རྫོང་སར་མཁྱེན་བརྩེས་མཁན་ཆེན་གྱི་སྤྱན་ཤེལ་ཕྱིས་པའི་རྒྱབ་ལོགས་ཀྱི་དོན་སྙིང་གླེང་བ།

རྫ་ཚེ་རིང་བཀྲ་ཤིས།

ང་ཚོས་མཁྱེན་གསལ་ལྟར། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་མཛད་སྤྱོད་ནི་གཞན་དག་དང་ཡེ་མ་འདྲ་སྟེ། ཧ་ཅང་རྒྱུན་ལྡན་དང་། ཡང་ན་ཧ་ཅང་རྒྱུན་ལྡན་མ་ཡིན་པའི་མཛད་པ་སྐྱོང་མཁན་ཞིག་རེད། ཕར་མཇལ་སར་སྲོལ་རྒྱུན་གྱི་བླ་མ་དང་གཏན་ནས་མ་འདྲ་བ་ཞིག་རེད་ཅེས་ཞུ་ཐུབ།
ཡང་སྐབས་མང་པོ་ཞིག་ཏུ་ཁོང་ནི་ཧ་ཅང་སྲོལ་རྒྱུན་གྱི་ངང་ཚུལ་འཆང་མཁན་ཞིག་ཡིན་ཏེ། གང་ལྟར་ཁོང་གི་གནང་སྟངས་ཀྱིས་མི་རྣམས་ལ་སེམས་འགུལ་གཏིང་ཟབ་ཐེབས་སུ་འཇུག་ཅིང་། མང་པོ་ཞིག་ལ་བློ་སྒོ་ཕྱེ། དེ་ནི་གུས་རང་ཉིད་རིན་པོ་ཆེའི་སློབ་མ་ཞིག་ཡིན་པའི་ངོས་ནས་ནམ་བཞག་རྒྱུན་དུ་རིན་པོ་ཆེའི་མཛད་སྤྱོད་ལས་ཐོབ་པའི་ཉམས་མྱོང་ཡིན།

ཉེ་ཆར་ངས་ངོ་དེབ་ནས་འཕགས་ཡུལ་རྫོང་སར་གྱི་ཆོས་གྲོགས་མཁན་པོ་སྒྲོལ་མ་ཚེ་རིང་གི་ངོ་དེབ་ཏུ་བརྒྱུད་འགོད་གནང་བའི་བརྙན་ཐུང་ཞིག་མཇལ་བྱུང་། བརྙན་ཐུང་དེ་དང་མཉམ་དུ་མཁན་པོ་ཁོང་གིས་ཡི་གེ་ཞིག་ཀྱང་བྲིས་འདུག་པའི་ནང་དོན་ཧ་ལམ་འདི་འདྲ་ཞིག་རེད།

ང་ཚོར་མཁན་རྒན་རིན་པོ་ཆེ་དང་མཁྱེན་བརྩེ་རིན་པོ་ཆེ་གཉིས་ཆར་མཉམ་དུ་དབུ་འཛོམས་ཡིན་པའི་བསྐལ་བཟང་གི་ཉིན་མོ་འདི་འདྲ་ཞིག་ཡོད་མྱོང་མོད། དེའི་དུས་ཚོད་དེ་རིན་ཐང་དེ་ཙམ་ཆེན་པོ་ཡིན་པ་དེ་ཚེ་དེའི་དུས་སུ་ང་ཚོས་ཡག་པོ་ཞིག་ངོས་ཟིན་ཡོད་དམ་ཞེས་དྲིས་འདུག །ཁོང་གི་བཀའ་མོལ་དེ་དང་ཁྱད་པར་དུ་བརྙན་ཐུང་གི་ནང་དོན་གྱིས་ང་ལ་ཚོར་བ་ཆེན་པོ་ཞིག་སྤྲད་བྱུང་།

