འདུལ་བ་མདོའི་དཀའ་བའི་གནས་རྣམ་པར་བཤད་པ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ། ཁ ༽

འཆགས་པ་སྟེ་སྤྱོད་ལམ་བཞིའི་སྣོད་མ་ཡིན་པའི་ཁང་པ་ཉིད་བྱས་པ་ལ་ཆོས་ཅན། ཁང་པ་དང་ཁང་ཆེན་དུ་གཏོགས་པའི་ཉེས་པ་མེད་དེ། ཁྱོད་ལ་ཁང་པའི་ཐ་སྙད་མི་འདོགས་པའི་ཕྱིར། དགེ་སློང་ལག་གི་བླ་དགེ་སློང་གཞན་གྱིས་ཁང་པ་བྱེད་པར་བསྐོས་པ་ཉིད་དང༌། དེས་དེར་མ་བསྐོས་པ་ཉིད་དག་ནི་ཆོས་ཅན། ཁང་པ་དང་ཁང་ཆེན་གྱི་ལྟུང་བ་སྐྱེད་པའི་གཙོ་བོར་གྱུར་པའི་རྒྱུ་ཉིད་མ་ཡིན་ཏེ། ཁྱོད་མེད་ཀྱང་དེ་འབྱུང་བའི་ཕྱིར། དགེ་སློང་རང་གི་ལག་གི་བླ་གཞན་བསྐོས་པས་ཁང་པ་དང་ཁང་ཆེན་གྱི་ལྟུང་བ་སྐྱེད་པའི་རྒྱུ་ཚོགས་བྱས་པ་ནི་ཆོས་ཅན། སྐབས་འདིའི་སེལ་བ་མ་ཡིན་ཏེ། ལྟུང་བ་འབྱིན་པ་པོ་དགེ་སློང་རང་ཉིད་ཀྱིས་ལྟུང་བའི་རྒྱུ་ཚོགས་ཚང་མར་བྱས་པ་དང་འདྲ་བའི་ཕྱིར། དགེ་སློང་རང་ཉིད་ཀྱིས་ཁང་པའི་ཆོ་ག་ཇི་སྐད་བསྒོ་བ་བཞིན་དུ། ལག་གི་བླས་མི་བྱེད་པ་ལ་ལུས་དང་ངག་གིས་ནོད་ཅིང་དང་དུ་ལེན་པ་ནི་ཆོས་ཅན། སྐབས་འདིའི་སེལ་བ་མ་ཡིན་ཏེ། རང་ཉིད་ཀྱི་ལྟུང་བའི་རྒྱུ་ཚོགས་ཚང་མར་བྱས་པ་དང་འདྲ་བའི་ཕྱིར། ཁང་པ་བརྩིགས་པའི་བྱ་བ་སྔ་ཕྱིར་བྱས་པ་ནི་ཆོས་ཅན། བསམ་རྒྱུན་ཐ་དད་ཀྱིས་བར་དུ་མ་ཆོད་ན་ལྟུང་བ་གཅིག་ཉིད་ཀྱི་བྱེད་པ་པོ་ཡིན་ཏེ། ཐ་དད་དུ་འཇོག་པའི་རྒྱུ་མ་ཚང་བའི་ཕྱིར། གཞི་མ་དག་པ་ལ་སོགས་པའི་ཡན་ལག་མང་པོ་རྣམས་ནི་ཆོས་ཅན། ལྟུང་བ་ཐ་དད་པ་མང་པོའི་བྱེད་པ་པོ་མ་ཡིན་ཏེ། ལྟུང་བ་གཅིག་སྐྱེད་པའི་རྒྱུ་ཚོགས་ཡིན་པའི་ཕྱིར། དེ་ལྟར་བཤད་པ་ན་དོན་འདི་དག་འབྱུང་སྟེ། དགེ་སློང་ལག་གི་བླས་རང་དོན་དུ་ཁང་པ་བྱས་པ་དང་གཞན་དོན་དུ་བྱས་པ་གཉིས་ཀ་ལ་ཁང་པའི་ལྷག་མ་བསྐྱེད། ཡང་དགེ་སློང་འགའ་ཞིག་གིས་ལག་གི་བླ་བསྐོས་ཏེ་ཁང་པ་བྱེད་དུ་བཅུག་པ་དང༌། མ་བསྐོས་པར་དེས་བྱས་པ་དང་དུ་ལེན་ན་གཉིས་ཀ་ལ་ལྷག་མ་སྐྱེད་པར་བཞག་གོ །དེས་དེ་དང་དུ་མ་བླངས་ཀྱང་དགེ་སློང་ལག་གི་བླ་ལ་ལྟུང་བ་འདི་རྫོགས་པར་སྐྱེད་པ་ཡིན་ནོ། །ལྟུང་བ་རྣམ་བཞག་གི་ངག་དོན་ནི། བཅས་ལྡན་དགེ་སློང་ཉེར་དགའ་ཆོས་ཅན། ཁྱོད་ལ་ཁང་པའི་ལྷག་མ་བསྐྱེད་པ་ལ་ཡན་ལག་གཅིག་གིས་ཆོག་པ་མ་ཡིན་ཏེ། དེ་ལ་ཡོ་བྱད་ཀྱི་ཁྱད་པར་ས་གཞི་ཉོ་ཞིང་གླ་མི་སོགས་རང་ལས་རྫས་ཐ་དད་པའི་མིའི་ཡུལ་ལས་བཙལ་བ་དང༌། དེས་ཀྱང་རྗེས་སུ་གནང་བ་དང༌། གནས་ཀྱི་ཁྱད་པར་གཞི་མ་དག་པ་དང་མ་བསྟན་པར་དགོས་པའི་ཁྱད་པར་རམ་གཞན་གཅིག་གི་དོན་དུ། བྱེད་ལས་ཀྱི་ཁྱད་པར་ཚད་ལས་ལྷག་པར་བྱས་ན་ལྷག་མ་དེར་འགྱུར་གྱི། གཞན་དུ་མི་འགྱུར་བའི་ཕྱིར། འདིར་དེས་རྗེས་སུ་གནས་པ་ལའོ་ཞེས་དང༌། གནས་བྱེད་དུ་བཅུག་ནའོ། །ཞེས་པའི་མདོ་གཉིས་ཀྱིས་ལག་གི་བླ་བསྐོས་ནས་བྱེད་དུ་བཅུག་པའི་ཁྱད་པར་དེ་བསྟན་ནོ། །ཡང་དེ་ཆོས་ཅན། ཁྱོད་ལ་ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ་ཡན་ལག་གཅིག་གིས་ཆོག་པ་མ་ཡིན་ཏེ། བཙལ་བ་དང་ཚད་ལྷག་པ་མ་གཏོགས་པའི་ཡན་ལག་བཤད་མ་ཐག་པའི་ཡན་ལག་རྣམས་མེད་ན་དེ་མི་འབྱུང་བའི་ཕྱིར། འོ་ན་གཞི་མ་དག་པ་དེ་གང་ཞེ་ན། མི་རུང་བ་ཉིད་དང་ཅེས་སོགས་སོ། །དེ་དག་ཀྱང་གང་ཞེ་ན། སྐྱེ་བ་པོ་སོགས་སོ། །ཚད་དེ་གང་ཞེ་ན། ཚད་དང་ལྡན་པའི་ཞེས་སོགས་ཏེ། ཁང་པའི་ནང་གི་སྲིད་དུ་ཁྲུ་བཅོ་བརྒྱད། ཞེང་དུ་ཕྱེད་དང་བཅུ་གཅིག་གོ །འོ་ན་མ་བསྟན་པ་གང་ཞེ་ན། དེ་ཟློག་པའི་སྒོ་ནས་འཆད་པ་ནི། དགེ་འདུན་ལ་སོགས་སོ། །བསླབ་བྱ་ནི་མ་དག་པ་སོགས་སོ། །ལྟུང་མེད་ནི་བྱས་པ་རྙེད་པ་དང་སོགས་སོ། །འདིར་ཉིད་ཀྱི་རྣམ་བཤད་ལས། ཡན་ལག་ཐམས་ཅད་ཚང་ན་མཐར་དངོས་གཞི། སྔར་སྦོམ་པོའོ། །བཙལ་ཞིང་ཚད་ལས་ལྷག་པར་བྱེད་ལ་གཞི་མ་དག་པ་དང༌། མ་བསྟན་པ་གཉིས་མ་ཚང་ན། མཐར་སྦོམ་པོ་སྔར་ཉེས་བྱས། བཙལ་ཞིང་ཚད་ལས་ལྷག་པར་མི་བྱེད་ན། གཞི་མ་དག་པ་སོགས་ཡོད་རུང་མེད་རུང་མཐར་སྦོམ་པོ། སྔར་ཉེས་བྱས། ཚད་ལས་ལྷག་པར་བྱེད་ཅིང་མ་བཙལ་ན། གཞི་མ་དག་པ་སོགས་ཡོད་ཀྱང་མཐར་སྦོམ་པོ། སྔར་ཉེས་བྱས། མ་བཙལ་ཚད་ལས་ལྷག་པ་མི་བྱེད་ན། གཞི་མ་དག་པ་སོགས་ཡོད་ཀྱང་ཉེས་བྱས་ཁོ་ནར་གསུངས་སོ། །འདི་དག་གི་དོན་ལ་བཏགས་ན་ཁང་པ་དང་ཁང་ཆེན་གྱི་བསྟན་པ་བསྟན་དུ་རུང་བ་ལ། ས་གཞི་དག་པ་བཙལ་ཞིང་ཡོ་བྱད་མ་འཚལ་བ་ཞིག་དགོས་པར་མངོན་ལ། མདོ་དང་འགྲེལ་ཆེན་གྱི་འཕྲོས་ལ་ལྟས་ན། ཡན་ལག་གཞན་རྣམས་མ་ཚང་ན་ཡོ་བྱད་བཙལ་བས་ཀྱང་བསྟན་པ་གསལ་དུ་རུང་བར་གསལ་ལོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི། ཚོགས་ཀྱི་དོན་དུའོ་ཞེས་པའོ། །འོ་ན་ཁང་པ་གཉིས་པོའི་ཁྱད་པར་གང་ཞེ་ན། ལུང་དུ་ཆེན་པོ་ཞེས་བྱ་བ་ནི་གཉིས་ཏེ། སྦྱིན་པར་བྱ་བ་ཆེན་པོ་དང༌། ཚད་ཆེན་པོའོ། །འདིར་ནི་སྦྱིན་པར་བྱ་བ་ཆེན་པོ་ལ་དགོངས་པ་ཡིན་གྱི། ཚད་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་པས་དཀོན་མཆོག་གསུམ་པོ་གང་རུང་གི་ཁང་པ་ལ་བྱེད་པར་བུ་སྟོན་རིན་པོ་ཆེ་བཞེད་དོ། །སློབ་དཔོན་དམར་སྟོན་པའི་གསུང་གིས་ཚོགས་ཞེས་པ་ཁྱིམ་པ་བཞིར་ལོངས་ཡན་ཆད་ཀྱི་ཁང་པས་ཆོག་པར་འགྲེལ་པ་དང༌། བམ་ལྔ་ལས་གསལ་ལོ་ཞེས་གསུངས། འདི་ལ་ཚད་ཀྱི་ངེས་པ་མ་བཤད་པ་ནི། དུ་མའི་ཁང་པ་ཡིན་པ་ལ་དགོངས་སོ། །གཉིས་པ་ཞུ་བ་ཐུན་མོང་བ་ལ། སྦོམ་པོ་དང༌། ཉེས་བྱས་གཉིས། དང་པོ་ནི། བརྩོམ་པ་སོགས་སོ། །འདིར་དུ་མའི་དོན་ལ་སྦོམ་པོར་གསུངས་པ་ནི་ཚོགས་སུ་མ་ལོངས་པའི་དུ་མ་ཡིན་ལ། འདིའི་དོན་ལ་དམར་སྟོན་པ་ཡན་ལག་གཞན་རྣམས་ཡོད་ན། གཉིས་དང་གསུམ་གྱི་དོན་དུ་བྱེད་པ་སྦོམ་པོ་ཡིན། ཞེས་གསུང་པ་ནི་བརྟག་དགོས་ཏེ། དེ་ལ་ཁང་པའི་ལྷག་མ་འབྱུང་མི་འབྱུང་བརྟག་དགོས་པའི་ཕྱིར་དང༌། འདི་ཞུ་བ་ཐུན་མོང་བ་ཡིན་པའི་ཕྱིར། མ་བསྐོས་པར་ཞེས་པའི་དོན་ཚོལ་བ་པོའི་དགེ་སློང་དེའམ། དང་པོའི་བདག་པོ་གནས་པ་པོ་དེས་མ་བསྐོས་པར་གནས་བྱེད་དུ་འཇུག་པའི་མཐའ་ཡང༌། དེ་དང་འདྲའོ་ཞེས་པ་སྦོམ་པོའོ། །འདི་ཕམ་པར་མི་འགྱུར་ཏེ། གང་དབང་བ་དེའི་དོན་དུ་བརྩིག་དུ་འཇུག་པའི་ཕྱིར། དངོས་གཞིར་མི་འགྱུར་ཏེ། བཙལ་བ་མ་ཚང་བའི་ཕྱིར། མདོ་འདི་དང༌། གོང་དུ་མ་བསྐོས་པ་གཙོ་བོ་ཉིད་མ་ཡིན་ཞེས་གསུངས་པ་གཉིས་མི་འགལ་བར་འཆད་དགོས་སོ། །དེ་ཡང་སྔ་མ་ནི། བདག་པོ་དེས་མ་བསྐོས་ཀྱང་ལག་གི་བླ་རང་ཉིད་ཀྱིས་བདག་པོའི་དོན་དུ། ས་གཞི་སོགས་བཙལ་ནས་དེའི་དོན་དུ་ཁང་པ་བྱས་པས་ལྷག་མར་འགྱུར་ལ། འདི་ནི་དེའི་དོན་དུ་དེ་དེས་ཚོལ་མ་དགོས་པར་ཁོ་རང་དབང་བའི་ས་གཞི་དེར། ཁོ་ཉིད་ཀྱི་ཡོ་བྱད་ཀྱིས་ཁོ་ལ་མ་དྲིས་པར་ཁོའི་དོན་དུ་བྱས་པ་ན། སྦོམ་པོའོ། །གང་ཟག་རང་གི་ཡོ་བྱད་ཀྱིས་གནས་བྱེད་དུ་འཇུག་པའི་མཐའ་ཡང་དེ་དང་འདྲའོ་སྟེ་སྦོམ་པོའོ། །འདི་ཁང་པའི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པར་འཆད་དོ། །སྐབས་འདིའི་རྒྱ་དཔེ་དང་རང་འགྲེལ་ན་རང་བཞིན་མི་མཐུན་པའི་ཞལ་ལྟ་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་པའི་མདོ་གཅིག་ཡོད་པར་བུ་སྟོན་རིན་པོ་ཆེ་གསུང་ངོ༌། །གཉིས་པ་ནི། གསོལ་བའི་འོག་ཏུ་སོགས་སོ། །དེ་ཡང་ཁང་པ་ལ་ས་གཞི་དག་པ་བཙལ་ནས་བསྟན་པ་གསོལ་དགོས། ཁང་ཆེན་ལ་ས་གཞི་དང་ཡོ་བྱད་ཀྱང་བཙལ་ནས་བསྟན་པ་གསོལ་དུ་རུང་བར་འཆད་དགོས་སོ། །གཉིས་པ་གནོད་པ་ལས་གྱུར་པ་ལ། གཞི་མེད་དང༌། བག་ཙམ་གཉིས་ཏེ། འདི་གཉིས་ནི་རྣམ་འབྱེད་སོ་སོ་བ་དང༌། ཞུ་བ་ཐུན་མོང་བ་གཉིས་ཀྱིས་འཆད་དོ། །དང་པོ་ལ། ཐུན་མོང་བ་རྣམས་གཞི་མེད་ལ་མཚོན་ཏེ་བཤད། ཐུན་མོང་མ་ཡིན་པ་བག་ཙམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ཕམ་པར་འགྱུར་བ་སོགས་སོ། །གཉིས་པ་ནི་དེ་ནི་སོགས་སོ། །གསུམ་པ་བསྒོ་བ་ལས་གྱུར་པ་ལ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ། རྫོགས་པར་བྱེད་པ་རྐྱེན་གྱིས་ཐུན་མོང་བ། འཇུག་པ་སྦྱོར་བའི་ཐུན་མོང་བ། བསླབ་པར་བྱ་བའི་ཐུན་མོང་བ། མཐར་ཐུག་གི་ཐུན་མོང་བ་བཞིའོ། །དང་པོ་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། རང་རང་གི་སྦྱོར་དངོས་ཀྱི་ལྟུང་བ་བསྐྱེད་པ་གཞམ་བསྒོ་ལ་སོགས་པའི་ཟློག་ཚུལ་ལྔ་པོ་གང་རུང་ལ་ལྟོས་པའི་ཕྱིར་དེ་སྐད་ཅེས་བྱའོ། །མཚན་ཉིད་ཀྱང་དེ་ཉིད་དོ། །དབྱེ་བ་ནི་བོད་སྔ་མ་རྣམས་བཅུར་འཆད་ལ། བོད་ཕྱི་མ་རྣམས་སྐབས་འདིའི་བཞི་པོ་ཁོ་ན་ལ་འཆད་དོ། །བཅུ་གང་ཞེ་ན། དགེ་སློང་ཕ་ལ་ལྔ་དང༌། མ་ལ་ལྔའོ། །དང་པོ་ནི། དགེ་འདུན་དབྱེན། དེར་རྗེས་ཕྱོགས། ཁྱིམ་སུན་འབྱིན། བཀའ་བློ་མི་བདེ་བ། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དོ། །གཉིས་པ་ནི། དཀོན་མཆོག་གཏོང༌། འཐབ་གྲོལ་བྱེད། སྡེ་ཞིང་གནས་འཇུག་བཟློག་པའི་ཕམ་པའོ། །བཅུ་པོ་དེ་ལ་ཁྱབ་བྱེད་དུ་རྗེས་སུ་འགྲོ་བའི་གཞུང་ཐུན་མོང་བ་རྣམས་བསྡུས་ནས་འདིར་བསྟན་པའི་དགོས་པ་ནི། བཅུ་པོ་དེ་བཟློག་པ་དང་འབྲེལ་བ་དང༌། བཟློག་ཚུལ་མཚུངས་པ་དང༌། བཟློག་པའི་གྲངས་ཀྱིས་ལྟུང་བའི་གྲངས་སུ་འགྱུར་བར་གོ་བ་དང༌། ཚིག་ཚེགས་ཆུང་བའི་དགོས་པ་རྣམས་ཡོད་དོ། །འོ་ན་དེའི་གྲངས་ཀྱིས་དེའི་གྲངས་སུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། ཊཱི་ཀ་ལས། འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་གཞན་མ་བསྟན་པས། གཞམས་ཏེ་བསྒོ་བ་དང༌། གསོལ་བ་ལ་སོགས་པའི་འོག་དང༌། སྔ་རོལ་ཡང་ཡིན་པར་རིག་པར་བྱའོ། །ཞེས་གསུང་བ་ལ་བརྟེན་ནས་བོད་སྔ་མ་རྣམས་མཐའི་ལྟུང་བ་ལྔ་པོ་ལས་མ་གཏོགས་པའི་བར་འཇུག་དང༌། བརྩོམ་འཇུག་གི་ལྟུང་བ་ལྔ་ལྔ་བསྐྱེད་པར་གསུངས་པས། དབྱེན་གྱི་ལྷག་མ་ལྟ་བུ་གཅིག་ལ་སྦྱོར་དངོས་ཀྱི་ལྟུང་བ་བཅོ་ལྔ་འབྱུང་བ་ཡིན་ནོ། །ཞེས་ཟེར་བའི་ལུགས་གཅིག་དང༌། སྦྱོར་དངོས་ཀྱི་ལྟུང་བ་བཅུ་བསྐྱེད་དོ་ཞེས་གསུངས་པའི་ལུགས་གཅིག་དང༌། ལྔ་བསྐྱེད་དོ་ཞེས་ཟེར་བའི་ལུགས་གཅིག་དང༌། ཡང་སློབ་དཔོན་མང་པོ་དག་གིས་གཞམ་བསྒོའི་སྔ་རོལ་གྱི་བརྩོམ་འཇུག་གི་ལྟུང་བ་དེ་གྲངས་སུ་བགྲངས་ནས་བཅུ་བདུན་ནོ། །ཞེས་ཟེར་བ་དང༌། བཅུ་གཅིག་ཟེར་བ་དང༌། དྲུག་གོ་ཟེར་བ་རྣམས་སྣང་ཡང་ཕལ་ཆེར་མི་འཐད་པར་རྟོགས་སླ་བས། རང་ལུགས་ནི་ལྔ་ཡིན་ཏེ། ཟློག་པའི་གྲངས་དང་མཐུན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། འདི་དག་ནི་ཟློག་པ་དང་འབྲེལ་བ་ཡིན་པའི་ཕྱིར། ཟློག་པ་ཇི་སྙེད་པ་ལ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ། །ཞེས་གསུངས་པས་སོ། །འོ་ན་ཐོག་མའི་བརྩོམ་འཇུག་དེ་ཅི་ཞེ་ན། དེ་སྤྱིར་དགེ་འདུན་དབྱེན་ལ་སོགས་པའི་ལྟུང་བ་ཡིན་ཀྱང༌། བསྒོ་བ་ལ་ལྟོས་པའི་ཕྱིར། བསྒོ་གྱུར་གྱི་ལྟུང་བའི་གྲངས་སུ་མི་བགྲང་ངོ་ཞེས་སློབ་དཔོན་དམར་སྟོན་པ་གསུང་ངོ༌། །འོ་ན་དེ་དག་ལས་སྦྱོར་བའི་ལྟུང་བ་དུ་ཞེ་ན། ཇི་སྐད་དུ། ཟློག་པ་སྦྱོར་བར་གྱུར་པ་ལ་ལྟུང་བ་ཡང་སྦྱོར་བར་གྱུར་པ་ཉིད་དོ། །ཟློག་པ་མཐར་ཐུག་པ་ན་ལྟུང་བ་ཡང་མཐར་ཐུག་པ་ཉིད་དོ་ཞེས་གསུངས་པ་ལྟར་བཟུང་ངོ༌། །གཉིས་པ་གཞུང་གི་དོན་ལ་བཅས་ལྡན་དགེ་སློང་བསྒོ་བ་ལས་འགྱུར་བའི་ལྟུང་བ་བཅུ་པོ་གང་རུང་ལ་ཞུགས་པ་ན། ཡུལ་དགེ་སློང་གི་དགེ་འདུན་གྱིས་བཟློག་པའི་ཚུལ་ལམ་ཐབས་རྣམ་པ་ལྔ་པོས་བཟློག་ཏུ་ཟིན་ཀྱང༌། མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ནི་ཆོས་ཅན། ལྟུང་བ་གཅིག་ཁོ་ནའི་བྱེད་པ་པོ་མ་ཡིན་ཏེ། བཟློག་པའི་གྲངས་དང་རྗེས་སུ་མཐུན་པའི་ལྟུང་བ་སྐྱེད་པའི་བྱེད་པ་པོ་ཡིན་པའི་ཕྱིར། ཡང་རང་བཞིན་ནི་རྗེས་སུ་མཐུན་ནོ་ཞེས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དགེ་འདུན་དབྱེན་ལྟ་བུ་རྗེས་བསྒྲུབ་མང་པོ་རྣམས་དང༌། དེར་རྗེས་ཕྱོགས་ལྟ་བུ་རྗེས་བསྒྲུབ་ཉུང་ངུ་སྦྱོར་ལྟུང་མང་ཉུང་གི་ཁྱད་པར་ཡོད་དམ་སྙམ་པའི་དོགས་པ་སེལ་བའི་ཆེད་ཡིན་པས་སོ། །འོ་ན་འདིའི་སྐབས་ཀྱི་སྦྱོར་བ་དང་པོ་གསུམ་པོ་དེ། དངོས་གཞིའི་སྦྱོར་བ་ཡིན་ནམ། སྦྱོར་བའི་སྦྱོར་བ་ཡིན་ཞེ་ན། སྦྱོར་བའི་སྦྱོར་བ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་དེའི་ཉེས་པ་དེ་སྦོམ་པོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་བརྗོད་པ་གསུམ་གྱི་མཐའ་ལ་མ་བཏང་ན་ལྟུང་བར་འགྱུར་བ་ཡིན་མོད། གསོལ་བའི་མཐའ་ལ་བཏང་ན་དེར་མི་འགྱུར་ཏེ། གསོལ་བ་ནི་དགེ་འདུན་ཐུགས་བསྟུན་པ་ཙམ་ཡིན་གྱི་བཟློག་པ་དངོས་མ་ཡིན་པའི་ཕྱིར་སྙམ་ན། བཅས་ལྡན་དགེ་སློང་གིས་དགེ་འདུན་གྱི་དབྱེན་ལ་སོགས་པ་ལ་ཞུགས་པ་ན། དགེ་འདུན་གྱིས་གཞམ་བསྒོ་སྔོན་དུ་བཏང་ནས་དགེ་འདུན་གྱིས་གསོལ་བའི་ལས་ནི་ཆོས་ཅན། ཁྱོད་ཀྱི་མཐའ་ལ་མ་གཏང་ན་ལྟུང་བ་མི་སྐྱེད་པ་མ་ཡིན་ཏེ། ཁྱོད་བཟློག་པ་དངོས་དང་འདྲ་བ་ཉིད་ཡིན་པའི་ཕྱིར། འོ་ན་གསོལ་བ་ལ་སོགས་པའི་ཚིག་གིས་སྐད་ཅིག་མ་རེ་རེའི་མཐའ་ལ་མ་གཏང་ནའང་ལྟུང་བ་ཐ་དད་པ་རེ་རེ་བསྐྱེད་དམ་ཞེ་ན། བཟློག་ཚུལ་ལྔ་པོ་སོ་སོའི་ཚིག་གི་སྐད་ཅིག་མ་མང་པོ་རྣམས་ནི་ཆོས་ཅན། བཟློག་ཚུལ་སོ་སོ་བ་མ་ཡིན་ཏེ། བསྡོམས་ནས་བཟློག་པ་གཅིག་ཉིད་དུ་འཇོག་པའི་ཕྱིར། འོ་ན་བརྗོད་པ་གསུམ་པོ་ཡང་བཟློག་པ་གཅིག་ཉིད་དུ་ཐལ་ལོ་ཞེ་ན། བཟླས་པ་གསུམ་ནི་ཆོས་ཅན། ལྟུང་བ་གཅིག་ཁོ་ནའི་བྱེད་པོ་ཡིན་ཏེ། བཟློག་ཚུལ་ཐ་དད་པ་ཉིད་ཡིན་པའི་ཕྱིར། འོ་ན་འཇུག་བསྡུད་ཀྱི་མཐའ་ལ་ཡང་ལྟུང་བ་གཅིག་བསྐྱེད་དམ་ཞེ་ན། ལས་ཀྱི་འཇུག་བསྡུད་པ་ནི་ཆོས་ཅན་བཟློག་པ་དངོས་སམ་དེ་དང་འདྲ་བ་ཡང་མ་ཡིན་ཏེ། ལས་བྱས་པ་གོ་བར་བྱེད་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། བཟློག་པའི་གྲངས་དང་མཉམ་པའི་ལྟུང་བ་བསྐྱེད་ན། ཐམས་ཅད་དངོས་གཞིའི་ལྟུང་བ་ཡིན་ནམ་ཞེ་ན། གཞམ་བསྒོ་སྔོན་དུ་གཏང་ནས་བཅས་ལྡན་དགེ་སློང་གིས། དབྱེན་ལ་སོགས་པ་བརྩོམ་པ་ལ་འཇུག་པའི་ལྟུང་བ་ནི་ཆོས་ཅན། དངོས་གཞི་མ་ཡིན་ཏེ། སྦྱོར་བའི་ལྟུང་བ་སྦོམ་པོ་ཉིད་ཡིན་པའི་ཕྱིར། འདིར་བཟློག་ཚུལ་སྔ་མའི་མཐའ་ལ་མི་གཏོང་བའི་ལྟུང་བ་དང༌། བཟློག་ཚུལ་ཕྱི་མ་བརྩོམ་པ་ལ་འཇུག་པའི་ལྟུང་བ་གཉིས་དོན་གཅིག་ལ་འདུ་བས་ཐ་དད་དུ་བགྲང་བར་བྱ་བ་མ་ཡིན་ནོ། །འོ་ན་བསྒོ་གྱུར་བརྩོམ་འཇུག་གི་ལྟུང་བ་ཡིན་ན་སྦོམ་པོ་ཡིན་པས་ཁྱབ་བམ་ཞེ་ན། ཁྱིམ་སུན་འབྱིན་པའི་དགེ་སློང་ལ་བསྐྲད་པ་ནན་ཏུར་དང༌། བཀའ་བློ་མི་བདེ་བ་ལ་གླེང་དྲན་མ་བྱས་པའི་གོང་གི་བརྩོམ་འཇུག་ནི་ཆོས་ཅན། སྦོམ་པོ་མ་ཡིན་ཏེ། སྦྱོར་བ་དེའི་ཡང་སྦྱོར་བ་ཉེས་བྱས་ཡིན་པའི་ཕྱིར། གསུམ་པ་ནི། དེ་གཉིས་ལ་ཆོས་ཅན། གཞམས་ཏེ་བསྒོ་བའི་ལས་མི་བྱ་བ་ཉིད་ཁོ་ན་ཡིན་ཏེ། དེ་ལྟར་བྱས་ཀྱང་མི་ཆགས་པའི་ཕྱིར། དེ་འདྲ་ཆགས་པའི་དགེ་སློང་དེ་དག་ལ་ཆོས་ཅན། དགེ་འདུན་གྱིས་གཞམ་པ་དང༌། ལས་ཀྱི་མི་བསྒོ་བར་མི་བྱ་སྟེ། ངེས་པར་བསྒོ་དགོས་པའི་ཕྱིར། བཞི་པ་ནི། དེ་དེ་ལ་ཞུགས་པ་དགེ་འདུན་གྱི་བཟློག་ཚུལ་ལྔ་བྱས་པ་དེའི་མཐའ་ལ་མི་གཏོང་ན་ཆོས་ཅན། བསྒོ་གྱུར་དངོས་གཞིའི་ལྟུང་བ་སྐྱེ་བ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། གཉིས་པ་ཐུན་མོང་མ་ཡིན་པ་ལ་བཞི་སྟེ། དགེ་འདུན་དབྱེན་གྱི་ལྷག་མ། དེར་རྗེས་ཕྱོགས་ཀྱི་དང༌། ཁྱིམ་སུན་འབྱིན་པའི་དང༌། བཀའ་བློ་མི་བདེ་བའི་ལྷག་མའོ། །དང་པོ་ལ་སྤྱིའི་དང༌། གཞུང་ངོ༌། །དང་པོ་ནི། ཇི་སྐད་དུ། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་བ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཞེས་སོགས་རྒྱས་པར་གསུངས་པ་རྣམས་སོ། །འདི་ལ་ཁ་ཅིག་ན་རེ། འདི་སྐྱེད་པ་ལ་སྟོན་པ་བཞུགས་པ་ཡན་ལག་ཏུ་དགོས་པ་ཡིན་ཏེ། ཇི་སྐད་དུ། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང༌། །མཚམས་མ་བཅད་པ་དག་ཏུ་ཡང༌། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ༌། །ཞེས་གསུངས་སོ། །ཞེས་ཟེར། དེ་ནི་རིགས་པ་མ་ཡིན་ཏེ། འོ་ན་བསྟན་པ་འདི་ལ་དབྱེན་གྱི་ལྷག་མ་མི་སྲིད་པར་ཐལ་བ་དང༌། དགེ་སློང་མ་ལ་དགེ་འདུན་དབྱེན་གྱི་ལྷག་མ་མི་སྲིད་པར་ཐལ་བ་དང༌། དགེ་འདུན་དབྱེན་གྱི་ལྷག་མ་ཡིན་ན་མཚམས་མེད་ཡིན་པས་ཁྱབ་པར་ཐལ་བ་རྣམས་འཇུག་གོ །དེས་ན་རང་གི་ལུགས་ནི། མཚམས་ནང་གཅིག་ན་དབྱེ་བྱ་དགེ་འདུན་གྱི་ཚད་དུ་ལོངས་པ་གཉིས་འབྱེད་མཁན་བཅས་ལྡན་དགེ་སློང་ལྟ་བ་སྤྱད་པ་ཚུལ་ཁྲིམས་དང་ལྡན་པ་ཞིག་གིས་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བའམ། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པར་བརྩོམ་པ་ལ་དགེ་འདུན་གྱིས་བཟློག་ཚུལ་རྣམ་པ་ལྔ་བྱས་ཤིང་འཆགས་པའི་མཐར། མི་གཏོང་ན་དབྱེན་གྱི་ལྷག་མའོ། །དེ་སྐད་དུ་ཡང༌། དགེ་འདུན་གྱི་དབྱེན་ནི་ཆོས་ལས་ཐ་དད་དངོས་པོར་གསོལ་བའམ། དོན་དེས་ཚུལ་ཤིང་ལེན་དུ་གཞུག་པས་སོ། །ཞེས་སོགས་གསུངས་སོ། །དེ་ལྟར་ན་དབྱེན་གྱི་ལྷག་མ་ཡིན་ན། འཁོར་ལོའི་དབྱེན་གྱི་ལྷག་མ་ཡིན་དགོས་ཏེ། འདུལ་བའི་ལུང་ལས། དབྱེན་ལ་ལས་བྱེ་བ་དང༌། འཁོར་ལོ་བྱེ་བ་གཉིས་ལས་མ་བཤད་ཅིང༌། ལས་བྱེ་བ་ལ་ལྷག་མར་བཤད་པའི་སྐབས་མེད་པའི་ཕྱིར། འཁོར་ལོའི་དབྱེན་ཡིན་པ་ལ་མཚམས་མེད་ཀྱིས་མ་ཁྱབ་སྟེ། མཚམས་མེད་དུ་འགྱུར་བ་ལ་མཛོད་ནས་བཤད་པའི་ཡན་ལག་རྣམས་ཚང་དགོས་པའི་ཕྱིར། དབྱེན་གྱི་མཚམས་མེད་ཡིན་ན་ལྷག་མ་ཡིན་པས་ཀྱང་མ་ཁྱབ་སྟེ། དགེ་སློང་ལྷ་བྱིན་གྱིས་རྒྱུད་ཀྱི་དབྱེན་གྱི་མཚམས་མེད་བཞིན་ནོ། །དེ་ལ་དེའི་ལྷག་མ་མ་བྱུང་སྟེ། དེའི་ཚེ་དབྱེན་གྱི་ལྷག་མའི་བཅས་པ་མ་མཛད་པའི་ཕྱིར། དེར་རྗེས་ཕྱོགས་ཀྱི་ལྷག་མ་ལ་ཡང་རྣམ་པར་བཞག་པ་འདི་དག་མཚོན་ནས་ཤེས་དགོས་སོ། །གཉིས་པ་གཞུང་གི་དོན་ནི། བརྡུལ་བར་བྱེད་དོ་ཞེས་པ་བཤད་པའི་གཞི། གང་ལ་ན་དབྱེན་ལའོ། །སུའི་དབྱེན་ཅེ་ན་དགེ་འདུན་གྱིའོ། །བརྡུལ་བ་ཞེས་པ་ནི་ཕ་རོལ་གནོན་པ་ལ་ཟེར་བ་ཡིན་ནོ། །མདོར་ན་འདིར་བསྟན་དབྱེན་གྱི་ལྷག་མ་ཡིན་ན་མཚམས་མེད་མིན་དགོས་ཏེ། འདི་སྤོ་མགུ་ལ་སོགས་པ་ཕྱིར་བཅོས་ཀྱིས་བཅོས་སུ་ཡོད་ལ། མཚམས་མེད་ལ་དེ་མི་རུང་བའི་ཕྱིར། དེ་ཡིན་ན་ཡང་འདི་མ་ཡིན་དགོས་ཏེ། མཚམས་མེད་བྱུང་ན་སྡོམ་པ་གསོ་བའི་ལྷག་མ་མ་ལུས་པས་ཁྱབ་པའི་ཕྱིར་དང༌། དེ་གཉིས་ཀ་ཡིན་པའི་གཞི་མཐུན་གྱི་མཚན་གཞི་བསྟན་པ་འདི་ལ་འཛིན་རྒྱུ་མ་རྙེད་པའི་ཕྱིར། ཞེས་རྣམ་པར་སྤྲོས་ན་ཁྱེད་ཅག་གིས་ལན་བསམ་དགོས་པ་ཡིན་ནོ། །གཉིས་པ་ནི། དེའི་གྲོགས་སོགས་སོ། །གསུམ་པ་ནི་རང་བསྒྲོད་པ་སོགས་སོ། །བཞི་པ་ནི་དགེ་སློང་གི་སོགས་སོ། །ཞེས་བྱ་བ་འདིས་ནི་དགེ་འདུན་ལྷག་མའི་དཀའ་བའི་གནས་རྣམས་བཤད་པའོ། །གསུམ་པ་ལྟུང་བྱེད་ཀྱི་སྡེ་ཚན་ལ། ཞག་གི་ཆད་ལས་དང་འབྲེལ་པ་སྤང་བའི་ལྟུང་བྱེད་ཀྱི་སྡེ་དང༌། བཤགས་པ་ཙམ་དང་འབྲེལ་པ་ལྟུང་བྱེད་འབའ་ཞིག་གི་སྡེའོ། །དང་པོ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་དུས་དང་འབྲེལ་བའི་ཐུན་མོང་བ། བདག་པོ་འབྲེལ་བའི་དང༌། ཤན་དང་འབྲེལ་བའི་དང༌། ཕྱིར་བཅོས་པ་དང་འབྲེལ་བའི་དང༌། དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བ་རྣམས་སོ། །དང་པོ་ནི། ཆོས་ཅན་གྱི་དབྱེ་བ་དུ་མ་ལ་ཁྱབ་བརྩི་བ་དང༌། གཞུང་གི་དོན་ནོ། །དང་པོ་ནི། འགྲེལ་པར་འཆང་འཇོག་བཞི། འབྲལ་བ་དང་གཉིས་ཏེ་དྲུག་ལས་མ་གསུང་ཀྱང༌། བོད་ཀྱི་སློབ་དཔོན་རྣམས། འཆང་གཉིས་འཇོག་གཉིས་འཕྱིས་རྣམ་གཉིས། །འབྲལ་གཉིས་ཉལ་ལྔ་དམག་ནང་གནས། །གནས་ངན་ལེན་འཆབ་བཅོ་ལྔའོ་ཞེས་འཆད། གཉིས་པ་ནི། དུས་འབྲེལ་གྱི་ལྟུང་བ་དེ་དག་གི་སྐབས་སུ་ཉིན་མཚན་གྱི་དང་པོ་མ་ཡིན་པ་མཚན་མོ་མ་མཐའི་སྐད་ཅིག་མ་གཅིག་པོ་དེ་ཆོས་ཅན། ཁྱོད་ལ་ཞག་འདའ་བའི་ནུས་པ་ཡོད་པ་ཡིན་ཏེ། ཁྱོད་འདས་པ་ཙམ་གྱིས་ཞག་འདས་པར་འཇོག་པའི་ཕྱིར། ཡང་ཉིན་མཚན་གྱི་ཐ་མ་མིན་པ་ལྷག་མ་ཐུན་ཚད་བཅུ་པ་ཆོས་ཅན། སྐབས་དེ་དག་ཏུ་ཁྱོད་ལ་ཞག་འདའ་བའི་ནུས་པ་མེད་པ་ཉིད་ཡིན་ཏེ། ཁྱོད་འདས་པ་ཙམ་གྱིས་ཞག་འདས་པའི་གོ་མི་ཆོད་པའི་ཕྱིར། འོ་ན་དེ་དག་གི་སྐབས་སུ་མཚན་མོའི་ཐ་མ་དེའི་མདུན་རོལ་ཚུན་ཆད་དུ་ཉེས་མེད་ཡིན་ནམ་ཞེ་ན། དུས་འབྲེལ་གྱི་ལྟུང་བ་དེ་རྣམས་ཀྱི་ནང་ནས། ཉལ་བ་ལྔ། དམག་ནང་ན་གནས་པ་དང༌། གནས་ངན་འཆབ་པ་སྟེ་གནས་པ་དང་འབྲེལ་བའི་བསླབ་པའི་གཞི་བདུན་པོ་ལ་ནི་ཆོས་ཅན། མཐའི་སྐད་ཅིག་མ་གཅིག་པོ་དེའི་ནང་རོལ་ཚུན་ཆད་དུ་ཉེས་མེད་མིན་ཏེ། དེར་སྦྱོར་བ་ཉེས་བྱས་ཀྱི་སྣོད་ཉིད་ཡིན་པའི་ཕྱིར། དེའི་ཤུགས་ལ་དུས་འབྲེལ་གྱི་ལྟུང་བ་ལྷག་མ་བརྒྱད་ལ་ནི། དེའི་ནང་རོལ་དུ་ཉེས་མེད་ཡིན་ཏེ། དེ་རྣམས་གནང་ལ་ཚད་བཟུང་གི་ལྟུང་བ་ཡིན་པའི་ཕྱིར། འོ་ན་ཉིན་མཚན་གྱི་དང་པོ་དེ་གང་ཞེ་ན། ཉིན་མཚན་དེའི་དང་པོ་ནི་ཆོས་ཅན། སྐྱ་རེངས་དང་པོ་དེ་ཡིན་ཏེ། ཉིན་ཞག་ཕྲུགས་གཅིག་གི་གནང་བའི་ཐོག་མ་ཡིན་པའི་ཕྱིར། སྐྱ་རེངས་ལ་གསུམ་འབྱུང་བ་ཡིན་ཏེ། ལུང་རྣམ་འབྱེད་དུ། སྐྱ་རེངས་དང་པོ་ཤར་བ་ན་ནམ་མཁའ་སྔོན་པོར་སྣང༌། བར་པ་ཤར་བ་ན་སེར་པོ་སྣང་ངོ༌། །ཐ་མར་ཤར་བ་ན་དམར་པོར་སྣང་ངོ༌། །ཞེས་གསུངས་སོ། །འོ་ན་དང་པོ་དེ་དུས་ནམ་གྱི་ཚེ་འཆར་ཅེ་ན། ཁ་ཅིག་ན་རེ། མཚན་མོའི་སུམ་ཆ་ལུས་པ་ན་འཆར་བ་ཡིན་ཏེ། ལུང་ལས་བཙུན་པ་མཚན་མོའི་ཐུན་ཐ་མ་ལ་བབ་སྟེ། རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཀྱི་ཚོད་ལ་བབ་པས། དེ་ནི་རིང་པོར་མི་ཐོགས་པར་སྐྱ་རེངས་འཆར་བ་ལགས་ན། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་གདོན་དུ་གསོལ། ཞེས་གསུངས་པས་སོ། །ཞེས་ཟེར་ལ། ཁ་ཅིག་བྱེ་བྲག་བཤད་པ་ནས་མཚན་མོའི་ལྔ་ཆ་ལུས་པ་ན་འཆད་པར་བཤད་ཅེས་དང༌། ཁ་ཅིག་སྐར་མའི་བསྟན་བཅོས་ལས་བརྒྱད་ཆ་ལུས་པ་ན་འཆར་བར་བཤད་ཅེས་ཟེར་ལ། དེ་ཐམས་ཅད་ནི་ཡང་དག་པ་མ་ཡིན་ཏེ། ཤེས་བྱེད་མེད་པའི་ཕྱིར་དང༌། ཉིན་མོའི་དང་པོ་མཚན་མོའི་ཐུན་ལ་འཆད་ཀྱིན་འདུག་པའི་ཕྱིར། དེས་ན་ཉིན་མོའི་དང་པོ་ནི། གླིང་དེའི་ཐོབ་ཐང་གི་ནམ་མཁའ་ལ་ཉི་མའི་འོད་ཟེར་དང་པོ་ཤར་བ་དེ་ནས་བརྩི་བ་ཡིན་ཏེ། སྐར་མའི་བསྟན་བཅོས་ལས། སྐྱ་རེངས་དང་པོ་ཤར་བ་ན། །ཤར་ཕྱོགས་སུ་ནི་སྔོ་ཞིང་སྐྱ། །རྒྱུ་སྐར་འོད་ནི་གདོང་ཉམས་ཤིང༌། །ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན། །སྐྱ་རེངས་བར་པ་ཤར་བ་ན། །ཤར་ཕྱོགས་སུ་ནི་སེར་ཤིང་སྐྱ། །རྒྱུ་སྐར་འོད་ནི་ཆུང་བ་དང༌། །ནམ་མཁའ་སེར་སྐྱར་སྣང་བའོ། །སྐྱ་རེངས་ཐ་མ་འོ་ཟིར་བཤད། །རྒྱུ་སྐར་འོད་ནི་མེད་པ་དང༌། །འོ་ཟིའང་ཉི་མ་ཤར་བར་དུའོ། །ཞེས་གསུངས་སོ། །འོ་ན་ཉིན་མཚན་གྱི་དང་པོ་དེ་ཁོ་ན་ལ་བྱེད་པས་ཁྱབ་བམ་ཞེ་ན། གསོ་དགག་ལ་སོགས་པའི་ལས་ལ་ནི་ཆོས་ཅན། དུས་ལས་འདས་ཞིང་ཡོལ་བར་གྱུར་ན། ཉིན་ཞག་ཕྱི་མའི་སྐྱ་རེངས་དང་པོ་དེ། ཞག་ཕྱི་མའི་ཉིན་མཚན་གྱི་དང་པོ་མ་ཡིན་ཏེ། དེའི་ཉི་མ་ཤར་བ་དེ་འདིའི་ཉིན་མཚན་གྱི་དང་པོ་ཡིན་པའི་ཕྱིར། དཔེར་ན་ཉ་ཤིའི་གསོ་སྦྱོང་ཚེས་བཅུ་དྲུག་གི་སྐྱ་རེངས་ཤར་ནས་ཉི་མ་མ་ཤར་བའི་བར་དེར་གྲུབ་ན། ཚེས་བཅོ་ལྔ་ལ་བྱས་པའི་གོ་ཆོད་པ་བཞིན་ནོ། །གཉིས་པ་ལ་ཆོས་ཅན་གྱི་དབྱེ་བ་ནི་འགྲེལ་པ་ན་མི་གསལ་ཡང་བོད་རྣམས་འཆང་འཇོག་འཇུག་འཕྱིས་བརྒྱད་བཅུ་ཚན་བར་པ་དེ། བཅོ་བརྒྱད་དོ། །གཞུང་གི་དོན་ནི། རྒྱུར་གྱུར་གྱི་རྫས་དགེ་སློང་རང་གི་ཡིན་པ་ཡན་ལག་ཏུ་དགོས་པའི་སྤང་བ་ལྟུང་བྱེད་དངོས་གཞི་ལ་ནི་ཆོས་ཅན། འདུ་ཤེས་ལ་རྫས་དེ་རང་གི་ཉིད་ཡིན་པ་ལ་ཡིན་པར་ཤེས་པ་དེ་གཙོ་ཆེ་བ་ཡིན་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དོན་ནི། བསླབ་པའི་གཞི་དེ་དག་གི་སྐབས་སུ་སྦྱོར་བ་ལ་འདུ་ཤེས་གཙོ་ཆེ་བ་ལས་འོས་མེད་ཀྱང༌། དངོས་གཞི་ལ་ཡང་དོན་ཤེས་མཐུན་པ་མེད་ན་དོན་ལ་དེར་གནས་ཙམ་གྱིས་མི་ཆོག ཅེས་པའི་དོན་ནོ། །དེས་ན་དེ་དག་གི་སྐབས་སུ་རང་གི་ལ་རང་གིར་འདུ་ཤེས་པ་དང༌། ཐེ་ཚོམ་ཟ་ན་དངོས་གཞི། རང་གིར་ལ་གཞན་གྱི་དང༌། གཞན་གྱི་ལ་གཞན་གྱིར་འདུ་ཤེས་ན་ལྟུང་མེད། གཞན་གྱི་ལ་རང་གིར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་ན་ཉེས་བྱས་སོ། །ནི་ཞེས་པ་ནི་མ་བྱིན་པར་ལེན་པ་དང༌། ཤི་བའི་ཡོ་བྱད་གཉིས་ལས་དགར་བ་སྟེ། དེ་གཉིས་ནི་དངོས་པོ་ལས་རྣམ་པར་བཞག་པའི་ཕྱིར། དཔེར་ན། དགེ་སློང་གི་གཞན་ལ་དངོས་པོ་བསྐུར་བ་མ་འཕྲོད་པའི་བར་དེར་འགའ་ཞིག་གིས་རྐུས་ན། བསྐུར་མཁན་ལ་བརྐུས་པ་དང༌། བར་སྐབས་དེར་ཤི་ན་བསྐུར་མཁན་གྱི་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརློབ་དགོས་པ་ལྟ་བུའོ། །འདི་དང་འོག་ནས་བསྐུར་བ་བསྐུར་བར་ཞེས་པ་གཉིས་མི་འགལ་བར་འཆད་ཤེས་དགོས་སོ། །འོ་ན་གཞན་ལ་བསམ་པ་ཐག་པ་ནས་བསྔོས་པའི་གོས་ཞག་བཅུ་ལས་ལྷག་པར་བཅངས་པ་སོགས་ལ་ཅིར་འགྱུར་ཞེ་ན། བསླབ་པའི་གཞི་བཅོ་བརྒྱད་པོ་དེ་དག་གི་སྐབས་སུ། རྒྱུར་གྱུར་གྱི་རྫས་དེ་གཞན་ལ་བསམ་པས་བསྔོས་པ་ཆོས་ཅན། སྤང་ལྟུང་དེ་དག་གི་དངོས་གཞིའི་རྒྱུ་མ་ཡིན་ཏེ། རང་གི་ཡིན་པ་ཉིད་དང་བྲལ་བའི་ཕྱིར་དེར་མ་ཟད། མ་འོངས་པའི་རབ་ཏུ་འབྱུང་བའི་དོན་དུ་ངེས་པར་བྱས་པའི་རྫས་དེ་ཡང་ཆོས་ཅན། རྫས་དེ་རང་གི་ཡིན་པ་ཡན་ལག་ཏུ་དགོས་པའི་སྤང་ལྟུང་གི་རྒྱུ་མ་ཡིན་ཏེ། རང་གི་ཡིན་པ་དང་བྲལ་བ་དེ་ཉིད་ཡིན་པའི་ཕྱིར། དེ་གཉིས་ཀྱི་ཚེ་ཡང་མ་བྱིན་པར་ལེན་པ་དང༌། ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརློབ་པ་གཉིས་ལ་ནི། རང་གི་ཉིད་དང་མ་བྲལ་ལོ། །ཇི་ལྟར་ཞེ་ན། བསྐུར་བྱེད་ཀྱིས་གཞལ་ལ་བསྔོས་ཤིང་བསྐུར། དེས་ཀྱང་ཚུར་སྤངས་པ་དེའི་ཚེ། གཉིས་ཀས་སྤངས་ཀྱང༌། གང་རུང་གཅིག་ལ་བརྐུས་པ་དང་དེ་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརློབ་དགོས་པ་ལྟ་བུའོ། །དེའི་ཚེ་གཉིས་པོ་སུ་དབང་བ་ནི་གོས་གཞིའི་གཞུང་ན་གསལ་བར་བཞུགས་ཀྱང༌། འདིའི་ཐད་ཀྱི་འགྲེལ་པས་གཞུང་དང་འགལ་བར་བཤད་པ་འདྲ་ཤིང༌། བུ་སྟོན་པ་མ་བྱིན་ལེན་གྱི་དངོས་པོ་དེ་བདག་པོས་གཞན་ལ་མ་བསྔོས་པ་དགོས་ཞེས་གསུང་བ་ནི། འདིའི་ཐད་ཀྱི་འགྲེལ་པ་དང༌། གོས་གཞིའི་གཞུང་གཉིས་ཀ་དང་འགལ་བར་མངོན་ནོ། །དེར་མ་ཟད་ཆོས་གོས་ལས་ཀྱང་ལྷག་པའི་ཡོ་བྱད་སོགས་སུ་རྣམ་པར་བརྟགས་པའི་བྱིན་རླབས་བྱས་པ་དེ་ཆོས་ཅན། རྟགས་ཆོས་འདྲའོ། །འདི་ལ་ནི་ཤན་བརྡེག་བྱེད་མེད་པ་གཅིག་དགོས། སྔ་མ་དངོས་པ་དང་ངེས་པར་བྱས་པ་གཉིས་ལ་ནི་རྡེག་བྱེད་ཡོད་ཀྱང་བརྡེག་བྱར་མི་རུང་ངོ༌། །གསུམ་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། གཞན་བསྔོས་པ་དང༌། རྣམ་པར་བརྟགས་པའི་གོས་འདི་ལ་ཆོས་ཅན། ཤན་རྡེག་བྱེད་དུ་མི་རུང་དེ། རང་གི་ཡིན་ནོ་སྙམ་པའི་རྗེས་སུ་ཞུགས་པ་ཉིད་ཉམས་པའི་ཕྱིར། ཀྱང་ཤེས་པ་རང་གི་ཉིད་ཉམས་པར་མ་ཟད་ཅེས་པའོ། །ཡང་གོས་ལ་སོགས་པ་རྙེད་པ་དང༌། སྨན་བྱིན་གྱིས་བརླབ་ནས་བར་སྐབས་སུ་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་པ་སྨྱོ་བ་ལ་སོགས་པར་གྱུར་པའི་རྫས་དེ་ཆོས་ཅན། རྟགས་ཆོས་འདྲ། དེས་ན་རང་དྲན་པ་རྙེད་པ་ཚུན་ཆད་ནས་བརྩི་བར་བྱའོ། །གཉིས་པ་ལ། ཞིག་ཤན་གྱིས་བསྐྱེད་པའི་ལྟུང་བ་ཤན་དང༌། ལྟུང་བ་ཤན་གྱིས་བསྐྱེད་པའི་སྤངས་བ་ཤན་ནོ། །དང་པོ་ནི། ཤན་རྡེག་བྱེད་ཀྱི་དངོས་དེ་ཡོད་ན་དེ་དང་བཅས་རིགས་མཐུན་པའི་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་ཆོས་ཅན། སྤང་ལྟུང་གི་རྒྱུར་འགྱུར་བ་ལ་རང་སྟོབས་ཀྱི་ཞག་ལོན་པ་མི་དགོས་ཏེ། ཤན་རྡེག་བྱེད་ཀྱི་དངོས་པ་སྔ་མ་དེ་ཞག་གྲངས་གང་ལོན་གྱི་རྗེས་ཞུགས་དེ་ཁྱོད་ལ་ཡང་འབྱུང་བའི་ཕྱིར། དཔེར་ན་དགེ་སློང་གིས་ཚེས་གཅིག་ལ་གོས་ཤིག་རྙེད་པ་བྱིན་གྱིས་མ་བརླབས་པར་བཅངས་ཚེས་བཅུའི་ཉིན་པར་ཡང་གོས་ཤིག་རྙེད་ན། ཚེས་བཅུ་གཅིག་གི་སྐྱ་རེངས་ཤར་བའི་ཚེ། གཉིས་ཀ་ལ་ཞག་བཅུ་འཆང་སྤང་བྱུང་བ་ལྟ་བུའོ། །འོ་ན་ཤན་འབྱུང་བ་ལ་བཅས་རིས་མཐུན་པ་ཙམ་གྱིས་ཆོག་གམ་ཞེ་ན། ཞག་བདུན་པའི་སྨན་གྱི་ཤན་བརྡེག་བྱ་རྡེག་བྱེད་ལ་ནི་ཆོས་ཅན། དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ནང་ཚན་རིས་མཐུན་པ་ལ་དེ་ཡོད་ཀྱི་གཞན་ལ་མེད་པའི་ཕྱིར། དཔེར་ན་བུ་རམ་བྱིན་རླབས་ཅན་གྱིས་ཤན་མར་ལ་མི་འབྱུང་བ་ལྟ་བུའོ། །གཉིས་པ་ནི། འོ་ན་ཤན་གཉིས་པོ་དེ་ཙམ་དུ་ངེས་སམ་ཞེ་ན། སྤང་བ་ལྟུང་བྱེད་སུམ་ཅུ་པོ་དེ་ལས་གང་ཡང་རུང་བ་དེ་རྒྱུད་ལ་ཡོད་ན། དེ་ཕྱིར་བཅོས་མ་བྱས་པའི་ཁོངས་སུ་ཡོ་བྱད་ཙམ་བདག་གིར་བྱས་པ་ཐམས་ཅད་ཆོས་ཅན། སྤང་ལྟུང་དེ་ཕྱིར་བཅོས་བྱས་པའི་ཚེ་ཁྱོད་ཀྱང་སྤང་དགོས་པ་ཡིན་ཏེ། སྔ་མ་དེའི་ཤུགས་ཀྱིས་ཁྱོད་ཀྱང་སྤང་དགོས་ཀྱི་རིས་སུ་སོང་བའི་ཕྱིར། བཞི་པ་ནི། འོ་ན་ཐམས་ཅད་སྤང་དགོས་སམ་ཞེ་ན། ཕྱིས་རྙེད་ཀྱི་རྫས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་ཆོས་ཅན། སྤང་དགོས་པར་མི་འགྱུར་ཏེ། སྤང་རིན་མི་ཆོག་པའི་ཕྱིར། འོ་ན་དེར་ཆོག་པ་ཐམས་ཅད་སྤང་དགོས་སམ་ཞེ་ན། ཕྱིས་རྙེད་ཀྱི་རྫས་དགེ་འདུན་སྤྱི་དབང་ཞིང་རིས་སུ་མ་བཅད་པ་དེ་ཆོས་ཅན། སྤང་མི་དགོས་ཏེ། བདག་གིར་བྱ་བ་མི་འབྱུང་བའི་ཕྱིར། འོ་ན་སྤང་ལྟུང་ཕྱིར་བཅོས་བྱེད་པའི་ཚེ་དང་པོའི་རྫས་དེ་བོར་ན། ཚབ་ཚོལ་དགོས་སམ་ཞེ་ན། སྤང་ལྟུང་ཕྱིར་བཅོས་བྱེད་པ་དེ་ལ་ཆོས་ཅན། དངོས་པོ་མེད་ན་ཕྱིར་བཅོས་མི་ཆགས་པ་མ་ཡིན་ཏེ། མེད་པ་དེ་ཉིད་སྤངས་པའི་གཙོ་བོ་ཡིན་པའི་ཕྱིར་ལྔ་པ་ནི། འཆང་བྲལ་འཇོག་གསུམ་གྱི་ཉེས་པ་འདི་གསུམ་ནི་ཆོས་ཅན། སྲ་བརྐྱང་གཏིང་ཆགས་དང་ལྡན་པའི་དགེ་སློང་ལ་ཁྱོད་མི་འབྱུང་སྟེ། དེ་ལ་ཁྱོད་མི་འབྱུང་བའི་བག་ཡངས་དང་འབྲེལ་བའི་ཕྱིར། གཉིས་པ་ཐུན་མོང་མ་ཡིན་པ་ལ། བཅུ་ཚན་དང་པོ་གོས་ཀྱི་གཞི་ལས་གྱུར་པ། གཉིས་པ་སྟན་ལས་གྱུར་པ་དང༌། གསུམ་པ་སྣོད་སྤྱད་ཀྱི་གཞི་ལས་གྱུར་པའོ། །དང་པོ་ལ། གོས་ཡོད་པ་ལ་ལོག་པར་བསྒྲུབ་པ་དང༌། མེད་པ་ཚོལ་བ་ལ་ལོག་པར་བསྒྲུབ་པ། དང་པོ་ལ་གོས་ཀྱི་ངོ་བོ་ལ་ལོག་པར་བསྒྲུབ་པ་དང༌། བྱི་དོར་ལ་ལོག་པར་བསྒྲུབ་པའོ། །དང་པོ་ལ། བྱིན་གྱིས་མ་བརླབས་པའི་གོས་འཆང་པ་འདོད་པ་ཆེ་བ་ལས་གྱུར་པ། བྱིན་གྱིས་བརླབས་པའི་གོས་དང་འབྲལ་བ་བག་མེད་པ་ལས་གྱུར་པ། ཁ་བསོགས་ཀྱི་གོས་ཡུན་རིང་དུ་འཇོག་པ་ཆོག་མི་ཤེས་པ་ལས་གྱུར་པ་རྣམས་སོ། །དང་པོ་ནི། གོས་ཞག་བཅུ་འཆང་བའི་སྤང་བ་ཡིན་པས་འདི་ལ་རང་སྟོབས་དང༌། ཤན་སྟོབས་གཉིས་སོ། །དང་པོ་ནི། བཅས་ལྡན་དགེ་སློང་ཆོས་ཅན་གོས་ཞག་བཅུ་འཆང་བའི་སྤང་བ་འབྱུང་བ་ལ་ཡན་ལག་གཅིག་གིས་ཆོག་པ་མ་ཡིན་ཏེ། དེ་བསྐྱེད་པ་ལ་ཡོད་ནའོ་ཞེས་པ་ནས། མ་འབྲེལ་བ་ལའོ་ཞེས་པའི་བར་གྱི་ཡན་ལག་རྣམས་ཚང་དགོས་པའི་ཕྱིར། གཉིས་པ་ནི། འོ་ན་བྱིན་གྱིས་བརླབས་པ་དང་འབྲེལ་ན་ཉེས་པ་དེ་ཁེགས་སམ་ཞེ་ན། དེ་ཙམ་གྱིས་དེ་ཁེགས་པ་མ་ཡིན་ཏེ། གོས་ཕྱི་མ་དེ་བྱིན་གྱིས་བརླབས་པ་དང་འབྲེལ་ཀྱང་བྱིན་གྱིས་མ་བརླབས་པའི་གོས་སྔ་མ་གཞན་གྱིས་རྗེས་སུ་ཞུགས་པ་དང་བཅས་པ་ལ་དེ་འབྱུང་བའི་ཕྱིར། དུས་ནམ་གྱི་ཚེ་འབྱུང་ཞེ་ན། བྱིན་གྱིས་བརླབས་པའི་གོས་སྔ་མ་གཞན་ཡོད་ན། བྱིན་གྱིས་མ་བརླབས་པ་དེའི་ཞག་གྲངས་ཀྱི་ཤན་ཚུན་ཆད་ནས་བརྩིས་པའི་ཞག་གི་ཉིན་དེ་འབྱུང་བ་ཡིན་ཏེ། ཁྱོད་ལ་ཤན་རྡེག་བྱེད་ཀྱི་གོས་དེའི་ཞག་གྲངས་འདྲེས་པའི་ཕྱིར། གཉིས་པ་འབྲལ་བའི་སྤང་བ་ལ། གཉིས་ལས། དང་པོ་རྣམ་འབྱེད་གཞུང་གི་ཚུལ་དུ་བཤད་པ་ལ། བསླབ་བྱ་དང་ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ལ། གདིང་བ་དང་འབྲེལ་བའི་དང༌། རས་ཆེན་དང་འབྲེལ་བའི་དང༌། རྣམ་སྦྱར་དང་འབྲེལ་བའི་འོ། །དང་པོ་ནི་གདིང་བ་སོགས་སོ། །གཉིས་པ་ནི་རྣམ་སྦྱར་སོགས་སོ། །གསུམ་པ་ནི་དགེ་སློང་སོགས་སོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱིན་གྱིས་བརླབས་པ་སོགས་སོ། །གཉིས་པ་ལ། གནས་ཀྱི་མཚན་ཉིད་རྒྱས་པར་བཤད་པ་དང༌། ཉེ་འཁོར་གྱི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ། མངོན་པར་བསྒྲུབ་པའི་གནས་དང༌། སྐྱེ་བས་འགྲུབ་པའི་དང༌། བསྐྱོད་པར་ནུས་པའི་དང༌། མཚམས་མེད་པའི་གནས་སོ། །དང་པོ་ནི། མཚམས་བྱས་པ་སོགས་སོ། །གཉིས་པ་ནི་ཡལ་ག་དང་སོགས་སོ། །གསུམ་པ་ནི་གྲུ་དང་སོགས་སོ། །བཞི་པ་ནི་མཚམས་མེད་པ་སོགས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཉེ་འཁོར་སོགས་སོ། །གཉིས་པ་ལ། བརྩམ་དུ་རུང་བའི་དང༌། བྱ་བས་ཁྱབ་པའི་དང༌། འགྱོགས་པར་འགྲོ་བའི་དང༌། གནས་དང་ཉེན་འཁོར་ཐ་མི་དད་པའི་རྣམས་སོ། །དང་པོ་ནི། བརྩིག་པས་སོགས་སོ། །གཉིས་པ་ནི། གནས་དེའི་སོགས་སོ། །གསུམ་པ་ནི་མཚམས་མེད་པའི་སོགས་སོ། །བཞི་པ་ནི་དབུས་ནས་སོགས་སོ། །གཉིས་པ་ཞུ་བས་དོགས་པ་བཅད་པ་ལ། དངོས་གཞིའི་སྤྲོས་པ། གནས་ཀྱི་སྤྲོས་པ། ཉེན་འཁོར་གྱི་སྤྲོས་པའོ། །དང་པོ་ནི། དམ་དུམ་སོགས་སོ། །གཉིས་པ་ནི། གཞན་གནས་པས་སོགས་སོ། །གསུམ་པ་ནི། གྲོང་ལ་སོགས་སོ། །གསུམ་པ་ཆོག་མི་ཤེས་པ་ཟླ་འཇོག་ལ། ལུང་གཉིས་ལས། དང་པོ་རྣམ་འབྱེད་ལ། ལྟུང་བ་རྣམ་པར་བཞག་པ་དང༌། གཟོ་རྗེས་སུ་བསྒྲུབ་པའི་བསླབ་བྱའོ། །དང་པོ་ལ། བསླབ་པ་བཅས་པའི་སྐབས་དང༌། ལྟུང་བ་རྣམ་པར་བཞག་པའི་སྐབས་སོ། །དང་པོ་ནི། ཁ་བསྐང་བའི་གོས་ལ་རེ་བ་མེད་ན། འཁོར་གསུམ་ཁེབས་པའི་ཚད་ལས་ཆུང་བ་གོས་ཁྲུ་གང་ཡན་ཆད་ཀྱང་ཆོས་ཅན། འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་དང་འདྲ་བ་ཡིན་ཏེ། ཞག་བཅུ་པའི་གོས་ཀྱི་རིས་སུ་གནས་པའི་ཕྱིར། བྱིན་གྱིས་བརླབ་པར་བྱ་བ་ཆོས་གོས་གསུམ་པོ་གང་རུང་ཚད་ལྡན་ཡོད་པ་ཉིད་ན་ཡང༌། དེ་ལས་ཆུང་བ་དེ་ཆོས་ཅན། དེ་དང་འདྲ་བ་ཡིན་ཏེ། ཞག་བཅུ་པའི་གོས་ཀྱི་རིས་སུ་གནས་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། ཞར་ལ་ཤན་འབྱུང་ཚུལ་ལོ། །དང་པོ་ནི། ཁ་བསྐང་བ་ལ་རེ་བ་མེད་པ་ལས་གཞན་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བ་གསུམ་པོ་ཡོད་པ་ལས་གཞན་མེད་ན། ཁ་བསོགས་ཀྱི་གོས་དེ་ནི་ཆོས་ཅན་དགེ་སློང་གིས་ཞག་སུམ་ཅུའི་བར་དུ་བཞག་ཏུ་རུང་ལ། དེ་ལས་འདས་པར་བཞག་ཏུ་མི་རུང་སྟེ། སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་ཟླ་འཇོག་སྤང་བའི་རྒྱུ་བྱེད་པ་ཡིན་པའི་ཕྱིར། འོ་ན་ཁ་དོག་ལ་སོགས་པ་རིགས་མི་མཐུན་པས་ཀྱང་རེ་བ་ཆད་ནུས་སམ་ཞེ་ན། མི་ནུས་སོ་ཞེས་པ་ནི། ཁ་དོག་སོགས་སོ། །འོ་ན་དེ་ལ་ཁྱབ་པ་ཡོད་དམ་ཞེ་ན། མེད་དོ་ཞེས་པ་ནི། དཀར་པོ་སོགས་སོ། །གཉིས་པ་ལ་གཞུང་དོན་དངོས་དང་ཤན་གྱི་མཐའ་དཔྱད་པའོ། །དང་པོ་ནི། འོ་ན་གོང་དུ་འདི་ལ་གཞན་ཡོད་ན་ཞེས་བཤད་ན་ཤན་འདྲེས་པའི་དུས་དེ་ནམ་གྱི་ཚེ་ཡིན་ཞེ་ན། ཤན་བརྡེག་བྱ་རྙེད་མ་ཐག་ཏུ་འདྲེས་པ་ཡིན་ནོ་ཞེས་འཆད་པ་ནི། བཅས་ལྡན་དགེ་སློང་གིས་ཁ་སོགས་ཀྱི་གོས་ཚེས་གཅིག་གི་ཉིན་བཅངས་པ་ལས་ཁ་བསྐང་རིགས་མཐུན་རེ་བའི་ཚད་དུ་ཆོག་པའམ། རིགས་མི་མཐུན་ཆོས་གོས་ལྡང་བ་གཅིག་དོགས་པ་དང་བཅས་པ་ཡན་ཆད་ཀྱིས་རྙེད་པའམ། རེ་བ་ཆད་པར་གྱུར་ན་དེ་གསུམ་གང་རུང་གང་ལ་བྱུང་བ་གྱུར་པའི་ཞག་བཅུ་པ་དེའི་ཉི་མ་དང་པོ་ལ་ཆོས་ཅན། ཁ་བསྐང་གོས་དེ་ཁ་སོགས་ཀྱི་གོས་བག་ལ་གློན་པ་དང༌། ཅིག་ཤོས་ཀྱང་ཁ་བསྐང་གི་བག་ལ་གློན་པ་ཡིན་ཏེ། དེ་གཉིས་སྡོམས་པ་ལྟ་བུར་གྱུར་པས། དེ་ལ་དེའི་ཤན་འདྲེས་པའི་ཕྱིར། འདི་ལ་མུ་བཞི་སྟེ། རིགས་བཟློག་ཤན་མི་འབྱུང་བའི་མུ། ཤན་འབྱུང་རིགས་མི་བཟློག་པའི་མུ། གཉིས་ཀ་འབྱུང་བའི་མུ། གཉིས་ཀ་མི་འབྱུང་བའི་མུའོ། །དང་པོ་ནི། ཁ་སོགས་ཀྱི་གོས་སྔ་དྲོ་བཞག་པའི་ཕྱི་དྲོ་དེ་ཉིད་དམ། དེ་ན་བགྲངས་པའི་ཞག་བཅུ་གཅིག་པའམ། ཉེར་གཅིག་པའི་ཉིན་ཁ་བསྐང་གི་གོས་རྙེད་པ་སོགས་གསུམ་པོ་གང་རུང་བྱུང་བའོ། །དེའི་ཚེ་ཁ་སོགས་ཀྱི་གོས་ཆོས་ཅན། རིགས་ལོག་པ་ཡིན་ཏེ། སྔར་ཟླ་བ་པའི་རིགས་ཡིན་པ་ལས་ལོག་ནས། ཞག་བཅུ་པའི་རིགས་སུ་སོང་བའི་ཕྱིར། ཤན་མི་འབྱུང་སྟེ། ཤན་རྡེག་བྱེད་ཀྱི་དངོས་པོ་དེས་ཤན་དུ་འཇོག་པའི་ཞག་མ་ལོན་པའི་ཕྱིར། འོ་ན་ཞག་བཅུ་གཅིག་པ་དང༌། ཉེར་གཅིག་གི་ཚེ་མ་ལོན་པ་ཅི་ཞེ་ན། དེའི་ཚེ་སྤྱིར་ཞག་ལོན་ཀྱང་ཤན་རྡེག་བྱེད་དུ་མ་བཅས་པ་ཡིན་ཏེ། ཊཱི་ཀ་ལས། ཟླ་བ་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་མེད་དོ། །ཞེས་གསུངས་པ་ལྟར་རོ། །མུ་གཉིས་པ་ནི། ཁ་བསོགས་བཞག་པའི་ཉིན་ནས་བགྲངས་པའི་ཞག་གཉིས་པ་ནས་བཅུ་པའི་བར་པ་དང༌། བཅུ་གཉིས་པ་ནས་ཉི་ཤུ་པའི་བར་དང༌། ཉེར་གཉིས་ནས་སུམ་ཅུ་པའི་བར་གང་རུང་ལ་ཁ་བསྐང་བའི་གོས་རེ་བའི་ཚད་དུ་མ་ཆོག་པ་གཅིག་རྙེད་པ་ལྟ་བུའོ། །འདི་ལ་ནི་ཁ་བསོགས་ཀྱི་གོས་ཞག་སུམ་ཅུ་འདས་པའི་ཚེ། ཁ་བསྐང་གི་གོས་ཀྱིས་ཞག་བཅུ་ལས་མ་འདས་པ་སྲིད། དེའི་ཚེ་སྔ་མ་ལ་ཟླ་བ་པའི་སྤང་བ་བྱུང་ཡང༌། ཕྱི་མ་ལ་དེ་བྱུང་བ་མ་ཡིན་ཏེ། ཕྱི་མ་དེས་རང་སྟོབས་ཀྱི་ཞག་སུམ་ཅུ་མ་ལོན་ཅིང༌། ཤན་སྟོབས་ཀྱིས་ཀྱང་མ་ལོན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཞག་བཅུ་ཚན་གསུམ་པོ་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་རོ། །འོ་ན་ཁ་བསྐང་གི་གོས་ཕྱི་མ་དེ་གོས་སྔ་མ་ལ་ལྟུང་བ་བྱུང་རྗེས་སུའང་ཞག་ཉི་ཤུ་ལ་ཐུག་པའི་བར་དུ་བཅང་དུ་རུང་ངམ་ཞེ་ན། འདི་ལ་སྔོན་ཆད་དཔྱད་པ་ཞུགས་པ་མ་མཐོང་ངོ༌། །མུ་གསུམ་པ་ནི། ཁ་བསོགས་ཀྱི་གོས་བཞག་པའི་ཉིན་ནས་བགྲངས་པའི་གཉིས་པ་ནས་བཅུ་པའི་བར་ཚན་པ་གསུམ་པོ་གང་རུང་ལ་ཁ་བསྐང་གི་གོས་རིགས་མཐུན་པ་རེ་བའི་ཚད་དུ་ཆོག་པའམ། རིགས་མི་མཐུན་པ་ཆོས་གོས་ལྡང་བ་གཅིག་རྙེད་པ་ལྟ་བུའོ། །མུ་བཞི་པ་ནི་ཁ་བསོགས་ཀྱི་གོས་གང་ལ་བཞག་པའི་ཉི་མ་དེ་ཉིད་དང༌། བཅུ་གཅིག་པའམ། ཉེར་གཅིག་པ་ལྟ་བུ་ལ་ཁ་བསྐང་རེ་བའི་ཚད་དུ་མ་ཆོག་པ་གཅིག་རྙེད་པའམ། རེ་བ་ཆད་པ་ལྟ་བུའོ། །དེ་ལྟར་མུ་བཞི་ལས་གཉིས་ཀྱི་ཞག་བཅུ་འཆང་སྤང་དང་གཉིས་ཀྱིས་ཟླ་འཇོག་སྤང་བ་མཚོན་ནོ། །ཤན་འབྱུང་བ་དང་རིགས་ལོག་པ་གང་ཡིན་ཀྱང༌། བག་ལ་བརླན་པའི་མཐུ་ཡིན་པས། མུ་དང་པོ་གསུམ་གཞུང་གི་དངོས་བསྟན་དང༌། མུ་བཞི་པ་ཤུགས་བསྟན་ནོ། །ངག་དོན་ནི། འདིར་བསྟན་རིགས་ལོག་པ་དང༌། ཤན་འབྱུང་བ་གཉིས་ཆོས་ཅན། ཞག་བཅུ་ཚན་གསུམ་པོ་སོ་སོར་ངེས་པ་ཡིན་ཏེ། བཅུ་ཚན་སྔ་མའི་ཞག་ཤན་རྟིང་མ་ལ་མི་ཕོག