གུར་རིགས་བསྡུས་ཀྱི་རིག་པའི་དབང་ལྔའི་བཤད་པ།

༼ཀ༽༄། །གུར་རིགས་བསྡུས་ཀྱི་རིག་པའི་དབང་ལྔའི་བཤད་པ་བཞུགས།། ༄༅། །འཁོར་གསུམ་ཡོངས་སུ་དག་པ་ལ་བཞི་སྟེ། དེ་ལ་ཆུའི་དབང་གི་དུས་སུ་བདག་དང་སློབ་མ་དང་བུམ་པའི་ནང་གསུམ་ཀར་མི་བསྐྱོད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། མཱ་མ་ཀཱི་ལ་འཁྱུད་པ་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་གསུམ་ཆར་དུས་གཅིག་བྱས་ཀྱང་བཏུབ། དེ་ནས་དབང་བསྐུར་ཙམ་ན་དང་པོ་ལ་བླ་མ་དང་བུམ་པའི་ནང་ན་མོ་གཉིས་དབང་བསྐུར་ཏེ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་ཐམས་ཅད་སྤྱན་དྲངས་ཏེ། དེ་དག་ལ་གསོལ་བ་བཏབ་པས་དེ་དག་ཧེ་རུ་ཀའི་གཟུགས་སུ་བྱས་ཏེ། བདག་དང་བུམ་པའི་ལྷ་ལ་སྤྱི་བོ་ནས་དབང་བསྐུར་བར་བསམས་ཏེ། དེས་ལུས་ཐམས་ཅད་ཁེངས་ཏེ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་ལ་མཚན་པར་བསམ། དེ་ནས་བུམ་པའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པས་ཞུ་བར་གྱུར་པ་དེ། བླ་མས་ལག་ཏུ་ཐོགས་ཏེ་དབང་བསྐུར། དུས་དེར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་རིན་པོ་ཆེའི་བུམ་པ་བྱང་སེམས་ཀྱིས་གང་བས་དབང་བསྐུར་བར་བསམ། དེས་ལུས་མཐའ་དག་ཁེངས་ཏེ། ཡར་ལུད་པས་མི་བསྐྱོད་པས་དབུ་ལ་མཚན་པར་བསམ། དེས་ནི་བདག་གི་རྣམ་ཤེས་གནས་གྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྱུར་པར་བསམ། དང་པོའོ། །གཉིས་པ་ཅོད་པན་དང་བླ་མ་དང་སློབ་མ་གསུམ་ཀ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་རིན་ཆེན་སྒྲོལ་མ་ལ་འཁྱུད་པར་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱས་ལ། དེ་ནས་བླ་མས་ཅོད་པན་གྱིས་དབང་བསྐུར་ཏེ། སྙིང་གའི་ཏྲཱྃ་ལས་འོད་འཕྲོས་པས་དབང་གི་ལྷ་སྤྱན་དྲངས་ཏེ། གསོལ་བ་བཏབ་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པས་རིན་པོ་ཆེའི་ཅོད་པན། བདག་དང་ཅོད་པན་གྱི་མགོ་ལ་བཅིངས་པས། བདེ་བ་ཆེན་པོ་མངོན་དུ་བྱས་ཏེ་སྤྱི་བོར་རིན་ཆེན་འབྱུང་ལྡན་གྱིས་མཚན་པར་བསམ། དེ་ནས་ཅོད་པན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་བསྐྱེད་པ་དེ་སྙོམས་པར་ཞུགས་པས་ཞུ་བ་ལས་ཅོད་པན་དུ་གྱུར་པ་དེ། བླ་མས་ལག་ཏུ་ཐོགས་ཏེ། ཤི་ཥྱའི་མགོར་བཅིངས། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཀྱང་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བསམ། སྤྱི་བོར་ཡང་རཏྣ་སཾ་བྷ་ཝས་མཚན་པ། དེས་ནི་ཚོར་བ་གནས་གྱུར་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཏོ། །དེ་ནས་གསུམ་པ་རྡོ་རྗེ་དང་བླ་མ་དང༌། སློབ་མ་གསུམ་ཆར་འོད་དཔག་མེད་སྐུ་མདོག་དམར་པོ། ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་གོས་དཀར་མོ་ལ་འཁྱུད་པའི་དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་འཁོར་ལོ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱས། དེ་ནས་བླ་མ་དང་རྡོ་རྗེ་ལྷར་བསྐྱེད་པ་ལ་དབང་བསྐུར་ཏེ། སྙིང་གའི་ཛྲཱིཾ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་སྤྱན་དྲངས་ལ་གསོལ་བ་བཏབ་པས། དེ་དག་གིས་རྡོ་རྗེ་རྩེ་དགུ་པ་ལག་པ་གཡས་པར་བཞག་པས་བདེ་བ་ཆེན་པོ་མངོན་དུ་བྱས། དེའི་སྤྱི་བོར་ཡང་འོད་དཔག་མེད་ཀྱིས་མཚན་པར་བསམ། དེ་ནས་རྡོ་རྗེ་འོད་དཔག་ཏུ་མེད་པ་ཡབ་ཡུམ་དུ་བསྐྱེད་པ་དེ་སྙོམས་པར་ཞུགས་པས་ཞུ་བ་ལས་རྡོ་རྗེར་གྱུར་པ་དེ། ལག་ཏུ་ཐོགས་ལ་ཤི་ཥྱ་ལ་དབང་བསྐུར། དེའི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པས་ཀྱང་རྡོ་རྗེ་རྩེ་དགུ་པ་ཐོགས་ཏེ། ཤི་ཥྱའི་ལག་ཏུ་འཇོག་པར་བསམ། དེས་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ་སྤྱི་བོར་འོད་དཔག་མེད་ཀྱིས་མཚན། དེས་ནི་འདུ་ཤེས་གནས་གྱུར་ཏེ། །སོ་སོར་རྟོག་པར་གྱུར་པར་བསམ། །དེ་ནས་བཞི་པ་དྲིལ་བུ་དང༌། བདག་དང་སློབ་མ་སུམ་ཆར་ཡོངས་སུ་དག་པ་གསུམ་དུས་གཅིག་ཏུ་བྱས་ལ། དེ་ནས་བླ་མ་དང་དྲིལ་བུ་དོན་གྲུབ་ཏུ་བསྐྱེད་པ་ལ་དབང་བསྐུར་ཏེ། སྙིང་གའི་ཁྃ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། གསོལ་བ་བཏབ་པས་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲིལ་བུས་ལག་པ་གཡོན་པར་དབང་བསྐུར། སྤྱི་བོར་ཡང་དོན་གྲུབ་ཀྱིས་མཚན། དེ་ནས་དྲིལ་བུ་དོན་གྲུབ་ཡབ་ཡུམ་དུ་དག་པ་བཞིས་བསྐྱེད་པ་དེ་སྙོམས་པར་ཞུགས། ཞུ་བ་ལས་དྲིལ་བུར་གྱུར་པ་དེ་བླ་མས་ཐོགས་ཏེ་སློབ་མ་ལ་དབང་བསྐུར། དེའི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པས་ཀྱང་དྲིལ་བུ་དེ་ལག་པ་གཡོན་པར་གཏོད་པར་བསམ། དེས་བདེ་བ་ཆེན་པོ་མངོན་དུ་བྱས་ནས། སྤྱི་བོར་ཡང་དོན་གྲུབ་ཀྱིས་མཚན། དེས་ནི་འདུ་བྱེད་གནས་གྱུར་ཏེ་བྱ་བ་ནན་ཏན་དུ་གྱུར། དེ་ནས་ལྔ་པ་བདག་དང་སློབ་མ་དག་པ་གསུམ་གྱིས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་ཕྱག་སྔ་མ་དང་འདྲ་བ། ཡུམ་སྤྱན་མ་ལ་འཁྱུད་པར་བསྐྱེད་ལ། སྙིང་གའི་ཧྃ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་གསོལ་བ་བཏབ་པས། བདག་རང་ལ་མིང་གིས་དབང་བསྐུར། སྤྱི་བོར་ཡང་རྣམ་པར་སྣང་མཛད་ཀྱིས་མཚན། དེ་ནས་སློབ་མས་དབང་བསྐུར་གསོལ་བ་བཏབ་པས། དེ་དག་གིས་མེ་ཏོག་གང་ལ་ཕོག་པའི་ལྷ་ལས་མིང་དྲས་ཏེ་བཏགས་པར་བསམ། དེ་ནས་བདེ་བ་ཆེན་པོ་མངོན་དུ་བྱས་པར་བསམས་ཏེ། སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན། དེས་ནི་གཟུགས་ཕུང་རྣམ་པར་དག་པ་མེ་ལོང་ལྟ་བུར་གྱུར། དེ་ནས་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་རྩེ་དགུ་པ་ལག་པ་གཡས་པར་འཇོག་པ་ནི་ཐུགས་ཀྱི་དམ་ཚིག ཨ་ལས་བསྐྱེད་པའི་དྲིལ་བུ་ལག་པ་གཡོན་པར་འཇོག་པ་ནི་གསུང་གི་དམ་ཚིག དག་པ་བཞིས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་ཕྱག་གོང་མ་དང་འདྲ་བ་ཡུམ་རྡོ་རྗེ་སྙེམས་མ་ལ་སྙོམས་པར་ཞུགས་པ་བསྐྱེད་པ་ནི་སྐུའི་དམ་ཚིག་གོ །དེས་ནི་དབྱིངས་ཡེ་ཤེས་དབྱེར་མེད་པ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ། །དེ་ནི་སློབ་དཔོན་གྱི་དབང་ངོ༌། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་དབང་བསྐུར་བར་གསོལ་བ་བཏབ་པས། རིན་པོ་ཆེ་ལས་བྱས་པའི་བུམ་པ་བྱང་སེམས་ཀྱིས་བཀང་བས་དབང་བསྐུར་བས་ལས་དང་ཉོན་མོངས་པ་ཐམས་ཅད་དག་སྟེ། བདེ་བ་ཆེན་པོར་གྱུར་པ་ནི་བུམ་པའི་དབང་ངོ༌། །དེ་དག་ནི་བུམ་པ་དང་འབྲེལ་བས་བུམ་པའི་དབང་ཞེས་བྱའོ། །དེས་ལུས་རྟག་པ་སྟེ་རྣམ་སྣང་དུ་གྱུར། ཨི་ཐི། ས་ཆེན་གྱིའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*