ལར་ནས་མཁན་ཆེན་ཀུན་དགའ་དབང་ཕྱུག་ནི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པའི་རྩ་བའི་བླ་མར་བཀུར་བ་ཞིག་རེད་ལ། ཧ་ཅང་བསམ་གྱིས་མི་ཁྱབ་པའི་མཁན་པོ་ཞིག་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་ཀྱང་རེད། ཡིན་ན་ཡང་། གཉན་འཕྲང་གི་དུས་རིམ་ནང་ལོ་ངོ་ཉི་ཤུ་རྩ་གྲངས་ཤིག་གཙོན་ཁང་དུ་སྐུ་ཚེ་སྐྱེལ་དགོས་བྱུང་ཡོད།
ལོ་རབས་བདུན་ཅུ་པའི་མཇུག་དེར། ཉིན་གཅིག་མཁན་པོ་ཁོང་ལ་ས་ཐག་རིང་པོ་ནས་བསྐུར་བའི་འཕྲིན་ཡིག་ཅིག་འབྱོར་ཡོད་དེ། དེ་ནི་ཁོང་གི་རྩ་བའི་བླ་མའི་ཡང་སྲིད་ཡིན་པའི་སྤྲུལ་སྐུ་ན་གཞོན་ཞིག་གིས་བྲིས་པའི་ཕྱག་ཡིག་ཅིག་རེད།

ཕྱག་ཡིག་དེའི་ནང་དོན་མདོར་བསྡུས་ན། ༼ངས་ཁྱེད་རང་ད་དུང་གསོན་པར་འཚོ་བཞུགས་གནང་བཞིན་ཡོད་པ་གོ་བྱུང་། ཁྱེད་རང་གང་མགྱོགས་ངེས་པར་དུ་འཕགས་ཡུལ་དུ་ཕེབས་དགོས་ཡོད། འཕགས་ཡུལ་དུ་རྫོང་སར་བཤད་གྲྭའི་བསྟན་པ་སླར་གསོ་ཡོང་རྒྱུ་དེ་ཁྱེད་ཀྱི་འོས་འགན་ཡིན།༽ ཞེས་བྲིས་ཡོད།

ལར་ནས་རྫོང་སར་བཤད་གྲྭ་ནི། རང་གི་རྩ་བའི་བླ་མ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་དམ་གྱི་མཐིལ་ཡིན་པ་དེ་མཁན་རིན་པོ་ཆེས་མཁྱེན་གྱི་ཡོད་པས།  ཡང་སྲིད་རིན་པོ་ཆེའི་ཕྱག་ཡིག་མཇལ་མ་ཐག་ཏུ་དགའ་གུས་ཚད་མེད་པ་ཐུགས་ལ་འཁྲུངས་ཤིང་། བློ་ཐག་རྦད་ཆོད་ཀྱིས་འགྲུལ་བཞུད་ཀྱི་དབུ་བརྩམས།
སྐབས་དེར་མཁན་ཆེན་ཀུན་དགའ་དབང་ཕྱུག་ཁོང་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པའི་རྒན་ཁོག་ཅིག་ཡིན་པའི་ཁར། བསམ་ཡུལ་ལས་འདས་པའི་དུས་ངན་ཅིག་བརྒྱུད་མ་ཐག་པའི་གྲིབ་ནག་ནི་ད་དུང་ཡང་གཡས་གཡོན་ནས་མ་ཡལ་བ་ལྟར་སྣང་མོད། དེ་གང་གིས་ཀྱང་ཁོང་གི་ཆོད་སེམས་ལ་གཡོ་འགུལ་ཐེབས་མ་ཐུབ་པར། ཁོང་དེ་ལྟར་ཧི་མ་ལའི་གངས་རིའི་ཕྲེང་ཚོགས་འཕྲེད་དུ་བརྒལ་ནས་ཟླ་བ་གསུམ་གྱི་ཞབས་ཐང་གི་འགྲུལ་བཞུད་བརྒྱུད་བལ་ཡུལ་དུ་འབྱོར་བ་རེད།
གོ་ཐོས་ལྟར་ན། མཁན་ཆེན་མཆོག་བལ་ཡུལ་ཡམ་བུའི་མཐིལ་དུ་འབྱོར་བའི་ནུབ་དང་པོ་དེར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་གྱི་དགོན་པ་ཞིག་གི་སྒོ་འགྲམ་ནས་མཚན་གཅིག་གཟིམས་པ་རེད་ཟེར། དེ་ནས་ཉིན་གཉིས་པར་དེར་ཡོད་དག་གིས་ཁོང་སྤྱིར་བཏང་གི་ཨ་སྐྱོ་ཞིག་མིན་པ་དེ་ངོ་ཤེས་མགོ་ཚུགས་པ་དང་། དེ་ནས་རིམ་གྱིས་འབྲས་ལྗོངས་སུ་ཡང་སྲིད་རིན་པོ་ཆེ་དང་ཐོག་མའི་ཞལ་འཛོམས་བྱུང་ཡོད།
མཁན་ཆེན་གྱི་ངོས་ནས་དུས་ནམ་ཡང་། སྐུ་ན་ཕྲ་བའི་ཡང་སྲིད་རིན་པོ་ཆེ་དེའང་རང་གི་རྩ་བའི་བླ་མ་མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་དང་གཉིས་སུ་མེད་པའི་དད་གུས་མཐའ་གཅིག་ཏུ་ཞུས་ཡོད་ལ། ལས་ཅི་ལ་ཐུག་ཀྱང་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་དགོངས་སྒྲུབ་རྒྱུ་དེ་རང་གི་རྩ་བའི་བླ་མའི་བཀའ་དགོངས་སྒྲུབ་བཞིན་པ་ཞིག་ཏུ་ངོས་འཛིན་གནང་ཡོད། དགོངས་པ་བཞེས་སྟངས་འདི་ལ་སྔོན་གྱི་བསྟན་བཅོས་དག་ཏུ། དམ་པས་མང་པོ་ཁས་འཆེ་མི་བྱེད་ཀྱི། །གལ་ཏེ་དཀའ་ལས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཅི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་ཡོད།

