརྗོད་དོ། །ངེས་པར་རྒྱུ་བ་ཞེས་བྱ་སྟེ་ཁམས་དེ་དག་གནས་དེ་དག་ནས་ངེས་པར་འབྱུང་བའམ་ཡང་དག་པར་རྒྱུའོ། །སངས་རྒྱས་ཐོབ་པ་དངོས་ཀྱི་ལམ་དོན་དམ་པའི་བདེ་བ་གྱེན་ལ་བསྒོམ་པ་ཡིན་ལ། དེའི་སྔོན་དུ་ཀུན་རྫོབ་བྱང་སེམས་ཐུར་ལ་འབེབས་པའི་དུས་སུ་སྤྱི་བོའི་ཧྃ་དུས་ཀྱི་མེས་བཞུ་ནས་འབབ་པ་ཡིན་པས་ན། དུས་མེ་ཙཎྜཱ་ལཱི་སྤྲོ་བའི་རྣལ་འབྱོར་སྟོན་ཏེ། དམིགས་པའི་ཡུལ་ཕྱག་རྒྱ་གསུམ་ལས་གང་རུང་བ་ཅིག་བསྟེན་ཅིང༌། གཏུམ་མོ་འབྱེད་འཛུམས་ཀྱི་སྦྱོར་བ་ལ་སོགས་པས་གཏུམ་མོ་སྦར་བའི་གདམས་ངག་གིས་ལྟེ་བར་སྦར་ནས་སྙིང་གར་སངས་རྒྱས་ལྔའི་རང་བཞིན་ཅན་གྱི་ཕུང་པོ་བསྲེག ལྔ་པོ་དེས་མཚོན་ནས་དབང་པོ་རྣམས་དང་ལས་ཀྱི་དབང་པོ་རྣམས་སུ་མངོན་པར་ཞེན་པའང་བསྲེག་གོ །དེ་ནས་ལྐོག་མར་ལྷ་མོ་སྤྱན་ལ་སོགས་པའི་རང་བཞིན་གྱི་ཁམས་ལྔར་ཞེན་པ་སྦྱང༌། དེས་ཉེ་བར་མཚོན་ནས་ཡུལ་ལྔ་དང་ལས་ཀྱི་དབང་པོར་ཞེན་པ་ལས་ཀྱང་སྦྱང་ངོ༌། །དེ་ནས་སྤྱི་བོའི་ཧྃ་ཞུ་ནས་བདེ་བ་དང་ཐ་མི་དད་པའི་བྱང་སེམས་འབེབས་པར་བྱེད་དོ། །གཏུམ་མོ་གྱེན་དུ་རྒྱུ་བ་དང་བྱང་སེམས་ཐུར་དུ་རྒྱུ་བའི་དུས་སུ་བདེ་བ་རྒྱུ་ལུགས་གསུམ་སྟེ། ལུས་ཀྱི་བ་སྤུའི་བུ་ག་ལ་སོགས་པར་རྒྱུ་བས་ནི་ཕྱི་རུ་རྒྱུ་བ་ཞེས་བྱའོ། །འཁོར་ལོ་དྲུག་དང༌། རྩ་གཉིས་ལ་ནི་ཁྱབ་པར་རྒྱུ་བ་དང་དབུ་མ་ནས་ཐད་ཀར་ལམ་ཐུང་དུ་རྒྱུ་བའོ། །དེ་ལྟར་རྒྱུ་བ་ནས་གསང་བའི་འཁོར་ལོ་བདེ་བ་བསྒོམ་མོ། །རྒྱུད་ཚིག་མདོར་བསྡུས་པ་དེ་ཉིད་རྒྱས་པར་རྩ་རྒྱུད་ཆེན་པོས་འཆད་ལ། དེ་ཡང་དེ་ལྟར་གྱེན་ལ་རྒྱུ་བའི་གཏུམ་མོ་ནི་དོན་དགུས་འཆད་དེ། དེའང་དངོས་གྲུབ་ནས་བར་བཤད་པའི་བར་གྱིས་བསྟན་ཏེ། དངོས་གྲུབ་ཅེས་པའི་རྐང་པ་གཉིས་ཀྱིས་གཏུམ་མོའི་འབྲས་བུའི་ཕན་ཡོན་བསྟན་ཏེ། དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །རྡོ་རྗེ་ཞེས་པའི་ཚིག་རྐང་ཕྱེད་དང་གཉིས་ཀྱིས་ནི་དོན་དང་ལྡན་པའི་མཚན་བསྟན། རྒྱུ་མེད་ཅེས་པས་རང་གི་ངོ་བོ་བསྟན་ཏེ། གཟུང་འཛིན་གཉིས་ཀྱི་ངོ་བོར་མི་འདུག་པས་ནི་དེ་རྒྱུད་མེད་ཅེས་བྱའོ། །རྩ་གསུམ་ཞེས་པའི་རྐང་པ་གཉིས་ཀྱིས་གནས་བསྟན། དེ་ནི་ཞེས་པའི་རྐང་པས་རྒྱུ་བསྟན། འབྱུང་དབྱིབས་ལ་ཞེས་པས་གཏུམ་མོའི་རྟེན་གྱི་རྩ་དབྱིབས་བསྟན། གསང་གནས་རྩ་འཁྱོག་པོ་གཤོལ་གྱི་དབྱིབས་ལྟ་བུ་རུ་གནས་མལ་བྱའོ། །གློག་གི་འོད་འདྲ་བ་ཞེས་པ་ནི་དེའི་རྣམ་པ་བསྟན་ཏེ། རྟེན་རྩ་དེའི་ནང་ན་གཏུམ་མོའི་མེ་དྲོད་ཅན་གློག་ལྟ་བུའི་འོད་ཅན་གནས་པའོ། །ལུས་གནས་ཞེས་པའི་རྐང་པ་གཉིས་ཀྱིས་གཏུམ་མོའི་གནས་བསྟན། སད་པར་བྱེད་ཅེས་པས་ནི་ཁམས་ལ་སོགས་བདེ་བ་རྒྱས་པར་བྱེད་ཅེས་པའོ། །གནས་ཀྱི་ཞེས་པའི་རྐང་པ་གཉིས་ཀྱིས་གཏུམ་མོའི་མིང་གི་རྣམ་པ་དང་གནས་ཀྱི་རྒྱས་བཤད། གསང་བའི་གནས་ཞེས་པ་རྐང་པ་གཉིས་ཀྱིས་རྒྱུའི་རྒྱས་བཤད་བསྟན་པས། དེ་གཉིས་ཀྱི་གོང་དུ་དོན་དགུར་བྱས་པའི་དོན་རེ་རེ་མི་བརྩེ། རང་འོད་ཤེས་རབ་ཅེས་པས་མཚན་ཉིད་བསྟན་ཏེ་མདོར་ན་གཏུམ་མོ་དེའི་མཚན་ཉིད་ནི་ཤེས་རབ་ཡིན་ཞེས་བྱའོ། །ད་ནི་གཏུམ་མོ་དེ་གནས་པའི་རྩ་དེའི་གནས་ལུགས་དང༌། ཁམས་གང་རྒྱུ་བསྟན་ཏེ། ཐུར་དུ་ཞེས་པའི་རྐང་པས་ལྟེ་བའི་འོག་ནས་མར་རྩ་གསུམ་ཡོད་པ་བསྟན། དེ་བཞིན་ཞེས་པའི་རྐང་པས་ལྟེ་བ་མན་ཆད་ཀྱི་རྩ་གསུམ་ཡོད་པ་བསྟན་ཏོ། །ཚངས་པའི་ཞེས་པའི་ཤླཽ་ཀས་ལྟེ་བ་མན་ཆད་ཀྱི་རྩ་གསུམ་ལ་ཕྱོགས་སྔ་མ་རྣམས་ཀྱི། ལྷ་མོའི་མིང་དང་བསྟུན་ཞིང་ཁམས་གང་རྒྱུ་བ་བསྟན་ཏོ། །ཚངས་པ་ལ་སོགས་པ་མངོན་པར་ཞེན་པ་དེ་རྣམས་ལ་ཁོ་བོ་ཅག་གི་རྩ་འདིར་རང་ཚངས་པ་ལ་སོགས་པ་ཡིན་ཞེས་པས་དེ་ལ་དགོངས་པ་རྣམས་འདི་ལྟར་འཇུག་གོ །དེའང་སྐུ་གསུང་ཐུགས་དང་སྦྱར་ན་སོ་སོའི་སྐུ་རང་བཞིན་ཅན་ཚངས་པའི་དབུས་ན་གནས་ཤིང་བཤང་པའི་ཁམས་རྒྱུའོ། །ར་ས་ནཱ་ན་གསུང་གི་རང་བཞིན་ཅན་ཁྱབ་འཇུག་གི་རྩེ་མོ་གཡོན་དུ་གནས་ཤིང་གཅི་བའི་ཁམས་རྒྱུ། ཐུགས་ཀྱི་རང་བཞིན་ཅན་དྲང་པོ་གཡས་ཕྱོགས་སུ་གནས་ཤིང་ཁུ་བའི་ཁམས་རྒྱུའོ། །སྒྲ་ནས་རྒྱུ་བའི་བར་གྱིས་ལྟེ་བ་ཡན་ཆད་ཀྱི་རྩ་གསུམ་གཟའ་གསུམ་དང་སྦྱར་ཞིང་ཁམས་གང་རྒྱུ་བ་བསྟན་ཏེ། དེའང་སྒྲ་གཅན་ལ་སོགས་པའི་གཟའ་གསུམ་དུ་ཞེན་པ་སྤང་བའི་ཕྱིར། རྩ་གསུམ་པོ་དེའི་མིང་བཏགས་ཏེ་དེའི་གོ་བ་སྔ་མ་བཞིན་སྒྲ་གཅན་ནམ་མཁའ་རྒྱུའོ། །ལ་ལ་ནཱ་ས་ཞེས་པའི་ཤླཽ་ཀས་ལྟེ་བ་ཡན་ཆད་ཀྱི་རྩ་གསུམ་གྱི་མིང་ཐུན་མོང་དུ་དྲངས་པ་དེ་བསྟན་ཏོ། །ལྟེ་བ་མན་ཆད་ཀྱི་རྩ་གཡས་གཡོན་གྱི་རྩ་གཉིས་པོ་ལྟེ་བ་མན་ཆད་ཀྱི་འཁོར་ལོ་ལྔའི་བར་དུ་ལུ་གུ་རྒྱུད་དུ་གནས་ཤིང་དེ་ནས་རྒྱུ་བ་སྟོན་ཏེ། ལམ་གསུམ་པ་ཞེས་པ་ནི་འཁོར་ལོ་དེ་རྣམས་ཀྱི་བར་དུ་རྩ་ལུ་གུ་རྒྱུད་དུ་གནས་པས་ན་དྲོད་གྱེན་ལ་རྒྱུ་བ་དང༌། བྱང་སེམས་ཐུར་ལ་འབབ་པ་དང་ཐ་མལ་པའི་རླུང་རྒྱུ་བའི་ལམ་རྩ་གསུམ་གནས་པ་དེ་ལ་བྱའོ། །ཡང་འཇུག་ཅེས་པ་ནི་ཡར་མར་བྱང་སེམས་འཇུག་པའི་དུས་སུའང་ལམ་དེ་གསུམ་ལ་འཇུག་ཅེས་སོ། །སྤྱི་བོ་དང་སྣའི་བར་ཞེས་པ་ནི་རྩ་གསུམ་གྱི་སྣ་རྩེའི་སྤྱི་བོ་ནས་ཐོག་ནས་སྣ་སྒོ་གཡས་གཡོན་དུ་དང་སྨིན་དབུས་སུ་གནས་པའོ། །དེ་ཉིད་རྒྱས་པར་ནི་གཡོན་པ་ནས་འོའི་བར་གྱིས་བསྟན་ཏོ། །དེ་དག་སྔར་ཞེས་པ་ནི་འཁོར་ལོ་དེ་ལྔའི་བར་དུ་ལམ་གསུམ་གནས་པའོ། །ལྟེ་བ་ཞེས་པའི་རྐང་པ་གཉིས་ཀྱིས་འཁོར་ལོ་ལྔའི་དབུས་ཀྱི་ཐིག་ལེའི་མིང་བསྟན་ཏེ། སྒྲ་གཅན་ནི་སྙིང་གའི་ཐིག་ལེ། ཉི་མ་ནི་ལྐོག་མའི། ཟླ་བ་ནི་དཔྲལ་བའི། ཟླ་བ་ནས་མཚན་མ་ནི་སྤྱི་བོའོ། །གཏུམ་མོའི་མཚན་ཉིད་དང་གནས་དེ་ལྟ་བུ་ན་གནས་པའི་གཏུམ་མོ་དེ་གྱེན་ལ་ལམ་གང་ནས་འགྲོ་ཞིང༌། ཡས་མར་བྱང་སེམས་ཇི་ལྟར་འབབ་པ་ནི་གང་དག་ནས་འགྲོའི་བར་གྱིས་བསྟན་ཏེ། དེའང་གང་དག་ཅེས་པའི་ཤླཽ་ཀས་ནི་མཚོན་བྱེད་དཔེ་བསྟན་ཏེ། སྤྱི་ལ་གྲགས་པ་དཔེར་ན་འཇིག་རྟེན་འདོད་པས་མྱོས་པའི་བུ་མོ་གཉིས་ཀྱིས་རྡོ་རྗེ་དང་པདྨ་སྦྱར་ནས་བསྲུབས་པ་ལས་ཙཎྜཱ་ལཱི་འབར་ནས་བདེ་བ་འབེབས་པ་ངེས་པར་འགྲུབ་པ་དེ་བཞིན་དུ་རྣལ་འབྱོར་པས་མུ་དྲཱ་གསུམ་ལ་གང་རུང་དང་སྦྱར་བ་ལས་ཙཎྜཱ་ལཱི་འབར་བར་ངེས་པ་ཡིན་ལ། དེ་ཡང་ལྟེ་བར་འབར་བ་ཌོམྦི་ནཱི་སྟེ་དབུ་མའི་ལམ་ནས་འགྲོའོ། །དེ་ལ་ཌོམྦི་ནཱི་ཟེར་བ་ནི། ཌོམྦི་ཞེས་པ་ནི་རེག་ཏུ་མི་རུང་བའི་རིགས་ངན་ཡིན་པ་ལ། འདི་ཡང་རྣམ་པར་རྟོག་པས་རེག་ཏུ་མི་རུང་བས་ན་ཌོམྦི་ནཱིའོ། །དཀྱིལ་འཁོར་ལྔ་པོ་ཞེས་པའི་ཤླཽ་ཀས་ནི་གཏུམ་མོ་སྦར་ནས་གྱེན་ལ་འགྲོ་བའི་དུས་སུ་ཕུང་པོ་ལ་སོགས་པ་མངོན་པར་ཞེན་པ་རྣམས་བསྲེགས་ནས་འགྲོ་བ་ཡིན་པར་ཤེས་པར་བྱའོ། །དགའ་བ་ཞེས་པའི་རྐང་པས་ནི་གཙོ་བོར་ཐུར་ལ་རྒྱུ་བའི་དུས་སུ་དགའ་བ་བཞིའི་བྱེ་བྲག་གིས་རྒྱུ་བསྟན། འོ་ན་སྤྱི་བོ་རྩ་རང་ཡང་མ་ལུས་པར་འོང་ངམ་ཞེ་ན། དེའི་རྩ་བ་མི་མིན་པ་ནི་ཐིག་ལེ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །གཏུམ་མོ་གྱེན་ལ་རྒྱུ་བའི་དུས་སུ་ཡང་བཞི་རྩ་མེད་པའི་དུས་སུ་ཡང་བཞི་རྩ་མེད་པར་ཡང་མི་འགྲོའོ། །བཞི་རྩ་ནས་དེ་ལ་འཕེལ་བ་ནི་བོདྷི་ཙིཏྟ་ནི་རིམ་གྱིས་དཔྲལ་བའི་འཁོར་ལོའི་བར་དུའོ། །དེ་དུས་ནི་དངུལ་ལ་ཟངས་མའི་ཟོལ་སོངས་བ་ལྟར་དཀར་ལ་དམར་ཆགས་ནས་སོ། །དེ་ལྟར་གསང་བའི་འཁོར་ལོ་ཐིག་ལེས་ཕྱིན་ཞིང་དེ་དང་ཐ་མི་དད་པའི་བདེ་བ་བསྒོམ་པ་དེ་ནི་ཕྱུགས་ཆེན་པོ་ཡིན་ཞེས་བྱ་སྟེ། མདོར་ན་སངས་རྒྱས་ཡིན་ཞེས་བྱའོ། །ལན་སངས་རྒྱས་བདེ་བ་དེ་ལ་ཕྱུགས་ཆེན་པོ་ཟེར་བ་ཅི་སྟེ་ཞེ་ན་ཕྱོགས་སྔ་མའི་ལྷ་མོ་ལྷ་མོའི་མིང་བཏགས་པ་ཡིན་ཏེ། ཕྱོགས་སྔ་མའི་དབང་ཕྱུག་ལྷར་བྱེད་པ་དེ་རྣམས་ན་རེ། འགྲོ་བ་རིགས་དྲུག་གི་ནང་ནས་དམྱལ་བ་དང་ཡི་དྭགས་དང་སྔར་གྱི་ལས་བྱས་པ་དེ་བས་འགྱོད་སེམས་སྐྱེ་ཞིང་གནས་དེ་ནས་མྱུར་དུ་འབྱུང་བ་ཡིན་པ་ལ། བྱོལ་སོང་ཕྱུགས་སུ་སྐྱེས་པ་ནི་ཤིན་ཏུ་གླེན་པས་སྐྱེ་བ་དེ་ལ་མ་ཐར་དགའ་བ་ཡིན་པ་ལའང་ཁོ་བོ་ཅག་གི་དབང་ཕྱུག་གིས་དེ་བསད་ནས་ལྷར་གཏོང་ནུས་པ་ཡིན་པས་ན་དབང་ཕྱུག་ནི་ཕྱུགས་ཆེན་པོ་ཡིན་ནོ། །ཞེས་པ་དེ་གཅིག་པུ་མོས་ཏེ། ཁོ་བོ་ཅག་གི་འདོད་པས་གསང་བར་བདེ་བ་གཉིས་མེད་བསྒོམ་པ་དེ་ནི་རྣམ་རྟོག་འཇོམས་པ་ཡིན་པས་སོ། །དེས་ཕྱུགས་ཆེན་པོ་ཡིན་ཞེས་པས་དེ་རྣམས་འདིར་འཇུག་གོ །འོ་ན་དབང་ཕྱུག་ལ་ནི་ཕྱུགས་ལ་འདེབས་པའི་ཏྲི་ཤཱུ་ལ་རྩེ་གསུམ་པ་ཕྱིར་བསླངས་པ་ཡོད་ན་ཞེས་པ་ལ་དེ་ནི་རྩེ་གསུམ་པའི་རྩའི་སྦུ་གུ་གང་ཡིན་པ་ཞེས་བསྟན་པས་ན་རྩ་གསུམ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །དབང་ཕྱུག་གིས་ནི་ལན་བདུན་པར་མ་ཆད་པར་ཕྱུགས་སུ་སྐྱེས་པའང་ལྷར་གཏོང་ནུས་ཤིང༌། ཚངས་སྤྱོད་མའི་དངོས་གྲུབ་སྟེར་ནུས་པ་ཡིན་ཞེས་པ་ལ། དེ་ལྟ་བུའི་འདོད་པ་དེ་དགག་པའི་ཕྱིར་ལན་བདུན་ཞེས་པའི་རྐང་པ་གཉིས་བསྟན་ཏེ། ལན་བདུན་ཕྱུགས་སུ་སྐྱེས་པ་ནི་ཟས་སྐོམ་ཟོས་འཐུངས་པའི་ལས་ཁུ་བ་སླ་བར་འགྲོ། དེ་ནས་དེའི་བཅུད་ཁྲག་ཏུ། དེ་ནས་ཤ་པགས་པར་རྩ་རྒྱུས། རུས་པར་རྐང་སྟེ་བདུན་པོ་དེར་འགྱུར་བ་ལ། དེ་བདུན་པ་གྲུབ་པའི་ལུས་འདི་དང་འདི་ལ་བརྟེན་པའི་ལུས་ཕུང་པོ་དང་ཁམས་ལ་སོགས་པར་བཞེད་པའི་ཞེན་པ་དེ། དེ་ལྟར་ཕྱིན་པའི་བདེ་བས་མེད་པར་བྱེད་པ་ལ་ལན་བདུན་ཕྱུགས་སུ་སྐྱེས་པ་བསད་དོ་ཞེས་བྱའོ། །བདེ་བ་དེ་ཉིད་ལ་མཁའ་སྤྱོད་ཅེས་བྱ་སྟེ་བདེ་བ་དེ་རྟོག་བྲལ་སྟོང་པའི་ངོ་བོར་གནས་པ་ན་མཁའ་སྤྱོད་ཅེས་བྱའོ། །དེ་ཉིད་ཡོན་ཏན་ཁྱད་པར་ཅན་བསྐྱེད་པའི་གཞིར་འདུག་པས་ན་མ་ཞེས་བྱའོ། །བདེ་བའི་ངོ་བོ་ཡིན་པས་དངོས་གྲུབ་ཅེས་བྱའོ། །མདོར་ན་དེ་ཡན་ཆད་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཐུར་ལ་འབབ་པའི་བདེ་བ་དེ་ཡོན་ཏན་གྱི་བྱེ་བྲག་སྔ་མ་དང་བཅས་པ་བསྟན་ཏོ། །ད་ནི་བྱང་སེམས་གྱེན་ལ་བཟློག་པའི་དོན་དམ་གྱི་དབང་དུ་བྱས་ནས། ཡོན་ཏན་གྱི་བྱེ་བྲག་དཔེ་དང་བཅས་པ་ནི་རྒྱལ་བ་ནས་བཅིངས་ཀྱི་བར་གྱིས་བསྟན་ཏེ། ལྟེ་བ་གསང་བའི་རྡོ་རྗེ་ནོར་བུར་ཕྱིན་པའི་ངོ་བོ་བོདྷི་ཙིཏྟ་ནི། གདུལ་བར་དཀའ་ཞིང་མི་ཐུལ་བའི་ཕྱོགས་ལ་མ་བརྟེན་པར་ཡང་མི་འགྲུབ་པ་ཡིན་ཏེ། དཔེར་ན་དངུལ་ཆུ་དེ་དངུལ་ཆུ་རང་དུ་བྱེད་པ་དང་གསེར་འགྱུར་ལ་སོགས་པར་བྱས་ནས་འབྱུང་བ་གནས་སྐབས་དགུ་སྟེ། དངུལ་ཆུ་མི་མཐུན་པའི་ཕྱོགས་དགྲ་བོ་དེ་མེ་ཡིན་ལ། མེ་ལ་མ་བརྟེན་ན་ཡང་དངུལ་ཆུ་མི་འགྲུབ་སྟེ། ལྕེ་བའི་མེ་ལ་དངུལ་ཆུ་སྦྱོང་འདུལ་བྱེད་པའི་དུས་སུ་དུ་བ་འབྱུང་བ་དང༌། ཙིཏྟའི་སྒྲ་དང་སྦལ་པ་མཆོངས་པ་ལྟར་བྱེད་པ་དང་འདར་བ་དང་འདར་བ་མེད་པ་ཡིན་ལ། དེ་ལྟར་སྦྱངས་པ་དེས་སྨན་གྱི་བྱེ་བྲག་འགའ་དང་སྦྱར་ནས་ཟོས་ན་ནད་འཇོམས་པ་དང༌། ཞུ་བའི་འཁོར་ལོས་སྒྱུར་བ་ཐོབ་ཅེས་བྱ་སྟེ། དངུལ་ཆུས་ཟངས་མ་དངུལ་དུ་བྱས་ནས་དེ་ནས་དངུལ་སྲང་གཅིག་གི་སྦྱོར་བ་དང་ལྕགས་སྒྱུར་བ་ཐོབ་ཅེས་བྱའོ། །དེ་ལ་འཁོར་ལོས་སྒྱུར་བ་ཞེས་པ་ནི་ནོར་མང་བས་ཁྱད་པར་དུ་གྱུར་པ་ཡིན་པས་ན་འདིར་ཡང་གསེར་འགྱུར་གྱི་རྩི་ལས་ལོངས་སྤྱོད་འཕེལ་བར་འགྱུར་བས་འཁོར་ལོས་སྒྱུར་བ་ཞེས་བྱའོ། །ཞུ་བ་ཡིས་ཞེས་པ་ནི་དངུལ་ཆུའི་སྦྱོར་བས་དངུལ་དང་ལྕི་བ་དེ་རྣམས་ཞུ་བ་ལས་སོ། །ཡང་དངུལ་ཆུ་དེ་སྨན་འགའ་ཞིག་དང་སྦྱར་ནས་རིལ་བུ་ཁར་བཅུག་ན་གར་ཡང་ཕྱིན་པ་ལ་སོགས་པ་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་སྨན་འགའ་ཞིག་དང་སྦྱར་ནས་ཟོས་ན་བཅུད་ཀྱི་ལེན་གྲུབ་