རྗེ་བཙུན་མའི་ཞབས་བརྟན།

ཆོས་སྤྱོད་དཀར་ཆག

༈ །རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་གྱི་ཞབས་བརྟན་སྨོན་ཚིག་འཆི་མེད་བདུད་རྩིའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ།། 

༈ །རབ་མཛེས་མཚན་དཔེའི་སྣང་བརྙན་ཡིད་ཀྱི་མཚོར། །འཕོས་པའི་མོད་ལ་འཆི་མེད་མཆོག་སྩོལ་བའི། །འཕགས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས། །དེང་འདིར་འཆི་མེད་གྲུབ་པའི་དགའ་སྟོན་སྩོལ། །རིགས་གསུམ་ཟློས་གར་རྗེ་བཙུན་ས་སྐྱ་པའི། །འགྲོ་ཀུན༷་དག༷འ་མཛད་ཐབས་མཁས་འཕྲིན༷་ལས༷་ཀྱིས། །སྲིད་ཞིའི་ཕན་བདེའི་འཛུམ་པའི་དཔ༷ལ་སྟེར༷་མ། །མཁས་བཙུན་གྲུབ་པའི་དབང་མོ་ཞབས་བརྟན་གསོལ། །སྐུ་ཚེའི་འདུ་བྱེད་བསྐལ་པ་རྒྱ་མཚོར་བརྟན། །དམ་པའི་ཚུལ་དགུས་དཔལ་གྱིས་རབ་མཛེས་ཤིང་། །གཞན་ཕན་འཕྲིན་ལས་མཁའ་ལྟར་ཁྱབ་པ་ཡི། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་བཀྲ་ཤིས་ཤོག ། ཅེས་པ་འདི་ཡང་རང་རིགས་རྗེ་བཙུན་ཆུང་ངུའི་འཁྲུངས་སྐར་ཐེང་དང་པོའི་སྐབས་འདོན་རྒྱུ་དགོས་ཞེས་རྨོ་རྨོ་ལགས་ནས་བསྐུལ་མ་མཛད་པ་བཞིན་འཁོན་རིགས་ཁྲི་འཛིན་ངག་དབང་ཀུན་དགས་གནས་ཆེན་ལུམ་བྷི་ཚལ་བཀྲ་ཤིས་རབ་བརྟན་གླིང་དགོན་པར་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*