འདུལ་བ་མདོའི་དཀའ་བའི་གནས་རྣམ་པར་བཤད་པ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ། ག ༽

ཞར་བྱུང་ནི་ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་ཆོས་ཅན། དོན་ཤེས་མི་མཐུན་ཡང་མི་ཚངས་སྤྱོད་ཀྱི་ཡུལ་དུ་རུང་བ་ཡིན་ཏེ། འཁྲིག་པ་བསྟེན་པའི་ཕྱིར། མཐུ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། ལྔ་པ་ཡན་ལག་གི་སེལ་བ་སོ་སོའི་དབྱེ་བ་ལ། དབང་དུ་བྱེད་པའི་མདོ་དང༌། སོ་སོའི་དོན་ནོ། །དང་པོ་ནི། འོག་མ་དག་ལ་ནི་ཆོས་ཅན། ཡན་ལག་ཏུ་བཞག་པ་རྣམས་ཚང་བ་ལས་གཞན་ལ་ལྟུང་བ་དངོས་གཞི་བསྐྱེད་པ་མ་ཡིན་ཏེ། ཡན་ལག་མ་ཚང་ན་ན་སྨད་པ་ཉིད་སྐྱེད་པའི་ཕྱིར། ཡན་ལག་འགའ་ཞིག་ཚང་དུ་མ་མ་ཚང་བ་ལ་ནི་ཆོས་ཅན། དེ་བས་ཀྱང་ཆེས་ན་སྨད་ཀྱི་རྒྱུ་ཡིན་ཏེ། ལྟུང་བ་དངོས་གཞི་བསྐྱེད་པ་ལ་དགོས་པའི་ཡན་ལག་དུ་མ་མ་ཚང་ཞིང༌། གཅིག་ཙམ་ཚང་བའི་ཕྱིར། མི་ཡན་ལག་ཏུ་དགོས་པའི་ལྟུང་བ་ལ། དུད་འགྲོ་ཡན་ལག་ཏུ་བྱས་པ་ལ་ཡང་ཆོས་ཅན། རྟགས་ཆོས་སྔ་མ་བཞིན་ནོ། །གཉིས་པ་ལ། ཡུལ་གྱི་ཡན་ལག བསམ་པའི་ཡན་ལག མཐར་ཐུག་གི་ཡན་ལག སྦྱོར་བའི་ཡན་ལག་གོ །དང་པོ་ལ་ཡུལ་སེམས་ཅན་ལ་བརྟེན་པ་དང༌། སེམས་ཅན་མ་ཡིན་པ་ལ་བརྟེན་པའོ། །དང་པོ་ལ། རེག་པ་དང༌། ཐ་སྙད་སྤྱི་ལ་བརྟེན་ནས་བསྐྱེད་པ་དང༌། ཁྱིམ་པ་ལ་བརྟེན་ནས་བསྐྱེད་པ་དང༌། རབ་བྱུང་ལ་བརྟེན་ནས་བསྐྱེད་པའོ། །དང་པོ་ནི། ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཉིད་ནི་ཆོས་ཅན། རེག་པའི་ལྷག་མ་མ་ཡིན་པའི་བུད་མེད་སྤྱི་སྐྱེད་ཀྱི་ལྟུང་བ་རྣམས་ཀྱི་ཡན་ལག་ཏུ་དགོས་པ་ཡིན་ཏེ། དེའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། རེག་པའི་ལྷག་མ་དང་ཕམ་པ་དངོས་གཞི་ཆོས་ཅན། རེག་བྱ་རེག་བྱེད་གཉིས་ཀའི་ལུས་མ་ཉམས་པ་ཡན་ལག་ཏུ་དགོས་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། ག་ག་ཚིལ་བྱེད་པའི་ལྟུང་བ་དངོས་གཞི་ཡང་ཆོས་ཅན། རྟགས་ཆོས་སྔ་མ་བཞིན་ནོ། །སེན་མོ་ངོས་དང༌། ཤ་མེད་པའི་རུས་པ་དང༌། སྤུ་དག་ནི་ཆོས་ཅན། རེག་པའི་ཕམ་ལྷག་དང༌། ག་ག་ཚིལ་བྱེད་པའི་ལྟུང་བྱེད་དངོས་གཞི་བསྐྱེད་པའི་ཡུལ་དུ་མི་རུང་སྟེ། གཞན་ལུས་ཉམས་པ་དང་ལྡན་པའི་ཕྱིར། གཉིས་པ་ཐ་སྙད་སྤྱི་སྐྱེད་ལ། དངོས་དང༌། སེལ་བ་དང༌། རེག་པ་དང་འདྲ་བར་སྟོན་པའོ། །དང་པོ་ནི། མིའི་འགྲོ་བ་པ་ཐ་སྙད་ལྔ་དང་ལྡན་པ་ནི་ཆོས་ཅན། ཐ་སྙད་དུ་བྱ་བའི་ལྟུང་བ་རྣམས་ཀྱི་ཡན་ལག་ཡིན་ཏེ། དེ་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། ཐ་སྙད་ལྔ་ནི། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ་མ་ནིང་དང་མཚན་གཉིས་པ་མ་ཡིན་པའོ། །གཉིས་པ་སེལ་བ་ནི། མིའི་འགྲོ་བ་པ་ཡིན་ཡང་རང་བཞིན་ཉམས་པ་སྨྱོ་བ་སོགས་ནི་ཆོས་ཅན། ཐ་སྙད་དུ་བྱ་བའི་ལྟུང་བ་རྣམས་ཀྱི་ཡན་ལག་མ་ཡིན་ཏེ། བྱ་བ་དང་བྱ་བ་མ་ཡིན་པའི་བློ་རང་བཞིན་དུ་མི་གནས་པའི་ཕྱིར། དེ་བཞིན་དུ་མི་ཡིན་ཡང་མ་ནིང་དང༌། མཚན་གཉིས་པ་དག་ནི་ཆོས་ཅན། དེའི་ཡན་ལག་མིན་ཏེ། རང་བཞིན་ཉམས་པ་དེ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། རེག་པའི་ཕམ་ལྷག་ཆོས་ཅན། ཐ་སྙད་སྤྱི་སྐྱེད་ཀྱི་ལྟུང་བ་དང་འདྲ་སྟེ། མི་ཡིན་པ་དང༌། བསམ་པ་རང་བཞིན་དུ་གནས་པ་དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། ནི་ཞེས་པ་ནི་ངེས་པར་བཟུང་བ་སྟེ། རེག་པའི་བསླབ་པའི་གཞི་ནི་ཐ་སྙད་ཀྱི་བསླབ་པའི་གཞི་དང་འདྲ་ཞེས་པའི་དོན་ཡིན་གྱི། ངོ་བོ་འདྲ་བ་མ་ཡིན་ཏེ། འདི་ཡུལ་གྱི་རེག་པ་ཉམས་སུ་མྱོང་བ་ཡིན་ལ། ཅིག་ཤོས་ནི་ཐ་སྙད་ངག་ཏུ་སྨྲ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཕྱི་རོལ་པའི་རབ་ཏུ་བྱུང་བ་དང༌། མ་ཆགས་པ་དང༌། ཉམས་པ་ལ་ནི་ཆོས་ཅན། ཁྱིམ་པ་སྤྱི་བསྐྱེད་ཀྱི་ལྟུང་བ་རྣམས་ཀྱི་སྐབས་སུ་དངོས་གཞི་ཡན་ལག་མ་ཡིན་ཏེ། ཕྱེད་ཉིད་ཁྱིམ་པ་ཡིན་པའི་ཕྱིར། བཞི་པ་རབ་བྱུང་ལ་བརྟེན་ནས་བསྐྱེད་པ་ལ། ཕྱི་རོལ་པའི་རབ་བྱུང་ལ་བརྟེན་ནས་བསྐྱེད་པ་གཉིས། ནང་པའི་རབ་བྱུང་སྤྱི་ལས་བསྐྱེད་པ་སྦེད་པ་དང༌། ཕྱི་དྲོ་གྲོང་དུ་འཇུག་པ་གཉིས། དགེ་ཚུལ་ལ་བརྟེན་པ་དགེ་ཚུལ་བསྙིལ་བ་བསྡུད་པ་རྣམས་བཤད་ཀྱང༌། འདིར་སྐབས་སུ་བབ་པ་བསྙེན་པར་རྫོགས་པ་སྤྱི་བསྐྱེད་ཀྱི་ལྟུང་བ་རྣམས་ཀྱི་སྐབས་སུ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཆོས་ཅན། དགེ་སློང་ཕ་མས་བསྐྱེད་པའི་བསླབ་པ་དག་ལ་ཡན་ལག་ཡིན་ཏེ། དེའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། རྫོགས་པ་སྤྱི་བསྐྱེད་ཀྱི་ལྟུང་བ་རྣམས་ཀྱི་ནང་ནས་ཀྱང་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་རྣམས་ཆོས་ཅན། ཡུལ་དགེ་སློང་དེ་མཚན་དང་ལྡན་པ་རང་ཕྱོགས་སུ་ཁས་བླངས་པ་དག་གི་སྒོ་ནས་མཐུན་པ་ཡན་ལག་ཏུ་དགོས་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། ཡུལ་དགེ་སློང་ཡན་ལག་ཏུ་དགོས་པ་འདིར་གཏོགས་པ་ལ་ཁྱིམ་པ་ཡུལ་དུ་བྱས་པ་ལ་ནི་ཆོས་ཅན། དངོས་གཞིའི་ཡན་ལག་མ་ཡིན་ཏེ། རྟགས་ཅན་ཉིད་ཀྱི་བས་ཀྱང་ན་སྨད་པ་ཡིན་པའི་ཕྱིར། གཉིས་པ་སེམས་ཅན་མ་ཡིན་པས་བསྐྱེད་པ་ནི། རབ་ཏུ་བྱུང་བའི་རྫས་ལྷུང་བཟེད་དང༌། ཆོས་གོས་དང་སོགས་པས་བསྐྱེད་པའི་ལྟུང་བ་དག་ལ་ཆོས་ཅན། རྫས་དེ་རུང་བ་ཉིད་དང་ཚད་དང་ལྡན་པ་སོགས་ཡན་ལག་ཏུ་དགོས་པ་ཡིན་ཏེ། དེ་ཁྱོད་ཀྱི་དངོས་གཞི་ཚང་བའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་བསམ་པའི་ཡན་ལག་ནི། རང་གི་དོན་ཉིད་ཡིན་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་རྣམས་ཆོས་ཅན། རང་དོན་གཙོ་ཆེར་ཡོད་པ་ཀུན་སློང་ཞིག་གི་ཡན་ལག་ཏུ་དགོས་ཏེ། གཞན་དོན་ནམ་རང་གཞན་གཉིས་ཀའི་དོན་དུ་བྱེད་ན། ལྟུང་བ་ན་སྨད་ལས་ལྷག་པ་མི་སྐྱེད་པའི་ཕྱིར། དཔེར་ན་གཞན་དོན་དུ་འཁྲིག་ཚིག་སྨྲས་པ་ལྟ་བུའོ། །གསུམ་པ་མཐར་ཐུག་གི་ཡན་ལག་ནི་རྣམ་པར་རིག་བྱེད་ཀྱིས་བསྐྱེད་པའི་ལྟུང་བ་དངོས་གཞི་ཆོས་ཅན། ཕ་རོལ་པོས་དོན་གོ་བ་ཡན་ལག་ཡིན་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དོན་གོ་བའི་ཁྱད་པར་ཡང་སྨྲ་བ་པོ་ཉིད་ལ་ཡོད་པ་ཡན་ལག་ཏུ་དགོས་པ་ཡིན་ཏེ། དེ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། བཞི་པ་སྦྱོར་བའི་ཡན་ལག་ལ། དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་སྦྱོར་བ་བཅོལ་ཡང་རྫོགས་པ་དང༌། རང་ཁོ་ནས་བྱེད་དགོས་པའོ། །དང་པོ་ནི། གསོད་པ་དང་རང་གི་དོན་དུ་རྐུ་བ་ལ་ཆོས་ཅན། བཅོལ་བྱའི་ཡུལ་སྨྲ་ཤེས་པ་ཡན་ལག་ཏུ་མི་དགོས་ཏེ། ལྐུགས་པ་ལ་བཅོལ་བས་ཀྱང་དོན་དེ་འགྲུབ་པའི་ཕྱིར། དེ་གཉིས་ལས་གཞན་པའི་སྨྱན་བྱེད་པ་ལ་སོགས་པ་ཉི་ཤུ་རྩ་བདུན་ལ་སྨྲ་ཤེས་པ་ཡན་ལག་ཏུ་དགོས་ཞེས་པའོ། །དེ་ཡང་སྨྱན་བྱེད་མ་གཏོགས་པ་གཞན་རིན་པོ་ཆེ་ལ་རེག་པ་སོགས་ཉི་ཤུ་རྩ་དྲུག་པོ་རྣམས་ལ་རང་གི་ངག་མཚན་ཉིད་དྲུག་ལྡན་གྱིས་མངོན་སུམ་དུ་བསྐོས་པ་ཉིད། བྱེད་དུ་བཅུག་པ་ཡིན་ཏེ། གསུམ་རྒྱུད་ལྟ་བུས་བྱེད་དུ་བཅུག་ན་དགག་བྱ་མི་རྫོགས་པས་སེལ་བར་འགྱུར་བའི་ཕྱིར། གཉིས་པ་རང་ཁོ་ནས་བྱ་དགོས་པ་ནི། ལུས་ཁོ་ནའི་བྱེད་པ་ཅན་དང༌། ངག་ཁོ་ནའི་བྱེད་པ་ཅན་དང་གཉིས་ལས། དང་པོ་ནི་རྣམ་འབྱེད་དུ་བཤད་ཟིན་ལ། གཉིས་པ་དེ་ཆོས་ཅན། དགེ་སློང་རང་གི བྱེད་པ་པོ་དག་གིས། ཆེད་དུ་བྱ་བ་བདག་ཉིད་དང་འབྲེལ་པར། བསམ་པའི་དོན་དེ་མངོན་སུམ་དུ་གསལ་པོར་སྨྲས་པ་དགོས་ཏེ། དེ་དེའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ཞར་བྱུང་ནི། སྡོམ་པ་ཡང་དག་པར་ལེན་པར་བྱེད་པ་དག་ལ་ནི་ཆོས་ཅན། སྨྲ་ཤེས་པ་ཡན་ལག་ཏུ་དགོས་པ་མིན་ཏེ། སྨྲ་ཤེས་པ་དེར་མ་ཟད་སྨྲ་མི་ཤེས་ཀྱང་དོན་གོ་བ་དེ་ཁྱོད་དུ་རུང་བ་སྲིད་པའི་ཕྱིར། སྨྲ་ཤེས་དོན་གོ་དེ་ནི་ཆོས་ཅན། ལྟུང་བ་འཆབ་པ་དང་མཐོལ་བའི་སྣོད་ཡིན་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དེ་དག་གིས་ནི་རྣམ་འབྱེད་དུ་གཏོགས་པ་ཕལ་ཆེ་བ་ཞུ་བས་གཏན་ལ་ཕབ་ནས་སྤྱིར་བསྟན་པ་རྣམས་བཤད་ཟིན་ཏོ།།  །།གཉིས་པ་ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། ཅིའི་ཕྱིར་གཞི་ཞེས་བྱ་ན། པ་རུ་ཞེས་བྱ་བའི་སྒྲ་ལས་རྟེན་བྱེད་པས་ན་དེ་ཞེས་བྱའོ། །གང་གི་ན། བསླབ་པ་གསུམ་གྱིའོ། །དབྱེ་ན་བཅུ་བདུན་ཏེ། ཇི་སྐད་དུ་ལུང་གཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང༌། །སྨན་དང་གོས་དང་སྲ་རྐྱང་དང༌། །ཀོའུ་ཤམ་བི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་བཅོ་བརྒྱད་གསུངས་ལ་ཀོའུ་ཤམ་བི་པའི་གཞི་དང༌། དམར་སེར་ཅན་གྱི་གཉིས་གཅིག་ཏུ་བསྡུས་ནས་ཕྱིར་བཅོས་པའི་གཞི་ཞེས་བྱའོ། །གང་ཟག་ཅེས་པ་ནི་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིའོ། །སྤོ་དང་ཞེས་པ་ནི་ས་གཞན་ན་གནས་སྤྱོད་པའི་གཞིའོ། །གསོ་སྦྱོང་གཞག་པ་དང་ཅེས་པ་ནི། ཡོངས་སུ་སྦྱང་བའི་གཞིའོ། །འོ་ན་དེ་དག་གི་གོ་རིམ་ལུང་དང་མདོ་འདིར་འབྱུང་བ་མི་མཐུན་པ་འགའ་ཞིག་སྣང་བ་ཅི་ཞེ་ན། འདིར་དབྱར་གྱི་གཞིར་སྔར་བསྟན་ནས། དགག་དབྱེ་ཕྱིས་བསྟན་པ་ནི་རྒྱུ་འབྲས་ཀྱི་རིམ་པའོ། །འདིར་གོས་སྔར་བསྟན་པ་ནི་ཡོ་བྱད་ཀྱི་གཙོ་བོ་ཡིན་པས་སོ། །དེ་ལའང་གསུམ་ལས། སྲ་རྐྱང་གི་གཞི་ནི་གོས་རྒྱུ་ཡིན་པ་དང༌། དགག་དབྱེ་དང་དངོས་སུ་འབྲེལ་བས་དང་པོར་བསྟན། གོས་ཙམ་དང་ཀོ་ལྤགས་ནི་སྤྱིར་བཏང་དང༌། དམིགས་བསལ་ཡིན་པས་རིམ་པར་བསྟན་ནོ། །རྩོད་པའི་གཞི་གསུམ་ནི་བརྗོད་བྱ་མཐུན་པའི་ཕྱིར། ཕྱོགས་གཅིག་ཏུ་བསྟན་ལ། དེ་ཡང་འཁོར་ལོ་བྱེ་བ་ཚིག་ཉུང་བས་དང་པོར་བསྟན་ནོ། །བཅུ་བདུན་པོ་དེ་བསྡུ་ན་གསུམ་དུ་འདུས་ཏེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་བཅོས་པའོ། །དང་པོ་ནི་རབ་བྱུང་གི་གཞི་སྟེ། སྔར་བསྟན་ཟིན་ཏོ། །གཉིས་པ་ནི། སྤྱིར་བསྲུང་ཐབས་ལྔ་ཡོད་ཀྱང༌། འདིར་གཉིས་སྟོན་ཏེ། བསླབ་པ་ཡོངས་སུ་སྦྱང་པའི་སྒོ་ནས་དང༌། བདེ་བར་གནས་པ་རྐྱེན་གྱི་སྒོ་ནས་བསྲུང་པའོ། །དང་པོ་ནི། དབྱར་དང་གསོ་སྦྱོང་དང་དགག་དབྱེ་གསུམ་མོ། །གཉིས་པ་ནི། སྨན་དང་གོས་ཀྱི་གཞི་རྣམ་པ་གསུམ་དང༌། གནས་མལ་གྱི་གཞི་རྣམས་སོ། །གསུམ་པ་ལ་ལྟུང་བ་ཕྱིར་བཅོས་དང༌། ལྟུང་བའི་རྒྱུ་རྩོད་པ་ཕྱིར་བཅོས་རྣམས་སོ། །དང་པོ་ལའང༌། སྤྲོ་བ་བཤགས་པའི་ཕྱིར་བཅོས་དང༌། མི་སྤྲོ་བ་ནན་ཏུར་གྱི་ཕྱིར་བཅོས་སོ། །ལས་ཀྱི་གཞི་ནི་དེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ལོགས་སུ་བསྡུ་མི་དགོས་སོ། །གཉིས་པ་གཞུང་གི་དོན་ལ། བསླབ་པ་ཡོངས་སུ་སྦྱང་བའི་གཞི་གསུམ་བཤད། བདེ་བར་གནས་པ་རྐྱེན་གྱི་གཞི་རྣམ་པ་བཞི་བཤད། ཐམས་ཅད་འགྲུབ་པར་བྱེད་པ་ལས་ཀྱི་གཞི་གཅིག་བཤད། ཕྱིར་བཅོས་པའི་གཞི་རྣམ་པ་བདུན་བཤད། འབྲས་བུ་གནས་མལ་གྱི་གཞི་གཅིག་བཤད་པའོ། །དང་པོ་ལ། ཚུལ་ཁྲིམས་རྣམ་པར་དག་པའི་ཐབས་གསོ་སྦྱོང་གི་གཞི་བཤད། ཚུལ་རྣམ་པར་དག་པའི་ཐབས་དབྱར་གྱི་གཞི་བཤད། ཆོས་རྣམ་པར་དག་པའི་ཐབས་དགག་དབྱེའི་གཞི་བཤད་པའོ། །དང་པོ་ལ་ལུང་གཞིའི་སྐབས་ནས་འབྱུང་བ་གཞུང་གི་ཚུལ་དུ་བཤད། ལུང་རྣམ་འབྱེད་སོགས་ཀྱི་སྐབས་ནས་འབྱུང་བ་དོགས་གཅོད་ཀྱི་ཚུལ་དུ་བཤད་པའོ། །དང་པོ་ལ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྦྱོང་བའི་གསོ་སྦྱོང་བཤད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྦྱོང་བའི་གསོ་སྦྱོང་བཤད་པའོ། །དང་པོ་ལ་གང་དུ་ཞི་གནས་དང་སྒྲུབ་པའི་གནས་དང་གནས་མིན་གྱི་དབྱེ་བ་བཤད། གནས་དེར་ཞི་གནས་ཀྱི་མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་སྤོང་བའི་ཚུལ། སྤོང་བའི་ཞལ་ཏ་པ་བསྐོ་ཤིང་དེས་ཇི་ལྟར་བསྒྲུབ་པའི་རིམ་པའོ། །དང་པོ་ནི། སྤྱོད་ཡུལ་སོགས་སོ། །གཉིས་པ་ལ་གཉིས་ལས། མཐུན་རྐྱེན་བརྟེན་ཚུལ་ནི་འདུག་པའི་སོགས་སོ། །འགལ་རྐྱེན་སེལ་ཚུལ་ནི་གཉིད་བྲོ་ན་སོགས་སོ། །གསུམ་པ་ནི་སྤོང་བའི་ཕྱིར་སོགས་སོ། །སྐབས་འདིར། གདོས་བུ་ཞེས་པ་ནི་ཆུ་ཚོད་ཀྱི་སྣོད་འདྲ་བའོ། །དེ་ཡང་ཤེས་རབ་བྱེད་པར། བུམ་ཆུང་ཆུས་གང་བ་ལ་བཤད་དོ། །པར་ཐང་ཞེས་པ་ནི་ཐགས་མ་ཁྲ་བོ་ལ་བཤད་དོ། །རྒྱུད་ཆགས་གསུམ་པ་ཞེས་པ་ནི། དཀོན་མཆོག་གསུམ་གྱི་རྒྱུད། མདོ་སྡེའི་རྒྱུད་དང༌། བསྔོ་བའི་རྒྱུད་དོ། །དཔེར་ན་ཀུན་ཏུ་རྒྱུ་དག་གི་རིལ་བ་གཞི་ཤིང་བུ་གསུམ་ལ་བརྟེན་པ་ལྟར། དམ་པའི་ཆོས་འདོན་པའི་གཞི་ནི་གསུམ་པོ་འདི་ལ་བརྟེན་པ་ཡིན་ནོ། །ཕྲན་ཚེགས་འགྲེལ་ལས་ནི། སངས་རྒྱས་ལ་བསྟོད་པའི་རྒྱུད། གཞུང་གི་ཆོས་བཤད་པའི་རྒྱུད། མདོའི་དོན་རྣམ་པར་བཤད་པའི་གཏམ་རྒྱུད་དོ། །ཞེས་བཤད། ཡང་སྐབས་དེར་གདོས་བུར་གདགས་པར་བྱའོ་ཞེས་པའི་དེ་མ་ཐག་ན། ཐ་གུས་རྣ་བ་ལ་གདགས་སོ་ཞེས་པ་གཅིག་རྩ་བའི་རྒྱ་དཔེ་དང༌། འགྲེལ་པ་གཞན་ན་ཡོད་པར་བུ་སྟོན་རིན་པོ་ཆེ་གསུངས། གཎྜིའི་རྒྱུ་ནི། མདོ་ལས། ཙནྡན་བིལ་བ་པ་ལ་ཤ། །ཨ་ཤྭད་ཐ་དང་ཙནྡན་དམར། །རྒྱས་སྟར་ཏ་ལ་ཀེཾ་ཤུ་ཀ །ཤིང་ཤ་པ་དང་ཏ་མ་ལ། །ཨསྨྲ་ཏར་བུ་སྐྱུ་རུ་ར། །ཏིན་ཏི་ས་ར་ཨ་ཤོ་ཀ །འདི་དག་ཐམས་ཅད་མེད་ན་ཡང༌། །འོ་སེ་ལས་ནི་འབད་དེ་བྱ། །ཞེས་དང༌། ཚད་ནི་ཆུང་ངུ་སོར་ཚད་ཀྱི། །བརྒྱ་བཅུ་རྩ་བཞི་ཉིད་བྱ་ཞིང༌། །ཞེང་དུ་སོར་དྲུག་བྱ་བ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞིར་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་བརྡུང་བར་བྱེད་པ་ཡང༌། །ཤིང་དེ་ཉིད་ལ་འབད་དེ་བྱས། །སོར་མོ་བཅུ་གཉིས་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ །འཆང་བཟུང་ཚད་ཀྱང་དེ་བཞིན་ཏེ། །ཤིན་ཏུ་འཇམ་དང་རྩིབས་མཉམ་པར། །ཞེས་གསུངས་སོ། །རྒྱུད་རེ་རེ་ལ་སུམ་ཅུ་རྩ་ལྔ་རྩ་ལྔ་རེ་སྟེ། བརྒྱ་དང་ལྔ། ཏོག་གསུམ་སྟེ་སྤྱིར་བཏང་དུ་བརྒྱ་དང་བརྒྱད་བརྡུང་བར་བཤད་དོ། །གཉིས་པ་མཐུན་པའི་གསོ་སྦྱོང་ལ་གསུམ་སྟེ། གང་དུ་བྱ་བ་གནས་ཀྱི་སྐབས། གང་གི་བྱ་བ་ཚོགས་པའི་སྐབས། གང་དག་བྱ་བ་ཆོ་གའི་སྐབས་སོ། །དང་པོ་ལ་གཉིས་ཏེ། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ་དང༌། མཚམས་དངོས་ཀྱི་དོན་ནོ། །དང་པོ་ནི་གསོ་སྦྱོང་གི་སོགས་སོ། །གཉིས་པ་ལ། མངོན་པར་སྒྲུབ་པའི་མཚམས་དང༌། རང་བཞིན་གྱིས་གྲུབ་པའི་མཚམས་སོ། །དང་པོ་ལ་གཉིས། ངག་གིས་མངོན་པར་བསྒྲུབས་པའི་དང༌། ལུས་ཀྱི་མངོན་པར་བསྒྲུབས་པའི་མཚམས་སོ། །དང་པོ་ལ་མཚམས་གཅོད་པའི་ཚུལ་དང༌། དགྲོལ་བའི་ཚུལ་ལོ། །དང་པོ་ལ་མཚམས་པོ་ཆེ་བཅད་པའི་དང༌། མཚམས་བུ་ཆུང་བཅད་པའི་ཚུལ་ལོ། །དང་པོ་ལ་དངོས་དང༌། དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པའོ། །དང་པོ་ནི་མཚམས་བཅད་པར་སོགས་སོ། །གཉིས་པ་ནི་དེ་དག་གནང་བ་སོགས་སོ། །གཉིས་པ་ནི་ཐམས་ཅད་སོགས་སོ། །གཉིས་པ་དགྲོལ་བ་ནི་མཚམས་དག་སོགས་སོ། །གཉིས་པ་ལུས་ཀྱི་བསྒྲུབ་པའི་མཚམས་ནི། མཚམས་མ་བཅད་པ་སོགས་སོ། །གཉིས་པ་ནི་དགོན་པ་སོགས་སོ། །སྐབས་འདིར་མཚམས་པོ་ཆེ་གཅོད་པ། ཡང་དེ་བཀྲོལ་ནས་མཚམས་བུ་ཆུང་གཅོད་པ། ཡང་ཐོག་མར་མཚམས་བུ་ཆུང་དུ་མ་བཅད་ཅིང༌། དེའི་ཕྱི་རོལ་མཚམས་གཅིག་གིས་བསྐོར་བ། ཚིག་གཅིག་གིས་མཚམས་གཉིས་གཅོད་པ་དང༌། དགྲོལ་བའི་ཆོ་ག་རྣམས་གསུང་ངོ༌། །འདིར་མཚམས་ཆེན་གྱི་ཚད་ནི། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ཡིན་ལ། དཀྱིལ་འཁོར་པའི་ཆུང་ཚད་ནི། དགེ་སློང་བཞི་བཅུའི་གདིང་བ་ཤོང་བ་ལ་བཤད་ལ། དེ་ཡང་དགེ་སློང་མའི་དབྱུང་བ་ལྟ་བུ་ལ་མ་མཐའ་དགེ་སློང་བཞི་བཅུ་ཚང་དགོས་པ་ལ་བསམས་པའོ། །ཡང་མཚམས་བུ་ཆུང་ཡིན་ན། དཀྱིལ་འཁོར་པ་ཡིན་པས་ཁྱབ་ལ། དཀྱིལ་འཁོར་པ་ལ་དེས་མ་ཁྱབ་པ་ནི་གཞུང་དུ་གསལ་ཞིང༌། ཆོས་གོས་དང་མི་འབྲལ་བའི་གནང་བ་ནི་མཚམས་ཆུང་བཅད་པའི་ནང་དུ་ཡང་ཆགས་ཏེ། ཞུ་བ་ལས། མཚམས་བུ་ཆུང་དག་ཏུ་ཡང་ཆོས་ཕྱོགས་དང་དང་འབྲལ་བར་མི་འགྱུར་བར་འདོད་ན། བློ་མཐུན་པར་བགྱིའོ། །གལ་ཏེ་འདོད་ན་བྱའོ། །ཞེས་གསུངས། མཚམས་པོ་ཆེ་བཅད་པའི་དགོས་པ་ཡང་ལས་ལ་མི་འདུ་བ་དགག་ཅིང༌། འདུས་པ་རྒྱ་ཆེ་བའི་དོན་དང༌། ཆོས་གོས་དང་མི་འབྲལ་བའི་གནང་བ་རྒྱ་ཆེ་བས་བདེ་བ་ལ་རེག་པར་གནས་པའི་དོན་དུའོ། །གནས་ནི་གཞི་སྲ་བ་དང་འབྲེལ་བ། སྔར་མཚམས་བཅད་ཟིན་པའི་གནས་མ་ཡིན་པ། མཚམས་གཞན་གྱི་ཉེ་འཁོར་མ་ཡིན་པ། བར་དུ་མཚམས་གཞན་མ་ཞུགས་པ། མཚན་མ་བརྟན་པོ་དང་འབྲེལ་བའོ། །མཚམས་འཇིག་པའི་རྒྱུ་ནི། མཚན་མ་ཞིག་པ། ལས་ཀྱིས་བཀྲོལ་བ། མཚམས་གཞན་བྱུང་བ། རེ་བ་མེད་པ། མཚམས་ནང་ན་དགེ་སློང་མེད་པར་གྱུར་པའོ། །མཚམས་ཆེན་དེའི་ནང་ན་ཁྱིམ་པའི་གྲོང་ཉེ་འཁོར་དང་བཅས་པ་ཡོད་ན་དེ་མཚམས་ལ་མི་ཐེ་ཞིང༌། སྔར་གྱི་མཚམས་ལ་ཡང་མི་གནོད་དོ། །གཉིས་པ་ཚོགས་པའི་སྐབས་ལ། མཐུན་པ་བསྒྲུབ་པའི་ཆོ་ག མི་མཐུན་པ་སྤང་བ། མི་མཐུན་པའི་ཉེས་དམིགས། མཐུན་པ་བསྒྲུབ་པའི་ཆོ་ག་གཞན་བསྟན་པའོ། །དང་པོ་ལ་འདུན་པ་ཕུལ་བས་དང༌། སྨྱོས་པའི་གནང་བ་བྱིན་པས་དང༌། ཡོངས་སུ་དག་པ་ཕུལ་བས་དང༌། དེ་གཉིས་ཀ་ཕུལ་བས་མཐུན་པའི་ཆོ་ག་བསྒྲུབ་པའོ། །དང་པོ་ནི་འདུན་པ་སོགས་སོ། །གཉིས་པ་ནི་སྨྱོས་པའི་སོགས་སོ། །གསུམ་པ་ནི་ཡོངས་སུ་དག་པ་སོགས་སོ། །བཞི་པ་ནི་དེ་བཞིན་དུ་སོགས་སོ། །གཉིས་པ་ནི་གཞན་གྱི་སོགས་སོ། །གསུམ་པ་ནི་འཕྲིག་པས་སོགས་སོ། །བཞི་པ་ནི་བསམ་པ་ཐག་པ་སོགས་སོ། །འདིར་འདུན་པ་གང་ལ་འབུལ་བའི་ཡུལ་ནི། མཚམས་ནང་གཅིག་ན་ཡོད་པའི་དགེ་འདུན་ལ་འབུལ། ལས་གང་ལ་འབུལ་ན། ལས་ངོ་བོ་ཉིད་ཀྱི་ཆོས་ལྡན་ཡིན་པ་མཚམས་གཅོད་པ་དང༌། རང་ལ་མི་མཐུན་པའི་ལས་བྱས་པ་མ་ཡིན་པ་ལའོ། །གང་ཟག་གང་གིས་འབུལ་བ་ནི། མཚམས་ནང་དེ་ན་གནས་པ་ཁ་སྐོང་བར་འོས་པ། གསོལ་བ་ཙམ་ཡང་ཉམས་སུ་མ་མྱོང་བ་སྨྱོས་པའི་གནང་བ་མ་ཐོབ་པ། ཚོགས་སུ་མ་ལོངས་པ་ཁ་སྐོང་བའི་ཆེད་མ་ཡིན་པ། དེ་ན་འཁོད་པའི་དགེ་སློང་གཞན་གྱིས་རང་དེ་ན་ཡོད་པར་ཤེས་པའམ། འཕྲིག་པ། ན་བ་ལ་སོགས་པའི་རྐྱེན་དང་ལྡན་པའོ། །ལེན་པ་པོ་ཡང་ཆོས་ལྡན་བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ། འདུན་པ་འབུལ་བའི་ཆོ་ག་ལ་མཁས་པའོ། །དགོས་པ་ནི། འདུན་པ་འབུལ་བས་ལས་ལ་མི་མཐུན་པ་མི་བསྐྱེད་ཅིང༌། ཡོངས་དག་ཕུལ་བས་འབུལ་བ་པོ་རང་ཉིད་ཀྱིས་གསོ་དགག་ཉམས་སུ་མྱོང་བར་འགྱུར་བའོ། །འདི་གཉིས་འབུལ་བའི་ཚེ། ཚོགས་སུ་ལོངས་པ་དུ་མས་དེ་གཉིས་འབུལ་དུ་རུང་ཞིང༌། དེ་འདྲ་དེ་ལེན་པ་པོ་གཅིག་གིས་ལེན་དུ་ཡང་རུང་བ་ཡིན་ཏེ། འདིར་གཅིག་གིས་དུ་མའི་དེ་ངག་ལེན་པ་ལ་མི་རུང་བ་མེད་དོ། །འདི་ལ་བརྗོད་ནུས་པའི་ཚིག་གིས་བཟུང་ངོ༌། །ཞེས་གསུངས་པས་སོ། །དེའི་རིགས་པས་གསོ་སྦྱོང་གི་ཚེ། དགེ་ཚུལ་རྣམས་ཀྱིས་ཡོངས་དག་འབུལ་བ་ལ་ཡང༌། དགེ་ཚུལ་དུ་མས་དགེ་སློང་གཅིག་གི་དྲུང་དུ་ཡོངས་དག་ཕུལ་བས་ཆོག་པར་གསལ་བར་བསྟན་ནོ། །གསུམ་པ་ཆོ་གའི་སྐབས་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དགེ་སློང་གི་དགེ་འདུན་ཆོས་ཅན། གསོ་སྦྱོང་བྱ་བ་ཡིན་ཏེ། དེ་ལ་བརྟེན་པའི་དགོས་པ་ཁྱད་པར་ཅན་མཐོང་བའི་ཕྱིར། དུས་ནམ་གྱི་ཞེ་ན། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །འདིས་གསོ་སྦྱོང་བཅུ་བཞི་པ་ཡང་བསྡུས་པ་ཡིན་ཏེ། གསོ་སྦྱོང་བཅུ་བཞི་པ་བྱ་བའི་དུས་དེ་ཡིན་ན། མར་ངོའི་ཚེས་བཅོ་ལྔ་ཡིན་པས་ཁྱབ་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་པ་ལས། ཟླ་བའི་ངོ་དེའི་ཚེས་གྲངས་གང་ལ་ཉི་མ་གཅིག་ཆད་པ་དེ་ཉིད། ས་སྟོང་སུ་དོར་བ་ཟད་ཀྱི་གསོ་སྦྱོང་གི་ཉི་མ་འདི་ལ། ཉི་མ་ཆད་པ་མ་ཡིན་པས་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་ཡིན་པའི་ཕྱིར། ཅེས་སོ། །དིང་སང་གི་ལག་ལེན་པ་དག་གསོ་སྦྱོང་བཅོ་ལྔ་པ་བྱེད་པའི་ཚེ། རྩིས་ཀྱི་གཞུང་ལུགས་ཤེས་པ་དག་གིས་ཤིན་ཏུ་དག་པར་རྩིས་པ་བས་ཀྱང་ཉི་མ་གཅིག་གིས་སྔ་བར་བྱེད་པ་དང༌། བཅུ་བཞི་པ་ཉེར་དགུ་ལ་བྱས་པར་རློམ་པ་དེ་དག་ནི་མུན་སྤྲུལ་གྱི་གནས་སུ་རིག་པར་བྱའོ། །འོ་ན་གསོ་སྦྱོང་དེ་ཆོ་ག་གང་གིས་བྱེད་ཅེ་ན། ཆོ་ག་གང་ཡང་རུང་བས་ཆོག་པ་མ་ཡིན་ཏེ། སོ་སོར་ཐར་པའི་མདོ་ཁོ་ན་འདོན་པས་བྱ་དགོས་པའི་ཕྱིར། བཅོ་ལྔའོ་ཞེས་པ་ལས་འཕྲོས་ནས། དགག་དབྱེའི་ཉིན་མོ་ཡང་གསོ་སྦྱོང་བྱ་དགོས་སམ་ཞེ་ན། དགག་དབྱེ་བྱས་ན་གསོ་སྦྱོང་འདི་མ་གྲུབ་པ་ཉིད་མ་ཡིན་ཏེ། དེ་གཉིས་ཆོ་ག་ཐ་དད་ཀྱང་ཆེད་དུ་གཉེར་བྱའི་དགོས་པ་གཅིག་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། དངོས་གཞིའི་ཆོ་ག སྔོན་འགྲོའི་ཆོ་ག ཚོགས་སུ་མ་ཚང་བའི་ཚེ་ཇི་ལྟར་བྱ་བའི་དམིགས་བསལ། རང་གཞན་གྱི་གསོ་སྦྱོང་ལ་གུས་པ་བསྒྲུབ་པ་གསོ་སྦྱོང་ལ་ཟློས་པའི་སྐྱོན་མེད་པའོ། །དང་པོ་ནི། གདོན་པས་སོ་ཞེས་པ་ལས་འཕྲོས་ནས། ཇི་ལྟར་གདོན་ཞེ་ན། གསོ་སྦྱོང་གི་མདོ་འདོན་པ་པོའི་དགེ་སློང་ཆོས་ཅན། སྦྱོར་དངོས་གཉིས་ཀྱི་སྒོ་ནས་འདོན་དགོས་པ་ཡིན་ཏེ། གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་སྔར་བྱ་ཞིང༌། དེ་ནས་སོ་སོར་ཐར་པའི་མདོ་དེ་གདོན་དགོས་པའི་ཕྱིར། སོ་ཐར་གྱི་མདོ་ལས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་པ་ནས། འདི་ནི་གསོལ་བའོ། །ཞེས་པའི་བར་ལ་ནི་གསོལ་བ་ཞེས་བྱའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། ཞེས་པ་ནས་མ་མཐོལ་མ་བཤགས་ན་མི་འགྱུར་རོ། །ཞེས་པའི་བར་ལ་ནི་རྣམ་པར་བཞག་པ་འཛིན་དུ་གཞུག་པ་ཞེས་བྱའོ། །མདོ་གདོན་པ་ནི་རྣམ་པ་ལྔ་སྟེ། གླེང་གཞི་གདོན་པ། ཕམ་པ་གདོན་པ། ལྷག་མ་གདོན་པ། མ་ངེས་པ་གདོན་པ། རིལ་གྱིས་གདོན་པའོ། །འདིར་བཞི་པ་ལ་ཞེས་པ་སོ་ཐར་གྱི་མདོ་ལས་ལྟུང་བ་སྡེ་དྲུག་གསུངས་པའི་བཞི་པ་ལྟུང་བྱེད་ཀྱི་སྡེ་ཚན་ལ་རེག་ན་རིལ་གྱི་འདོན་དགོས་པའི་དོན་ནོ། །གཉིས་པ་སྔོན་འགྲོ་ལ། རང་གི་དང༌། གཞན་གྱི་དང༌། རང་གཞན་གཉིས་ཀའི་ལྟུང་བ་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ནི། འདི་ལ་སོགས་སོ། །གཉིས་པ་ནི་གལ་ཏེ་སོགས་སོ། །གསུམ་པ་ནི་ཐམས་ཅད་ཀྱིས་ལྟུང་བ་ཤེས་སམ་སོགས་སོ། །གསུམ་པ་དམིགས་བསལ་གྱི་བྱ་བ་ནི། བཞི་བས་ཉུང་བ་སོགས་སོ། །བཞི་པ་ལ། བཅས་པ་ཞར་བྱུང་དང་བཅས་པ་དང༌། རྗེས་བཅས་ཞར་བྱུང་དང་བཅས་པའོ། །དང་པོ་ནི་དེའི་ཚེ་གནས་ན་སོགས་སོ། །གཉིས་པ་ནི་གསོ་སྦྱོང་དང་དགག་དབྱེ་སོགས་སོ། །ལྔ་པ་ནི་ཕྱིས་འདོས་པ་སོགས་སོ། །སྐབས་དེར། འདུ་བ་མཐུན་པའི་གསོ་སྦྱོང་ལ་ཅི་དགར་འཇུག་པས་ཆོག་པར་བཤད་པ་དེ་ཅིག་ཤོས་ཀྱི་གསོ་དགག་ལེགས་པར་ཟིན་པའི་དབང་དུ་བྱས། འདུ་བ་མཐུན་པ་ཞེས་པར་གཉུག་མར་གནས་པ་དང༌། གཉུག་མར་གནས་པར་མཐུན། གློ་བུར་དུ་འོངས་པ་སྡེ་ཚན་གཅིག་པ་རྣམས་སོ། །གཞན་གྱིས་ཞེས་པ་བཤད་མ་ཐག་པ་དེ་ལས་གཞན་འོག་ནས་འཆད་པ་རྣམས་སོ། །ཚོགས་པ་གསོལ་ཞེས་པ་གློ་བུར་བས་གཉུག་མར་གནས་པའི་ཕྱིར་ཚོགས་པའམ། དེས་ཀྱང་ཅིག་ཤོས་ཀྱི་དེ་གསོལ་དགོས་པ་སྲིད་དོ། །དུས་ནམ་གྱི་ཚེ་ཇི་ལྟར་གསོལ་ན། བྱེད་པའི་ཚེ་འོང་ན་སོགས་མདོ་ཚན་པ་ལྔས་གསལ་བར་བསྟན་ནོ། །མདོར་ན་གལ་ཏེ་ལེགས་པར་ན་ཅེས་པའི་མདོ་ཚན་གཉིས་སྤྱིར་བཏང་ཡིན་ལ། གཞན་གྱི་ཚོགས་པ་མན་ཆད་མདོ་ཚན་བདུན་དམིགས་བསལ་དང༌། དེ་མ་ཐོབ་ན་ཞེས་པ་དེའི་ཡང་དམིགས་བསལ་ལོ། །དེ་ལྟར་ན། ཅི་དགར་འཇུག་ཅེས་པ་འདི་མ་འདུས་པའི་མི་མཐུན་པ་བསྐྱེད་པའི་གཞུང་གི་དམིགས་བསལ་དུའང་འཆད་ཤེས་དགོས་སོ། །གཉིས་པ་རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ལ་གསུམ་སྟེ། ཞི་གནས་ཀྱི་གསོ་སྦྱོང་གི་སྤྲོས་པ་དང༌། གཉིས་ཀའི་ཐུན་མོང་སྤྲོས་པ་དང༌། མཐུན་པའི་གསོ་སྦྱོང་གི་སྤྲོས་པའོ། །དང་པོ་ནི་ཏིང་ངེ་འཛིན་སོགས་སོ། །གཉིས་པ་ནི་དགེ་སློང་གི་ཆོས་བཤད་པ་སོགས་སོ། །གསུམ་པ་ལ། དུས་ཀྱི་སྤྲོས་པ་ཞར་བྱུང་དང་བཅས་པ། གནས་ཀྱི་སྤྲོས་པ། ཚོགས་པའི་སྤྲོས་པ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། དགེ་འདུན་གྱི་གནས་བརྟན་གྱི་སོགས་སོ། །འོ་ན་དུས་བརྗོད་པའི་ཚེ་ཚེས་བཅོ་ལྔར་སླེབས་པ་ན། ཉིན་ཞག་ཀྱང་བཅོ་ལྔ་ཚང་དགོས་སམ་ཞེ་ན། དེའི་ཁྱབ་པ་མེད་དེ། ཚེས་བཅོ་ལྔ་ཡིན་ཀྱང་ཉིན་ཞག་གཅིག་གིས་ཉིན་ཞག་བཅོ་ལྔར་མི་ཆོག་པར་བྱ་བའི་སྐབས་ཤིག་ཡོད་པའི་ཕྱིར། དེ་དུས་ནམ་གྱི་ཚེ་བྱུང་ཞེ་ན། དུས་ཚིགས་དྲུག་པོ་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ཐལ་ཞིང༌། ཟླ་བ་ཕྱེད་ཤུལ་དུ་ལུས་པ་ཉིད་ལ་ཞག་མི་ཐུབ་དོར་དགོས་པ་ཡིན་ཏེ། དེ་འདྲའི་དུས་དེ་ཞག་མི་ཐུབ་དང་གསོ་སྦྱོང་བཅུ་བཞི་པ་འབྱུང་བའི་དུས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་པས་སོ། །གསོ་སྦྱོང་བཅུ་བཞི་པ་དང༌། མི་ཐུབ་པ་དང༌། ཟླ་བ་ཕྱེད་དང་གཉིས་འདས་ཀྱི་གསོ་སྦྱོང་རྣམས་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་གསོ་སྦྱོང་སྔ་མ་ཟིན་ནས། ཉིན་ཞག་བཅུ་བཞི་པའི་སྟེང་ཁོ་ནར་བྱ་དགོས་པའི་གསོ་སྦྱོང་ཡིན་པའི་ཕྱིར་བཅུ་བཞི་པ་ཞེས་བྱ། ཉིན་ཞག་ཡུན་རིང་ཞིང༌། ཚེས་ཞག་ཡུན་ཐུང་བའི་རྒྱུ་མཚན་གྱིས་དེས་དེའི་དོད་མ་ཐུབ་པར་ཉིན་ཞག་ལྔ་བཅུ་ང་དགུ་ན་ཚེས་ཞག་དྲུག་ཅུ་ཐམ་པ་བྱུང་བའི་དུས་ཀྱི་གསོ་སྦྱོང་ཡིན་པའི་ཕྱིར། མི་ཐུབ་པ་ཞེས་བྱ། དེ་འདྲའི་དུས་དེ་ཡང་དུས་ཚིགས་དྲུག་པོའི་ཟླ་བ་ཕྱེད་དང་གཉིས་འདས་མ་ཐག་པའི་དུས་དེར་འབྱུང་ཞིང༌། དེར་བྱ་བའི་གསོ་སྦྱོང་ཡིན་པའི་ཕྱིར་ཟླ་བ་ཕྱེད་དང་གཉིས་འདས་ཀྱི་གསོ་སྦྱོང་ཞེས་བྱའོ། །མདོར་ན་ལོ་གཅིག་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་འབྱུང་བ་ལས། བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པ་ཁོ་ན་ཡིན་ཏེ། སྔ་ལོགས་ཀྱི་གསོ་སྦྱོང་དེ་ཟིན་ནས། ཉིན་ཞག་བཅོ་ལྔ་པའི་སྟེང་ཁོ་ནར་ངེས་པར་བྱ་བའི་གསོ་སྦྱོང་ཡིན་པའི་ཕྱིར། ལྷག་མ་དྲུག་པོ་རྣམས་ནི་བཅུ་བཞི་པ་ཁོ་ན་ཡིན་ཏེ། སྔ་ལོགས་ཀྱི་གསོ་སྦྱོང་ཟིན་ནས། ཉིན་ཞག་བཅུ་བཞི་པའི་སྟེང་ཁོ་ནར་བྱ་དགོས་པའི་དེའི་ཕྱིར། དྲུག་པོ་དེ་དུས་ནམ་གྱི་ཚེ་ཞེ་ན། ཇི་སྐད་དུ། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྟོད་སྨིན་དྲུག་སྟེ། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་སོ། །དུས་དྲུག་པོ་དེ་ཡང་ངེས་པ་ཅན་ཁོ་ན་ཡིན་ཏེ། དྲུག་པོ་དེ་ལ་ནི་ཟླ་ཤོལ་གྱི་རྩི་བཞག་མེད་པས། འབྱུང་བའི་དུས་ངེས་པ་ཅན་ཡིན་ལ། གསོ་སྦྱོང་བཅུ་བཞི་པ་ནི་ཤོལ་གྱི་དབང་གིས་འཆོལ་བའི་ཕྱིར། དཔེར་ན། ན་ནིང་སྨིན་དྲུག་ཅན་གྱི་མར་ངོ་ལ་གསོ་སྦྱོང་མི་ཐུབ་པ་བྱུང་ན། ད་ལོ་དེའི་མར་ངོ་ལ་དེ་མི་འབྱུང་བས་ཁྱབ་པ་ལྟ་བུའོ། །དེའི་ཤེས་བྱེད་ཀྱང་སྨིན་དྲུག་ཅན་གྱི་སྔ་ལོགས་སུ། ཟླ་ཤོལ་བྱུང་བའི་ལོ་དེ་ལ་ནི། སྨིན་དྲུག་ཅན་གྱི་མར་ངོ་ལ་དེ་འབྱུང་ངེས་ལ། དེ་ནས་བརྩིས་པའི་ཚེས་སུམ་བརྒྱ་དང་དྲུག་ཅུའམ། ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་ན་ལོ་རྟིང་མའི་སྨིན་དྲུག་ཅན་གྱི་ཟླ་བ་མི་འབྱུང་བ་དང༌། རྒྱལ་ཟླའི་སྔ་ལོགས་དེ་མ་ཐག་ཏུ་ཤོལ་ཟླ་བྱུང་བ་དེའི་ལོ། རྒྱལ་ཟླ་དངོས་ཀྱི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་ངེས་པ་ཅན་ཡིན་ཀྱང༌། དེ་ནས་མ་ནོར་བར་བརྩིས་པའི་ཚེས་ལོ་གཅིག་ན། གསོ་སྦྱོང་མི་ཐུབ་པ་གཅིག་འབྱུང་བར་ངེས་ཀྱང༌། དེ་རྒྱལ་ཟླའི་མར་ངོ་མ་ཡིན་པ་ངེས་པ་སོགས་ལ་ཐུག་པ་ཡིན་ནོ། །དེ་དག་གི་ཤེས་བྱེད་ཀྱང་ལོ་སྔ་མའི་སྨིན་དྲུག་ཅན་གྱི་ཟླ་བ་ཡིན་ངོ་ཤེས་པ་དེ་རྫོགས་མཚམས་ནས། ལོ་རྟིང་མའི་སྨིན་དྲུག་ཅན་གྱི་ཟླ་བ་ཡིན་ངོ་ཤེས་པ་དེའི་མགོ་ཟུག་པའི་བར་ལ། ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག་ཚང་དགོས་པ་ལ་ཐུག་པ་ཡིན་ནོ། །ཕྱི་རབས་པ་ཁ་ཅིག གསོ་སྦྱོང་ཐུབ་པའི་རྗེས་ལ་ཟླ་ཤོལ་བྱུང་ན། དེའི་མར་ངོའི་གསོ་སྦྱོང་དེ་ཐུབ་པར་བྱེད། མི་ཐུབ་པའི་རྗེས་ལ་དེ་བྱུང་ན་དེའི་དེ་མི་ཐུབ་པར་བྱེད། ཅེས་ཟེར་བ་དེ་དག་ནི་མུན་སྤྲུལ་གྱི་བཤད་པ་ཁོ་ན་ཡིན་ཏེ། ཤོལ་ཟླ་ཡིན་ན། ཉིན་ཞག་སུམ་ཅུར་ལོངས་པ་གཅིག་འདོར་དགོས་པས་ཁྱབ་པའི་ཕྱིར་རོ། །འོ་ན་ཤོལ་གྱི་ཟླ་བ་དེ་ནམ་གྱི་ཚེ་འདོར་ཞེ་ན། ཟླ་བ་ཤོལ་དོར་བ་ནི་ཆོས་ཅན། རྒྱལ་པོའི་རྗེས་སུ་འབྲང་དགོས་པ་ཡིན་ཏེ། དེའི་འཁོར་དུ་ཐ་སྙད་ཀྱི་གཞུང་ལུགས་ལ་མཁས་པ་དག་ཕལ་ཆེར་འབྱུང་བའི་ཕྱིར། འདིར་འདུལ་བའི་ལུང་ལས་ལོ་དྲུག་ན་ཟླ་ཤོལ་འདོར་བར་གསུངས་པ་ནི། ལོ་རེ་ལ་ཞག་མི་ཐུབ་དྲུག་དྲུག་འབྱུང་ཞིང༌། ཚེས་ལོ་ལྔ་རྫོགས་མཚམས་དེར་དྲུག་ལྔ་སུམ་ཅུ་ཐམ་པ་ལོངས་པས། ཚེས་ལོ་དྲུག་པའི་སྟེང་དུ་ཤོལ་འདོར་བ་ལ་དགོངས་པ་ཡིན་ལ། དེ་ཡང་ལུགས་འདི་ལ་ཁྱིམ་ལོའི་ཐ་སྙད་མེད་པས། ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་དུས་བཞི་རྫོགས་པའི་རྣམ་བཞག་མཛད་པ་དེའི་དབང་དུ་བྱས་པའོ། །དུས་ཀྱི་འཁོར་ལོ་ལས་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ན་ཤོལ་འདོར་བར་གསུངས་པ་དེ་ནི། ལུགས་དེ་ལ་ཁྱིམ་ལོའི་རྣམ་བཞག་མཛད་ཅིང༌། ཁྱིམ་ལོ་གཅིག་ལ་ཉིན་ཞག་གསུམ་བརྒྱ་དྲུག་ཅུ་རེ་ལྔ་ཡོད་དགོས་ལ། ཚེས་ལོ་རེ་ལ་ཉིན་ཞག་སུམ་བརྒྱ་དང༌། ལྔ་བཅུ་ང་བཞི་ལས་མེད་པས། ཟླ་བ་སུམ་ཅུ་སོ་ཕྱེད་དང་གསུམ་ན། ཟླ་བ་གཅིག་གི་ཤོལ་བཅུག་པས། ཁྱིམ་ལོ་ཁ་ཚང་བ་ལ་དགོངས་པའོ། །དེ་ལྟར་ན་ཟླ་ཤོལ་འབྱུང་བའི་རྒྱུ་མཚན་ཆད་པ་བསགས་པས་འབྱུང་བ་མ་ཡིན་གྱི། ལོའི་ཁ་སྐོང་བ་ལ་དགོས་པ་བྱུང་བ་ཡིན་ལ། དེང་སང་འདུལ་བའི་ལུགས་ཀྱི་ལོ་རེ་རེ་ཚང་བ་ལ་ཚེས་ཟླ་བཅུ་གཉིས་ཀྱི་སྟེང་དུ་ཉིན་ཞག་དྲུག་དྲུག་བསྣན་དགོས་ལ། དུས་ཀྱི་འཁོར་ལོའི་ཁྱིམ་ལོ་རེ་རེ་ལ། ཉིན་ཞག་བཅུ་བཅུ་བསྣན་པ་དགོས་པའི་ཁྱད་པར་ལ་ཐུག་པ་ཡིན་གྱི། དོན་ལ་མི་མཐུན་པའི་ཁྱད་པར་ཅི་ཡང་མེད་པས། འདུལ་བ་ལས་ཇི་ལྟར་འབྱུང་བ་བཞིན་བརྩིས་ན། དུས་ཀྱི་འཁོར་ལོའི་ལུགས་དེ་ཉིད་འབྱུང་ལ། ཅིག་ཤོས་བརྩིས་ན་ཡང་འདུལ་བའི་ལུགས་འདི་ཉིད་འབྱུང་བས། གང་རུང་གཅིག་མ་ནོར་བར་ཁས་བླངས་པས་ཆོག་གོ །དིང་སང་གི་ལག་ལེན་པ་དག་ནི། འདུལ་བ་རང་ལུགས་ཀྱི་ཚེས་གྲངས་རྩི་ལུགས་ནི་མེད། རྩིས་མཁན་དག་གང་ཟེར་བ་དེ་ལས་ཉིན་ཞག་གཅིག་གིས་སྔ་བར་བརྩིས་པས་གསོ་སྦྱོང་དུས་མིན་ཤས་དག་ལ་བྱེད་པར་སྣང་ངོ༌། །མདོ་སྡེའི་ནང་ན། རྟ་བྱ་བྱི་བ་ཡོས་ལ་ཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས། །སྔ་མ་ཤོལ་དེ་ཐུབ་པར་ངེས། །ཞེས་འབྱུང་བ་དེ་ནི། ནག་རྩིས་པའི་ཚིག་འགའ་ཞིག་ཤོར་བ་ཡིན་ལ། དེར་ལོ་གསུམ་དང་ཟླ་བ་གསུམ་ན་ཟླ་ཤོལ་རེ་རེ་འདོན་པ་ནི། ཟླ་བ་ཕྱེད་དང་བདུན་གྱི་ཤོལ་འདོར་བ་འཕྱིས་པའི་སྐྱོན་ཡོད་དོ། །འདུལ་བ་ལས་ལོ་དྲུག་ན་འདོར་བ་ལ་ནི་སྐྱོན་འདི་ཡོད་པ་མིན་ཏེ། དེ་ནི་ཚེས་ལོའི་དབང་དུ་བྱས་ལ། འདི་ལ་ནི་རྟ་བྱ་བྱི་བ་ལ་སོགས་པའི་རྣམ་གཞག་བྱས་པས་ཁྱིམ་ལོ་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་གནས་ཀྱི་སྤྲོས་པ་ནི། མ་བརྟགས་ཤིང་སོགས་སོ། །སྐབས་འདིར། མཚམས་སུ་མཚམས་ཀྱིས་སྐོར་དུ་མི་རུང་བར་བཤད་པ་དེ། ཁྱིམ་པའི་མཚམས་ལ་བཤད་ཀྱང༌། དེ་མཚམས་ལ་མི་ཐེ་བའི་དོན་ཡིན་གྱི། མཚམས་གོང་དེ་ན་ཁྱིམ་པའི་གྲོང་ལ་སོགས་པ་ཡོང་དུ་མི་རུང་བ་ནི་མ་ཡིན་ནོ། །དེར་དེ་འདྲ་ཡོད་ཀྱང་ཁོལ་དུ་བོར་ནས་འཇོག་པར་ལས་བརྒྱ་ལ་གསུངས་པའི་ཕྱིར། དེར་མ་ཟད་རང་གི་མཚམས་སུ་མ་གཏོགས་པ་དགེ་འདུན་གཞན་གྱི་མཚམས་བཅད་ཟིན་པ་ཡང༌། མཚམས་ཀྱིས་བསྐོར་དུ་མི་རུང་སྟེ། གཞན་གྱི་མཚམས་སུ་གཏོགས་པའི་ཕྱིར། དཀྱིལ་འཁོར་པ་རུང་བར་བཤད་པ་ནི། མཚམས་བུ་ཆུང་མ་ཡིན་པའི་དཀྱིལ་འཁོར་པ་ལ་ནི་དགོས་པ་མེད་ལ། མཚམས་བུ་ཆུང་ཡིན་པ་ལ་ནི་གཅིག་གམ་མང་པོ་ཡིན་ཀྱང་རུང་སྟེ། ཐམས་ཅད་བློ་མཐུན་པར་བྱས་མཚམས་བུ་ཆུང་གི་ནང་ནས་ཕྱིར་ཐོན་ཏེ། མཚམས་ཆེན་གྱིས་བསྐོར་བའོ། །གོང་དུ་འདུ་བ་མཐུན་པ་ལ་ཅི་དགར་འཇུག་ཅེས་བཤད་པ་ཡང༌། འདི་ལྟ་བུ་ལ་དགོངས་སོ། །གསུམ་པ་ཚོགས་པའི་སྤྲོས་པ་ནི། དགེ་འདུན་ལ་འདུན་པ་སོགས་སོ། །བཞི་པ་ཆོ་གའི་སྤྲོས་པ་ནི། ལེགས་པར་ཐོན་པ་སོགས་སོ། །གཉིས་པ་ཚུལ་རྣམ་པར་དག་པ་དབྱར་གྱི་གཞི་ལ། ལུང་གཞི་ལས་འབྱུང་བ་གཞུང་གི་ཚུལ་དུ་བཤད། གླེང་གཞི་ལ་སོགས་པ་དོགས་གཅོད་ཀྱི་ཚུལ་དུ་བཤད་པའོ། །དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅས་པ་དང་ལྡན་པའི་དགེ་སློང་ཆོས་ཅན། དབྱར་གནས་པར་ཁས་བླངས་པར་བྱ་བ་ཡིན་ཏེ། དེ་ལ་བསྟེན་པའི་ཕན་ཡོན་ཁྱད་པར་ཅན་གསུང་བའི་ཕྱིར། དེ་ཡང་གང་ཞེ་ན། འཕྱ་དང་སྲོག་ཆགས་སྣོད་སྤོང་དང༌། །ལུས་སྲོག་གནོད་སྤོང་རལ་འདྲུམ་ཚོན། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་རྐྱང་འབྱུང་བའོ། །ཞེས་སོ། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། ཟླ་བ་གསུམ་དུ་ཁས་ལེན་དགོས་པ་ཡིན་ཏེ། དེ་བས་ཉུང་ན་དགག་བྱ་མི་ཁེགས་ཤིང༌། དེ་ལས་ཡུན་རིང་ན་མུ་སྟེགས་དང་མཐུན་པར་འགྱུར་བའི་ཕྱིར། ཚེས་བཅུ་དྲུག་ལ་ཁས་ལེན་དགོས་པ་ཡིན་ཏེ། ཡར་ངོ་སྔོན་དུ་འགྲོ་བའི་སྒོ་ནས་ཁས་ལེན་པའི་ཕྱིར། ཟླ་བ་གང་གི་ཚེས་བཅུ་དྲུག་ལ་ཞེ་ན། དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་ཁས་ལེན་དགོས་པ་ཡིན་ཏེ། འཇིག་རྟེན་ལུགས་ཀྱི་དབྱར་ཟླ་འབྲིང་པོ་དེ། བསྟན་བཅོས་ལུགས་ཀྱི་དབྱར་ཟླ་དང་པོ་ཡིན་པའི་ཕྱིར། དབྱར་ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་ཉའི་ཕྱི་དེ་ཉིན་པར་གྱི་ཉིན་ཁས་ལེན་དགོས་པ་ཡིན་ཏེ། འཇིག་རྟེན་ལུགས་ཀྱི་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གི་ཉིན་ཞག་གཅིག་པོ་དེ། ཆོས་འདུལ་བའི་ལུགས་ཀྱི་དབྱར་ཐུང་ངུའི་དུས་ཡིན་པའི་ཕྱིར། འོ་ན་དབྱར་ཟླ་འབྲིང་པོ་དེ་གང་ལ་བྱ་ཞེ་ན། ཟླ་བ་གང་ལ་དབྱར་ཉི་ལོག་པའི་ཉིན་པར་ནས་མགོ་བཟུང་བའི་ཟླ་བ་གཅིག་པོ་དེ་དབྱར་ཟླ་ཐ་ཆུང་ཡིན་པར་གྲུབ་པ་ན། དེའི་མདུན་རོལ་གྱི་ཟླ་བ་གཅིག་པོ་དེའོ། །དེ་ཡང་གང་ཞེ་ན། གྲོ་ཞུན་ཅན་གྱི་ཟླ་བ་ལ་ཤོལ་བྱུང་བ་དེའི་ཚེ། གྲོ་བཞིན་ཅན་གྱི་མིང་ཅན་སྔ་མ་དེ་ཉིད་ཡིན་པ་སྲིད་ལ། དེ་ལ་ཤོལ་མེད་པ་དེའི་ཚེ། ཆུ་སྟོད་ཀྱི་ཟླ་བའོ། །འོ་ན་འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས་པ་དེ་ཇི་ལྟར་དྲངས་སྙམ་ན། སྔར་བཤད་པ་ལྟར་གྲོ་བཞིན་ཅན་གྱི་ཟླ་བའི་མིང་འདོགས་པ་གཉིས་བྱུང་བ་དེའི་ཚེ། དང་པོའི་ཚེས་གཅིག་ནས་དབྱར་སྔ་མའི་ཁས་ལེན་བྱེད་པ་དང༌། ཁྲུམས་སྟོད་ཀྱི་ཟླ་བ་གཉིས་བྱུང་བ་དེའི་ཚེ། དང་པོ་དེའི་ཚེས་གཅིག་ནས་དབྱར་ཕྱི་མའི་ཁས་ལེན་བྱེད་དགོས་པའི་དོན་ཡིན་ཏེ། དཔེར་ན་སྨིན་དྲུག་ཅན་གྱི་ཟླ་བ་གཉིས་བྱུང་བ་དེའི་ཚེ། སྔ་མ་སྟོན་ཟླ་ཐ་ཆུང་དུ་འཇོག་དགོས་པ་བཞིན་ནོ། །འོ་ན་ཤོལ་ཡོད་པ་ཁོ་ནའི་དབང་དུ་བྱས་ནས་ངོས་འཛིན་པ་ཅི་ཞེ་ན། ཤོལ་ཟླ་ཡོད་པའི་ལོ་དེ་ཤིན་ཏུ་དག་པའི་ལོ་ཡིན་ཏེ། ལོ་དེ་ལ་ཉ་སྐར་རྣམས་ཇི་ལྟ་བ་བཞིན་དུ་འགྲིག་ཅིང༌། ལོ་རྟིང་མ་དང་གཉིས་ཀྱི་འཕོ་མཚམས་ཀྱང་ཤིན་ཏུ་དག་ལ། ཤོལ་མེད་པའི་ལོ་གཉིས་པོ་ལ། ཉ་སྐར་རྣམས་ཇི་བཞིན་མི་འགྲིག་ཅིང༌། ཟླ་བ་བཅུ་གཉིས་ཀྱི་རྫོགས་མཚམས་དང༌། ལོ་འཕོ་མཚམས་མི་འགྲིག་པའི་ཕྱིར་ཏེ། ལོ་གཅིག་པོ་དེ་གསར་ནས་ཟླ་བ་བཅུ་གཉིས་རྫོགས་ཀྱང༌། ལོ་ཕྱི་མ་དེར་མ་འཕོས་པའི་ཕྱིར། དེ་ལྟ་མོད་ཀྱི་ལོ་གཅིག་ལ་གྲོ་བཞིན་ཅན་གྱི་ཟླ་བ་གཉིས་བྱུང་བ་དེའི་ཚེ། སྔ་མ་ཤོལ་དང༌། ཕྱི་མ་དངོས་ཟླ་ཡིན་ཀྱང༌། དབྱར་གྱི་ཁས་ལེན་སྔ་མ་ལ་བྱེད་དགོས་ཏེ། དེའི་ཚེ་དབྱར་ཟླ་འབྲིང་པོ་གཉིས་བྱུང་བ་ཡིན་ཅིང༌། དེའི་དུས་ཀྱི་ཚེ་དབྱར་གྱི་ཁས་ལེན་ལ་སྔ་མ་དབང་བཙན་པར་བྱེད་དགོས་པའི་ཕྱིར་ཏེ། དེ་འདྲ་དེ་དཔྱིད་ཀྱི་ཟླ་བ་བཞི་རྫོགས་མ་ཐག་པའི་རྗེས་ཀྱི་ཟླ་བ་དེ་ཡིན་པའི་ཕྱིར། དེ་ལ་འདི་སྙམ་དུ། གཞུང་ལས། གྲོ་བཞིན་ཅན་ལ་དབྱར་སྔ་མར་བཤད་པ་དེ་ཉིད་དུས་རྟག་ཏུ་ཁས་ལེན་དགོས་སོ་སྙམ་ན། འོ་ན་གཞུང་དེ་ཉིད་ལས། ས་ག་དང་ནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཞེས་གསུངས་པ་དེ་ཡང་དུས་རྟག་ཏུ་ཁས་ལེན་དགོས་པར་འགྱུར་ལ། དེ་ཡང་འདོད་པར་མི་ནུས་པ་ནི་གོང་དུ་བཤད་ཟིན་པས་སོ། །འོ་ན་ཅི་ཞེ་ན། སྨིན་དྲུག་ཅན་གྱི་ཟླ་བ་གཉིས་བྱུང་བའི་ཚེ། སྨིན་དྲུག་ཅན་རྟིང་མ་དང༌། ས་ག་ཅན་གཉིས་བྱུང་བའི་ཚེ་རྟིང་མ་སོགས་ཁོ་ན་ལ་གསོ་སྦྱོང་མི་ཐུབ་པ་བྱུང་བའི་དོན་ཡིན་གྱི། ཤོལ་མེད་པའི་ཚེ་ཡང་དེ་ལྟར་ངེས་ན། ཉ་སྐར་བཅུ་གཉིས་ཀྱི་མིང་ཅན་གྱི་ཟླ་བ་རྣམས་ལ་ཚེས་ཞག་སུམ་ཅུ་རེ་ལས་མེད་པར་འགྱུར་ལ། དེ་ལྟ་ན་ཟླ་ཤོལ་འོང་བའི་དོན་མེད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། ཁས་ལེན་པའི་ཆོ་ག་དང༌། ཁས་བླངས་པའི་དམ་ཚིག་བསྲུང་བའོ། །དང་པོ་ལ་སྦྱོར་བ་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་སྤྱིའི་སྦྱོར་ཆོག་དང༌། གནས་མལ་སྟོབས་པ་ལ་བསྐོས་པའི་གང་ཟག་གི་སྦྱོར་ཆོག་གོ །དང་པོ་ནི་ཞག་བཅུའམ་སོགས་སོ། །གཉིས་པ་ལ་ཁྲིམས་སུ་བྱ་བ་བརྟན་པོ་བརྗོད་པ་དང༌། གནས་མལ་སྟོབས་པ་དངོས་སོ། །དང་པོ་ནི་དེས་དྲི་དག་གི་སོགས་སོ། །གཉིས་པ་ལ་སྦྱོར་བ་དང༌། དངོས་དང༌། འཇུག་གསུམ་མོ། །དང་པོ་ལ། ཚུལ་ཤིང་བླང་བའི་ཕྱིར་གསོལ་བའི་ལས་བྱ་བ་དང༌། དངོས་གཞི་ཚུལ་ཤིང་བྲིམས་ཤིང་བླང་བ་དང༌། འཇུག་ཚུལ་ཤིང་བླངས་པའི་གྲངས་གོ་བར་བྱ་བའོ། །དང་པོ་ནི་གཞན་གྱིས་དང༌། གཉིས་པ་ནི་ཚུལ་ཤིང་དང༌། གསུམ་པ་ནི་བགྲང་ནས་སོགས་སོ། །གཉིས་པ་ལ། དང་པོ་གནས་སྟབས་པ་ནི། གནས་ཀྱི་དང༌། གཉིས་པ་གནས་མལ་སྟབས་པ་ནི། གནས་མལ་སོགས་སོ། །གསུམ་པ་འཇུག་ནི། ཁྱེད་ཅག་སོགས་སོ། །གཉིས་པ་དངོས་གཞི་ནི་འགྱོད་པ་དང་སོགས་སོ། །གཉིས་པ་ཁས་བླངས་པའི་དམ་ཚིག་བསྲུང་བ་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱིན་གྱིས་མ་བརླབས་པར་སོགས་སོ། །གཉིས་པ་ལ། དབྱར་རལ་པ་སྤང་བ་དང༌། རྐྱེན་དབང་གིས་འདས་ཀྱང་ཉེས་པ་མེད་པའོ། །དང་པོ་ལ་རབ་ཏུ་བྱུང་བའི་ཆོས་ལྡན་དང༌། ཁྱིམ་པའི་ཆོས་ལྡན་ནོ། །དང་པོ་ནི་འདི་ལྟ་སྟེ་དང༌། གཉིས་པ་ནི་ཁྱིམ་པ་དང་སོགས་སོ། །གཉིས་པ་ནི་ཟས་དང་སོགས་སོ། །གཉིས་པ་ཞར་བྱུང་ནི་དམ་བཅས་ན་སོགས་སོ། །གཉིས་པ་གླེང་གཞི་ལ་སོགས་པ་དོགས་གཅོད་ཀྱི་ཚུལ་དུ་བཤད་པ་ལ། གང་ཟག་གང་གིས་ཁས་བླངས་པའི་སྤྲོས་པ། གནས་གང་དུ་ཁས་བླངས་པའི་སྤྲོས་པ། དམ་ཚིག་གི་སྤྲོས་པའོ། །དང་པོ་ནི་སྡེ་པ་སོགས་དང༌། གཉིས་ནི་འགྱོད་པ་སོགས་དང༌། གསུམ་པ་ལ་གནང་བ་མ་ཐོབ་པས་དབྱར་བྱིན་གྱིས་བརློབ་པའི་རིང་མཐའ་དང༌། དེ་ཐོབ་པས་དེ་བརློབ་པའི་རིང་མཐའ་བཤད་པའོ། །དང་པོ་ལ་བྱིན་གྱིས་བརླབས་ཀྱང་མི་འཆགས་པ་དང༌། ཆགས་པའི་ཚད་དོ། །དང་པོ་ནི། དེའི་ལྟ་བ་སོགས་སོ། །གཉིས་པ་ནི་འདི་ལ། ཞེས་པའོ། །གཉིས་པ་ལ་ཞག་བཞི་བཅུ་ཚུན་ཆད་དུ་བྱིན་གྱིས་བརློབ་པར་བསྟན་པ་དང༌། དེར་བརློབ་པ་ལ་དེའི་གནང་བ་ཐོབ་དགོས་པར་བསྟན་པ་དང༌། དེ་ལས་ལྷག་པར་བྱིན་གྱིས་བརློབ་པའི་དམིགས་བསལ་མེད་པར་བསྟན་པ། གང་ཟག་གང་གིས། གནས་གང་དུ། གང་གི་དྲུང་དུ་བྱིན་བརློབ་པ་དང་དགོས་པ་གང་གི་ཕྱིར་བྱིན་གྱིས་བརློབ་པའི་བྱ་བ་གཞན་ཡང་མཚོན་པའོ། །དང་པོ་ནི་གནང་བ་མ་ཐོབ་པ་ཞེས་དང༌། གཉིས་པ་ནི་དེ་སྦྱིན་ནོ་དང༌། གསུམ་པ་ནི་དེ་ལས་ལྷག་པར་དང༌། བཞི་པ་ནི་དེ་ནི་སྡེ་པ་སོགས་དང༌། ལྔ་པ་ནི་མུ་སྟེགས་ཅན་སོགས་སོ། །འདིར་ཞག་བཞི་བཅུའི་གནང་བ་ནི། བྱེད་པ་པོ་དགེ་འདུན་གྱིས་སྟེར། གང་ལ་བྱ་བ་རབ་བྱུང་སྡེ་ལྔའི་སྡོམ་པ་གསོ་རུང་དང་ལྡན་པ། དབྱར་གནས་པ་ཁས་བླངས་པ་ལ་སྟེར། ཆོ་ག་གསོལ་གཉིས་ཀྱི་ལས་ཀྱིས་སྟེར། འདི་ལ་སྤྲོ་བ་དང༌། གསོལ་བ་འདེབས་པ་གཉིས་བྱུང་བའི་དོན་ལ། རྒྱ་འདུལ་འཛིན་དགེ་འདུན་གྱི་དོན་དུ་འགྲོ་ན་སྤྲོ་བ་དྲི། རང་དོན་དུ་འགྲོ་ན་གསོལ་བ་འདེབས་པ་ཡིན་ཏེ། གཉིས་པོ་ཞག་ལེན་བྱེད་པ་ཡིན་ཞེས་གསུངས། བྱ་འདུལ་འཛིན། དགེ་འདུན་གྱི་དོན་ཡིན་པའི་ཆ་ནས་སྤྲོ་བ་དྲི། རང་ཉིད་དབྱར་མི་རལ་བའི་དོན་དུ་གསོལ་བ་གདབ་པ་ཡིན་ཞིང༌། རང་དོན་འབའ་ཞིག་ཏུ་འགྲོ་བ་དྲི་མི་དགོས་སོ་ཞེས་གསུངས། གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ། ཞག་བརྒྱད་ནས་བཞི་བཅུའི་བར། གང་ལ་གང་འཚམས་པར་བྱིན་གྱིས་བརླབས་ཏེ་འགྲོ་དགོས་སོ། །འདིར་དགེ་ཚུལ་འབའ་ཞིག་གི་དབྱར་གནས་པར་ཁས་བླངས་པ་འཆགས་པ་དེའི་ཚེ། སྦྱོར་བ་གསོལ་བ་འབའ་ཞིག་པའི་ལས་བྱ་མི་དགོས་ཤིང༌། བྱིན་གྱིས་རློབ་པ་ཡང་ཞག་བདུན་པ་ནི་དགེ་ཚུལ་གྱི་དྲུང་དུ་རུང་ལ། ཞག་བཞི་བཅུར་བྱིན་གྱིས་རློབ་པ་མི་སྲིད་དོ། །ཡང་མཐའི་ཞག་དྲུག་ལ་བྱིན་གྱིས་རློབས་པ་མི་འཆགས་པར་གསུང་བའི་དོན་ལ། བྱ་འདུལ་བ་འཛིན་པ་ནི། དེའི་ཚེ་ཞག་བདུན་བྱིན་གྱིས་རློབ་པ་མི་འཆགས་པ་ཡིན་གྱི། གཉིས་གསུམ་ལ་སོགས་པ་བྱིན་གྱིས་རློབ་ཏུ་རུང་ཞེས་གསུངས། ཕྱིས་ཀྱི་ལག་ལེན་པ་དག་ན་རེ། ཞག་བདུན་བྱིན་གྱིས་བརླབས་པ་དེ་ཞག་དྲུག་ཕྱི་རོལ་ཏུ་སྡོད་དུ་རུང་བ་ཡིན་ལ། ཞག་བདུན་བསྡད་ན་དབྱར་རལ་བ་ཡིན་ཏེ། དཔེར་ན་སྨན་ཞག་བདུན་བར་བྱིན་གྱིས་བརླབས་པ་བཞིན་ནོ། །ཞེས་ཟེར་བ་ནི་མ་གོ་བ་ཡིན་ཏེ། འོ་ན་ཞག་གཅིག་ཁོ་ན་བྱིན་གྱིས་བརླབས་པ་དེས་མཚམས་ཀྱི་ཕྱི་རོལ་ཏུ་ཞག་གཅིག་བསྡད་ན་དབྱར་རལ་བར་ཐལ། ཞག་གཉིས་ཁོ་ན་བྱིན་གྱིས་བརླབས་པ་དེས་ཞག་གཉིས་མཚམས་ཀྱི་ཕྱི་རོལ་ཏུ་བསྡད་ན་དབྱར་རལ་བའི་ཕྱིར། འདོད་ན། ཉི་མ་དེ་ཉིད་ཀྱི་ནང་དུ་མཚམས་ནང་དུ་ཕྱིར་ལྡོག་པས་ཀྱང་ཞག་གཅིག་བྱིན་གྱིས་རློབ་དགོས་པ་དང༌། དེ་མ་བརླབས་ན་དབྱར་རལ་བར་ཁྱེད་ཀྱིས་ཁས་བླངས་པས། ཇི་སྐད་དུ། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བ་མི་བྱའོ། །ཞེས་ངེས་པར་བཟུང་བ་དང་འགལ་ལོ། །གསུམ་པ་དགག་དབྱེ་ལ་གཉིས་ལས། དང་པོ་ལུང་གཞི་ནས་འབྱུང་བ་གཞུང་གི་ཚུལ་དུ་བཤད་པ་ལ། བསླབ་བྱ་དང༌། དགག་དབྱེའི་ཆོ་ག་དངོས་སོ། །དང་པོ་ནི། མི་སྨྲ་བ་སོགས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབྱར་གནས་པ་སོགས་སོ། །གཉིས་པ་ལ་སྦྱོར་བ་དང༌། དངོས་གཞི་དང༌། དམིགས་བསལ་གྱི་དགག་དབྱེ་རྒྱས་པར་བཤད་པའོ། །དང་པོ་ལ་རིང་བའི་སྦྱོར་བ་དང༌། ཉེ་བའི་སྦྱོར་བའོ། །དང་པོ་ནི་སྤྱོད་ཡུལ་སོགས་སོ། །གཉིས་པ་ནི་ངོ་ནོང་སོགས་སོ། །དངོས་གཞི་ལ། དགག་དབྱེ་བྱེད་པ་པོ་བསྐོ་བ། གསོལ་བ་འབའ་ཞིག་པའི་ལས་བྱ་བ། དགག་དབྱེ་གོ་བར་བྱ་བ་རྣམས་སོ། །དང་པོ་ནི། དགེ་སློང་དང༌། གཉིས་པ་ནི་དགག་དབྱེ་བྱ་བའི་ཕྱིར་སོགས་སོ། །གསུམ་པ་ལ་ལྟུང་བའི་དགག་དབྱེ་དང༌། རྫས་ཀྱི་དགག་དབྱེའོ། །དང་པོ་ནི་འདི་ལ་སོགས་སོ། །གཉིས་པ་ནི་རང་གི་རྫས་སོགས་སོ། །གསུམ་པ་དམིགས་བསལ་གྱི་དགག་དབྱེ་ལ། དགོས་པའི་དབང་གི་གནས་དང་དུས་གཞན་དུ་དགག་དབྱེ་བྱར་རུང་བའི་ཚུལ་དང༌། དེའི་དབང་གི་དངོས་གཞི་ལ་སོགས་པ་གསུམ་བཞག་པའི་དེ་རུང་བའི་ཚུལ་དང༌། འཐབ་དཀྲོལ་ཅན་གྱི་དབང་གིས་དགག་དབྱེ་དུས་ཀྱི་སྔ་ཕྱིར་བྱར་རུང་བའི་དམིགས་བསལ་བསྟན་པའོ། །དང་པོ་ནི། བྱིན་གྱིས་བརླབས་ཏེ་སོགས་སོ། །གཉིས་པ་ནི་གཞིའམ་སོགས་སོ། །གསུམ་པ་ནི་གལ་ཏེ་སོགས་སོ། །འདིར་གཞི་ནི་ལྟུང་བ་སྡེ་ལྔ་གང་རུང་ཡིན་ནོ། །གང་ཟག་ནི་གང་ཟག་གང་ལས་ལྟུང་བ་བྱུང་བའི་ཡུལ་ལམ་གླེང་བྱེད་ཞེ་འཁོན་དང་བཅས་པ་ལྟ་བུ་ལ་འཆད་པའི་ལུགས་གཉིས་སྣང་ངོ༌། །གཉིས་པ་ཕྲན་ཚེགས་ནས་འབྱུང་བ་དོགས་གཅོད་ཀྱི་ཚུལ་དུ་བཤད་པ་ལ། དངོས་ཀྱི་དོན་དང༌། ཞར་ལ་བཟོད་པ་གསོལ་བའོ། །དང་པོ་ལ་ཐོག་མར་འཁོན་སྦྱང་བ་དང༌། དེ་ནས་ཀུན་དགའ་བར་བྱ་བའོ། །དང་པོ་ནི་ནང་དང་སོགས་སོ། །གཉིས་པ་ནི་དེའི་ཚེ་སོགས་སོ། །གཉིས་པ་ལ་བཟོད་པ་གསོལ་བའི་བསླབ་བྱ་དང༌། བཟོད་པ་ལེན་པའི་བསླབ་བྱའོ། །དང་པོ་ནི་གཤེ་བ་ལ་སོགས་སོ། །གཉིས་པ་ནི་བཟོད་པ་སོགས་སོ། །གཉིས་པ་བདེ་བར་གནས་པའི་རྐྱེན་བརྟེན་པའི་ཚུལ་ལ། གོས་བརྟེན་པའི་ཚུལ་དང༌། སྨན་བརྟེན་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གོས་ཐམས་ཅད་ཀྱི་གཏེར་ལྟ་བུར་གྱུར་པ་སྲ་རྐྱང་གི་གཞི། རུང་བ་ཕལ་ཆེ་བ་གོས་ཀྱི་གཞི། མི་རུང་བ་ཕལ་ཆེ་བ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ལ། ལུང་གི་བྱེ་བྲག་གཉིས་ལས། དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབྱར་གནས་པའི་དགེ་འདུན་ཆོས་ཅན། སྲ་རྐྱང་གདིང་བར་བྱ་སྟེ། དེ་ལ་བརྟེན་པའི་ཕན་ཡོན་འབྱུང་བའི་ཕྱིར། ཀ་ཐི་ན་ཞེས་པའི་སཾ་སྐྲྀ་ཏའི་སྐད་གཅིག་ལ། བོད་སྐད་གཏན་པ་ཞེས་ཀྱང་བྱ་ལ། སྲ་རྐྱང་ཞེས་ཀྱང་བྱའོ། །མིང་དེ་གཉིས་ལ་གང་ལ་དངོས་མིང་དུ་འཇུག་པའི་གཞི་ནི། ཆོས་གོས་དྲས་ཤིང་དྲུབ་པ་ན་ཁོད་སྙོམ་པའི་ཕྱིར་དུ། འདིངས་པའི་གཞིར་གྱུར་པའི་སྤང་ལེབ་ལ་བྱ་བ་ཡིན་ལ། དེ་གང་ལ་བཏགས་མིང་དུ་འཇུག་པའི་གཞི་ནི། དགེ་འདུན་སྤྱི་དབང་བའི་ཆོས་གོས་གསུམ་ཕྲུགས་སོ། །དེ་ལ་དེའི་མིང་གིས་འདོགས་པའི་རྒྱུ་མཚན་ནི་དེ་དང་འདྲ་བའོ། །འདྲ་བའི་ཚུལ་ནི། གཏན་པས་ཆོས་གོས་ཀྱི་སྣམ་ཕྲན་དང༌། གླེགས་བུ་སོགས་ཐམས་ཅད་ལ་ཁྱབ་པ་ལྟར། འདིའི་བྱིན་བརླབས་ཀྱིས་ཀྱང་འདིངས་པ་པོའི་དགེ་སློང་ཐམས་ཅད་ལ་ཁྱབ་པ་དང༌། གཏན་པས་ཆོས་གོས་འཁུམས་པ་བརྐྱོང་བ་བྱེད་པ་ལྟར། འདིས་ཀྱང་འདིངས་པ་པོའི་དགེ་འདུན་རྣམས་སྣང་བ་བག་ཡངས་དང་འབྲེལ་བས་བག་བརྐྱོང་བ་དང༌། གཏན་པ་དེའི་སྟེང་དུ་ཆོས་གོས་ཀྱི་ཁ་དོག་དང་དབྱིབས་ཀྱི་དངོས་པོ་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིངས་པ་པོའི་དགེ་སློང་རྣམས་བློ་རྩེ་གཅིག་ཏུ་མཐུན་པར་བྱེད་པའོ། །དགོས་པ་ནི་དེ་ལ་དེའི་མིང་བཏགས་པས་འདྲ་བའི་ཆོས་དེ་དག་གོ་བའོ། །དངོས་ལ་གནོད་བྱེད་ནི། འདིར་བསྟན་གྱི་དགེ་འདུན་སྤྱི་དབང་བའི་ཆོས་གོས་གསུམ་ཕྲུགས་བྱིན་བརླབས་ཅན་དེ་ཆོས་ཅན། སྲ་རྐྱང་དངོས་མ་ཡིན་ཏེ། ཆོས་གོས་དྲྭ་བ་དང་དྲུབ་པའི་ཚེ། འདིངས་པའི་གཞིར་གྱུར་པའི་སྤང་ལེབ་མ་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། སྲ་རྐྱང་འདིངས་པའི་ཆོ་ག བརྐྱང་བའི་ཆོ་ག དབྱུང་བའི་ཆོ་གའོ། །དང་པོ་ལ་དགོས་པ་གང་གི་དོན་དུ་དང༌། གང་ཟག་གང་གིས་དང༌། དངོས་པོ་གང་གདིང་བ་དང༌། ཇི་ལྟར་གདིང་བའི་ཆོ་གའོ། །དང་པོ་ནི། སྲ་རྐྱང་འདིང་ཆགས་དང་ལྡན་པའི་དགེ་སློང་ཆོས་ཅན། ཕན་ཡོན་རྣམ་པ་བཅུ་ཐོབ་པ་ཡིན་ཏེ། སྲ་རྐྱང་བཏིང་ན་ནི་འཆང་འབྲལ་འཇོག་གསུམ་གྱི་ཉེས་པ་ཁེགས་པར་བསྟན་པ་ཇི་ལྟ་བ་དེ་བཞིན་དུ། ཡང་ཡང་ཟ་བ་ལ་ཉེས་པ་མེད་པ་ནས། ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བའི་བར་ལྔ་སྟེ། དངོས་སུ་བསྟན་པ་བརྒྱད་དང༌། དེས་མཚོན་པའི་ཕན་ཡོན་གཞན་ཡང་ཐོབ་པའི་ཕྱིར། ཇི་ལྟར་ཞེ་ན། འབྲལ་བ་སྤྱི་གནང་བས་དགོན་པ་པའི་འབྲལ་སྤངས་ཁེགས་པ་དང༌། དབྱར་གྱི་རྙེད་པ་བཞག་འཕྱིས་པའི་ཉེས་པ་མེད་པར་སྐབས་གཞན་དུ་ཡང་ཡང་གསུང་བའོ། །གཉིས་པ་ནི། དབྱར་གནས་པར་ཁས་མ་བླངས་པ་དང་སོགས་སོ། །འདི་དག་གི་སྐབས་ཀྱི་དམིགས་བསལ་ལ། དགེ་ཚུལ་གྱི་དུས་སུ་དབྱར་གནས་པར་ཁས་བླངས་ཏེ་བསྙེན་པར་རྫོགས་ནས། ཟླ་བ་གསུམ་ལོན་པ་ན། གཏན་པ་བཏིང་ན་བཏིང་བ་ཞེས་བྱ་སྟེ། ཞེས་ལུང་ལས་གསུང་བ་དང༌། དབྱར་བྱིན་གྱིས་བརླབས་ཏེ་སོང་ནས། རལ་བ་དེ་ཡང་ཟླ་བ་གསུམ་དུ་གནས་ན་སྲ་རྐྱང་གདིང་བ་ཆགས་པར་གསུང་བ་དང༌། དགེ་འདུན་ཐམས་ཅད་ཀྱིས་དབྱར་ཕྱི་མར་ཁས་བླངས་ན་དེ་འཆགས་པར་གསུངས་པ་དང༌། གནས་གཞན་དུ་གནས་པར་ཁས་བླངས་ཀྱང་སྲ་རྐྱང་འདིངས་པའི་ཚེ་མཚམས་གཅིག་ཏུ་བྱས་ན་འཆགས་པར་ལུང་ཞུ་བ་ལས་གསུངས་སོ། །ས་གཞན་དུ་གནས་པ་ཡང་སྲ་རྐྱང་འདིངས་ཁར་རང་བཞིན་དུ་གནས་པ་ཐོབ་ན། དེ་འདིངས་པར་འབྱུང་བར་ལུང་ལས་གསུངས་སོ། །ཞེས་བུ་སྟོན་རིན་པོ་ཆེ་གསུང་ངོ༌། །སྲ་རྐྱང་བཏིང་ཟིན་པའི་འོག་རོལ་ཏུ་ས་གཞན་དུ་གནས་པར་སོང་ན། སྲ་རྐྱང་བཏིང་བ་འཇིག་ཅེས་པ་ནི། ཇི་སྐད་དུ། དེ་དག་ཉིད་འཐོབ་པ་ཡིན་ན་མི་འབྱུང་ངོ༌། །ཞེས་པའི་གཞུང་གིས་བསྟན་པར་སྟོད་འདུལ་བ་རྣམས་འཆད་དོ། །གསུམ་པ་དངོས་པོ་གང་གདིང་བ་ནི། དངོས་པོ་གཞིའི་སོགས་སོ། །བཞི་པ་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི་དང༌། འཇུག་ཆོག་དམིགས་བསལ་དང་བཅས་པའོ། །དང་པོ་ལ་དགེ་འདུན་གྱི་དང༌། བསྐོ་བའི་གང་ཟག་གིའོ། །དང་པོ་ནི་དེ་ནི་སོགས་སོ། །གཉིས་པ་ནི་བཀྲུ་བ་དང་སོགས་སོ། །གཉིས་པ་དངོས་གཞི་ནི་དྲི་དང་སོགས་སོ། །གསུམ་པ་ནི་དགེ་སློང་རེ་རེ་སོགས་སོ། །གཉིས་པ་བརྐྱང་བའི་ཚུལ་ལ། ཆུད་ཟ་བ་སྤང་བ་དང༌། མ་ལུས་པ་སྤང་བའོ། །དང་པོ་ནི་དུས་དུས་སུ་སོགས་སོ། །གཉིས་པ་ནི་རྒྱལ་པོའི་ཕོ་བྲང་སོགས་སོ། །གསུམ་པ་འབྱུང་བའི་ཚུལ་ལ། དངོས་དང༌། བསླབ་པར་བྱ་བའོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྲ་རྐྱང་གི་བྱིན་བརླབས་དབྱུང་བའི་ཚུལ་ནི་ཆོས་ཅན། རྣམ་པ་གཉིས་ཡོད་དེ། དབྱུང་བའི་བློ་སྔོན་དུ་མ་བཏང་བར་རང་འཇུག་པ་དང་བྲལ་བས་དབྱུང་བ་དང༌། བཅོས་མའི་དབྱུང་བ་དག་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་རང་འཇུག་བྲལ་གྱི་དང༌། བཅོས་མའི་འོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་མཐའ་དག་དང་འབྲེལ་བའི་དང༌། གང་ཟག་སྒོས་ཀྱིའོ། །དང་པོ་ནི། དགེ་འདུན་སྤྱིའི་སྲ་རྐྱང་རང་འཇུག་པ་དང་བྲལ་བར་འགྱུར་བའི་ཚུལ་ནི་ཆོས་ཅན། འདིར་གཉིས་བསྟན་པ་ཡིན་ཏེ། སྲ་རྐྱང་གིས་རང་བཏིང་ཡོད་ཀྱི་མཚམས་ལས་གཞན་དུ་ཕྱིན་པ་དང༌། གནས་དེར་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་གཅིག་ཀྱང་མེད་པ། སྲ་རྐྱང་གིས་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང་གཉིས་གསུང་བའི་ཕྱིར། གཉིས་པ་ནི། དགེ་འདུན་སྤྱིའི་སྲ་རྐྱང་གི་བྱིན་བརླབས་རང་འཇུག་བྲལ་དུ་མ་གྱུར་ཀྱང༌། གང་ཟག་དགོས་ཀྱི་དེ་དེར་འགྱུར་བ་ཡོད་དེ། སྲ་རྐྱང་བཏིང་ཡོད་ཀྱི་མཚམས་དེའི་དཀྱིལ་འཁོར་གྱི་ཁོངས་གཏོགས་པ་ཆད་པའི་དགེ་སློང་དེ་ལ། དེའོ་སྟེ། སྲ་རྐྱང་གི་བྱིན་རླབས་རང་འཇུག་བྲལ་དུ་སོང་བའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ནི། མ་ལྟ་བུའི་ཚིགས་དྲུག་གི་སྒོ་ནས་འཆད་དེ། དེ་གང་ཞེ་ན། སྦྱོར་བས་འགྲོ་བའི་དང༌། ངེས་པར་བྱེད་པའི་དང༌། མཐར་ཐུག་པའི་དང༌། བརྩམས་པ་ཞིག་པའི་དང༌། བསམས་པ་རྒྱུན་ཆད་པའི་དང༌། མཚམས་ལས་འདས་པའི་དང༌། ཅིའི་ཕྱིར་མ་ཞེས་བྱ་ན། གང་ཟག་དགོས་ཀྱི་སྲ་རྐྱང་རང་འཇུག་བྲལ་དུ་བསྐྱེད་པ་ལ་མ་དང་འདྲ་བའི་ཕྱིར། མདོར་ན་མ་དྲུག་པོ་འདིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་བྱེད། དེ་ཆད་པ་དང༌། ཞག་ལོན་པ་མཉམ་དུ་བྱུང་བའི་ཚེ་སྲ་རྐྱང་དང་བྲལ་བའི་འབྲལ་སྤང་བྱུང་ངམ་སྙམ་ན་མ་ཡིན་ཏེ། སྲ་རྐྱང་དང་བྲལ་བའི་འབྲལ་སྤང་བྱུང་ན་དེ་བཏིང་བས་འབྲལ་སྤང་ཁེགས་པ་མ་ཡིན་པར་ཐལ་བའི་ཕྱིར་དང༌། དེའི་བྱིན་བརླབས་རང་འཇུག་བྲལ་དུ་སོང་ཟིན་ནས་འབྲལ་སྤང་གི་གཞི་བྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དེའི་ཚེ་ན་གང་ཟག་དེའི་སྲ་རྐྱང་གི་བྱིན་རླབས་ཞིག་པ་སླར་ཡང་སོར་ཆུད་པར་མི་སྲིད་དེ། འབྲལ་བ་བྱུང་བའི་ཆོས་གོས་ལ་དེའི་བྱིན་བརླབས་མི་འཆགས་པའི་ཕྱིར། རང་འཇུག་བྲལ་གྱི་ཚུལ་འདི་ནི་ཆོས་གོས་ཀྱི་བྱིན་བརླབས་སྤྱི་ལའང་མཚུངས་པར་ཁས་ལེན་དགོས་པ་འདྲའོ། །དྲུག་གི་དང་པོ་ནི། སྲ་རྐྱང་བཏིང་ཡོད་ཀྱི་མཚམས་ནས་འགྲོ་བའི་ཚེ། ཕྱིར་མི་འོང་བའི་སེམས་ཀྱིས་མཚམས་ལས་འདས་པ་ན། རང་འཇུག་བྲལ་དེ་འགྲུབ་བོ། །གཉིས་པ་ནི། འོ་ན་ཕྱིར་འགྲོ་བའི་ཚེ། སེམས་དེ་ངེས་པར་དགོས་སམ་ཞེ་ན། མི་དགོས་ཏེ། མཚམས་ཀྱི་ཕྱི་རོལ་དུ་སེམས་དེ་སྐྱེས་ན་ཡང༌། དེར་འགྱུར་བའི་ཕྱིར། འོ་ན་མ་དང་པོ་གཉིས་སུ་འཇོག་པ་ལ། དེ་ཙམ་གྱིས་ཆོག་གམ་ཞེ་ན། ཕྱིར་མི་འོང་བའི་སེམས་དང༌། མཚམས་ལས་འདས་པ་གཉིས་པོ་ཙམ་གྱིས་མ་དང་པོ་གཉིས་སུ་འཇོག་མི་ནུས་ཏེ། སྲ་རྐྱང་ལ་ཆོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་ན། དེའི་ཚེ་མཚམས་ལས་འདས་པ་ཉིད་ཙམ་གྱིས་དེར་འཇོག་པའི་ཕྱིར། འདིས་ནི་སྦྱོར་འགྲོ་དང༌། ངེས་བྱེད་གཉིས་ཀྱི་བྱེ་བྲག་འབྲེལ་མེད་བསྒྲུབ་པའི་སྐབས་དེ་བསྟན་ནོ། །རྗེས་སུ་འབྲེལ་པ་ཡོད་ན་མཚམས་ལས་འདས་པ་དང་ཕྱིར་མི་འོང་བའི་སེམས་ཙམ་གྱིས་མ་དང་པོ་གཉིས་སུ་འཇོག་མི་ནུས་ཏེ། དེ་ཡོད་ན་སྲ་རྐྱང་ལ་མ་ལྟོས་པའི་ཆོས་གོས་ལོགས་སུ་བྱེད་པར་འགྱུར་བ་ཉིད་ཆད་གཅིག་དེའི་ཚེ་དེར་འཇོག་པའི་ཕྱིར། འདིས་ནི་དེ་གཉིས་ཀྱི་བྱེ་བྲག་འབྲེལ་བཅས་དེ་བསྟན་ནོ། །འོ་ན་རྗེས་སུ་འབྲེལ་བཅས་ཀྱི་མ་གཉིས་པོ་འགྲུབ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་དེ་ཆད་པར་དགོས་སམ་ཞེ་ན། རྗེས་སུ་འབྲེལ་བཅས་ཀྱི་མ་དང་པོ་གཉིས་ཆོས་ཅན། ཁྱོད་དུ་འགྱུར་བ་ལ་མཚམས་ཀྱི་ཕྱི་རོལ་དུ་ཆོས་གོས་ལོགས་ཤིག་ཏུ་བྱེད་པར་འགྱུར་བ། ཆད་པ་ངེས་པར་མི་དགོས་ཏེ། མཚམས་ཀྱི་ནང་དུ་ཕྱིར་འོངས་པ་ན། དེ་བྱེད་པར་འགྱུར་བ་ཉིད་ཆད་ན་ཡང༌། ཁྱོད་དུ་འགྱུར་བའི་ཕྱིར། འདིར་རྗེས་སུ་འབྲེལ་པ་ཡོད་མེད་ཀྱི་དོན་ནི། སྲ་རྐྱང་བཏིང་ཆགས་དང་ལྡན་པའི་དགེ་སློང་གིས་ཁོ་བོ་རང་ཆོས་གོས་ལོགས་པ་ཤིག་མ་གྲུབ་ཀྱི་བར་དུ། སྲ་རྐྱང་ལ་བརྟེན། དེ་གྲུབ་ནས་དེ་ལ་མི་བརྟེན་ནོ་སྙམ་པའི་བསམ་པ་ཡོད་པ་དང༌། མེད་པ་ལ་བྱའོ། །དེ་འདྲའི་བསམ་པ་ཡོད་པ་དེས་ཆོས་གོས་གུད་དུ་གྲུབ་པའི་གནས་སྐབས་ཞིག་དང༌། དེ་མ་གྲུབ་པར་རེ་ཐག་ཆད་པ་ཞིག་དང་གཉིས་ལས། དང་པོ་མཐར་ཐུག་པའི་མ་ཡིན་པས་འོག་ནས་འཆད། གཉིས་པ་རེ་ཐག་ཆད་པ་དེ་མཚམས་ཀྱི་ཕྱི་ནང་གང་དུ་ཆད་ཀྱང་སྦྱོར་འགྲོ་དང༌། ངེས་བྱེད་ཀྱི་མའི་གནས་སྐབས་ཀྱི་བྱེ་བྲག་ཏུ་འགྱུར། གཉིས་པ་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་པ་དེ། ཕྱིར་མི་འོང་བའི་སེམས་ཀྱི་མཚམས་ལས་འདས་པ་ཙམ་གྱིས་མ་དང་པོ་གཉིས་པོའི་གནས་སྐབས་ཀྱི་བྱེ་བྲག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ནོ། །གཉིས་པོའི་འོག་གི་མ་གསུམ་ནི། གོང་དེར་བྱེད་པར་འགྱུར་བ་ཉིད་ཆད་ནའོ། །ཞེས་པ་ལ་འཕྲོས་ནས། དེ་ཆད་པའི་ཚད་དེ་གང་ཞེ་ན། སྲ་རྐྱང་ལ་མ་ལྟོས་པའི་ཆོས་གོས་བྱེད་པར་འགྱུར་བ་མཐར་ཐུག་པ་སྟེ། ལུས་ལ་གྱོན་པ་ལྟ་བུ་དང༌། དེ་ལྟར་བརྩམས་པ་ཞིག་པ་སྟེ་ཆོས་གོས་མ་ཟིན་པར་མེས་ཚིག་པ་ལྟ་བུ་དང༌། དེ་ལ་མ་ལྟོས་པའི་དེ་ལོགས་སུ་གྲུབ་ཏུ་རེ་བ་ལ། རེ་ཐག་ཆད་ནས་བསམ་རྒྱུན་ཆད་པ་གསུམ་ཆོས་ཅན། ཁྱོད་ལ་བྱེད་པར་འགྱུར་བ་ཉིད་ཆད་པ་དེ་གནས་པ་ཡིན་ཏེ། ཁྱོད་དེའི་དབྱེ་བ་ཡིན་པའི་ཕྱིར། འགྲེལ་པ་ཤེས་རབ་བྱེད་པ་ལས། མཚམས་ཀྱི་ནང་ཉིད་དུ། སྲ་རྐྱང་ལ་ལྟོས་མེད་ཀྱི་བློ་སྐྱེས་པ་དང༌། ཆོས་གོས་གཞན་གྱོན་པ་ལྟ་བུའི་ལུས་ལ་མཐར་ཐུག་པ་དང༌། བརྩམས་པ་ཞིག་པ་དང༌། བསམ་པ་རྒྱུན་ཆད་པ་རྣམས་ཀྱིས་ཀྱང་རང་འཇུག་བྲལ་དུ་འགྱུར་བར་བཤད་ལ། དེ་ཉིད་ལུང་དང་མདོའི་དགོངས་པར་གནས་ཤིང༌། དེ་དག་མ་དྲུག་པོའི་ནང་དུ་མ་འདུས་པར། དམར་སྟོན་པ་བཞེད་ཀྱང༌། འདུས་པ་ཉིད་ལེགས་ཏེ། ངེས་བྱེད་ཀྱི་མ་དང༌། མཐར་ཐུག་པའི་མ་སོགས་གསུམ་སྟེ། བཞི་པོ་དེར་འཇོག་པ་ལ་མཚམས་ཀྱི་ཕྱི་ནང་ཁྱད་པར་མེད་པའི་ཕྱིར། མ་དྲུག་པ་མཚམས་འདས་ནི། དེའི་བྱིན་བརླབས་རང་འཇུག་བྲལ་དུ་འགྱུར་བ་ལ་ཐེ་ཚོམ་དང་བྲལ་བའི་ངེས་ཤེས་ཁོ་ན་དགོས་སམ་ཞེ་ན། མཚམས་ནང་དུ་ཕྱིར་འོང་ངམ་མི་འོང་སྙམ་པའི་སེམས་ཀྱིས་འགྲོ་བ་དང༌། མཚམས་ཀྱི་ཕྱི་རོལ་དུ་ཡིད་གཉིས་དེ་འདྲ་སྐྱེས་པ་ནི་ཆོས་ཅན། གོང་དུ་བཤད་པའི་ངེས་པས་འབྱིན་པར་བྱེད་པ་དང་འདྲ་བ་ཡིན་ཏེ། ཆོས་གོས་བྱ་བའི་བསམ་པ་ཐེ་ཚོམ་ཅན་གྱིས་རྗེས་སུ་འབྲེལ་བ་མེད་ན། མཚམས་ལས་འདས་པ་དེའི་ཚེ་ཉིད་ན་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད། ཡིད་གཉིས་ཀྱི་རྗེས་སུ་འབྲེལ་བ་ཡོད་ན། བྱེད་པར་འགྱུར་བ་ཉིད་ནམ་ཆད་པ་དེའི་ཚེ། དེའི་ཁོངས་སུ་གཏོགས་པ་ཆད་པར་འཇོག་པའི་ཕྱིར་རོ། །འདིར་བུ་སྟོན་རིན་པོ་ཆེ། སྲ་རྐྱང་ལ་ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་ཡོད་མེད་ལ་འཆད་པ་ནི་ལེགས་པ་མ་ཡིན་ཏེ། སྲ་རྐྱང་ལ་ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་མེད་ན། དེ་ཉིད་གཅིག་པུས་བྱིན་བརླབས་བྱུང་ཟིན་པས། མཚམས་ལས་འདས་ཟིན་པ་ལ་མི་ལྟོས་པའི་ཕྱིར་དང༌། དེ་སྐད་དུ་ཡང༌། བསམ་པ་གནས་པ་དང་བྲལ་བ་ནི་ཕྱུང་བ་ཡིན་ནོ། །ཞེས་བཤད་པའི་ཕྱིར་དང༌། ཇི་སྐད་དུ། ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ། །ཞེས་པའི་གཞུང་གི་གོ་དོན་སྟོར་བའི་ཕྱིར་དང༌། གཉིས་པ་བཅོས་མའི་དབྱུང་བ་ལས། བཅོས་མ་དངོས་དང༌། ཐོས་པ་ལས་བྱུང་བའི་མ་བཤད་པ་གཉིས། དང་པོ་ནི། ལས་ལས་གཞན་པ་སོགས་སོ། །འདིར་བུ་སྟོན་རིན་པོ་ཆེའི་གསུང་གིས། སྲ་རྐྱང་གི་བྱིན་བརླབས་དབྱུང་བའི་མདུན་རོལ་ཏུ། བསྐོས་པའི་དགེ་སློང་གིས་དགེ་འདུན་ཐམས་ཅད་ལ་སྲ་རྐྱང་འབྱིན་པར་འགྱུར་གྱི། ཁྱེད་ཅག་རང་རང་གི་ཆོས་གོས་རྣམས་བྱིན་གྱིས་རློབ་ཤིག ཅེས་བརྗོད་དགོས་པར་འཆད་པ་ནི་ལེགས་པ་མིན་ཏེ། སྲ་རྐྱང་གི་བྱིན་བརླབས་མ་ཕྱུང་བར་རང་རང་གི་ཆོས་གོས་ལ་བྱིན་གྱིས་རློབ་པ་མི་ཆགས་པའི་ཕྱིར། གཉིས་པ་ནི། དེར་ཉམས་སུ་མ་མྱོང་བ་སོགས་སོ། །གཞུང་འདི་ལས་ནི། སྲ་རྐྱང་ལ་ལྟོས་མེད་ཀྱི་བློ་མ་སྐྱེས་ན། སྲ་རྐྱང་བཏིང་ཡོད་ཀྱི་མཚམས་ལས་ཕྱི་རོལ་དུ་ཞག་གྲངས་དུ་མ་ལོན་ཀྱང༌། སྲ་རྐྱང་གི་བྱིན་བརླབས་རང་འཇུག་བྲལ་དུ་མི་འགྱུར་བ་ཞིག་ཡོད་པར་གྲུབ་བོ། །གཉིས་པ་ཞུ་བ་དོགས་གཅོད་ཀྱི་ཚུལ་དུ་བཤད་པ་ལ་དྲུག་སྟེ། དུས་ནམ་གྱི་ཚེ་གདིང་བའི་སྤྲོས་པ། གང་ཟག་གང་གིས་གདིང་བའི་དང༌། བསམ་པ་གང་གིས་གདིང་བའི་དང༌། མཚམས་གང་དུ་གདིང་བའི་དང༌། ཇི་ལྟར་གདིང་བའི་ཁ་སྐོང་གི་སྤྲོས་པ་དང༌། བཏིང་བ་ལས་བྱུང་བའི་ཕན་ཡོན་གྱི་སྤྲོས་པའོ། །དང་པོ་ནི། དགག་དབྱེ་སོགས་སོ། །གཉིས་པ་ནི་ཆོས་སྨྲ་བ་སོགས་སོ། །གསུམ་པ་ནི་བསམ་པ་གནས་པ་སོགས་སོ། །བཞི་པ་ནི་མཚམས་གཅིག་པ་སོགས་སོ། །ལྔ་པ་ནི་མ་བཏིང་བ་སོགས་སོ། །དྲུག་པ་ནི་སྲ་རྐྱང་བཏིང་བ་སོགས་སོ། །འདིར་དགེ་འདུན་སྡེ་ཚན་མི་འདྲ་བ་དུ་མ་དབྱར་གནས་མཚམས་ཐ་དད་དུ་བྱས་ནས། སྲ་རྐྱང་འདིངས་པའི་ཚེ་མཚམས་གཅིག་ཏུ་བྱས་ཏེ། ཐུན་མོང་དུ་སྲ་རྐྱང་བཏིང་བས་ཆོག་པ་དང༌། བཏིང་ནས་མཚམས་ཐ་དད་དུ་བྱས་ན། སྲ་རྐྱང་ནི་མཚམས་སོ་སོ་བ་དེ་རྣམས་གང་དུ་བཞག་ཀྱང་བྱིན་བརླབས་གནས་པ་དང༌། དབྱུང་བའི་ཚེ་གནས་སོ་སོར་དབྱུང་དགོས་པ་དང༌། སྲ་རྐྱང་བཏིང་ནས་དགེ་འདུན་བྱེ་ན། མཚམས་ནང་གཅིག་ཡིན་ཀྱང་ཕྱོགས་སོ་སོར་དབྱུང་དགོས་པ་རྣམས་གསུངས་སོ། །ལུང་ལས་སྲ་རྐྱང་དབྱུང་བ་ལ་རྩ་བའི་དབྱེ་བ་མ་ལྟ་བུ་བརྒྱད་དང༌། ཡན་ལག་གི་དབྱེ་བ་བརྒྱ་དང་བཅུ་བཞི་གསུངས་སོ། །བརྒྱད་ནི། སྦྱོར་བས་འགྲོ་བ། ངེས་པར་བྱེད་པ། ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་མེད་པ། བརྩམས་པ་ཞིག་པ། སྲ་རྐྱང་གི་བྱིན་བརླབས་ཕྱུང་བར་ཐོས་པ། མཚམས་ལས་འདས་པ། རེ་ཐག་ཆད་པ། གསོལ་བཞིའི་ལས་ཀྱིས་ཕྱུང་བའོ། །གཉིས་པ་ཡན་ལག་གི་དབྱེ་བ་ནི་འདི་ལྟར། མ་བྱས་པ་ནི་ཉི་ཤུ་དང༌། །བརྩམས་པ་དག་ནི་ཉི་ཤུ་དང༌། །རེ་བ་ཡོད་པ་ཉི་ཤུ་དང༌། །རེ་བ་མེད་པ་ཉི་ཤུ་ཡིན། །བྱ་བ་དག་ནི་བཅུ་གཉིས་དང༌། །བཙལ་བ་ལ་ཡང་དེ་བཞིན་ནོ། །ཡུལ་ལ་ལྔར་ནི་བྱ་བ་སྟེ། །གནས་ལ་ཡང་ནི་ལྔ་ཡིན་ནོ། །ཞེས་པའོ། །དེ་ཉིད་རྒྱས་པར་བཤད་ན་དང་པོ་མ་བྱས་པ་ཉི་ཤུ་ནི། སྲ་རྐྱང་བཏིང་བའི་དགེ་སློང་གིས་གུད་དུ་ཆོས་གོས་མ་བྱས་པར། མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས། དང་པོ་ཕྱིར་འགྲོ་བའི་ཚེ་སླར་འོངས་ནས་ཆོས་གོས་བྱའོ་སྙམ་པ་གཞིར་བཞག་ལ། སླར་མི་འོང་གི་ཆོས་གོས་བྱའོ་སྙམ་པ་རྫོགས་པའི་མཐའ་ཅན། སླར་མི་འོང་ཞིང་ཆོས་གོས་ཡང་མི་བྱའོ་སྙམ་པ་ངེས་པའི་མཐའ་ཅན། བརྩམས་པ་ཞིག་པ་ཉམས་པའི་མཐའ་ཅན། དགེ་འདུན་གྱི་སྲ་རྐྱང་ཕྱུང་བར་ཐོས་པ། ཐོས་པའི་མཐའ་ཅན་དེ་བཞི། དེ་ཉིད་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེས་པ་ལ་བཞི། མཚམས་ཀྱི་ནང་དུ་གྲོལ་བ་ན་བཞི། ནང་དུ་སོང་ཟིན་ནས་དེ་ལྟ་བུའི་བསམ་པ་སྐྱེས་པ་ལ་བཞི། ཕྱིར་འགྲོ་བ་ན་ནང་དུ་འོང་མི་འོང་ཐེ་ཚོམ་ཟ་བ་གཞིར་བཞག་པ་ལ་བཞི་སྟེ་ཉི་ཤུའོ། །གཉིས་པ་བརྩམས་པ་ཉི་ཤུ་ནི། སྲ་རྐྱང་བཏིང་བའི་དགེ་སློང་གི་ཆོས་གོས་ཞིག་གུད་དུ་བརྩམས་ཤིང༌། ཕྱིར་འགྲོ་བ་ལ་སོགས་པའི་ཚེ། སྔ་མ་དེ་ལྟ་བུ་སྦྱར་བ་ཉི་ཤུའོ། །གསུམ་པ་རེ་བ་ཡོད་པ་ཉི་ཤུ་ནི། ཡང་དགེ་སློང་དེས་གུད་དུ་ཆོས་གོས་མ་བྱས་ཤིང༌། མ་བརྩམས་ཀྱང་ཆོས་གོས་ལོགས་ཞིག་གི་རེ་བ་ཡོད་པ་ལས། ཕྱི་རོལ་ཏུ་འགྲོ་བའི་ཚེ་སྔ་མ་བཞིན་སྦྱར་བས་ཉི་ཤུ། བཞི་པ་ནི། དེ་ཉིད་རེ་བ་མེད་པ་ལ་སྦྱར་བས་ཉི་ཤུའོ། །ལྔ་པ་ནི། དགེ་སློང་དེས་ཆོས་གོས་མ་བྱས་པར་བྱ་བ་གང་ཡང་རུང་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས། སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་གཞིར་བཞག་ལ། སླར་མི་འོང་ཆོས་གོས་བྱའོ་སྙམ་པ་རྫོགས་པའི་མཐའ་ཅན། སླར་མི་འོང་ཆོས་གོས་མི་བྱ་སྙམ་པ་ངེས་པའི་མཐའ་ཅན། བརྩམས་པ་ཞིག་པ་ཉམས་པའི་མཐའ་ཅན། ཕྱུང་བ་ཐོས་པ་ཐོས་པའི་མཐའ་ཅན་ཏེ་བཞི་དང༌། མཚམས་ཀྱི་ཕྱི་རོལ་ཏུ་བསམ་པ་དེ་བཞི་དང༌། སླར་འོང་མི་འོང་ཐེ་ཚོམ་ཟ་བ་བཞི་སྟེ་བཅུ་བཞི་འོ། །དྲུག་ལ་ནི། བྱ་བ་གང་ཡང་རུང་བ་ཞིག་ལ་ཞེས་པའི་ཚབ་ཏུ། བཙལ་བ་ཞིག་ལ་ཞེས་སྦྱར་བས་བཅུ་གཉིས། བདུན་པ་ཡུལ་ལ་ལྟ་བ་ལྔ་ནི། དགེ་སློང་དེས་ཆོས་གོས་མ་བྱས་པར་མཚམས་ཀྱི་ཕྱི་རོལ་ཏུ་ཡུལ་ལྟར་སོང་བ་ལས། སླར་མི་འོང་བའི་སེམས་ཀྱིས་སོང་བ། སོང་བའི་མཐའ་ཅན། སླར་མི་འོང་གི་ཆོས་གོས་བྱ་སྙམ་པ་རྫོགས་པའི་མཐའ་ཅན། ངེས་པ་དང༌། ཉམས་པ་དང༌། ཐོས་པའི་མཐའ་ཅན་གསུམ་སྟེ་ལྔའོ། །བརྒྱད་པ་གནས་ལ་བལྟ་བ་ལྔ་ཡང་དེ་བཞིན་ནོ། །དེ་ལྟ་བུའི་དབྱེ་བ་དེ་ཐམས་ཅད་ཀྱང་མདོ་རྩ་བ་འདིར་བཤད་པའི་མ་དྲུག་དང༌། ཐོབ་བྱུང་དང༌། ལས་ཀྱིས་དབྱུང་བ་རྣམས་སུ་འདུས་སོ། །གཉིས་པ་གོས་ཀྱི་གཞི་ལ། སྤྱིའི་དོན་ནི། གོས་ཀྱི་དབྱེ་བ་གསུམ་སྟེ། འཚོ་བའི་ཡོ་བྱད་ཀྱི་དང༌། ལྷག་པའི་ཡོ་བྱད་ཀྱི་དང༌། མཁོ་བའི་ཡོ་བྱད་ཀྱིའོ། །དང་པོ་ལ་གཉིས་ཏེ། དངོས་སུ་གྲུབ་པ་དང༌། དེའི་བྱིན་བརླབས་འཆགས་སུ་རུང་བ་གཉིས་སོ། །དང་པོ་ནི། ཡོ་བྱད་བཅུ་གསུམ་པོ་གང་ཡང་རུང་བ། ཚད་དང་ལྡན་པར་གྲུབ་པ་རང་མིང་གིས་བྱིན་གྱིས་རློབ་ཏུ་རུང་བ་རྣམས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུའི་བྱིན་བརླབས་དང༌། འབྲལ་སྤང་ཁེགས་པའི་བསྔགས་རྟེན་ནོ། །དང་པོ་ནི། ཆོས་གོས་གསུམ་པོ་གང་ཡང་རུང་བའི་རྒྱུར་རུང་བའི་གོས་སོ། །གཉིས་པ་ནི། ཁྱིམ་པའི་གོས་ལྟ་བུ་གང་ཡང་རུང་བ་ཁྲུ་གང་ཡན་ཆད་དོ། །གཉིས་པ་ལྷག་པའི་ཡོ་བྱད་ནི། འཚོ་བའི་ཡོ་བྱད་བཅུ་གསུམ་པོ་གང་རུང་གི་དབྱིབས་སུ་གྲུབ་པའི་གོས་འཐེབ་ལྷག་པོ་རྣམས་ཡིན་ལ། དེ་བྱིན་གྱིས་རློབ་པ་ནི། ལྷག་པའི་ཡོ་བྱད་ཀྱི་མིང་གིས་སོ། །གསུམ་པ་ནི། གོས་བཅུ་གསུམ་པོ་གང་རུང་གི་དབྱིབས་སུ་མ་གྲུབ་པའི་གོས་ཀྱི་ཁྱད་པར་གང་ཡང་རུང་བ་སྟེ། ཁྲུ་གང་ནས་ཁྲུ་འབུམ་ཕྲག་དུ་མའི་བར་རྣམས་སོ། །དེ་བྱིན་གྱིས་རློབ་པ་ནི། མཁོ་བའི་ཡོ་བྱད་ཀྱི་མིང་གིས་སོ། །དེ་དག་ནི་ཇི་སྐད་དུ། ཆོས་གོས་གནང་བ་དེ་ཉིད་དུ་ཞེས་དང༌། ཡོ་བྱད་ཀྱི་གོས་ཀྱང་ངོ་ཞེས་དང༌། གཞན་དུ་མ་ཡང་རུང་བར་བྱས་ཏེ་བཅང་བར་བྱའོ། །ཞེས་པའི་གཞུང་གསུམ་གྱིས་བསྟན་པའོ། །རིན་པོ་ཆེ་མ་གཏོགས་གོས་ཀྱི་རིན་གཞན་ལ་རུང་བ་བྱེད་ཚུལ་བཤད་པ་མེད་དོ། །གཉིས་པ་གཞུང་གི་དོན་ལ། ལུང་གི་སྐབས་གཉིས་ལས། དང་པོ་གཞིའི་སྐབས་ལ། དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བསྒྲུབ་པ། གོས་ལ་ལོངས་སྤྱོད་པའི་ཆོ་ག གོས་རུང་བ་དང་མི་རུང་བའི་མཚན་ཉིད། གོས་ཀྱི་རྒྱུ་རྙེད་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ནི་ཚོན་གྱི་སོགས་སོ། །གཉིས་པ་ནི་གནས་མལ་སོགས་སོ། །གསུམ་པ་ནི་སྲིན་བལ་སོགས་སོ། །བཞི་པ་ལ་བགོ་བའི་ཆོ་ག དབང་མི་དབང་གི་མཚན་ཉིད་བསྟན་པའོ། །དང་པོ་ནི་པུ་ས་ལེ་སོགས་སོ། །གཉིས་པ་ལ་དུས་དང་གློ་བུར་གྱི་རྙེད་པ་དབང་མི་དབང་གི་མཚན་ཉིད། ཤི་བའི་ཡོ་བྱད་ཀྱི་རྙེད་པ་དབང་མི་དབང་གི་མཚན་ཉིད་དོ། །དང་པོ་ལ། གནས་ཀྱིས་བསྒྲུབས་པའི་རྙེད་པ་དབང་མི་དབང་གི་དང༌། དབྱར་གྱི་རྙེད་པ་དབང་མི་དབང་གི་དང༌། སྦྱིན་བདག་གིས་བསྟབས་པའི་རྙེད་པ་དབང་མི་དབང་གི་དང༌། མཆོད་གནས་ཀྱི་ཁྲིམས་སུ་བྱ་བའི་རྙེད་པ་དབང་མི་དབང་གི་དང༌། མཚམས་ཀྱིས་བསྒྲུབས་པའི་དང༌། ཆོས་ཀྱི་རྙེད་པ་དབང་མི་དབང་གི་མཚན་ཉིད་བསྟན་པའོ། །དང་པོ་ནི་དབང་བ་གཅིག་སོགས་སོ། །གཉིས་པ་ནི་དེའི་དུས་སོགས་སོ། །གསུམ་པ་ནི་རྙེད་པ་ན་སོགས་སོ། །བཞི་པ་ནི་འཐོབ་པ་སོགས་སོ། །ལྔ་པ་ནི་དགེ་འདུན་སོགས་སོ། །དྲུག་པ་ནི་ཆོས་ཀྱི་རྙེད་པ་སོགས་སོ། །གཉིས་པ་ལ་སྡོམ་པ་དང་ལྡན་པ་ཤི་བའི་དང༌། རྟགས་ཅན་ཤི་བའི་ཡོ་བྱད་དབང་མི་དབང་གི་མཚན་ཉིད་བསྟན་པའོ། །དང་པོ་ལ་ལྔ་སྟེ། གང་ཟག་གང་དབང་བ་དང༌། ཆོ་ག་གང་བྱེད་པ་དང༌། དུས་ནམ་གྱི་ཚེ་གནས་པ་དང༌། མཚམས་གང་ན་གནས་པ་དང༌། སེལ་བ་རྒྱས་པར་བཤད་པའོ། །དང་པོ་ནི་མཚན་མི་མཐུན་པ་སོགས་སོ། །གཉིས་པ་ནི་གསོལ་བ་སོགས་སོ། །གསུམ་པ་ནི་གང་ན་སོགས་སོ། །བཞི་པ་ནི་ཕྱི་རོལ་ཏུ་སོགས་སོ། །ལྔ་པ་ལ་ཁྱིམ་གྱི་ནང་ན་ཡོད་པའི་ཡོ་བྱད། ཁྱིམ་པས་གང་ལ་བྱིན་པ་དེ་དབང་བ། བུ་ལོན་གྱི་ཚད་བུ་ལོན་པ་དབང་བ། ཡོ་བྱད་དྲུག་པོ་ནད་གཡོག་དབང་བ། མ་ཤི་བའི་སྔ་རོལ་ཏུ་གང་ལ་བསྔོས་པ་དེ་དབང་བའོ། །དང་པོ་ནི་ལྷུང་བཟེད་སོགས་སོ། །གཉིས་པ་ནི་བུ་ལོན་སོགས་སོ། །གསུམ་པ་ནི་ནད་གཡོག་སོགས་སོ། །བཞི་པ་ནི་ནད་པས་སོགས་སོ། །གཉིས་པ་རྟགས་ཅན་གྱི་ལ། རྒྱལ་པོ་ལ་འབུལ་བར་རིགས་པ་དང༌། དཀོན་མཆོག་གསུམ་ལ་འབུལ་བར་རིགས་པའོ། །དང་པོ་ནི་གླང་པོ་སོགས་སོ། །གཉིས་པ་ལ་དཀོན་མཆོག་གསུམ་ལ་འབུལ་བ་སྤྱིར་བསྟན། སངས་རྒྱས་ཀྱི་སྐལ་བ་ལ་ཇི་ལྟར་བྱ་བ། ཆོས་ཀྱི་ལ་ཇི་ལྟར་བྱ་བ། དགེ་འདུན་གྱི་ལ་ཇི་ལྟར་བྱ་བའོ། །དང་པོ་ནི་དབྱིག་དང་སོགས་སོ། །གཉིས་པ་ནི་མུ་ཏིག་སོགས་སོ། །གསུམ་པ་ནི་ཆོས་ཀྱི་སོགས་སོ། །བཞི་པ་ནི་དགེ་འདུན་གྱི་སོགས་སོ། །གཉིས་པ་ལུང་གཞན་གྱི་སྐབས་ནས་འབྱུང་བ་ལ། ཕྲན་ཚེགས་དངོས་དང༌། ཕྲན་ཚེགས་དང་བཅས་པ་གཞན་ནས་བྱུང་བའོ། །དང་པོ་ལ་ལྔ་སྟེ། དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བསྒྲུབ་པ། གོས་ལ་ལོངས་སྤྱོད་པའི་སྤྲོས་པ། ཞར་ལ་ལམ་དུ་འགྲོ་བའི་ཚུལ། དུར་ཁྲོད་པས་ཇི་ལྟར་བྱ་བའི་ཚུལ། བདེ་བར་གནས་པའི་རྐྱེན་ཕྲན་ཚེགས་བསྟན་པའོ། །དང་པོ་ནི་གླེགས་བུ་སོགས་སོ། །གཉིས་པ་ནི་ཤམ་ཐབས་སོགས་སོ། །གསུམ་པ་ནི་སང་འགྲོ་བ་སོགས་སོ། །བཞི་པ་ནི་རོའི་གོས་སོགས་སོ། །ལྔ་པ་ནི་སྦྲང་ཡབ་སོགས་སོ། །གཉིས་པ་གཞན་ནས་འབྱུང་བ་དང་བཅས་པ་ལ་བརྒྱད་དེ། གོས་ཀྱི་རྒྱུ་རྙེད་པའི་སྤྲོས་པ། རྟགས་ཅན་དུ་འགྱུར་བ་སྤང་བ། གོས་ལྷག་པོ་བསྟེན་པའི་ཚུལ། ཆོས་གོས་གསུམ་གྱི་དབྱེ་བ་བྱིན་བརླབས་དང་བཅས་པ། གོས་ལ་ལོངས་སྤྱོད་པའི་སྤྲོས་པ། གོས་ཀྱི་རྒྱུ་རྙེད་པའི་སྤྲོས་པ་གཞན་བསྟན་པ། ནད་པ་དང་ཤི་བ་ལ་ཇི་ལྟར་བྱ་བ། ཤིས་པ་བརྗོད་པའི་ཚིག་གཞན་བསྟན་པའོ། །དང་པོ་ལ་གཞི་གང་ལས་བྱུང་བ་གང་དུ་ལོངས་སྤྱོད་པའི་ཚུལ། རྙེད་པ་བགོ་བའི་སྤྲོས་པ། གང་ཟག་དབང་བ་དང་མི་དབང་བའི་མཚན་ཉིད། དགེ་འདུན་གྱིས་བཞག་པ་ལོག་པའི་སྤྲོས་པའོ། །དང་པོ་ནི་བུ་དང་སོགས་སོ། །གཉིས་པ་ནི་སྣོད་སྤྱད་སོགས་སོ། །གསུམ་པ་ནི་མྱ་ངན་ལས་འདས་པ་སོགས་སོ། །བཞི་པ་ནི་ལྕགས་ལས་བྱས་པ་སོགས་སོ། །སྐབས་འདིར་ཉིད་ཀྱི་རྣམ་པར་བཤད་པ་ལས། གོས་ཀྱི་གཞིར་གཏོགས་པ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །ཞེས་འབྱུང༌། གཉིས་པ་ནི་བྱེ་བྲག་ཤེས་པ་སོགས་སོ། །གསུམ་པ་ནི་སྤུ་ཅན་སོགས་སོ། །བཞི་པ་ནི་སྣམ་སྦྱར་སོགས་སོ། །ལྔ་པ་ནི་གོས་དྲི་དག་གིས་གོས་པ་སོགས་སོ། །དྲུག་པ་ལ་རྙེད་པ་བགོ་བའི་སྤྲོས་པ། བཞག་པའི་སྤྲོས་པ། དབྱར་དང་ཟས་ཀྱི་འཇུག་ཐོགས་སུ་གྲལ་རིམ་ཇི་ལྟར་བྱ་བའོ། །དང་པོ་ནི་སྨྱོན་པས་སོགས་སོ། །གཉིས་པ་ནི་མཆོད་རྟེན་སོགས་སོ། །སངས་རྒྱས་ཀྱི་མཆོད་རྟེན་གྱི་དཀོར་ནི་གང་ཟག་གིས་བགོ་བར་མི་བྱ་སྟེ། དཀོན་མཆོག་གཞན་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་མཆོད་རྟེན་ཡང་དེ་བཞིན་ནོ། །ཚོགས་སྤྱོད་དང༌། ཉན་ཐོས་ཀྱི་མཆོད་རྟེན་གྱི་དཀོར་ནི། བགོར་རུང་སྟེ། དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར། འབྱུང་ཁུངས་ཞེས་པ་ནི། དགེ་འདུན་གྱི་འདུ་བའི་སྒོ་སྟེ་ཞིང་དང༌། ཀུན་དགའ་རྭ་བ་སོགས་དང༌། མདོར་ན་རྫས་འཆི་མེད་དུ་བྱས་པ་རྣམས་སོ། །ལ་ཕུག་ལ་སོགས་པའི་རྩ་བ་དང༌། ཤིང་ཐོག་ལ་སོགས་པའི་འབྲས་བུ་དང༌། ཟས་ཀྱི་དོན་དུ་གྱུར་པའི་གྲོ་ནས་དང༌། ཀརྴ་པ་ཎ་ལ་སོགས་པའི་དཀོར་མཛོད་དང༌། མར་ལ་སོགས་པའི་ཤེ་དང༌། ལྒ་ཚ་ལ་སོགས་པའི་ཡོ་བྱད་དང༌། དེ་ལ་སོགས་པ་འདུ་བའི་སྒོ་རྣམས་ནི་བསྒོ་བར་མི་བྱ་ཞིང༌། བུ་རམ་ཤིང་ནི་བགོས་ཀྱང་ཉེས་པ་མེད་དོ། །བསྒོ་བར་མི་བྱ་བ་གཞན་ཡང་འདི་ལྟ་སྟེ། བསྐོ་བས་ཉེ་བར་འཚོ་བ་ཞེས་བྱ་བ། དགེ་འདུན་སྤྱིའི་རྫས་གཉེར་པ་རེ་མོས་ཀྱིས་བསྐོ་དགོས་པ་རྣམས་སོ། །ན་བའི་རུང་བ་སྨན་ལ་སོགས་པ་ནད་པ་ལ་དགོས་པ་ཇི་སྙེད་པ་རྣམས་ཀྱང་གང་ཟག་གིས་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ཏེ། དེ་དག་བགོ་བ་ཚུལ་དང་མི་མཐུན་པའི་ཕྱིར། གསུམ་པ་ནི་རྙེད་པ་ལ་ནི་སོགས་སོ། །བདུན་པ་ནི་དགེ་སློང་དང་བཅས་པ་སོགས་སོ། །འདིར་སམ་པྲ་ཏ་ཞེས་པ། བོད་སྐད་དུ་མཉམ་པར་གྱུར་ཞེས་པ་སྟེ། དུག་མེད་པའི་དོན་ནོ། །བདུན་པ་ནི་ཤམ་ཐབས་སོགས་སོ། །གསུམ་པ་ཀོ་ལྤགས་ཀྱི་གཞི་ལ་བཞི་སྟེ། གནང་བཀག་གི་བྱེ་བྲག་ཤེས་པའི་ཕྱིར་དུ་དབུས་དང་མཐའ་འཁོབ་ཀྱིས་ཚིགས་བསྟན། མཆིལ་ལྷྭམ་གནང་བཀག་གི་བྱེ་བྲག་བཤད། ཀོ་ལྤགས་གནང་བཀག་གི་ས་མཚམས་བསྟན། ཞར་བྱུང་ཆུ་ལ་འཇུག་པའི་ཚུལ་ལོ། །དང་པོ་ནི། སྟོན་པས་ཡུལ་དབུས་ཀྱི་ས་མཚམས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཀོ་ལྤགས་གནང་བཀག་གི་ས་མཚམས་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི་མཐའ་འཁོབ་ཏུ་སོགས་སོ། །གསུམ་པ་ནི་ཁྱིམ་གཞན་སོགས་སོ། །བཞི་པ་ནི་རྒྱལ་བ་སོགས་སོ། །ཁ་ཆུ་ཆུས་བྱུང་ཞེས་ཀྱང་བྱ། སྣར་མཐོངས་ཅན་ཞེས་ཀྱང་བྱ། ལ་ལ་མ་བུ་ཞེས་ཀྱང་བཤད་ལ། ཕྱི་མ་འདི་འགྱུར་ཉེས་པ་ཡིན་ནོ། །ཞེས་གསུངས་སོ། །དོན་ནི་ཀླུའི་ཁ་ཆུ་ལས་རྩྭ་དུག་ཅན་དུ་གྱུར་ནས་རྩྭ་དེའི་རླངས་པ་མཆིལ་ལྷྭམ་གྱི་ནང་དུ་འབྱུང་བ་བསལ་བའི་ཕྱིར། མཆིལ་ལྷྭམ་གྱི་སྣའི་ཐ་དད་དུ་མཐོངས་གཏོད་པའོ། །ལྷྭམ་སྒྲོ་གུ་ཅན་ཞེས་པ་ནི་ཡུ་བ་རིང་པོ་ཅན་ནོ། །ཨསྨཱ་པ་རཱནྟ་ཀ་དག་ཏུ་ཀོ་ལྤགས་ཀྱི་གོས་བཅད་པ་བསྒྲུབ་པའི་བསླབ་བྱར་གསུང་ལ། སྤྱིར་ཆུ་ལ་ཆབ་རོམ་ཙམ་ཆགས་པའི་ཡུལ་དུ་ནི། ཞྭ་དང༌། ལྷྭམ་ཡུ་ཅན་གཉིས་ཀ་གནང་བའི་བསླབ་བྱར་གསུངས་སོ། །སྤྱིར་བཏང་དུ་ཀོ་ལྤགས་ལ་བྱས་པའི་ལྷྭམ་ནི་གཉིས་ཏེ། མཐའ་འཁོབ་ཏུ་གྲང་བ་སྐྱོབ་པའི་ཕྱིར་དང༌། ཡུལ་དབུས་སུ་ཡང་གནས་མལ་སྐྱོབ་པའི་ཕྱིར་གནང་བ་གཉིས་ལས། ཇི་སྐད་དུ། གཅིག་རི་མོ་ཞེས་པ་ནས། ཡུ་བཅད་ཀྱང་ངོ༌། །ཞེས་པའི་བར་ནི། ལྷྭམ་དེ་གཉིས་ཀའི་ཐུན་མོང་གི་རྣམ་བཞག་བསྟན་པ་ཡིན་ནོ། །གཉིས་པ་བདེ་བར་གནས་པའི་རྐྱེན་སྨན་བསྟན་ཚུལ་ལ་གཉིས་ཏེ། ལུང་གཞི་ནས་འབྱུང་བ་གཞུང་གི་ཚུལ་དུ་བཤད་པ་དང༌། ལུང་གཞན་ནས་འབྱུང་བ་ཁ་སྐོང་གི་ཚུལ་དུ་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་མཚན་ཉིད་ནི། དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཁམ་ཟས་སོ། །དབྱེ་ན་བཞི་སྟེ། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བའོ། །དང་པོ་ནི། དུས་སྔ་དྲོ་ཁོ་ནར་ལོངས་སྤྱོད་སྤྱད་དུ་རུང་ཞིང༌། བྱེད་ལས་བཀྲེས་པའི་ནད་གཙོ་བོར་སེལ་བའི་ཁམ་ཟས་སོ། །དབྱེ་བ་ནི། བཟའ་བར་བྱ་བ་རྣམ་པ་ལྔ་དང༌། བཅའ་བར་བྱ་བ་རྣམ་པ་ལྔ་ལྟ་བུའོ། །འདི་བྱིན་གྱིས་བརླབས་ནས་ཟ་བ་མི་སྲིད་དོ། །གཉིས་པ་ནི། དུས་ཐུན་ཚོད་ཀྱི་མཐའི་བར་བྱིན་གྱིས་བརླབ་ཏུ་རུང་ཞིང༌། བྱེད་ལས་སྐོམ་པའི་ནད་གཙོ་བོར་སེལ་བའི་ཁམ་ཟས་སོ། །དབྱེ་བ་ནི། རྒྱུ་དུས་སུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བར་དུ་བཅང་བའི་ལས་སྦྱར་བའི་དབྱེ་བས་གསུམ་མོ། །འདི་ལ་བྱིན་གྱིས་བརླབས་པ་དང༌། མ་བརླབས་པའི་དབྱེ་བས་གཉིས་སོ། །ཐུན་ཚོད་དེ་གང་ལ་བྱ་ཞེ་ན། ཁ་ཅིག་ཉིན་མོའི་མཐའ་ལ་བྱ་བ་ཡིན་ཏེ། ཤེས་རབ་བྱེད་པ་ལས། ཐུན་གྱི་ནི་སྐྱ་རེངས་བྱུང་ནས་ཉི་མ་ནུབ་ཀྱི་བར་དུའོ། །ཞེས་གསུངས་པས་སོ་ཟེར། ཁ་ཅིག་མཚན་མོའི་མཐའ་ལ་བྱེད་དགོས་པ་ཡིན་ཏེ། གཞན་དུ་ན་ནད་པ་ལ་སྐོམ་མེད་པར་འགྱུར་བས་སོ་ཞེས་གསུང༌། སློབ་དཔོན་དམར་སྟོན་པའི་གསུང་གིས་སྲོད་ཐུན་ལ་བྱ་དགོས་པ་ཡིན་ཏེ། ཀྱེ་ན་ཡའི་སྐབས་སུ། ནམ་གྱི་ཐུན་དང་པོ་འདས་ནས་སྤྱད་པར་མི་བྱའོ། །ཞེས་དང༌། ནམ་གྱི་ཆ་སྟོད་འདས་ནས་སྤྱད་པར་མི་བྱའོ། །ཞེས་དང༌། ལུང་མ་མོ་ལས་ཚགས་ཀྱིས་བཙགས་ལ་ཆུས་སླད་པར་བྱས་ན། ཉིན་བར་དང༌། སྲོད་ཀྱི་བར་དུ་བཏུང་སྟེ་ཞེས་དང༌། བམ་པོ་ལྔ་བཅུ་པ་ལས། མཚན་མོའི་ཐུན་དང་པོ་མ་ཐལ་ཚུན་དུ་འཐུངས་ཟིན་ཅིང་ལྷག་མ་མེད་ན་དེར་ཟད། ཞེས་གསུངས། ཕྱིས་ཀྱི་ལག་ལེན་པ་དག་ནི། ལུགས་དང་པོ་དང་མཐུན་པར་ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་འབྱུང་བ་དེ་ཐུན་ཚོད་ཀྱི་མཐའ་ཡིན་ནོ། །ཞེས་ཟེར་བ་ནི་འཐད་པ་མིན་ཏེ། ལུང་མེད་པ་དང༌། རིགས་པ་དང་འགལ་བའི་ཕྱིར། དེ་ཡང་འོ་ན། དེ་དུས་ཀྱི་འོད་དམར་འཆར་བའི་དུས་དེ་ཉིན་མོའི་ཐུན་དུ་ཚུར་གཏོགས་པ་ཡིན་ནམ། མཚན་མོའི་ཐུན་དུ་ཕར་གཏོགས་པ་ཡིན། དང་པོ་ལྟར་ན་ཁྱེད་ཅག་དུས་དེར་འོད་དམར་བསྲུང་བ་ཡིན་ནོ། །ཞེས་སྐོམ་མི་འཐུང་བ་དང་འགལ། གཉིས་པ་ལྟར་ན། ཁྱེད་འདོད་པའི་ཐུན་ཚོད་ཀྱི་མཐའ་དེ། ཐུན་གང་གི་མཐའ་ཞེས་བརྟགས་ན་འཇིག་པ་ཡིན་ཏེ། སྲོད་ཐུན་གྱི་ཐོག་མ་དེ་ཐུན་གང་གི་ཡང་ཐ་མར་མི་རུང་བའི་ཕྱིར། ཅི་སྟེ་ཉི་མ་ནུབ་ནས་འོད་དམར་པོ་མ་ཆགས་པའི་བར་དེ་ཐུན་ཚོད་ཀྱི་མཐར་ཁས་ལེན་པ་ཡིན་ནོ། །ཅེ་ན། འོད་དམར་པོ་ཐུན་ཚོད་ཀྱི་མཐའ་ཡིན་ནོ་ཞེས་སླན་ཆད་སྨྲ་བར་མ་བྱེད་ཅིག དེ་ལྟ་མོད་ཀྱི་ཉིན་མོའི་མཐའ་དང༌། སྲོད་ཐུན་གྱི་མཐའ་གང་ལ་ངོས་བཟུང་ཀྱང༌། མཚན་མོ་ནད་པ་ལ་སྐོམ་བྱིན་གྱིས་རློབ་མི་དགོས་པའི་ཉེས་པ་གནས་ཤིང༌། འཕྲལ་དུ་ནད་གཡོག་གིས་སྐོམ་བྱིན་ལེན་བྱས་ཆོག་པའི་རྒྱུ་མཚན་གྱིས་བྱིན་གྱིས་བརླབས་མི་དགོས་པ་ཡིན་ན་ནི། ཉིན་མོ་དང༌། སྲོད་ཐུན་ལ་ཡང་དེར་ཐལ་བས་ཐུན་ཚོད་དུ་རུང་བའི་སྨན་བྱིན་གྱིས་རློབ་མི་དགོས་པ་ཉིད་དུ་ཐལ་བར་འགྱུར་རོ། །དྲངས་མ་ཐག་པའི་ལུང་གི་དོན་ནི། ཐུན་ཚོད་དུ་རུང་བ་བྱིན་ལེན་བྱས་ཤིང་བྱིན་གྱིས་མ་བརླབས་པ་ལ་དགོངས་པ་ཡིན་ཏེ། ཕྱི་དྲོ་བྱིན་ལེན་བྱས་པ་ཉིན་མོའི་ཐུན་ལས་འདས་པ་དང༌། མཚན་མོའི་ཐུན་དང་པོ་ལ་བྱིན་ལེན་བྱས་པའི་ལྟུང་བ་སྲོད་ཐུན་ལས་འདས་པ་དང༌། དེ་བཞིན་དུ་གུང་ཐུན་ལས་འདས་པ་དང་ཐུན་ཐ་མ་ལས་ཀྱང་འདས་པའོ། །དེ་སྐད་དུ་ཡང་ཕྱི་དྲོ་པའི་ཟས་ཐུན་ཚོད་ལས་འདས་པ་ཙམ་ལ་གསོག་འཇོག་ཏུ་གསུངས་པའི་ཕྱིར། དེས་ན་རང་གི་ལུགས་ལ། མཚན་མོའི་ཐུན་ནི་གསུམ་དུ་གསལ་བར་བཤད་དེ། གང་ཞེ་ན། སྲོད་ཐུན་དང་གུང་ཐུན་དང་ཐུན་ཐ་མའོ། །ཉིན་མོ་ལ་གཞུང་གཞན་ལས་ཐུན་གསུམ་གྱི་བཤད་པ་ཡོད་ཀྱང༌། ལུགས་འདི་ལ་སྔ་དྲོ་དང༌། ཕྱི་དྲོའི་དུས་ཀྱི་མཐའ་གཉིས་གསུངས་སོ། །དེ་ལྟར་ན་དུས་རུང་གི་སྨན་ནི་ཉིན་མོའི་གུང་ཡོལ་བ་གསོག་འཇོག་གི་དུས་ཡིན་ལ། དེ་ལས་གཞན་མ་བཤད། དུས་མ་ཡིན་པར་རུང་བའི་སྨན་གསུམ་པོ་བྱིན་ལེན་ཅན། བྱིན་གྱིས་མ་བརླབས་པ་ལ་ནི་བཤད་མ་ཐག་པའི་ཐུན་ཚོད་ལྔ་པོ་དེ་གསོག་འཇོག་གི་དུས་སོ། །བྱིན་གྱིས་བརླབས་པ་ལ་དབྱེ་བ་གསུམ་ལས། ཐུན་ཚོད་དུ་རུང་བ་བྱིན་གྱིས་རློབ་པ་ནི། ཞག་གཅིག་གི་ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་རློབ་པ་ཡིན་ལ། དེའི་ཐུན་གྱི་མཐའ་ནི་མཚན་མོའི་མཐའ་དེ་ཉིད་ཡིན་ཏེ། དེ་ཉིད་ཞག་གཅིག་གི་ཐུན་ཚོད་ལྔའམ། དྲུག་པོ་ཐམས་ཅད་ཀྱི་ཐ་མར་གྱུར་པ་ཡིན་པའི་ཕྱིར་ཞེས་བཤད་ན་ལེགས་སོ། །ཞག་བདུན་པའི་སྨན་ནི། དུས་ཀྱི་ཁྱད་པར་ཞག་བདུན་གྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབ་ཏུ་རུང་ཞིང༌། བྱེད་ལས་རླུང་ནད་སེལ་བ་ལ་གཙོ་བོར་གྱུར་པའི་ཁམ་ཟས་སོ། །དབྱེ་བ་ནི་གཞུང་དོན་དུ་འབྱུང་བ་རྣམས་སོ། །འདི་ལའང་བྱིན་གྱིས་བརླབས་པ་དང་མ་བརླབས་པའི་དབྱེ་བས་གཉིས་སོ། །འཚེ་བཅང་གི་སྨན་ནི། དུས་ཇི་སྲིད་མ་ཤི་བར་དུ་བྱིན་གྱི་བརླབ་ཏུ་རུང་ཞིང༌། བྱེད་ལས་འདུས་པའི་ནད་སེལ་བ་ལ་གཙོ་བོར་གྱུར་པའི་ཁམ་ཟས་སོ། །དབྱེ་བ་ནི་གཞུང་དོན་ནས་འབྱུང་བ་རྣམས་སོ། །སྨན་འདིའི་མཐའ་ནད་སོས་པ་ལ་བྱེད་པ་མི་རིགས་ཏེ། དེ་ལྟར་སྟོན་པའི་ལུང་མེད་ཅིང་རིགས་པ་དང་འགལ་བའི་ཕྱིར། དེ་ཡང་འདི་ལྟར། སྨན་དེ་བྱིན་གྱིས་རློབ་པའི་ཚེ་ནད་མ་སོས་ཀྱི་བར་བྱིན་གྱིས་རློབ་རིགས་པར་ཐལ། སྨན་དེའི་མཐའ་ནད་སོས་པ་ལ་བྱེད་རིགས་པའི་ཕྱིར། གལ་ཏེ་ལུང་ཡོད་དེ། ཇི་སྐད་དུ། སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་བྱིན་ནོ། །དེ་མེད་ན་སྨན་ཁང་དུའོ། །ཞེས་གསུངས་པས་སོ་སྙམ་ན། འོ་ན་ཞག་བདུན་པའི་སྨན་གྱི་མཐའ་ཡང་ནད་སོས་པ་ལ་བྱེད་པའི་སྐབས་གཅིག་སྲིད་པར་ཐལ། རིགས་པ་མཚུངས་པའི་ཕྱིར། ཁྱེད་ཀྱིས་དྲངས་མ་ཐག་པའི་ལུང་དེ་ཞག་བདུན་པའི་སྨན་ལ་དོགས་པ་གཅོད་པའི་མདོ་ཡིན་པའི་ཕྱིར། ལུང་དེ་ཡང་ཁྱོད་ལ་གནོད་བྱེད་ཡིན་ཏེ། ཁྱེད་ལྟར་ན་ནད་སོས་པ་དང༌། གསོག་འཇོག་གི་སྤང་བ་འབྱུང་བར་སྟོན་དགོས་པ་ལས། དེ་སྐད་དུ་མ་བཤད་པར། སོས་པའི་འོག་ཏུ་ནད་པ་ལ་སྟེར་བ་དང༌། སྨན་ཁང་དུ་སྐྱེལ་བར་བཤད་པའི་ཕྱིར། ཅི་སྟེ་དེ་ཉིད་དེའི་སྒྲུབ་བྱེད་དོ་སྙམ་ན། དེ་ནི་ཁྱོད་ལ་བཞད་གད་ཀྱི་གནས་སུ་འགྱུར་ཏེ། གསོག་འཇོག་གི་སྤང་བའི་ཉེས་དམིགས་ཡོད་པའི་སྨན་རྣམས་ནི། རང་གསོག་འཇོག་ཏུ་འགྱུར་བའི་དུས་ཀྱིས་མ་སླེབས་པའི་གོང་དུ་གཞན་ལ་སྟེར་བ་དང༌། རང་ཉིད་ཀྱིས་ཟོས་ཟིན་པར་བྱེད་པ་ཡིན་ལ། ཁྱེད་ཀྱིས་ནི་དེ་ལས་ཟློག་སྟེ་སྨྲས་པའི་ཕྱིར། གཉིས་པ་གཞུང་གི་དོན་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅས་ལྡན་དགེ་སློང་ཆོས་ཅན། སྨན་བསྟེན་པར་བྱ་སྟེ། དེས་ཁྱད་པར་དུ་བྱ་བའི་དགོས་པ་མཐོང་བའི་ཕྱིར། སྨན་དེ་ནི་ཆོས་ཅན། རྣམ་པ་བཞི་ཡོད་དེ། དུས་སུ་རུང་བ་སོགས་བཞིར་གསུངས་པའི་ཕྱིར། དང་པོ་མ་ཡིན་པ་ཉིད་དག་ནི་ཆོས་ཅན། ནད་པ་ཁོ་ནའི་ཕྱིར་དུ་བྱིན་གྱིས་བརློབ་པར་གནང་བ་ཡིན་ཏེ། ནད་པ་མ་ཡིན་པས་བྱིན་གྱིས་བརློབ་པ་དང༌། བརླབས་ཟིན་བཟའ་བ་གཉིས་ཀ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར། གཉིས་པ་ལ་སྨན་རྣམ་པ་བཞི་བསྟེན་ཚུལ་དངོས་བཤད། དེས་མཚོན་ནས་འཕངས་པའི་དོན་གཞན་བཤད། །སྨན་བཞག་པའི་གནས་རུང་ཁང་བྱེད་ཚུལ་བསྟན། དུས་མུ་གེ་བྱུང་བའི་ཚེ་དམིགས་ཀྱི་བསལ་བའོ། །དང་པོ་ལ་དུས་སུ་རུང་བ་ལྡོག་པའི་སྒོ་ནས་བསྟན། ཐུན་ཚོད་དུ་རུང་བ་རང་གི་ངོ་བོའི་སྒོ་ནས་བསྟན། ཞག་བདུན་པའི་སྨན་ཞར་བྱུང་དང་བཅས་ཏེ་བསྟན། འཚོ་བའི་བར་དུ་བཅང་བ་མཚོན་དོན་དང་བཅས་ཏེ་བཤད། དུས་སུ་རུང་བ་དུས་མིན་དུ་བསྟེན་པའི་ཚུལ། སྨན་འདྲེས་པ་ལ་ཇི་ལྟར་བྱ་བ། སྨན་བྱིན་གྱིས་བརླབས་པའི་དགོས་པའོ། །དང་པོ་ལ་དངོས་དང༌། དོགས་པ་སྤང་བའོ། །དང་པོ་ནི། ཤིང་ཐོག་རྩོ་རྩ་ལ་སོགས་པ་བརྒྱད་ལས་སྦྱར་བའི་བཏུང་བ་དང༌། བཅོས་པའི་ཚྭ་ལ་སོགས་པའི་བཏུང་བ་མཚན་ཉིད་ལྔ་ལྡན་དེ་དག་ཆོས་ཅན། གང་ཟག་ན་མི་ན་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བཏུང་དུ་རུང་བ་ཡིན་ཏེ། ཐུན་ཚོད་དུ་རུང་བའི་བཏུང་བ་ཡིན་པའི་ཕྱིར། མཚན་ཉིད་ལྔ་ནི། ཆུས་བཏབ་པ་སོགས་སོ། །བཅོས་པའི་ཚྭ་དང༌། འབྲུའི་ཚྭ་ནི། འབྲས་དང་གྲོ་ནས་སོགས་ཀྱི་ཆང་གི་ཤུལ་ནས་བྱུང་བའི་སངས་པོ་དང༌། རྒུན་འབྲུམ་སོགས་ལས་སྦྱར་བའི་ཆང་ལྟ་བུ་ཡོས་བཏབ་ནས་ས་འོག་ཏུ་གནན་པས་སངས་པོར་གྱུར་པ་ལྟ་བུའོ། །རྩབ་མོ་ནི་འབྲས་དང༌། གྲོ་དང༌། ཁྲེ་སོགས་ལ་བཅོས་པའི་བཙང་ཤུ་སྐྱུར་པོ་སྟེ། ཕབས་མ་བཏབ་པར་མནན་པའོ། །གཉིས་པ་ནི། བཏུང་བ་མཚན་ཉིད་ལྔ་ལྡན་དེ་ལྟ་བུར་མ་གྱུར་པའི་མདུན་རོལ་དེར་ཆོས་ཅན། བསྙེན་པར་རྫོགས་པ་མཚན་མཐུན་པས་བྱིན་ལེན་བྱས་པའི་སྒོ་ནས་ཀྱང་རེག་ཏུ་མི་རུང་སྟེ། དེ་ལྟར་བྱས་པ་ལ་དགོས་པ་མེད་ཅིང་ལག་ཉའི་ཉེས་དམིགས་ཡོད་པའི་ཕྱིར། དེ་ཡིན་ཏེ། བཏུང་བ་རང་གི་ངོ་བོ་མ་རྫོགས་པར་བཟའ་ཆེད་ཀྱི་བྱིན་ལེན་ནི་མི་ཆགས་བྱས་ཀྱང་དོན་མེད་ལ། ལག་ཉ་འགེགས་བྱེད་ཀྱི་བྱིན་ལེན་ནི་བྱས་ཀྱང་སྦྱར་བཙགས་བྱས་པ་ན་དངོས་པོ་གཞན་དུ་གྱུར་པས། ལག་ཉར་སོང་བའི་ཕྱིར། དེའི་རྫས་ཞེས་སོགས་ཀྱི་གཞུང་གི་དོན་ཡང་དེས་གྲུབ་བོ། །དེ་ཡང་རྒྱུ་དུས་རུང་ལ་སྦྱར་བའི་དབང་དུ་བྱས་པ་ཡིན་གྱི། རྒྱུ་སྨན་གཞན་གསུམ་ལས་སྦྱར་བ་ཡིན་ན་ནི། བསྙེན་པར་རྫོགས་པ་ལ་ལག་ཉ་འགེགས་བྱེད་ཀྱི་བྱིན་ལེན་བྱས་ནས། དེས་སྦྱར་བཙགས་སོགས་བྱེད་དུ་རུང་ལ། དེ་ལས་ལོགས་སུ་བཟའ་ཆེད་ཀྱི་བྱིན་ལེན་ནི་བྱིན་ལེན་སྔ་མ་མ་ཞིག་ན་མི་དགོས་སོ། །དེའི་ཤེས་བྱེད་ཀྱང༌། ཊཱི་ཀ་གཉིས་ལས། དུས་མ་ཡིན་པར་རུང་བ་ཉིད་ཡིན་ན་ནི། བསྙེན་པར་རྫོགས་པས་བཙགས་ཞིང་སྦྱར་བ་ལ་ཉེས་པ་མེད་དོ་ཞེས་དང༌། བམ་ལྔ་ལས། གལ་ཏེ་དུས་མ་ཡིན་པ་རུང་བའི་རྫས་ལས་སྦྱོར་ན་ནི། བསྙེན་པར་རྫོགས་པས་ཀྱང་རྫས་དེ་ཉིད་བྱིན་ལེན་བྱས་ཏེ་སྦྱར་ཤིང་བཙགས་ལ་གང་གི་ཚེ་འཐུང་བའི་ཚེ་ན། ཆུ་གྲང་མོ་བཏབ་པའི་བརྟག་པ་དང༌། བྱིན་ལེན་སྟོབས་སུ་བཅུག་ནས་བཏུང་དུ་ཡང་རུང་ངོ༌། །ཞེས་གསུངས་སོ། །བུ་སྟོན་པ། འདི་ཡང་དངོས་པོ་གཞན་དུ་གྱུར་པ་ཡིན་པས། དེའི་ཚེ་བྱིན་ལེན་ཞིག་གོ་གསུང་བ་ཡང་ལུང་དེ་དག་གིས་ཁེགས་ཤིང༌། གནས་སྐབས་གཞན་དུ་གྱུར་ཀྱང་དངོས་པོ་མ་གྱུར་པས། བྱིན་ལེན་མ་ཞིག་པར་ཁས་ལེན་དགོས་སོ། །དེ་ལྟ་ན་ཡང་སྨན་ཕྱི་མ་གཉིས་ལ་སྦྱར་བའི་བཏུང་བ། ལག་ཉ་འགེགས་བྱེད་ཀྱི་བྱིན་ལེན་སྔོན་དུ་སོང་བ་དེ་ལ་ཡང་རུང་ཆུ་འདེབས་པ་དང༌། དགེ་སློང་མང་པོ་ལ་བྲིམ་པ་དང་རུང་བའི་ཁང་པར་སྦེད་པ་སོགས་བསྙེན་པར་མ་རྫོགས་པས་བྱ་དགོས་པ་གཙོ་ཆེ་ལ། དེའི་ཚེ་སྐྱར་ནས་བྱིན་ལེན་བྱ་དགོས་པས། སྤྱིར་ལྟུང་བའི་ངོ་བོ་མ་རྫོགས་པ་ལ་དགེ་སློང་མཚན་མཐུན་གྱིས་བྱིན་ལེན་སྔོན་དུ་བཏང་བའི་སྦྱར་བཙགས་ཀྱང་བཀག་པར་གནང་ངོ༌། །བུ་སྟོན་རིན་པོ་ཆེ་ནི། སྦྱར་བཙགས་མ་བྱས་པའི་གོང་གི་བྱིན་ལེན་གྱིས་སྦྱར་ཚགས་བྱས་པའི་བྱིན་ལེན་གྱི་གོ་མི་ཆོད་ཅིང༌། དེ་ལ་ཡང་བསྙེན་པར་མ་རྫོགས་པས་རུང་ཆུ་བྱ་དགོས་པས། བྱིན་ལེན་སྐྱར་ནས་བྱ་དགོས་སོ། །ཞེས་གསུང་བ་ནི་དེར་མ་ངེས་ཏེ། དེ་ལྟ་ན་དེ་འདྲ་དེ་ལ་ལག་ཉ་བྱུང་བར་ཐལ་བའི་ཕྱིར་དང༌། དེས་དེ་བྱེད་དགོས་པའི་ཤེས་བྱེད་མེད་ཅིང༌། ཡོད་དུ་ཆུག་ཀྱང་བྱིན་ལེན་མ་ཞིག་པར་རུང་ཆུ་བྱ་ཐབས་དུ་མ་གནང་བའི་ཕྱིར་དང༌། བཏུང་བ་མཚན་ཉིད་ལྔ་ལྡན་གྱི་སྐབས་སུ་ཆུས་བཏབ་པ་ཞེས་བཤད་པ་དེ་ནི་སླ་བའི་ཕྱིར་ཡིན་གྱི། རུང་ཆུ་མ་ཡིན་པའི་ཕྱིར་དང༌། གཞན་དུ་ན་སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་ནས་བཟའ་བའི་ཚེ་བྱིན་ལེན་སྐྱར་མ་དགོས་པར་འགྱུར་ཏེ། དེའི་ཚེ་ཡང་རུང་ཆུ་བཏབ་ནས། བཟའ་དགོས་པར་བཤད་པའི་ཕྱིར། གཉིས་པ་ཐུན་ཚོད་དུ་རུང་བ་ངོ་བོའི་སྒོ་ནས་བསྟན་པ་ལ། སྨན་རང་གི་ངོ་བོ་གང་ཡིན་པ་བཤད། ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་གྱིས་རློབ་པའི་མཐའ་ངོས་བཟུང༌། དེ་དེར་བྱིན་གྱིས་རློབ་པའི་མཐའ་ལ་གཞན་གྱི་འདོད་པ་འཁྲུལ་པ་དགག ལུང་གི་དངོས་སུ་མ་ཟིན་པ་གཞན་ཡང་མཚོན་པའོ། །དང་པོ་ནི། ཐུན་ཚོད་དུ་རུང་བ་ཞེས་སོགས་སོ། །འོ་ན་བཏུང་བ་དེ་བྱིན་གྱིས་རློབ་པའི་ཚེ། ཡུན་ཇི་ཙམ་གྱི་བར་དུ་རློབ་སྙམ་ན། རྒྱུ་དུས་སུ་རུང་བ་ལ་སྦྱར་བའི་བཏུང་བ་བྱིན་ལེན་ཅན་དེ་ཆོས་ཅན། ཐུན་ཚོད་ཀྱི་མཐའི་མཐའ་བར་དུ་བྱིན་གྱིས་རློབ་པ་ཡིན་ཏེ། རྒྱུ་དུས་སུ་རུང་བ་ལས་སྦྱར་བའི་རུང་བ་ཚད་ལྡན་གྱི་བཏུང་བ་ཉིད་ཡིན་པའི་ཕྱིར། ཡང་ཞག་བདུན་པའི་སྨན་ལས་སྦྱར་བའི་བཏུང་བ་ཆོས་ཅན། རྒྱུ་ཞག་བདུན་པའི་སྨན་དེའི་བྱིན་བརླབས་འཆགས་པའི་མཐའ་གང་ཡིན་པ་དེ་ཁྱོད་ཀྱིའང་བྱིན་བརླབས་ཀྱི་མཐའ་ཡིན་ཏེ། རྒྱུ་དུས་སུ་རུང་བ་ལས་གཞན་ཞག་བདུན་པའི་སྨན་ལས་སྦྱར་བའི་རུང་ཚད་ལྡན་གྱི་བཏུང་བ་ཉིད་ཡིན་པའི་ཕྱིར། ཡང་འཚོ་བཅང་གི་སྨན་ལས་སྦྱར་བའི་བཏུང་བ་ཆོས་ཅན། རྒྱུ་འཚོ་བཅང་གི་སྨན་དེའི་བྱིན་བརླབས་ཆགས་པའི་མཐའ་གང་ཡིན་པ་དེ། ཁྱོད་ཀྱིའང་བྱིན་བརླབས་ཆགས་པའི་མཐའ་ཡིན་ཏེ། རྒྱུ་དུས་སུ་རུང་བ་ལས་གཞན་འཚོ་བའི་བར་དུ་བཅང་བ་ལས་སྦྱར་བའི་བཏུང་བ་ཡིན་པའི་ཕྱིར། དེ་ཡང་སྨན་ཕྱི་མ་གཉིས་ལས་སྦྱར་བའི་བཏུང་བ་དེ་བྱིན་གྱིས་རློབ་པ་ནི། ཐུན་ཚོད་དུ་རུང་བའི་བཏུང་བར་བྱིན་གྱིས་རློབ་པ་ཡིན་ལ། བྱིན་བརླབས་གནས་པ་ནི། རྒྱུ་དེ་དང་དེའི་བྱིན་བརླབས་གནས་པའི་དུས་ཀྱི་མཐའ་གང་ཡིན་པ་དེ་ཚུན་ཆད་དུ་གནས་སོ། །ཞེས་པ་ནི་གཞུང་འདི་འཆད་པའི་རྣམ་གྲངས་གཅིག་གོ །ཡང་རྒྱུ་དུས་རུང་ལས་སྦྱར་བའི་བཏུང་བ་བྱིན་གྱིས་རློབ་པའི་རིང་མཐའ་དེ་ཡིན་ན། ཐུན་ཚོད་ཀྱི་མཐའ་ཡིན་པས་ཁྱབ། ཕྱི་མ་གཉིས་ལས་སྦྱར་བའི་བཏུང་བ་ལ་ཐུན་ཚོད་ཀྱི་མཐའ་ཉིད་དུ་བྱིན་གྱིས་རློབ་པ་དང༌། རྒྱུ་གཉིས་པོའི་བྱིན་བརླབས་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་རློབ་པའི་ལུགས་གཉིས་ཡོད་པ་ལས་འགྲེལ་ཆེན་མཁན་པོ་ནི་ལུགས་དང་པོ་བཞེད་པ་ཡིན་ཏེ། ཇི་སྐད་དུ། བཏུང་བ་ཉིད་ཀྱི་ཕྱིར་ནི་དུས་ཐམས་ཅད་པ་ཡིན་ལ། བྱིན་གྱིས་རློབ་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཁོ་ནར་བྱིན་གྱིས་རློབ་བོ། །ཞེས་འབྱུང་བས་སོ། །བཏུང་བ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཡང་བྱིན་གྱིས་མ་བརླབས་པ་ལ་འཆད་དགོས་སོ། །ལུགས་གཉིས་པ་དེ་ནི་ལུང་ཞུ་བ་ལས། བུ་རམ་ལས་བྱུང་བའི་བཏུང་བ་དགུང་བདུན་པར་བྱིན་གྱིས་རློབ་ཏུ་རུང་བར་མཆིས་སམ། ཉེ་བར་འཁོར་ཡོད་དེ། ཞེས་གསུངས་པས་སོ། །འོ་ན་དེ་ལྟར་བྱིན་གྱིས་རློབ་པའི་ཚུལ་གཉིས་པོ་གསོག་འཇོག་ཏུ་འགྱུར་བའི་དུས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཐུན་ཚོད་དུ་རུང་བ་བྱིན་གྱིས་བརླབས་པ་ཐུན་ཚོད་ཀྱི་མཐའ་འདས་པ་དང༌། བདུན་པར་བྱིན་གྱིས་བརླབས་པ་བརྒྱད་པའི་སྐྱ་རེངས་ཤར་བ་ན་དེར་འགྱུར་ལ། ཅིག་ཤོས་ནི་དེར་འགྱུར་མི་སྲིད་པའོ། །དེ་ལྟར་ན་མདོ་གཉིས་པོའི་དོན་འཆད་ཚུལ་མི་འདྲ་བ་གསུམ་ལས་ཐོག་མར་འགྲེལ་པ་མཁན་པོའི་ལུགས་དེ་ཉིད་ཁས་བླངས་ནས་བཤད་ན། གཉིས་པ་ལ། འདོད་པ་བརྗོད་པ་དང༌། དེ་སུན་ཕྱུང་བའོ། །དང་པོ་ནི། འདུལ་བ་འཛིན་པ་ཁ་ཅིག་ན་རེ། ཐུན་ཚོད་དུ་རུང་བའི་བཏུང་བ་དེ། ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་རོ་དང་སླ་བ་ཉིད་གཞན་དུ་མ་གྱུར་ན། བཏུང་བ་དེ་བྱིན་གྱིས་རློབ་པའི་མཐའ་ཐུན་ཚོད་ཀྱི་མཐའ་ཚུན་ཆད་ཡིན་ནོ་ཞེས་ཟེར་བ་དེ་ཡིན་གྱི། དེ་གཞན་དུ་གྱུར་ན་གང་གྱུར་པའི་སྐད་ཅིག་དེ་ཚུན་ཆད། བཏུང་བ་དེ་བྱིན་གྱིས་རློབ་པའི་མཐའ་ཡིན་པའོ་ཞེས་ཟེར། གཉིས་པ་ནི། ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ། རོ་དང་སླ་བ་གཞན་དུ་འགྱུར་ངེས་པའི་བཏུང་བ་ཐུན་ཚོད་དུ་རུང་བ་དེ་ཆོས་ཅན། ཁྱོད་བྱིན་གྱིས་རློབ་པའི་མཐའ་གང་རོ་དང་སླ་བ་གཞན་དུ་གྱུར་པའི་སྐད་ཅིག་མ་དེ་ཚུན་ཆད་ཡིན་ནོ། །ཞེས་ཟེར་བ་དེ་རིགས་པ་མ་ཡིན་ཏེ། དེ་རིགས་ན་རྒོལ་བ་ཁྱོད་ཀྱིས་བཟློག་པར་མི་ནུས་པའི་ཐལ་བ་གཉིས་འཇུག་པའི་ཕྱིར། དེ་གང་ཞེ་ན། ལོངས་སྤྱོད་ཀྱི་དུས་ལས་ལྷག་པ་བྱིན་བརླབས་མི་ཆགས་པར་ཐལ་བ་དང༌། བྱིན་གྱིས་བརླབ་བྱ་མ་ཡིན་པར་ཐལ་བའོ། །དང་པོ་ནི། སྤྱིར་སྨན་ཕྱི་མ་གསུམ་པོ་རང་རང་གི་ལོངས་སྤྱོད་ཀྱི་དུས་ལས་དུས་ལྷག་པ་ལ་བྱིན་བརླབས་བརྟེན་ན་མི་ཆགས་པར་ཐལ་བར་འགྱུར་ཏེ། ཐུན་ཚོད་དུ་རུང་བའི་བཏུང་བ་ཐུན་ཚོད་ཀྱི་གོང་དུ་ལོངས་སྤྱོད་མི་རུང་དུ་འགྱུར་ཉེས་དེ་དང་པོ་བྱིན་གྱིས་རློབ་པའི་ཚེ། ཐུན་ཚོད་ཀྱི་མཐའ་པར་བྱིན་གྱིས་རློབ་པ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན་ཧ་ཅང་ཐལ་ལོ། །གཉིས་པ་ནི། དེར་འགྱུར་ངེས་ཀྱི་དོན་དེ་ཆོས་ཅན། སྤྱིར་བྱིན་གྱིས་བརླབས་པར་བྱ་བའི་སྨན་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ། སྨན་ཕྱི་མ་གསུམ་པོ་གང་དུ་ཡང་བྱིན་གྱིས་མི་རློབ་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ལུང་གིས་གྲུབ། འདོད་ན། སྨན་བྱིན་གྱིས་རློབ་པ་ལ་མངོན་ཤེས་དགོས་པར་འགྱུར་ཏེ། བཏུང་བ་དེ་མི་རུང་བར་འགྱུར་ན་མི་རློབ། དེས་མི་འགྱུར་ན་བྱིན་གྱིས་རློབ་པའི་ཕྱིར། གལ་ཏེ་ཐལ་བ་སྔ་མ་ལ་ཁྱབ་པ་མེད་དེ། དེ་འདྲའི་བཏུང་བ་དེ། གང་རོ་དང་སླ་བར་འགྱུར་བའི་སྐད་ཅིག་དེ་ཚུན་ཆད་དུ་བྱིན་གྱིས་རློབ་པ་ཡིན་ནོ་ཞེ་ན། བཅས་ལྡན་དགེ་སློང་ཕལ་པ་མངོན་ཤེས་མེད་པ་རྣམས་ཆོས་ཅན། དེ་ལྟ་བུའི་བཏུང་བ་དེ། དུས་དེ་ཚུན་ཆད་དུ་བྱིན་གྱིས་རློབ་དུ་རུང་བ་མ་ཡིན་ཏེ། དེ་འབྱུང་བར་འགྱུར་བ་ཁྱོད་ཀྱིས་བགྲོད་པ་སྟེ། ཤེས་པར་ནུས་པ་མ་ཡིན་པའི་ཕྱིར། དྲངས་མ་ཐག་པའི་ཞུ་བའི་ལུང་དེ་འགྲེལ་པ་མཁན་པོས་མི་འདོད་མོད་ཀྱང༌། དེ་དང་མཐུན་པའི་རྩོད་ལྡན་གྱི་འཆད་ལུགས་ཀྱང་འཆད་ཚུལ་སྔ་མ་དེ་ཉིད་ལ་དཔགས་པས་ལེགས་པར་ཤེས་ནུས་སོ། །ཡང་རང་གིས་བློས་བཏགས་པའི་འཆད་ཚུལ་སྔ་མ་ནི་སྨན་ཕྱི་མ་གཉིས་ལས་སྦྱར་བའི་བཏུང་བ་བྱིན་གྱིས་རློབ་པའི་ཚེ། ཐུན་ཚོད་དུ་རུང་བར་བྱིན་གྱིས་རློབ་ཀྱང༌། ལོངས་སྤྱོད་དུ་རུང་བ་ནི་ཇི་སྲིད་འཚོ་དང་ཞག་བདུན་པ་གང་རུང་ཡིན་པར་ཁས་བླངས་པ་ལ་རྩོད་པ་འབྱུང་བའི་ཚུལ་དང༌། དེ་སུན་འབྱིན་པའི་ཚུལ་བཤད་ན་འདི་ལྟར། ཁ་ཅིག་ན་རེ། བུ་རམ་ལས་སྦྱར་བའི་བཏུང་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་དེ། ཞག་བདུན་གྱི་གོང་དུ་རོ་དང་སླ་བ་གཞན་དུ་མ་འགྱུར་ན། ཁྱོད་ཟེར་བ་དེ་ཡིན་གྱི་གྱུར་ན་གང་ཚུན་ཆད་དེ་ཡིན་པའོ། །ཞེས་ཟེར་རོ། །དེ་ཡང་མ་ཡིན་ཏེ། དེ་ལྟ་ན་ཉེས་པ་གཉིས་འཇུག་པའི་ཕྱིར། གང་ཞེ་ན། ལོངས་སྤྱོད་ཀྱི་དུས་ལས་ལྷག་པ་ལ་བྱིན་བརླབས་མི་གནས་པར་ཐལ་བ་དང༌། ལོངས་སྤྱད་མི་རུང་དུ་འགྱུར་ངེས་ཀྱི་སྨན་བྱིན་གྱིས་མི་རློབ་པར་ཐལ་བའོ། །དེ་གཉིས་ཀ་ཡང་འདི་ལྟར། ཞག་བདུན་པར་བྱིན་གྱིས་བརླབས་མ་ཐག་པའི་སྨན། ཞག་བདུན་ཚུན་ཆད་ན་མི་རུང་བར་འགྱུར་ངེས་དེ་ལ། དང་པོ་ཞག་བདུན་པའི་བྱིན་བརླབས་ཆགས་སམ་མི་ཆགས། ཆགས་ན་ཁོ་བོ་ཅག་གི་ལུགས་དེ་གྲུབ། མི་ཆགས་ན་ཐལ་བ་དང་པོ་དེར་འགྱུར། དེ་འདོད་ན། ཐལ་བ་གཉིས་པ་དེར་འགྱུར་ཏེ། དེའི་བྱིན་བརླབས་མི་ཆགས་བཞིན་དུ་དེར་རློབ་པ་མི་རིགས་པའི་ཕྱིར། ཁྱབ་པ་མ་ངེས་ཏེ། གང་གཞན་དུ་འགྱུར་བའི་སྐད་ཅིག་དེ་ཚུན་ཆད་དུ་བྱིན་གྱིས་རློབ་བོ་ཞེ་ན། དེ་ཡང་མ་ཡིན་ཏེ། དུས་དེ་འབྱུང་བར་འགྱུར་བ་ཕལ་པ་རྣམས་ཀྱིས་མི་བསྒྲོད་པའི་ཕྱིར། ཞེས་བཤད་པར་བྱའོ། །མདོར་ན་འདིའི་རྩོད་གཞི་ནི། སྨན་ཕྱི་མ་གསུམ་རང་དུས་ཀྱི་གོང་དུ་ལོངས་སྤྱད་མི་རུང་དུ་འགྱུར་ངེས་དེ། དང་པོ་བྱིན་གྱིས་རློབ་མི་རློབ་དང༌། དེ་ལྟར་བརླབས་པ་ན་བྱིན་བརླབས་དེ་རང་དུས་ཀྱི་མཐའི་བར་དུ་གནས་མ་གནས་ལ་རྩོད་པ་ཡིན་ལ། རང་ལུགས་ནི་དེར་རློབ་པ་དང༌། བརླབས་མ་ཐག་གི་ཚེ་དེ་དེར་གནས་པར་འཆད་པ་གཞུང་གི་དགོངས་པ་ཡིན་ཏེ། དཔེར་ན། ལོ་བརྒྱ་འཚོ་བར་ངེས་པའི་བསྒྲུབ་པ་ལོ་གསུམ་ན་དགེ་སློང་གི་སྡོམ་པ་འབུལ་ངེས་དེ། བསྙེན་པར་རྫོགས་མ་ཐག་པ་ཚེ་ཇི་སྲིད་འཚོ་བའི་སྡོམ་པ་བླངས་པ་དང༌། ཇི་ལྟར་བླངས་པ་དེ་ཉིད་དེའི་རྒྱུད་ལ་གནས་པར་ཁས་ལེན་དགོས་པ་བཞིན་ནོ། །གཞུང་འདིའི་དོན་ནི་སྔོན་གྱི་འཆད་པ་པོ་རྣམས་ཀྱིས་ལེགས་པར་མ་བཤད་དེ། གཞུང་ལས་མི་འཆགས་པར་འགྱུར་བའི་ཕྱིར་ཞེས་པ། ཐལ་འགྱུར་དུ་འཕངས་པར་མ་ཤེས་པར་ལོངས་སྤྱོད་ཀྱི་དུས་ལས་ལྷག་པ་ལ་མི་འཆགས་པ། ཚད་གྲུབ་དུ་བྱས་པས་ནོངས་པའི་ཕྱིར། དེ་ཡང་འདི་ལྟར་བོད་སྔ་མ་རྣམས་ཀྱིས་མཐུན་པར་བཤད་ཚུལ་དང༌། ཕྱི་རབས་མཁས་པ་རྣམས་ཀྱི་རྟོག་དཔྱོད་ཅུང་ཟད་བཏང་ནས་བཤད་པའི་ཚུལ་ལོ། །དང་པོ་ནི། རྒྱུ་ཞག་བདུན་པ་ལས་སྦྱར་བའི་བཏུང་བ་ཞག་བདུན་གྱི་གོང་དུ་རོ་དང་སླ་བ་ཉིད་གཞན་དུ་འགྱུར་བ་དེ་ཆོས་ཅན། ཁྱོད་བྱིན་གྱིས་བརླབས་ནས་ལོངས་སྤྱད་པའི་མཐའ་ཁྱོད་ཀྱི་ངོ་བོ་གཞན་དུ་འགྱུར་བའི་སྐད་ཅིག་མ་དེ་ཚུན་ཆད་དུ་ཡིན་ནོ་ཞེས་ཟེར་བ་དེ་རིགས་པ་མིན་ཏེ། དེ་རིགས་ན་ཁྱོད་བྱིན་གྱིས་བརླབས་པར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་བའི་ཕྱིར། རྟགས་མ་གྲུབ་ན། གང་དུ་རློབ་ཅེས་དྲིའོ། །བདུན་པར་རློབ་ཅེ་ན། དོན་དེ། ཞག་བདུན་པར་བྱིན་གྱིས་བརླབས་པར་བྱ་བ་མིན་ཏེ། ཁྱོད་དེར་རློབ་ན། ཁྱོད་ཉིད་ལོངས་སྤྱོད་ཀྱི་དུས་ལས་ལྷག་པ་ལ་ཁྱེད་ཀྱི་བྱིན་བརླབས་བརྟན་པར་འགྱུར་ལ། དེ་ལྟར་བྱིན་གྱིས་རློབ་པ་མི་འཆགས་པར་འགྱུར་བའི་ཕྱིར་ཞེས་མགྲིན་གཅིག་ཏུ་གསུང་བ་དེ་དག་ནི་རིགས་པ་མིན་ཏེ། རྩོད་གཞི་སྟོར་བའི་ཕྱིར་དང༌། རང་ལ་འཆང་བཟུང་མི་སྣང་བའི་ཕྱིར་དང༌། ཕྱིར་ལྡོག་ན་འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་ལས་མ་འདས་པའི་ཕྱིར། གཉིས་པ་ལ་རིན་པོ་ཆེ་བུ་སྟོན་པའི་འཆད་ལུགས་དང༌། དེའི་རྗེས་འབྲང་གཞན་གྱི་འཆད་ལུགས་སོ། །དང་པོ་ནི། ཁ་ཅིག་ན་རེ། ཐུན་ཚོད་དུ་རུང་བའི་བཏུང་བ་ཐུན་ཚོད་ཀྱི་གོང་དུ་རོ་དང་སླ་བ་མ་གྱུར་ན། ཐུན་ཚོད་དུ་རུང་བ་ཡིན་ཀྱང༌། དེར་དེ་གྱུར་ན་དེ་ཚུན་ཆད་དུ་རུང་བ་ཡིན་གྱི་ཐུན་ཚོད་དུ་རུང་བ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མིན་ཏེ། འདི་ལྟར་བྱིན་གྱིས་བརླབས་པ་ནི་ལོངས་སྤྱོད་པའི་ཕྱིར་ཡིན་ལ། དེ་འདྲ་དེ་ད་ལྟ་ཐུན་ཚོད་ཀྱི་མཐའི་བར་དུ་ལོངས་སྤྱད་རུང་མ་ཡིན་ན། བཏུང་བ་དེ་ཆོས་ཅན། ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་དེ་མི་འཆགས་པར་ཐལ། དེར་བྱིན་གྱིས་བརླབས་ན་བྱིན་གྱིས་རློབ་པའི་དུས་ལས་ལྷག་པར་བྱིན་གྱིས་བརླབས་པའི་ཕྱིར། དཔེར་ན། ཞག་བདུན་པ་འཚོ་བཅང་དུ་བྱིན་གྱིས་བརླབས་པ་བཞིན། གལ་ཏེ་འདོད་པ་ཡིན་ཏེ། དེ་འདྲ་དེ་རོ་དང༌། སླ་བ་ནམ་འགྱུར་ཚུན་ཆད་དུ་བྱིན་གྱིས་རློབ་པ་ཡིན་ནོ་ཞེ་ན། དེ་དེར་རློབ་པར་མི་རིགས་པར་ཐལ། དེ་འདྲའི་དུས་དེ་ཕལ་པས་ཤེས་པར་མི་ནུས་པའི་ཕྱིར། ཞེས་གསུང་བ་དེ་ཡང་མ་ཡིན་ཏེ། ཕྱོགས་སྔ་མས་དེ་ཐུན་ཚོད་དུ་རུང་བའི་བཏུང་བ་མ་ཡིན་པར་ཁས་བླངས་པ་ལ། དེ་ལ་ཐུན་ཚོད་དུ་རུང་བའི་བྱིན་བརླབས་མི་འཆགས་པར་ཐལ་བ་འཕེན་པ་ནི། ཆེས་ཤིན་ཏུ་ལྟག་ཆོད་ཀྱི་གནས་ཡིན་པའི་ཕྱིར་དང༌། རྟགས་ལ་འགྲོ་མཚམས་མི་འདུག་པས་ལྡོག་ན་འཁོར་གསུམ་ལས་མ་འདས་པའི་ཕྱིར་དང༌། གལ་ཏེ་འགྲོ་མཚམས་ཡོད་ན་ཐུན་ཚོད་དུ་མི་རུང་བའི་སྨན་ཐུན་ཚོད་དུ་རུང་བར་བྱིན་གྱིས་རློབ་བོ་ཞེས་སྔ་རྒོལ་གྱིས་ཁས་བླངས་པར་འཆད་དགོས་ལ། དེ་ལ་ནི་སྨན་དེའི་བྱིན་བརླབས་མི་འཆགས་ཏེ། སྨན་དེ་མ་ཡིན་པའི་ཕྱིར་ཞེས་པ་གཅིག་པུས་སུན་འབྱིན་ནུས་པས་གཞན་དོན་མེད་དོ། །གཞན་ཡང་སློབ་དཔོན་ཡོན་ཏན་འོད་ཀྱི་རིགས་པ་འདི་ལྟར་སྣང་བ་འབའ་ཞིག་ཏུ་ཁྱེད་ཀྱིས་བཀྲལ་བ་ཡིན་ཏེ། འདི་ལྟར་ཕྱོགས་སྔ་མས་ཐུན་ཚོད་ཀྱི་གོང་དུ་རོ་དང་སླ་བ་འགྱུར་རུང་གི་བཏུང་བ་དེ་ཚུན་ཆད་ཀྱི་མཐའི་བར་དུ་ལོངས་སྤྱོད་རུང་མ་ཡིན་པར་ཁས་བླངས་པ་ལ། དེ་ཆོས་ཅན། དེར་བྱིན་གྱིས་རློབ་ཏུ་རུང་བ་མ་ཡིན་པར་ཐལ། དེའི་མཐའ་ཚུན་ཆད་དུ་ལོངས་སྤྱད་དུ་མི་རུང་བའི་ཕྱིར། ཁྱབ་པ་ཡོད་དེ། བྱིན་གྱིས་རློབ་པ་ནི་ལོངས་སྤྱོད་པའི་ཕྱིར་དུ་ཡིན་པའི་ཕྱིར། ཞེས་པར་བཀྲལ་ལ། དེ་ལྟ་ན་རང་ལུགས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་བསལ་དངོས་མ་གྲུབ་ན་དེ་ཆོས་ཅན། ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་ལོངས་སྤྱད་དུ་རུང་བ་མ་ཡིན་ཏེ། ཐུན་ཚོད་ཀྱི་གོང་རོལ་དུ་རོ་དང་སླ་བ་གཞན་དུ་འགྱུར་ངེས་ཀྱི་བཏུང་བ་ཡིན་པའི་ཕྱིར། གཉིས་པ་ནི། བླ་མ་རེད་མདའ་པ་ཡང༌། བུ་སྟོན་རིན་པོ་ཆེའི་བཤད་ཚུལ་དེ་ཉིད་སོར་བཞག་ནས། དུས་ལྷག་པ་ལ་བརྟེན་ན་བྱིན་བརླབས་མི་འཆགས་པར་འགྱུར་ཞེས་པ་ཚད་སྒྲུབ་ཏུ་བྱེད་པ་དང༌། ཡང་དེ་འདྲའི་བཏུང་བ་དེ་ཆོས་ཅན། བཏུང་བ་རང་གི་དུས་ལས་ལྷག་པ་ཐུན་ཚོད་ཀྱི་མཐའ་ལ་བརྟེན་ནས་བྱིན་གྱིས་རློབ་ན་བྱིན་བརླབས་མི་འཆགས་པ་ཡིན་ཏེ། དེའི་གོང་དུ་རོ་སླར་འགྱུར་སྲིད་པས་ཐུན་ཚོད་ཀྱི་མཐའི་བར་དུ་ལོངས་སྤྱད་དུ་རུང་བ་མ་ཡིན་པའི་ཕྱིར་དང༌། དེར་མི་རུང་བ་ལ་དེའི་བྱིན་བརླབས་མི་འཆགས་པའི་ཕྱིར་ཞེས་བཀག་ནས། རང་ལུགས་འཇོག་པ་ན། བཏུང་བ་རང་གི་རྫས་ཀྱི་མཐའ་གང་ཡིན་པ་དེ་བཏུང་བའི་མཐར་འཇོག་རིགས་པས། ཐུན་ཚོད་ཀྱི་མཐའ་ལ་བརྟེན་ནས་བྱིན་གྱིས་བརླབས་ན་དུས་ལྷག་པ་ལ་བརྟེན་པར་མི་འགྱུར་རོ། །གཞུང་འདི་ཡང་གཞན་གྱིས་ལེགས་པར་མ་བཤད་དོ། །ཞེས་གསུང༌། འདི་ནི་ཚིག་དོན་གང་ལ་ཡང་མ་ཞུགས་ཏེ། འོ་ན་གོང་དུ་དེ་གཞན་དུ་འགྱུར་ངེས་ཀྱི་བཏུང་བ་དེ་ཆོས་ཅན། ཐུན་ཚོད་དུ་རུང་བའི་བྱིན་བརླབས་མི་འཆགས་པར་ཐལ། དེར་སྤྱད་དུ་མི་རུང་བའི་ཕྱིར། ཁྱབ་གསལ་དངོས། མ་གྲུབ་ན་དེར་ཐལ། དེ་གོང་དུ་རོ་སླ་གཞན་དུ་འགྱུར་ངེས་པའི་ཕྱིར། ཁྱབ་པ་ཡང་དངོས། རྟགས་ཐུན་མོང་ངོ༌། །གཉིས་པ་དོན་ལ་མ་ཞུགས་ན། བཏུང་བའི་མཐའ་ལས་དུས་ལྷག་པ་ལ་བཏུང་དེའི་བྱིན་བརླབས་མི་འཆགས་ན། ཐུན་ཚོད་ཀྱི་མཐའ་འབྱུང་བ་དང༌། དེའི་བྱིན་བརླབས་ཞིག་པ་མཉམ་པར་འགྱུར་ལ། དེ་ལྟ་ན་དེ་ལ་གསོག་འཇོག་འབྱུང་མི་སྲིད་པར་འགྱུར་ཏེ། བྱིན་ལེན་དང༌། བྱིན་བརླབས་ཞིག་པ་ལ་གསོག་འཇོག་མི་འབྱུང་བའི་ཕྱིར། ཡང་རྫས་ཀྱི་མཐའ་གང་ཡིན་པ་བཏུང་བའི་མཐའ་ཡིན་ན། དུས་རུང་ལས་སྦྱར་བའི་བཏུང་བ་དེའི་མཐའ་ཉི་མ་ཕྱེད་ཁོ་ན་ཡིན་པར་ཐལ་བ་དང༌། རྒྱུ་བུ་རམ་ལས་སྦྱར་བའི་བཏུང་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་དེ་ལ། ཞག་བདུན་གྱི་བར་དུ་བྱིན་བརླབས་མི་འཆགས་ན་ནི། རྫས་ཀྱི་མཐའ་གང་ཡིན་པ་བཏུང་བའི་མཐར་ཁས་བླངས་པ་དང་འགལ་བ་དང༌། འཆགས་ན་ནི། དུས་ལྷག་པ་ལ་བརྟེན་ན་བྱིན་བརླབས་མི་ཆགས་པར་འདོད་པ་དང་འགལ་ལོ། །དེ་ལྟར་ན་སྨན་གཞིའི་རྩོད་ལན་གྱི་གཞུང་འདིའི་དམ་བཅའ་དང༌། སུན་འབྱིན་གྱི་འཆད་ཚུལ་ཊཱི་ཀ་མཛད་པ་པོ་གཞན་དག་སུས་ཀྱང་ལེགས་པར་བཤད་པ་མི་སྣང་བས་དཔྱད་པ་འཇུག་པའི་གཞི་བཀོད་པ་ཡིན་ནོ། །བཞི་པ་གཞན་ཡང་མཚོན་པ་ནི། འདིར་རོ་དང་སོགས་སོ། །གསུམ་པ་ཞག་བདུན་པ་ནི། ཞུན་མར་དང་སོགས་སོ། །བཞི་པ་འཚོ་བཅང་ལ། དངོས་དང༌། མཚོན་དོན་གཞན་བསྟན་པའོ། །དང་པོ་ནི། འཚོ་བའི་བར་དུ་སོགས་སོ། །གཉིས་པ་ནི་ཤའི་བདག་ཉིད་སོགས་སོ། །ལྔ་པ་ནི་གལ་ཏེ་དུས་མ་ཡིན་སོགས་སོ། །དྲུག་པ་ནི་གཞན་དང་བཅས་པ་ལ་སོགས་སོ། །བདུན་པ་ནི་བྱིན་གྱིས་བརླབས་པ་ལ་སོགས་སོ། །འདིར་དེ་རློབ་པའི་ཡུལ་ནི། དགེ་སློང་ཆོས་བརྒྱད་ལྡན་ནོ། །གང་ཟག་ནི་དགེ་སློང་གི་སྡོམ་པ་གསོ་བ་ལ་ཞུགས་པ་ཡན་ཆད་དོ། །དངོས་ནི་སྨན་ཕྱི་མ་གསུམ་གང་ཡང་རུང་བ་རུང་ཚད་ལྡན་ནོ། །དགོས་པ་ནི། གསོག་འཇོག་དང་ཞག་ལོན་གྱི་ཉེས་པ་མི་འབྱུང་བའི་ཕྱིར་དུའོ། །དུས་ནི་སྔ་དྲོ་བྱིན་ལེན་བྱས་ཏེ། ཕྱི་དྲོ་ཡང་བྱིན་གྱིས་རློབ་པ་མི་འཆགས་པ་མ་ཡིན་ཏེ། ཞུ་བ་ལས། སྨན་ཕྱི་མ་གསུམ་ཕྱི་དྲོ་བྱིན་གྱིས་རློབ་པ་ཡོད་པར་གསུངས་པའི་ཕྱིར། ཅི་སྟེ་ཐུན་ཚོད་དུ་རུང་བའི་སྨན་ཕྱི་དྲོ་བྱིན་གྱིས་བརླབས་པ་ལ་དགོས་པ་མེད་དོ་སྙམ་ན་མ་ཡིན་ཏེ། དེར་མ་བརླབས་ན་ཉིན་མོའི་ཐུན་ཚོད་འདས་པ་ན་གསོག་འཇོག་ཏུ་འགྱུར་བའི་ཕྱིར། དེས་མཚོན་ནས་སྲོད་ཐུན་གྱི་ཐོག་མར་བཏུང་བ་བྱིན་གྱིས་བརླབས་པ་ཡང་མཚོན་ནོ། །ཐུན་ཚོན་དུ་རུང་བའི་བཏུང་བ་ལ་ཞག་བདུན་པར་བྱིན་གྱིས་བརླབ་ཏུ་རུང་བ་ཡང་ཡོད་དེ། ལུང་ལས། བཏུང་བ་བཙགས་པ་དགུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་བ་ཡོད་དམ། ཉེ་བ་འཁོར་ཡོད་དེ། ཡུན་ཇི་སྲིད་དུ་འཚལ་བར་བགྱི། ཤིན་ཏུ་སླ་ཞིང་མི་སྐྱུར་ལ་རང་གི་ངོ་བོ་མི་སྤོང་བ་དེ་སྲིད་དུའོ། །ཞེས་གསུངས་པས་སོ། །བྱིན་བརླབས་འཇིག་པའི་རྒྱུ་ནི། དངོས་པོ་གཞན་དུ་གྱུར་པ། བྱིན་ལེན་ཞིག་པ། བྱིན་བརླབས་ཕྱུང་བ། རང་དགེ་སློང་མ་ཡིན་པར་གྱུར་པ་རྣམས་སོ། །ཞེས་པ་ནི་སྤྱིའི་དོན་ཏོ། །གཞུང་གི་དོན་ནི། བཅས་ལྡན་དགེ་སློང་ནད་པས་སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་ཏེ་བཅངས་པ་ཆོས་ཅན། དགོས་པ་ཡོད་དེ། གསོག་འཇོག་ཆ་དང་བཅས་པ་མི་འབྱུང་བར་བྱ་བའི་ཕྱེད་ཡིན་པའི་ཕྱིར། འོ་ན་ཐུན་ཚོད་དུ་རུང་བའི་བཏུང་བ་ཐུན་ཚོད་ཀྱི་མཐའ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་པ་དེ། རང་དུས་དེ་དང་དེའི་སྔ་རོལ་དུ་རོ་དང་སླ་བ་གཞན་དུ་གྱུར་ན་ཡང་ལོངས་སྤྱད་དུ་རུང་ངམ་སྙམ་ན། ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་བརླབས་ཅན་རོ་དང་སླ་བ་ཉིད་གཞན་དུ་ཡོངས་སུ་གྱུར་ན། དེའི་ཚེ་བཏུང་བ་དེ་ཆོས་ཅན། ལོངས་སྤྱད་དུ་རུང་བ་མིན་ཏེ། གསོག་འཇོག་བྱས་པ་ཉིད་ཡིན་པའི་ཕྱིར། དེ་ལྟ་ན་ཡང་གསོག་འཇོག་གི་སྤང་བ་བྱུང་བ་ནི་མ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར། དེས་ན་འདི་གསོག་འཇོག་བྱས་པ་དེའི་སྤང་བ་མ་ཕྱུང་བ་ཞེས་བྱ་བ་ཡིན་པར་ངེས་སོ། །དེ་ཕྱིན་ཆད་བཟའ་བའི་ཕྱིར་བཅངས་ན་ཡང༌། གསོག་འཇོག་གི་ཉེས་བྱས་ལས་ལྷག་པ་མི་སྐྱེད་དེ། བྱིན་ལེན་ཞིག་པའི་ཕྱིར། དེ་ཡིན་ཏེ། དངོས་པོ་གཞན་དུ་འགྱུར་བའི་ཕྱིར། དེ་གྱུར་པ་ཡིན་ཏེ། རོ་མྱོས་པར་མི་བྱེད་པ་མྱོས་པར་འགྱུར་བ་དང༌། སླ་བ་བཞིན་སྣང་བ་དེ་མི་སྣང་བར་གྱུར་པ་ཡིན་པས་སོ། །དེ་ཡང་ཐུན་རུང་གི་བཏུང་བའི་དབང་དུ་བྱས་པ་ཡིན་གྱི། སྨན་གཞན་ལ་སླ་བ་གྱུར་པ་ཙམ་གྱིས་བྱིན་ལེན་ཞིག་པའི་ངེས་པ་མེད་དེ། མར་ཁུ་ཞུན་མར་དུ་གྱུར་པ་བཞིན་ནོ། །གཉིས་པ་མཚོན་པས་འཕངས་པའི་དོན་ལ་བཞི་ལས། དང་པོ་མིག་སྨན་བསྟེན་པ་ནི། མིག་སྨན་སོགས་སོ། །གཉིས་པ་ཤའི་སྨན་བསྟེན་པ་ནི། སྨན་གྱི་ཕྱིར་སོགས་སོ། །གསུམ་པ་ཆང་གི་སྨན་བསྟེན་པ་ནི། ནད་པས་ནི་སོགས་སོ། །སྒོག་པའི་སྨན་བསྟེན་པ་ནི། སྒོག་སྐྱ་སོགས་སོ། །གསུམ་པ་སྨན་བཞག་པའི་གནས་རུང་ཁང་བསྟེན་ཚུལ་ལ་ལྔ་སྟེ། དགོས་པ་གང་གི་ཕྱིར་རུང་ཁང་བྱིན་གྱིས་རློབ་པ། གཞི་གང་ལ་དང༌། དུས་གང་གི་ཚེ་ན། ཆོ་ག་དང་རུང་ཁང་གི་བྱེད་པའོ། །དང་པོ་ནི་རུང་བ་ཉིད་དུ་སོགས་སོ། །གཉིས་པ་ནི་ཤིང་དྲུང་སོགས་སོ། །གསུམ་པ་ནི་འདི་ལ་སོགས་སོ། །བཞི་པ་ནི་ཐམས་ཅད་སོགས་སོ། །ལྔ་པ་ནི་གཅིག་གིས་སོགས་སོ། །བཞི་པ་དུས་མུ་གེ་བྱུང་བའི་ཚེ་དམིགས་ཀྱི་བསལ་བ་ནི། པདྨའོ་སོགས་སོ། །གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ལ། འདུ་བའི་སྒོ་ཇི་ལྟར་སྒྲུབ་པ། ཟས་ལ་འཇུག་པའི་ཚུལ། རྒྱུ་མཐུན་ཟག་པ་འདོར་བའི་ཐབས་སོ། །དང་པོ་ནི་རྒྱལ་སྲིད་སོགས་སོ། །རྒྱལ་སྲིད་ནི་ཇི་སྐད་དུ། རྗེ་དཔོན་ཡུལ་འཁོར་བློན་པོ་རྫོང༌། །དཔུང་དང་མཛོད་དང་མཛའ་བཤེས་ཀྱི། །ཡན་ལག་བདུན་ལྡན་རྒྱལ་སྲིད་དོ། །ཞེས་པའོ། །གཉིས་པ་ལ། ཟས་ལ་འཇུག་ཚུལ་དངོས། ཟས་སླང་བའི་ཆོ་ག