བཅུ་ཚན་རྟིང་མ་ལ་རིགས་ལོག་པས་བཅུ་ཚན་སྔ་མ་ལ་རིགས་ལོག་པར་མི་འཇོག་པའི་ཕྱིར། གཉིས་པ་ཤན་གྱི་རྣམ་གཞག་ལ། དངོས་པོས་དབྱེ་བ། ཤན་བརྡེག་པའི་ཚུལ་ལོ། །དང་པོ་ནི། ཤན་དང༌། ཤུགས་དང༌། རང་ཤུགས་དང༌། རྗེས་ཞུགས་ཞེས་བྱ་བ་རྣམས་རྣམ་གྲངས་སོ། །གཉིས་པ་དབྱེ་བ་ལ། ཤན་གྱི་དབྱེ་བ་དང༌། ཤན་དེ་གང་ལ་འབྱུང་བའི་རྫས་ཀྱི་དབྱེ་བའོ། །དང་པོ་ནི། ཞག་གི་ཤན་དང༌། ལྟུང་བའི་ཤན་དང༌། སྤང་བའི་ཤན་ཞེས་པ་གསུམ་མོ། །དེ་ལས་སྔ་ཕྱི་གཉིས་མཚན་ཉིད་པ་ཡིན་ལ། བར་པ་ནི་ཤན་གྱི་འབྲས་བུ་ལ་ཤན་དུ་བཏགས་པ་ཙམ་ཡིན་གྱི་མཚན་ཉིད་པ་མ་ཡིན་ཏེ། རྫས་གཞན་ཞིག་ལ་རྟེན་པའི་ལྟུང་བ་དེ། དེ་དང་བཅས་རིགས་མཐུན་པའི་དངོས་པོ་གཞན་ལ་འདྲེ་བའི་རྣམ་གཞག་ཁས་མི་ལེན་པའི་ཕྱིར། གཉིས་པ་ནི། གོས་དང༌། ལྷུང་བཟེད་དང༌། སྨན་རྣམས་སོ། །གསུམ་པ་ལ་གསུམ་སྟེ། ཤན་རྡེག་བྱེད། བརྡེག་བྱ། དེས་དེ་ལ་ཇི་ལྟར་བརྡེག་པའི་ཚུལ་ལོ། །དང་པོ་རྡེག་བྱེད་ནི་གཉིས་ཏེ། ཡོ་བྱད་དང་ལྟུང་བའོ། །དང་པོ་ནི། རང་གི་ཡིན་ནོ་སྙམ་པའི་རྒྱུ་མཚན་རྗེས་སུ་འབྲེལ་བ་དང་མ་བྲལ་བའི་གོས་སྨན་ལྷུང་བཟེད་རྣམས་སོ། །གཉིས་པ་ནི། སྤང་བ་ལྟུང་བྱེད་སུམ་ཅུ་པོ་གང་ཡང་རུང་བ་ཡིན་གྱི། ལྟུང་བ་གཞན་ལ་མེད་དོ། །གཉིས་པ་བརྡེག་བྱ་ནི། སྤྱིར་ཤན་རྡེག་བྱེད་ཀྱི་དངོས་པོ་དེ་དང་བཅས་རིས་མཐུན་པ་དང༌། ཁྱད་པར་སྨན་ལ་ནང་ཚན་གྱི་རིས་མཐུན་པའོ། །ལྟུང་བ་ནི་བརྡེག་བྱར་བཤད་པ་མེད་དོ། །གསུམ་པ་ཇི་ལྟར་བརྡེག་པའི་ཚུལ་ལ། ཤན་འདྲེས་པའི་དུས། ཤན་འདྲེས་པའི་གོ་དོན། གང་ལ་གང་འདྲེས་པའོ། །དང་པོ་ནི། ཤན་བརྡེག་བྱ་དེ་ནམ་གྲུབ་པའི་དུས་དེ་ཉིད་དུ་འདྲེས་པ་ཡིན་གྱི། དེས་ཞག་ལོན་དགོས་པ་ལ་སོགས་པ་མ་ཡིན་ནོ། །གཉིས་པ་གོ་དོན་ནི། ཤན་རྡེག་བྱེད་དེ་ལ་ཡོད་པའི་རང་གི་ཉིད་དོ་སྙམ་པའི་རྗེས་ཞུགས་དེ་ཉིད། ཤན་བརྡེག་བྱའི་དངོས་པོ་དེ་ལའང་རྗེས་སུ་ཞུགས་པ་སྟེ། དཔེར་ན་ཆུ་བོའི་རྒྱུན་ཐག་རིང་པོ་ནས་འོངས་པ་གཅིག་དང༌། གློ་བུར་བརྡོལ་པའི་ཆུ་གཉིས་གཅིག་ཏུ་འདྲེས་ཏེ་སོང་བ་ལྟ་བུའོ། །གསུམ་པ་ནི། ཤན་རྡེག་བྱེད་ཀྱི་རྫས་ལ་ཞག་གྲངས་ཇི་ཙམ་གྱི་བར་དུ་རྗེས་སུ་ཞུགས་པའི་རང་ཞུགས་དེ་ཉིད་ཀྱི་ཞག་གྲངས་དེ་ཤན་བརྡེག་བྱ་ལ་ཡང་འདྲེས་ནས། བརྡེག་བྱས་ཀྱང་ཞག་གྲངས་དེ་སྙེད་གཅིག་ལོན་པར་བྱས་པ་ལ་ནི། ཞག་ཤན་འདྲེས་པ་ཞེས་བྱ། གང་ལ་བརྟེན་ནས་ལྟུང་བ་བྱུང་བའི་དངོས་པོ་དེ་སྤངས་ནས་ལྟུང་བ་ཕྱིར་བཅོས་བྱེད་པ་དེའི་ཚེ། ལྟུང་བ་མ་བྱུང་བའི་དངོས་པོ་ཞིག་ཀྱང་སྤང་དགོས་པ་དེ་ལ་ནི་སྤང་ཤན་འདྲེས་པ་ཞེས་བྱ། དེ་ནི་ཇི་སྐད་དུ། ལྟུང་བ་དེ་ཡོད་ན་ཞེས་པའི་གཞུང་གིས་བསྟན། དེ་ཡང་གོས་བྱིན་གྱིས་མ་བརླབ་པས་བརླབ་པ་ལ་རྡེག་པ་གཅིག་ཡོད་པ་དེའི་ཚེ་རྡེག་བྱེད་སྔ་བའམ། གཉིས་པོ་དུས་མཉམ་པ་གང་རུང་ཡིན་དགོས་ལ། ཕྱི་མས་སྔ་མ་ལ་བརྡེག་པ་མི་སྲིད། ཡང་གོས་བྱིན་གྱིས་མ་བརླབས་པ་ནང་ཕན་ཚུན་དང༌། སྨན་བྱིན་གྱིས་བརླབས་པ་ནང་ཕན་ཚུན་དུ་བརྡེག་པ་དེའི་ཚེ། དུས་ཕྱི་བས་ལྟ་ཞོག་མཉམ་པས་བརྡེག་པ་མེད་དོ། །མདོར་ན་འདིར་བསྟན་གྱི་ཤན་མཚན་ཉིད་པ་ནི་ཞག་གི་ཤན་ཁོ་ན་ཡིན་ལ། སྤང་བའི་ཤན་ནི་ཞར་ལས་བྱུང་བ་ཙམ་ཡིན་གྱི། གཙོ་བོ་མ་ཡིན་ནོ། །དེ་ཡང་རྫས་སྔ་མས་ཞག་གྲངས་གང་ལོན་དེ། རྫས་ཕྱི་མས་ཀྱང་ལོན་པ་དེ་ལ་ཤན་ཕོག་པ་ཞེས་བྱ་ཞིང༌། ཤན་དེའི་སྟོབས་ཀྱིས་རྫས་རྟིང་མ་ལ་རྟེན་པའི་ལྟུང་བ་བྱུང་ངོ་ཞེས་བྱ་བ་འདི་ཡི་གེའི་དོན་ལ་ཞུགས་པ་ཡིན་གྱི། རྫས་སྔ་མ་ལ་ལྟུང་བ་བྱུང་བའི་ཤན་རྟིང་མ་ལ་ཕོག་པ་ཡིན་ཞེས་པ་ཡི་གེའི་དོན་ལ་མ་ཞུགས་པས། དེ་སྐད་ཅེས་སྨྲ་བར་མི་བྱའོ། །གཉིས་པ་བཟོ་རྗེས་སུ་བསྒྲུབ་པའི་བསླབ་བྱ་ལ། རིམ་པའི་ཚད་བསྟན་པ། སྣམ་ཕྲན་དང་གླེག་བུའི་ཚད་བསྟན་པ། རྒྱ་ཁྱོན་གྱི་ཚད་ཞར་བྱུང་དང་བཅས་པའོ། །དང་པོ་ནི། སར་པ་སོགས་སོ། །གཉིས་པ་ནི་སྣམ་སྦྱར་གྱི་སོགས་སོ། །གསུམ་པ་ནི་བྱིན་གྱིས་བརླབ་ཏུ་སོགས་སོ། །འདིར་སྣམ་ཕྲན་ཞེས་བྱ་བ་ནི་སྣམ་པའི་མིང་གི་རྣམ་གྲངས་ཡིན་ལ། དེ་ཉི་ཤུ་རྩ་ལྔ་ལ་ནི་ཆེམ་བུའི་སྦྱར་མཚམས་ཉི་ཤུ་རྩ་བཞི་ཁོ་ན་འབྱུང་ཞིང༌། དེའི་ཕྱིར་གླེགས་བུའི་འཕྲོ་ཡང་དེ་སྙེད་ཁོ་ནའོ། །སྣམ་པ་རེ་རེ་ལ་གླེགས་བུ་ཕྱེད་དང་ལྔ་པ་ལ་སོགས་པ་བྱ་བའི་དོན་ནི། རེ་རེ་ལ་དུམ་བུ་མཉམ་པོ་བཞི་བཞི་དང༌། ཕྱེད་པ་གཅིག་རྣམས་འབྱུང་བའི་དོན་ཡིན་ལ། ལྔ་པོ་དེ་ལ་སྦྱར་མཚམས་དང་གླེགས་བུའི་འཕྲོ་ནི་བཞི་ཁོ་ནའོ། །འདིས་ལྷག་མ་རྣམས་ཀྱང་མཚོན་ནོ། །བླ་གོས་དང༌། མཐང་གོས་གཉིས་ལ་སྣམ་ཕྲན་བདུན་པ་དང༌། ལྔ་པ་དང༌། གླེགས་བུ་ཕྱེད་དང་གསུམ་པ་དང༌། ཕྱེད་དང་གཉིས་པར་བྱ་བའི་བཤད་པ་ལས་བརྒྱ་རྩ་གཅིག་པ་ལས་བྱུང་ཞིང༌། དགེ་ཚུལ་གྱི་ཆོས་གོས་གཉིས་ལ་དྲས་དྲུབ་བྱེད་པའི་ཁུངས་མི་སྣང་ངོ༌། །དིང་སང་ཤམ་ཐབས་ཀྱི་འཁོར་ཞིང་གི་ཚད་ནི་ཧ་ཅང་ཐལ་བས་ཚད་དང་ལྡན་པ་ལ་བསླབ་པར་བྱའོ། །གཉིས་པ་ཞུ་བ་ལ། སེལ་བ་ན་སྨད་དང༌། སེལ་བ་ལས་གཞན་དུ་གྱུར་པའོ། །དང་པོ་ནི། དེ་བས་སོགས་སོ། །གཉིས་པ་ནི་འཁོར་གྱི་སོགས་སོ། །གཉིས་པ་གོས་བྱི་དོར་ལ་ལོག་པར་བསྒྲུབ་པ་ལ། ལུང་གཉིས་ལས། དང་པོ་རྣམ་འབྱེད་ལ་གསུམ་སྟེ། དགེ་སློང་བཞིའི་འཁོར་དུ་བྱུང་བའི་བསླབ་བྱ་དང༌། ལྟུང་བ་རྣམ་པར་བཞག་པ་དང༌། བསླབ་བྱ་གཞན་བསྟན་པའོ། །དང་པོ་ནི་སྦྲུམ་མ་སོགས་སོ། །གཉིས་པ་ལ། ཉེ་དུ་དང་འབྲེལ་བའི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་འཁྲུར་འཇུག་གི་རྣམ་གཞག་གོ །དང་པོ་ནི། ཕ་མ་སོགས་སོ། །གཉིས་པ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། འདུ་ཤེས་སོགས་སོ། །གཉིས་པ་ལ་སྦྱོར་བ་དང༌། མཐར་ཐུག་གི་མཚན་ཉིད་བཤད། འདུ་ཤེས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་ནི། ཕྱོགས་ལ་སོགས་སོ། །གཉིས་པ་ནི་འདུ་ཤེས་གཙོ་སོགས་སོ། །གསུམ་པ་ནི། དགེ་འདུན་གྱི་སོགས་སོ། །འདིར་སངས་རྒྱས་ཀྱིས་གསུངས་པ་དགེ་འདུན་ལ་གཡོ་བ་མེད་དོ་ཞེས་པ་སངས་རྒྱས་ཀྱི་བཅས་པ་དང༌། དགེ་འདུན་གྱི་ཁྲིམས་གཉིས་ལ་བཅས་པ་དབང་བཙན་ཞེས་པའི་དོན་ནོ། །གཉིས་པ་ཞུ་བ་ལ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི། བཤད་པ་དང་སོགས་སོ། །གཉིས་པ་ནི་དྲེའུ་རྔོག་སོགས་སོ། །སྐབས་འདིར་ཉེ་དུ་མ་ཡིན་པ་སྤྱི་སྐྱེད་ཀྱི་ལྟུང་བ་ནི་ཉི་ཤུ་སྟེ། འཁྲུར་འཇུག་སོགས་དྲུག་རྨེལ་བ་དང༌། །མངོན་མཚན་ཉོ་ཚོང་ལྷུང་བཟེད་ཚོལ། །འཐག་གཉིས་གོས་གཉིས་འདུག་གནས་དང༌། །གསོད་པ་གཅེར་བུ་རིང་འདུག་དང༌། །སོ་སོར་བཤགས་པ་དང་པོ་གཉིས། །ཞེས་པའོ། །དེའི་སྟེང་དུ་གནད་ཀྱིས་སྦྱར་ན། །བཙལ་སྔས་སྦྱོར་བཅུག་དེ་གསུམ་ལེན། །ཆོས་སྟོན་པ་དང་དབེན་པ་གཉིས། །ཉལ་དང་ལམ་དུ་འགྲོ་བ་དང༌། །དེ་ལྟར་ཉི་ཤུ་རྩ་བརྒྱད་དོ། །ཞེས་པའོ། །དགེ་སློང་མ་སྤྱི་བསྐྱེད་ཀྱི་ལྟུང་བ་རྣམས་ཀྱི་སྐབས་སུ། ཆོས་བརྒྱད་ལྡན་ཞེས་པ་ནི། རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་རྟེན་དུ་རུང་བ། རྫུན་འཕྲུལ་གྱི་ཆོས་ཅན་མིན་པའོ། །ཐ་སྙད་གསུམ་ནི། སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པའོ། །གཉིས་པ་གོས་མེད་པ་ཚོལ་བ་ལ་གཉིས་ཏེ། རབ་ཏུ་བྱུང་བའི་ཡུལ་ལ་ཚོལ་བ་དང༌། ཁྱིམ་པའི་ཡུལ་ལ་ཚོལ་བའོ། །དང་པོ་ནི། ལུང་གཉིས་ལ། རྣམ་འབྱེད་ལ་གསུམ་ལས། བསླབ་བྱ་ནི། དགེ་སློང་ལ་སོགས་སོ། །ལྟུང་བ་རྣམ་གཞག་ནི་ལེན་ནའོ་སོགས་སོ། །ལྟུང་མེད་ནི། དགེ་འདུན་ལ་སོགས་སོ། །གཉིས་པ་ཞུ་བ་ལ་གཉིས་ལས། མཐར་ཐུག་གི་མཚན་ཉིད་ནི། ལག་ཏུ་སོགས་སོ། །ཡན་ལག་གི་སེལ་བ་ནི། ཉེ་བར་མ་གྱུར་པ་སོགས་སོ། །ཁྱིམ་པའི་ཡུལ་ལ་ཚོལ་བ་ལ་གསུམ་སྟེ། མ་བསྔོས་པའི་ཡུལ་ལ་ཚོལ་བ་དང༌། བསྔོས་པའི་ཡུལ་ལ་ཚོལ་བ། ཆོ་ག་ལས་འདས་པའོ། །དང་པོ་ལ་གཉིས་ཏེ། སློང་བར་མི་རིགས་པ་དང༌། རིགས་པའོ། །དང་པོ་ཁྱིམ་པ་ལ་གོས་སློང་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། མིའི་འགྲོ་བ་སོགས་སོ། །གཉིས་པ་ལ་དངོས་དང༌། སེལ་བ་གཉིས་སོ། །དང་པོ་ནི་གོས་སོགས་སོ། །གཉིས་པ་ནི་གཞན་ལ་སོགས་སོ། །གཉིས་པ་སློང་བར་རིགས་པ་ལ་གསུམ་སྟེ། ལྟུང་བའི་བྱེད་པ་པོ་བསྒྲུབ་པ་དང༌། སློང་དུ་གནང་བའི་ཚད་བསྟན་པ་དང༌། ཚད་ལས་འདས་པའི་ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ནི། བྱིན་གྱིས་བརླབ་པར་སོགས་སོ། །གཉིས་པ་ནི་ཁྱིམ་པའི་སོགས་སོ། །གསུམ་པ་ནི། ཚད་དེ་ལ་སོགས་སོ། །གཉིས་པ་བསྔོས་པའི་ཡུལ་ལས་ཚོལ་བ་ལ། སྤགས་པ་སློང་བ་དང༌། སོ་སོ་ནས་སྤགས་པ་སློང་བའོ། །དང་པོ་ལྟུང་བ་རྣམ་གཞག་དང༌། སེལ་བ་ལས་གཞན་དུ་གྱུར་པའོ། །དང་པོ་ནི། སྤགས་པ་སོགས་སོ། །གཉིས་པ་ནི་དེ་ཉིད་སོགས་སོ། །གཉིས་པ་ལ་ལྟུང་བ་རྣམ་གཞག་དང༌། བསླབ་པ་བཅས་པའི་སྐབས་སོ། །དང་པོ་ནི་སྦྱིན་པར་བྱེད་པ་སོགས་སོ། །གཉིས་པ་ནི་སྦྱོར་བ་སོགས་སོ། །ཁྱིམ་པ་སྤྱིས་བསྐྱེད་ཀྱི་ལྟུང་བའི་སྐབས་སུ་ཁྱིམ་པ་ཆོས་དགུ་ལྡན་ཅེས་པ་ཐ་སྙད་ལྔ་དང་ལྡན་པ། བདག་ཉིད་ལས་རྫས་ཐ་དད་པ་ཉེ་དུ་མ་ཡིན་པ་ལུས་ཐ་མལ་དུ་གནས་པ། མ་སླངས་པའི་སྔ་རོལ་སྟེར་བ་པོ་མ་ཡིན་པའོ། །ཐ་སྙད་ལྔ་ནི། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པའོ། །གསུམ་པ་ཆོ་ག་ལས་འདས་པ་ལ་གཉིས་ཏེ། རུང་བའི་ཆོ་ག་བསྒྲུབ་པ་དང༌། ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ནི། བསྐུར་པ་སོགས་སོ། །གཉིས་པ་ལ་དངོས་གཞི་དང༌། སེལ་བ་གཉིས་སོ། །དང་པོ་ནི། བསྐུལ་བ་སོགས་སོ། །གཉིས་པ་ནི། མ་སྨྲས་པ་སོགས་སོ། །འདིར་བསྟན་པའི་རུང་བ་འདི་ནི་གོས་ཀྱི་རིན་ལ་བྱ་བ་ཡིན་གྱི་དཀོན་མཆོག་མཆོད་པ་ལ་སོགས་པའི་དོན་གཞན་ལ་ནི་འོག་ནས་འབྱུང་བའི་རུང་བ་གསུམ་བྱའོ། །བཅུ་ཚན་གཉིས་པ་སྟན་གྱིས་ཚོགས་ལས་གྱུར་པ་ལ་སྟན་དངོས་ལས་གྱུར་པ་དང༌། དེའི་རྒྱུ་ལས་གྱུར་པ་དང༌། ལོངས་སྤྱོད་དང་ནོར་ལས་གྱུར་པའོ། །དང་པོ་ལ་ལྟུང་རྐང་ལྔ་དང༌། གཉིས་པ་ལ་བཞི་དང༌། གསུམ་པ་ལ་གསུམ་གྱིས་སྟོན་ནོ། །དང་པོ་ལ་གཉིས་ཏེ། གྲང་བ་སྐྱོབ་པར་བྱེད་པའི་སྟན་དང་གདིང་བ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་ཆེ་བ་ལས་གྱུར་པ་དང༌། ཆོག་མི་ཤེས་པ་ལས་གྱུར་པའོ། །དང་པོ་ལ་གསུམ་ལས། སྲིན་བལ་གྱི་སྤང་བ་ལ། བསླབ་བྱ་དང༌། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་གསུམ་གྱིས་རྣམ་འབྱེད་དང་ཞུ་བའོ། །གཉིས་པ་འབའ་ཞིག་པ་ལ། དངོས་དང༌། དོགས་པ་སྤང་བའོ། །དང་པོ་ནི། ལུགས་སོགས་སོ། །གཉིས་པ་ནི་རང་བཞིན་སོགས་སོ། །ཆ་གཉིས་བསྲེ་བའི་སྤང་བ་ནི། ལྟུང་བ་རྣམ་གཞག་དང༌། དཀར་པོ་དང་འཁོབ་བལ་གྱི་ཁྱད་པར་དབྱེ་བ་དང་གཉིས་ཀྱིས་འཆད་དོ། །གཉིས་པ་ཆོག་མི་ཤེས་པ་ལོ་དྲུག་གི་སྤང་བ་ལ། བསླབ་པར་བྱ་བ་དང༌། ལྟུང་བ་རྣམ་གཞག་གོ །དང་པོ་ནི། མཆུ་དང་སོགས་སོ། །གཉིས་པ་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི་གནང་བ་སོགས་སོ། །གཉིས་པ་ནི། མཐར་ཐུག་ན་སོགས་སོ། །འདིར་ལུང་ལས། གཉིས་བརྩམས་ཕྱི་མ་ཟིན་པ་དང༌། གཉིས་བརྩམས་སྔ་མ་ཟིན་པ་དང༌། །གཉིས་ཀ་ཟིན་ནས་གཅིག་སྤོང་དང༌། །གཉིས་ཀ་བརྩམས་ཏེ་གཏོང་བ་དང༌། །ལོ་དྲུག་པ་ལ་ཉེས་མེད་པ། །དེ་ནི་སྟན་གྱི་བསྡུ་བ་ཡིན། །ཞེས་གསུངས་སོ། །གཉིས་པ་གནས་མལ་སྐྱོབ་པའི་གདིང་བ་ལ། ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ནི། གདིང་བ་སོགས་སོ། །གཉིས་པ་ནི། གལ་ཏེ་སོགས་སོ། །འདིར་འགྲེལ་པ་ལས། གདིང་བ་ནི་སྟན་མ་ཡིན་ཏེ། གོས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཏེ། རྣམ་པ་ཐ་དད། གནང་བཀག་ཐ་དད། དགོས་བྱེད་ཐ་དད། ཚད་ཐ་དད་ཅེས་གསུངས་སོ། །སྟན་གྱི་ཚད་ནི། ཆེན་པོ་ཁྲུ་ཕྱེད་དང་ལྔ། ཆུང་ངུ་ཁྲུ་ཕྱེད་དང་གསུམ། འབྲིང་གི་ཚད་ནི་དེ་གཉིས་ཀྱི་བར་རོ། །ཞེང་གི་ཚད་ནི་གདིང་བ་དང་འདྲའོ་ཞེས་ལུང་དུ་གསུངས་སོ། །གཉིས་པ་གོས་ཀྱི་རྒྱུ་ལས་གྱུར་པ་གཉིས་ཏེ། བལ་ཐོགས་པའི་སྤང་པ་དང༌། རྨེལ་བའི་སྤང་པའོ། །དང་པོ་ལ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དང༌། ལམ་གྱི་ཚད་བསྟན་པ། བསླབ་བྱ་རྣམས་སོ། །དང་པོ་ནི། ཁྱེར་བ་སོགས་སོ། །གཉིས་པ་ནི་ཞ་དང་སོགས་སོ། །གསུམ་པ་རྡུལ་ཕྲ་རབ་སོགས་དང༌། །བཞི་པ་ལུས་ཀྱི་སོགས་སོ། །འདིར་ཁུར་པོའི་ཚད་ནི་རྣམ་འབྱེད་འགྲེལ་དུ་སྲང་ཉིས་སྟོང་བཤད། འཆི་མེད་མཛོད་དུ་སྲང་བརྒྱ་བཤད་དོ། །རྡུལ་ཕྲ་རབ་སོགས་འདིར་དྲུག་འགྱུར་དང༌། མངོན་པར་བདུན་འགྱུར་གྱི་ཁྱད་པར་ལ། དུལ་བ་ལྷ་ནི། མངོན་པར་བཤད་པ་དེ་བསྐལ་པ་དང་པོའི་མི་བོང་ཚོད་ཆེ་བའི་དབང་དུ་བྱས། འདུལ་བ་ལས་དྲུག་འགྱུར་དུ་བཤད་པ་ནི། ད་ལྟའི་མི་བོང་ཆུང་བའི་དབང་དུ་བྱས་ཞེས་གསུངས་ལ། བོད་ཀྱི་སློབ་དཔོན་ཁ་ཅིག དང་པོའི་བརྩོམ་གཞི་དེ་བགྲངས་པ་དང་མ་བགྲངས་པའི་ཁྱད་པར་ཡིན་ཞེས་གསུངས་སོ། །གཉིས་པ་རྨེལ་བ་ནི། ཆོས་གོས་སོགས་སོ། །གསུམ་པ་ལོངས་སྤྱོད་དང་ནོར་ལས་གྱུར་པ་ལ། འདོད་པ་ཆེ་བ་ལས་གྱུར་པ་དང༌། ཆོག་མི་ཤེས་པ་ལས་གྱུར་པའོ། །དང་པོ་རིན་པོ་ཆེ་ལ་རེག་པའི་སྤང་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རིན་པོ་ཆེ་སོགས་སོ། །གཉིས་པ་ལ། གཞི་དང་བྱེད་པ་པོའི་སེལ་བ། གནས་སྐབས་ཀྱི་སེལ་བ་ཞར་བྱུང་དང་བཅས་པ། གཞིའི་མཚན་ཉིད་སེལ་བ་དང་བཅས་པའོ། །དང་པོ་ནི། སྙད་གདགས་སུ་སོགས་སོ། །གཉིས་པ་ནི་སྦྱིན་བདག་སོགས་སོ། །གསུམ་པ་ནི་ནོར་བུ་སོགས་སོ། །འདིར་ཞུ་བ་ལས། དགེ་སློང་གིས་རང་གི་གསེར་དང་དངུལ་ལེན་ཏམ་ལེན་དུ་བརྩལ་ཡང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་སམ། ཉེ་བར་འཁོར་ཡོད་དེ། འདིར་གསེར་དང་དངུལ་ལེན་པ་དང༌། རང་གིར་བྱེད་པའི་སེམས་མི་སྐྱེད་ཅིང༌། མི་རུང་བའི་དངོས་པོ་ལས་རུང་བའི་དངོས་པོ་གཞན་ཞིག་བདག་གིར་བྱའོ། །ཞེས་ཚིག་ཏུ་སྨྲས་ནའོ་ཞེས་གསུངས་སོ། །འདིར་དགེ་ཚུལ་གཉིས་ཀྱིས་རིན་པོ་ཆེ་ལ་རེག་པ་ལ་ཉེས་མེད་དུ་གསུངས་པ་དང༌། དེའི་བླངས་པ་དངོས་སུ་བཤད་པ་གཉིས་མི་འགལ་བའི་རྒྱུ་མཚན་ནི། བདག་གིར་བྱེད་པ་ཡོད་མེད་ལ་དགོངས་སོ། །ལྟུང་བྱེད་འདིར་འགྱུར་བ་ལ་བདག་གིར་བྱས་པ་དང༌། རེག་པའི་ཉིས་ཚོགས་དགོས་པ་ཡིན་གྱི། བདག་གིར་བྱས་པ་ཙམ་ནི་ཡིད་འབའ་ཞིག་པ་ཡིན་པས་ལྟུང་བར་མི་འགྱུར་རོ། །རེག་པའི་ཁྱད་པར་ཡང་དེར་རེག་ཏུ་བཅུག་པ་ཙམ་གྱིས་ཆོག་པ་ཡིན་ཏེ། དེ་འདིར་བཅོ་བརྒྱད་ཀྱི་རྣམ་གཞག་བཤད་དོ། །སྐབས་འདིར་རིན་པོ་ཆེ་ལྔ་ནི། གསེར། དངུལ། བཻ་ཌཱུརྻ། ཤེལ། མུ་ཏིག་གོ །དེར་སྨོས་པ་ལྔ་ནི། ཞ་ཉེ། རོ་ཉེ། ཟངས། ཁྲོ་ཆུ། ལྕགས་སོ། །བཟའ་བར་བྱ་བ་ལྔ་ནི། འབྲས་ཆན། ཟན་དྲོན། འདི་གུ། ཉ་ཤ སྣུམ་ཁུར་རོ། །བཟའ་བ་སྨོས་པ་ལྔ་ནི། ཀེ་ཚེ། ཁྲེ། རྒྱ། བྲའོ། །ཁྲེ་རྒོད་རྣམས་སོ། །གཉིས་པ་ཆོག་མི་ཤེས་པ་ལ་གཉིས་ཏེ། མངོན་མཚན་ཅན་དང༌། ཉོ་ཚོང་གི་སྤང་བའོ། །དང་པོ་ལ་ལྟུང་བ་རྣམ་གཞག ལྟུང་མེད་བསླབ་བྱའོ། །དང་པོ་ལ་གཉིས་ལས། དངོས་གཞི་ནི་རྙེད་པ་སོགས་སོ། །སེལ་བ་ནི་སྦྱོར་བ་ཞེས་པའོ། །ལྟུང་མེད་ནི་ཀུན་དགའ་སོགས་སོ། །གསུམ་པ་ནི། གཏའ་ཉི་རིར་སོགས་སོ། །གཉིས་པ་ཉོ་ཚོང་ལ་ལྟུང་བ་རྣམ་པར་བཞག་པ། ལྟུང་མེད། བསླབ་བྱའོ། །དང་པོ་ནི། གཞན་གྱིས་ཞེས་སོགས་སོ། །གཉིས་པ་ནི་དགེ་འདུན་གྱིས་སོགས་སོ། །གསུམ་པ་ནི་རིན་ཐང་སོགས་སོ། །བཅུ་ཚན་གསུམ་པ་ལ་གསུམ་སྟེ། སྣོད་སྤྱད་ལས་གྱུར་པ། གོས་ལས་གྱུར་པ། ཟས་ཀྱི་གཞི་ལས་གྱུར་པའོ། །དེ་དག་ནི། ལྟུང་རྐང་གཉིས་དང༌། བདུན་དང༌། གཅིག་གིས་སྟོན་ནོ། །དང་པོ་ལ་གཉིས་ཏེ། འདོད་པ་ཆེ་བ་ལས་གྱུར་པ་དང༌། ཆོག་མི་ཤེས་པ་ལས་གྱུར་པའོ། །དང་པོ་ལྷུང་བཟེད་འཆང་བ་ལ། དངོས་དང༌། སེལ་བའོ། །དང་པོ་ནི་ལྷུང་བཟེད་ཅེས་པའོ། །གཉིས་པ་ནི། རབ་ཏུ་སོགས་སོ། །གཉིས་པ་ཆོག་མི་ཤེས་པ་ལྷུང་བཟེད་ཚོལ་བ་ལ་བསླབ་བྱ། ལྟུང་བ་རྣམ་གཞག ཕྱིར་བཅོས་པའི་ཁྱད་པར་རོ། །དང་པོ་ནི། ཧ་ཅང་སོགས་སོ། །གཉིས་པ་ལ། དངོས་ནི། དེ་ཡོད་པ་སོགས་སོ། །སེལ་བ་ནི་མེད་པ་སོགས་སོ། །གསུམ་པ་ལ་སྤང་བའི་ཡུལ་དང༌། ཆོ་གའོ། །དང་པོ་ནི། འདི་ནི་སོགས་སོ། །གཉིས་པ་ནི་དེ་ལ་སོགས་སོ། །གཉིས་པ་གོས་ལས་གྱུར་པ་ལྔ་སྟེ། ཡུལ་ཁྱིམ་པའི་གཞི་ལས་གྱུར་པ། གྲོགས་དགེ་སློང་གི་གཞི་ལས་གྱུར་པ། གང་ཟག་ཁྱད་པར་ཅན་གྱི་གཞི་ལས་གྱུར་པ། དུས་ངེས་པ་ཅན་གྱི་གཞི་ལས་གྱུར་པ། ཡུལ་བྱེ་བྲག་ཅན་གྱི་གཞི་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་ཆེ་བ་ལས་གྱུར་པ་འཐག་ཏུ་འཇུག་པ་དང༌། ཆོག་མི་ཤེས་པ་ལས་གྱུར་པ་འཐག་པ་སྐྱེད་པའོ། །དང་པོ་ལ་བཅས་པའི་སྐབས་དང༌། ལྟུང་བ་རྣམ་པར་བཞག་པའི་སྐབས་སོ། །དང་པོ་ནི། རིན་མེད་པ་སོགས་སོ། །གཉིས་པ་ནི་གཞན་ཉིད་སོགས་སོ། །གཉིས་པ་ལ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི། དེའི་ཕྱིར་སོགས་སོ། །གཉིས་པ་ནི། འདུན་རོལ་སོགས་སོ། །གཉིས་པ་གྲོགས་ཀྱི་གཞི་ལས་གྱུར་པ་བྱིན་འཕྲོག་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབྲལ་བར་བྱ་བ་སོགས་སོ། །གཉིས་པ་ལ་མཐར་ཐུག་གི་སེལ་བ། ཕྱིར་བཅོས་པའི་ཐབས། ཀུན་སློང་དང་བྱེད་པ་པོའི་སེལ་བ། འཕྲོག་པའི་དབྱེ་བ་བསྟན་པའོ། །དང་པོ་ནི། སྦྱོར་བ་སོགས་སོ། །གཉིས་པ་ནི། དེ་ནི་སོགས་སོ། །གསུམ་པ་ནི་འདི་ལ་སོགས་སོ། །བཞི་པ་ལ། རང་གི་ཉིད་སེལ་བའི་དང༌། བློ་གྲོས་ངན་པས་བྱས་པའི་དང༌། རིགས་པའི་དོན་གྱིས་འཕྲོག་པའོ། །དང་པོ་ནི། རང་གི་སོགས་སོ་དང༌། གཉིས་པ་ནི་བློ་གྲོས་ངན་པས་སོགས་དང༌། གསུམ་པ་ནི། གནོད་པ་སོགས་སོ། །གསུམ་པ་གང་ཟག་ཁྱད་པར་ཅན་དགོན་པ་པའི་འབྲལ་སྤང་ལ། འབྲལ་དུ་གནང་བའི་ཚད། ཚད་དེ་ལས་འདས་པའི་ལྟུང་བ་རྣམ་གཞག གཞན་གྱི་འདོད་པ་དགག་པའོ། །དང་པོ་ནི། དགོན་པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ནི་ཆོས་ཅན། དགོན་པ་དེར་ཆོམ་རྐུན་སོགས་ཀྱི་འཇིགས་པ་དང་བཅས་པ་ཉིད་ཡིན་ན། གྲོང་ཡང་རང་གི་གནས་དགོན་པ་འདྲ་སྟེ། སྤྱོད་ཡུལ་གྱི་གྲོང་དེར་ཆོས་གོས་བཞག་ཀྱང་དགེ་སློང་ལ་འབྲལ་བར་མི་འགྱུར་བའི་ཕྱིར། ཡུན་ཇི་ཙམ་གྱི་བར་དུ་ཞེ་ན། ཊཱི་ཀ་ལས་ཞག་བདུན་ཚུན་ཆད་དུའོ་ཞེས་གསུང་ཡང༌། འགྱུར་ནོངས་པ་ཡིན་ཏེ། དེ་ལྟ་ན་རང་གི་གནས་དང་འདྲ་བ་འོང་དོན་མེད་པའི་ཕྱིར། དགེ་སློང་དགོན་པ་པ་དེས་ཆོས་ལྡན་གྱི་དོན་གྱི་དབང་གིས་ཆོས་གོས་བཞག་པའི་གྲོང་ལས་གྲོང་གཞན་ན་འདུག་པ་དེ་ལས། ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱ་བར་གནང་བ་ཡིན་ཏེ། འཇིགས་པ་དང་བཅས་པའི་ཚེ་དེ་ཙམ་ཞིག་འབྲལ་དུ་གནང་བའི་ཕྱིར། གཉིས་པ་ལ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་གཉིས། དང་པོ་ནི། དེ་ལས་ལྷག་པ་ལ་ནི་བག་ཡངས་མེད་དེ། ཞག་བདུན་པའི་སྐྱ་རེངས་ཤར་བ་ན་སྤང་བར་འགྱུར་བའི་ཕྱིར། གཉིས་པ་ནི། དེ་ལྟ་ན་ཡང་ལུས་སྲོག་དང༌། ཆོམ་རྐུན་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ཆོས་གོས་བཞག་པའི་གྲོང་ངམ། དགོན་པའི་གནས་དེར་མ་འོངས་པ་ལ་ཉེས་པ་མེད་དེ། དུས་དེར་འབྲལ་དུ་གནང་བའི་ཕྱིར། གསུམ་པ་ནི། ཁ་ཅིག་ན་རེ། ཞག་དྲུག་ཕྱི་རོལ་དུ་འགྲོ་སྙམ་དུ་བརྣག་དེ་ཕྱིན་ན་ཉེས་པ་མེད་ཀྱི། དེ་ལྟར་བརྣག་པ་མ་བྱས་ན་ཞག་དྲུག་ཚུན་དུ་ཡང་སྤང་བ་སྐྱེད་དོ་ཞེས་ཟེར་རོ། །དེ་དགག་པ་ནི། དགོན་པ་པའི་འབྲལ་སྤང་གི་སྐབས་འདིར། ཞག་དྲུག་ཏུ་འགྲོ་བ་ཧ་ཅང་ཐལ་བ་ཉིད་ལ་ཉེས་པ་མེད་པ་ལ་ནི་ཆོས་ཅན། ཞག་དྲུག་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་བྱའོ་སྙམ་པའི་བརྣག་པ་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། ཞག་གཅིག་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་བྱའོ་སྙམ་པའི་བརྣག་པ་དེ་ཡང་ཁྱོད་ཀྱི་ཡན་ལག་ཡིན་པ་སྲིད་པའི་ཕྱིར། བོད་ཀྱི་ཊཱི་ཀ་བྱེད་པ་རྣམས་མདོའི་རྩ་བ་འདིར་ཞག་དྲུག་ཏུ་འགྲོ་བ་ཧ་ཅང་ཐལ་ཞེས་དང༌། འགྲེལ་པ་ལས་ཞག་དྲུག་ལས་འདས་ཀྱང་ཉེས་པ་མེད་ཅེས་པས། འཁྲུལ་གཞི་བྱས་ནས་ཞག་བདུན་དུ་བྲལ་བས་ཆོག་པའི་བཤད་པ་བྱེད་པ་དང༌། འབྲལ་སྤང་བསྐྱེད་པའི་གནས་ནི་དགོན་པའི་གནས་དེ་ཡིན་པར་འདོད་པ་རྣམས་ནི་འཁྲུལ་པ་ཡིན་ཏེ། ལུང་དང་མདོ་འདི་ཉིད་དུ་ཞག་དྲུག་འབྲལ་བར་གནང་གི བདུན་དུ་འབྲལ་བར་མ་གནང་བའི་ཕྱིར་དང༌། དགོན་པའི་གནས་དེ་ཉིད་དུ་ཞག་དྲུག་ལས་ཐལ་བ་ལ་འབྲས་སྤང་བསྐྱེད་པ་ཡིན་ན། ཇི་སྐད་དུ། གྲོང་ཡང་རང་གི་གནས་དང་འདྲའོ་ཞེས་དང༌། དེས་དོན་གྱིས་དབང་གིས་ཞེས་པའི་གཞུང་གཉིས་ཀ་འབྲེལ་མེད་དུ་སོང་ནས་གོ་རྒྱུ་ཅི་ཡང་མི་སྣང་བའི་ཕྱིར་དང༌། ལུང་རྣམ་འབྱེད་ལས། དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་དང༌། མཆོད་རྟེན་གྱི་དང༌། གང་ཟག་གི་བྱ་བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པར་གྱུར་པ་ན། བདག་ཅག་གི་ཆོས་གོས་ཁྱིམ་གཞན་དུ་བཞག་གོ་ཞེས་དེ་དག་དེར་མི་འགྲོ་བའི་སྐབས་དེ་གསོལ་པ་དང༌། དགེ་སློང་དགོན་པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང༌། མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །ཞེས་གསུངས་པ་དང༌། ཞུ་འགྲེལ་ལས། མཚམས་ཀྱི་ཕྱི་རོལ་ནི་དགོན་པའི་གནས་དང༌། ཆོས་གོས་ཀྱི་གནས་དེའི་ཉེར་སྤྱོད་འདོམ་གང་ལ་སོགས་པ་གང་ཡིན་པ་དེའི་ཕྱི་རོལ་དུ་གྱུར་པའི་མཚམས་གང་ཡིན་པ་དེར་ཞེས་དང༌། ཉིད་ཀྱི་རྣམ་པར་བཤད་པ་ལས་ཀྱང་འདུག་པའི་གནས་དང༌། གྲོང་དེའི་ཕྱི་རོལ་གྱི་ཉེ་འཁོར་དུ་ཞེས་གསུངས་སོ། །འདིར་སློབ་དཔོན་དམར་སྟོན་པ་འདིའི་ཡན་ལག་གི་བརྩི་བ་ལ། བདག་ཉིད་མི་འབྲལ་བའི་གནང་བ་མ་ཐོབ་པ་བསྲ་རྐྱང་མ་བཏིང་བ་གནས་ཆོས་གོས་ཡོད་པ་ལས་ཐ་དད་པ་གོས་སོ། །ཞེས་གསུངས་པ་ནི་གསུམ་ག་ནོར་བ་ཡིན་ཏེ། ཞག་བདུན་པའི་འབྲལ་སྤང་འདི་ནི་མཚམས་ཀྱི་ཕྱི་རོལ་དུ་བསྐྱེད་པ་ཡིན་ལ། མི་འབྲལ་བའི་གནང་བ་ཐོབ་པ་དང༌། བསྲ་རྐྱང་བཏིང་བ་གཉིས་ལ་ཡང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བ་མི་འབྱུང་བའི་བཤད་པ་མེད་པའི་ཕྱིར་དང༌། དགོན་པའི་གནས་དེ་ཉིད་དུ་ཞག་བདུན་པའི་འབྲལ་སྤང་སྐྱེད་པའི་ཕྱིར་དང༌། དེ་དུས་ཀྱི་དགོན་པ་དེ་མི་འབྲལ་བའི་གནང་བ་ཐོབ་པ་ཞིག་ཡིན་ཀྱང༌། ཞག་དྲུག་འབྲལ་བར་གནང༌། དེ་ལས་ལྷག་ན་ཞག་བདུན་པའི་འབྲས་སྤང་སྐྱེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་དགོན་པ་པ་ལ་ཆོས་གོས་དང་ཞག་དྲུག་འབྲལ་བར་གནང་ནས། གཞན་ལ་མ་གནང་བའི་དགག་བྱ་དང་རྒྱུ་མཚན་བཙལ་དགོས་པ་ཡིན་ནོ། །བཞི་པ་དུས་ངེས་པ་ཅན་ལས་གྱུར་པ་ལ། རས་ཆེན་གྱི་དུས་ལ་ལོག་པར་བསྒྲུབ་པ་ལས་གྱུར་པ་དང༌། དབྱར་རྙེད་བགོ་བའི་དུས་ལ་ལོག་པར་བསྒྲུབ་པ་ལས་གྱུར་པའོ། །དང་པོ་ལ། ཚོལ་བ་དང༌། འཆང་བའི་དུས་བསྟན་པ། ལྟུང་བ་རྣམ་པར་བཞག་པ་བསླབ་བྱའོ། །དང་པོ་ནི། བདག་ཉིད་སོགས་སོ། །གཉིས་པ་ནི་སྔོན་དང་སོགས་སོ། །གསུམ་པ་ནི་དེའི་རྗེས་སུ་སོགས་སོ། །གཉིས་པ་ནི་བརྟད་པའི་སྤང་བ་ཞེས་བྱ་ལ། འདི་ལ་གཉིས་ཏེ། ལྟུང་བ་རྣམ་པར་བཞག་པ་དང༌། བསླབ་བྱའོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབྱར་གྱི་སོགས་སོ། །གཉིས་པ་ལ། བདག་གིར་བྱེད་སྔས་པའི་སྤང་བ་དང༌། བགོ་སྔས་པའི་སྤང་བ་དང༌། གཞག་འཕྱིས་པའི་སྤང་བ་དང་གསུམ་མོ། །དང་པོ་ནི། དབྱར་གྱི་སོགས་ཏེ་དེའི་དམིགས་བསལ་ནི་བརྟགས་པ་སོགས་སོ། །གཉིས་པ་ནི་དེ་བགོས་ན་ཞེས་པའོ། །གསུམ་པ་ལ། དངོས་གཞི་དང༌། དེའི་དམིགས་བསལ་དང༌། ལྟུང་བ་སྐྱེད་པའི་དུས་དང༌། རྟེན་གྱི་ཁྱད་པར་བསྟན་པའོ། །དང་པོ་ནི་མ་བགོས་ན་སོགས་སོ། །གཉིས་པ་ནི། སྦྱིན་བདག་སོགས་སོ། །གསུམ་པ་ནི་དགག་དབྱེ་སོགས་སོ། །གཉིས་པ་ནི་དེ་ནི་སོགས་སོ། །འདིར་དོན་ནི། དགག་དབྱེ་མ་བྱས་པར་དབྱར་རྙེད་བདག་གིར་བྱས་ན་སྤང་བ་གཅིག་གོ །འོ་ན་དེའི་ཁྱབ་པ་ཡོད་དམ་སྙམ་པ་ལ་བརྟད་པའི་དབང་གིས་མཐའི་ཞག་བཅུ་ལ་བདག་གིར་བྱས་ན་ཉེས་པ་མེད་པའོ། །འོ་ན་དེ་དགེ་འདུན་གྱིས་ཀྱང་བགོས་པས་ཆོག་གམ་སྙམ་ན། དེ་བགོས་ན་སྤང་བ་གཅིག་གོ །ཡང་དམིགས་བསལ་མེད་པར་དགག་དབྱེའི་ཕྱི་དེ་ཉིན་པར་བརྟད་པ་ལས་བྱུང་བ་ཡིན་ཀྱང་རུང༌། དབྱར་གྱི་རྙེད་པ་མ་བགོས་ན་སྤང་བ་གཅིག་གོ །འདི་ལ་ལྟུང་རྐང་གསུམ་དང་སྔ་མ་ལ་གཉིས་ཡོད་ཀྱང༌། སྤང་ལྟུང་སུམ་ཅུའི་ཚེ་ན་རེ་རེར་བགྲང་ངོ༌། །འདི་བརྟད་པ་ཞེས་པ་ནི་གློ་བུར་དང་ཡེ་འགྲོག་ལ་བྱ་བ་ཡིན་ལ། དེ་ལ་ལུང་ལས་འབྱུང་བ་ལྔ་སྟེ། ནད་པ་ལ་དང༌། ནད་པའི་ཕྱིར་དང༌། འཆི་བ་ལ་དང༌། ཤི་བའི་ཕྱིར་དང༌། འགྲོ་བར་ཆས་པ་ལ་སྦྱིན་པ་རྣམས་གསུངས་སོ། །དེས་མཚོན་ནས་རྒྱལ་པོ་དང༌། ཆོམ་རྐུན་དང༌། རིགས་རྒྱུད་དང༌། ཆུ་ལ་སོགས་པས་ཁྱེར་དགོས་པ་དང༌། མཆོད་གནས་བགོ་སྐལ་དུ་གཏོགས་པ་ཤིར་དོགས་པ་སོགས་ཀྱང་བསྡུའོ། །ལྔ་པ་ཡུལ་གྱི་བྱེ་བྲག་ངེས་པ་ཅན་ལ་ལོག་པར་བསྒྲུབ་པ་བསྔོས་གྱུར་ལ་གཉིས་ཏེ། ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གཞན་གྱི་སོགས་སོ། །གཉིས་པ་ལ། མཐར་ཐུག་སེལ་བ། གཞི་དང་གནས་སྐབས་ཀྱི་སེལ་བ། ཡན་ལག་གི་སེལ་བའོ། །དང་པོ་ནི། བསྒྱུར་བ་སོགས་སོ། །གཉིས་པ་ནི། ལྷག་མ་སོགས་སོ། །གསུམ་པ་ནི་དངོས་པོ་སོགས་སོ། །འདིར་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། གནས་རྡོ་རྗེ་གདན་ན། དབྱིབས་གྲུ་བཞི་བང་རིམ་བཞི་པའོ། །ཆོས་ཀྱི་འཁོར་ལོའི་མཆོད་རྟེན་ནི། གནས་ཝ་ར་ཎ་སི་ན། དབྱིབས་བང་རིམ་རེ་རེ་ལ་བློ་འབུར་བཞི་དང་བཅས་པ། སྒོ་བཞིའམ་བརྒྱད་དམ་བཅུ་གཉིས་སམ་བཅུ་དྲུག་ཡོད་པའོ། །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ནི། གནས་གཉན་ཡོད་ན། དབྱིབས་བྱང་ཆེན་ལྟ་བུ་ལ་ཕྱོགས་བཞིར་བློ་འབུར་ཡོད་པའོ། །ལྷ་ལས་བབས་པ་ནི། གནས་གྲོང་ཁྱེར་སྒྲག་ཅན་ན། དབྱིབས་བྱང་ཆེན་ལྟ་བུ་ལ་བློ་འབུར་གྱི་སྟེང་ན་ཐེམ་སྐས་ཀྱི་རྣམ་པ་ཡོད་པའོ། །དེ་དག་ནང་ཕན་ཚུན་དུ་བསྒྱུར་དུ་གཏུབ་ལ། གཞན་ལ་མི་རུང་ངོ༌། །གསུམ་པ་ཟས་ཀྱི་གཞི་ལས་གྱུར་པ་སོགས་འཇོག་ལ། བསླབ་བྱ་དང་ལྟུང་བ་རྣམ་གཞག་དང༌། ལྟུང་བ་མེད་པའོ། །དང་པོ་ནི་ཞག་བདུན་པར་སོགས་སོ། །གཉིས་པ་ལ་ཞག་བདུན་པའི་གསོག་འཇོག་དང༌། དེས་གཞན་ཡང་མཚོན་པའོ། །དང་པོ་ནི། བཅས་ལྡན་དགེ་སློང་ནད་པ་ཆོས་ཅན། ཁྱོད་ལ་ཞག་བདུན་པའི་གསོག་འཇོག་གི་སྤང་བ་འབྱུང་བ་ལ་ཡན་ལག་གཅིག་གིས་ཆོག་པ་མ་ཡིན་ཏེ། ཁྱོད་ཀྱིས་ཞག་བདུན་པར་བྱིན་གྱིས་བརླབས་པའི་སྨན་དེ་བཟའ་བའི་ཕྱིར་འཆང་ན། སྐྱ་རེངས་བརྒྱད་པ་ཤར་བའི་ཚེ་དེར་འགྱུར་བའི་ཕྱིར། གཉིས་པ་ནི། འོ་ན་གསོག་འཇོག་གི་སྤང་བ་དེ་ཞག་བདུན་པ་ཁོ་ན་ལ་བརྩི་བ་ཡིན་ནམ་ཞེ་ན། བཟའ་བར་བྱ་བ་རུང་བ་མ་ཡིན་པ་གཞན་དང་འདྲེས་པ་བྱིན་ལེན་ཅན། ཉིན་མཚན་འདས་པ་ནི་ཆོས་ཅན། སྐབས་འདིར་ཟོས་པ་དང་འདྲ་བར་རྣམ་པར་བཞག་སྟེ། ཟོས་ན་ཉེས་བྱས་སུ་འགྱུར་བ་རྣམས་གསོག་འཇོག་བྱས་ན། གསོག་འཇོག་གི་ཉེས་བྱས་སུ་འགྱུར་བའི་གཞུང་འདིའི་དངོས་བསྟན་གྱིས་ནི་ཐུན་ཚོད་དུ་རུང་བ་དང་ཞག་བདུན་པའི་སྨན་གང་རུང༌། སྨན་མི་རུང་བ་གཞན་དང་འདྲེས་པ་དེ་ལ་གསོག་འཇོག་བྱས་ན། ཉེས་བྱས་སུ་འགྱུར་ཞེས་པ་ཙམ་ཞིག་ལས་གཞན་བསྟན་པ་མེད་ལ། བམ་པོ་ལྔ་བཅུ་པར། ཞག་བདུན་པ་ཁོ་ན་ལ་གསོག་འཇོག་གི་སྤང་བ་འབྱུང་ལ། གཞན་རྣམས་ལ་གསོག་འཇོག་གི་ཉེས་བྱས་ཙམ་ལས་མི་འབྱུང་བ་དེ་ཉིད་མདོ་ལུང་གི་དགོངས་པ་ཡིན་པར་འཆད། བོད་ཀྱི་སློབ་དཔོན་མང་པོ་རྣམས་ནི། ཟོས་པ་དང་འདྲ་ཞེས་པའི་ཚིག་གི་ནུས་པས་ཟས་གསོག་འཇོག་ཅན་གང་ཞིག ཟོས་པ་ལ་གསོག་འཇོག་ཅན་ཟ་བའི་ལྟུང་བྱེད་འབྱུང་ན། དེ་གསོག་འཇོག་བྱས་ཙམ་ལ་སྤང་བ་འབྱུང་བས་ཁྱབ། གང་ལ་དེ་ཟོས་པའི་ཉེས་བྱས་འབྱུང་བ་དེ་ལ་གསོག་འཇོག་གི་ཡང་ཉེས་བྱས་འབྱུང་བས་ཁྱབ་པར་སྟོན་པ་ཡིན་པས། སྨན་བཞི་ཀ་ལ་གསོག་འཇོག་གི་སྤང་བ་འཇོག་པ་མདོ་ལུང་གི་དགོངས་པ་ཡིན་ནོ་ཞེས་གསུང༌། དེ་ལྟ་མོད་ཀྱི་འཚོ་བཅང་གི་སྨན་བྱིན་གྱིས་བརླབ་ཤིང་མ་ཞིག་པ་ལ་གསོག་འཇོག་གི་སྤང་བ་འབྱུང་མི་སྲིད་དོ། །སྤྱིར་ནི་གསོག་འཇོག་ཙམ་ཞག་བདུན་པའི་སྨན་ལའང་སྤང་ལྟུང་གི་རྒྱུ་ཡིན་པས་མ་ཁྱབ་སྟེ། ཇི་སྐད་དུ། རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་གསོག་འཇོག་བྱས་པ་ཉིད་ཡིན་ནོ། །ཞེས་པས་སོ། །དེ་དག་གིས་ནི་སྤང་བ་ལྟུང་བྱེད་ཀྱི་དཀའ་བའི་གནས་ལེགས་པར་བཤད་པའོ། །གཉིས་པ་བཤད་པ་ཙམ་དང་འབྲེལ་བ་འབའ་ཞིག་པའི་སྡེ་ཚན་ལ་ལྔ་སྟེ། གང་ཟག་དང་ཆོས་ཀྱི་གཞི་ལ་བརྟེན་ནས་བསྐྱེད་པ་ངག་གི་ཉེས་པའི་དང༌། གནས་སུ་གྱུར་པ་དགེ་འདུན་གྱི་གཞི་ལ་བརྟེན་ནས་བསྐྱེད་པའི་ལྟུང་བ་དང༌། ཕན་གདགས་པར་བྱ་བ་དགེ་སློང་མའི་གཞི་ལ་བརྟེན་ནས་བསྐྱེད་པའི་ལྟུང་བ་དང༌། རྣམ་པར་དག་པ་བཞིའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ལྟུང་བ་རྣམས་བཤད་པའོ། །དང་པོ་ལ་གསུམ་སྟེ། གང་ཟག་གི་གཞི་ལས་བསྐྱེད་པའི་དང༌། ཆོས་ཀྱི་གཞི་ལས་དང༌། གཉིས་ཀའི་གཞི་ལས་བསྐྱེད་པའོ། །དང་པོ་ལ་བཞི་ལས། དང་པོ་བརྫུན་དུ་སྨྲ་བ་ལ། སྦོམ་པོ་དང༌། ཉེས་བྱས་སུ་གྱུར་པའི་རྫུན་གྱི་དབྱེ་བ་དང༌། ལྟུང་བ་རྣམ་གཞག་གི་སྐབས་ཀྱི་རྫུན་ངོས་བཟུང་བ་དང༌། བསླབ་པར་བྱ་བའོ། །དང་པོ་ནི་དགེ་འདུན་སོགས་སོ། །གཉིས་པ་ནི་དེ་གཉིས་སོགས་སོ། །གསུམ་པ་ནི་མནའ་སོགས་སོ། །གཉིས་པ་སྐྱོན་ནས་སྨྲ་བ་ལ། བཅས་པའི་སྐབས་དང་ལྟུང་བ་རྣམ་གཞག་གོ །དང་པོ་ནི། དགེ་སློང་སོགས་སོ། །གཉིས་པ་ལ་དངོས་ནི་རུང་བ་སོགས་སོ། །སེལ་བ་ནི་གཞན་སོགས་སོ། །གསུམ་པ་ཕྲ་མ་ལའང་དངོས་གཞི་དང༌། སེལ་བའོ། །བཞི་པ་སྐྱོ་སྔོགས་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་གཙོ་སོགས་སོ། །གཉིས་པ་ཀུན་སློང་དང༌། བྱེད་པའི་སེལ་བ་བཤད། འདུ་ཤེས་ཀྱི་མཚན་ཉིད་བསྟན། གཞིའི་སེལ་བ་བཤད་པའོ། །དང་པོ་ནི་ལྟ་བ་སོགས་སོ། །གཉིས་པ་ནི་བརྩོད་པ་སོགས་སོ། །གསུམ་པ་ནི་ལས་ཀྱི་འབྲས་བུ་སོགས་སོ། །འདིར་སྐྱོ་སྔོགས་ཞེས་བྱ་བ་ནི། བརྩོད་པ་དེ་ལེགས་པར་མ་ཞི་བས་ཡང་ཞི་བར་བྱེད་དགོས་སོ་ཞེས་སླར་ཞི་བྱེད་ཀྱི་ཆོས་བདུན་པོ་གང་རུང་བྱེད་པར་བརྩོམ་པའོ། །མི་ཤེས་པ་དག་བརྩོད་པ་སྤེལ་བ་ལ་སྐྱོ་སྔོགས་ཞེས་ཟེར་བ་ནི་མ་བསླབས་པའོ། །གཉིས་པ་ཆོས་ཀྱི་གཞི་ལས་གྱུར་པ་ལ། ལུང་གི་གཞི་ལས་དང༌། མངོན་པར་རྟོགས་པའི་གཞི་ལས་སོ། །དང་པོ་ལ་གཉིས་ཏེ། ཁྱིམ་པ་མོ་ལ་སྟོན་པ་དང༌། མ་རྫོགས་པ་དང་ལྷན་ཅིག་འདོན་པའོ། །དང་པོ་ལ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི། སྟོན་པ་སོགས་སོ། །གཉིས་པ་ནི་མཁས་པ་སོགས་སོ། །སྤྱིར་བཏང་དུ་ཚིག་དྲུག་ལས་ལྷག་པར་བསྟན་པ་དགོས་ལ། ཕུང་པོ་ནི་ལྔ་སྟེ། གཟུགས་དང་ཞེས་སོགས་ལྟ་བུ་ཚིག་ལྔ་ལས་མེད་པ་ཡིན་ན། དྲུག་པའི་དོན་གོ་བ་དེའི་ཚེ་ལྟུང་བྱེད་དོ། །འདི་ཡང་དོན་འཆད་པའི་དབང་དུ་བྱས་པ་ཡིན་གྱི་ཚིག་ཙམ་ནི་མ་ཡིན་ཏེ། བསྙེན་གནས་འབོགས་པ་སོགས་ལ་ཉེས་པ་མེད་པའི་ཕྱིར་རོ། །གཉིས་པ་འདོན་པ་ལ། དངོས་དང༌། སེལ་བའོ། །འདིར་སྟོན་བྱེད་དུ་གྱུར་པ་ཞེས་པ་སངས་རྒྱས་ཉིད་ཀྱི་བཀའི་དབང་དུ་བྱས་པའོ། །དགེ་སློང་གིས་སློབ་དཔོན་བསྙེན་པར་མ་རྫོགས་པ་ལ་ལུང་ནོད་ཅིང་ཅིག་ཆར་འདོན་ན། ཉེས་པ་འདི་ཉིད་དོ། །གཉིས་པ་མངོན་པར་རྟོགས་པའི་གཞི་ལ་གཉིས་ཏེ། གནས་ངན་ལེན་བརྗོད་པ་དང༌། མི་ཆོས་བླ་མ་བརྗོད་པའོ། །དང་པོ་ལ་བསླབ་བྱ་དང༌། ལྟུང་བ་རྣམ་གཞག་གོ །དང་པོ་ནི་དགེ་སློང་སོགས་སོ། །གཉིས་པ་ནི་ཤེས་གཙོ་སོགས་སོ། །འདིར་ཞུ་བ་ལས་མུ་བཞི་གསུང་སྟེ། ལྟུང་བ་རྔམས་མི་ཆེ་བས་ཁྱིམ་ཚད་ཡོད་པ་སུན་འབྱིན་ན། ལྟུང་བ་དང་ཁྱིམ་གཉིས་ཀའི་མཐའ་བསྒོ་ཡང་དེས་ཁྱིམ་ཚད་མེད་པ་སུན་འབྱིན་ན་ལྟུང་བའི་མཐའ་བསྒོ། ཡང་ལྟུང་བ་རྔམས་པོ་ཆེས་ཁྱིམ་ཚད་ཡོད་པ་སུན་འབྱིན་ན་ཁྱིམ་གྱི་མཐའ་བསྒོ། ཡང་དེས་ཁྱིམ་ཚད་མེད་པ་སུན་འབྱིན་ན། གཉིས་ཀའི་མཐའ་མི་བསྒོ་ཞེས་གསུངས་སོ། །དེའི་དོན་ཡང་ལྟུང་བ་དེ་ཙམ་ཤེས་པའི་ཁྱིམ་དུ་བརྗོད་ཀྱི། གཞན་དུ་མི་བརྗོད་པ་སོགས་སོ། །གཉིས་པ་མི་ཆོས་ལ་གཉིས་ཏེ། དངོས་དང༌། བསླབ་བྱའོ། །དང་པོ་ནི་བདེན་པ་སོགས་སོ། །གཉིས་པ་ནི་ཁྱིམ་པ་སོགས་སོ། །གསུམ་པ་གཉིས་ཀའི་གཞི་ལས་གྱུར་པ་ལ་གཉིས་ཏེ། བཤེས་ངོ་དང༌། ཁྱད་དུ་གསོད་པའོ། །དང་པོ་ལ་བསླབ་བྱ་དང༌། ལྟུང་བ་རྣམ་གཞག་གཉིས་སོ། །གཉིས་པ་ཁྱད་དུ་བསོད་པ་ལ། དངོས་གཞི་དང༌། སེལ་བའོ། །འདིར་མངོན་པ་མ་སྨོས་པ་ནི་དེ་ལ་སྡེ་སྣོད་གཉིས་ཀའི་ཆ་ཡོད་པས། གང་ཤས་ཆེ་བ་དེའི་ཆ་ནས་བརྩི་བའོ། །གཉིས་པ་གནས་སུ་གྱུར་པ་དགེ་འདུན་གྱི་གཞི་ལས་བསྐྱེད་པ་ལ་ལྔ་སྟེ། ཡོ་བྱད་ལ་ལོག་པར་བསྒྲུབ་པའི་ལྟུང་བ་གཅིག བཀའ་བསྒོ་བ་ལ་ལོག་པར་བསྒྲུབ་པའི་ལྟུང་བ་གཉིས། མལ་ཆ་ལ་དེར་བསྒྲུབ་པ་གཅིག གནས་རང་གི་ངོ་བོ་ལ་དེར་བསྒྲུབ་པ་བཞི། བསྒྲུབ་ལུགས་ལ་ལོག་པར་བསྒྲུབ་པ་རྣམས་སོ། །དང་པོ་ས་བོན་དང༌། སྐྱེ་བ་འཇིག་པ་ལ་གཉིས་ཏེ། བསླབ་པར་བྱ་བ་དང༌། ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ནི་ལག་གི་སོགས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་གཙོ་སོགས་སོ། །གཉིས་པ་ལ་མཚན་ཉིད་དང༌། སེལ་བའོ། །དང་པོ་ནི། སྦྱོར་བ་སོགས་སོ། །གཉིས་པ་ལ། གཞིའི་སེལ་བ། ཀུན་སློང་གི་དང༌། བྱེད་པ་པོའི་དང༌། གནས་སྐབས་ཀྱིའོ། །དང་པོ་ནི། ཤུན་པ་སོགས་སོ། །གཉིས་པ་ནི་འུ་ཤ་སོགས་སོ། །གསུམ་པ་ནི་ཕོངས་པ་སོགས་སོ། །བཞི་པ་ནི་ས་བོན་སོགས་སོ། །སྐབས་འདིར་ས་བོན་ལ་རིགས་ལྔ་སྟེ། རྩ་བ་བཏབ་པ་ལས་རྩ་བ་སྐྱེ་བ། ཡུང་བ་དང༌། ཤུ་དག་ལྟ་བུ། སྡོང་བུ་བཏབ་པས་སྡོང་བུ་སྐྱེ་བ་ཨུ་དུམ་ཝ་ར་ལྟ་བུ། ཐོག་གུ་བཏབ་པ་ལས་ཐོག་གུ་སྐྱེ་བ་བུ་རམ་ཤིང་ལྟ་བུ། འགས་པ་བཏབ་པ་ལས་འགས་པ་སྐྱེ་བ་ཨརྩ་ཀ་ལྟ་བུ། ས་བོན་གྱི་ས་བོན་དུ་གྱུར་པ་ནས་དང་གྲོ་ལ་སོགས་པ་ལྟ་བུའོ། །ཡང་སྐབས་འདིར་རུང་བ་ལྔ་བཤད་དེ། ཕྱུང་བ་དང༌། དཀྲུམ་པ་དང༌། བཀས་པ་དང༌། བཅད་པ་དང༌། ས་བོན་གྱི་ཆོས་མེད་པར་བྱས་པའོ། །འདིར་དགེ་སློང་གི་རུང་བ་བྱས་པས་རུང་བ་བྱས་པའི་གོ་ཆོད་པར་བཤད་པ་ནི། དགེ་སློང་གི་བརྩོད་པ་ལས་གཞན་རྣམས་སོ། །ཞག་བདུན་པ་སོགས་གསུམ་ལ་རུང་ཆུ་བྱ་བར་གསུངས་པའི་དོན་ནི། སོ་ཐར་གྱི་འགྲེལ་པ་སྦྲང་བུའི་རྐང་པ་ཅན་ལས། མི་རུང་བ་དང་དུས་རུང་དང༌། །ཁོལ་བའི་གནས་སྐབས་དག་ལ་ནི། །རུང་ཆུ་བྱ་བར་མི་བཞེད་དོ། །ཞེས་གསུངས་ལ། དེ་ཡང་དུས་ཕྱི་དྲོ་ཁོ་ན། བསྙེན་པར་མ་རྫོགས་པ་ཁོ་ནས་འདེབས་དགོས་པའི་ངེས་པ་ཡོད་པ་མ་ཡིན་ཏེ། དགེ་སློང་གིས་རུང་ཆུ་འདེབས་པ་དགེ་ལེགས་བཤེས་གཉེན་གྱིས་བཤད་པའི་ཕྱིར་དང་སྨན་ཕྱི་མ་གསུམ་བྱིན་གྱིས་བརློབ་པའི་ཚེ། སྔ་དྲོ་རུང་ཆུ་འདེབས་པ་ཁོ་ནར་ངེས་པའི་ཕྱིར་དང༌། གཞུང་འདིའི་དངོས་བསྟན་ལ་སྨན་ཕྱི་མ་གསུམ་ལ་ནམ་ལོངས་སྤྱོད་པའི་དུས་དེ་ཉིད་དུ་རུང་ཆུ་འདེབས་དགོས་པར་གྲུབ་པའི་ཕྱིར། གཉིས་པ་བཀའ་བསྒོ་བ་ལ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། འཕྱ་བ་དང༌། བསྒོ་བ་རྣ་ལ་གཟོན་པའོ། །དང་པོ་ལ་གཉིས་ཏེ། ལྟུང་བ་རྣམ་པར་བཞག་པ་དང༌། བསླབ་བྱའོ། །དང་པོ་ནི། གང་ཟག་སོགས་སོ། །འདིར་གང་ཟག་བཅུ་གཉིས་ནི། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཆོས་འབྲིམ་པ་གཉིས། །ཕྲན་ཚེགས་འགྲིམ་པར་བྱེད་པ་དང༌། །སྣོད་སྤྱད་འགྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངག་གཞུག་པ་དང་མཛེས་ཆོས་སོ། །གཉིས་པ་གཟོན་པ་ལ་བཞི་སྟེ། བསླབ་བྱ་དང༌། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དང༌། བསླབ་པར་བྱ་བའོ། །གསུམ་པ་མལ་ཆ་ལ་གཉིས་ཏེ། ལྟུང་བ་རྣམ་པར་བཞག་པ་དང༌། བསླབ་བྱའོ། །དང་པོ་ལ། མདོར་བསྟན་པ་དང༌། མཐའི་ངོ་བོ་ངེས་བཟུང་བ་དང༌། མཐའ་དེ་ལས་འདས་པའི་ལྟུང་ཚད་དོ། །དང་པོ་ནི་ཁྲི་དང་སོགས་སོ། །གཉིས་པ་ལ། སྤྱོད་པ་བྱེད་པ་དང་འདྲ་བའི་མཚན་ཉིད། བཅོལ་བའི་བྱ་བ་ཡོད་པ་དང་མེད་པའི་མཚན་ཉིད། ཕན་ཚུན་གསུམ་གྱི་མཚན་ཉིད་དོ། །དང་པོ་ནི་གཉི་ག་སོགས་སོ། །གཉིས་པ་ནི་ངོ་ཚ་སོགས་སོ། །གསུམ་པ་ནི། ཕན་ཚུན་ནི་སོགས་སོ། །གསུམ་པ་ལ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི་དེ་ལ་སོགས་སོ། །གཉིས་པ་ནི་སྦྱོར་བ་སོགས་སོ། །གཉིས་པ་བསླབ་བྱ་ལ་དྲུག་སྟེ། བསོད་སྙོམས་དང་འབྲེལ་བའི་བསླབ་བྱ། གཞན་དུ་འགྲོ་བ་དང་འབྲེལ་བའི་བསླབ་བྱ། ཁྱིམ་གཞན་དུ་འགྲོ་བ་འབྲེལ་བའི་བསླབ་བྱ། ནད་པ་དང་འབྲེལ་བའི་བསླབ་བྱ། དགེ་བའི་ཕྱོགས་དང་འབྲེལ་བའི་བསླབ་བྱ། གཙུག་ལག་ཁང་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ནི། བརྟུལ་པ་སོགས་སོ། །གཉིས་པ་ནི། གལ་ཏེ་བརྗོད་པས་སོགས་སོ། །གསུམ་པ་ནི། གལ་ཏེ་འོངས་པ་སོགས་སོ། །བཞི་པ་ནི། ཐམས་ཅད་ཀྱི་སོགས་སོ། །ལྔ་པ་ནི། མཁན་པོ་སོགས་སོ། །དྲུག་པ་ནི་གཙུག་ལག་ཁང་སོགས་སོ། །བཞི་པ་གནས་རང་གི་ངོ་བོ་ལ་ལོག་པར་བསྒྲུབ་པ་བཞི་ལས། དང་པོ་གདིང་བ་ལ། བསླབ་པར་བྱ་བ་དང༌། ལྟུང་བའི་མཚན་ཉིད་བཤད་ཟིན་ལ་སྙེག་པ་དང༌། གདིང་བའི་བསླབ་བྱ་ཐུན་མོང་མ་ཡིན་པ་དང༌། ལྟུང་བའི་མཚན་ཉིད་དོ། །དང་པོ་ནི། ཁྱིམ་གཞན་དུ་སོགས་སོ། །གཉིས་པ་ནི་གནས་ནས་སོགས་སོ། །གསུམ་པ་ནི་དགེ་འདུན་སོགས་སོ། །བཞི་པ་ནི་དགེ་འདུན་གྱི་སོགས་སོ། །གཉིས་པ་བསྐྲོད་པ་ལ་གཉིས་ཏེ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི་དགེ་སློང་སོགས་སོ། །གཉིས་པ་ནི་དགེ་སློང་མ་སོགས་སོ། །གསུམ་པ་ཕྱིས་གནོན་ལ་གཉིས་ཏེ། བཅས་པའི་སྐབས་དང༌། ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ནི་ཤེས་གཙོ་སོགས་སོ། །གཉིས་པ་ནི་དགེ་འདུན་སོགས་སོ། །བཞི་པ་རྩ་བ་འབྱུང་བ་ནི། ལྟུང་བ་རྣམ་པར་བཞག་པ་གཅིག་པུས་སྟོན་ནོ། །ལྔ་པ་གནས་ཀྱི་བསྒྲུབ་ལུགས་ལ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། སྲོག་ཆགས་དང་བཅས་པའི་ཆུས་ཞིང་སོགས་ལ་འདེབས་པའི་ལྟུང་བྱེད་དང༌། རིམ་པ་གཉིས་ལས་ལྷག་པའི་ལྟུང་བྱེད་དོ། །དང་པོ་ནི། རང་སོགས་སོ། །འདི་དང་འོག་མའི་ཁྱད་པར་ལ། སོ་ཐར་ལས། དེ་བཅས་པའི་ཆུས་འདེབས་པ་དང༌། དེ་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ཁྱད་པར་དུ་གསུངས་ལ། འདིར་རང་སྤྱོད་པའི་དོན་ཡིན་ན་འོག་མར་འགྱུར་ལ། འདིར་དེ་ལས་གཞན་གནས་ཁང་སོགས་ལ་འདེབས་པའོ། །གཉིས་པ་ལ། བསླབ་བྱ། ལྟུང་བ་རྣམ་གཞག ལྟུང་མེད་དོ། །དང་པོ་ནི། སྒོ་ཆ་སོགས་སོ། །གཉིས་པ་ལ་ཉི་མ་དེ་ཉིད་ལས་རིམ་པ་གསུམ་ལས་ལྷག་པ་དང༌། ཉི་མ་གཞན་ལ་དེ་ལས་ལྷག་པའོ། །དང་པོ་ནི། གཙུག་ལག་ཁང་སོགས་སོ། །གཉིས་པ་ནི་གཞན་ལ་སོགས་སོ། །གསུམ་པ་ནི་དངོས་གཞིའི་སོགས་སོ། །གསུམ་པ་ཕན་གདགས་པར་བྱ་བ་དགེ་སློང་མའི་གཞི་ལས་གྱུར་པ་ལ་ལྔ་སྟེ། ཆོས་ཀྱི་གཞི་ལ་ལོག་པར་བསྒྲུབ་པ་གསུམ། གོས་ཀྱི་གཞི་ལ་ལོག་པར་བསྒྲུབ་པ་གཉིས། ལམ་གྱི་གཞི་ལ་ལོག་པར་བསྒྲུབ་པ་གཉིས། གནས་ཀྱི་གཞི་ལ་ལོག་པར་བསྒྲུབ་པ་གཉིས། ཟས་ཀྱི་གཞི་ལ་ལོག་པར་བསྒྲུབ་པ་གཅིག་རྣམས་སོ། །དང་པོ་མ་བསྐོས་པ་ལ་གསུམ་སྟེ། བསླབ་པར་བྱ་བ། ལྟུང་བ་རྣམ་པར་བཞག་པ། ལྟུང་མེད་དོ། །གཉིས་པ་ཉི་མ་ནུབ་པ་ལ། དངོས་གཞི་དང༌། གནས་ཀྱི་སེལ་བའོ། །དང་པོ་ནི་ཤེས་གཙོ་སོགས་སོ། །གཉིས་པ་ནི་དེའི་ཚེ་སོགས་སོ། །གསུམ་པ་ཟས་ཅུང་སྐུར་འདེབས་ལ་གཉིས་ཏེ། བསླབ་པར་བྱ་བ་དང༌། ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ནི། དགེ་སློང་མས་སོགས་སོ། །གཉིས་པ་ནི་དགེ་སློང་གིས་སོགས་སོ། །གཉིས་པ་གོས་ཀྱི་གཞི་ལས་གྱུར་པ་ལ། གོས་བྱེད་པའི་དང༌། གོས་སྦྱིན་པའི་ལྟུང་བྱེད་དོ། །གསུམ་པ་ལམ་གྱི་གཞི་ལས་གྱུར་པ་ལ་གཉིས་ཏེ། དགེ་སློང་མ་དང་ལྷན་ཅིག་ལམ་དུ་འཇུག་པའི་དང༌། དེ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དོ། །དང་པོ་ལ། བསླབ་བྱ་དང༌། ལྟུང་བ་རྣམ་གཞག་གཉིས་སོ། །དང་པོ་ནི། ལམ་རྒྱགས་སོགས་སོ། །གཉིས་པ་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི། འཇིགས་པ་སོགས་སོ། །གཉིས་པ་ནི་དེའི་ཆེད་སོགས་སོ། །གཉིས་པ་གྲུར་འཇུག་པ་ལ་དངོས་གཞི་དང་སེལ་བའོ། །དང་པོ་ནི་འགྲམ་གཉིས་སོགས་སོ། །གཉིས་པ་ནི་ཐད་ཀར་སོགས་སོ། །བཞི་པ་གནས་ཀྱི་གཞི་ལས་གྱུར་པ་ལ། དབེན་པ་ན་འདུག་པའི་དང༌། འགྲེང་བའི་འོ། །འདིར་བུད་མེད་ཆོས་དགུ་ལྡན་ཅེས་པ་མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། ལུས་བརྟེན་དུ་རུང་བ་རྫུན་འཕྲུལ་ཅན་མ་ཡིན་པ། ཉེ་དུ་མ་ཡིན་པ། རྒྱུད་ཐ་དད་པའོ། །གཉིས་པོའི་ཁྱད་པར་སྔ་མ་བུད་མེད་སྤྱི་བསྐྱེད་དང༌། གཉིས་པ་དགེ་སློང་མ་སྤྱི་བསྐྱེད་དོ། །ལྔ་པ་ཟས་ཀྱི་གཞི་ལས་གྱུར་པ་ནི། དགེ་སློང་མས་སྦྱོར་དུ་བཅུག་པས་ལྟུང་བྱེད་ཡིན་ལ། འདི་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི་ཤེས་གཙོ་སོགས་སོ། །གཉིས་པ་ནི། གཞན་གྱི་སོགས་སོ། །བཞི་པ་འཚོ་བར་བྱེད་པ་ཟས་ཀྱི་གཞི་ལ་ལོག་པར་བསྒྲུབ་པ་ལ་ལྔ་སྟེ། བསླབ་པ་དང༌། བཟའ་བ་ཚད་ལས་འདས་པ་ལྔ་དང༌། གནས་མ་ཡིན་པར་ཟོས་པ་གཅིག་དང༌། དུས་མ་ཡིན་པར་ཟོས་པ་གཅིག་དང༌། ཆོ་ག་ལས་འདས་པ་གཉིས་དང༌། བཟང་པོ་ལ་སྲེད་པ་གཅིག་རྣམས་སོ། །དང་པོ་ལ། ལྔ་ལས། ཡང་ཡང་ཟ་བ་ལ། བསླབ་བྱ། ལྟུང་བ་རྣམ་གཞག བསླབ་བྱ་གཞན་བསྟན་པའོ། །དང་པོ་ནི། ཁྱིམ་སོགས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཅིག་ཆར་སོགས་སོ། །གཉིས་པ་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི་འདིར་སོགས་སོ། །གཉིས་པ་ནི་བཤམས་པ་སོགས་སོ། །གསུམ་པ་ནི་སྦྱིན་པ་པོ་སོགས་སོ། །གཉིས་ལ་འདུག་གནས་སུ་ཟ་བ་ལ་གཉིས་ཏེ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི་ཆོས་འདི་པ་སོགས་སོ། །གཉིས་པ་ནི། གནས་ན་སོགས་སོ། །གསུམ་པ་ལྷུང་བཟེད་དོ། །གསུམ་ལས་ལྷག་པ་ལེན་པའི་ལྟུང་བྱེད་ལ། ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི། སྟོབས་པ་སོགས་སོ། །གཉིས་པ་ནི་དེ་ལ་སོགས་སོ། །གསུམ་པ་ནི་བསླང་བར་བྱ་བ་སོགས་སོ། །འདིར་བྲེའུ་ཆུང་ཕྱེད་དང་ལྔ་ལ། བོད་ཀྱི་བྲེ་ཕྱེད་དང་དོ་ཡོད། དེ་བཙོས་ན་གསུམ་འགྱུར་དུ་སོང་བས་བོད་བྲེ་ཕྱེད་དང་ལྔ་སྟེ། དེ་ནི་ལྷུང་བཟེད་འབྲིང་ཚད་གསུམ་གྱི་ཚད་དོ། །དེ་དང་འཚམས་པའི་ཚོད་མ་བྱ་ན་དང་བཅས་པ་བླང་བའི་ཚད་ཡིན་ལ། དེ་ལས་བྲེ་ཕྱེད་ཀྱིས་ལྷག་ན་ལྟུང་བ་འདིའི་གཞིར་འགྱུར་རོ། །ཚོད་མ་མ་གཏོགས་ཞེས་གསུངས་པ་ནི་ཚོད་མ་འབྲས་ཆན་གྱི་ཚད་བཤད་མ་ཐག་པ་དེའི་ཁོངས་སུ་མ་གཏོགས་ཞེས་པའི་དོན་ཡིན་གྱི། ཚོད་མ་མི་ལེན་པའི་དོན་མ་ཡིན་ནོ། །འོ་ན་དགེ་སློང་རེ་རེས་ཀྱང་ལྷུང་བཟེད་འབྲིང་ཚད་གསུམ་བླང་དུ་རུང་ངམ་སྙམ་ན། མ་ཡིན་ནོ་ཞེས་འཆད་པ་ནི་གྲོགས་ཀྱི་སོགས་སོ། །ངག་དོན་བཅས་ལྡན་དགེ་སློང་ཉེ་དགའ་ཆོས་ཅན། གྲོགས་ཀྱི་སྐལ་པ་དང་བཅས་པའི་བསོད་སྙོམས་ལྷུང་བཟེད་འབྲིང་ཚད་གསུམ་བླང་དུ་རུང་སྟེ། དེ་དང་བཅས་པའི་དེ་མ་ག་དྷའི་བྲེ་ཆུང་ཕྱེད་དང་ལྔ་བཙོས་པ་བླང་དུ་གནང་བའི་ཕྱིར། དེ་ལས་ལྷག་པ་མི་རུང་ངམ་སྙམ་ན། དེ་མི་རུང་བ་མ་ཡིན་ཏེ། དེ་སྤག་པར་ནུས་པའི་ཚོད་མ་ཡང་བླང་དུ་གནང་བའི་ཕྱིར། དེ་ཆོས་ཅན་རང་གཅིག་པུའི་ཆེད་དུ་དེ་ཙམ་ལེན་པར་གནང་བ་མ་ཡིན་ཏེ། ལེན་དུ་གནང་བའི་ཚད་དེ་གྲོགས་ཀྱི་སྐལ་པ་དང་བཅས་པའི་ཕྱིར། བཞི་པ་སྤང་བ་ཟ་བ་ལ་གསུམ་སྟེ། བསླབ་པར་བྱ་བ་དང༌། སྤངས་པ་དང་ལྷག་བོར་གྱི་མཚན་ཉིད་དང༌། ལྟུང་བ་རྣམ་གཞག་གོ །དང་པོ་ནི་ཇི་ཙམ་གྱིས་སོགས་སོ། །གཉིས་པ་ལ་སྤངས་པའི་ཚད་ནི། སྤངས་པ་ནི་སོགས་སོ། །ལྷག་པོར་བྱ་བའི་ཚུལ་ནི་མཚམས་ཀྱི་སོགས་སོ། །གསུམ་པ་ནི་ཤེས་གཙོ་སོགས་སོ། །འདི་ལ་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཅེས་གསུངས་པ་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་སྟན་གཅིག་པས་དེ་མ་བྱས་ནས་ལྟུང་བྱེད་དུ་འགྱུར་ཞེས་པའམ། རྟེན་གྱི་གང་ཟག་དེ་ཁོ་ན་ལ་ལྟུང་བྱེད་དུ་འགྱུར་ཞེས་པའི་དོན་མ་ཡིན་ཏེ། དེ་ལྟར་མདོ་ལུང་གིས་མ་བསྟན་པའི་ཕྱིར་དང༌། སྟན་ཐོག་གཅིག་ཏུ་བྱིན་ལེན་བྱས་པའི་བཟའ་བར་བྱ་བ་ལྔ་དང༌། བཅའ་བར་བྱ་བ་ལྔ་པོ་གང་རུང་སྤངས་པའི་མཚན་ཉིད་ཅན་དེ། ལྷག་པོར་མ་བྱས་པ་འདུག་གནས་གཅིག་པོ་དེ་ཉིད་དུ་ཟོས་ན། ལྟུང་བ་འདིར་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར། སྐབས་འདིར་བཟའ་བ་སྤངས་ན། བཅའ་བ་སྤངས་པར་འགྱུར་ཏེ། དེ་དེའི་འཁོར་ཡིན་པའི་ཕྱིར། ཅིག་ཤོས་མ་ཡིན་ཏེ། རྒྱུ་མཚན་སྔ་མ་ལས་ཟློག་པའི་ཕྱིར། ལུང་ལས་རྒྱུ་ལྔས་སྤངས་པར་བརྗོད་པར་བྱ་སྟེ། ཟས་ཡོད་པ་དང༌། ཟས་སྟོབས་པ་ཡོད་པ་དང༌། ཟས་ཙམ་པ་ཡོད་པ་དང༌། ཟས་སྤངས་པ་ཡོད་པ་དང༌། སྤྱོད་ལམ་ལས་ཉམས་པའོ་ཞེས་གསུངས་སོ། །ལྔ་པ་སྤངས་པ་སྟོབས་པའི་ལྟུང་བྱེད་ནི། གཞུང་སྔ་མ་རྣམས་ཁས་བླངས་ནས་བཤད་པར་བྱའོ། །འདི་ནི་ངག་གི་རིག་བྱེད་ལས་གྱུར་པའི་ལྟུང་བ་ཡིན་ནོ། །གཉིས་པ་གནས་མ་ཡིན་པ་འདུས་ཟ་ལ་གཉིས་ཏེ། ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི་ཤེས་གཙོ་སོགས་སོ། །གཉིས་པ་ནི་དེར་འོང་བ་སོགས་སོ། །བསླབ་བྱ་ནི་འགྲོ་བར་སོགས་སོ། །ངག་དོན་ནི། བཅས་ལྡན་དགེ་སློང་ཆོས་ཅན། ཁྱོད་ལ་འདུས་ཟའི་ལྟུང་བྱེད་བསྐྱེད་པ་ལ་དགེ་འདུན་གྱི་ཚད་དུ་ལོངས་པ་དང༌། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་མ་ཡིན་པ་དང༌། མཚམས་ནང་གཅིག་ཏུ་ལྷན་ཅིག་ཟ་བ་པོ་ཡིན་པ་དང་གསུམ་ཚོགས་པ་དགོས་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། ཞེས་པ་ནི་སོ་སོར་སོགས་ལའོ། །ཡང་མཚམས་ནང་གཅིག་ན་བཀད་ས་བྱེད་པའི་གནས་དང༌། མི་བྱེད་པའི་གནས་གཉིས་ཡོད་པ་ལས། དེ་བྱེད་པའི་གནས་ན་འཁོད་པའི་དགེ་སློང་རྣམས་ཆོས་ཅན། དེ་མི་བྱེད་པའི་གནས་ནས་འཁོད་པའི་དགེ་སློང་རྣམས་ཀྱི་འོང་བ་ཉིད་མ་དྲིས་པར་ཁྱོད་ཀྱིས་བཀད་ས་བྱེད་པའི་གནས་དེར་ཟོས་ན། འདུས་ཟའི་ལྟུང་བ་དངོས་གཞི་མི་བསྐྱེད་དེ། བཀད་སའི་གནས་ལས་གནས་གཞན་དུ་མ་ཟོས་པའི་ཕྱིར། ཡང་ཁྱོད་ཀྱི་དེར་དེ་ཟོས་པ་ལ་ལྟུང་བ་ཕྱེད་བསྐྱེད་པ་ཡིན་ཏེ། རྐྱེན་དགོས་མེད་པར་མཚམས་ནང་གཅིག་ཏུ་ཅིག་ཆར་ཟ་བ་པོའི། དགེ་སློང་རྣམས་དང༌། གནས་ཐ་དད་དུ་ཟན་ཟོས་པའི་ཕྱིར། ཡང་གཉིས་པོའི་ཅིག་ཤོས་བཀད་ས་མི་བྱེད་པའི་ཁང་ཁྱིམ་ན་གནས་པའི་དགེ་སློང་རྣམས་ཆོས་ཅན། ཅིག་ཤོས་ནས་གནས་པའི་དགེ་སློང་དག་གིས་འོང་བ་ཉིད་མ་དྲིས་པར་དེར་ཟོས་ན་ལྟུང་བ་དངོས་གཞི་བསྐྱེད་པ་ཡིན་ཏེ། བཀད་ས་མ་ཡིན་པ་མ་ཡིན་པའི་གནས་སུ་ཟོས་པ་སོགས་དེ་བསྐྱེད་པའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཞེས་པ་ནི། དེར་འོང་བར་བྱ་བ་ཞེས་སོགས་ལའོ། །གསུམ་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ནི། རང་གི་སོགས་སོ། །འདིར་རང་གི་ཞེས་པ་རང་གང་དུ་སྐྱེས་པའི་གླིང་ལ་འཆད་པའི་ལུགས་དང༌། རང་གང་ན་གནས་པའི་གླིང་ལ་འཆད་པའི་ལུགས་གཉིས་བྱུང་ལ། དེའི་རྒྱུ་མཚན་གྱིས་དུས་དྲན་བྱེད་ཚུལ་ལ་ཡང་གཉིས་བྱུང་ངོ༌། །འདིར་འདུ་ཤེས་མུ་དྲུག་ནི། དུས་ཡོལ་བ་ལ་དེར་འདུ་ཤེས་པ་དང༌། ཐེ་ཚོམ་ཟ་བས་ཟ་ན་དངོས་གཞི། ཡོལ་བ་ལ་མ་ཡོལ་བར་འདུ་ཤེས་པ་དང༌། མ་ཡོལ་བ་ལ་ཡོལ་བར་འདུ་ཤེས་ན་ཉེས་བྱས། མ་ཡོལ་བ་ལ་མ་ཡོལ་བ་ཉིད་དུ་ཤེས་པ་དང༌། ཡིད་གཉིས་ཟ་བས་ཟོས་ན་ལྟུང་མེད་དོ། །མཚན་ཉིད་ཐེབས་རེ་ལ་ལྟུང་བྱེད་རེ་ཏེ་གཞན་ལའང་དེ་བཞིན་ནོ། །བཞི་པ་ཆོ་ག་ལས་འདས་པ་གཉིས་ཀྱི་དང་པོ་གསོག་འཇོག་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་དངོས་དང༌། ཆ་ལ་བསྟན་པའོ། །དང་པོ་ནི་སྔ་དྲོ་སོགས་སོ། །གཉིས་པ་ནི་ལག་ཉར་སོགས་སོ། །གཉིས་པ་ལ། བཙོས་པ་དང་ཞག་ལོན་གྱི་མཚན་ཉིད། གནས་སྐབས་ཀྱི་སེལ་བ། ཚད་ཀྱི་སེལ་བ། ངོ་བོའི་སེལ་བ། ཞར་ལ་འབགས་པའི་མཚན་ཉིད། ལག་ཉའི་མཚན་ཉིད་དམིགས་བསལ་དང་བཅས་པ། ལེན་པ་དང་ཟ་བའི་དམིགས་བསལ། ཞར་ལ་འབགས་པ་བསལ་བའི་ཐབས་དེ་བརྒྱད་དོ། །དང་པོ་ནི། འདིར་བརྗེན་པ་སོགས་སོ། །གཉིས་པ་ནི། ལག་ཉར་བླངས་པ་སོགས་སོ། །ངག་དོན་ནི། མུ་གེ་ལ་སོགས་པའི་དུས་ཀྱི་ཕྱིར། སྤྱིར་ལག་ཉར་བླངས་པ་སོགས་བཟའ་བར་གནང་ཡང་དམིགས་བསལ་ལ་སྔ་དྲོ་ལག་ཉར་བླངས་པ་ཕྱི་དྲོ་མི་བཟའ། ཕྱི་དྲོ་དེར་བླངས་པ་ཐུན་ཚོད་ལས་འདས་པ་ན་མི་ཟའོ་ཞེས་དགག་པ་མཛད་པ་ཆོས་ཅན། འཚོ་བའི་བར་དུ་བཅང་བ་དག་ནི་མ་བསྡུས་ཏེ། དེ་སྔ་དྲོ་ལག་ཉར་བླངས་ཀྱང་ཕྱི་དྲོ་ལོངས་སྤྱད་དུ་རུང་བའི་ཕྱིར། བོད་སྔ་མ་རྣམས་ནི་འཚོ་བཅང་དང་ཞག་བདུན་པ་བྱིན་གྱིས་བརླབས་པ་རྣམས་འདིས་མ་བསྡུས། མ་བརླབས་པ་རྣམས་འདིའི་བསྡུས་པ་ཡིན་ཞེས་གསུངས་ཡང༌། བྱིན་གྱིས་བརླབས་པ་ལ་དོགས་པ་མི་འབྱུང་བས་ཅིག་ཤོས་མ་བསྡུས་པ་སྟོན་པ་ཡིན་ནོ། །གསུམ་པ་ནི། འབགས་པ་སོགས་སོ། །བཞི་པ་ནི་ལན་ཚྭ་སོགས་སོ། །ལྔ་པ་ནི་ཁྭའི་མཆུ་སོགས་སོ། །དྲུག་པ་ནི་ནོར་པ་དང་སོགས་སོ། །བདུན་པ་ནི་ཤས་ནོན་པ་སོགས་སོ། །བརྒྱད་པ་ནི་ལག་པ་བསྙལ་བ་སོགས་སོ། །འདི་དག་གི་སྤྱིའི་དོན་ནི། སྨན་ཆོ་གའི་སྒོ་ནས་མི་རུང་བ་ནི་རྣམ་པ་བཞི་སྟེ། གསོག་འཇོག་དང༌། ལག་ཉ་དང༌། མཚམས་བཙོས་དང༌། ཞག་ལོན་ནོ། །དང་པོའི་རྣམ་གཞག་ལ། བོད་ཀྱི་ཊཱི་ཀ་བྱེད་པ་རྣམས་མཐུན་པར་དུས་རུང་གི་ཟས་སྔ་དྲོ་བྱིན་ལེན་བྱས་པ་གུང་ཚིགས་ཡོལ་བ་ན་གསོག་འཇོག་དང༌། ཐུན་ཚོད་དུ་རུང་བ་ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ལས་འདས་པ་རྣམས་གསོག་འཇོག་དང༌། སྨན་ཕྱི་མ་གཉིས་བྱིན་ལེན་ཅན་རང་རང་གི་དུས་གཉིས་པོ་འདས་པ་ན་གསོག་འཇོག་ཏུ་འགྱུར་བ་ཡིན་ནོ་ཞེས་གསུངས་ལ། དེ་ལས་ཀྱང་ཁ་ཅིག་ནི་གསོག་འཇོག་ཅན་ཟོས་པའི་ལྟུང་བྱེད་འདི་དུས་རུང་གི་ཟས་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ་ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། གསོག་འཇོག་གི་རྣམ་གཞག་ཕྱེ་གསལ་མེད་པར་བཤད་པས་རྣམ་གཞག་ཞིབ་མོ་ངོ་མ་ཤེས་པ་དང༌། གསོག་འཇོག་ལ་བརྟེན་པའི་སྤང་ལྟུང་ངོས་འཛིན་ཚུལ་མདོ་ལུང་དང་འགལ་བའོ། །དང་པོ་ནི། སྨན་ཕྱི་མ་གསུམ་གྱི་གསོག་འཇོག་གི་གོ་དོན་དེ་ལྟར་འཇོག་པ་ནི་རྩིངས་པ་ཡིན་ཏེ། རྒྱུ་ཞག་བདུན་པ་དང་འཚོ་བཅང་གི་སྨན་ལ་སྦྱར་བའི། ཐུན་ཚོད་དུ་རུང་བའི་ལྟུང་བ་དེ་ཡང་ཐུན་ཚོད་ཀྱི་མཐའ་འདས་པ་ཙམ་གྱིས་གསོག་འཇོག་ཏུ་འགྱུར་བར་ཁས་ལེན་དགོས་ལ། དེ་ལྟ་ན་ཇི་སྐད་དུ། གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ། །ཞེས་བྱ་བའི་མདོ་དང་འགལ་བའི་ཕྱིར་དང༌། སྨན་ཕྱི་མ་གསུམ་པོའི་གསོག་འཇོག་གི་མཐའ་ཐུན་ཚོད་ཀྱི་མཐའ་དང༌། ཞག་བདུན་པའི་མཐའ་ལ་སོགས་པར་ངེས་པ་དེ་ལྟར་ན། སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་པ་དང༌། མ་བརླབས་པ་ལ་སོགས་འཇོག་འབྱུང་བའི་དུས་མྱུར་བུལ་གྱི་ཁྱད་པར་མེད་པར་ཐལ་བའི་ཕྱིར་དང༌། དེ་ཡང་དེ་ལྟ་ན་ཇི་སྐད་དུ། བྱིན་གྱིས་བརླབས་པ་ལ་གསོག་འཇོག་མི་འབྱུང་ངོ་ཞེས་བྱ་བའི་མདོ་དང་འགལ་བའི་ཕྱིར་དང༌། འཚོ་བཅང་གི་སྨན་བྱིན་བརླབས་ཅན་ལ་བརྟེན་པའི་གསོག་འཇོག་གི་སྤང་བ་དང་ལྟུང་བྱེད་འབྱུང་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ཡང་ནད་སོས་ནས་ཀྱང་བཟའ་བའི་ཕྱིར་བཅངས་ན་གསོག་འཇོག་གི་སྤང་བར་འགྱུར་རོ་སྙམ་པ་དེ་ཡང་མ་ཤེས་པ་ཡིན་ཏེ། དེ་ལྟར་སྟོན་པའི་མདོ་ལུང་མེད་པའི་ཕྱིར་དང༌། འཚོ་བཅང་གི་སྨན་བྱིན་གྱིས་བརླབས་པའི་དགོས་པ་ནི། མ་ཤི་གོང་དུ་གསོག་འཇོག་གི་སྤང་བ་མི་འབྱུང་བའི་ཆེད་ཡིན་པའི་ཕྱིར་དང༌། ཇི་སྲིད་འཚོ་བ་ཞེས་པའི་ཚད་དེ་ནད་སོས་པ་ལ་བྱེད་པ་མ་ཡིན་པའི་ཕྱིར་དང༌། ནང་ཇི་སྲིད་འཚོ་བ་ཅེས་པའི་ཐ་སྙད་བྱེད་པ་ཡང་མི་མཁས་པ་ཁོ་ནའི་རྟོག་པས་བརྟགས་པ་ཡིན་གྱི། གཞུང་འགྲེལ་ལས་མི་འབྱུང་བའི་ཕྱིར། དེ་ལྟ་མོད་ཀྱི་འཚོ་བཅང་གི་སྨན་ལ་བརྟེན་པའི་སྤང་ལྟུང་ཁས་མི་ལེན་པ་ནི་མ་ཡིན་ནོ། །དུས་རུང་གི་སྨན་ལ་བརྟེན་པའི་གསོག་འཇོག་གི་གོ་དོན་ཡང་མཐའ་མ་ཆོད་པ་ཡིན་ཏེ། སྔ་དྲོ་ལག་ཉ་འགེགས་བྱེད་ཀྱི་བྱིན་ལེན་བྱས་པ་མ་ཞིག་པ་གུང་ཚིགས་ཡོལ་བ་དེའི་ཚེ་ཡང༌། གསོག་འཇོག་གི་སྤང་བ་འབྱུང་བར་ཐལ་བའི་ཕྱིར་དང༌། དེ་ཡང་འདོད་ན་ཇི་སྐད་དུ། བཟའ་བའི་ཕྱིར་འཆང་ནའོ། །ཞེས་བྱ་བའི་མདོ་དང་འགལ་བའི་ཕྱིར་དང༌། ཚེས་གཅིག་གི་སྔ་དྲོ་ལྟ་བུར་དགེ་སློང་འཆར་ཀས་རང་འདྲ་བའི་དགེ་སློང་གཞན་གྱི་ཆེད་དུ་ཞིང་གི་ཐོག་ཤས་ལྟ་བུ་ལ་བྱིན་ལེན་བྱས་ཏེ། བང་མཛོད་ལྟ་བུར་བཅུག དེ་ལ་ཚེས་གཉིས་དང་གསུམ་ལ་སོགས་པའི་དུས་སུ་བྱིན་ལེན་བྱས་ཏེ་ལོངས་སྤྱད་ན། གསོག་འཇོག་གི་སྤང་བ་དང༌། ལྟུང་བྱེད་འབྱུང་བར་ཧ་ཅང་ཐལ་ལ། དེ་ཡང་འདོད་ན་ནི་ཇི་སྐད་དུ། ཤས་ནོན་པ་དང༌། དེ་གྲུབ་པའི་ཕྱིར་རེག་པ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་པའི་མདོའི་ཤུགས་བསྟན་དང་འགལ་བའི་ཕྱིར། མདོར་ན་གཞན་ཟ་བའི་ཕྱིར་དུ་མ་ཡིན་པར་བྱིན་ལེན་བྱས་པ་ལ་ནི་གུང་ཚིགས་ཡོལ་ཀྱང་གསོག་འཇོག་མི་འབྱུང་ཞིང༌། འཇིག་རྒྱུ་གཞན་མ་བྱུང་གི་བར་དུ་བྱིན་ལེན་ཞིག་པ་ཡང་མེད་དོ། །གལ་ཏེ་གཞན་ལ་བསྔོས་པས་ཞིག་གོ་སྙམ་ན་ནི། གཞན་གྱི་ཆེད་དུ་བྱིན་ལེན་ཆགས་པ་མི་སྲིད་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་ཁས་ལེན་པ་དེ་ནི་མདོ་ལུང་གཉིས་ཀ་དང་འགལ་བ་ཡིན་ཏེ། མདོ་ལས་ཕྱི་དྲོ་པའི་ཟས་དེ་ཐུན་ཚོད་ལས་འདས་ན་གསོག་འཇོག་བྱས་པ་ཡིན་ནོ་ཞེས་དང༌། ལུང་ལས་ཉེ་བར་འཁོར་དུས་སུ་རུང་བ་ཡང་དུས་སུ་ཡོངས་སུ་ལོངས་སྤྱོད་པར་བྱའི། དུས་ལས་འདས་པར་སྤྱད་པར་མི་བྱའོ། །ཐུན་ཚོད་དུ་རུང་བ་ཡང་ཐུན་ཚོད་དུ་སྤྱད་པར་བྱའི། དེ་ལས་འདས་ནས་སྤྱད་པར་མི་བྱའོ། །ཞག་བདུན་པ་ཡང་དེར་སྤྱད་པར་བྱའི། དེ་ལས་འདས་ནས་སྤྱད་པར་མི་བྱའོ། །གལ་ཏེ་སྤྱད་ན་ཅིར་འགྱུར་གསོག་འཇོག་བྱས་པ་སྤྱད་པས་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཞུ་བ་ཁ་ཆེ་བ་ལས་འབྱུང་བའི་ཕྱིར། གཉིས་པ་རང་གི་ལུགས་ལ་བཞི་ལས། དང་པོ་གསོག་འཇོག་གི་ཚད་ནི་དུས་རུང་གི་སྨན་ལ་སྔ་དྲོ་བཟའ་ཆེད་ཀྱི་བྱིན་ལེན་བྱས། དེ་མ་ཞིག་པར་གུང་ཚིགས་ཡོལ་བ་ན་དེར་འགྱུར་རོ། །རང་དང་འདྲ་བའི་དགེ་སློང་གཞན་བཟའ་བའི་བར་དུ་བྱིན་ལེན་བྱས་པ་ཡང་འདིས་བསྡུས་སོ། །ཡང་དུས་རུང་གི་སྨན་ཕྱི་དྲོ་བྱིན་ལེན་བྱས་པ་ནི་དེ་མ་ཞིག་པར་ཐུན་ཚོད་ལས་འདས་ཀྱང་གསོག་འཇོག་ཏུ་འགྱུར་བ་མ་ཡིན་ཏེ། དེར་སྟོན་པའི་ལུང་མེད་པའི་ཕྱིར་དང༌། ལོག་ཕྱོགས་རིགས་པས་འགྲུབ་པའི་ཕྱིར་ཏེ། དེ་ཕྱི་དྲོའི་ཟས་མ་ཡིན་པའི་ཕྱིར། འོ་ན་དེ་ལ་ནམ་གྱི་ཚེ་གསོག་འཇོག་འབྱུང་ཞེ་ན། དེའི་ཕྱི་དེ་ཉིན་བར་གྱི་གུང་ཚིགས་ཡོལ་བ་ནའོ། །ཡང་སྨན་ཕྱི་མ་གསུམ་པོ་གང་རུང་ལ་སྔ་དྲོ་བཟའ་བྱེད་ཀྱི་བྱིན་ལེན་བྱས་པ་བྱིན་གྱིས་མ་བརླབས་པ་དེ་གུང་ཚིགས་ཡོལ་བ་ན། གསོག་འཇོག་དང༌། ཕྱི་དྲོ་དེ་ཆེད་ཀྱི་དེ་བྱས་པ་ཐུན་ཚོད་ལས་འདས་ན་དེར་འགྱུར་བ་ཡིན་ཏེ། ཕྱི་དྲོའི་ཟས་གང་ཞིག་བྱིན་གྱིས་བརླབས་པའི་ཕྱིར་དང༌། སྔ་དྲོའི་ཟས་གང་ཞིག་བྱིན་གྱིས་མ་བརླབས་པའི་ཕྱིར། གཞན་དུ་ན་དེ་གསུམ་པོ་བྱིན་གྱིས་བརླབས་པ་དང་ཁྱད་པར་མེད་པ་ཐལ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་དུ་ཐུན་ཚོད་དུ་རུང་བའི་ལྟུང་བ་སྔ་དྲོ་བྱིན་ལེན་བྱས་བྱིན་གྱིས་མ་བརླབས་པ་དེ་དང༌། ཡང་དེར་དེ་བྱས་དེར་བརླབས་པ་གཉིས་པོ་གསོག་འཇོག་འབྱུང་བའི་དུས་ལ་རིང་ཐུང་གི་ཁྱད་པར་མེད་པར་ཐལ། ཐུན་ཚོད་ཀྱི་མཐའི་བར་དུ་གཉིས་ཀ་ལ་དེ་མི་འབྱུང་བའི་ཕྱིར་དང༌། ཐུན་ཚོད་དུ་རུང་བའི་ལྟུང་བ་སྔ་དྲོ་བྱིན་གྱིས་བརློབས་ལ་ཕྱི་དྲོ་བྱིན་གྱིས་མི་བརློབ་པའི་དགོས་པའི་ཁྱད་པར་ཡང་ཁྱེད་ཀྱིས་མ་ཤེས་པར་སྣང་བའི་ཕྱིར། ཡང་ཞག་བདུན་པའི་སྨན་བྱིན་ལེན་ཅན་བྱིན་གྱིས་བརློབ་པ་དེ། གསོག་འཇོག་ཁེགས་པའི་ཕྱིར་དུ་བྱིན་གྱིས་བརློབས་པ་མ་ཡིན་པར་ཐལ། དེ་བྱིན་ལེན་ཅན་དེར་བརླབས་པ་དང་མ་བརླབས་པ་གཉིས་གསོག་འཇོག་ཏུ་འགྱུར་བའི་རང་དུས་མཚུངས་པའི་ཕྱིར། ཡང་ཞག་བདུན་པའི་སྨན་བྱིན་ལེན་ཅན་བྱིན་གྱིས་མ་བརླབས་པ་དེ་ཆོས་ཅན། ཤན་བརྡེག་བྱ་དང་རྡེག་བྱེད་གང་དུ་ཡང་རུང་བར་ཐལ། དེའི་ལོངས་སྤྱོད་ཀྱི་མཐའ་ཞག་བདུན་པར་ངེས་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། བྱིན་གྱིས་མ་བརླབས་པའི་སྨན་ཡིན་པའི་ཕྱིར་རོ། །ཡང་སྨན་ཕྱི་མ་གསུམ་སྔ་དྲོ་བྱིན་ལེན་དང་བྱིན་བརླབས་བྱས་པ་ཡིན་ན། སྤྱིར་བཏང་དུ་ཐུན་ཚོད་དུ་རུང་བ་དེ་ཐུན་ཚོད་ཀྱི་མཐའ་འདས་པ་ན་དང༌། ཞག་བདུན་པའི་སྨན་དེ་སྐྱ་རེངས་བརྒྱད་པ་ཤར་བ་ན་དེར་འགྱུར་ལ། ཅིག་ཤོས་ལ་གསོག་འཇོག་མི་སྲིད་དོ། །དམིགས་བསལ་ལ། རྒྱུ་ཞག་བདུན་པའི་སྨན་ལ་སྦྱར་བའི་ལྟུང་བ་དེ་བྱིན་གྱིས་བརླབ་པའི་ཚེ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརློབ་ཀྱང༌། ཐུན་ཚོད་འདས་པ་ཙམ་གྱིས་གསོག་འཇོག་ཏུ་འགྱུར་བ་མ་ཡིན་ཏེ། དེའི་ལོངས་སྤྱོད་ཀྱི་མཐའ་ཞག་བདུན་པར་ངེས་པའི་ཕྱིར། ཡང་རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་གསོག་འཇོག་བྱས་པ་ཉིད་ཡིན་ནོ་ཞེས་གསུངས་པ་ཡང༌། འདིར་བསྟན་པའི་གསོག་འཇོག་གོ་ཆོད་པོ་འཆད་བྱེད་མ་ཡིན་ཏེ། བྱིན་ལེན་ཞིག་པ་ལ་འདིའི་གསོག་འཇོག་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ལག་ཉ་ལ། ངོ་བོ་ནི་སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་པའོ། །དེ་དུས་ཀྱི་བྱིན་ལེན་ལའང་གཉིས་ཏེ། ལག་ཉ་འགེགས་བྱེད་ཀྱི་སྦྱིན་ལེན་དང་བཟའ་ཆེད་ཀྱི་བྱིན་ལེན་ནོ། །དང་པོ་ནི། དགེ་སློང་རྫས་ཀྱི་བླ་ལྟ་བུས་དགེ་འདུན་ནམ་མཁན་སློབ་ཀྱི་དོན་དུ་སྦྱིན་བདག་ཁྱིམ་པ་ལྟ་བུས་ནས་ཀྱི་བང་བའམ་ཇ་སིག་གམ་མར་དང་བུ་རམ་གྱི་ལྟང་རྩེའམ། ཛ་ཏི་དང༌། གུར་ཀུམ་ལ་སོགས་པའི་རྐྱལ་པ་ལ་བྱིན་ལེན་བྱས་ཏེ་ནོད་པ་ལྟ་བུའོ། །འདི་རང་དུས་འདས་པ་ཙམ་གྱིས་གསོག་འཇོག་ཏུ་འགྱུར་བ་མ་ཡིན་ཏེ། རང་ངམ་རང་དང་འདྲ་བ་བཟའ་བའི་ཕྱིར་དུ་བྱིན་ལེན་བྱས་པ་མ་ཡིན་པའི་ཕྱིར། འདི་ལ་སྦེད་ཕྱིར་གྱི་བྱིན་ལེན་ཞེས་ཀྱང་བྱ་ཞིང༌། འདི་ལ་རང་དུས་མ་འདས་པའི་གོང་དུ་གསོག་འཇོག་ཁེགས་པའི་ཕྱིར་དུ་བྱིན་ལེན་འཇིག་པ་སོགས་བྱ་མི་དགོས་པར་མངོན་ནོ། །ཡང་དགེ་སློང་གིས་ཁྱིམ་པ་ལ་དངོས་སུ་སྟེར་བ་ལྟ་བུ་ལ་བྱིན་ལེན་མི་དགོས་ལ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་བར་དུ་རྒྱུད་ནས་དགེ་སློང་གཞན་ལ་སྟེར་བ་ལ་ནི། བྱིན་ལེན་དགོས་ཏེ་ལག་ཉ་ཁེགས་པའི་ཕྱིར་དུའོ། །འོ་ན་ཞག་གྲངས་མང་པོས་བགྲོད་དགོས་པའི་ལམ་རྒྱགས་ལ་ཡང་བྱིན་ལེན་དེ་ལྟར་བྱས་ནས། ཁུར་བས་ཆོག་པར་ཐལ་ལོ་སྙམ་ན་མི་མཚུངས་ཏེ། དེ་ནི་ལམ་དུ་བཟའ་བའི་ཕྱིར་ཁོ་ནར་ཁུར་བ་ཡིན་པའི་ཕྱིར། བོད་སྔ་མ་རྣམས་ལག་ཉ་ཅན་ལ་བྱིན་ལེན་མི་ཆགས་གསུངས་པ་ནི་རུང་བ་མ་ཡིན་ཏེ། འོ་ན་ལག་ཉ་ཅན་ལ་བྱིན་ལེན་བྱས་ཏེ་ཟོས་ན་བྱིན་ལེན་མ་བྱས་པར་ཟ་བའི་ཉེས་པ་དེ་ཁེགས་པ་མ་ཡིན་པར་ཐལ། དེ་ལ་བྱིན་ལེན་མི་ཆགས་པའི་ཕྱིར། འདོད་ན་འཚལ་མ་གཅིག་འཚལ་བས་ཉེས་པ་བཞི་འབྱུང་བའི་ལུང་གི་སྐབས་དང་འགལ་ལོ། །གསུམ་པ་མཚམས་བཅོས་ནི། ཊཱི་ཀ་ལྟར་ན་གསོལ་བ་ལ་སོགས་པའི་ལས་ཀྱི་བཅོས་མ་ཡིན་པའི་མཚམས་ནང་དུ། བཙོས་པ་ལ་བཞེད་ཅིང་ཞག་ལོན་ཡང་དེར་ཞག་ལོན་པའོ། །བམ་ལྔ་ལྟར་ན་ལས་ཀྱིས་མཚམས་བཅད་པ་དང༌། རྩིག་པ་ལ་སོགས་པའི་རང་མཚམས་དང༌། དགེ་སློང་གི་གནས་ཉེ་འཁོར་དང་བཅས་པ་སྔར་འབྲལ་སྤང་དུ་བསྟན་པ་ལྟ་བུར་གཞིར་བྱས་པ་ལ་རུང་ཁང་ངམ། རུང་བའི་ས་གཞིར་མ་བྱས་པ་དེར་བཙོས་པ་དང༌། ཞག་ལོན་པ་ལ་བཞེད་ཅིང་འདི་ཉིད་ལེགས་སོ། །དེ་ཡང་ཁྱིམ་པའི་གྲོང་དུ་དགེ་སློང་གི་མཛོད་བྱས་ནས། དགེ་སློང་དེར་ཞག་ཏུ་མི་གནས་ན་ཁྱིམ་པའི་གནས་ཡིན་ལ། ཁྱིམ་པས་གཙུག་ལག་ཁང་དུ་མཛོད་བྱས་ན། མཛོད་དེར་དགེ་སློང་མི་འཇུག་ན་ཡང་ཁྱིམ་པའི་གནས་ཉིད་ཡིན་པས་དེར་བཙོས་པ་དང་ཞག་ལོན་གྱི་ཉེས་པ་མེད་དོ། །རུང་ཁང་གི་མཚན་ཉིད་ནི་འོག་ནས་འབྱུང་ངོ༌། །གཉིས་པ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ལ་གསུམ་སྟེ། བྱིན་ལེན་གྱི་མཚན་ཉིད་དམིགས་བསལ་དང་བཅས་པ། ཟས་བྲིམ་པའི་ཚུལ་རྗེས་འཇུག་དང་བཅས་པ། ལྟུང་བ་རྣམ་གཞག་དམིགས་བསལ་དང་བཅས་པའོ། །དང་པོ་ནི། གཞན་དང་སོགས་སོ། །གཉིས་པ་ནི། སྙོམས་པར་སོགས་སོ། །གསུམ་པ་ནི་ཤེས་གཙོ་སོགས་སོ། །འདིར་མཚམས་གཞན་ལྔ་སྟེ། རགས་པ་མཚམས་གཞན་དང༌། མེ་དང༌། ཆུ་དང༌། ནམ་མཁའ་དང༌། བདག་པོ་མཚམས་གཞན་རྣམས་ཡོད་པར་བཤད་དོ། །གཞན་དག་ཅོག་ཙེ་ལྟ་བུ་རགས་པ་མཚམས་གཞན་དུ་འདོད་པ་མི་འཐད་དེ། ཁྲི་དང་ཁྲིའུ་སོགས་བྱིན་ལེན་ནོད་པའི་སྣོད་དུ་རུང་བར་བཤད་པའི་ཕྱིར། དཔེར་ན་ལྷུང་བཟེད་བཞིན་ནོ། །གཞན་དག་མདུན་དྲང་ཐད་དུ་བྱིན་ལེན་སྟོབས་པ་པོ་འོང་དགོས་པར་འདོད་པ་ཡང་མ་གོ་བ་ཡིན་ཏེ། གཞུང་ལས་མངོན་སུམ་དུ་ཞེས་གསུངས་པ་ནི། བྱིན་ལེན་ནོད་པ་པོ་སྟོབས་པ་པོའི་མདུན་ན་འདུག་པ་ལ་བཤད་པའི་ཕྱིར་དང༌། དེའི་དོན་ཡང་སྟོབས་པ་པོའི་རྒྱབ་དང༌། གློ་གཡས་གཡོན་ན་འདུག་པ་མ་ཡིན་པ་ལ་འཆད་དགོས་པའི་ཕྱིར། དེ་ལྟར་ན་ནོད་པ་པོའི་རྒྱབ་ན་སྟོབས་པ་པོ་འདུག་ཀྱང་ཡན་ལག་གཞན་རྣམས་ཚང་ན་བྱིན་ལེན་ཐོབ་པ་ཡིན་ནོ། །ངག་དོན་ནི། བཟའ་ཆེད་ཀྱི་བྱིན་ལེན་ཆོས་ཅན། ཁྱད་པར་གཉིས་དང་ལྡན་ཏེ། ནོད་པ་པོའི་ཁྱད་པར་སྟོབས་པ་པོ་ལ་ལྟོས་པའི་མངོན་སུམ་དང༌། མཚམས་ཀྱི་ནང་དང༌། ཐོབ་པའི་ཕྱོགས་ན་གནས་པ་དང༌། ལག་པ་བཀན་པ་དང་ལྡན་ཅིང༌། སྟོབས་པ་པོའི་ཁྱད་པར་ནོད་པ་པོ་ལ་ལྟོས་ཏེ་བསྙེན་པར་མ་རྫོགས་པ་དང༌། བྱིན་པར་འདོད་པ་དང༌། ལུས་དངོས་སམ་དེ་དང་འབྲེལ་པས་གྱེན་དུ་འདེགས་ནུས་པ། དེས་བྱིན་པའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར། ཞེས་པ་ནི་མངོན་སུམ་དུ་སོགས་ལའོ། །བྱིན་ལེན་འཇིག་པའི་རྒྱུ་ནི། ལུང་རྣམ་པར་འབྱེད་པ་ལས། འཕྲོགས་དང་འདྲིལ་དང་རེག་པ་དང༌། །བསྔོས་དང་དགེ་སློང་མིན་གྱུར་དང༌། །དངོས་པོ་གྱུར་དང་སྐྱེ་བ་གྱུར། །དོར་ནས་ཀྱང་ནི་བྱིན་ལེན་འཇིག །ཅེས་པའོ། །ལྔ་པ་གསོད་པ་སློང་བ་ནི་ལྟུང་བ་རྣམ་གཞག་དང་སེལ་བ་གཉིས་ཀྱིས་འཆད་དོ། །ལྔ་པ་རྣམ་གཞག་བཞིའི་མི་མཐུན་ཕྱོགས་ལ་ལོག་པར་བསྒྲུབ་པ་ལ་བཞི་སྟེ། ཚུལ་ཁྲིམས་རྣམ་དག་གི་དང༌། ལྟ་བ་རྣམ་དག་གི་དང༌། ཆོ་ག་རྣམ་དག་གི་དང༌། འཚོ་བ་རྣམ་དག་གི་མི་མཐུན་ཕྱོགས་སོ། །དང་པོ་ལ། གཞན་གྱི་སྲོག་ལ་གནོད་པ་གཅིག་དང༌། ལོངས་སྤྱོད་ལ་གནོད་པ་གཉིས། སྦྱིན་པར་བྱ་བའི་ཆོས་བཤམས་གནོད་པ་གཅིག རང་གཞན་གྱི་ལུས་སྲོག་ལ་གནོད་པ་གསུམ། ཚངས་པ་མཚུངས་པར་སྤྱོད་པའི་གཞི་ལ་གནོད་པ་བཞི། རེག་པར་བྱ་བའི་ལུས་ལ་གནོད་པ་གཅིག་དང༌། བློ་མཐུན་པ་ལ་གནོད་པ་གཅིག་དང༌། ཆགས་བྲལ་ལ་གནོད་པ་གཅིག་རྣམས་སོ། །དང་པོ་སྲོག་ཆགས་དང་བཅས་པ་ལ་གཉིས་ཏེ། རྣམ་འབྱེད་ཀྱི་སྐབས་དང༌། ཕྲན་ཚེགས་ཀྱི་སྐབས་སོ། །དང་པོ་ལ་མདོ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་རང་སོགས་སོ། །གཉིས་པ་ལ་སྤྱོད་པའི་མཚན་ཉིད་དང༌། སྤྱོད་པའི་ངོ་བོ་གཉིས་སོ། །དང་པོ་ནི། སྤྱད་པ་ནི་ཞེས་པའོ། །གཉིས་པ་ནི་འདི་ལྟ་སྟེ་སོགས་སོ། །གཉིས་པ་ཕྲན་ཚེགས་ལ། ཆུ་ཚད་མེད་དུ་མི་རུང་བ་དམིགས་བསལ་དང་བཅས་པ། ཆུ་བརྟག་པའི་ཆོ་ག་ཞར་བྱུང་དང་བཅས་པ། ཆུ་རུང་བའི་དབྱེ་བ་ཆུ་ཁང་གི་རྣམ་གཞག་དང་བཅས་པའོ། །དང་པོ་ནི། སྤྱང་ཚག་སོགས་སོ། །གཉིས་པ་ནི་མིག་གི་སོགས་སོ། །གསུམ་པ་ནི། དགེ་འདུན་སོགས་སོ། །འདིར་ཆུ་ཚགས་ཀྱི་དབྱེ་བ་ལྔ་སྟེ། སྤྱང་ཚགས་དང༌། བུམ་ཚགས་ལྕིའུ་ཅན་དང༌། ཆུ་ཚགས་གྲུ་གསུམ་དང༌། རིལ་བ་ཞབས་ཚགས་ཅན་དང༌། བསམ་ཚངས་སོ། །དང་པོ་གཉིས་ཀྱི་མཚན་ཉིད་གཞུང་དུ་གསལ་ལ། གསུམ་པ་ནི། ཁའི་ཕྱོགས་གྲུ་གསུམ་པ། ཞབས་འཕྱང་བ། བྱིན་གྱིས་ཕྲ་བར་བཅོམ་པའོ། །བཞི་པ་ནི། ཟངས་མ་སོགས་ལ་བྱས་པའི་རིལ་བ་ཞབས་རིལ་མོར་ཡོད་པ། ཟོ་བ་ཞབས་ལ་བཅུག་པ་དང་འདྲ་བར་གསོང་སྟོང་དུ་གཞག་པ་ལ། དེ་རས་བཟང་པོས་ནང་རོལ་ནས་བཀབ་སྟེ། ཁའི་མཐོངས་ཕྱེ་ལ་རླུང་གི་གསང་གཏོད་ནས་ཞབས་ནང་དུ་སྤྱིངས་ཏེ། ཕྱིར་དབྱུང་ཁར་ཁའི་མཐོངས་བཀག་སྟེ། རླུང་གི་གསང་གནན་པས་ཆུ་རང་གང་དང་བཅས་ཏེ་དབྱུང་བའོ། །བསལ་ཚགས་ནི། རས་ལིང་རང་ཆུ་ངལ་པོའི་སྟེང་དུ་གཏིང་ནས་ཆུ་བཅུ་པ་ཞིག་ལ་ཕལ་ཆེར་གྱིས་འདོད་ལ། བམ་ལྔ་ལས་ནི། ཆུ་ཚགས་ཀྱི་ནང་དུ་སྲོག་ཆགས་ཟིན་པ་ཆུ་ནང་དུ་བརྐྱལ་བའི་སྣོད་ཞིག་ལ་བཤད་དོ། །གཉིས་པ་གཉིས་ནི། ཉལ་པོ་བྱེད་པར་བཤོམས་པའི་ཁྱིམ་ན་འདུག་པ་དང༌། འགྲེང་བ་གཉིས་སོ། །གསུམ་པ་ནི་གཅེར་བུ་ལ་ཟས་བྱིན་པའི་ལྟུང་བྱེད་དེ། དངོས་དང་སེལ་བ་གཉིས་ཀྱིས་འཆད་དོ། །བཞི་པ་ལ་དམག་ལ་ལྟ་བ་དང༌། དམག་ནང་ན་གནས་པ་དང༌། བཤམས་པ་བཀྲུགས་པ་གསུམ་ལས། གསུམ་པ་ནི་ལྟུང་བ་རྣམ་གཞག་དང༌། སེལ་བ་གཉིས་ཀྱིས་འཆད་དོ། །འདིར་དཔུང་གི་ཡན་ལག་བཞི་སྟེ། གླང་པོ་ཆེ་དང༌། ཤིང་རྟ་དང༌། རྟ་པ་དང༌། རྐང་ཐང་གི་ཚོགས་རྣམས་སོ། །རྒྱལ་མཚན་གྱི་མཆོག་ནི་བཞི་སྟེ། ཁྱུ་མཆོག་དང༌། སེང་གེ་དང༌། ཆུ་སྲིན་དང༌། ཀླུའི་རྒྱལ་མཚན་ནོ། །དེ་དང་སྔར་གྱི་དཔུང་ཚོགས་བཞི་ལ་བསྡུས་པ་ཞེས་བྱ། སོ་སོ་བ་ཞེས་པ་ནི་བཀོད་པའི་ཁྱད་པར་དེ། དེ་ལ་ཡང་འབྲུའི་ཁ་ལྟ་བུ་དང༌། ཤིང་རྟ་ལྟ་བུ་དང༌། ཟླ་གམ་ལྟ་བུ་དང༌། མཁའ་ལྡིང་གི་འདབ་མ་ལྟ་བུའོ། །དང་པོ་ནི། རྒྱལ་པོ་དབུས་སུ་བཞག་ནས་མདུན་དང་རྒྱབ་ཏུ་རུ་བཤམས་པའོ། །གཉིས་པ་ནི། རྒྱལ་པོ་རྒྱབ་ཏུ་བཞག་ནས་གཡས་གཡོན་མདུན་གསུམ་དུ་རུ་བཤམས་པའོ། །གསུམ་པ་ནི། རྒྱལ་པོ་དབུས་སུ་བཞག་ནས་གཡས་གཡོན་མདུན་རྒྱབ་བཞིར་རུ་བཤམས་པའོ། །བཞི་པ་ནི། རྒྱལ་པོ་དབུས་སམ་མདུན་དུ་བཞག་ནས་གཡས་གཡོན་མདུན་གཉིས་སུ་རུ་བཤམས་པའོ། །སྟ་གོན་བྱས་པ་ཞེས་བྱ་བ་ནི་གླང་པོ་ཆེ་གོ་བགོས། རྒྱལ་མཚན་སྒྲེངས། གཞུ་བདུངས། མདེའུ་བདར། རལ་གྲི་ཤུབས་ནས་ཕྱུང་བའོ། །ལྔ་པ་ལ་ལྔ་ལས། དང་པོ་བརྡེག་པ་ནི། ལྟུང་བ་རྣམ་གཞག་དང༌། བསླབ་བྱ་གཉིས་ཀྱིས་འཆད་དོ། །གཉིས་པ་རྡེག་པར་གཟས་པའང་དེ་བཞིན་ནོ། །གསུམ་པ་གནས་ངན་ལེན་འཚབ་པ་ནི། དངོས་གཞི་དང་སེལ་བ་གཉིས་ཀྱིས་འཆད་དོ། །བཞི་པ་ཟན་བཅོད་དུ་བཅུག་པའི་ལྟུང་བྱེད་ནི་རྣམ་གཞག་གཅིག་པུས་འཆད་དོ། །དྲུག་པ་རེག་པར་བྱ་བའི་ལུས་ལ་གནོད་པ་ནི་མེ་ལ་རེག་པའི་ལྟུང་བྱེད་ཡིན་ལ། འདི་འཆད་པ་ལ་གསུམ་སྟེ། བསླབ་བྱ། ལྟུང་བ་རྣམ་གཞག དུས་དྲན་ལ་འཁྲུལ་པ་དགག་པའོ། །དང་པོ་ལ་དགག་པའི་བསླབ་བྱ་ནི་སེང་གེ་སོགས་སོ། །བསྒྲུབ་པའི་བསླབ་བྱ་ནི་སྟོན་པ་སོགས་སོ། །གཉིས་པ་ལ། དངོས་གཞི་ནི་རྩེ་བ་སོགས་སོ། །སེལ་བ་ནི། མེ་མར་སོགས་སོ། །གསུམ་པ་ནི། གཞན་གྱི་བྱ་བ་སོགས་སོ། །འདིར་དུས་དྲན་གང་ལ་བྱ་བའི་གཞི་ནི། སྤྱིར་བཀག་པ་རྐྱེན་ལ་ལྟོས་ཏེ་གནང་བའོ། །ངོ་བོ་ནི། སྤྱིར་བཀག་ཀྱང་རྐྱེན་དགོས་འདི་ལ་ལྟོས་ཏེ་གནང་བ་ཡིན་ནོ། །སྙམ་དུ་ཚུལ་བཞིན་ཡིད་ལ་བྱེད་པའོ། །དགོས་པ་ནི། བཅས་པའི་ས་མཚམས་འཛིན་པའོ། །བདུན་པ་བློ་མཐུན་པ་ལ་གནོད་པ་ནི། འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ། །བརྒྱད་པ་ཆགས་བྲལ་ལ་གནོད་པ། ནུབ་ལྷག་གི་ལྟུང་བྱེད་ལ་གསུམ་སྟེ། བསླབ་བྱ་དང༌། ལྟུང་བ་རྣམ་གཞག་དང༌། བསླབ་བྱ་གཞན་བསྟན་པའོ། །དང་པོ་ནི། ཟླ་བ་སོགས་སོ། །གཉིས་པ་ལ་སྤྱོད་ལམ་དང་གནས་ཀྱི་མཚན་ཉིད། དངོས་གཞི་དང༌། སེལ་བའོ། །དང་པོ་ནི་ཉལ་བ་སོགས་སོ། །འདིར་གནས་ཀྱི་དབྱེ་བ་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ། ཐམས་ཅད་གཡོགས་ཤིང་ཕལ་ཆེར་སྐོར་བ། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་སྐོར་བའོ། །འདིར་གཞུང་གིས་བསྟན་པ་ནི་བཞི་པ་ཡིན་ལ། དེས་གཞན་གསུམ་པོ་ཡང་བསྡུས་ཞེས་འཆད་པ་ནི་གནས་ཀྱི་མཐའ་ཡིན་ནོ་ཞེས་པའོ། །འོ་ན་དེ་ལྟ་བུའི་གནས་ཉེ་འཁོར་དང་བཅས་པ་དེར་ནུབ་ལྷག་དང༌། བུད་མེད་དང་ལྷན་ཅིག་གནས་པའི་ལྟུང་བ་སོགས་སྐྱེད་དུ་རུང་བས་ཁྱབ་བམ་ཞེ་ན། གནས་ཁང་ཙམ་གྱི་ཕ་རོལ་ཞེས་སོགས་ཏེ། དེའི་ཚད་ནི་སྤྱོད་ལམ་བཞི་ཤོང་བ་ཡིན་ལ། དེའི་མ་མཐའི་ཚད་ཀྱང་རྡུལ་ཕྲན་ནས་བརྩམས་པའི་ཁྲུ་ཕྱེད་དང་དགུ་ཡིན་ལ། དེའི་ཕ་རོལ་ཏུ་གནས་པ་ལ་ཉེས་པ་འདི་མེད་པའོ། །གཉིས་པ་ལྟུང་བ་རྣམ་གཞག་ནི། བསྙེན་པར་སོགས་སོ། །སེལ་བ་ནི་མདུན་རོལ་སོགས་སོ། །གསུམ་པ་བསླབ་བྱ་གཞན་བསྟན་པ་ནི་དེས་དགེ་ཚུལ་སོགས་སོ། །གཉིས་པ་ལྟ་བ་རྣམ་དག་གི་མི་མཐུན་ཕྱོགས་ལ་གསུམ་ལས། དང་པོ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ནི། བསླབ་བྱ་གཉིས་ཀྱིས་འཆད་དོ། །གཉིས་པ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ནི། དངོས་གཞི་དང་སེལ་བ་གཉིས་ཀྱིས་འཆད་དོ། །གསུམ་པ་དགེ་ཚུལ་བསྙིལ་བ་བསྡུད་པའི་ལྟུང་བྱེད་ནི་བསྙིལ་བའི་ཆོ་ག་དང༌། ལྟུང་བ་རྣམ་གཞག་དང་བསླབ་བྱ་གཉིས་ཀྱིས་འཆད་དོ། །གསུམ་པ་ཆོ་ག་རྣམ་དག་གི་མི་མཐུན་ཕྱོགས་ལ་གསུམ་སྟེ། ཆོ་ག་སྤྱི་ལ་ལོག་པར་བསྒྲུབ་པ་དང༌། ཚུལ་ཁྲིམས་རྣམ་དག་ལ་ལོག་པར་བསྒྲུབ་པ་དང༌། ཆོ་གའི་ཁྱད་པར་རེ་རེ་བ་ལ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གསུམ་ལས། དང་པོ་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ནི། ལྟུང་བ་རྣམ་གཞག་དང་བསླབ་བྱ་གཉིས་ཀྱིས་འཆད་དོ། །གཉིས་པ་ལོངས་པ་གཞིར་གཏོགས་ནི། ལྟུང་བ་རྣམ་གཞག ལྟུང་མེད། བསླབ་བྱ་དང་གསུམ་མོ། །འདིར་ལོངས་པ་ཞེས་པ་ནི་མཚོན་བྱ་དང༌། ལག་ཆ་དང༌། རྒྱན་གྱི་ཁྱད་པར་རྣམས་ལ་བྱ་ལ། དེའི་ཞར་ལ་འཆོས་པ་ཞེས་པའམ། རྒྱགས་པ་དང་འབྲེལ་བ་ནི་དྲི་དང་ཕྲེང་བའི་ཁྱད་པར་རྣམས་བརྟེན་པའོ། །གསུམ་པ་ཁྲུས་བྱེད་པའི་ལྟུང་བྱེད་ལ་ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ནི། སོ་ཀ་ཞེས་སོགས་ཏེ། འདིར་དུས་ཚིགས་དྲུག་ཏུ་ཕྱེ་ནས་སོ་ཀའི་ཟླ་བ་གཉིས་ནི་དཔྱིད་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་དབྱར་ཟླ་འབྲིང་པོའི་ཉའི་བར་ཡིན་ལ། དེའི་ཟླ་བ་ཕྱེད་པོ་གོང་དུ་དོར་ནས་ལྷག་མ་ཕྱེད་དང་གཉིས་དང༌། དབྱར་རྣམས་ཀྱི་དང་པོ་དབྱར་འབྲིང་གི་ཚེས་བཅུ་དྲུག་ནས། དབྱར་ཐའི་བཅོ་ལྔའི་བར་གྱི་ཕྱེད་དང་གསུམ་པོའི་དུས་དེ་ཆོས་ཅན། ལྟུང་བ་འདི་སྐྱེད་པའི་དུས་མ་ཡིན་ཏེ། ཤིན་ཏུ་ཚ་བའི་དུས་ཡིན་པས་ཉི་མ་རེ་ལ་ཁྲུས་རེ་བྱེད་པར་གནང་བའི་ཕྱིར། གཉིས་པ་ཚུལ་ཁྲིམས་ལ་ལོག་པར་བསྒྲུབ་པ་ལ་བཞི་སྟེ། གནོད་པས་ཀུན་ནས་བསླངས་པ་གསུམ། འདོད་པས་ཀུན་ནས་བསླངས་པ་གཉིས། སླར་ཡང་གནོད་པས་ཀུན་ནས་བསླངས་པ་བཞི། སླར་ཡང་འདོད་པས་ཀུན་ནས་བསླངས་པ་གཅིག་རྣམས་སོ། །དང་པོ་ནི། དུད་འགྲོ་གསོད་པའི་དང༌། འགྱོད་པ་བསྐྱེད་པའི་དང༌། ག་ག་ཚིལ་བྱེད་པའི་ལྟུང་བྱེད་རྣམས་སོ། །གཉིས་པ་ནི། ཆུ་ལ་རྩེ་བའི་དང༌། བུད་མེད་དང༌། ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ། །གསུམ་པ་ནི། སྔངས་པར་བྱེད་པའི་དང༌། སྦེད་པའི་དང༌། བརྡངས་མེད་པའི་དང༌། སྐུར་པ་འདེབས་པའི་ལྟུང་བྱེད་རྣམས་སོ། །བཞི་པ་ནི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དོ། །བཞི་པ་ཆོ་གའི་བྱེ་བྲག་ལ་ལོག་པར་བསྒྲུབ་པ་ལ་དྲུག་སྟེ། འཕྲུལ་གྱི་ཆོ་ག་ལ་དེར་བསྒྲུབ་པ་གཉིས། ཟས་ཀྱི་ཆོ་ག་ལ་དེར་བསྒྲུབ་པ་གཅིག གྲོགས་ཀྱི་ཆོ་ག་ལ་དེར་བསྒྲུབ་པ་བཞི། ཆོ་ག་རྣམ་པར་དག་པའི་རྒྱུ་ལ་དེར་བསྒྲུབ་པ་གཅིག དུས་ཁྱད་པར་ཅན་གྱི་ཆོ་ག་ལ་དེར་བསྒྲུབ་པ་གསུམ། ཡུལ་ཁྱད་པར་ཅན་གྱི་ཆོ་ག་ལ་དེར་བསྒྲུབ་པ་གཅིག་རྣམས་སོ། །དང་པོ་ནི། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང༌། ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་གཉིས་པོ་ནི། སྔ་མ་དངོས་གཞི་དང་སེལ་བས་འཆད་ལ། ཕྱི་མ་དངོས་གཞི་དང༌། བསླབ་བྱ་དང༌། སྐྱེ་འཇིག་གི་དུས་བསྟན་པ་དང་གསུམ་གྱིས་འཆད་དོ། །གསུམ་པ་ས་བརྐོ་བ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་བརྐོ་འམ་སོགས་སོ། །གཉིས་པ་ལ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་ནི། སྔ་མ་སོགས་སོ། །གཉིས་པ་ནི། དེའི་རི་སོགས་སོ། །གཉིས་པ་ནི། འགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་ཡིན་ལ། དེ་ལ་བསླབ་བྱ་དང༌། ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ཧ་ཅང་སོགས་སོ། །གཉིས་པ་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི། ཁྱིམ་པ་ཆོས་དགུ་ལྡན་གྱི་ཚིགས་རྣམ་པར་བཞག་པ་མེད་པ་འགྲོན་དུ་གཉེར་བ་དང་ལྡན་པའི་བཅས་ལྡན་དགེ་སློང་ཆོས་ཅན། ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་སྦྱིན་བདག་གིས་བཤམས་པ་ཟོས་ན་ལྟུང་བྱེད་འདི་སྐྱེད་དུ་རུང་བ་ཡིན་ཏེ། སྔར་འགྲོན་དུ་གཉེར་བ་དེའི་ཕྱིས་འགྲོན་དུ་གཉེར་བ་གཞན་དང༌། ཡང་ཡང་དང༌། དུས་ཀྱིས་འགྲོན་དུ་གཉེར་བ་གསུམ་པོ་གང་རུང་མ་བྱས་པའི་བཅས་ལྡན་དགེ་སློང་ཡིན་པའི་ཕྱིར། གསུམ་པ་ནི། བསླབ་པ་ལ་ཉེར་འཇོག་སྤོང་བ་དང༌། ཉན་རྣ་ལས་གྱུར་པ་དང༌། ལས་གྲལ་ནས་མི་སྨྲ་བར་འགྲོ་བ་དང༌། མ་གུས་པའི་ཚུལ་གྱི་ལྟུང་བྱེད་རྣམས་སོ། །འདི་དག་ནི་དངོས་གཞི་དང༌། སེལ་བ་གཉིས་སམ། ལྟུང་བ་རྣམ་གཞག་དང༌། བསླབ་བྱ་གཉིས་ཀྱིས་འཆད་དོ། །བཞི་པ་ནི་ཆང་འཐུང་བའི་ལྟུང་བྱེད་དེ། དངོས་གཞི་དང་སེལ་བ་གཉིས་ཀྱིས་འཆད་དོ། །འདིར་འབྲུའི་ཆང་དང༌། བཅོས་པའི་ཆང་གི་ཁྱད་པར་ནི། འབྲུའི་ཆན་ནམ། ཕྱེ་མ་ལ་ཕབ་བཏབ་པའི་ཆང་དང༌། རྩ་བ་དང༌། སྡོང་བུ་འདབ་མ། མེ་ཏོག་འབྲས་བུ་གང་རུང་ལ་ཕབ་མ་བཏབ་པ་མནན་པས། སྨིན་པའི་ཆང་གི་ཁྱད་པར་གང་ཡིན་པ་དེ་ཉིད་དོ། །དང་པོའི་དཔེ་ནི་ཤེས་པར་སླ་ལ། གཉིས་པའི་དཔེ་ན། རྒུན་ཆང་དང༌། བུར་ཆང་ལྟ་བུའོ། །ལྷའི་ཆང་ལ་ཉེས་བྱས་སུ་འགྱུར་བ་ལུང་ལས་གསུངས་སོ། །འདིའི་མཐར་ཐུག་གི་ཚད་མྱོས་པར་བྱས་པ་ལ་འདོད་པ་ནི་མི་འཐད་དེ། མདོ་ལུང་གཉིས་ཀ་ལས་མགུལ་དུ་མིད་པ་མངོན་ཙམ་ལ་བཤད་པའི་ཕྱིར་རོ། །ཆང་སྐོལ་ན་ཉམས་པའི་དོན་ནི་སྐོལ་གྲངས་ལན་གསུམ་བྱས་པའི་དྲི་རོ་ཉམས་པ་ལ་འདོད་དགོས་ལ། འགྲེལ་ཆུང་ལས། ཆང་ཕུལ་དོ་དང་ཆུ་ཕུལ་གང་སྲེལ་ལ་ཕུལ་དོར་མ་སོང་གི་བར་དུ་སྐོལ་བ་ཡིན་ཞེས་གསུང་ཡང་ནུས་པ་ཆེར་སོང་ཉེན་ཡོད་པས་ཡིད་བརྟན་པར་མི་བྱའོ། །ལྔ་པ་དུས་ཁྱད་པར་ཅན་གྱི་ཆོ་ག་ལ་ལོག་པར་བསྒྲུབ་པ་ནི། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དང༌། གྲོང་རྒྱུ་བ་དང༌། ཕོ་བྲང་འཁོར་དུ་འགྲོ་བའི་ལྟུང་བྱེད་དོ། །དང་པོ་ནི། ལྟུང་བ་རྣམ་གཞག་དང༌། སེལ་བ་གཉིས་ཀྱིས་འཆད་དོ། །གཉིས་པ་ལ་ཕྱི་དྲོ་རྒྱུ་བ་དང༌། སྔ་དྲོ་རྒྱུ་བའི་བྱེ་བྲག་གིས་གཉིས་སོ། །གཉིས་པོ་མཐར་ཐུག་གི་ཚད་ཀྱི་ཁྱད་པར་ཁྱིམ་བཞི་པར་ཞུགས་པ་དང༌། གསུམ་པར་ཞུགས་པ་ལ་བཤད་ལ། དེ་ལྟ་མོད་ཀྱི་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དང༌། ཕྱི་དྲོ་གྲོང་རྒྱུ་བ་གཉིས་ཀྱི་ཁྱད་པར་དང་དགོས་པ་བཤད་དཀའ་བས། སྔ་དྲོ་དང་ཕྱི་དྲོ་གཉིས་ཀ་སྦྲེལ་ནས་གྲོང་རྒྱུ་བའི་ལྟུང་བྱེད་ཅེས་སྔ་ཕྱི་གཉིས་གཅིག་ཏུ་བསྡུས་ནས་འཆད་པའི་ལུགས་ཀྱང་ཡོད་པས་དཔྱད་པར་བྱའོ། །ཡང་ན་སྔ་མ་གཉིས་ཀྱི་ཁྱད་པར་དགེ་སློང་འཁོད་པ་སོགས་ལ་མ་སྨྲས་པ་དང༌། སྨྲས་པའི་སྒོ་ནས་བཤད་ཀྱང་རུང་བ་ཙམ་མོ། །གསུམ་པ་ལ། བཙུན་མོའི་འཁོར་དུ་འཇུག་པ་དང༌། རྒྱལ་པོའི་ཕོ་བྲང་དུ་འཇུག་པའི་དབྱེ་བས་གཉིས་སོ། །འདི་ནི་མཚན་མོ་འཇུག་པའི་ལྟུང་བྱེད་ཡིན་ལ། མཚན་མོའི་ངོ་བོ་ནི་ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཤར་བ་དེ་ནས་བཟུང་སྟེ། སྐྱ་རེངས་ཐ་མ་ཤར་བ་དང་ནམ་ལངས་པ་དོན་གཅིག་དེའི་བར་ལ་བྱའོ། །དེ་ཡང་མཚན་མོ་རེ་ལ་འདོན་འཇུག་ཏུ་མ་བྱེད་ན་འཇུག་ཐེབས་རེ་ལ་ལྟུང་བྱེད་རེ་བསྐྱེད་ལ། མཚན་མོ་དུ་མ་རྒྱུན་སྦྲེལ་ནས་བསྡད་ན་མཚན་མོ་རེ་རེ་ལ་ལྟུང་བྱེད་རེ་རེའོ། །ཉིན་མོ་ཞུགས་ནས་མཚན་མོ་བསྡད་ཀྱང་ལྟུང་བྱེད་དོ་ཞེས་འཆད་པ་ནི། འདིར་ནི་སྐྱ་རེངས་སོགས་སོ། །དེའི་ཕྱིར་ཇི་སྐད་དུ་ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཞེས་པའི་བསླབ་པའི་གཞི་འདི་ལ་མ་ཁྱབ་པར་ལུང་ལས་འབྱུང་བ་བཞིན་འགྲེལ་པར་བཤད་དོ། །འོ་ན་དེར་ཞུགས་པའི་ཉེ་འཁོར་གྱི་དང་པོའི་ཚད་དེ་གང་ཡིན་ཞེ་ན། བཙུན་མོ་འཁོར་དེའི་སྒོའི་གཏན་པའི་རྩ་བ་གང་དུ་གཏད་པ་དེ་ནས། རྩེ་མོ་སྒོ་ལོགས་སུ་གཏན་པ་དང༌། ཕུག་ལོགས་སུ་ཉལ་བའི་ཉེ་འཁོར་གྱི་མཐའ་གཉིས་ནི་ཆོས་ཅན། འཁོར་དེའི་དང་པོ་ཡིན་ཏེ། དེའི་ཐོག་མ་ཡིན་པའི་ཕྱིར། དེ་ཡང་བཙུན་མོའི་འཁོར་དེ་ལ་སྒོ་གཙུག་ཤིང་བྱེད་ན་གཏན་པའི་རྩེ་མོ་སྒོ་ལོགས་སུ་སླེབ་པ་དེ་ཉེ་འཁོར་གྱི་དང་པོ་ཡིན། མ་བཅད་ན་རྩེ་མོས་ཕུག་ལོགས་སུ་སླེབ་པ་དེ་དེའི་དང་པོ་ཡིན་ཞེས་པ་ཊཱི་ཀའི་དོན་ནོ། །སྒོ་མ་གཙུག་ན་ཉེ་འཁོར་གྱི་དང་པོ་འབྲལ་སྤང་གི་སྐབས་ནས་འབྱུང་བ་བཞིན་ནོ། །དྲུག་པ་ནི་ཁྱད་དུ་གསོད་པའི་ལྟུང་བྱེད་དེ། ལྟུང་བ་རྣམ་གཞག་དང༌། སེལ་བ་དང༌། བསླབ་བྱ་གསུམ་གྱིས་འཆད་དོ། །བཞི་པ་འཚོ་བ་རྣམ་པར་དག་པའི་མི་མཐུན་ཕྱོགས་ལ། ཡོ་བྱད་ཀྱི་འཁོར་ལ་བརྟེན་པ་གཉིས། གཙོ་བོ་ལ་བརྟེན་པ་ལྔའོ། །དང་པོ་ཁབ་རལ་དང༌། ཁྲི་རྐང་ངོ༌། །གཉིས་པ་ནི། ཤིང་བལ་དང༌། གདིང་བ་དང༌། གཡན་པ་དགབ་པ་དང༌། དབྱར་གྱི་རས་ཆེན་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་རྣམས་སོ། །འདི་དག་ནི་དངོས་གཞི་དང༌། སེལ་བ་གཉིས་སམ། ལྟུང་བ་རྣམ་པར་བཞག་པ་དང༌། བསླབ་པར་བྱ་བ་གཉིས་ཀྱི་སྒོ་ནས་འཆད་དོ། །སྡེ་ཚན་བཞི་པ་སོ་སོར་བཤགས་པ་ལ་གཉིས་ཏེ། རབ་ཏུ་བྱུང་བའི་གཞི་ལས་གྱུར་པ་དང༌། ཁྱིམ་པའི་གཞི་ལས་གྱུར་པ་གཉིས་སོ། །དང་པོ་ལ། དགེ་སློང་མ་ལས་ཟས་ལེན་པ་དང༌། དེས་ངོ་འགྲོན་བྱེད་པ་མ་ཟློག་པ་སེལ་བའོ། །གཉིས་པ་ལ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་དང༌། ནགས་མ་བརྟགས་པ་ལས་གྱུར་པའོ། །སྡེ་ཚན་ལྔ་པ་བསླབ་པར་བྱ་བ་ལ་དགུ་སྟེ། གོས་བགོ་བའི་སྡེ་ཚན། སྤྱོད་ཡུལ་འགྲོ་བའི་སྡེ་ཚན། སྟན་ལ་འདུག་པའི་སྡེ་ཚན། ཟས་སླངས་བའི་སྡེ་ཚན། ཟས་བཟའ་བའི་དང༌། ལྷུང་བཟེད་དུ་ལོངས་སྤྱོད་པའི་དང༌། ཆོས་བཤད་པའི་དང༌། བསྒྲུབ་པའི་བསླབ་བྱ་དང༌། དགག་པའི་བསླབ་བྱ་རྣམས་སོ། །དེ་དག་གི་ནི་ཐུན་མོང་བ་དགེ་སློང་ཕའི་རྣམ་འབྱེད་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།།  །།མདོ་ལུང་ཉི་ཟླའི་འོད་རིས་འབུམ་ཕྲག་གིས། །ཆེར་རློམ་སྐར་མའི་དྲེགས་པ་ཉམས་བྱས་ནས། །ཐུབ་བསྟན་ཡངས་པའི་མཁའ་ལ་རོལ་རྩེད་མཁན། །ཐུབ་དབང་རྨོངས་པའི་གཉེན་ཁྱོད་འགྲོ་བའི་མགོན། །ཞེས་མཆོད་པར་བརྗོད་ནས་གསུམ་པ་སྤྱིའི་མཚན་ཉིད་བསླབ་པ་སྤྱིར་བསྟན་པ་འཆད་པ་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གོ་རིམ་ལ་དོགས་པ་སྤངས་ནས་སྤྱིར་བསྟན་ཕྱི་ནས་བཤད་པའི་འཐད་པ་བཀོད། རང་དགའི་སྐྱོན་སྤངས་ནས་ལུང་གང་ནས་འབྱུང་བ་བསྟན། སྤྱིར་བསྟན་གྱི་སྒྲ་བཤད་ནས་དགོས་པ་དང་བསྡུས་པའི་དོན་བརྗོད་པའོ། །དང་པོ་ནི། ཊཱི་ཀ་ལས་དེ་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར་རྣམ་པར་འབྱེད་པ་བཤད་པའི་འོག་ཏུ་སྤྱིར་བསྟན་པ་ཉིད་ཀྱི་རྣམ་པ་བཀོད་དེ། ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི་ཊཱི་ཀར་ཉེ་བར་འཁོར་གྱིས་ཞུས་པ་ལས། ཕམ་པར་འགྱུར་བ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང༌། སྤྱིར་བསྟན་པའོ། །སོ་སོར་ངེས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་དང་ཅིག་ཆར་བཤད་ཟིན། སྤྱིར་བསྟན་པ་གང་ཡིན་པ་དེ་ནི་འདིར་དགྲོལ་བར་བྱའོ་ཞེས་གསུངས་པས། མདོ་དྲུག་ཅུ་རེ་བཞི་པོ་འདི་ཕལ་ཆེར་ཞུ་བ་ནས་འབྱུང་ལ། ཇི་སྐད་དུ། རྫས་བཀག་པ་དང་འདྲ་བ་དང༌། །མི་དང་དུད་འགྲོ་རྣམ་འབྱེད་ལས། །གཞན་རྣམས་ཞུ་བ་ཁོ་ན་ལས། །ཞེས་ཁ་ཅིག་ནི་ལུང་རྣམ་པར་འབྱེད་པ་ལ་སོགས་པ་གཞན་ནས་ཀྱང་འབྱུང་བར་བོད་ཀྱི་སློབ་དཔོན་རྣམས་འཆད་དོ། །གསུམ་པ་ལ་གསུམ་ལས། དང་པོ་སྒྲ་བཤད་པ་ནི། སྤྱིར་བསྟན་དང་པོའི་མདོ་བཞི་དང༌། བསམ་པའི་མདོ་དང་ཚིགས་ཀྱི་གཉིས། དེ་ཚེ་ལུས་དང་བཏང་བ་དང༌། །དེ་ཡི་ཆ་དང་གཞི་དུ་མ། །ཀུན་ལ་བསྟན་པས་སྤྱིར་བསྟན་ཡིན། །དགེ་སློབ་མ་དང་འགུ་བ་སྤྱད། །རེག་པ་མ་ཉམས་ག་ག་ཚིལ། །སེན་མོ་སོ་དང་ཡང་དག་ལེན། །དེ་ནི་སྣོད་ཡིན་ཞེས་པ་བདུན། །ཞར་ལ་འོང་པས་སྤྱིར་བསྟན་ཡིན། །དེ་ལས་གཞན་པའི་མདོ་ཐུང་རྣམས། །གཉིས་དང་གསུམ་ལ་སོགས་པ་ལ། །ཅི་རིགས་དག་ལ་ཐུན་མོང་དུ། །བསྟན་པས་སྤྱིར་བསྟན་ཞེས་བྱའོ། །ཞེས་འཆད་དོ། །གཉིས་པ་དགོས་པའི་དོན་ནི། རུང་མཐུན་གོ་བ་དང༌། ཚིག་ཚེགས་ཆུང་བ་དང༌། བསྟན་ལ་དབབ་བྱ་དང༌། འབེབས་བྱེད་བདེ་བླག་ཏུ་རྟོགས་པའོ། །གསུམ་པ་བསྡུས་པའི་དོན་ནི། རྟེན་གྱི་ཡན་ལག་དང་ཡུལ་གྱི་དང༌། བསམ་པའི་དང༌། སྦྱོར་བའི་དང༌། མཐར་ཐུག་གི་ཡན་ལག་དང༌། ཡན་ལག་སོ་སོའི་བྱེད་པ་དང༌། ཡན་ལག་ཚང་མ་ཚང་ལས་དངོས་གཞི་དང༌། ན་སྨད་དུ་འགྱུར་ཚུལ་རྣམས་སྟོན་པ་སྟེ། མདོ་འདི་དག་གི་བརྗོད་བྱའི་དོན་བསྡུས་པ་ནི་དེ་ཙམ་མོ། །གཉིས་པ་གཞུང་གི་དོན་ལ་ལྔ་སྟེ། རྒྱུད་ཀྱི་ཡན་ལག ཡུལ་གྱི་ཡན་ལག ལྟུང་བ་ཐ་དད་པ་སྐྱེད་པའི་ཚུལ་ཞར་བྱུང་དང་བཅས་པ། བསམ་པའི་ཡན་ལག་འཕྲོས་དོན་དང་བཅས་པ། ཡན་ལག་གི་སེལ་བ་སོ་སོའི་དབྱེ་བ་དང་བཅས་པའོ། །དང་པོ་ལ་བཞི་སྟེ། བསླབ་པའི་ཡན་ལག་དངོས་དང་ཞར་བྱུང༌། བསམ་པའི་ཡན་ལག་དངོས་དང་ཞར་བྱུང༌། ཚིགས་ཀྱི་ཡན་ལག་དངོས་དང་ཞར་བྱུང༌། མཚན་གྱི་ཡན་ལག་དངོས་དང་ཞར་བྱུང་ངོ༌། །དང་པོ་ལ། ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་དུ་དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ་དགོས་པར་བསྟན། དམིགས་བསལ་ལ་དགེ་སློང་བསླབ་བྱིན་དགེ་སློང་རྣམ་དག་དང་འདྲ་བར་བསྟན་པའོ། །དང་པོ་ལ། ཉམས་མ་ཆགས་གཉིས་སྡེ་ལྔའི་རྟེན་དུ་མི་འབྱུང་བར་བསྟན། མ་རྫོགས་པ་གསུམ་དེར་མི་རུང་བར་བསྟན་པའོ། །དང་པོ་ནི། ཕམ་པ་འཆབ་པ་དང་བཅས་པས་རྒྱུད་གསོར་མི་རུང་དུ་བྱས་པའི་དགེ་སློང་ཆོས་ཅན། ཁྱོད་ཀྱིས་ལྟུང་བ་སྡེ་ལྔ་གང་རུང་ལ་སྦྱར་ན་དེའི་དངོས་གཞི་ཇི་ལྟ་བ་བཞིན་དུ་བསྐྱེད་པ་མིན་ཏེ། དེ་ལ་སྦྱར་ན་ཉེས་བྱས་ལས་ལྷག་པ་མི་བསྐྱེད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ལུགས་སོ། །མདོ་སྡེ་པ་དང་སྔ་རབས་པ་ལྟར་ན། དེས་དེར་བྱས་པའི་རབ་ཏུ་བྱུང་བ་དེ་ཆོས་ཅན། ཁྱོད་ཀྱིས་དེ་ལ་སྦྱར་ན་ལྟུང་བ་གཏན་མེད་མ་ཡིན་ཏེ། དེ་ལ་སྦྱར་ན་ལྟུང་བ་ཉེས་བྱས་སུ་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ཡང་བར་མ་རབ་ཏུ་བྱུང་བ་ཡོད་ཅིང༌། རང་དགེ་སྦྱོང་དུ་སྟོན་པས་སོ། །ཡང་དགེ་སློང་གི་སྡོམ་པ་མ་ཆགས་ཤིང་རང་ཉིད་དགེ་སློང་དུ་རློམ་པའི་རྟགས་ཅན་དེས་མི་བསད་པ་ལ་སྦྱོར་བའི་ལྟུང་བ་ཆོས་ཅན། ཕམ་པ་མ་ཡིན་ཏེ། ཉེས་བྱས་ཡིན་པའི་ཕྱིར། ཁྱིམ་པ་ལ་ནི་མི་མཚུངས་ཏེ། རབ་ཏུ་བྱུང་བ་མེད་ཅིང་རང་ཉིད་དགེ་སློང་དུ་རློམ་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམ་པ་གསུམ་གྱིས་རང་རང་གི་བླངས་པ་དངོས་ལས་འདས་པའི་ལྟུང་བ་ཡང་ཆོས་ཅན། ཁྱོད་ལ་ལྟུང་བ་སྡེ་ལྔའི་དབྱེ་བ་ཡོད་པ་མ་ཡིན་ཏེ། ཉེས་བྱས་ཁོ་ནར་ངེས་པའི་ཕྱིར། འོ་ན་བླངས་པ་དངོས་དེ་ལ་དུ་ཞེ་ན། དགེ་ཚུལ་ཕ་མ་གཉིས་ལ་དགེ་ཚུལ་གྱི་དུས་སུ་བླངས་པ་བཅུ་དང༌། རབ་བྱུང་གི་དུས་སུ་བླངས་པ་གསུམ་སྟེ་བཅུ་གསུམ་དང༌། དགེ་སློབ་མ་ལ་དེའི་སྟེང་དུ་རྩ་བའི་ཆོས་དྲུག་དང༌། རྗེས་མཐུན་གྱི་ཆོས་དྲུག་དེ་བཅུ་གཉིས་བསྣན་པས་ཉི་ཤུ་རྩ་ལྔའོ། །བླངས་པ་བཅུ་ནི། ཇི་སྐད་དུ། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤོང༌། །ཞེས་པའོ། །བར་མ་ཡང་དག་པར་བླངས་པ་གསུམ་ནི། མཁན་པོར་གསོལ་བ་ཁས་བླངས་པ་ལས་ཐོབ་པ་དང༌། སྐྱབས་སུ་འགྲོ་བར་ཁས་བླངས་པས་ཐོབ་པ་དང༌། རབ་ཏུ་འབྱུང་བར་ཁས་བླངས་པས་ཐོབ་པའོ། །བོད་སྔ་མ་རྣམས་རབ་བྱུང་རྣམ་གསུམ་གྱི་བླངས་པ་དངོས་སུམ་ཅུ་རྩ་གསུམ་དུ་བཞེད། དེ་ཡང༌། རྩ་བཞི་གསོད་གསུམ་གཞི་མེད་ནས། །སུན་འབྱིན་པར་ལྔ་ཤེས་བཞིན་བཤེས། །འཕྱ་དང་ཟས་ཅུང་ལྷག་མས་བཀུར། །ཉེར་འཇོག་འབྲས་ཆན་འགེབས་དང་འཆང༌། །གར་གསུམ་ཕྲེང་སོགས་མལ་ཆེན་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཞེས་འཆད་དོ། །འོ་ན་བླངས་པ་དངོས་དེ་ལས་མ་གཏོགས་དགེ་སློང་ཕ་མའི་བསླབ་པའི་གཞི་ལྷག་མ་རྣམས་ལས་རབ་བྱུང་རྣམ་གསུམ་གྱིས་འདས་ན་ཉེས་པ་མེད་དམ་སྙམ་ན་དེ་རབ་བྱུང་རྣམ་གསུམ་གྱི་བླངས་པ་དངོས་རྣམས་ཀྱང་མ་ཡིན། དེ་གསུམ་ལ་གནང་བ་ཉེས་མེད་རྣམས་ཀྱང་མ་ཡིན། བླངས་པ་དངོས་དེའི་ཕྱོགས་དང་མཐུན་པའི་བསྲུང་བྱ་ལྷག་མ་རྣམས་ལས་འདས་པ་ལ་ནི་ཆོས་ཅན། ཉེས་མེད་མ་ཡིན་ཏེ། ཡིད་ཀྱི་བསྡམ་བྱའི་ཉེས་བྱས་སུ་འགྱུར་བའི་ཕྱིར། འོ་ན་ཉེས་མེད་དུ། ཕྱོགས་མཐུན་ནི་གང་ཞེ་ན། དང་པོ་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལས། འཆང་བ་དང་ནི་འབྲལ་བ་དང༌། །དེ་བཞིན་ས་ནི་བརྐོ་བ་དང༌། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང༌། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང༌། །རྩྭ་སྔོན་མི་གཙང་འདོར་བ་དང༌། །དེ་བཞིན་གསོག་འཇོག་ཟ་བ་དང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོ་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་འཆང་བ་ལ་གཉིས་སུ་ཕྱེ་བས་བཅུ་གསུམ་གསུངས་སོ། །བོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱིས་རུང་མཐུན་དུ་སྦྱར་བ་ལ། ཟླ་འཇོག་གསོག་འཇོག་དགོན་པ་འབྲལ། །མ་སྨྲས་མདུན་སྒྱུར་མ་རྫོགས་ཉལ། །ཞེས་པ་དྲུག་བསྣན་ནས་བཅུ་དགུར་འདོད་ལ། བུ་སྟོན་རིན་པོ་ཆེ་ནི། ཟླ་འཇོག་དང༌། དགོན་པའི་འབྲལ་སྤང་དང༌། གསོག་འཇོག་གི་སྤང་བ་རྣམས་ཉེས་མེད་ཡིན་པར་ཞུ་བ་ཁ་ཆེ་བ་ལ་དངོས་སུ་གསུངས་ལ། ལས་གྲལ་ནས་མ་སྨྲས་པར་འགྲོ་བའི་ལྟུང་བྱེད་ཉེས་མེད་ཅེས་ཟེར་བ་མི་འཐད་དེ། དེ་ལྟ་ན་འདུན་པ་ཕྱིར་བསྒྱུར་དང༌། ཉི་ཤུ་མ་ལོན་པར་བསྙེན་རྫོགས་བྱེད་པ་དང༌། བསླབ་པ་ལ་མ་གུས་པ་དང༌། བསླབ་པ་ལ་ཁྱད་དུ་བསོད་པ་དང༌། དགེ་འདུན་གྱི་དབྱེན་རྣམས་ཀྱང་རབ་བྱུང་རྣམ་གསུམ་ལ་གནང་བར་ཐལ། དེ་གསུམ་གྱིས་ལས་ལ་འདུན་པ་འབུལ་བ་དང༌། སོ་སོར་ཐར་པའི་མདོ་འདོན་པ་དང༌། གསོ་སྦྱོང་ཉམས་སུ་མྱོང་བ་མི་རུང་ཞིང༌། དགེ་འདུན་གྱི་དབྱེན་མི་ཆགས་པའི་ཕྱིར། དེས་ན་ཞུ་བ་མང་ཤོས་སུ་ཉི་ཤུ་མ་ལོན་པར་བསྙེན་རྫོགས་བྱེད་པ་ལ་ལྟུང་མེད་དུ་བཤད་པ་ནི། དེས་དེ་མི་བྱེད་པའི་དབང་དུ་བྱས་ཀྱི་བྱས་ན་ཉེས་བྱས་ཡིན་ཏེ། རྐུ་ཐབས་སུ་གནས་པས་མཁན་པོ་བྱས་ན་ཉེས་བྱས་ལས་མ་འདས་པའི་ཕྱིར། འདུན་པ་འབུལ་བ་དང༌། མ་སྨྲས་པར་འགྲོ་བ་དང༌། མ་རྫོགས་པ་དང་ལྷན་ཅིག་ཉལ་བ་ལ་ཡང་དེ་བཞིན་ནོ། །དེ་ལྟར་གནང་བ་ཉེས་མེད་བཅུ་དྲུག་གོ་ཞེས་གསུང༌། དེ་ལྟར་ལུགས་གཉིས་ལས་ཕྱི་མ་འཐད་པར་གོ་ཞིང༌། དགེ་སློབ་མ་ལ་ནི་སྔར་བཤད་པའི་བཅུ་གསུམ་པོ་དེའི་སྟེང་ནས་གནང་བ་ཉེས་མེད་བདུན་ཡོད་པར་བཤད་དེ། ཇི་སྐད་དུ། དགེ་སློབ་མ་ཡིན་འཆང་བ་དང༌། །འབྲལ་དང་མེ་ལ་རེག་པ་དང༌། །སྤངས་པ་ཟ་དང་ས་བོན་འཇིག །རྩྭ་སྔོན་ཡོད་པས་ས་ཕྱོགས་སུ། །མི་གཙང་འདོར་དང་ཤིང་ལ་འཛེག །ཅེས་པའོ། །གཉིས་པ་ནི། ཕྱོགས་མཐུན་ཇི་སྙེད་པ་བཞི་བཅུས་བསྡུས་པར་འཆད་པ་ཡིན་ཏེ། ཊཱི་ཀ་ལས། དབྱར་གནས་གཅིག་ཏུ་གནས་པ་དང༌། །གསོ་སྦྱོང་དགག་དབྱེར་བཅས་པ་དང༌། །དེ་ལས་སོགས་པ་དེ་ཡི་ནི། །བླང་བའི་ཕྱོགས་དང་མཐུན་པ་ཡིན། །ཞེས་མདོར་བསྟན་ནས། རྟགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་ཕྱར་གཡེངས་འདོད་པ་དང༌། །གནོད་པ་དང་ནི་གནས་པ་དང༌། །མ་གུས་མི་སྦྱོང་གཞི་ལས་བྱུང༌། །ཞེས་གསུངས་པའོ། །དེ་ལས་གནས་པ་ཞེས་པ་ནི་གྲོགས་ཡིན་ལ། མི་སྦྱོང་བ་ནི་གསོ་སྦྱོང་བ་དང༌། དགག་དབྱེ་མི་བྱེད་པའོ། །དགེ་ཚུལ་ལ་གསོ་སྦྱོང་མདོ་དང་ལུང་ལས་མ་གསུངས་ཀྱང༌། དེའི་དགག་དབྱེས་དེའི་གསོ་སྦྱོང་གི་གོ་ཆོད་པར་འདོད་པ་སློབ་དཔོན་ཤཱཀྱ་འོད་ཀྱི་ལུགས་ཡིན་ལ། ཊཱི་ཀ་ལས། དེའི་གསོ་སྦྱོང་གི་སྔགས་ཆོག་གི་ལུང་དྲངས་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་ལུང་དྲངས་པ་ཡིན་གྱི། སོ་སོར་ཐར་པའི་མདོ་དང༌། འདུལ་བའི་ལུང་གི་ལུང་དྲངས་པ་ནི་མ་ཡིན་ནོ། །གཉིས་པ་ནི། མདོ་གོང་མ་གསུམ་གྱི་ཤུགས་བསྟན་ལ། ལྟུང་བ་སྡེ་ལྔའི་བསྐྱེད་པའི་རྟེན་དུ་རུང་བ་ལ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་ལ་མ་ཉམས་པ་ཅིག་དགོས་པར་བསྟན་པ་ལ། འོ་ན་ཕམ་པ་འཆབ་མེད་ཅན་གྱི་དགེ་སློང་བསླབ་བྱིན་དེ་ཡང་དེའི་རྟེན་དུ་མི་རུང་བར་འགྱུར་རོ་སྙམ་ན། ཕམ་པ་འཆབ་མེད་དག་བྱེད་དུ་ཆད་པའི་ལས་ཀྱི་བསླབ་པ་བྱིན་ཆགས་སྤྱོད་བཞིན་པའི་དགེ་སློང་བསམ་གཏན་པ་དགའ་བྱེད་ཆོས་ཅན། ཁྱོད་ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་ལ་དགེ་སློང་རྣམ་དག་དང་འདྲ་བ་ཡིན་ཏེ། རྫོགས་པའི་སྡོམ་པ་དགོས་པ་བསྒྲུབ་ནུས་སུ་ཡོད་པའི་བཅས་ལྡན་དགེ་སློང་ཤེས་པ་རང་བཞིན་དུ་གནས་པ་དེ་ཡིན་པའི་ཕྱིར། ནི་ཞེས་པ་ནི་ཕམ་པ་འཆབ་བཅས་ཅན་ལས་ལོགས་སུ་བཀར་བའོ། །དེ་ལྟར་བཤད་པ་དེ་ནི་བྱེ་མདོ་གཉིས་ཀའི་ཐུན་མོང་གི་ལུགས་ཡིན་ལ། ཁྱད་པར་ཅུང་ཟད་ནི་མདོ་སྡེ་པས་འཆབ་མེད་ལ་ཕམ་པའི་མིང་མི་འདོགས་སོ། །རྒྱ་གར་སྔ་རབས་པ་ལྟར་ན་ཕམ་པ་འཆབ་མེད་ཅན་གྱི་སྡོམ་པ་སླར་ཡང་ལེན་དགོས་ལ། དེ་ལྟར་བླངས་ཟིན་པ་དེས་ཆད་པའི་ལས་ཀྱིས་བསླབ་པ་སྤྱོད་པ་ཡིན་ཞེས་གསུངས་མོད། སློབ་དཔོན་ཡོན་ཤཱཀ་གཉིས་ཀྱི་འདོད་པ་དང་མི་མཐུན་ནོ། །འོ་ན་དེ་རྣམ་པ་ཐམས་ཅད་དུ་དེ་དང་འདྲའམ་ཞེ་ན། དགེ་སློང་བསླབ་བྱིན་ཆོས་ཅན། དགེ་སློང་རྣམ་དག་ལ་ལྟོས་ཏེ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ཡིན་ཏེ། ཁྱོད་ཀྱིས་དེ་ལ་བྱིན་ལེན་སྟབས་ན་ཐོབ། རེག་ན་འཇིག ཁྱོད་ལ་གསོག་འཇོག་ཏུ་གྱུར་པས་དེ་ལ་གསོག་འཇོག་ཏུ་མི་འགྱུར་བའི་ཕྱིར། འོ་ན་བསླབ་བྱིན་གྲོགས་ཟླའོ་ལ་ལྟོས་ནས་ཀྱང་དེ་དང་ལྡན་སྙམ་ན། དེ་ཆོས་ཅན། དེ་ལ་ནི་དེ་དང་ལྡན་པ་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལ་སྦྱིན་ལེན་སྟབས་པ་མི་ཐོབ། རེག་ན་མི་འཇིག ཁྱོད་ལ་གསོག་འཇོག་ཏུ་འགྱུར་བས་དེ་ལ་དེར་འགྱུར་བའི་ཕྱིར། དེ་བཞིན་དུ་དེ་ཆོས་ཅན། དགེ་སློབ་མའི་ཡུལ་ལ་ཡང་དེ་དང་ལྡན་པ་མ་ཡིན་ཏེ། དེས་ཁྱོད་ལ་བྱིན་ལེན་སྟབས་ན་ཐོབ་པ་ལ་སོགས་པའི་ཕྱིར། འདི་དག་གི་ཤེས་བྱེད་དུ་ལུང་ལས། དགེ་སློང་རྣམ་དག་ལ་རྒྱུ་གསུམ་དང༌། བསླབ་བྱིན་ལ་རྒྱུ་བཞི་དང༌། དགེ་སློབ་མ་ལ་རྒྱུ་ལྔས་གསོག་འཇོག་ཏུ་འགྱུར་བར་བཤད་དོ། །གཉིས་པ་བསམ་པའི་ཡན་ལག་ལ། དངོས་དང༌། ཞར་བྱུང་ན་སྨད་དོ། །དང་པོ་ནི། མདོ་གོང་མ་གསུམ་གྱི་ཤུགས་བསྟན་ལ་འཕྲོས་ནས། འོ་ན་དེའི་རྟེན་དུ་རུང་བ་ལ་དགེ་སློང་གཟུགས་གཞན་དུ་མ་བསྒྱུར་བ་ཞིག་ཀྱང་དགོས་སམ་སྙམ་ན། བཅས་ལྡན་དགེ་སློང་གི་སྔགས་དང་སྨན་གྱི་ནུས་པས་འགྲོ་བ་གཞན་སྟག་ལྟ་བུའི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མ་འཁྲུལ་བར་ཡོད་པ་ཆོས་ཅན། དེ་བསྐྱེད་པའི་རྟེན་ལ་དགེ་སློང་རྣམ་དག་དང་འདྲ་བ་ཡིན་ཏེ། གཏན་ཚིགས་གོང་མ་དེའི་ཕྱིར་རོ། །འོ་ན་འདིས་ཆོས་ཅན་གྱི་དབྱེ་བ་དུ་ཞིག་ལ་ཁྱབ་པ་ཡིན་ཞེ་ན། ཞུ་བ་ལས། མི་ཚངས་སྤྱོད་དང༌། སྲོག་གཅོད་གཉིས་ལ་དངོས་སུ་སྦྱར། དྲི་མེད་བཤེས་གཉེན་གྱིས་ཕམ་པ་བཞི་དང༌། ལྷག་མ་བཅུ་གསུམ་ལ་དངོས་སུ་སྦྱར། བྱ་འདུལ་བ་འཛིན་པ་ནི་ཕམ་པ་དང་པོ་གསུམ། ལྷག་མ་དང་པོ་དུད་འགྲོ་གསོད་པ་འདེབས་སྤྱོད་གཉིས་ཏེ་བདུན་ལ་ལྟུང་བ་རྫོགས་པར་སྐྱེད་པ་ཡིན་ཏེ། དགག་བྱ་ཁྱད་པར་མེད་པའི་ཕྱིར་དང༌། སྦྱོར་བ་དང་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར། གཞན་རྣམ་ལ་ན་སྨད་དུ་རིགས་ཏེ། ལུང་ཞུ་བ་ལས་དགེ་སློང་གིས་རང་ཉིད་མི་གནང་བར་བྱས་ནས། མི་ཆོས་བླ་མ་སྨྲས་པ་ལ་ཉེས་པ་སྦོམ་པོར་གསུངས་པའི་ཕྱིར། ཞེས་གསུང་ངོ༌། །གཉིས་པ་ནི། དེས་དེ་བརྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ན་མི་བསད་པ་ལྟ་བུ་བྱས་པ་ནི་ཆོས་ཅན། ལྟུང་བ་དངོས་གཞི་རྫོགས་པར་མི་འགྱུར་ཏེ། བསམ་པའི་ཡན་ལག་མ་ཚང་བས་ལྟུང་བ་ན་སྨད་པ་ཉིད་ལས་ལྷག་པ་མི་སྐྱེད་པའི་ཕྱིར། མདོ་འདིས་ལྟུང་བ་སྡེ་ལྔ་བསྐྱེད་པ་ལ་སྦྱོར་བ་ནས་མཐར་ཐུག་གི་བར། བསམ་པ་རང་བཞིན་དུ་གནས་པར་དགོས་པ་བསྟན་ནོ། །གང་ཡང་དངོས་གཞི་ལ་དོན་ཁོ་ན་ཡན་ལག་ཡིན་ཞེས་ཟེར་བ་དེ་དག་ནི་གཞུང་འདི་དང་འགལ་ཞིང༌། མེད་ན་ནི་ན་སྨད་ཅེས་པ་ཡང་སྦྱོར་བའི་དུས་སུ་དགེ་སློང་གི་འདུ་ཤེས་ཡོད། དངོས་གཞིའི་དུས་སུ་མེད་པ་ལ་འཆད་དགོས་ཀྱི། སྦྱོར་བའི་དུས་སུའང་དེ་མེད་ན་ནི་ལྟུང་མེད་དོ། །གཉིས་པ་ཚིགས་ཀྱི་ཡན་ལག་ལ་དངོས་དང་ཞར་བྱུང་ངོ༌། །དང་པོ་ནི། ཡོང་ཞེས་པ་ནི་ན་སྨད་པ་ཡིན་ཞེས་པའི་དོན་ཡིན་པས། ཚིགས་སྔ་མ་ཁྱིམ་པ་དང་དགེ་ཚུལ་གང་རུང་གི་རྟེན་ལ་སྦྱོར་བ་བྱས། ཚིགས་ཕྱི་མ་དགེ་ཚུལ་དང༌། དགེ་སློང་གང་རུང་གི་རྟེན་ལ་མཐར་ཐུག་གྲུབ་ན། དེ་དུས་ཀྱི་ལྟུང་བ་ཆོས་ཅན། དངོས་གཞི་མ་ཡིན་ཏེ། ན་སྨད་པ་ཉིད་ཡིན་པའི་ཕྱིར། འདི་ཡང་ཊཱི་ཀའི་དགོངས་པ་ལ་དངོས་གཞི་ལ་ལྟུང་མེད་ཡིན་ཞིང༌། སྦྱོར་བའི་ཉེས་པ་གང་ཡོད་པ་དེ་ཉིད། ཚིགས་ཕྱི་མ་ལན་སྨད་དུ་འཇོག་ཅིང༌། དེ་ཡང་སྦོམ་པོ་ཡིན་ཏེ། ཕམ་པའི་སྦྱོར་བ་གང་ཞིག