དེ་ནས་ལོ་ངོ་ཉི་ཤུ་ལྷག་གི་དུས་ཡུན་གྱི་འབད་བརྩོན་བརྒྱུད་འཕགས་ཡུལ་བྱང་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཆེ་ཤོས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་འདི་ཉིད་མངོན་གྱུར་གནང་ཡོད། ཐོག་མཐའ་བར་གསུམ་དུ་མཁན་རིན་པོ་ཆེ་མཛད་འཕྲིན་གྱི་རྒྱབ་ལོགས་སུ་མཁྱེན་བརྩེ་རིན་པོ་ཆེའི་རྒྱབ་སྐྱོར་དང་རམ་འདེགས་ཡོད་པ་ཨ་ཅང་ཅང་། ཕྱོགས་གཞན་ཞིག་ནས་སྐབས་དེར་དཔེ་ཁྲིད་ནས་འཛིན་སྐྱོང་གི་བར་གྱི་བཤད་གྲྭའི་ཉིན་རེའི་གནང་སྒོ་ཚང་མར་ཐད་ཀར་གཟིགས་སྐྱོང་གནང་མཁན་ནི་མཁན་རིན་པོ་ཆེ་ཉིད་གཙོ་བོ་ཆགས་ཡོད། འདི་ལ་དགོངས་ནས་ཅོན་ཏ་རར་རྫོང་སར་བཤད་གྲྭ་གསར་པ་དངོས་སུ་བསྐྱར་བཞེངས་གྲུབ་པའི་རབ་གནས་འགྲུབ་སྟོན་གྱི་མཛད་སྒོའི་ཐོག་མཁྱེན་བརྩེ་རིན་པོ་ཆེས་ཀྱང་། ༼བཤད་གྲྭ་འདིའི་ཕྱི་དང་ནང་། རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་མཁན་རིན་པོ་རང་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་བ་རེད། ངའི་ངོས་ནས་བྱས་བཞག་པ་ཞིག་གང་ཡང་མེད། ༽ཅེས་མཁན་ཡིན་རིན་ཆེའི་མཛད་པ་ལ་གདེངས་འཇོག་གནང་ཡོད།
མ་ཟད་སྐབས་དེ་ཤེད་ཅིག་ཏུ། བླ་མ་སྤྱན་རས་གཟིགས་ཀྱིས་དགྱེས་ཚོར་ཆེན་པོས་བཤད་གྲྭའི་ཕྱི་ནང་གི་སྤུས་ཚད་ཧ་ཅང་ཡག་པོ་ཡོད་པའི་བསྔགས་བརྗོད་དང་འབྲེལ། འབྱུང་འགྱུར་གྱི་འཛིན་སྐྱོང་ཐད་བཀའ་འདྲི་ཕེབས་སྐབས། མཁན་རིན་པོ་ཆེས། ༼ད་ནས་བཟུང་འཛིན་སྐྱོང་དང་མཐུན་རྐྱེན་ཡོངས་རྫོགས་མཁྱེན་བརྩེ་རིན་པོ་ཆེས་ཐུགས་འགན་ཆ་ཚང་བཞེས་རྒྱུའི་ཞལ་བཞེས་ཡོད་གནང་ཡོད། ༽ཅེས་བཀའ་ལན་ཕུལ་བ་ལྟར། བསྟན་འགྲོའི་དོན་ཆེན་དང་འབྲེལ་བའི་ཕྱག་ལས་མང་པོ་ཞིག་གི་ཐད་མཁན་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཧ་ཅང་གྲ་འགྲིགས་པོའི་སྒོ་ནས་ཆར་པ་ཆུ་གྲོགས་སུ་འགྱུར་བའི་ལས་བགོས་ཀྱི་ཕྱག་ལེན་ཡིད་དུ་འོང་བ་ཞིག་ཕྱག་བསྟར་གནང་ཡོད།

དེ་ཡང་ཁོང་རྣམ་པ་གཉིས་བར་གྱི་ཕན་ཚུན་གྱི་མཛའ་བརྩེ་དང་ཡིད་ཆེས་ཀྱི་དཔེ་མཚོན་འོས་ཤོས་ཤིག་ནི་གོང་དུ་གླེང་བཞིན་པའི་བརྙན་ཐུང་འདི་འཇོག་ཆོག་སྟེ། གཤམ་ནས་ང་ཚོས་བརྙན་ཐུང་དེར་གསལ་བའི་མཁན་སྤྲུལ་གཉིས་ཀྱི་མཇལ་འཕྲད་ཀྱི་རྣམ་པ་དེར་མཉམ་དུ་མཇལ།
དང་ཐོག་མཁན་སྤྲུལ་རྣམ་པ་གཉིས་ཚིག་ཇ་ལྟ་བུ་ཞིག་གསོལ་ཞོར་བཤད་གྲྭའི་ལས་དོན་དང་འབྲེལ་བའི་བཀའ་མོལ་ཅི་ཞིག་གསུང་གིན། མཁན་རིན་པོ་ཆེས་རྒྱུན་ལྡན་ལྟར་ཆེས་ཉམ་ཆུང་དང་གུས་ཉམས་ཆེན་པོས་དབུ་ཅུང་ཟད་སྨད་དེ། རིན་པོ་ཆེ་ལ་བཤད་གྲྭའི་ནང་ལོགས་ཤིག་ལ་བར་ཆོད་གསར་པ་ཞིག་རྒྱག་དགོས་མིན་དགོངས་བསྐོར་ཞུ་བ་ལྟར་གནང་བཞིན་འདུག །

སྐབས་དེར་རིན་པོ་ཆེས། ༼གང་ན་ཆོད་རྒྱག་དགོས་ཀྱི་ཡོད་ན་རྒྱོབས། འདུ་ཁང་ལ་ཆོད་ཅིག་རྒྱག་དགོས་ནའང་། གང་ལ་ཆོད་རྒྱག་དགོས་ན་མཁན་རིན་པོ་ཆེས་གནང་རོགས་གནང་། ༽ཞེས་ཀུ་རེ་དང་སྦྲགས་པའི་བཀའ་མོལ་དེ་གསུངསས་པ་དང་མཁན་རིན་པོ་ཆེ་ཡང་བཞད་མོ་བཞད་གནང་སོང་།

མ་གཞི་མཁྱེན་བརྩེ་རིན་པོ་ཆེའི་བཀའ་མོལ་ནི། སུས་ཉན་ན་ཡང་སེམས་ལ་ཟུག་པོ་དང་སེམས་འགུལ་ཐེབས་པ་ཞིག་ཡོད་པ་ལྟར། རིན་པོ་ཆེའི་གསུངས་སྟངས་དེ་ག་རང་གིས་མཁན་རིན་པོ་ཆེ་ལ་ལན་དེ་ཕུལ་བ་དེས་ཀྱང་ཁོང་རྣམ་གཉིས་ཕན་ཚུན་ཡིད་ཆེས་ཅི་ཙམ་གནང་གིན་ཡོད་པའི་རྣམ་པ་དེ་ཡང་ལམ་ཙམ་རྟོགས་ཐུབ།

དེའི་རྗེས་ཐོག་དེར་ཧ་ཅང་ཡིད་དུ་འོང་བའི་དོན་དག་གཞན་ཞིག་བྱུང་སོང་། དེ་ཡང་མཁྱེན་བརྩེ་རིན་པོ་ཆེས་བཀའ་མོལ་གནང་བཞིན་པའི་འཕྲོ་དེ་གར། ཕྱག་གཡས་པ་ཕར་བསྐྱངས་ཏེ་ཚིག་ཇའི་ཇ་ཕོར་དེ་ཉིད་གསོལ་ཅོག་ཐོག་ཏུ་བཞག་ཟིན་པ་དང་། གཡོན་ཟུར་གྱི་ལག་ཁུག་ཆུང་ཆུང་དེའི་ནང་ནས་ཤོག་བུ་ལྟ་བུ་ལྷེབ་མོ་ཆུང་ཆུང་ཞིག་ཕྱག་ཏུ་བཞེས་བཞིན། སྟེང་འོག་བརྗེས་ནས་ནན་གཟིགས་ཤིག་གནང་རྗེས་མཁན་རིན་པོ་ཆེ་ལ་ཞལ་ཕྱོགས་ཏེ།

ཁྱེད་ཀྱི་སྤྱན་ཤེལ་དེ་ངས་ཅིག་འབྱིད་ཡོང་།

ཞེས་ཞུས་པ་དང་། མཁན་རིན་པོ་ཆེས་ཀྱང་། ལམ་སང་སྤྱན་ཤེལ་ཕུད་ནས་རིན་པོ་ཆེར་གཏད་གནང་སོང་།
སྐབས་དེར་མཁྱེན་བརྩེ་རིན་པོ་ཆེས་ཐུགས་དགོངས་མང་པོ་བཞེས་ཡོད་མི་སྲིད་ན་ཡང་། ཧ་ཅང་བཅོས་མིན་གྱི་ཐོག་ནས་དགོང་ལོ་བརྒྱད་ཅུར་ཕེབས་ཟིན་པའི་མཁན་རིན་པོ་ཆེ་ཉིད་རང་ཉིད་ཀྱི་ཁྱིམ་ཚང་གཅིག་གི་ནང་མི་རྒན་པ་དང་། བཀའ་དྲིན་ཆེ་བའི་ཆོས་ཀྱི་དགེ་རྒན་ཞིག་གི་གཟིགས་སྟངས་ཀྱི་ཐོག་ནས་མཁན་རིན་པོ་ཆེའི་སྤྱན་ཤེལ་ངོས་སུ་སྣུམ་དང་ས་རྡུལ་ལྟ་བུ་འགོས་ཡོད་པ་གཟིགས་མ་ཐག་ལམ་སང་འབྱིད་རྒྱུའི་དགོངས་པ་འཁོར་བ་རེད་སྙམ། དེ་ནི་ཆེས་བཅོས་མ་མིན་པའི་མཇལ་འཕྲད་དང་ནང་ཚགས་ཀྱི་ཡིད་ཆེས་དང་མཛའ་བརྩེ་ཁོ་ནའི་ཐོག་ནས་རང་བཞིན་གྱིས་ཐོན་ཡོང་བའི་ལུས་ངག་གི་རྣམ་འགྱུར་སྙིང་རྗེ་མོ་ཞིག་རེད།