དངོས་པོ་གང་བཟའ་བ། སྣོད་གང་དུ་བཟའ་བ། གོས་གང་གིས་བཟའ་བ། བཟའ་བའི་ཆོ་གའོ། །དང་པོ་ལ། བསོད་ནམས་ལ་འཇུག་པའི་ཚུལ། མགྲོན་དུ་བོས་པ་ན་འཇུག་པའི་ཚུལ། ཐུན་མོང་དུ་འཇུག་པའི་ཚུལ་ལོ། །དང་པོ་ནི་ལྷུང་བཟེད་སོགས་སོ། །གཉིས་པ་ནི་རྩྭ་བམ་ལ་སོགས་སོ། །གསུམ་པ་ནི་སྒྲ་སྐྱུངས་ཏེ་སོགས་སོ། །གཉིས་པ་ནི་དྲན་པ་ཉེ་བར་སོགས་སོ། །གསུམ་པ་ནི་ཨསྨྲ་སོགས་སོ། །བཞི་པ་ནི་བརྐྱལ་པར་སོགས་སོ། །ལྔ་པ་ནི་མཆིལ་ལྷྭམ་སོགས་སོ། །དྲུག་པ་ནི་བདག་ཉིད་ལ་སོགས་སོ། །གསུམ་པ་རྒྱུ་མཐུན་འདོར་ཚུལ་ལ། ཁའི་དང༌། ལུས་ཀྱིའོ། །དང་པོ་ནི་མིད་པོ་སོགས་སོ། །གཉིས་པ་ནི་རླུང་གི་ལས་སོགས་སོ། །ཐམས་ཅད་འགྲུབ་པར་བྱེད་པ་ལས་ཀྱི་གཞི་ལ། ལུང་གི་བྱེ་བྲག་གཉིས་ལས། དང་པོ་གཞིའི་སྐབས་ལས་མདོར་བསྟན་པ་དང༌། རྒྱས་པར་བཤད། དང་པོ་ནི་ཆོ་ག་སོགས་སོ། །གཉིས་པ་ལ་བློ་མཐུན་པ་དགེ་འདུན་གྱི་མཚན་ཉིད། རྗོད་པར་བྱེད་པ་ལས་མཁན་གྱི་མཚན་ཉིད། བསྒྲུབ་པར་བྱ་བ་དོན་གྱི་མཚན་ཉིད་དོ། །དང་པོ་ལ་གྲངས་ཚང་ཞར་བྱུང་དང་བཅས་པ། ཁ་སྐོང་འདུ་ཤེས་དང་བཅས་པའོ། །དང་པོ་ནི་དབྱུང་བ་ལ་ནི་སོགས་སོ། །གཉིས་པ་ནི་མི་འདུག་པར་འགྲེང་བར་སོགས་སོ། །སྐབས་འདིར་ཁ་སྐོང་གི་ཆོས་བཅུ་བསྟན་ལ། འོག་ནས་མཚམས་གཞན་ན་གནས་པ་མ་ཡིན་པ། དཀོན་མཆོག་གཞན་མ་ཡིན་པ། ཤེས་པ་རང་བཞིན་དུ་གནས་པ། མཚན་མཐུན་པ་རྣམས་བཤད་དོ། །འདིར་འདུ་ཤེས་ཀྱི་ཡན་ལག་ནི། ལྟུང་བ་བྱུང་བ་ལ་ནི་ཞེས་སོགས་ཀྱིས་འཆད་ལ། དེ་ཡང་ལས་འཆགས་པའི་བསམ་པའི་ཡན་ལག་ལ་འདུ་ཤེས་དང༌། ཀུན་སློང་གཉིས་ལས། འདུ་ཤེས་ལ་བྱེད་པ་པོ་དགེ་འདུན་གྱི་འདུ་ཤེས་གཙོ་བོ་ཡིན། དེ་ཡང་བསྒྲུབ་བྱ་དང༌། བྱེད་པ་པོ་དགེ་འདུན་དང༌། དེས་བྱས་པའི་ཆོ་ག་རྣམས་རིགས་ཤིང་དོན་དང་མཐུན་པ་ལ། དེ་ལྟར་ཤེས་པའམ་ཐེ་ཚོམ་ཟ་བས་ཀྱང་འཆགས་ཏེ། དོན་ཤེས་མཐུན་པའི་ཕྱིར། ཡང་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་པ་དང༌། གང་ཟག་སོ་སོ་རང་རྒྱུ་མ་དག་པར་ཤེས་ཀྱང༌། ཕན་ཚུན་དུ་གཅིག་གིས་གཅིག་ཤོས་དག་པར་ཤེས་ན་ལས་འཆགས་མ་ཡིན་ཏེ། མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པ་དང༌། དེ་ལྟར་དགེ་འདུན་གྱིས་འདུ་ཤེས་པས་དོན་ཤེས་མཐུན་པའི་ཕྱིར། འོ་ན་ཉམས་པའི་ཚོགས་རྐྱང་པས་ལས་བྱས་ན་འཆགས་པར་འགྱུར་ལ། དེ་ལྟ་ན། ཇི་སྐད་དུ། ཐ་དད་དུ་གནས་པ་དག་ལས་གནས་པ་ཁ་སྐོང་བར་འོས་པ་མ་ཡིན་པ་དག་གིས། གསོལ་བ་དང༌། བརྗོད་པ་དག་ནི་མ་ཡིན་ནོ། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། དོན་ལ་ཉམས་པ་སོགས་ཡིན་པ། འདུ་ཤེས་པ་རྣམ་དག་གི་ཚོགས་སུ་དགེ་འདུན་གྱིས་ཤེས་པ་དེའི་ཚེ། དགེ་འདུན་གྱི་ལས་འཆགས་པ་སྲིད་ཀྱང༌། མདོའི་དགོངས་པ་ནི། དེ་ལ་དེར་ཤེས་པའི་ཚོགས་ཀྱིས་བྱས་ཀྱང་མི་འཆགས་པ་ལ་དགོངས་པའོ། །ཡང་ཆད་ལས་དང༌། སེམས་ཅན་མ་ཡིན་པ་ལ་བྱ་བ་རྣམས་ལ་ནི་བསྒྲུབ་བྱའི་འདུ་ཤེས་མི་དགོས་པས། འདུ་ཤེས་རྐྱང་པ་དོན་གྱི་ཡན་ལག་ཏུ་འཇོག་པ་མེད་ལ། བསྒྲུབ་བྱའི་འདུ་ཤེས་དགོས་པ་ལ་ནི། དེའི་འདུ་ཤེས་རྐྱང་པ་དོན་གྱི་ཡན་ལག་ཏུ་འགྱུར་བ་ཡོད་དེ། དཔེར་ན། བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་རང་ཉིད་ཀྱིས་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ཤིང༌། དགེ་འདུན་གྱིས་ཀྱང་དེ་ལྟར་འདུ་ཤེས་པའི་ཚེ་དོན་ཤེས་མཐུན་པར་འཇོག་པ་ལྟ་བུའོ། །དེས་ན་ལྟུང་བ་བྱུང་བའི་གང་ཟག་ལས་ཀྱི་ཁ་སྐོང་དུ་འཇོག་མི་འཇོག་ལ་ནི། དགེ་འདུན་གྱི་འདུ་ཤེས་ཇི་ལྟ་བ་བཞིན་བསྒྲུབ་པར་བྱའོ། །ཇི་ལྟར་ཞེ་ན། ལྟུང་བ་བྱུང་བ་གཅིག་ལ་ཕམ་པར་ཤེས་པའི་དགེ་འདུན་གྱིས་བསྙིལ་ནས་ལས་བྱ་བ་དང༌། སྤང་ལྟུང་དུ་ཤེས་པའི་དགེ་འདུན་གྱི་མ་བསྙིལ་བར་བྱིན་གྱིས་བརླབས་ཏེ་ལས་བྱ་བ་དང༌། ལྟུང་བྱེད་འབའ་ཞིག་པར་ཤེས་པའི་དགེ་འདུན་གྱིས་ཕྱིར་བཅོས་སུ་བཅུག་ནས་ལས་བྱས་པ་སོགས། རྣམ་པ་དུ་མ་རིགས་པ་ཁོ་ནའོ། །དེ་སྐད་དུ་ཡང་ལུང་ལས། གལ་ཏེ་ཕམ་པར་གྱུར་པ་དག་ཤེས་ན་བསྙིལ་ཏེ། དགག་དབྱེ་བྱའོ། །གལ་ཏེ་དགེ་འདུན་ལྷག་མ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སྤང་བ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་ལྟུང་བྱེད་དག་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སོ་སོར་བཤགས་པ་དག་ཤེས་ན་སོ་སོར་བཤགས་ཏེ་དགག་དབྱེ་བྱའོ། །ཞེས་སོགས་བསྡམས་བྱའི་བར་དུ་གསུང་ལ། དེའི་ཤུགས་ལ་རྣམ་དག་དུ་ཤེས་ན་དེ་ཉིད་ཀྱིས་ཆོག་པར་གྲུབ་པའོ། །གཉིས་པ་ལ། ལས་བྱེད་པ་པོ་དམིགས་བསལ་དང་བཅས་པའོ། །ལས་ཐོས་བྱ་དང་མངོན་སུམ་དུ་རུང་མི་རུང་དམིགས་བསལ་དང་བཅས་ལས་ཀྱི་ཆོ་ག་བརྗོད་པའི་གོ་རིམ་མི་མཐུན་པ་གཉིས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་ནི། ཁ་སྐོང་བར་མི་འོས་པ་དེ་དག་ནི་ཆོས་ཅན། སྤྱིར་བཏང་དུ་ལས་ཀྱི་བྱེད་པ་པོ་མ་ཡིན་ཏེ། །དེའི་ཡན་ལག་དང་མི་ལྡན་པའི་ཕྱིར། དེའི་དམིགས་བསལ་ནི། ལྷག་མ་དང་བཅས་པ་སོགས་སོ། །འདིར་བུ་སྟོན་རིན་པོ་ཆེ། ཁ་སྐོང་བར་མི་འོས་པས་ལས་བྱ་བ་ཐག་རིང་དུ་སྤང་དགོས་ཏེ། ལས་བྱེད་པ་ནི་ཚོགས་ཀྱི་ཁ་སྐོང་གཞན་ལས་ཆེས་གཅེས་པའི་ཕྱིར་དང༌། དགེ་འདུན་གྱི་གཙོ་བོར་གྱུར་པའི་ཕྱིར་དང༌། དགེ་འདུན་གྱི་གང་བྱ་དགོས་པ་དེ་ལས་བྱེད་པས་ཀྱང་བྱ་དགོས་པའི་ཕྱིར། ཞེས་གསུངས་པ་ནི་ཅུང་ཟད་དཔྱད་པས་མ་དག་པ་ཡིན་ཏེ། སྟོན་པ་ཉིད་ཀྱིས་སོ་སོར་ཐར་པའི་མདོ་འདོན་པ་པོ་དང༌། དེའི་དུས་ཀྱི་གསོལ་བའི་ལས་མཛད་པའི་ཕྱིར་དང༌། དེས་མཁན་པོ་མཛད་པ་དུ་མ་སྣང་བའི་ཕྱིར། དེས་ན་འདིར་བཤད་པ་ནི། ཁ་སྐོང་དང་ལས་བྱེད་པ་པོའི་གཞི་མཐུན་རྣམས་སྤྱིར་བཏང་ལ་དགོངས་པའོ། །གཞན་དུ་ན་ལུང་ཞུ་བ་ལ། ཁྱིམ་པ་ལྟ་བུ་བསྙེན་པར་མ་རྫོགས་པ་སུ་ཡང་རུང་བས་སྤྱོད་ལམ་འགྲེངས་ཏེ། ཁ་སྐོང་གི་ཆོས་དང་ལྡན་པའི་དགེ་འདུན་གྱི་དབུས་སུ། གསོལ་བཞིའི་ལས་བྱས་པས་འཆགས་པའི་ཚུལ་རྒྱས་པར་གསུངས་པ་རྣམས་དང་འགལ་ལོ། །གཉིས་པ་ལ་ཐོས་བྱ་མ་ཡིན་པའི་གང་ཟག་གི་དབྱེ་བ་དང༌། མངོན་དུ་མ་གྱུར་པའི་ལས་ཀྱི་དབྱེ་བའོ། །དང་པོ་ནི། དེ་ལས་གཞན་པ་སོགས་སོ། །དེའི་དམིགས་བསལ་ནི་མ་སྤངས་པ་སོགས་སོ། །འདིར་ལས་ཐོས་སུ་མི་རུང་བའི་སྤང་ལོག་རྣམ་པ་ལྔ་ནི། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་དང༌། གནས་ནས་ཕྱུང་བ་གཉིས་ནི་སྤངས་པ་གཉིས་ཏེ། ལོག་པ་གསུམ་ནི། རང་བཞིན་དུ་གནས་པ་དང༌། བདེ་འགྲོ་ལས་ལོག་པ། ཉམས་པ་དང་མཚམས་མེད་བྱས་པ་གཉིས། བསྙེན་པར་རྫོགས་པ་ལས་ལོག་པ། བསྙེན་པར་མ་རྫོགས་པའོ། །ལྔ་པོ་དེ་མ་གཏོགས་པའི་ས་གཞན་གནས་པ། གཞན་གྱིས་ཐོས་པར་རུང་ངོ༌། །གནས་ནས་ཕྱུང་བ་ནི། རང་ལས་བཟོད་པ་གསོལ་བ་ཡང་ཐོས་པར་རུང་ལ། བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱས་ནང་དུ་བར་ཆད་དྲི་བའི་ཕྱིར། གསོལ་བ་འབའ་ཞིག་པའི་ལས་དང༌། གསོལ་བ་དང་བཞིའི་ལས་ཀྱི་ཚིག་རྣམས་ཀྱང་ཐོས་སུ་རུང་བའོ། །འོ་ན་སྔར་གསང་སྟོན་བསྐོ་བའི་ལས་ཀྱི་ཚིག་རྣམས་ཐོས་སུ་མི་རུང་ལ། དངོས་གཞི་ལས་ཐོས་སུ་རུང་བ་ཅི་ཞེ་ན། སྔར་བར་ཆད་དྲིས་མ་ཟིན་པས་ནང་གི་མིར་མ་ངེས་ལ། ཕྱིས་བར་ཆད་ཀྱིས་དག་པ་ན་ནང་མིར་ངེས་པའི་ཁྱད་པར་ལས་ཡིན་ནོ། །ཞེས་བུ་སྟོན་རིན་པོ་ཆེ་གསུང་ངོ༌། །གཉིས་པ་ལ་སྤྱིར་མངོན་དུ་མ་གྱུར་པའི་ལས་བཅུ་གསུང་ཏེ། ལུང་མ་མོ་ལས། ལྷུང་བཟེད་ཁ་སྦུབ་བསྲང་གཉིས། ཁྱིམ་པའི་བསླབ་པའི་སྡོམ་པ་སྦྱིན་གཞིག་གཉིས། དགེ་ཚུལ་བསྙིལ་བ་དང༌། འདིར་གཞུང་ལས་དངོས་སུ་བཤད་པ་ལྔ་རྣམས་སོ། །འོ་ན་དང་པོ་ལྔ་འདིར་མི་འཆད་པ་ཅི་ཞེ་ན། དེ་དག་ནི་བསྙེན་པར་མ་རྫོགས་པའི་ཡུལ་ལ་བྱ་བ་ཡིན་པས། མངོན་དུ་གྱུར་པའི་དོགས་པ་མེད་པའི་ཕྱིར། ཞེས་སློབ་དཔོན་རྣམས་གསུང་མོད། ལྔ་པོ་དེ་མ་རྫོགས་པའི་ཡུལ་ལ་དགེ་འདུན་གྱི་འོག་ཁྲིམས་ཙམ་ཡིན་གྱི། གཞན་སྤྱོ་བར་བྱ་བ་མ་ཡིན་པས། མངོན་དུ་གྱུར་པའི་དོགས་པ་མེད་པའོ། །དེ་ལྟ་ན་ཡང་ཀརྨ་ཤ་ཏཾ་ལས། བསླབ་པའི་སྡོམ་པ་སྦྱིན་གཞིག་གཉིས་དང༌། དགེ་ཚུལ་བསྙིལ་བ་རྣམས་ཐོས་པའི་ཉེ་འཁོར་ལས་དཀར། སྣང་བའི་ཉེ་འཁོར་དུ་བཞག་པ་ལ་བྱ་བར་གསུངས་སོ། །འོ་ན་མངོན་དུ་མ་གྱུར་པའི་ལས་བཅུར་ངེས་སམ་ཞེ་ན། མ་ངེས་ཏེ་བསྙེན་པར་རྫོགས་པ་ལ་ལ་སྡིགས་པ་སོགས་བྱ་བ་དང༌། དེ་དག་ལ་བཟོད་པ་བྱ་བའི་ལས་ཡོད་པའི་ཕྱིར། ཞེས་དམར་སྟོན་པ་གསུང་ལ། བུ་སྟོན་རིན་པོ་ཆེ་ནི། དགེ་སློབ་མའི་བསླབ་པའི་སྡོམ་པ་བྱིན་པའང་མངོན་དུ་མ་གྱུར་པའི་ལས་ཡིན་ཏེ། མ་རྣམ་ལས། དགེ་སློབ་མ་ཐོས་པའི་ཉེ་འཁོར་ལས་བཀར་ཏེ། མཐོང་བའི་ཉེ་འཁོར་དུ་བཞག་ཅེས་གསུངས་པས་སོ། །ཞེས་གསུང་ཡང་དེ་ལ་ཁྱབ་པ་མ་ངེས་པར་སྣང་ངོ༌། །གཞུང་གི་དོན་ནི། འོ་ན་བསྙེན་པར་རྫོགས་པ་ལ་བྱ་བའི་ལས་ཐམས་ཅད། ཡུལ་དེ་མངོན་དུ་གྱུར་པ་ཁོ་ན་ལ་བྱའམ་ཞེ་ན། དགེ་སློང་བྱ་མ་སྐྱེས་ལྟ་བུ་ལ་ནི་སྨྱོས་པའི་གནང་བ་དང༌། དགེ་སློང་གནས་ཕྱུང་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་མི་བྱ་བ་དང༌། མི་སྨྲ་བ་དང༌། དེའི་ལོངས་སྤྱོད་ལ་ལོངས་མི་སྤྱོད་པ་དང༌། དེའི་གཙུག་ལག་ཁང་དུ་མི་འགྲོ་བའི་སྡོམ་པ་དང་ལྔ་པོ་དག་ནི་ཆོས་ཅན་གང་ལ་བྱ་བའི་ཡུལ་དེས་མངོན་སུམ་དུ་མ་གྱུར་པས་བྱ་བ་ཡིན་ཏེ། ཡུལ་དེ་མངོན་དུ་གྱུར་བ་ལ་ལྟོས་པར་དགེ་འདུན་གྱི་ནང་ཁྲིམས་སུ་བྱ་བའི་ལས་ཡིན་པའི་ཕྱིར། འོ་ན་ཕྱི་མ་གསུམ་པོ་འདི་ལ་ཆོ་ག་ཟུར་པ་ཡོད་དམ་མེད་ཅེས་འདྲི་བ་ལ་སྔ་རབས་པ་ཁ་ཅིག གནས་ཕྱུང་ནན་ཏུར་བྱས་པ་ཉིད་ཀྱིས་གསུམ་པོ་དེ་འགྲུབ་པའི་ཕྱིར་དང༌། འདི་ལ་ཆོ་ག་གང་ནས་ཀྱང་མ་བཤད་པའི་ཕྱིར་ཆོ་ག་ལོགས་པ་མི་དགོས་ཞེས་གསུང་ལ། ཁ་ཅིག་ནི་མ་གསུང་ཀྱང་རུང་མཐུན་སྦྱར་དགོས་ཞེས་གསུང་ལ་སློབ་དཔོན་དམར་སྟོན་པས་ལེགས་པར་བཤད་པ་ནི། གནས་ཕྱུང་བྱས་པ་ཙམ་གྱིས་ཀྱང་འདི་དག་མི་རུང་བར་འགྱུར་མོད། གསལ་བར་བྱ་བའི་ཕྱིར་འོག་ཁྲིམས་བྱ་དགོས་ཏེ། ཤེས་རབ་བྱེད་པ་ལས། དགེ་སློང་དང་དགེ་སྦྱོང་ཆོས་ལོག་པ་ལ་བལྟས་ན། དེའི་ཁྱིམ་དུ་དགེ་སློང་དག་འོག་ཁྲིམས་བྱས་ཏེ། མི་འོང་བ་ནི་མི་དེ་མདུན་དུ་བཞག་ནས་མི་བྱའི་ལྐོག་ཏུ་བྱའོ། །ཞེས་བཤད་པའོ། །ཞེས་གསུང་ངོ༌། །འདིར་འགྲེལ་ཆེན་ལས། ལྷུང་བཟེད་ཁ་སྦུབ་ནས་དགེ་ཚུལ་བསྙིལ་བའི་བར་ལྔ་པོ་ལ། མི་སྨྲ་བ་སོགས་གསུམ་བྱེད་པ་ཡིན་ཞེས་འབྱུང་ལ། བུ་སྟོན་རིན་པོ་ཆེའི་གསུང་གིས། དེ་ནི་འགྱུར་ཉེས་པ་ཡིན་ཏེ། ལྷུང་བཟེད་ཁ་བསྲངས་པ་དང༌། ཁྱིམ་གྱི་བསླབ་བྱའི་སྡོམ་པ་བྱིན་པ་དང༌། དེ་བག་ཡངས་སུ་བྱས་པ་རྣམས་ལ་གཏམ་མི་སྨྲ་བ་སོགས་ཤིན་ཏུ་མི་རིགས་པའི་ཕྱིར། ཞེས་གསུང༌། གསུམ་པ་ནི། གསོལ་བ་མ་བྱས་པ་སོགས་སོ། །བཞི་པ་ལ་གཉིས་ཏེ། མ་འདུས་པའི་མི་མཐུན་པ་དང༌། འདུས་པ་ཕྱིར་ལོག་གིའོ། །དང་པོ་ནི། མ་འདུས་པའི་མི་མཐུན་པ་བསྐྱེད་པའི་རྟེན་དགེ་སློང་དེ་ཆོས་ཅན། ཁྱད་པར་ལྔ་དང་ལྡན་པ་དགོས་ཏེ། ལས་བྱེད་པ་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོང་བར་འོས་པ། ལུས་དངོས་སམ་འདུན་པས་ལས་དེ་ལ་མ་ཞུགས་པ། སྨྱོས་པའི་གནང་བ་མ་ཐོབ་པ་གནས་དེ་ན་ཡོད་པར་ཐེ་ཚོམ་ཡན་ཆད་ཙམ་གྱི་སྒོ་ནས་ཀྱང༌། དགེ་སློང་གཞན་དག་གིས་ཤེས་པ་ཤིག་དགོས་པའི་ཕྱིར། གང་གིས་འདུས་པ་ཕྱིར་ལོག་འཆགས་པའི་རྟེན་དགེ་སློང་དེ་ཆོས་ཅན་ཁྱད་པར་ལྔ་དང་ལྡན་པ་དགོས་ཏེ། སྤྱིར་བཏང་དུ་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པ་དང༌། སྤྱོད་ལམ་ལས་མ་ཉམས་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ངག་ཡང་དག་པར་བསྡམས་པ་དང༌། མངོན་པར་མི་ཤེས་པའམ། ནང་དང་བཅས་པ་མ་རྟོགས་པ་རྣམས་ཁྱད་པར་གྱི་ཆོས་སུ་ཡོད་དགོས་པའི་ཕྱིར། འོ་ན་ཁྱད་ཆོས་དང་པོ་དེ་ངེས་པར་དགོས་སམ་ཞེ་ན། དམིགས་བསལ་ལ་དེ་དགོས་པ་མ་ཡིན་ཏེ། སྦྱིན་པ་དང༌། དབྱུང་བ་དང༌། བཟོད་པ་དང༌། བསྐོ་བ་དག་ལ་ནི་གང་ལ་ལས་དེ་བྱེད་པས་ཀྱང་ཕྱིར་ལོག་འཆགས་པའི་ཕྱིར་ཏེ། ལུང་ལས། གང་ཟག་བཅུ་གཉིས་བསྐོ་བ་ན། བདག་ཅག་མ་བསྐོ་ཤིག་སླར་ལྡོག་ན། མི་འཆགས། འཆགས་ཏེ་མི་འཆགས་སོགས་ཞེས་བྱ་བ་ནི། ངས་ཆད་པའི་ལས་ལ་དགོངས་ཏེ་གསུངས་སོ། །ཞེས་བཤད་པས་སོ། །འོ་ན་ཕྱིར་ལོག་མི་འཆགས་པ་དང༌། གང་ལ་བྱ་བའི་ཡུལ་གྱི་གཞི་མཐུན་དེ་གང་ཞེ་ན། མི་མཐུན་པ་ཆད་པའི་ལས་དང༌། དེ་ཡང་ཆོས་དང་ལྡན་པ་ཡིན་ན་མི་འཆགས་ཏེ། ཁོ་བོ་ལ་ནན་ཏུར་གྱི་ལས་མ་བྱེད་ཅིག ཅེས་ལྡོག་ཀྱང་མི་འཆགས་པའི་ཕྱིར་དང༌། འདུན་པ་ལེན་པ་དང༌། ཚོགས་པ་གསོལ་བ་སོགས་ཆོས་ལྡན་ལ་སླར་ལྡོག་ཀྱང་མི་འཆགས་པའི་ཕྱིར། ཆད་ལས་ཆོས་དང་མི་ལྡན་པ་ལ་ནི་ཡུལ་གྱི་ཕྱིར་ལྡོག་ཀྱང་འཆགས་ཏེ། ལུང་ལས། བཙུན་པ་གང་ལ་ཆོས་མ་ལགས་པའི་ལས་བགྱིད་ན། དེས་སླར་ཟློག་པ་མ་འཆགས་སམ། ཉེ་བར་འཁོར་འཆགས་སོ་ཞེས་གསུངས་པས་སོ། །གསུམ་པ་བསྒྲུབ་པར་བྱ་བ་དོན་གྱི་མཚན་ཉིད་ལ། སྤྱིའི་དོན་ནི། ཅིར་ལས་ལ་གཞི་སེམས་ཅན་ལ་བྱ་བ་དང༌། སེམས་ཅན་མ་ཡིན་པ་ལ་བྱ་བ་གཉིས། དང་པོ་ལ་ཁྱིམ་པ་ལ་བྱ་བ་དང༌། རབ་བྱུང་ལ་བྱ་བ་གཉིས། གཉིས་པ་ལ། རྫོགས་པའི་རྟེན་ལ་བྱ་བ་དང༌། མ་རྫོགས་པའི་རྟེན་ལ་བྱ་བ་གཉིས། དང་པོ་ལ་སྦྱིན་པ་བསྐོ་བ་ཆད་པས་བཅད་པ། རྗེས་སུ་གནང་བ། བྱིན་གྱིས་བརློབ་པ། རང་གི་དོན་ལ་སྦྱར་བ་རྣམས་སོ། །དང་པོ་ནི། ཁང་པའི་བསྟན་པ་སྦྱིན་པ་སོགས་ཉི་ཤུ་རྩ་དྲུག གཉིས་པ་ནི་གསང་སྟོན་བསྐོ་བ་སོགས་སོ་ལྔ། གསུམ་པ་ནི། ནན་ཏུར་དགུ་དང༌། སྒོ་གྱུར་བཅུ་དང༌། གྲངས་སུ་འཇུག་པ་བཞི་ལྟ་བུའོ། །གཉིས་པ་མ་རྫོགས་པའི་རྟེན་ལ་བྱ་བ་ལ། སྦྱིན་པའི་ལས་དང༌། ཆད་པས་བཅད་པའི་ལས་གཉིས་སོ། །འདི་ལ་བསྐོ་བའི་ལས་མེད་དེ། ཁ་སྐོང་གི་ཆོས་དང་མི་ལྡན་པའི་ཕྱིར་རོ། །གཞུང་གི་དོན་ནི། ལས་སོ་སོའི་སྐབས་ནས་འབྱུང་བའི་གཞི་སོ་སོའི་མཚན་ཉིད་དང༌། ལས་དེ་བྱ་བར་འོས་མི་འོས་སོགས་ཀྱི་ལྟ་བ་སྟེ་བློ་གྲོས་དང་བསམ་པ་ཆོས་ཅན། ཁྱོད་དགེ་འདུན་ལ་བརྗོད་པར་བྱ་དགོས་པ་ཡིན་ཏེ། དེ་བརྗོད་པ་ལ་དགོས་པ་ཁྱད་པར་ཅན་མང་པོ་ཡོད་པའི་ཕྱིར། དེ་ཆོས་ཅན་གཞན་གང་ཟག་ལ་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལ་དགོས་པ་མེད་པའི་ཕྱིར། གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ། ལས་སྤྱིར་བསྟན་པ་དང༌། ལས་སོ་སོའི་མཚན་ཉིད་དོ། །དང་པོ་ལ། ལས་བརྗོད་པ་ངོ་བོ་ཉིད་ཀྱི་སྤྲོས་པ། ལས་ཀྱི་དབྱེ་བ་ཞར་བྱུང་དང་བཅས་པ། སྤྱོད་ལམ་དང་ཡུལ་གྱི་མཚན་ཉིད། བསྒྲུབ་བྱ་དོན་གྱི་སྤྲོས་པ། ཆོ་གའི་སྤྲོས་པའོ། །དང་པོ་ནི། བརྗོད་པ་སོགས་སོ། །གཉིས་པ་ནི། ལུང་གཏམ་གྱི་གཞི་ལས། དགེ་འདུན་གྱི་ལས་བརྒྱ་དང་གཅིག་ཏུ་གསུངས་པ་ལས། གསོལ་བ་འབའ་ཞིག་པའི་ལས་ནི་ཉི་ཤུ་རྩ་བཞི། གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན། གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ། །ཞེས་གསུངས་པ་ལས། འདིར་གསོལ་བ་དང་བཞིའི་ལས་ཀྱི་རྐང་གྲངས་འཛིན་པ་ནི། ལས་གང་ལ་གསོལ་བ་གཅིག་དང་བརྗོད་པ་གསུམ་དགོས་པའི་དགེ་འདུན་གྱི་ལས་ཆོས་ཅན། སུམ་ཅུ་ཐམ་པ་ཡོད་དེ་བྱ་བ་དེ་དང་དེ་ལས་ལྡོག་པའི་ཕྱིར་བསྒོ་བའི་ལས་བཅུ་དང༌། དགེ་ཚུལ་སྡིག་ལྟ་མི་གཏོང་བ་བསྙིལ་བ་དང༌། ལྟུང་བ་བྱུང་ན་གསལ་བར་མི་དྲན་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་བཞུགས་པ་དང༌། ཕམ་པ་འཆབ་མེད་ཅན་ལ་བསླབ་པ་བྱིན་པ་དང༌། དགེ་འདུན་བྱེ་བ་ལ་མཐུན་པ་བྱིན་པ་དང༌། དེའི་གསོ་སྦྱོང་སྦྱིན་པ་དང༌། མུ་སྟེགས་ཅན་གྱི་གནས་པ་བྱིན་པ་དང༌། དེ་ལས་གཞན་པའི་སྤོ་བ་སྦྱིན་པ་དང༌། དགེ་འདུན་ལྷག་མ་དང༌། དགེ་སློང་མའི་ལྕི་བའི་ཆོས་བརྒྱད་བྱུང་བ་ལ་མགུ་བ་བྱིན་པ་དང༌། དེར་མ་ཟད་གཞི་སྤོ་དང་གཞི་མགུ་སྦྱིན་པ་དང༌། ཡང་གཞི་ནས་བླངས་པའི་སྤོ་བ་དང༌། མགུ་བ་བྱིན་པ་དང༌། དྲན་པས་འདུལ་བ་སྦྱིན་པ་དང༌། མ་སྨྱོས་པས་འདུལ་བ་སྦྱིན་པ་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། མཚམས་ཆེ་ཆུང་དགྲོལ་བའི་ལས་གཅིག་དང༌། ནན་ཏུར་གྱི་ལས་བཅུ་གསུམ་ཡོད་ཀྱང་གཅིག་ཏུ་གྲངས་པ་དང༌། ནན་ཏུར་ལས་དབྱུང་བའི་བཟོད་གསོལ་དང༌། སྲ་རྐྱང་དབྱུང་བ་དང་ལྷག་མ་ལས་གཉིས་གཅིག་ཏུ་གྲངས་པའི་ལས་དག་རྣམས་སུ་ཡོད་པའི་ཕྱིར། འོ་ན་འདིར་ལས་གཞན་གཉིས་ཀྱི་རྐང་གྲངས་མ་བཤད་པར་གསོལ་བ་དང་བཞིའི་ལས་ཁོ་ནའི་དབྱེ་བ་བཤད་པ་ཅི་ཞེ་ན། ལས་གཞན་གཉིས་ཀྱི་དབྱེ་བ་ལུང་ཕྲན་ཚེགས་ལ་སོགས་པར་བཤད་པ་དེ་དག་ལ་ལས་དེ་དང་དེ་ཡིན་མིན་གྱི་འཁྲུལ་གཞི་ཅན་མེད་ལ། འདི་ལས་འཁྲུལ་གཞི་ཡོད་པས་དེ་བསལ་བའི་དོན་དུའོ། །དེ་ཇི་ལྟར་ཡོད་ཅེ་ན་ལུང་ལས་གྲངས་སུ་གཞུག་པ་བཞི་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང༌། བཟོད་པ་གསོལ་བའང་གསོལ་བ་དང་བཞིའི་ལས་སུ་བཤད་པས་སོ། །འདིས་དེ་སེལ་བ་ཅི་ཞེ་ན། དེ་དག་ཅི་རིགས་པར་གསོལ་བ་འབའ་ཞིག་པ་དང༌། གསོལ་བ་དང་གཉིས་ཀྱི་ལས་སུ་སྣང་བས་སོ། །གསུམ་པ་ནི་ལྷག་པར་སོགས་སོ། །བཞི་པ་ནི་འདུན་པ་དང་སོགས་སོ། །ལྔ་པ་ནི་བྱས་པ་ཉིད་ན་སོགས་སོ། །འབའ་ཞིག་པའི་ལས་ལ་ནི་འཇུག་བསྡུད་མ་བཤད་དོ། །གཅོད་པ་ཉིད་ནི་བཅད་པ་དང་འདྲ་ཞེས་པ་བརྩོད་པའི་ལས་བྱེད་བཞིན་པ་དེའི་ཚེ། དགེ་འདུན་མཚམས་ཀྱི་ནང་དུ་འཁོད་དགོས་པའི་དོན་ནོ། །གཉིས་པ་སོ་སོའི་མཚན་ཉིད་ལ་བརྒྱད་དེ་ལས་ཐོས་སུ་མི་རུང་བ་དམིགས་བསལ་དང་བཅས་པ། ཁ་སྐོང་གི་སྤྲོས་པ། ལས་བརྗོད་པ་ངོ་བོ་ཉིད་ཀྱི་སྤྲོས་པ། ལས་བྱེད་པ་པོའི་དམིགས་བསལ་ཁ་སྐོང་དང་བཅས་པ། ལས་ཀྱི་ཀུན་སློང་ཞར་བྱུང་དང་བཅས་པ། ལས་ཉམས་སུ་མྱོང་བའི་མཚན་ཉིད། བསྒྲུབ་དོན་གྱི་མཚན་ཉིད། ཆོ་གའི་སྤྲོས་པའོ། །དང་པོ་ནི་བསྒོ་བ་ལས་བྱུང་བ་སོགས་སོ། །གཉིས་པ་ནི་མཚམས་གཞག་སོགས་སོ། །གསུམ་པ་ནི་དེས་བྱ་བ་སོགས་སོ། །བཞི་པ་ནི་སྤོ་བ་བྱེད་པ་སོགས་སོ། །ལྔ་པ་ནི་བཞད་གད་སོགས་སོ། །དྲུག་པ་ནི་རང་གི་འོས་པ་སོགས་སོ། །བདུན་པ་ནི་སྐལ་བ་དང་ལྡན་པ་སོགས་སོ། །འདི་ལ་སྔོན་དང༌། ད་ལྟར་གྱི་ཆོ་ག་གཉིས་ཀ་ཡོད་ལ། མ་དག་པ་ནི་སློབ་དཔོན་དང་འདྲ་བས། བསྙེན་པར་རྫོགས་པས་བྱའོ། །ཞེས་བོད་ཀྱི་སློབ་དཔོན་རྣམས་གསུང་ངོ༌། །བརྒྱད་པ་ནི་སྔར་བཞམས་ཏེ་སོགས་སོ། །འདིར་མ་ཆོག་ལ་བརྟེན་ནས་སྐྱེས་པ་བསྙེན་པར་རྫོགས་པ་དང༌། ཕ་ཆོག་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་ཡང༌། ལས་བྱེད་པ་ལ་འགལ་ཚབ་ཅན་དུ་གསུངས་སོ། །དེ་དེས་སྐྱེ་བའི་རྒྱུ་མཚན་ནི། སྔ་མ་ལ་ཆོ་ག་ཅུང་ཟད་ཀྱང་ཆད་པ་མེད་ཅིང༌། དགེ་སློང་མའི་སྡོམ་པ་ནི་དགེ་སློང་གི་དགེ་འདུན་ནས་སྐྱེ་བ་ཡིན་ལ། དགེ་སློང་མའི་དགེ་འདུན་སོགས་པ་ནི་ཚུལ་དང་མཐུན་པ་ཙམ་དུ་ཟད་པའི་ཕྱིར། དེ་དེ་ལས་སྐྱེ་བའི་རྒྱུ་མཚན་ཡང༌། དང་པོར་སྐྱེ་དགུའི་བདག་མོ་ཆེན་མོ་ལ་རྫོགས་པའི་སྡོམ་པ་གང་ལས་བྱུང་བསམས་པས་ཤེས་པར་ནུས་ལ། འོན་ཀྱང་ཕ་ཆོག་རྐྱང་པས་བུད་མེད་བསྙེན་པར་རྫོགས་པའི་ཚེ་དགེ་སློབ་མ་དང༌། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མེད་ལ། དེ་མེད་ཀྱང་དེ་སྐྱེ་བ་ནི། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་གསུངས་པས་སོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་གཞི་ལ་གཉིས་ཏེ། ལྟུང་བ་ཕྱིར་བཅོས་དང༌། རྩོད་པ་ཕྱིར་བཅོས་སོ། །དང་པོ་ལ་རང་ཉིད་སྤྲོ་བས་ཕྱིར་བཅོས་པ་དང༌། མི་སྤྲོ་བ་གླེང་དྲན་དང་ནན་ཏུར་གྱི་ཕྱིར་བཅོས་པའོ། །དང་པོ་ལ་ལུས་ལྟ་བུ་ཕྱིར་བཅོས་དངོས་ཀྱི་གཞི། ཡན་ལག་ཏུ་གྱུར་པ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་དང༌། ས་གཞན་ན་གནས་པ་སྤྱོད་པའི་གཞི་རྣམས་སོ། །དང་པོ་ལ་ལུང་གཞི་དང༌། ཞུ་བ་ལ་སོགས་པའི་སྐབས་གཉིས་སོ། །དང་པོ་ལ་ཕྱིར་བཅོས་ཀྱི་རྒྱུ་ནན་ཏུར་དང༌། ཕྱིར་བཅོས་ཀྱི་དོན་ནོ། །དང་པོ་ལ་གསུམ་སྟེ། གཞི་གང་ལ་ནན་ཏུར་བྱ་བ། ནན་ཏུར་བྱས་པ་ལ་བཟོད་པ་སླང་བ། ནན་ཏུར་སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ལ་སྤྱིའི་དོན་ནི་འོག་ཏུ་གཞུག་ཅིང༌། བཤུད་པའི་དོན་གྱིས་ན་ནན་ཏུར་ཞེས་བྱ། དབྱེ་ན་སྡིགས་སྨད་བསྐྲད་དང་ཕྱིར་དགྱེད་བཞི། གནས་ཕྱུང་བདུན། གསོ་དགག་བཞག་པ་གཉིས་རྣམས་སོ། །ལྷུང་བཟེད་ཁ་སྦུབ་ནི་སྤྱིར་ནན་ཏུར་ཡིན་ཀྱང༌། ཡུལ་ཁྱིམ་པ་ལ་བྱ་བས་འདིར་མི་བགྲང་ལ། བརྗོད་བཅས་དང༌། ཕུར་བཅས་ཀྱང་ཡན་ལག་ཡིན་པས་ལོགས་སུ་བགྲང་མི་