རྡོ་རྗེ་གུར་གྱི་བཤད་པའི་ཆིངས།

༼ཀ༽༄༅། །རྡོ་རྗེ་གུར་གྱི་བཤད་པའི་ཆིངས་བཞུགས། ཨོཾ་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དེ་ལ་ཐོག་མར་སྒྲུབ་པ་པོ་རྟེན་གྱི་གང་ཟག་རྡོ་རྗེ་གུར་གྱི་རྗེ་བཙུན་དང་རྗེ་བཙུན་མའི་དཀྱིལ་འཁོར་གང་ཡང་རུང་བའམ། རྗེ་བཙུན་གྱི་དཀྱིལ་འཁོར་ལས་ཀྱང་རིགས་བསྡུས་པའམ་སོ་སོར་ཕྱེ་བ་གང་ཡང་རུང་བར་དབང་བསྐུར་བས་སྣོད་དུ་རུང་བར་བྱ་དགོས་པས། ཐོག་མར་དབང་བསྐུར་བ་ལ། དེ་ཡང་རྒྱུད་ལས་འཁྲུགས་ཀྱི་ཚུལ་གྱིས་ལེའུ་བརྒྱད་ཀྱིས་བསྟན་ཏོ། །དེ་ཡང་ཐོག་མར་ལེའུ་བརྒྱད་པ་ནས་འབྱུང་བའི་ཚུལ་གྱིས་བླ་མ་མཚན་ཉིད་དང་ལྡན་པ་བཙལ་ལ། བསྙེན་བཀུར་བྱས་ལ་མཉེས་པར་བྱ། མཉེས་ནས་དབང་བསྐུར་བར་གསོལ་བ་གདབ། དེ་ནས་བླ་མས་མཚན་མའམ་ཟླ་བ་དྲུག་གི་དུས་སམ། བཟླས་པ་དང་བསྒོམ་པས་གྲངས་ཀྱི་བསྙེན་པ་སྟེ། གང་རུང་གསུམ་གྱིས་བསྙེན་པ་བྱ། །དེ་ཡང་གྲངས་ཀྱི་བསྙེན་པ་སྐྱེལ་བ་ན། །མཆོག་གི་དངོས་གྲུབ་བསྒྲུབ་པ་ལྟར། །རྗེ་བཙུན་དང་རྗེ་བཙུན་མའི་དཀྱིལ་འཁོར་གང་ཡང་རུང་བ་ཡན་ལག་དྲུག་གི་ཆོ་གས་བསྐྱེད་ལ། གཙོ་བོ་ལ་འབུམ་དང་འཁོར་ལ་ཁྲི་ཁྲི་བསྐྱལ། དེ་ནས་སའི་ཆོ་ག་ལ། དེ་ཡང་ལེའུ་བརྒྱད་པ་ལས། ས་སྦྱང་བ་དང་གཟུང་བ་ཟུར་ཙམ་བསྟན། ལེའུ་གཉིས་པ་ལས། དཀྱིལ་འཁོར་གྱི་དབྱིབས་ལ་སོགས་པ་བསྟན། སའི་ཆོ་ག་རྫོགས་པར་མ་བསྟན་པས་སྔོན་དུ་སའི་ཕྱོགས་ལ་སོགས་པ་བརྟག དེ་ནས་ས་བསླང༌། ལས་སམ་བྱ་བས་སྦྱང༌། དངོས་གྲུབ་ཀྱི་ལྟས་བརྟག བགེགས་སྦྱང་ཞིང་ས་ཕྱོགས་བདག་གིར་ཡོངས་སུ་ཟུང༌། རྡོ་རྗེས་ས་ཡོངས་སུ་གཟུང༌། རྡོ་རྗེས་ས་བྱིན་གྱིས་བརླབ། ཕྱིས་བགེགས་མི་འབྱུང་བར་བྱ་བའི་ཕྱིར་ས་བསྲུང༌། ས་ཡོངས་སུ་ཟུང་བའི་རྐང་སྟབས་ཀྱི་བཀོད་པ་ལ་སོགས་པ་ལེའུ་བཅུ་བཞི་པ་ལས་བསྟན་ཏོ། །དེ་ནས་སྟ་གོན་གསུམ་ལས་ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པའོ། །གཉིས་པ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །བུམ་པ་སྟ་གོན་ནི་རབ་ཏུ་གནས་པ་དང་ཕྱོགས་གཅིག་ཏུ་ལེའུ་དགུ་པ་ལས་བསྟན་པ་ལས། རིགས་བསྡུས་པ་རབ་འབྲིང་གང་ཡིན་ཀྱང་རིགས་ལྔའི་བུམ་པ་ལྔ་དང༌། ལས་ཐམས་ཅད་པ་དང་དྲུག་གིས་བྱ་གསུང༌། རྒྱས་པར་བྱས་ན་ལྷ་གྲངས་དང་མཐུན་པའི་བུམ་པ་བཅས་ལ། དེའི་སྟེང་དུ་ལས་ཐམས་ཅད་པ་བསྣན་ལ་བྱ། བུམ་པ་ཇི་ལྟར་བཤམ་པ་དང་བཅུད་གཞུག་པ་ལ་སོགས་པ་མན་ངག་དང་དཀྱིལ་འཁོར་ཆོ་ག་དག་ལས་ཤེས་པར་བྱ་གསུང༌། དེ་ནས་དཀྱིལ་འཁོར་སོ་སོའི་དབྱེ་བས་ཐིག་ཤེས་པར་བྱ་བ་ལས། བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ན། ལེའུ་བརྒྱད་པ་ལས་འབྱུང་བའི་ཚུལ་གྱིས་ཐིག་གདབ། ཡང་དེ་དང་ལེའུ་གཉིས་པ་ལས་འབྱུང་བའི་ཚུལ་གྱིས་རྡུལ་ཚོན་དགྱེ་ཞིང་མཚན་མ་དགོད། དེ་ནས་རྒྱུད་ལས་གསུངས་པ་མེད་ཀྱང་བླ་མའི་མན་ངག་གིས་དཀྱིལ་འཁོར་བསྒྲུབ། དེ་ནས་ལེའུ་བཅུ་བཞི་པ་ནས་འབྱུང་བའི་མཆོད་པ་ལྔ་དང་རོལ་མོ་དང་གླུ་ལ་སོགས་པས་མཆོད། ཡང་ལེའུ་བརྒྱད་པ་ལས་འབྱུང་བའི་ཚུལ་གྱིས་མཆོད་པ་དང༌། ནང་གི་སྦྱིན་སྲེག་དང་ཕྱིའི་སྦྱིན་སྲེག་གིས་མཆོད། དང་པོ་སློབ་དཔོན་བདག་ཉིད་འཇུག དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག དེ་ནས་རྒྱུད་ལས་གསུངས་པའི་རིམ་པ་ཉིད་ཀྱིས་དབང་བསྐུར་བ་ལས། མདོར་བསྡུ་ན་དབང་བཞིས་རྒྱུད་དག་ཅིང་ལམ་བསྟན་པའི་སྣོད་དུ་རུང་བར་ལེའུ་བདུན་པ་ལས་གསུངས་ལ། གོ་རིམ་གྱི་ཚུལ་གྱིས་ལེའུ་བཅོ་ལྔ་པར་དབང་གི་རབ་ཏུ་དབྱེ་བ་བཅུ་གཉིས་སུ་རྒྱས་པར་གསུངས། རིག་པའི་དབང་ལ་སོགས་པའི་ཆོ་ག་འཁོར་གསུམ་ཡོངས་སུ་དག་པ་བཞི་ལ་སོགས་པ་རྒྱས་པར་ལེའུ་བཞི་པ་ལས་གསུངས་པའི་ཚུལ་གྱིས་དབང་བསྐུར་བ་ཡང༌། གསང་བ་ཤེས་རབ་ཡེ་ཤེས་གཉིས་ཀྱི་རྟེན་ཇི་ལྟ་བུ་ལ་བྱ་བ་དང༌། ཇི་ལྟར་དབང་བསྐུར་ཞིང་དེ་དག་དང་འབྲེལ་བའི་དམ་ཚིག་སྦྱིན་པ་བསྟན་པས། དེ་ལས་བྱུང་བའི་ཚུལ་གྱིས་དབང་གཉིས་པོ་དེ་དག་བསྐུར། དེ་ལྟར་དབང་བསྐུར་ནས་སློབ་མས་དྲིན་ལན་གྱི་ཚུལ་དུ། ལེའུ་དགུ་པ་ལས་བྱུང་བའི་ཚུལ་གྱིས་རིགས་དང་རྗེས་སུ་མཐུན་པའི་ཡོན་དབུལ། དེ་ནས་བླ་མས་རྒྱུད་འདི་ལས་གསུངས་པ་མེད་ཀྱང༌། དཔལ་ཡང་དག་པར་སྦྱོར་བ་ལ་སོགས་པའི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཕྱིའི་མཆོད་པས་སོགས་པ་དང༌། སྦྱིན་སྲེག་གིས་ཀྱང་མཆོད་དེ། བཟོད་པར་གསོལ་ནས་ཡི་གེ་བརྒྱ་པས་ལས་ཀྱི་ལྷག་ཆད་བསྐངས་ལ། རྡུལ་ཚོན་ཀྱང་ཡི་གེ་ཧཱུྃ་བརྗོད་པས་བསྡུས་ཏེ། རོལ་མོ་དང་བཅས་པས་ཆུ་བོར་དོར་བར་བྱའོ། །དབང་བཞི་པ་འབྲས་བུའི་དབང་དུ་བྱས་ཏེ་དབང་གསུམ་པོ་ལ་སློབ་དཔོན་གསུམ་སྟེ། ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་རྡོ་རྗེ་སློབ་དཔོན་དང༌། རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་ཐོབ་པའོ། །དཀྱིལ་འཁོར་ཡང་གསུམ་སྟེ། བསྐྱེད་པ་རྡུལ་ཚོན་དང༌། རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དང༌། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། བྷ་གའི་དཀྱིལ་འཁོར་རོ། །དབང་གསུམ་སྟེ་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་སོ། །དབང་གི་གནས་གསུམ་སྟེ། ལུས་ངག་ཡིད་གསུམ་དང༌། ཡང་སྤྱི་བོ་དང་ལྕེ་དང་མཛེས་པའི་སྤྱི་བོའོ། །དྲི་མ་གསུམ་དག་སྟེ། ལུས་དང༌། ངག་དང༌། སེམས་ཀྱི་དྲི་མ་དག་པར་བྱེད་དོ། །དེ་ལ་ལམ་རྣམ་པ་གསུམ་བསྟན་ཏེ། སྤྲུལ་པའི་སྐུའི་བདག་ཉིད་དབྱིབས་ཀྱི་ལམ་དང༌། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་རང་བྱིན་གྱིས་བརླབ་པའི་རིམ་པའི་ལམ་དང༌། ཆོས་ཀྱི་སྐུའི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*