ལར་མཁྱེན་བརྩེ་རིན་པོ་ཆེ་ནི་འཕགས་ཡུལ་རྫོང་སར་བཤད་གྲྭ་ཐོག་མར་འབྲས་ལྗོངས་སུ་དབུ་ཚུགས་པའི་དུས་རིམ་དེའི་མཁན་ཆེན་གྱི་སློབ་མ་སྔ་ཤོས་གྲས་ཡིན་ཞིང་། སྐབས་དེར་མཁྱེན་བརྩེ་རིན་པོ་ཆེ་དང་འཛིན་གྲྭ་གཅིག་པའི་སློབ་མ་ཁག་ཅིག་ཡོད་པ་དེ་དག་ཀྱང་མང་ཆེ་བ་ད་ཆ་རྒྱ་བལ་འབྲུག་གསུམ་སོགས་སུ་མཛད་འཕྲིན་རྒྱས་བཞིན་ཡོད། མཁྱེན་བརྩེ་རིན་པོ་ཆེའང་མཁྱེན་ཡོན་དང་སྙན་གྲགས་གང་ཅིའི་ཐད་ནས་རྒྱལ་སྤྱིའི་རང་བཞིན་གྱི་ནང་པའི་སློབ་དཔོན་ཞིག་ཆགས་ཟིན་པ་དང་། མཁན་རིན་པོ་ཆེ་ལ་ཕར་བཀའ་འགྱུར་རིན་པོ་ཆེའི་ལུང་གིས་མཚོན་པའི་དབང་ལུང་མན་ངག་གནང་མཁན་གྱི་བླ་མའང་ཡིན་མོད། བརྙན་ཐུང་འདིའི་ནང་གི་རྫོང་སར་རིན་པོ་ཆེ་ནི་སྐབས་དེའི་མཁན་རིན་པོ་ཆེའི་དགེ་ཕྲུག་གི་ལོ་རབས་སུ་ཕྱིར་ལོག་གནང་བཞིན་པ་ལྟར་སྣང་སྟེ། གང་ལྟར་འདི་ནི་སྙན་གྲགས་ཆེན་པོ་ཡོད་པའི་མཁན་སྤྲུལ་གཉིས་ཀྱི་ཞལ་འཛོམས་ཙམ་མིན་པར། ཞབས་ཞུ་བ་ཡག་པོ་ཞིག་གིས་རང་གི་བླ་མ་ལ་ཞབས་གཡོག་ཞུ་བཞིན་པའམ། གུས་ཞབས་ཅན་གྱི་བུ་ཚ་སྤྱོད་བཟང་ཞིག་གིས་རང་གིས་ནང་མི་རྒན་པ་ལ་ཞབས་ཏོག་ཞུ་བ་དང་འདྲ་བར་སེམས་འགུལ་ཐེབས་པ་ཞིག་རེད། ད་ལྟའི་དུས་འདིར་གཞོན་སྐྱེས་མང་པོ་ཞིག་གིས་ཐ་ན་རང་གི་ཕ་མ་རྒན་རབས་ལའང་འདི་ལྟར་ཞིབ་ཚགས་པོས་ཞབས་ཞུ་ཞུ་ཐུབ་ཀྱི་མེད།
འགའ་ཞིག་གིས་ད་དུང་ཡང་འདི་ནི་འུད་བརྗོད་དང་རབ་བཏགས་ཤིག་རེད་དགོངས་སྲིད་མོད། ང་ཚོ་མཁན་སྤྲུལ་རྣམ་པ་གཉིས་ཀྱི་སློབ་བརྒྱུད་ཅིག་གི་ངོས་ནས་ཁོང་རྣམ་པ་གཉིས་ཀྱི་ཉམས་དགའ་བའི་མཇལ་འཛོམས་ཀྱི་རྣམ་པ་ཐུན་མོང་མ་ཡིན་པ་འདི་ལྟ་བུ་དག་ནི་ཧ་ཅང་དོན་སྙིང་ལྡན་པའི་ལམ་སྟོན་དང་མིག་དཔེ་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད།
མ་ཟད་ཕྱོགས་གཞན་ཞིག་ནས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ངོས་ནས་ཞུས་ན། སྐུ་སྒེར་གྱི་མཚན་སྙན་དང་། སྐྱེ་སྤྲུལ་གྱི་རྒྱབ་ལྗོངས་གང་ཞིག་ཡོད་མིན་ལ་མ་ལྟོས་པར། རྒན་པ་དང་དགེ་རྒན་གྱི་དྲུང་ན་རང་ཉིད་དད་གུས་ཟོལ་མེད་ཞུ་མཁན་གྱི་གཞོན་རབས་པ་ཞིག་དང་། དྲིན་བྱས་དྲིན་དུ་ཚོར་བའི་བུ་ཚ་ཡ་རབས་ཤིག་དང་འདྲ་བར་རང་ཉིད་ཀྱི་དགེ་རྒན་ལ་འཛིན་པའི་སྤྱོད་ལམ་གྱི་མིག་དཔེ་བཟང་པོ་བསྟན་པ་ཞིག་ཀྱང་རེད།