དགོས་སོ། །ནན་ཏུར་གང་ལ་བྱ་བའི་ཡུལ་ནི། རབ་བྱུང་གི་སྡོམ་པ་གསོ་བ་ལ་ཞུགས་ཡན་ཆད་དང་ལྡན་པ། ཤེས་པ་རང་བཞིན་དུ་གནས་པ། ནད་པ་མ་ཡིན་པ། གཟུགས་གཞན་དུ་མ་གྱུར་པ། དགེ་འདུན་བྱེ་འགྱུར་གྱི་དགག་བྱ་མེད་པ། ཆོས་གཞན་པའི་ཕྱོགས་སུ་མ་སོང་བ། ཚོགས་སུ་མ་ལོངས་པ། ནང་དང་བཅས་པ་མ་ཡིན་པ། སྔར་གནས་ནས་མ་ཕྱུང་བ། བཞམས་སྒོ་བྱས་ལ་འཆགས་པའོ། །བྱེད་པ་པོ་ནི། ཆོས་གསུམ་ལྡན་གྱི་དགེ་འདུན་བཞི་འོས་སོ། །དུས་ནི་དབྱར་གྱི་ནང་མ་ཡིན་པའོ། །ཆོ་ག་ནི། སྦྱོར་བ་གླེང་དྲན་དང་བཞམས་བསྒོ་བྱ་བ། དངོས་གཞི་གསོལ་བཞིའི་ལས་བྱ་བའོ། །དགོས་པ་ནི། བྱ་བ་ངན་པ་རྒྱུ་དང་བཅས་པ་ལས་ཟློག་པ་དང༌། ལྟུང་བ་ཕྱིར་བཅོས་སུ་གཞུག་པའོ། །དེ་ལྟར་བྱས་པས་སྡིགས་པ་ལ་སོགས་པ་བཞི་དང་གནས་ཕྱུང་བདུན་ནི་སྨན་པའི་ས་ན་གནས་པས་ས་གཞན་ན་གནས་ཞེས་བྱ་ལ། གསོ་དགག་བཞག་པ་གཉིས་ནི་ནན་ཏུར་ཡིན་ཀྱང་ས་གཞན་ན་གནས་པ་མ་ཡིན་ནོ། །གཉིས་པ་གཞུང་གི་དོན་ནི། ནན་ཏུར་སོ་སོའི་གཞི་མ་ཞི་ཞིང་མ་བཏང་བར་ཤེས་ནས། གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་ཁས་ལེན་དུ་བཅུག་ལ། གླེང་བྱ་དགེ་འདུན་གྱི་མངོན་སུམ་དུ་ལུས་འཇོག་པ་ལ་ཆོས་ཅན། ནན་ཏུར་གྱི་ལས་བྱ་བ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། འོ་ན་གླེང་པ་པོ་རང་སྤྲོ་བ་མ་བྱུང་ན་བཏང་སྙོམས་སུ་བཞག་གམ་ཞེ་ན། ནན་ཏུར་གྱི་རྒྱུ་དང་ལྡན་པ་ལ་དེ་མ་བྱུང་ཀྱང་དེར་བཞག་པར་བྱ་བ་མ་ཡིན་ཏེ། དེའི་ཚེ་དགེ་འདུན་གྱིས་བསླང་བར་བྱ་དགོས་པའི་ཕྱིར། བསླང་ཚུལ་འོག་དེ་མ་ཐག་ཏུ་འཆད་དོ། །འོ་ན་མངོན་སུམ་དུ་མི་འཇོག་པ་ལ་བཏང་སྙོམས་སུ་བྱའམ་ཞེ་ན། ནན་ཏུར་གྱི་རྒྱུ་ཚོགས་གཞན་ཚང་ཞིང༌། དགེ་འདུན་གྱི་མངོན་སུམ་དུ་འདུ་བ་མི་སྟེར་བ་དེ་ཆོས་ཅན། ཁྱོད་ལ་ནན་ཏུར་བྱ་བ་ལ་མངོན་སུམ་གྱི་དངོས་པོ་བཙལ་མི་དགོས་ཏེ། ནན་ཏུར་གྱི་རྒྱུ་ཡོད་པར་གྲགས་པ་ཙམ་གྱིས་ནན་ཏུར་གྱི་ལས་བྱ་དགོས་པའི་ཕྱིར། འདིར་ནན་ཏུར་གྱི་རྒྱུ་ལ་གྲགས་པ་དང༌། མངོན་སུམ་གཉིས་བཤད་དོ། །འོ་ན་ལྟུང་བ་ཁས་ལེན་པ་མངོན་སུམ་གྱི་ཡན་ལག་ཏུ་དགོས་སམ་ཤེ་ན། མ་མཐོང་གནས་དབྱུང་ནན་ཏུར་ལ་ནི་ཆོས་ཅན། ནན་ཏུར་གྱི་རྒྱུ་ཁས་བླངས་པ་ཡན་ལག་ཏུ་དགོས་པ་མིན་ཏེ། ཁས་བླངས་ན་ཁྱོད་ཀྱི་རྒྱུ་ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར། དེར་མ་ཟད་ལྟུང་བ་གླེང་བའི་སྐབས་མི་འབྱེད་ན་གསོ་དགག་བཞག་པར་བྱ་བའི་ནན་ཏུར་ལ་ཡང་ཆོས་ཅན། ཁས་ལེན་པ་ཡན་ལག་ཏུ་དགོས་པ་མིན་ཏེ། དེ་ཁྱོད་ཀྱི་ཡན་ལག་ཡིན་པ་མི་རིགས་པའི་ཕྱིར། མདོ་འདི་གཉིས་ནི་སློབ་དཔོན་རང་གི་རིགས་པ་བཀོད་པ་ཡིན་གྱི། ལུང་གི་དོན་བསྡུས་པ་མ་ཡིན་ནོ། །འོ་ན་དགེ་འདུན་གྱི་ཇི་ལྟར་སླང་ཞེ་ན། གླེང་བ་པ་སོགས་སོ། །གཉིས་པ་ནི་གཤེ་བ་དང་སོགས་སོ། །གསུམ་པ་ནི་འཐབ་ཀྲོལ་བྱེད་པ་སོགས་སོ། །འདིར་སྐྲད་པ་ནན་ཏུར་ནི་གཞི་བཙན་པ་ཡིན་པས། བསྐྲད་པ་ནན་ཏུར་གྱི་མ་མཐོང་ཞེས་ཟེར་བ་དང༌། སྐབས་མི་འབྱེད་པ་ལ་བརྗོད་བཅས་དང༌། མ་མཐོང་གནས་དབྱུང་ནན་ཏུར་བྱ་བ་མིན་གྱི། བསྐྲད་པ་ནན་ཏུར་ཉིད་བྱ་དགོས་པ་ཡིན་ཏེ། ཁྱིམ་པ་མ་རངས་པ་ངེས་པར་བསལ་དགོས་པའི་ཕྱིར། གཉིས་པ་ཕྱིར་བཅོས་དགོས་ཀྱི་དོན་ལ། ལྟུང་བ་ཕྱིར་བཅོས་དང༌། ལྷག་མ་ཕྱིར་བཅོས་སོ། །དང་པོ་ལ་གསུམ་ལས། མཐོལ་བ་ནི་ལྟུང་བ་སོགས་སོ། །བསྡམས་པ་ནི་ཡིད་ཀྱི་སོགས་སོ། །བཤགས་པ་ནི་གཞན་ལས་སོགས་སོ། །གཉིས་པ་ལ་སྤོ་མགུ་སྦྱིན་པ་དང༌། དབྱུང་བ་སྦྱིན་པའོ། །དང་པོ་དགེ་འདུན་ལྷག་མ་སོགས་སོ། །གཉིས་པ་ནི་དབྱུང་བ་ཡང་ངོ་སོགས་སོ། །འདིར་གཞུང་ཆེན་དྲུག་གི་ངག་དོན་ནི། སྤོ་བ་དང་མགུ་བ་དེ་གཉིས་སྤྱོད་པར་བྱེད་པ་ཉིད་ན། དགེ་འདུན་ལྷག་མ་རིགས་འདྲ་དེ་བྱུང་ན། དེ་དུས་ཀྱི་དགེ་སློང་དེ་ཆོས་ཅན། གཞི་ནས་བརྩམས་པའི་སྤོ་བ་དང༌། མགུ་བ་ཉིད་དགེ་འདུན་གྱིས་སྦྱིན་དགོས་པ་ཡིན་ཏེ། སྔར་སྤོ་བ་དང་མགུ་བ་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་རྒྱུ་མཚན་དེའི་ཕྱིར། འོ་ན་སྤོ་མགུ་སྤྱོད་པར་བརྩམས་ནས། མ་སྤྱད་པའི་བར་དེར། ལྷག་མ་རིགས་འདྲ་གཉིས་པ་བྱུང་ན་ཡང་གཞི་ནས་བརྩམས་པའི་སྤོ་བ་དང༌། མགུ་བ་སྟེར་དགོས་སམ་སྙམ་ན། དེ་ལ་དེ་དགོས་པ་མ་ཡིན་ཏེ། དེ་ལྟར་བརྩམས་པ་ལ་དེ་བྱུང་བ་ནི། དེ་མ་བྱུང་བར་གཉིས་པོ་མཐར་ཐུག་པར་བྱ་བ་དང་འདྲ་བའི་ཕྱིར། རྒྱུ་མཚན་དེའི་ཕྱིར། དང་པོ་སྤོ་བ་དང་མགུ་བ་དེ་མ་ཆགས། སྐབས་དེར་ལྷག་མ་རིགས་འདྲ་གཉིས་པ་བྱུང་བ་དེའི་ཚེ། གཞི་ནས་བརྩམས་པའི་སྤོ་བ་དང༌། མགུ་བ་ནོད་ཅིང་སྟེར་བ་མ་ཡིན་ཏེ། དང་པོ་སྤོ་བ་དང་མགུ་བ་ཉིད་ཐ་དད་པར་སླང་བ་དང་སྦྱིན་པར་བྱ་བ་ཉིད་ཡིན་པའི་ཕྱིར། དེ་བཞིན་དུ་གཞི་སྤོ་མ་ཆགས་པ་ལ་ལྷག་མ་རིགས་འདྲ་བྱུང་ན། གཞི་སྤོ་ཉིད་སྦྱིན་པ་ཡིན་གྱི་ཡང་སྤོ་སླང་བ་དང་སྦྱིན་པ་མ་ཡིན་ནོ། །དེ་ལྟར་ན་ལྟུང་བ་བར་མ་དེ་ཕྱིར་བཅོས་མི་དགོས་སམ་སྙམ་ན། དེ་མི་དགོས་པ་མ་ཡིན་ཏེ། ལྟུང་བ་བར་མ་དེ་འཆབ་བཅས་ཡིན་ན་སྔ་མ་དང་སྡོམས་ནས་སྤོ་བས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ལྟུང་བ་བར་མ་དེ་ཕྱིར་བཅོས་པ་དེའི་དོན་དུ་ཡང་སྤོ་མགུ་བ་བསྟེན་པར་བྱ་བ་ཉིད་ཡིན་ཏེ། སྤོ་མགུ་སྐྱར་ནས་ནོད་པ་དེའི་ཚེ། ལྟུང་བ་སྔ་ཕྱི་གཉིས་ཀའི་ཡིད་བརྗོད་ནས་ནོད་དགོས་པའི་ཕྱིར། ལྟུང་བ་སྔ་ཕྱི་གཉིས་ཀ་འཆབ་བཅས་ཡིན་ན། དེ་གཉིས་ཀའི་བཅབས་ཉེས་ཞག་གྲངས་དང་མཉམ་པའི་སྤོ་བ་སྤྱོད་དགོས་སམ་སྙམ་ན། ལྟུང་བ་ཕྱི་མ་དེ་བཅབས་པའི་དུས་ལྷག་པ་ཡང་སྔ་མ་བཅབས་པའི་དུས་དེར་གཞུག་པ་ཉིད་ཡིན་པའི་ཕྱིར། དཔེར་ན། སྔ་མ་ཟླ་བ་ཕྱེད་དང༌། ཕྱི་མ་ཟླ་བ་གཅིག་བཅབས་ན། ཕྱི་མའི་ལྷག་པོ་ཟླ་བ་ཕྱེད་པོ་དེ་སྔ་མ་དེར་བཅུག་ནས། སྤོ་བ་ཟླ་གཅིག་སྤྱོད་དགོས་པ་ལྟ་བུའོ། །སྔ་ཕྱི་གཉིས་བཅབས་པའི་ཞག་གྲངས་མཉམ་པའམ། ཕྱི་མ་ཉུང་བ་ལ་ནི་ལྷག་པའི་ཆ་གཞུག་པ་མེད་དོ། །གཉིས་པ་ཞུ་བ་ལ་གཉིས་ལས། ནན་ཏུར་གྱི་དང༌། ཕྱིར་བཅོས་ཀྱི་སྤྲོས་པའོ། །དང་པོ་ལ། ཞར་བྱུང་དང༌། ནན་ཏུར་དངོས་ཀྱི་སྤྲོས་པའོ། །དང་པོ་ནི་ཚུལ་ཁྲིམས་འཆལ་པ་སོགས་སོ། །འདི་དང་ཁྱིམ་སུན་འབྱིན་པ་གནས་ནས་སྤྲོད་པ་དང༌། འཐབ་བཀྲོལ་ཅན་བསྐྲོད་པ་ལ་གཎྜི་བརྡུང་ནས་བསྐྲོད་པར་གསུངས་སོ། །ཚུལ་ཁྲིམས་འཆལ་པ་དང་ལྷན་ཅིག་སྐྱ་རེངས་ཤར་ཤར་ཉལ་ན། ལོ་བྱེ་བ་ཕྲག་བཅུ་བཞི་དང༌། སྟོང་ཕྲག་བཅུ་བཞིར་དམྱལ་བར་སྐྱེ་གསུང་ངོ༌། །གཉིས་པ་ནི། འཐབ་བཀྲོལ་ལ་སོགས་སོ། །སྐབས་འདིར་ལུང་ལས། དགེ་འདུན་ཀ་བ་དང་འདྲ་བ་དང༌། སྒོ་སྐྱེས་དང་འདྲ་བ་བསྐྲོད་པར་བགྱིད་པ་དེ་ཡང་སླར་འཆོས་པར་མི་བགྱིད་ན། དགེ་འདུན་ལ་བསོད་ནམས་མ་ལགས་པ་ཇི་སྙེད་གཅིག་སྐྱེ་བར་འགྱུར་ལགས། གང་ནས་བཟུང་སྟེ་གང་ཟག་དེ་སླར་འཆོས་པ། དེ་ནས་བཟུང་སྟེ་གཙུག་ལག་ཁང་གི་རྙེད་པའི་རིན་ཐང་བརྩི་བར་བྱའོ། །དངོས་པོ་མ་ཚང་ན་སྦོམ་པོར་འགྱུར་རོ། །གལ་ཏེ་དངོས་པོ་ཚང་ན་དགེ་འདུན་ལ་ཕམ་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལྟུང་བ་ཕྱིར་བཅོས་པ། རྩ་ལྟུང་གི་དང༌། དེ་ལས་གཞན་པའི་ཕྱིར་བཅོས་སོ། །དང་པོ་ནི། འཆབ་པའི་སེམས་སོགས་སོ། །གཉིས་པ་ལ། གང་ཟག་ཁྱད་པར་ཅན་གྱི་ལྷག་མ་ཕྱིར་བཅོས་ཚུལ་དང༌། ལྟུང་བའི་མིང་རིས་ཀྱི་ཁྱད་པར་ངོས་བཟུང་བའོ། །དང་པོ་ནི། ངོ་ཚ་དང་ལྡན་པ་སོགས་སོ། །གཉིས་པ་ནི་འདིར་མིང་ནི་སོགས་སོ། །དེ་དག་གི་ནི་ཀོའུ་ཤམ་བི་པ་དང༌། དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་ཀྱི་གཞི་ཞེས་གཅིག་ཏུ་བྱས་པ་དེ་བཤད་ཟིན་ཏོ། །གཉིས་པ་གཏན་ལ་འབེབས་བྱེད་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ལ། ལུང་གཉིས་ལས། དང་པོ་ལ་གསུམ་སྟེ། འཆབ་པའི་མཚན་ཉིད། ཞར་ལ་བླ་དགག་པའི་ཉེས་པ། ཞག་དང་ལྟུང་བའི་གྲངས་ཀྱི་བཅབས་པ་བརྗོད་ཚུལ་ལོ། །དང་པོ་ནི་འདི་ལ་སོགས་སོ། །གཉིས་པ་ནི་མ་གུས་པ་ལ་སོགས་སོ། །གསུམ་པ་ལ་ཞག་གི་བྱེ་བྲག་དང༌། ལྟུང་བའི་བྱེ་བྲག་གོ །དང་པོ་ནི་བཅས་པའི་དུས་སོགས་སོ། །གཉིས་པ་ནི་ངེས་པར་མི་ཤེས་ན་སོགས་སོ། །གཉིས་པ་ཞུ་བའི་སྐབས་ལ། འཆབ་པའི་མཚན་ཉིད་དང༌། བླ་དགག་པའི་ཉེས་པའི་དམིགས་བསལ་བའོ། །དང་པོ་ནི་ཉིན་མཚན་སོགས་སོ། །གཉིས་པ་ནི་དགེ་སློང་སོགས་སོ། །ས་གཞན་ན་གནས་པ་ལ་ལུང་གཉིས་ལས། དང་པོ་ནི། ས་གཞན་ན་གནས་པ་རྣམས་ཀྱི་ཐུན་མོང་གི་བསླབ་བྱ། ས་ཆེན་པོ་པས་བརྒྱད་ཀྱི་ཐུན་མོང་མ་ཡིན་པའི་བསླབ་བྱ། ས་རྣམས་ཀྱི་བསླབ་བྱ་དང་སྤྱད་བྱའི་ཁྱད་པར། སྤོ་མགུ་དང༌། བསླབ་པ་སྤྱོད་པའི་ཁྱད་པར་རོ། །དང་པོ་ནི་སྤོ་བ་སོགས་སོ། །སྐབས་དེར་ཉམས་པས་མི་གླེང་ཞེས་པ་ལ། ཉམས་པ་ལ་བཞི་སྟེ། ལྟ་བ་དང༌། ཚུལ་ཁྲིམས་དང༌། ཆོ་ག་དང༌། འཚོ་བའོ། །དགེ་འདུན་ལས་མ་བཀར་བ་ཞེས་པའི་དོན་ནི། གནས་ནས་མ་ཕྱུང་བའོ། །གཉིས་པ་ནི་ནང་པར་སོགས་སོ། །གསུམ་པ་ནི་འདི་ལ་དེའི་ངོ་བོ་ཉིད་སོགས་སོ། །བཞི་པ་ནི། རང་བཞིན་དུ་གནས་པ་མ་ཡིན་པ་སོགས་སོ། །གཉིས་པ་ཞུ་བ་ལ། སྤྱད་པ་མི་འཆགས་པ་དང༌། འཆགས་པ་ཉེས་བྱས་སུ་སྟོན་པའོ། །དང་པོ་ནི་སྤོ་བ་དང་སོགས་སོ། །གཉིས་པ་ནི། སྤོ་བ་བྱེད་པས་སོགས་སོ། །གཉིས་པ་མི་སྤྲོ་བ་ནན་ཏུར་སོགས་ཀྱི་ཕྱིར་བཅོས་ལ། ལུང་གཉིས་ལས་དང་པོ་གཞིའི་སྐབས་ལ་བཞི་སྟེ། གླེང་བྱ་དང་གླེང་བྱེད་གཞི་དང་བཅས་པ། གླེང་བའི་ཆོ་ག་ཇི་ལྟར་བྱ་བ། གླེང་ན་ཇི་ལྟར་སྒྲུབ་པ། དངོས་པོ་གང་གིས་གླེང་བའོ། །དང་པོ་ནི་མ་གྲགས་པ་སོགས་སོ། །འདིར་དགག་དབྱེ་བཞག་པ་མི་འཆགས་པའི་དོན་ལ། དེ་བྱས་ཟིན་ན་ནི་དེ་མི་འཆགས་པས། དེའི་གོང་རོལ་དུ་དེ་འཇོག་དགོས་པའོ། །འོ་ན་དབྱར་གྱི་ནང་དུ་ནན་ཏུར་རུང་བར་འགྱུར་རོ་ཞེ་ན། དགག་དབྱེ་བྱེད་པའི་ཉི་མ་དེ་ཉིད་ལ་ལྟུང་བ་གླེང་དུ་རུང་བ་བཞིན་དུ། དགག་དབྱེ་ཡང་བཞག་ཏུ་རུང་ཞེས་བྱ་འདུལ་དང༌། དམར་སྟོན་གསུང་ལ། བུ་སྟོན་ནི། འགྲེལ་པར་རང་གི་དགག་དབྱེ་བཞག་པའི་ཚུལ་དུ་བཤད་དོ། །ཞེས་བཞེད། འོ་ན་དབྱར་ནང་དུ་དགག་དབྱེ་བཞག་པའི་ནན་ཏུར་རུང་ན། གསོ་སྦྱོང་བཞག་པ་ཡང་རུང་བར་འགྱུར་རོ་སྙམ་ན། རྒྱ་འདུལ་འཛིན་ནི། གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་དབྱར་གྱི་དགོས་པ་འགྲུབ་པའི་ཕྱིར། དེ་ཙམ་ན་གསོ་སྦྱོང་དང་དགག་དབྱེ་བཞག་པའི་ནན་ཏུར་དེ་འཆགས་པ་ཡིན་ལ། གསོ་སྦྱོང་གསུམ་མ་ཐལ་བ་དེའི་ཚེ་གསོ་སྦྱོང་བཞག་ན་དབྱར་གྱི་དགོས་པ་མི་འགྲུབ་པའི་ཕྱིར་ཞེས་གསུང༌། སྐྱི་ཤོད་པ་ཚུལ་ཁྲིམས་འཕགས་ནི། དགག་དབྱེ་དུས་ཀྱི་འོག་རོལ་ཏུ་བྱས་པ་ལ་དགོངས་པ་ཡིན། ཞེས་གསུང༌། འདིར་དགག་དབྱེ་བཞག་པའི་ནན་ཏུར་མི་འཆགས་པ་བཞི་སྟེ། འཇོག་པར་བྱེད་པ་པོ་ནད་པས་བཞག་པ་དང༌། དེས་བསྔགས་པའི་ཕོ་ཉས་བཞག་པ་དང༌། མི་ན་བས་ནད་པ་ལ་བཞག་པ་དང༌། དེ་བརྗོད་པ་རྫོགས་པའི་ཚེ་བཞག་པའོ། །མི་འཆགས་པ་བཞི་པོ་དེ་དགེ་འདུན་གྱིས་ནོན་པར་མི་བྱའོ། །ཇི་ལྟར་ཞེ་ན། ནད་པས་དགེ་སློང་གཞན་ལ་ཁྱེད་ཅག་དགེ་འདུན་ལ་གནས་གསུམ་གྱི་དགག་དབྱེ་མ་བྱེད་ཅིག་ཅེས་འཇོག་པ་ལ། ཚེ་དང་ལྡན་པ་ནད་པ་ཞེས་སོགས་བརྗོད། དེས་བསྔགས་པའི་ཕོ་ཉས་འཇོག་ན། ཚེ་དང་ལྡན་པ་ཕོ་ཉ་ཞེས་སོགས་བརྗོད། གཉིས་པ་ནི་ལྷག་མས་སོགས་སོ། །འདིར་ལྷག་མ་ནི། བྱེད་པ་པོ་ནད་པ་དང༌། དེས་མངགས་པ་དང༌། བྱས་པ་དང༌། བྱེད་པའི་རང་གི་ངོ་བོ་མ་གཏོགས་པ་གསུམ་གྱིའོ། །གསུམ་པ་ནི་མི་དྲན་ན་སོགས་སོ། །སྐབས་འདིར་གླེང་བྱ་རྣལ་དུ་ཕེབས་མ་ཕེབས་གཉིས་ལས། ཕེབས་ནས་ལྟུང་བ་ཁས་ལེན་ན་ཕྱིར་འཆོས་སུ་གཞུག རྗེད་པས་ཁྱད་དུ་གསོད་ན་ངོ་བོ་ཉིད་ཚོལ་བ་སྦྱིན། རྣལ་དུ་མ་ཕེབས་པ་བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པའི་དོན་དུ། གཞི་བཙན་པ་དང༌། ལྟུང་བ་ཕྱིར་བཅོས་སུ་གཞུག་པའི་དོན་དུ་གཞི་མི་བཙན་པ་གཉིས་ལས། སྐབས་མི་འབྱེད་དམ། ཕྱེ་ནས་མི་མཉན་ནམ། ལྟུང་བ་མ་མཐོང་ཞེས་ཟེར་བ་གང་ཡིན་ཀྱང༌། དང་པོའི་གཞི་གང་ཡིན་གྱི་ནན་ཏུར་བྱ་བ་སྔར་བསྟན་ཟིན་ལ། གཉིས་པ་གཞི་མི་བཙན་པ་ལ། སྐབས་འབྱེད་པ་དེ་མི་བྱེད་ན། དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱ། ཇི་ལྟར་བྱ་ན་ཚེ་དང་ལྡན་པ་སོགས་སོ། །འདིར་གསོ་དགག་བཞག་པ་གཉིས་ནི་གསོལ་ལས་ཀྱི་བྱ་བ་ཡིན་ལ། བརྗོད་བཅས་དང༌། ཕུར་བཅས་ལ་ལས་མ་བཤད་དོ། །ཅི་སྟེ་སྐབས་མི་འབྱེད་པ་ལ་དགག་དབྱེ་བཞག་པར་མི་རུང་སྟེ། དགག་དབྱེ་ནི་སྐབས་འབྱེད་པ་ཉིད་ཡིན་པའི་ཕྱིར་སྙམ་ན། འདི་ནི་གཞིའམ། གང་ཟག་གམ། གཉིས་ཀ་བཞག་ནས་དགག་དབྱེ་བྱེད་ཟེར་བ་ལ་འཇོག་པ་ཡིན་གྱི། བསླབ་པའི་གཞིས་མཐའ་དག་གི་དགག་དབྱེ་བྱེད་པ་ལ་དེ་འཇོག་པ་མ་ཡིན་པས། སྐྱོན་མེད་དོ་ཞེས་བུ་སྟོན་པ་གསུང་ལ། དམར་སྟོན་པ་ནི། དགག་དབྱེ་བྱེད་ཀྱང་སྐབས་མི་འབྱེད་པ་ལ་དགོངས་ཞེས་གསུང་ཡང་མདོ་དང་འགལ་བར་སྣང་ངོ༌། །གང་ལྟར་ཡང་གསོ་སྦྱོང་བཞག་པས་མ་དུལ་ན། དགག་དབྱེ་འཇོག་ཅེས་པ་དབྱར་གྱི་ནང་མ་ཡིན་པར་འབྱུང་བས་བརྟག་དགོས་ལ། དེ་ལྟར་བརྟགས་པའི་ཚེ་ན། དབྱར་གནས་པར་ཁས་མ་བླངས་གོང་དུ་དགག་དབྱེ་བཞག་པའི་ནན་ཏུར་བྱས་པ་དེས་མ་དུལ་པ་ལ་དགོངས་པའམ། ཡང་ན་དབྱར་གྱི་ནང་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་གསོ་སྦྱོང་བཞག་པ་སོགས་བྱས་པའོ། །སྐབས་ཕྱེ་ཡང་མཉན་པ་ཉིད་མ་ཡིན་ན་དེ་ལ་ཕུར་པ་དང་བཅས་པ་ཉིད་བྱའོ། །ཇི་ལྟར་ན་གནས་འདིའམ་སོགས་སོ། །ཅིའི་ཕྱིར་ཕུར་བཅས་ཞེས་གསུང་ན། རྟ་དམུ་རྒོད་ཕུར་པ་དང་བཅས་ཏེ་འཁྱམ་པ་བཞིན་དུ། འདིར་ཡང་དྲི་མ་དང་བཅས་ཏེ་བཏང་བ་ཡིན་པས་དེ་སྐད་ཅེས་བྱའོ། །བཞི་པ་ནི་ཚུལ་ཁྲིམས་དང་སོགས་སོ། །འདིར་གཞི་ནི་མཐོང་ཐོས་དོགས་གསུམ་ལ་བྱ་ལ། དོན་གྱི་སྟེང་ན་ལྟུང་བ་དེ་བྱུང་བར་བདེན་ཡང༌། དེ་གསུམ་མེད་ན་གཞི་མེད་པའོ། །གཉིས་པ་རྩོད་པ་ཕྱིར་བཅོས་ལ་གསུམ་ཏེ། བྱ་བའི་རང་བཞིན་ལས་ལ་རྩོད་པ། ལས་བྱེད་པའི་གཞི། དགེ་སྦྱོང་གི་རང་བཞིན་འཁོར་ལོ་ལ་རྩོད་པ་འཁོར་ལོ་བྱ་བའི་གཞི། དེ་ལས་གཞན་གཉིས་གཉིས་སུ་རྩོད་པ་རྩོད་གཞི་དངོས་ཀྱི་དོན་ནོ། །དང་པོ་ལ་ལུང་གཉིས་ལས། དང་པོ་ལ་ལས་བྱེད་པའི་རྒྱུ་སྤང་པ། ལས་བྱེད་པའི་མཚན་ཉིད་བྱེད་པ་དང་བཅས་པ། བསྡུམ་པའི་མཚན་ཉིད་ཞར་བྱུང་དང་བཅས་པའོ། །དང་པོ་ནི་དགེ་འདུན་སོགས་སོ། །གཉིས་པ་ནི། ཆོས་དང་སོགས་སོ། །གསུམ་པ་ནི་བཟོད་པ་བྱས་པ་སོགས་སོ། །འདིར་བཀྲ་ཤིས་པའི་གསོ་སྦྱོང་ནི་དགེ་འདུན་བདེ་བའི་སྐབས་སུ། ཧ་ཅང་ཆར་ཆེ་ཆར་ཆུང་དང༌། །བྱི་བ་ནེ་ཙོ་བྱ་ཀ་པ། །རྒྱལ་པོ་ངན་པར་གྱུར་པ་སྟེ། །དྲུག་པོ་དེ་ལ་ཡམས་ཞེས་བྱ། །ཞེས་པ་ལྟ་བུའི་བཀྲ་མི་ཤེས་པ་བྱུང་བའི་ཚེ་བྱེད་པ་ཡིན་ཏེ། ཡངས་པ་ཅན་དུ་རུང་བ་མ་ཡིན་པའི་གཞི་བཅུ་བྱུང་བ་ན། བཀྲ་ཤིས་པའི་གསོ་སྦྱོང་བྱས་ཏེ་བསྡུ་བ་གཉིས་པ་བྱས་པ་བཞིན་ནོ། །གནོད་པ་སྤོང་བའི་གསོ་སྦྱོང་ནི། རིམས་ཉིན་བཞི་པ་ལ་སོགས་པ་བྱུང་བའི་ཚེ་བྱེད་པ་ཡིན་ནོ། །གཉིས་པ་ཞུ་བ་ལ་གསུམ་སྟེ། ལས་བྱེད་པའི་མཚན་ཉིད་ཀྱི་སྤྲོས་པ། གཟུ་བོའི་བསླབ་བྱ། ཞར་ལ་ཉེས་པ་དབང་མི་དབང་གི་བྱེ་བྲག་བསྟན་པའོ། །དང་པོ་ནི་ཆོས་མ་ཡིན་པ་སོགས་སོ། །གཉིས་པ་ནི་འདི་ལ་གལ་ཏེ་སོགས་སོ། །གསུམ་པ་ནི་དབྱར་གྱི་རྙེད་པ་སོགས་སོ། །འདིར་ཆོས་མ་ཡིན་པར་སྨྲ་བས་མཚམས་ཀྱི་ནང་དུ་ལས་ཐ་དད་པ་བྱས་ན་བྱེ་བར་འགྱུར་གྱི། ཆོས་སྨྲ་བས་དེ་བྱས་པས་དེར་མི་འགྱུར་ཏེ། ལུང་ལས་སུ་དག་གིས་ཀོའུ་ཤམ་བི་པའི་དགེ་འདུན་ཕྱེ་བར་གྱུར། ཆོས་མ་ཡིན་པ་སྨྲ་བ་དག་གི་མཚམས་ཀྱི་ནང་དུ་གནས་གཅིག་ཏུ་གསོ་སྦྱོང་མ་འདྲེས་པར་བྱས། ཞེས་གསུངས་སོ། །འདིར་བྲམ་ཟེའི་བུ་མོ་ཞེས་པ་ནི། ཉེ་བར་འཁོར་གྱི་མིང་སྟེ། དེ་དང་གཙང་སྦྲ་བྱེད་པར་ཆོས་མཐུན་པས་སོ་ཞེས་གསུང་ངོ༌། །གཉིས་པ་འཁོར་ལོ་བྱེ་བ་ལ་གསུམ་སྟེ། དབྱེན་གྱི་སྦྱོར་བ་དང་དབྱེན་གང་ལ་འཆགས་པའི་གཞི་བཤད་པ་དང༌། འདུ་ཤེས་ཀྱི་ཡན་ལག་གོ །དང་པོ་ནི་དགེ་འདུན་གྱི་སོགས་སོ། །གཉིས་པ་ནི་དབྱེ་བར་བྱ་བ་སོགས་སོ། །གསུམ་པ་ནི་ཆོས་དང་སོགས་སོ། །ལས་བྱེད་པ་དང་པོ་མི་འདྲ་བའི་ཁྱད་པར་ནི། འདི་ནི་འབྱེད་པ་པོ་གཅིག་གིས་དགེ་འདུན་གཉིས་སོ་སོར་ཕྱེ་བ་ཡིན་ལ། སྔ་མ་ནི། འབྱེད་པ་པོ་དགེ་འདུན་གྱི་ཚད་དུ་ལོངས་པས་དབྱེ་བྱ་དང་དབྱེ་བྱེད་ཐ་མི་དད་པའོ། །འབྱེད་ཚུལ་མི་འདྲ་བ་ནི། སྔ་མ་ཆོས་མིན་པ་སྨྲ་བ་དག་གིས་མཚམས་ནང་གཅིག་ཏུ་གསོ་སྦྱོང་ལ་སོགས་པའི་ལས་ཐ་དད་དུ་བྱས་པ་ཙམ་ཡིན་ལ། འདི་ནི་སྦྱོར་བའི་ཚེ་ཁྱེད་ཅག་བསླབ་ཚིགས་ལྔ་ལ་སློབ་པར་འདོད་པ་དེས། དགེ་སྦྱོང་གོའུ་ཏ་མ་ལས་ཀྱང་རིང་དུ་གྱིས་ཅིག ཅེས་སོགས་གསོལ་པས་སམ། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པ་ཡིན་ལ། མཐར་ཐུག་ཚུལ་ཤིང་བླངས་པའམ། གསོལ་བའི་ལས་དེ་ཟིན་པའོ། །འཁོར་ལོའི་དབྱེན་འདི་ལ་གཉིས་ཏེ། དགེ་འདུན་ལྷག་མར་གྱུར་པ་དང༌། མཚམས་མེད་དུ་གྱུར་པའོ། །དང་པོ་ནི། སྟོན་པ་དང་མཆོག་ཟུང་གཅིག་འདས་པའི་འོག་ཏུ། ལྷས་བྱིན་ལྟ་བུ་ལས་དང་པོ་པ་མ་ཡིན་པའི་བཅས་ལྡན་དགེ་སློང་ཞིག་གིས། བསླབ་ཚིགས་ལྔ་ལ་སློབ་པའི་དོན་དུ། ཚུལ་ཤིང་བྲིམ་པའི་ལས་བྱས་པའོ། །དེའི་ཚེ་འབྱེད་པ་པོ་དེ་ལ་དབྱེན་གྱི་ལྷག་མ་དང༌། ཚུལ་ཤིང་ལེན་པ་པོ་རྣམས་ལ་དེར་རྗེས་ཕྱོགས་ཀྱི་ལྷག་མར་འགྱུར་རོ། །གཉིས་པ་ནི་མཛོད་ནས་འབྱུང་བ་བཞིན་ནོ། །འདི་ལ་ནི་ཕྱིར་བཅོས་མེད་ལ། སྔ་མ་ཕྱིར་བཅོས་པའི་ཚེ། བཟོད་པ་གསོལ་བ་དང༌། དེ་ནས་མཐུན་པ་སྦྱིན་པ་དང༌། དེའི་རྗེས་སུ་མཐུན་པའི་གསོ་སྦྱོང་བྱས་པ་དང༌། དེ་ནས་ཉ་ཤིའི་གསོ་སྦྱོང་ལྷན་ཅིག་ཏུ་བྱ་ཞིང༌། ལྷག་མའི་ཕྱིར་བཅོས་སྤོ་མགུ་སོགས་ཆོ་ག་བཞིན་དུ་བྱ་བའོ། །གཞུང་དུ་མཚམས་མེད་པའོ། །ཞེས་གསུངས་པ་ནི་ཕྱི་མ་དེ་ལ་དགོངས་པའོ། །གསུམ་པ་དེ་ལས་གཞན་པའི་རྩོད་པ་ཕྱིར་བཅོས་ལ། གཞིའི་སྐབས་དང༌། རྩོད་པ་བཞི་པའི་ཞི་བྱེད། ཞུ་བ་ནས་ཁ་སྐང་བའོ། །དང་པོ་ལ་རྩོད་པའི་རྒྱུ་དང་ཞི་བྱེད་མདོར་བསྟན། དེ་ཉིད་རྒྱས་པར་བཤད་བཀྲ་ཤིས་པའི་དོན་དུ་བསླབ་བྱ་བསྟན་པའོ། །དང་པོ་ནི། འགྲེལ་པ་ལྟར་ན། ཕ་རོལ་པོས་མི་མཐུན་པར་སྨྲས་པའི་ཚིག་གིས་སེམས་གཞོལ་བ་དེ། འཁྲུག་ལོང་གི་མཚན་ཉིད། རྒྱུ་དེ་ལས་བྱུང་བའི་འཐབ་པ་དང༌། རྩོད་པ་དང༌། འཚང་འབྲུ་བ་སོགས་ནི་དེའི་འཁོར་ཡིན་པས་དེར་གཏགས་པའོ། །འདོགས་པའི་རྒྱུ་མཚན་ནི། རེ་འགའ་འཁྲུག་ལོང་གི་རྒྱུ་བྱེད། རེ་འགའ་འབྲས་བུ་བྱེད་པས་སོ། །དེ་ལྟ་ན་ཡང་ཁོང་ཁྲོ་དང་དོན་མི་གཅིག་པར་གསུང་པས་ཁྱད་པར་ཕྱེད་དགོས་སོ། །དེ་ཡང་ཇི་ལྟར་ཞེ་ན། འཐབ་རྩོད་ཀྱི་ཚིག་ལས་འཁྲུག་ལོང་འབྱུང༌། དེ་ལས་ཁོང་ཁྲོ་འབྱུང༌། དེ་ལས་ཀྱང་འཐབ་རྩོད་སོགས་འབྱུང་བའོ། །ངག་དོན་ནི། འཁྲུག་ལོང་གི་རྒྱུ་ཆོས་ཅན། བཞི་ཡོད་དེ། དངོས་པོའི་དེ་བཞིན་ཉིད་ལས་ལོག་པར་སྒྲུབ་པ་དང༌། གདམས་ངག་འཇོག་པ་ལ་སོགས་པའི་སྒོ་ནས་གཞན་སྤོ་བ་དང༌། ལྟུང་བ་དང་བཅས་པ་ཉིད་དང༌། ལས་ལ་མཐུན་པ་མི་སྦྱིན་པ་རྣམས་གསུངས་པའི་ཕྱིར། རྒྱུ་བཞི་པོ་དེའི་རིམ་པ་དང་མཐུན་པའི་རྩོད་པ་ཆོས་ཅན། བཞི་ཡོད་དེ། འགྱེད་ཕྱིར་དང༌། མི་གདམས་པའི་ཕྱིར་གྱི་དང༌། ལྟུང་ཕྱིར་གྱི་དང༌། ལས་བྱང་ཕྱིར་གྱི་རྩོད་པ་རྣམས་རིམ་པར་འབྱུང་བའི་ཕྱིར། གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་རྒྱུ་དང་པོ་ལས་སོགས་སོ། །གཉིས་པ་ལ་རྒྱུ་དང་པོ་ལས་བྱུང་བའི་རྩོད་པ་ཞི་བྱེད། རྒྱུ་གཉིས་པ་ལས་བྱུང་བའི་རྩོད་པ་ཞི་བྱེད། རྒྱུ་གསུམ་པ་ལས་བྱུང་བའི་རྩོད་པ་ཞི་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་མངོན་སུམ་བརྒྱད་ཀྱི་ཞི་བྱེད་དང༌། གང་མང་གི་ཞི་བྱེད་དོ། །དང་པོ་ནི། འགྱེད་པ་གཉིས་སོགས་སོ། །དེས་ཇི་ལྟར་བསྒྲུབ་ན། དགེ་སློང་སོགས་སོ། །འདྲང་བ་ཞེས་པ་ནི། རྒོལ་ཕྱི་རྒོལ་གཉིས་ཀས་ཡིད་ཆེས་པའི་དབང་པོའོ། །ཕྱོགས་སུ་མ་ལྷུང་བས་ན་གཟུ་བོ་ཞེས་ཀྱང་བྱའོ། །གཟུ་བོ་དག་ལ་འདྲང་ཞེས་པ་གཟུ་བོ་ལ་དཔང་པོ་འཆོལ་བའོ། །ལུང་མ་མོ་ལས། གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ། དགེ་འདུན་གྱིས་བསྐོ་བར་གསུང་པའི་དོན་བསྡུས་པ་ནི་ངོ་ཚ་ཤེས་པ་སོགས་སོ། །འདིར་མངོན་སུམ་བརྒྱད་ནི། གཟུ་བོའི་མངོན་སུམ། དགེ་འདུན་གྱི་མངོན་སུམ། གསལ་བའི་མངོན་སུམ། གསལ་བ་བསལ་བའི་མངོན་སུམ། རྩོད་པ་སྦེད་པའི་མངོན་སུམ། གནས་བརྟན་སོགས་ཀྱི་མངོན་སུམ། སྡེ་སྣོད་འཛིན་པའི་མངོན་སུམ། གནས་བརྟན་མཐུ་ལྡན་གྱི་མངོན་སུམ་རྣམས་སོ། །འདིར་དགེ་འདུན་ལས་མི་ཉུང་བའི་གཟུ་བོ་བསྐོ་བར་གསུང་པ་ནི། བསྐོ་ཐེབས་གཉིས་ལ་དགོངས་པ་ཡིན་ཏེ། གཞན་དུ་ན་ཚོགས་ལ་ལས་འཆགས་པར་ཐལ་བའི་ཕྱིར། དེར་རྗེས་ཕྱོགས་ཀྱི་ལྷག་མའི་ཕྱིར་བཅོས་ལ་ཡང་དེ་བཞིན་ནོ། །འདིར་མངོན་སུམ་བརྒྱད་ཀྱི་སྐབས་སུ་ཆེན་པོ་བསྟན་པ་དང་ནག་པོ་བསྟན་པའི་མདོ་སྡེ་ལས་བྱུང་བ་བཞིན་ཞི་བར་བྱའོ། །ཇི་ལྟར་ན། རྒོལ་བ་གཉིས་ཆོས་གཏན་ལ་འབེབས་པའི་ཕྱིར་རྩོད་ན། མདོ་སྡེ་ལ་འཇུག