ནས་ལོ་སྟོང་ལ་སོགས་པར་གནས་པར་བྱེད་དོ། །དེ་ནས་དངུལ་ཆུའི་སྦྱོར་བའི་གནས་སྐབས་ལྔ་དང༌། དངུལ་ཆུ་གྲུབ་ནས་སྦྱོར་བའི་བྱེ་བྲག་གིས་ཟོས་པ་ལ་སོགས་པ་ཡོན་ཏན་བཞི་སྟེ་གནས་སྐབས་དགུའོ། །དེ་བཞིན་དུ་བྱང་སེམས་ཕྱིར་འཛིན་པར་བར་གྱི་སྐབས་ལྔ་དང༌། དེ་ནས་གྱེན་ལ་བཟློག་ནས་གནས་བཞིར་ཕྱིན་པས་ཡོན་ཏན་གྱི་བྱེ་བྲག་གནས་སྐབས་བཞིར་ཐོབ་པ་བཞི་དང་དགུ་སྟེ། དེའང་བོ་དྷི་ཙིཏྟ་འོང་བའི་རྒྱུ་ནི་ཕྱིའི་ཀརྨ་མུ་དྲཱ་ཡིན་ལ། དེ་ལ་མ་བརྟེན་པར་བོ་དྷི་ཙིཏྟ་འཕེལ་བ་དཀའ་བས་ན་དེ་དགོས། དེ་ལ་མཚན་ཉིད་ཇི་ལྟ་བུ་དང་ལྡན་པའི་ཀརྨ་མུ་དྲཱ། དེ་སྦྱར་བས་དང་པོ་བོ་དྷི་ཙིཏྟ་འཕོ་བར་བྱེད་ལ། དེ་ལ་སྦྱོར་བ་གོམས་པས་ཅུང་ཞིག་མི་འཕོ་བར་ནུས་སོ། །དེ་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་དུས་སོ། །དེ་ནས་རང་སྣང་ལྷ་མོ་ཡེ་ཤེས་ཀྱི་མུ་དྲཱ་ཡིད་ལ་བྱས་ནས་དེ་དང་སྦྱོར་བ་ལ་བོ་དྷི་ཙིཏྟ་འཛག་པ་དེ་ལ་དགོངས་པ་ལས་འཛག་པར་བྱེད་དེ་ཅུང་ཞིག་འཛག་པ་མེད་པའོ། །དེ་ནི་སྲོག་རྩོལ་དང་འཛག་པའི་དུས་སུའོ། །དེ་ནས་རྗེས་སུ་དྲན་པའི་གནས་སྐབས་སུ་མ་ཧཱ་མུ་དྲཱ་དམིགས་ཤིང༌། བོ་དྷི་ཙིཏྟ་རྡོ་རྗེ་ནོར་བུར་འགུལ་ནས་གྱེན་ནས་གྱེན་དུ་བཟློག་པའི་ནུས་པ་དང་ལྡན་པ་ནི་དྲི་མ་མེད་པའོ། །དེ་ནས་ཏིང་ངེ་འཛིན་གྱི་སྐབས་ཏེ། དེ་ནི་རྒྱལ་བ་སྟེ་རྣམ་རྟོག་མགོ་ཆོམས་པ་ཡང་ཡིན་ནོ། །ཆོམས་ན་རྡོ་རྗེ་ནོར་བུ་ནས་གསང་བ་ལྟེ་བར་ཕྱིན་པའི་དུས་སུ་རྣལ་འབྱོར་པ་ལུས་ཀྱི་གནད་རྣམས་བཅོམ་ནས་བསྐལ་པ་འཇིག་པའི་བར་དུ་གནས་པའི་རིག་འཛིན་ཐོབ་པར་འགྱུར་རོ། །དེ་ནས་སྙིང་གར་ཕྱིན་པའི་དུས་སུ་ཕུང་པོ་དང་ཁམས་དང་དབང་པོ་དང༌། ཡུལ་རྣམས་སུ་ཞེན་པ་ཀུན་སྤངས་ནས་འཁོར་ལོས་སྒྱུར་བ་སྟེ། དེ་རྣམས་སྤངས་པའི་རྣམ་པར་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་དྲུག་ནས་སྤྲུལ་ནས་སའི་ཡོན་ཏན་ཐོབ་པའི་སྦྱིན་པར་འགྱུར་རོ། །འཁོར་ལོས་སྒྱུར་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བའོ། །དེ་ནས་ལྐོག་མར་ཕྱིན་པའི་དུས་སུ་མཁའ་སྤྱོད་དེ། ཆོས་ཉིད་ཀྱི་བདེ་བ་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བའི་བདེ་བ་སྟོང་པ་དེ་ཐོབ་པར་བྱེད་དོ། །དེ་ནས་དཔྲལ་བར་ཕྱིན་པ་ན་གང་ཡང་ཕྱིན་སོགས་ཏེ། དུས་གཅིག་ལ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །གནས་སྐབས་དེ་རྣམས་སུ་རླུང་སྟོང་བརྒྱད་བརྒྱ་ལ་སོགས་འགགས་པ་དང༌། ཏུརྻ་ལ་སོགས་པ་ཟད་པ་དང༌། རྒྱུ་མཐུན་ལ་སོགས་པའི་འབྲས་བུ་ཐོབ་པ་གོང་དུ་བསྟན་པ་རྣམས་ཀྱང་ཤེས་པར་བྱའོ། །དེ་ནས་སྤྱི་བོར་ས་བཅུ་གཉིས་ཀུན་ཏུ་རྫོགས་སོ། །སད་པ་ནས་ལྟེ་བར་བྱེད་ཀྱི་བར་གྱིས་གོང་མ་དེ་རྣམས་ཀྱི་བསྡུས་དོན་བསྟན་ཏོ། །ཏུརྻའི་གཉིད་སད་པ་ལ་སོགས་པ་གནས་སྐབས་ཀུན་རྫོགས་ནས་སྤྱི་བོར་ཕྱིན་པའི་དུས་སུ་སངས་རྒྱས་མྱུར་དུ་ཐོབ་བོ། །ཇི་ལྟར་ཞེས་པའི་རྐང་པས་དངུལ་ཆུའི་གནས་སྐབས་དགུའི་དོན་ཤེས་པར་བྱའོ། །དེ་ལྟར་ནས་འབྱུང་གི་བར་གྱིས་ནི་ཀུན་རྫོབ་བོ་དྷི་ཙིཏྟ་ཐུར་ལ་འབབ་པ་དང༌། དོན་དམ་དུ་གྱེན་ལ་བཟློག་པ་སྟེ། དེ་རྣམས་ཕྱོགས་སྔ་མ་རྣམས་ཀྱི་མིང་དང་སྦྱར་ནས་བཤད་པ་བསྟན། དངུལ་ཆུའི་དཔེས་མཚོན་ནས་བསྟན་པའི་ཡེ་ཤེས་བཅུད་ཀྱིས་ལེན་ཏེ། དེ་ལྟར་བཤད་པ་དེ་ཡང་བཤད་པར་བྱ་ཞེས་བྱའོ། །དེ་ལྟར་ཞེས་བྱ་སྟེ་དེ་ལྟར་ཀུན་རྫོབ་བྱང་སེམས་འབྱུང་ལ་རྒྱུ་བའི་དབང་དུ་བྱས་ནས་ཏེ། དཔྲལ་བར་སྐུའི་འཁོར་ལོ་ལ་ཚངས་པའི་སྐུའི་མིང་གིས་བསྟན་པའི་གནས་སུ་བོ་དྷི་ཙིཏྟ་དགའ་བའི་རང་བཞིན་ཅན། ལྐོག་མར་ཁྱབ་འཇུག་གསུང་གི་མིང་ཅན་བསྟན་པའི་གནས་སུ་མཆོག་དགའི་བྱེ་བྲག་གིས་བོ་དྷི་ཙིཏྟ་རྒྱུ་བ་དང༌། སྙིང་གར་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་མིང་བཏགས་པའི་ཐུགས་ཀྱི་བདག་ཉིད་ཅན་དེ་སྣ་ཚོགས་པའི་རྐང་པས་བདེ་བ་གནས་པ་ནི་དབང་ཕྱུག་ཅེས་བྱའོ། །དེ་ནས་གསང་བའི་འཁོར་ལོ་ལྷུང་ཞེས་པ་ནི། ལྟེ་བ་དང༌། གསང་བ་དང༌། རྡོ་རྗེ་ནོར་བུ་གསུམ་གྱི་གནས་སུ་ཕྱིན་པར་བྱས་ཏེ། འོག་སྒོའི་དབང་དུ་བྱས་ནས་ལྟེ་བ་སྐུ། གསང་བ་གསུང༌། རྡོ་རྗེ་ནོར་བུ་ཐུགས་སོ། །དེ་ལྟར་ལྷུང་བ་དེ་ནི་ཕྱུགས་ཆེན་པོ་ཡིན་ནོ། །འཇིག་ཅེས་པའི་རྐང་པ་གཉིས་ཀྱིས་རྡོ་རྗེ་ནོར་བུ་དང་གསང་བའི་དབང་དུ་བདེ་བ་བོ་དྷི་ཙིཏྟ་བཟློག་པ་བསྟན་ཏོ། །དེའི་ཕན་ཡོན་ནི་འཇིག་པའི་བསྐལ་པ་སྟེ། བསྐལ་པ་གནས་པའི་བར་དུ་ཐུབ་པ་ནས་རིག་འཛིན་གྱི་དངོས་གྲུབ་ཀྱི་ཚེ་སྦྱིན་པར་བྱེད་པ་བསྟན། གྱེན་གྱི་ཞེས་པའི་རྐང་པས་ཕྱིན་པའི་བདེ་བ་དེ་ལ་ཕྱུགས་ཡིན་པར་བསྟན་ཏེ། དེ་ནས་ཚངས་པ་དེ་སྤྱི་བོ་བདེ་བ་ལས་ཕྱིན་པ་ན་བུདྡྷ་ཐོབ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པར་སྤྲུལ་ལ་ལོངས་སྤྱོད་པའི་འབྲས་བུ་འབྱུང་བས། ལོངས་སྤྱོད་འགྲོ་བའི་ཞེས་བྱའོ། །དེས་ན་ཕྱུགས་བསད་པའི་ཞེས་བྱ་ནི། ཆུ་སེར་དང་ཁྲག་ལ་སོགས་པ་ལས་གྲུབ་པའི་ལུས་སུ་བཞེད་པ་དེ་སྤངས་པ་ལ་ཕྱུགས་བསད་པ་ཡིན་པར་ནི་དེ་བཞིན་གཤེགས་པའི་ཤླཽ་ཀས་བསྟན། འདིར་ནི་ཞེས་པ་འདི་ཡི་རྒྱུད། །འདིར་ཕྱུགས་སྐྱེས་བ་བདུན་པ་བས། །དེ་ནི་དབང་ཕྱུག་མཆོག་ཏུ་འགྱུར། །ཞེས་པ་ནི། ལུས་གྲུབ་པའི་རྒྱུ་ཁམས་བདུན་པོ་ལས་གྲུབ་པའི་ལུས། ཞེས་པས་དེ་སྤངས་པ་དེ་དབང་ཕྱུག་མཆོག་ཡིན་ནོ། །འོ་ན་ལུས་ཀྱི་ཁམས་བདུན་པོ་དེ་སྐྱེ་བ་བདུན་པའི་ཕྱུགས་བསད་པ་ནི་མ་ཡིན་ན། ལུས་ཀྱི་ཁམས་བདུན་རང་གང་ཡིན་ཞེ་ན། དེའི་ལན་ནི། སྐྱེ་བ་བདུན་ནས་ཡིན་གྱིས་བསྟན་ཏེ། ཁུ་བར་སོང་ཞེས་བྱ་བ་ནི་ཟས་ཞུ་ནས་སླ་བར་སོང་བ་ལ་བྱའོ། །དེ་ལྟ་བུའི་སྐྱེ་བ་བདུན་པ་དེ་ཉིད་ལ། མཛོད་སྤུ་ཞེས་བྱ་དྲུག་བཤད་ཅིང༌། མཛོད་སྤུ་དྲུག་པོ་དེ་ལ་རིགས་དྲུག་འཛོམ་པ་དེ་ཉིད་ཅེས་པའི་རྐང་པ་གསུམ་གྱིས་བསྟན་ཏོ། །དེ་ཉིད་བརྟེན་པའི་སྦྱོར་བ་ཞེས་པ་ནི་ཁམས་བདུན་པོ་དེ་ཉིད་བརྟེན་པ་ཡིན་ལ། དེའི་རྟེན་ནི་ལུས་ཡིན་ནོ། །བརྟེན་པ་བདུན་པོ་དེ་ལས་ཁུ་བ་ཞེས་པ་དེ་མ་གཏོགས་པ་གཞན་དྲུག་ནི་མཛོད་སྤུ་དྲུག་གོ །མཛོད་སྤུ་དྲུག་པོ་དེ་ཉིད་ལུས་རྒྱུ་བ་ཡིན་པས་ན་རིགས་ཞེས་བྱའོ། །རྟེན་མཛོད་སྤུ་དྲུག་པོ་དེ་དེའི་རྟེན་ལུས་གྲུབ་པ་ནི་ལུས་ཅན་ཧེ་རུ་ཀའི་བར་གྱིས་སྟོན་ཏེ། ལུས་གྲུབ་པའི་ཉེར་ལེན་གྱི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་གཉིས་ནས་རྐང་པ་དང་པོ་གཉིས་ཀྱིས་ཕའི་ས་བོན་དང༌། མའི་ཁྲག་གཉིས་བསྟན། ཉེར་ལེན་གྱི་རྒྱུ་ནི། ལུས་ནི་ནས། ཡེ་ཤེས་ཞེས་པའི་བར་གྱིས་བསྟན། སྒྲིབ་པ་དང་བཅས་པས་རྣམ་ཤེས་ཉོན་མོངས་ངོ་བོར་གནས་པས་དེ་ལ་ཡེ་ཤེས་ཞེས་བྱའོ། །ཁྱབ་བྱེད་ཅེས་བྱ་སྟེ་མ་ལུས་སོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*