ད་དུང་ཁ་སྐད་ཀྱིས་ཞུས་ན། རྒྱུན་གྱི་མཛད་སྤྱོད་དང་གནང་སྟངས། ཐུགས་གཤིས་དང་དགོང་ན་སོགས་ཕར་ལྟ་སར་ཁྱད་པར་ཆེན་པོ་ཡོད་པའི་མི་གཉིས་འདི་ལྟར། སོ་སོ་རང་རང་རང་གི་ཐུན་མོང་མིན་པའི་ཁྱད་ཆོས་དང་འཇོན་ཐང་དེ་ཉིད་ཐུན་མོང་གི་སྡིངས་ཆ་གཅིག་གི་ཐོག་ཏུ་བེད་སྤྱོད་བཏང་ནས་བསྟན་པའི་ཞབས་འདེགས་རླབས་ཆེན་བསྒྲུབས་པའི་ནུས་ཤུགས་སུ་བསྒྱུར་ཐུབ་པ་ཞིག་བྱུང་ཡོད་པ་འདི་ནི། དེང་སང་གི་དགོན་བདག་བླ་སྤྲུལ་དང་མཁན་པོ་དགེ་བཤེས་སོགས་ཀྱི་བར་ང་བཟང་ཁྱོད་ངན་དང་། ཁྱོད་བདེན་ང་རྫུན། ང་ཆེ་ང་བཙན་གྱི་རྭ་རུ་མདའ་མདུང་མང་པོ་བརྩད་ནས་སྡེ་དགོན་གཉིས་ཀ་གྱོད་ལ་སྦྱར་ནས་མཐར་རང་གཞན་གཉིས་མེད་བྱས་ནས་བསྡད་ཡོད་མཁན་གྱི་དགོན་ཆུང་གི་བླ་མ་མཁན་དགེ་དེ་ཚོར་བརྡ་ལན་སྟོབས་ལྡན་ཞིག་བྱིན་པ་རེད་ཅེས་བརྗོད་ཆོག །

འབྲི་མཚམས་འདིར་བསླེབས་དུས། ངས་རང་ཉིད་ནི་ཧ་ཅང་བསོད་ནམས་ཆེན་པོ་ཡིན་པའི་ངེས་ཤེས་སྐྱེས་ཤིང་། མི་ཚེ་འདིར་བསོད་ནམས་དང་ལས་འཕྲོ་མི་དམན་པ་ཡོད་པས་ཁོང་རྣམ་པ་ལྟ་བུའི་བླ་མ་ཡག་པོ་མང་པོ་དང་མཇལ་ཞིང་། ཁོང་རྣམ་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་ཐོབ་མཁན་ཞིག་ཏུ་གྱུར་པ་རེད་ཨང་སྙམ་བྱུང་། བླ་མ་མཁྱེན། སྤྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ ཉིན་ཨོ་གླིང་རི་བོ་སྔོན་པོར་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*