འདུལ་བ་ལ་གནང༌། ཆོས་ཉིད་ལ་མི་འགལ་བ་དེ་ཆེན་པོ་བསྟན་པ་དང༌། དེ་ལས་ལོག་པ་དེ་ནག་པོ་བསྟན་པ་བཞིན་དུ་ངེས་པར་བྱས་ནས། རྒོལ་ཕྱི་རྒོལ་དག་རྒྱུད་གཅིག་ཏུ་བྱ། ཚུལ་ཁྲིམས་གཏན་ལ་འབེབས་པའི་ཕྱིར་རྩོད་ན། བྱུང་བ་དང་བཅས་པ་དང༌། རྗེས་སུ་བཅས་པ་སོགས་ལེགས་པར་ཤེས་ནས་རྒོལ་བ་གཉིས་རྒྱུད་གཅིག་བྱ་བའོ། །གཉིས་པ་ལ་མདོར་བསྟན་པ་ནི། ཆེས་མང་བ་སོགས་སོ། །རྒྱས་པར་བཤད་པ་ལ། གཞི་གང་ལ་བྱ་བ། བྱེད་པ་པོ་གང་གིས་བྱ་བ། ཆོ་ག་གང་གིས་བྱ་བ། བསླབ་པར་བྱ་བ་རྣམས་སོ། །དང་པོ་ནི་འདི་ནི་སོགས་སོ། །དེ་ཡང་ཆང་འཐུང་མ་འཐུངས་རྩོད་པ་ལྟ་བུའི་དབང་དུ་བྱས་པ་ཡིན་གྱི། ཆང་འཐུང་པ་ལས་ལྟུང་བ་འབྱུང་མི་འབྱུང་ལྟ་བུ་ནི་ཆོས་རྣམ་པར་གཏན་ལ་དབབ་པའོ། །གཉིས་པ་ནི། དགེ་འདུན་གཞི་སོགས་སོ། །གསུམ་པ་ལ་མདོར་བསྟན་པ་ནི་འདི་ལ་སོགས་སོ། །རྒྱས་པར་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ནི་ཚུལ་ཤིང་སོགས་སོ། །གཉིས་པ་ལ་བྲིམ་མཁན་གྱི་ཆོ་ག་ནི། གལ་ཏེ་དེ་ལྟར་སོགས་སོ། །གཉིས་པ་ལེན་མཁན་གྱི་ཆོ་ག་ནི། ཆོས་མ་ཡིན་པའི་སོགས་སོ། །གསུམ་པ་ནི་མཉམ་པ་ཉིད་ན་སོགས་སོ། །རྩོད་པ་གཉིས་པའི་ཞི་བྱེད་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། མི་གདམས་པའི་ཕྱིར་གྱི་རྩོད་པ་ལ་རྒྱུ་ཡོད་མེད་གཉིས་ལས། དང་པོ་ནི། ཆོས་དང་ཚུལ་ཁྲིམས་གཉིས་ཀའི་གདམས་ངག་འཇོག་པ་ལ་སོགས་པས་གཞན་སྤང་བ་ལྟ་བུ་ལས་བྱུང་བའི་རྒྱུ་བཅས་ཀྱི་རྩོད་པ་ནི་མངོན་སུམ་གྱིས་ཞི་བར་བྱེད། ཆོས་ཉི་ཚེའི་གདམས་ངག་བཞོག་དགོས་པའི་རྒྱུ་ལས་བྱུང་བའི་རྩོད་པ་ལ་ནི་གང་མང་གཞི་བྱེད་འཇུག་པས་དེ་གཉིས་ཀྱི་སྒོ་ནས་རྒྱུད་གཅིག་ཏུ་བྱ་བའོ། །དོན་དེ་ཡང་མདོར་བསྟན་དུ། རྒྱུ་གཉིས་པ་ལས་བྱུང་བ་ནི། འདི་དང་ཞེས་པས་བསྟན་ནོ། །འདིར་གཉིས་པ་རྒྱུ་མེད་ཀྱི་ཞི་བྱེད་འཆད་པ་ནི། གླེང་བའི་ཁ་ན་མ་ཐོ་བ་ཞེས་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གླེང་བ་དེ་ནི་ཆོས་ཅན། རྣམ་པ་བཞི་ཡོད་དེ། ལྟུང་བ་ཡེ་མ་བྱུང་བ་ལྟ་བུ་གཞི་མེད་པ་དང༌། ལྟུང་བྱེད་ལ་ལྷག་མས་གླེང་བ་ལྟ་བུ། གཞི་གཞན་རྗེས་སུ་བསྒྲུབ་པ་དང༌། ཕྱིར་བཅོས་བྱས་ཟིན་གླེང་བ་ལ་བུ་ཕྱིར་བཅོས་པ་ལ་མ་ལྟོས་པ་དང༌། སྨྱོ་བའི་གནས་སྐབས་སུ་བྱས་པ་གླེང་བ་ལྟ་བུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གསུམ་པོའི་ཞི་བྱེད་ལ། ཆོ་ག་གསོལ་བཞིའི་ལས་ཀྱིས་དྲན་པས་འདུལ་བ་སྦྱིན་དགོས་ཏེ། དེ་སྦྱིན་པས་ལྟུང་བ་མེད་པར་ཤེས་ནས་རྩོད་པ་ཞི་བའི་ཕྱིར། དེ་སྟེར་དགོས་པའི་རྒྱུ་མཚན་དེ་བྱིན་པས་ཡུལ་དེ་དྲན་པ་དང་ལྡན་པར་མཚོན་པའོ། །གསུམ་པའི་ཞི་བྱེད་ལ་ནི་མ་སྨྱོས་པའི་འདུལ་བ་སྦྱིན་དགོས་ཏེ། དེ་ནོད་ཅིང་སྦྱིན་པས། དགེ་སློང་གཞན་གྱི་ལྟུང་བ་དང་བཅས་པར་མི་འཛིན་པས་རྩོད་པ་ཞི་བའི་ཕྱིར། རྩོད་པ་གསུམ་པའི་ཞི་བྱེད་ལ། ཉེས་པ་རང་གི་ངོ་བོ་ངོ་ཤེས་པའི་དང༌། མི་ཤེས་པའི་ཞི་བྱེད་དོ། །དང་པོ་ཞི་བྱ་བཤད་པ་དང༌། ཞི་བྱེད་བཤད་པའོ། །དང་པོ་ནི་ལྟུང་ཕྱིར་གྱི་འཁྲུག་ལོང་ཆོས་ཅན། གསུམ་ཡོད་དེ། གླེང་བྱ་དང་གླེང་བྱེད་གཉིས་ལས་ཕྱིར་འཕྲོས་པ་མེད་པ་དང༌། གཉིས་ལས་གཞན་པའི་དགེ་འདུན་ནམ་གང་ཟག་ཉི་ཚེ་བ་ལ་འཕྲོས་པ་དང༌། དགེ་འདུན་མཐའ་དག་དང་འབྲེལ་བ་རྣམས་གསུངས་པའི་ཕྱིར། གཉིས་པ་ནི་དང་པོ་ལ་ནི་སོགས་སོ། །རྩྭ་བཀྲམ་པ་ལྟ་བུའི་ཞི་བྱེད་རྒྱས་པར་འཆད་པ་ནི། འདི་ལ་ཞེས་སོགས་སོ། །དེ་ཡང་སྤང་ལྟུང་མན་ཆད་དོ། །གང་ཡིན་པ་དང་ཞེས་སྨོས་པ་དང༌། ཞེས་པའི་དོན་ནི། འདི་སྐད་ཅེས་གཞི་འདི་ལས་ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། གཞི་འདི་ལས་ཁྱེད་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་འདི་དག ཚེ་དང་ལྡན་པ་དག་གི་འདུན་དུ་བཤགས་པ་མི་བཅབས་པ་ཁོ་བོ་སྤྲོའོ། །ཞེས་སོགས་ལྟུང་བའི་མིང་རིགས་སྨོས་པས་གཞན་ལ་ལྟུང་བ་བྱུང་བའི་ངོ་བོ་ཉིད་ཤེས་པ་སྣང་བར་བྱས་པའི་སྒོ་ནས། བློ་རྩེ་གཅིག་ཏུ་བྱ་བར་རིགས་པ་ལ། ཕན་ཚུན་གཉིས་ཀ་ནས་སྔགས་ལན་གསུམ་བརྗོད་པས་ཕྱིར་བཅོས་པའོ། །འདི་ཡང་དགེ་འདུན་ཕྱོགས་གཉིས་སུ་ཆང་ནས་ཕྱོགས་གཅིག་ལ་ས་བརྐོ་བ་དང༌། ཕྱོགས་གཅིག་ལ་མེ་ལ་རེག་པའི་ལྟུང་བ་བྱུང་ངོ་ཞེས་བརྩོད་པ་ལྟ་བུའི་དབང་དུ་བྱས་པའོ། །ཅིའི་ཕྱིར་རྩྭ་བཀྲམ་པ་ལྟ་བུ་ཞེས་བྱ་ཞེ་ན། རྩྭ་བཀྲམ་པ་ན་རྩྭ་དག་རྩེ་སྤྲོད་དུ་ཉལ་བ་བཞིན་དུ། དགེ་སློང་ཐམས་ཅད་རྩོད་པ་ཞི་བའི་དོན་དུ་ཕན་ཚུན་འདུད་པས་དེ་སྐད་ཅེས་བྱའོ། །གཉིས་པ་ཉེས་པ་རང་གི་ངོ་བོ་ངོ་མི་ཤེས་པའི་ཞི་བྱེད་ལགཉིས་ཏེ། གླེང་བ་ན་ངོ་ཤེས་པར་ནུས་པའི་དབང་དུ་བྱས་པ་དང༌། གླེང་ཀྱང་ངོ་མི་ཤེས་པ་ལ་ཇི་ལྟར་བྱ་བའོ། །དང་པོ་པ་ལ་གླེང་བ་པོ་དང༌། གླེང་བྱའི་གྲངས། གླེང་བ་པོའི་མཚན་ཉིད། ཁས་བླངས་པ་ཆེ་བཞི་དྲི་བའོ། །དང་པོ་ནི། ལྷན་ཅིག་པའི་སོགས་སོ། །གཉིས་པ་ནི་གླེང་བ་པོ་ལུས་དང་སོགས་སོ། །གསུམ་པ་ནི་གླེང་པས་ཁས་བླངས་ན་སོགས་སོ། །བཞི་པ་ནི་སྨྲ་བ་པོ་སོགས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལྟུང་བའི་ཕྱིར་རྩོད་པ་སོགས་སོ། །གཉིས་པ་ལ་རང་ལུགས་བཞག་པ་དང༌། གཞན་གྱི་ལུགས་དགག་པའོ། །དང་པོ་ནི། རང་རྒྱུད་ལ་ལྟུང་བ་བྱུང་མ་བྱུང་ངེས་པ་དང་བྲལ་བ་ནི་ཆོས་ཅན། ཁྱད་དུ་བསོད་པ་ཡིན་ཏེ། རྗེད་པས་མི་ཆོག་པའི་དོན་རྗེད་པའི་ཕྱིར། དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་སླར་ཡང་རྗེད་དུ་བཅུག་པའི་སྒོ་ནས་ཁྱད་དུ་བསོད་ན། དགེ་སློང་དེ་ཆོས་ཅན། ཁྱོད་ལ་དགེ་འདུན་གྱིས་ངེས་པར་སྦྱོར་བ་སྦྱིན་དགོས་པ་ཡིན་ཏེ། སྔར་ཁས་བླངས་པའི་ལྟུང་བ་དེའི་ངོ་བོ་ངེས་པར་འཛིན་དུ་གཞུག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལ་ངེས་པར་སྦྱོར་བ་སྦྱིན་པ་དེ་ནི་ཆོས་ཅན། ངོ་བོ་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་ཅེས་བྱ་སྟེ། ལྟུང་བ་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་པ་ཡིན་པའི་ཕྱིར། དེ་སྦྱིན་པའི་སྔར་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས། འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ་འདུག་པ་དང་ཉལ་བ་ཡང་མི་འཚལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་ཞེས་སོགས་གསོལ་བ་དང༌། གཞིའི་ལས་ཀྱི་སྦྱིན་ནོ། །དེ་ལྟར་བྱིན་པ་དེས་ས་གཞན་གནས་པའི་སྤྱོད་པ་ཉམས་སུ་བླངས་པས། ལྟུང་བའི་ངོ་བོ་ཉིད་ཚོལ་ལ་ངོ་བོ་ཉིད་ཤེས་ན་དེས་དགེ་འདུན་ལ་བཟོད་པ་གསོལ་བས། རང་བཞིན་དུ་གནས་པ་ཐོབ་བོ། །ལུང་ལས། བཙུན་པ། བདག་གིས་དགེ་སློང་ཞིག་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་པ་སྤྱོད་པས། ཉམས་པར་བགྱིད་པར་མཐོང་ངོ༌། །ཞེས་མཆི་ན། བགྱིད་དུ་བརྩལ་ཞིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པར་བཙལ་བར་བགྱིའམ། ཉེ་བར་འཁོར་མི་བྱ་སྟེ། དྲི་བར་བྱ་ཞིང་གལ་ཏེ་དེ་ནི། སྲིང་མོ་གཞན་འགའ་ཞིག་ཀྱང་ཡོད་དོ་ཞེས་ཟེར་ན། གཉིས་ཀ་དྲི་བར་བྱའོ། །གལ་ཏེ་མཐུན་ན་དགེ་བསྙེན་མ་དད་པ་ཅན་གྱི་ཚིག་གིས་འབྱེད་དུ་བཅུག་ཅིང་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཡང་སྦྱིན་པར་བྱའོ། །ཞེས་གསུང་ངོ༌། འདི་ཡུན་ཇི་ཙམ་གྱི་བར་གཅོད་ན་བམ་ལྔ་དང༌། འདུལ་བ་ཚིག་ལེའུར་བྱས་པ་ལས། བཟོད་པ་མི་གསོལ་ན་ཇི་སྲིད་འཚོའི་བར་དུ་སྤྱད་དགོས་པར་གསུངས་སོ། །གཉིས་པ་གཞན་ལུགས་དགག་པ་ལ་ཕྱོགས་སྔ་མ་ནི། འདུལ་བ་འཛིན་པ་ཁ་ཅིག་གིས་ནི་ངོ་བོ་ཉིད་ཚོལ་བ་དང༌། མཐུན་པ་སྦྱིན་པ་འདི་ནན་ཏུར་གྱི་ཚུལ་དུ་སྟོན་ཏོ། །དེའི་རྒྱུ་མཚན་ཡང་དགེ་འདུན་ལ་གསོལ་བ་བཏབ་པ་མེད་པར་མི་འདོད་བཞིན་དུ་དགེ་འདུན་གྱིས་ནན་གྱིས་ཕོག་པའི་ཕྱིར། དཔེར་ན་སྡིག་པ་ནན་ཏུར་གྱི་ལས་བཞིན་ནོ། །དེ་ལྟར་ཡང་དགེ་སློང་འཆར་ཀ་དང༌། ཤི་རི་ཀ་ལ་དེ་སྦྱིན་པའི་སྐབས་སུ་གསོལ་བ་གདབ་པ་མ་བཤད་པའི་ཕྱིར་སྤོ་བ་སོགས་དང་མི་འདྲའོ་ཞེས་ཟེར། གཉིས་པ་དེ་སུན་འབྱིན་པ་ནི། དེ་དེར་བསྟན་པ་དེ་ནི་ཆོས་ཅན། མི་བཟང་སྟེ། མདོ་སྡེ་ལས་གསོལ་བ་ལན་གསུམ་བཏབ་ཏེ་ནོད་པར་བཤད་པ་དང་འགལ་བའི་ཕྱིར། ཇི་ལྟར་ན། མདོ་སྡེ་ལུང་གཞི་ལས་དགེ་སློང་དག་ཁྱོད་ཀྱིས་དགེ་སློང་མི་བཞི་དང༌། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་སྦྱིན་ཅིག ཅེས་དང༌། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མི་བཞི་དགེ་འདུན་གྱི་ནང་དུ་ལྟུང་བ་བསྐྱུད་པ་སླར་དྲན་ཏེ་འཚལ་བ་ལས། ཡང་བསྐྱུད་ནས་དགེ་འདུན་ལ་བདག་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་ན། དགེ་འདུན་བཙུན་པ་རྣམས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་མི་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩལ་དུ་གསོལ། ཞེས་གསུངས་པས་སོ། །གཞན་ཡང་དེ་སྦྱིན་པའི་ལས་དེ་ཆོས་ཅན། ལུང་དུ་ནན་ཏུར་གྱི་སྡེ་ཚན་དུ་སྟོན་རིགས་པར་ཐལ། ནན་ཏུར་གྱི་ལས་ཡིན་པའི་ཕྱིར། ཞེས་པ་ཁ་སྐང་ནས་དེ་ལ། གལ་ཏེ་དེ་ནན་ཏུར་ཡིན་མོད་ཀྱི། ནན་ཏུར་གྱི་སྡེ་ཚན་ལས་ལོགས་ཤིག་ཏུ་བསྟན་པ་ནི། རྩོད་པ་ཉེ་བར་ཞི་བའི་ཆོས་ཡོད་པ་ཉིད་ཀྱིས་ཞེ་ན། དེ་ཡོད་པ་ཉིད་ཀྱིས་དེ་ལས་ལོགས་ཤིག་ཏུ་མཛད་པར་ནི་མི་བཞེད་དེ། དེ་ལ་ཁྱབ་པ་འཁྲུལ་པའི་ཕྱིར། ཇི་ལྟར་ཞེ་ན། སྡིག་པ་ནན་ཏུར་ལ་སོགས་པ་བཅུ་གཅིག་པོ་ནི་ཆོས་ཅན། ནན་ཏུར་གྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་པར་ཐལ། རྩོད་པ་ཞི་བྱེད་ཀྱི་ཆོས་ཡོད་པ་དེ་ཉིད་ཡིན་པའི་ཕྱིར། འདོད་ན། ལུང་ལས་དེ་ལྟར་རྣམ་པར་མ་བཞག་པས་གསལ་ལོ། །ཡང་གལ་ཏེ་དེ་ཆོས་ཅན། ཡུལ་དེས་མི་འདོད་བཞིན་དུ་བྱ་བའི་ལས་ཡིན་ཏེ། དགེ་འདུན་ལ་ཡུལ་དེས་ལྟུང་བ་དེ་ཤེས་བཞིན་དུ་ཁྱད་དུ་བསོད་སྙམ་པའི་བློ་སྐྱེས་ནས་ཁྱོད་སྦྱིན་པའི་ཕྱིར་སྙམ་ན། འོ་ན་དེ་ཆོས་ཅན། མ་མཐོང་གནས་དབྱུང་ནན་ཏུར་གྱི་ལས་སུ་ཐལ། ཁྱོད་གང་ལ་བྱ་བའི་ཡུལ་དེ་ལྟུང་བ་ཡོད་བཞིན་དུ་རྫུན་གྱི་སྒོ་ནས་མ་མཐོང་ངོ་ཞེས་ཟེར་རོ། །སྙམ་པ་ཉིད་ཀྱི་ཤེས་པ་དགེ་འདུན་ལ་སྐྱེས་ནས་དགེ་འདུན་གྱིས་བྱ་བའི་ནན་ཏུར་གྱི་ལས་ཡིན་པའི་ཕྱིར། འདོད་ན། ངོ་བོ་ཉིད་ཚོལ་བ་དང༌། མཐུན་པ་སྦྱིན་པའི་ཡུལ་དེ་ལ་མ་མཐོང་གནས་དབྱུང་ནན་ཏུར་བྱ་རིགས་པར་འགྱུར་རོ། །གསུམ་པ་ནི་ཉེ་བར་ཞི་བར་བྱ་བ་སོགས་སོ། །གཉིས་པ་ཞུ་བ་ལ། རྒྱུ་བཞི་པའི་ཞི་བྱེད་དངོས་དང༌། མངོན་སུམ་གྱི་སྤྲོས་པ་དང༌། རང་གི་ངང་གིས་ཞི་བའོ། །དང་པོ་ནི། ཞི་བ་སོགས་སོ། །གཉིས་པ་ནི་ཁ་སྐོང་བ་སོགས་སོ། །གསུམ་པ་ནི་སྔོག་མ་སོགས་སོ། །དེ་ཡང་ཞི་བྱེད་བདུན་པོ་ཐམས་ཅད་ལས་ལ་མཐུན་པ་སྦྱིན་པའི་ཐབས་ཡིན་ནོ། །འབྲས་བུ་གནས་མལ་གྱི་གཞི་ལ་གཉིས་ཏེ། གཞི་དང༌། ཕྲན་ཚེགས་ཀྱི་སྐབས་སོ། །དང་པོ་ལ་གསུམ་སྟེ། ཕྱག་གི་གནས་དང་གནས་མ་ཡིན་པ་གུས་པའི་ལས་དང་བཅས། གཙུག་ལག་ཁང་བརྩིག་པ་དང༌། བསྐྱང་བའི་སྒོ་ནས་གཙུག་ལག་ཁང་དུ་གནས་པར་བྱ་བ་བཤད། དེར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི་སོ་སོར་ཐར་པ་སོགས་སོ། །གཉིས་པ་ནི་གཙུག་ལག་ཁང་སོགས་སོ། །གསུམ་པ་ནི་སྤྱོད་ལམ་སྤྱི་འདོད་པ་སོགས་སོ། །གཉིས་པ་ལ་ཕྱག་གི་སྤྲོས་པ་དང༌། གཙུག་ལག་ཁང་བརྩིག་པ་ལ་སོགས་པའི་སྤྲོས་པའོ། །དང་པོ་ནི། ཕྱག་འཚལ་བ་སོགས་སོ། །གཉིས་པ་ལ་གནས་ཀྱི་ཚུལ། བྱ་བའི་སྐབས། ཤི་བ་དང་བཞག་པའི་སྐབས། སྐབས་སྔ་མའི་མཐར་བྱ་བའོ། །དང་པོ་ལ་གཉིས་ཏེ། ནང་བསྐྱང་བ་དང༌། ཕྱི་རོལ་བསྐྱང་བའོ། །དང་པོ་ལ་གསུམ་སྟེ། གཙུག་ལག་ཁང་ན་གནས་པའི་སྐབས། གཞན་ན་གནས་པའི་སྐབས་སྦ་བ་རྣམ་པར་བཞག་པའི་སྐབས་སོ། །དང་པོ་ལ་བརྩིག་པ་དང༌། རི་མོ་བྲི་བ་དང༌། བསྐྱང་བའོ། །དང་པོ་ནི་ལག་གི་བླ་སོགས་སོ། །གཉིས་པ་ནི་སྔོན་པོ་ལ་སོགས་པའོ། །གསུམ་པ་ནི་གཙུག་ལག་ཁང་བླ་གབ་སོགས་སོ། །སྐབས་དེ་དག་ཏུ་འཁྱམས་གསུམ་པ་ཞེས་པ་ནི། གྲུ་བཞི་ལ་ངོས་གསུམ་ནས་འཁྱམས་བཏགས་པའོ། །གསར་བུས་ལུང་ནོད་པའི་ཚེ་ཕྱག་བྱ་དགོས་ལ། རྒན་པས་གཞོན་པ་ལ་ལུང་ནོད་པའི་ཚེ་བསྙུན་གསོལ་བས་ཆོག་པར་བཤད་པ་དང༌། ཆད་པ་དང༌། ངལ་གསོ་བའི་གནས་ལ་བསྟི་གནས་ཞེས་བཤད་པ་དང༌། དགེ་བསྐོས་ཀྱི་འགབ་ལེན་དུ་གྱུར་པའི་གྲོགས་ངན་པ་ལ་མངག་གཞུག་པ་ཞེས་བྱ་བ་དང༌། འགག་སྒོ་བ་ལ་དགེའུ་ཆུང་ཞེས་བྱ་བ་དང༌། གཙུག་ལག་ཁང་སྐྱོང་ལ་དགེ་བསྐོས་ཞེས་བྱ་བ་དང༌། དགེ་འདུན་འདུས་པའི་སྤྱི་ཕྱག་ལ་ཚངས་པའི་ཕྱག་ཅེས་བྱ་བ་དང༌། མཁར་ལས་གསར་པའི་དོ་དམ་པ་ལ་ལག་གི་བླ་ཞེས་བྱ་བ་དང༌། རྒྱ་མཐོངས་ལ་རྫིང་བུ་ཞེས་བྱ་བ་དང༌། མཐོངས་སྐྱོར་རམ་པུ་ཤུ་ལ་ལན་སྐན་ཞེས་བྱ་བ་དང༌། སྐས་ལ་ཡ་གད་ཅེས་བྱ་བ་དང༌། འདུན་ཁང་ལ་དཔོང་ས་ཞེས་བྱ་བ་དང༌། གཙུག་ལག་ཁང་གི་སྟེང་དུ་ཡང་ཐོག་མཐོན་པོ་བྱེད་པ་ལ་དགྲ་ཁང་ཞེས་བྱ་བ་དང༌། ཤི་ཐགས་ཀྱི་རྭ་བ་ལ་གཙངས་ཞེས་བྱ་བ་དང༌། འཁོར་བའི་འཁོར་ལོ་ཆ་ལྔ་པ་ཞེས་བྱ་བ་ངན་སོང་གསུམ་དང༌། ལྷ་མི་གཉིས་ལ་བྱ་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་འཁོར་ཡུག་ལ་འབྲི་བའི་ཚུལ་ལ། འདུལ་བ་རྣམ་པར་བཤད་པ་ལས། མ་རིག་པ་ནི་རྒན་མོ་ལོང་མའི་རྣམ་པར་བྲི། འདུ་བྱེད་རྫ་མཁན་སྣོད་བྱེད་པ་དང༌། རྣམ་པར་ཤེས་པ་སྤྲེའུ་དང༌། མིང་དང་གཟུགས་སྐྱེས་པ་དང་བུད་མེད་ཀྱི་རྣམ་པར་བྲི། སྐྱེ་མཆེད་དྲུག་ནི་ཡུལ་ཐ་དད་ལ་ཆགས་པའི་རྣམ་པར་བྲི། རེག་པ་ནི། སྐྱེས་པ་དང་བུད་མེད་རེག་པ་སྤྱོད་པའི་རྣམ་པར་བྲི། ཚོར་བ་ནི། སྐྱེས་པ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལྟ་བུར་བྲི། སྲེད་པ་ནི་བུད་མེད་བུ་འཚོ་བ་ལྟ་བུ་དང༌། ལེན་པ་ནི་བུད་མེད་བུ་སྦྲུམ་མ་ལྟ་བུ་དང༌། སྲིད་པ་ནི་བུད་མེད་བུ་སྐྱེ་བ་ལྟ་བུ་དང༌། སྐྱེ་བ་ནི་དེ་ཉིད་སྐྱེས་ཟིན་པ་ལྟ་བུ་དང༌། རྒ་ཤི་ནི་ཤི་བའི་གཟུགས་ཀྱི་རྣམ་པར་བྲིའོ། །ཞེས་གསུངས་སོ། །ཡང་སྤྱིལ་བ་ཞེས་པ་ཞལ་ཞལ་ལ་བྱ་བ་དང༌། མཆིག་ཞེས་པ་ལན་ཚྭ་ལ་སོགས་པ་འཐག་པའི་འོག་གཞི་རྡོ་ལེབ་ལ་བྱ་བ་དང༌། འཆིག་གུ་ཞེས་པ་དེའི་སྟེང་ནས་འཐག་པའི་རྡོ་བ་འཇམ་པོ་སོགས་ལ་བྱ་བ་དང༌། འཁར་བའི་སྣང་བ་སྟེར་བ་ནི། རྒན་པོ་ལུས་རྟེན་གྱི་འཁར་བ་ལ་བྱ་བ་སོགས་གསུང་ངོ༌། །གཉིས་པ་ལ་གཞན་གནས་པའི་སྐབས་ནི། རོལ་མོ་མཁན་གྱི་གནས་དང་སོགས་སོ། །གསུམ་པ་སྦ་བ་རྣམ་པར་བཞག་པའི་སྐབས་ནི། འཕྲེད་གཏན་དང་སོགས་སོ། །གཉིས་པ་ཕྱི་རོལ་བསྐྱང་བ་ནི། ཤིང་ལྗོན་པ་སྐྱེད་པ་སོགས་སོ། །གཉིས་པ་བྱ་བའི་སྐབས་ལ་གསུམ་སྟེ། ཀློག་ཏུ་འཇུག་པ་དང༌། ལྐོག་པར་བྱེད་པ་དང་བཟོ་རྗེས་སུ་བསྒྲུབ་པའོ། །དང་པོ་ནི། ཀློག་ཏུ་འཇུག་པ་སོགས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་སོགས་སོ། །གསུམ་པ་ནི། བཟོ་རྗེས་སུ་བསྒྲུབ་པ་སོགས་སོ། །སྐབས་དེར་སྤྲིང་ཡིག་ལ་སོགས་པ་ཡི་གེར་བྲི་བ་དང༌། འདུལ་བ་ཡི་གེར་མི་འབྲི་བར་གསུང་ངོ༌། །ལུང་ལས། བཅོམ་ལྡན་འདས་ཀྱིས་ལྔ་པོ་འདི་དག་ནི་ཡི་གེར་མི་འབྲི་སྟེ། ལྔ་གང་ཞེ་ན། སོ་སོར་ཐར་པ་ཐམས་ཅད་དང༌། སོ་སོར་ཐར་པ་དང་ལྡན་པ་ཐམས་ཅད་དང༌། འདུལ་བ་ཐམས་ཅད་དང༌། འདུལ་བ་དང་ལྡན་པ་ཐམས་ཅད་དང༌། གང་ཟག་སོ་སོའི་འོ་ཞེས་ཀྱང་བཀའ་སྩལ། མ་འོངས་པའི་དུས་ན་རྗེད་ངེས་པ་དང༌། རྒྱུད་ཉམ་ཆུང་བ་དག་འབྱུང་བར་འགྱུར་རོ། །དེ་དག་གིས་ནི་གླེང་གཞི་ཡང་ཐོན་པར་མི་འགྱུར་རོ་ཞེས་ཀྱང་བཀའ་སྩལ་ན་དེ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བར་འཁོར་དེ་དག་གིས་ནི་གླེགས་བུ་ལ་ཡི་གེར་བྲིས་ཏེ་བཅང་བར་བྱའོ། །ཞེས་གསུངས་སོ། །འདིར་འདུལ་བ་ཞེས་པ་ནི། ལུང་གཞི་དང༌། དེ་དང་ལྡན་པ་ནི། དེ་ལ་ཉེ་བར་མཁོ་བའི་ཕྲན་ཚེགས་སོགས་དང༌། སོ་སོར་ཐར་པ་ནི་དེའི་མདོ་དང༌། དེ་དང་ལྡན་པ་ལུང་རྣམ་འབྱེད་དང༌། དེ་ལ་ཉེ་བར་མཁོ་བའི་ཞུ་བ་སོགས་ཀྱང་བསྡུའོ། །གསུམ་པ་ཤི་བ་དང་བཞག་པའི་སྐབས་ལ་གཉིས་ཏེ། ཤི་བ་ལ་ཇི་ལྟར་བྱ་བ་དང༌། མཆོད་རྟེན་དང་སྐུ་གཟུགས་ཇི་ལྟར་བཞེངས་པའོ། །དང་པོ་ནི། ཚངས་པ་མཚུངས་པར་སྤྱོད་པ་སོགས་སོ། །གཉིས་པ་ནི། མཆོད་རྟེན་སོགས་སོ། །འདིར་ཀ་བ་ལྟ་བུ་ནི་གཙང་ཁང་མེད་པ་ལ་བྱ། མདབ་ནི་བུམ་རྟེན་ལ་བྱ། བུ་ཤུ་ནི་བྲེ་ལ་བྱ། གདུགས་ཀྱི་ཉུང་ཚད་ནི་བཅུ་གསུམ་སྟེ། ཡང་ན་བརྒྱ་སྟོང་བྱེ་བ་ལ་སོགས་པ་ཡང་རུང་ངོ༌། །གཉིས་པ་རུང་མཐུན་བསྡུས་ཏེ་བསྟན་པ་ནི། མི་རུང་བ་དང་མཐུན་པ་སོགས་སོ། །རུང་མཐུན་འཆའ་བའི་གཞི་ནི། རུང་མཐུན་མ་གསུངས་ཕན་ཆད་དུ་དངོས་སུ་བཀག་པ་དང་གནང་བ་གང་ཡང་མེད་པ་རྣམས་སོ། །དེ་འཆའ་བའི་རྒྱུ་མཚན་ནི། དངོས་སུ་གནང་བ་དང་བཀག་པ་རྣམས་ཀྱི་རྒྱུ་མཚན་དེ་ཉིད་དང་ལྡན་པའོ། །དགོས་པ་ནི། འདུལ་བ་ལས་བརྩམས་པའི་ཆོས་ཀྱི་ཚུལ་རྒྱ་ཆེན་པོ་ཚིག་གིས་བརྗོད་པར་མི་ནུས་པ་དག་ཀྱང་བདེ་བླག་ཏུ་རྟོགས་པའོ། །འདུལ་བའི་མདོ་ཞེས་བྱ་བ་ནས། འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ་ཞེས་པའི་བར་ནི། ལོ་ཙྪ་བ་ཆེན་པོ་དག་གིས་མཛད་པའོ།།  །།ལུང་དང་རིགས་པས་ཁ་ལོ་པས། །གང་དྲངས་རྣམ་དཔྱོད་རྟ་བརྒྱ་ཅན། །མདོ་ལུང་ཉི་མ་གསལ་པོ་ནི། །འདྲེན་བྱེད་ཤིང་རྟ་འདི་འཁྲུངས་སོ། །བརྒྱ་བྱིན་ཐོད་ཀྱི་ནོར་བུའི་ཁྲི་ལ་བསྟི་བའི་དམར་འོད་ཅན་དེ་ཐུབ་པའི་ཞབས་སེན་མིན་ནམ་གཞན་དུ་ལྷ་བརྒྱའི་གཙུག་ན་འཁོད་པའི་སྒོ་སྐབས་ཅི། །ཚེམས་དཀར་གཞོན་ནུའི་ལང་ཚོ་གཡོ་བའི་དབྱངས་སྙན་ཅན་དེ་ལེགས་གསུངས་འདུལ་བ་མིན་ནམ་གཞན་དུ་བདུད་རྩི་ཇི་བཞིན་ཀུན་གྱི་ཡིད་ལ་སིམ་པ་གང༌། །འཁོར་ཚོགས་རོལ་མཚོའི་ཕྲེང་བས་བསྐོར་ཞིང་འདུད་པའི་བརྗིད་ཆགས་གང་ཁྱོད་ཐུབ་དབང་གསེར་གྱི་ལྷུན་པོ་མིན་ནམ་གཞན་དུ་འཇིག་རྟེན་གསུམ་ལས་ཇི་ལྟར་མཐོ། །ཕྲིན་ལས་ཆུ་བོ་རྣམ་བཞིས་ཕྱོགས་བརྒྱར་འབད་ནས་དྲངས་ཀྱང་ཕྱི་ཕྱིར་འཕེལ་ཁྱོད་སྟོན་པའི་ཐུགས་མཚོ་ལགས་ཏེ་ཁྱོད་ལ་གུས་པས་ཕྱག་བགྱིའོ། །འཇིག་རྟེན་ཁམས་ཀྱི་རིན་ཐང་ཀུན། །བསྡུས་ན་བཅལ་ཡང་མི་འཕངས་པའི། །ཆོས་འདུལ་ཡིད་བཞིན་རིན་ཆེན་ནི། །དེ་རིང་བསོད་ནམས་ཟོང་གིས་ཐོབ། །སྤྱི་དོན་རིགས་པའི་ཟུར་བརྒྱད་དོད་པའི་ལུང་མང་ཐོར་ཅོག་ཅན་དེས་དོན་གྱི་མདོ་རྣམས་ངེས་བཟུང་ཞིང༌། །བསྡུས་དོན་ལུང་ཐག་གཅིག་ནས་གཅིག་ཏུ་སྦྲེལ་པའི་ཁོང་རྒྱུད་བཟང་པོས་དོན་གྱི་ཁོག་རྣམས་ལེགས་པར་འབྲེལ། །ཚིག་དོན་ནོར་བུ་བསྟར་ལ་རྒྱུས་པའི་བར་བར་དག་ན་མཐའ་ཆོད་རིགས་པའི་ཚར་ཚར་རིང་པོ་ཅན། །ངོ་མཚར་དཀའ་འགྲེལ་ཡིད་བཞིན་ཕྲེང་མཛེས་རྒྱལ་བ་ཉིད་ལ་འབུལ་གྱི་ཐུགས་རྗེའི་ཕྱག་གིས་འདི་བཟུང་ཞིག །གང་འདིས་དང་པོར་གཞུང་གི་ཚིག་ལ་སྦྱངས། །སློབ་དཔོན་གསུང་གི་བདུད་རྩི་བར་དུ་ཉན། །གཞན་དུ་ལུགས་བརྒྱ་ལྡན་པའི་སྲོལ་རྣམས་ཐོས།«་་་་་མཁས་པའི་དབང་པོ་དོན་ཡོད་དཔལ་གྱི་དྲུང་དུ། འདུལ་བ་འཛིན་པ་ཆེན་པོ་བསོད་ནམས་ཚུལ་ཁྲིམས་ཀྱི་དྲུང་དུ། དམར་སྟོན་རྒྱ་མཚོ་རིན་པོ་ཆེན་གྱི་དྲུང་དུ། »།ཡུན་རིངས་པར་དུ་བཤད་པ་གཏན་ལ་ཕབ། །དེ་ནས་ལེགས་བཤད་ནོར་བུ་འབར་བའི་ཏོག །རྣམ་བཤད་རྒྱལ་མཚན་རྩེ་ལ་འདིར་བཀོད་ཀྱི། །ཐུབ་བསྟན་ཁང་བཟངས་མཛེས་པའི་རྒྱན་ཕྲེང་དང༌། །བློ་གསལ་མང་པོའི་རེ་བ་བསྐོང་བྱེད་ཤོག །ཅེས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པའི་རྣམ་བཤད། མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ཞེས་བྱ་བ་འདི་ནི། གངས་ཅན་གྱི་འདུ་བ་འཛིན་པ་ཆེན་པོ་སྐྱོར་མོ་ལུང་པ་བསོད་ནམས་ཚུལ་ཁྲིམས་ཀྱི་གསུང་གི་བདུད་རྩི་རིང་དུ་མྱངས་པས། མདོ་འགྲེལ་གྱི་དོན་ལ་ངེས་པ་རྙེད་པའི་དགེ་སློང༌། ཡུལ་དབུས་ཀྱི་འདུལ་བ་འཛིན་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མྱོས་ལྡན་ཞེས་པ་ཤིང་མོ་ལུག་གི་ལོ་ཐ་སྐར་གྱི་ཉ་ཡོངས་སུ་གང་བའི་ཉིན་སྟན་གཅིག་པ་བློ་གྲོས་བརྟན་པ་ལ་སོགས་པ་དོན་དུ་གཉེར་བ་དུ་མའི་ངོར་བགྱིས་ནས། གཙང་གཡས་རུའི་སའི་ཐིག་ལེ་ཁྱུང་ཚང་ཤར་གྱི་དབེན་གནས་དམ་པར་གྲུབ་པའི་ཡི་གེ་པ་«་་་་་པཎ་ཆེན་རིན་པོ་ཆེ་དགུང་ལོ་ཞེ་བརྒྱད་པའི་སྟེང་དུ་མཛད་པ་ཡིན་ཏེ། དེ་ཉིད་ཀྱི་དགུང་སྙིང་ས་ཕོ་སྤྲེའུ་ཡིན་པས་སོ།། »ནི་རྐོང་སྟོན་མགོན་པོ་རྒྱལ་མཚན་ནོ། །འདིས་ཀྱང་བསྟན་འཛིན་ཐམས་ཅད་ཐུགས་མཐུན་ཤིང་དྲི་མ་མེད་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།  །།མངྒ་ལཾ།།  །།བྷ་ཝནྟུ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*