དགེ་སློང་གི་རྟེན་གྱི་ཉེས་པ་ཡིན་པའི་ཕྱིར། དེ་དག་གི་རྒྱུ་མཚན་ཡང་དགེ་ཚུལ་གྱིས་མི་བསད་པའི་སྦྱོར་བ་བྱས་ནས་མཐར་ཐུག་མ་གྲུབ་པའི་གོང་དེར། བསྙེན་པར་རྫོགས་པར་བྱེད་པ་ན་མི་གསོད་པའི་འདུན་པ་མ་ལོག་ན་ནི་རྫོགས་པའི་སྡོམ་པ་མི་སྐྱེ་ལ། ལོག་ན་ནི་ཚིགས་ཕྱི་མའི་རྟེན་ལ་ཕམ་པ་དངོས་གཞི་མི་འབྱུང་སྟེ། ཇི་སྐད་དུ། འདུན་པ་ལོག་པའི་འོག་ཏུ་ནི་རྒྱུ་ཉིད་མ་ཡིན་ནོ་ཞེས་གསུངས་པས་སོ། །འོ་ན་ཚིགས་ཕྱི་མའི་རྟེན་ལ་སྦྱོར་བ་བྱས། ཚིགས་སྔ་མ་ལ་མཐར་ཐུག་གྲུབ་ན་ཡང་དེར་ངེས་སམ་ཞེ་ན། ཚིགས་ཕྱི་མ་དགེ་སློང་གི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས། བསླབ་པ་ཕུལ་ནས་དགེ་ཚུལ་དུ་བབས་པའི་རྟེན་ལ་མཐར་ཐུག་གྲུབ་པའི་ལྟུང་བ་དེ་ཆོས་ཅན། དངོས་གཞིའི་ལྟུང་བ་ཡིན་ཏེ། དགེ་ཚུལ་གྱི་སྡོམ་པ་དེ་དང་ལྡན་པའི་རྟེན་ལ་སྦྱོར་བ་བྱས་ནས། དེ་དང་ལྡན་པའི་རྟེན་ལ་མཐར་ཐུག་གྲུབ་པའི་ལྟུང་བ་ཉིད་ཡིན་པའི་ཕྱིར། གཉིས་པ་ཞར་བྱུང་ནི། སྟན་གྱི་རྒྱུར་བཀག་པའི་རྫས་ལུག་བལ་ནག་པོ་འབའ་ཞིག་ལས་བཟང་བ། སྲིན་བལ་རིན་ཆེ་བ་དང༌། མོན་དར་རིན་ཆེ་བ་ལྟ་བུ་ལ་སྟན་བྱེད་པའི་ལྟུང་བ་ཆོས་ཅན། འབའ་ཞིག་དང་ཞེས་པའི་སྡོམ་གྱིས་བསྡུས་པའི་སྤང་ལྟུང་ཡིན་ཏེ། ལུག་བལ་ནག་པོ་འབའ་ཞིག་པ་བཀག་པའི་ཁ་ན་མ་ཐོ་བ་དེའི་དགག་བྱ་དང་ལྡན་པའི་ལྟུང་བ་ཡིན་པའི་ཕྱིར། ཡང་རྫས་བཀག་པ་དང་འདྲ་བ་དཀོན་མོད་དང་རིན་ཐང་མཉམ་པ་འབའ་ཞིག་གམ། ཕྱེད་པས་ལྷག་པ་ལ་སྟན་བྱེད་པ་ལ་ཡང་ཆོས་ཅན། ཉེས་མེད་མ་ཡིན་ཏེ། སྟན་བྱེད་སྤང་བའི་སྐབས་སུ་བཀག་པའི་དགག་བྱ་དེ་དང་ལྡན་པའི་ལྟུང་བ་ཡིན། བམ་པོ་ལྔ་བཅུ་པ་ལྟར་ན་འདི་ལྟུང་བ་ཐམས་ཅད་ལ་སྦྱོར་ཏེ། དཔེར་ན་མིའི་བུད་མེད་ལ་བཀག་པ། ལྷ་མོ་ལ་ཡང་བཀག་པ་བཞིན་ནོ། །ཞེས་འཆད་ལ། བྱ་འདུལ་བ་འཛིན་པ་ནི། རྫས་ཁྱད་པར་ཅན་གྱིས་བསྐྱེད་པ་བརྒྱད་ལ་སྦྱོར་ཏེ། འདི་ལྟར། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །གསེར་དངུལ་མངོན་མཚན་ལོང་པ་དང༌། །གསོད་པ་སློང་དང་ཁབ་རལ་ཆོས། །ཞེས་པ་རྣམས་སོ། །བཞི་པ་མཚན་གྱི་ཡན་ལག་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། སྤྱིར་བཏང་བ་དང༌། དམིགས་ཀྱི་བསལ་བའོ། །དང་པོ་ལ་གཞུང་གི་དོན་དང༌། སྤྱིའི་དོན་ཏོ། །དང་པོ་ནི། བཅས་ལྡན་དགེ་སློང་གིས་ཕམ་པ་ཐུན་མོང་བ་བཞི་པོ་གང་རུང་གི་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པ་དང་དུས་མཉམ་དུའམ། སྦྱོར་བ་བྱེད་བཞིན་པ་ན་མཚན་གྱུར་པའི་མཚན་རྟིང་མ་དེ་ཆོས་ཅན། སྦྱོར་དངོས་ཀྱི་ལྟུང་བ་དེའི་རྟེན་དུ་རུང་བ་ཡིན་ཏེ། དེའི་ཞིང་ཉིད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཚན་སྔ་ཕྱི་གཉིས་ཀྱི་མཚན་ཉིད་སྤྱི་འདྲའི་ལྟུང་བ་རྣམས་ཀྱི་བཅས་པ་རྣམས་འཇོག་གི་རྒྱུ་ལ་ཁྱད་པར་མེད་པའི་ཕྱིར། གཉིས་པ་ལ། དགེ་སློང་ཕ་མ་གཉིས་ཀྱི་ལྟུང་བ་ཐམས་ཅད་བསྡུ་ན་གཉིས་ཏེ། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ཅི་འདྲའི་ལྟུང་བ་ཐུན་མོང་བ་དང༌། རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་བའོ། །དང་པོ་ནི། ལྔ་བཅུ་རྩ་ལྔ་པོ་དག་གོ །དེ་ཡང་འདི་ལྟར། ཕམ་པ་བཞི་དང་སྨྱན་བྱེད་གཞི་མེད་དང༌། །བག་ཙམ་འཆང་བ་དང་ནི་འཇོག་པ་དང༌། །སློང་ལ་སོགས་པ་ལྔ་དང་གསེར་དངུལ་དང༌། །མངོན་མཚོན་ཉོ་ཚོང་ལྷུང་བཟེད་ལ་སོགས་གསུམ། །ཤེས་བཞིན་དང་ནི་འདོན་དང་ཆོས་སྨྲ་དང༌། །ས་བོན་འདེབས་དང་རིམ་གཉིས་ཕྱོགས་གཅིག་དང༌། །འདུག་གནས་ཕྱེ་དང་བཅའ་དང་དུས་མིན་དང༌། །སྲོག་ཆགས་བཅས་དང་གཅེར་བུ་དམག་ལས་གྱུར། །གསུམ་དང་མེ་རེག་བསྙེན་པར་མ་རྫོགས་དང༌། །ཁ་མ་བསྒྱུར་དང་ལོངས་པ་ཚ་བའི་དུས། །དུད་འགྲོ་རྩེ་དང་སྦེད་དང་གཞི་མེད་དང༌། །རྐུ་དང་བརྐོ་དང་འགྲོན་དང་མི་གུས་དང༌། །ཆང་འཐུང་དུས་མིན་སྐྱ་རེངས་ཁབ་རལ་དང༌། །གདིང་བ་གཡན་དགབ་བདེ་གཤེགས་ཆོས་གོས་སོ། །འདི་རྣམས་ནི་དགེ་སློང་ལ་ལྟུང་བ་གང་དུ་འགྱུར་བ་དེ་ཉིད་དགེ་སློང་མ་ལ་ཡང་འགྱུར། མ་ལ་གང་དུ་འགྱུར་བ་དེ་ཉིད་ཕ་ལ་ཡང་འགྱུར་བས། ལྔ་བཅུ་རྩ་ལྔ་པོ་དེ་དག་གི་སྦྱོར་བ་བྱེད་བཞིན་པ་མཚན་གྱུར་ན། སྦྱོར་བའི་ཞིང་དང༌། མཐར་ཐུག་གྲུབ་པ་དང་དུས་མཉམ་དུ་མཚན་གྱུར་ན་མཐར་ཐུག་གི་ཞིང་ཡིན་ནོ། །གཉིས་པ་རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་བ་ནི། བསྒོ་བ་ལས་གྱུར་བཞི་དང་འབྲལ་བ་དང༌། །འཁྲུར་འཇུག་པ་དང་ལེན་དང་བྱིན་འཕྲོག་དང༌། །བསྔོས་པ་བསྒྱུར་བ་དང་ནི་གསོག་འཇོག་དང༌། །རྫུན་སྨྲ་འདོན་དང་མི་ཆོས་བླ་མ་སྟེ། །འདི་གསུམ་མ་གཏོགས་བཅུ་པ་དང་པོ་དང༌། །འཕྱ་པ་བསྒོ་དང་ཁྲི་དང་གདིང་བ་དང༌། །ཕྱིས་གནོན་འབྱུང་བ་རིམ་གཉིས་རྩིག་པ་དང༌། །སྤངས་པ་ལ་སྟོབས་འདུས་ཤིང་ཟ་བ་དང༌། །གསོག་འཇོག་དང་ནི་རྡེག་དང་གཟས་པ་དང༌། །གནས་ངན་ལེན་དང་བདེ་དང་འདུན་པ་དང༌། །སྡིག་ལྟ་འཛིན་དང་སྤངས་པའི་རྗེས་ཕྱོགས་དང༌། །དགེ་ཚུལ་བསྙིལ་བ་བསྡུད་དང་འགྱེད་པ་དང༌། །སོར་མོ་དང་ནི་ལྷན་ཅིག་སྡངས་བྱེད་དང༌། །སྦེད་དང་སྐྱེས་པ་མེད་དང་ལམ་འགྲོ་དང༌། །བསླབ་པ་ཉེར་འཇོག་སྤོང་དང་འཐབ་པ་དང༌། །མི་སྨྲ་འགྲོ་དང་མི་གུས་ཟས་བཅས་དང༌། །ད་སྡོད་ཁྲི་རྐང་བརྡལ་དང་སེང་གེ་ལས། །གྱུར་པ་དང་ནི་ལྔ་བཅུ་ཐམ་པའོ། །དེ་དག་ལ་ནི་མིང་ཙམ་གྱི་ཐུན་མོང་བ་ཞེས་བྱ་སྟེ། མིང་མཐུན་ཀྱང་ཡན་ལག་གི་རྩི་བ་རྣམ་པར་བཞག་པ་མི་མཐུན་པའི་ཕྱིར། དཔེར་ན་དགེ་སློང་གིས་དགེ་སློང་གི་དགེ་འདུན་ཕྱེ་ན་ལྷག་མར་འགྱུར་གྱི། དགེ་སློང་མའི་དེ་ཕྱེ་ན་དེར་མི་འགྱུར། དགེ་སློང་མས་དགེ་སློང་མའི་དེ་ཕྱེ་ན་དེར་འགྱུར་ལ། དགེ་སློང་གི་དེ་ཕྱེ་ན་དེར་མི་འགྱུར་བ་སོགས་པ་བཞིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ཏེ། དགེ་སློང་གི་དང་དགེ་སློང་མའི་འོ། །དང་པོ་ནི། བཞི་བཅུ་ཐམ་པ་ཡིན་ཏེ། དེ་ཡང་འདི་ལྟར། འབྱིན་པ་ནས་ནི་བསྙེན་བསྐུར་བསྔགས་པའི་བར། །ཁང་པ་ཁང་ཆེན་དང་ནི་སྲིན་བལ་ནས། །ཁུར་བའི་བར་དང་ལྷུང་བཟེད་འཆང་བ་དང༌། །བརྟད་པ་ལས་བྱུང་དགོན་པའི་འབྲལ་བ་དང༌། །རས་ཆེན་སྤྲོད་དང་མ་བསྐོས་ལ་སོགས་བཅུ། །ཡང་ཡང་ཟ་དང་གསོད་པ་སློང་བ་དང༌། །ཉལ་བཤོམ་ཁྱིམ་ན་འདུག་དང་འགྲེང་བ་དང༌། །རྡེང་མེད་སྤྱོད་དང་མ་ལོན་བསྙེན་པར་རྫོགས། །རས་ཆེན་སོ་སོར་བཤགས་པ་རྣམ་གསུམ་དང༌། །མ་སྒོ་སྟན་འདུག་རྩྭ་སྔོན་མི་གཙང་འདོར། །ཞེས་པའོ། །གཉིས་པ་དགེ་སློང་མའི་ཐུན་མོང་མ་ཡིན་པ་ནི། ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་བཅུ་བཞི་ལྟུང་བྱེད་བརྒྱ་རྩ་བརྒྱད། །སོར་བཤགས་བཅུ་དང་བསླབ་བྱ་གཉིས་དག་སྟེ། །བརྒྱ་དང་ལྔ་བཅུ་རྩ་གཅིག་པོ་དག་གོ །གཉིས་པ་དམིགས་བསལ་ནི། འོ་ན་མཚན་གྱུར་པ་ནི་དེའི་ཞིང་ཡིན་པས་ཁྱབ་པ་ཡོད་དམ་ཞེ་ན། རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་ལྟུང་བ་རྣམས་ལ་ནི་སྦྱོར་བ་བྱེད་བཞིན་པ་དང༌། དངོས་གཞི་རྒྱུད་ལ་ལྡན་བཞིན་པ་མཚན་གྱུར་ན། མཚན་རྟིང་མའི་རྟེན་ལ་གང་དུ་འགྱུར་བའི་ཚུལ་ནི་བཞི་སྟེ། ཆུང་བ་ཆེ་བར་མི་འགྱུར་བ་དང༌། ཆེ་བ་ཆུང་བར་འགྱུར་བ་དང༌། མེད་པ་ལས་ཡོད་པར་མི་འགྱུར་བ་དང༌། ཡོད་པ་ལས་མེད་པར་འགྱུར་བ་རྣམས་སོ། །དང་པོ་ནི། འདི་ལྟར། སྔ་མ་ལ་ཁྱབ་པ་ཡོད་པ་མ་ཡིན་ཏེ། རེག་པའི་ཕམ་པ་ལ་ལྟོས་ཏེ་ན་སྨད་པ། རེག་པའི་སྦོམ་པོའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་བྱེད་བཞིན་པའི་དགེ་སློང་ཕ་ལས། མར་མཚན་གྱུར་ན་མཚན་ཕྱི་མ་དེ་རེག་ཕམ་གྱི་ཞིང་མ་ཡིན་པའི་ཕྱིར། དེ་ནི་གཅིག་མཚན་གྱུར་པའི་དཔེའོ། །གཉིས་ཀ་མཚན་གྱུར་པའི་དཔེ་ནི། དགེ་སློང་གཉིས་སྐྱ་རེངས་མ་ཤར་བའི་མདུན་རོལ་དུ་ཁྲི་གཅིག་ལ་རེག་པ་དང་བཅས་ཏེ་ཉལ་བ་ལས། སྐྱ་རེངས་ཤར་བ་དང་མཉམ་དུ་དགེ་སློང་མར་མཚན་གྱུར་ན། དགེ་སློང་མ་དེ་གཉིས་ཆོས་ཅན། ཁྲི་གཅིག་ལ་མཚན་མོ་ཉལ་བའི་ལྟུང་བྱེད་ཀྱི་ཞིང་མ་ཡིན་ཏེ། ལྟུང་བྱེད་ལས་ན་སྨད་པའི་དོན་གྱི་སྦྱོར་བ་བྱས་པ་ལས་མཚན་གྱུར་པའི་ཕྱིར། མདོར་ན་མཚན་སྔ་མ་དེ་ཉིད་ལ་ལྟོས་པའི་ལྟུང་བ་ན་སྨད་ཀྱི་སྦྱོར་བ་བྱེད་བཞིན་པ་མཚན་གྱུར་ན། སྦྱོར་བ་གང་བྱས་ཀྱི་དངོས་གཞི་དེ་ཉིད་འབྱུང་གི་གཞན་མི་འབྱུང་ཞེས་པའི་དོན་ཏོ། །བཤད་མ་ཐག་པ་དེས་ནི་སྦྱོར་བ་བྱེད་བཞིན་པ་ལ་དོགས་པ་བཅད་པ་ཡིན་ལ། དེ་ནས་དངོས་གཞི་བྱས་ཟིན་པ་ལ་དོགས་པ་བཅད་པར་བྱ་སྟེ། དེར་ཡང་ངེས་པ་མ་ཡིན་ཏེ། ཆེ་བ་ཆུང་བར་འགྱུར་བའི་ཚུལ་ནི་འདི་ལྟར། ཡང་ཤེས་བྱ་ཆོས་ཅན། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་པའི་ཁྱབ་པ་ཡོད་པ་མ་ཡིན་ཏེ། ལྟུང་བ་བྱས་ཟིན་པ་མཚན་གྱུར་པ་ནི། མཚན་ཕྱི་མ་ལ་བཅས་པ་གང་ཡོད་ཀྱི་ལྟུང་བ་དེ་ཉིད་ཡིན་པའི་ཕྱིར། དཔེར་ན་དགེ་སློང་མ་རེག་ཕམ་ཅན་མཚན་གྱུར་ན། རེག་པའི་སྦོམ་པོ་ཅན་དུ་འགྱུར་བ་དང༌། དགེ་སློང་མ་ལུས་བཀན་ཅན་མཚན་གྱུར་ན་མི་ཚངས་སྤྱོད་ཀྱི་སྦོམ་པོ་ཅན་དུ་འགྱུར་བ་དང༌། འཆབ་ཕམ་ཅན་གྱུར་ན་ཉེས་བྱས་དང༌། ཟློག་ཕམ་ཅན་མཚན་གྱུར་ན་སྤངས་པའི་རྗེས་ཕྱོགས་ཀྱི་ལྟུང་བྱེད་ཅན་དུ་འགྱུར་བ་བཞིན་ནོ། །ནི་ཞེས་པ་བཀར་བ་སྟེ། གང་ལས་ཚུལ་ཇི་ལྟར་དུ་བཀར་ན། སྦྱོར་བ་བྱེད་བཞིན་པ་མཚན་གྱུར་ན་སྦྱོར་བ་དེ་ཉིད་ཀྱི་དངོས་གཞི་སྐྱེད་ཅེས་པ་དེ་ལས་བཀར། ཚུལ་ནི་དངོས་གཞི་བྱས་ཟིན་པ་ལ་ནི་དངོས་གཞི་དེ་ཉིད་ལྡན་པའི་ཁྱབ་པ་མེད་ཅེས་པའི་ཚུལ་གྱིས་སོ། །ད་ནི་དེའི་ཡང་དམིགས་བསལ་འཆད་པ་ནི། འོ་ན་བྱས་པ་ནི་དེ་ཉིད་ཡིན་པའི་ཁྱབ་པ་ཡོད་དམ། གལ་ཏེ་ཡོད་ན་དགེ་སློང་རེག་པའི་སྦོམ་པོ་ཅན་མཚན་གྱུར་པ་ན། རེག་ཕམ་ཅན་དུ་ཧ་ཅང་ཐལ་ལོ་ཞེ་ན། བཅས་ལྡན་དགེ་སློང་ཆོས་ཅན། མཚན་སྔ་མ་ལ་ལྟུང་བ་བྱས་པ་ནི་མཚན་གྱུར་པ་ན། མཚན་ཕྱི་མ་ལ་བཅས་པ་གང་ཡོད་ཀྱི་ལྟུང་བ་དེ་ཉིད་ཡིན་པའི་ཁྱབ་པ་ཡང་ཡོད་པ་མ་ཡིན་ཏེ། མཚན་ཕྱི་མ་ལ་ལྟོས་པའི་ན་སྨད་པའི་ལྟུང་བ་བྱས་ཟིན་པ་ནི། མཚན་གྱུར་པ་ན་ཡང་ན་སྨད་པ་རང་གི་ངོ་བོ་ཉིད་དུ་གནས་པའི་ཕྱིར། དཔེར་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་ཅན་མཚན་གྱུར་པ་ན། དགེ་སློང་ཡང་འབྱིན་པའི་ལྟུང་བྱེད་ཅན་ཁོ་ན་ཡིན་གྱི། ལྷག་མ་ཅན་དུ་མི་འགྱུར་བ་བཞིན་ནོ། །གསུམ་པ་ལྟུང་བ་མེད་པ་ཡོད་པར་མི་འགྱུར་བའི་ཚུལ་ནི། དགེ་སློང་ལ་ལྷུང་བཟེད་ཞག་བཅུ་འཆང་བའི་སྤང་བ་དང༌། དགེ་སློང་མ་ལ་ཞག་གཅིག་འཆང་བའི་སྤང་བ་རྣམ་པར་བཞག་པ་ལས། དགེ་སློང་གི་ལྷུང་བཟེད་ལྷག་པོ་བཅང་ནས་ཞག་བཅུར་མ་ལོན་པ་ཞག་གཉིས་ལ་སོགས་པ་ལོན་ནས་མཚན་གྱུར་མ་ཐག་པ་དེ་ཆོས་ཅན། ལྷུང་བཟེད་ཞག་གཅིག་འཆང་བའི་སྤང་བ་རྒྱུད་ལ་ལྡན་པ་མིན་ཏེ། ལྷུང་བཟེད་རྙེད་མ་ཐག་པའི་ཞག་གི་ཆ་ཉིད་ལ་བརྟེན་པ་ཡིན་གྱི། དགེ་སློང་མའི་རྟེན་ལ་ལྷུང་བཟེད་ལྷག་པོ་རྙེད་ནས་ཞག་མ་ལོན་པའི་ཕྱིར། བཞི་པ་ཡོད་པ་མེད་པར་འགྱུར་བ་ནི། དགེ་སློང་ཕ་མ་གཉིས་ཀྱི་ཕན་ཚུན་དུ་ཐུན་མོང་མ་ཡིན་པའི་ལྟུང་བ་རྒྱུད་ལ་ལྡན་བཞིན་པ་དང་བྱེད་བཞིན་པའི་མཚན་གྱུར་པ་ཉིད་ལ་ནི་ཆོས་ཅན། མཚན་སྔ་མའི་ལྟུང་བ་དེ་ཉམས་པ་ཡིན་ཏེ། དེའི་ཞིང་མ་ཡིན་པའི་ཕྱིར། དཔེར་ན་དགེ་སློང་མ་འཁོར་མང་པོ་འཇོག་པའི་ལྟུང་བྱེད་ཅན་མཚན་གྱུར་ན་ལྟུང་མེད་ཡིན་པ་བཞིན་ནོ། །ལྟུང་བ་ཐུན་མོང་མ་ཡིན་པ་མཚན་གྱུར་པས་ཉམས་པའི་ཚུལ་ལ། རིལ་གྱིས་ཉམས་པ་དང༌། ཆ་ཤས་ནས་ཉམས་པ་གཉིས་ལས་འདིར་དང་པོའི་དབང་དུ་བྱས་པ་ཡིན་ཏེ། ཆ་ཤས་ཀྱི་ཉམས་ཚུལ་ནི་མདོ་གོང་མ་གསུམ་གྱིས་བཤད་ཟིན་པའི་ཕྱིར། གཉིས་པ་ཞར་བྱུང་ནི། དགེ་འདུན་ལྷག་མའི་ལྟུང་བ་ཐུན་མོང་བ་འཆབ་ཉེས་ཅན་རྒྱུད་ལ་ལྡན་པའི་དགེ་སློང་ཕ་མ་མཚན་གྱུར་པ་དེ་ལ་ཆོས་ཅན། མཚན་རྟིང་མ་ལ་སྤོ་བ་སྤྱད་དགོས་པ་མིན་ཏེ། བཅབས་པའི་ཉེས་པ་ཉམས་པ་མ་ཡིན་པ་མིན་པའི་ཕྱིར། འདིས་ཕམ་པའི་འཆབ་ཉེས་ཀྱང་མཚོན་ནོ། །ཞེས་བུ་སྟོན་རིན་པོ་ཆེ་གསུང་ཞིང༌། ཕམ་པའི་འཆབ་ཉེས་ཡུལ་དུས་ལ་མི་ལྟོས་པའི་ཕྱིར་མཚོན་པར་མི་ནུས་སོ་ཞེས་བོད་སྔ་མ་རྣམས་གསུང་ལ། འདི་ཉིད་ལེགས་པ་ཡིན་ཏེ། གཞན་དུ་ན་ཕམ་པ་འཆབ་བཅས་ཅན་གྱི་དགེ་སློང་ཕ་མཚན་གྱུར་པ་དེ་ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་དུ་རུང་བར་ཐལ་བ་དང༌། དེས་སྡོམ་པ་ཕུལ་ནས་སླར་ཡང་ལེན་ན་སྐྱེ་བར་ཐལ་བའི་ཕྱིར་རོ། །ཡང་མཚན་སྔ་མ་ལ་འགུ་བ་སྤྱད་པ་ན་ཆོས་ཅན། དོན་མེད་པ་ཉིད་ཡིན་ཏེ། མཚན་ཕྱི་མའི་རྟེན་ལ་སླར་ཡང་ནོད་ནས་སྤྱད་དགོས་པའི་ཕྱིར། ནི་ཞེས་པ་ནི་སྤོ་བ་སླར་སྤྱད་མི་དགོས་པས་དེ་ལས་བཀར་བའོ། །གཉིས་པ་མཚན་གྱུར་གྱི་མདོ་རྣམས་ཀྱིས་བསྟན་པའི་དོན་རྣམས་ཀྱི་རྒྱུ་མཚན་བཤད་པ་ནི། མཚན་གྱུར་པ་ན་ལྟུང་བ་མཉམ་པ་རང་ས་འཛིན་པ་དང༌། ཡོད་པ་རྣམས་མེད་པར་འགྱུར་བ་དང༌། ཆེ་བ་ཆུང་བར་འགྱུར་བ་དང༌། གཉིས་པ་ལོག་ཕྱོགས་སུ་མི་འགྱུར་བ་འདི་ལ་ཆོས་ཅན། རྒྱུ་མཚན་ཡང་དག་ཡོད་དེ། ལུས་གྱུར་པའི་སྟོབས་ཀྱིས་བསམ་པ་དང་ཉོན་མོངས་པ་གཞན་དུ་གྱུར། དེའི་སྟོབས་ཀྱིས་གཉེན་པོ་ཆོ་ག་རྣམས་གཞན་དང་གཞན་དུ་གྱུར་ཏོ། །ཞེས་བྱ་བའི་སྒྲུབ་བྱེད་ལས་སོ། །དོན་འདི་དག་ཞུ་འགྲེལ་མཁན་པོ་ན་རེ། འོ་ན་ལུང་ཞུ་བ་ལས། བཙུན་པ་རེ་ཤིག་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱི་རེག་པ་བགྱིད་པ་ལས། དེ་ཡང་མཚན་གྱུར་ནས་དགེ་སློང་མར་རེག་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་བཤད་པ་དང༌། དགེ་སློང་མ་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ། དགེ་སློང་དུ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་པས། ལུང་དང་འགལ་བ་དང༌། དགེ་སློང་མ་འབྱིན་ལྷག་ཅན་མཚན་གྱུར་པའི་སྟོབས་ཀྱིས་ལྟུང་བྱེད་ཅན་ཡིན་ན། ལྟུང་བྱེད་དགུ་བཅུ་རྩ་གཅིག་ཏུ་ཐལ་བར་འགྱུར་རོ། །ཞེས་ཟེར་མོད་ཀྱང་དེའི་ལན་འདོན་པ་ནི་སླ་ཞིང༌། སློབ་དཔོན་ཡོན་ཏན་འོད་ཀྱི་ལུགས་ལས་ཉམས་པས། ཡིད་གཏད་པར་མི་བྱའོ། །འགྲེལ་ཆུང་མཁན་པོ་ནི། ཕམ་པ་བྱུང་ན་མཚན་གྱུར་པ་བས་ལྷར་གྱུར་ཀྱང་མི་ཕན་ཏེ། ཕམ་པ་ཉིད་ཡིན་ནོ་ཞེས་ཟེར་ལ། དེ་སྐད་ཟེར་བ་ཉིད་ཀྱིས་འགྲེལ་པ་མཁན་པོ་དེ་རང་གི་མཚན་ཉིད་གསལ་བར་བསྟན་ནོ། །གཉིས་པ་ཡུལ་གྱི་ཡན་ལག་ལ། དུས་འདས་པ་དང་མ་འོངས་པ་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས། ད་ལྟར་གྱི་ལུས་ལྟུང་བའི་བྱེད་པ་པོར་བསྟན་པ་དང༌། སྐྱེ་གནས་གཞན་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས། རང་འགྲོ་བ་གར་གཏོགས་ལྟུང་བ་བསྐྱེད་པའི་གཞིར་བཞག་པ་དང༌། དབྱིབས་དང་ཁ་དོག་གཞན་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས། རང་ཤེས་རྒྱུད་གར་གཏོགས་ལྟུང་བ་བསྐྱེད་པའི་གཞིར་བཞག་པ་དང༌། ཡོན་ཏན་དང་ཆོས་ཀྱི་ཆ་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས། འཕེན་པ་གཅིག་གིས་འཕངས་པའི་ལུས་ལྟུང་བ་བསྐྱེད་པའི་གཞིར་བཞག་པའོ། །དང་པོ་ནི། ལྟུང་བ་སྡེ་ལྔ་ལས་ཡུལ་གྱི་ཡན་ལག་ཏུ་སེམས་ཅན་གྱི་ལུས་དགོས་པ་ཕལ་ཆེ་བའི་སྐབས་སུ། ཡུལ་གང་ལ་སྦྱོར་བ་བྱེད་བཞིན་པ་དང༌། མཐར་ཐུག་གྲུབ་པ་དེའི་ཚེ་ཡུལ་གྱི་ལུས་ཆོས་ཅན། ལྟུང་བ་དེ་དང་དེའི་ཡུལ་གྱི་བྱེད་པ་པོ་ཉིད་ཡིན་ཏེ། ལྟུང་བ་དེ་དང་དེ་འབྱུང་བའི་ཡུལ་གྱི་ཡན་ལག་དངོས་ཡིན་པའི་ཕྱིར། དཔེར་ན་དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བྱས་ནས། ཡུལ་དེ་བུད་མེད་དུ་མཚན་གྱུར་ན། སྐྱེས་པའི་ལུས་དེ་སྦྱོར་བའི་བྱེད་པ་པོ་དང༌། བུད་མེད་ཀྱི་ལུས་དེ་དངོས་གཞིའི་བྱེད་པ་པོ་ལྟ་བུའོ། །དེའི་ཚེ་སྦྱོར་བ་ལ་སྦོམ་པོ་དང༌། དངོས་གཞི་ལ་ལྷག་མ་བྱུང་བ་ཡིན་ནོ། །ཞེས་དམར་སྟོན་པ་གསུང་མོད། ཞིབ་ཏུ་བྱེད་ན་དེ་འདྲ་དེ་མཐར་ཐུག་གྲུབ་པ་དང་དུས་མཉམ་དུ་མཚན་གྱུར་པ་ཡིན་ན་ནི། མཚན་ཕྱི་མ་ལ་བརྟེན་པའི་དངོས་གཞི་འོང་དོན་མེད་ལ། སྦྱོར་བ་བྱེད་བཞིན་པ་མཚན་གྱུར་ན་ནི། མཚན་ཕྱི་མ་ལ་གང་ཡོད་ཀྱི་སྦྱོར་དངོས་གཉིས་ཀ་འབྱུང་ངོ༌། །ཡང་འགྲེལ་པ་ལས་དཔེར་བརྗོད་གཉིས་པ་གསུངས་པ་ནི། བསད་བྱ་དེས་དགྲ་བཅོམ་པ་མ་ཐོབ་པའི་གནས་སྐབས་སུ་སྦྱོར་བ་བྱས་ནས། དེས་དགྲ་བཅོམ་ཐོབ་པའི་ཚེ་གསོད་པར་བྱེད་ན་དགྲ་བཅོམ་པའི་ལུས་དེ་སྲོག་གཅོད་ཕམ་པ་དང༌། མཚམས་མེད་གཉིས་ཀའི་བྱེད་པ་པོ་ཡིན་པ་ལྟ་བུའོ། །ཞེས་གསུང་ལ། དེ་ལ་བོད་གཞན་དག་གིས་དགག་པ་མཛད་པ་ན། དེ་མི་འཐད་དེ། བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་བཤད་པ་དང་འགལ་བས་སོ། །ཞེས་ཟེར་བ་ནི་འགྲེལ་ཚིག་ལ་ཞིབ་ཏུ་མ་བརྟགས་པས་ཕྱོགས་སྔའི་ནམ་མ་ལངས་པའོ། །འོ་ན་ཅི་ཞེ་ན། སྔར་སོ་སོ་སྐྱེ་བོའི་ཡུལ་ལ་སྦྱོར་བའི་སྦྱོར་བ་བྱས་ནས། དགྲ་བཅོམ་པའི་ལུས་ལ་དངོས་གཞིའི་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པ་ལ་འཆད་དགོས་པ་ཡིན་ཏེ། ཊཱི་ཀ་ཉིད་ལས། དགྲ་བཅོམ་པ་དེ་གསོད་པར་བྱེད་ན། ཞེས་བཤད་པའི་ཕྱིར་རོ། །ཡང་འགྲེལ་བར་བསད་བྱ་དགྲ་བཅོམ་པ་ཉིད་མ་ཡིན་པའི་ཚེ། སྦྱོར་བ་བྱས་འགྱོད་པ་དྲག་པོ་ལྟ་བུས་སྦྱོར་བ་དེ་ལས་ཕྱིར་ལོག དེའི་འོག་ཏུ་ཡུལ་དེས་དགྲ་བཅོམ་པ་ཐོབ། སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཤི་བར་གྱུར་ན་དགྲ་བཅོམ་པའི་ལུས་དེ་སྲོག་གཅོད་པ་འབའ་ཞིག་གི་བྱེད་པ་པོ་ཡིན་གྱི། མཚམས་མེད་པའི་ལས་ཀྱི་བྱེད་པ་པོ་མ་ཡིན་ནོ། །ཞེས་གསུངས་པ་དེའི་སྒྲ་ཇི་བཞིན་པ་དེ་ཅུང་ཟད་དཀའ་བར་སྣང་ཡང་དོན་ནི། དགྲ་བཅོམ་པའི་ཆ་ལ་འདུན་པ་ལོག་ཅིང༌། གསོད་པའི་ཆ་ལ་མ་ལོག་པ་ལ་འཆད་དགོས་ཏེ། གཞན་དུ་ན་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་ཡང་འབྱུང་བའི་དོན་མེད་པའི་ཕྱིར། རྟེན་གཅིག་ལ་འདུན་པ་ཕྱེད་ལོག་དེ་འདྲ་མི་སྲིད་དོ་སྙམ་ན་མ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་མི་གསོད་པའི་ཡིད་དམ་ཅན་འགའ་ཞིག་གིས། ཡུལ་དེ་དོན་ལ་དགྲ་བཅོམ་པ་ཡིན་ཀྱང༌། དེ་མིན་པར་འདུ་ཤེས་ནས་བསད་པ་ལྟ་བུའོ། །འོ་ན་འགྲེལ་པ་མཁན་པོ་དངོས་གཞི་ལ་དོན་ཡན་ལག་ཡིན་པར་འདོད་པ་ཡིན་ནམ་ཞེ་ན། སྔར་སྲོག་གཅོད་ཕམ་པའི་སྐབས་སུ་བཤད་ཟིན་པ་ལྟར་འདུ་ཤེས་གཙོ་ཆེ་བའི་ལྟུང་བ་རྣམས་ལ་དོན་ཤེས་མཐུན་པའི་སྒོ་ནས་དོན་གཙོ་བོ་ཡིན་གྱི། དོན་དེར་འདུ་ཤེས་པ་མེད་ན་དངོས་པོ་ལ་དོན་དེ་ཡིན་པ་ཙམ་གྱིས། དངོས་གཞི་ལ་དོན་གཙོ་ཆེ་བའི་གོ་དོན་དུ་བཞེད་པ་མ་ཡིན་ཏེ། ཤིང་སྐམ་པོ་བཅད་པར་བྱའོ་སྙམ་དུ་འདུ་ཤེས་ཏེ། མཚོན་བསྣུན་པ་ལས་མི་ཤི་བར་གྱུར་ཀྱང་སྦྱོར་དངོས་གཉིས་ཀ་ལ་ཉེས་མེད་དུ་འགྲེལ་པ་མཁན་པོ་བཞེད་པའི་ཕྱིར། འོ་ན་དངོས་གཞི་ལ་དོན་ཤེས་མཐུན་པའི་དོན་མི་ལ་མིར་ཤེས་པ་དང༌། དགྲ་བཅོམ་ལ་དགྲ་བཅོམ་དུ་ཤེས་པ་སྲོག་གཅོད་ཕམ་པ་དང༌། དགྲ་བཅོམ་བསད་པའི་མཚམས་མེད་ཀྱི་ཡན་ལག་ཏུ་དགོས་པར་བཞེད་པ་ཡིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ་ཡུལ་འདི་ནི་མིའམ་དུད་འགྲོའམ་དགྲ་བཅོམ་པའམ་སོ་སོ་སྐྱེ་བོ་གང་ཡིན་ཀྱང་རུང༌། བསད་པར་བྱའོ་སྙམ་དུ་རྟེན་ངེས་པར་བཟུང་སྟེ་བསད་པ་ལས་མཐར་ཐུག་སུ་ཤི་ཡང༌། དོན་ཤེས་མཐུན་པར་འབྱུང་བར་བཞེད་པའི་ཕྱིར། ཡང་བུ་སྟོན་རིན་པོ་ཆེ་དེའི་ཚེ་ཞེས་སོགས་ཀྱི་མདོ་འདི། ལྟུང་བ་འབྱིན་པ་པོའི་ལུས་བྱེད་པ་པོ་ཡིན་པ་ལ་སྦྱར་ནས་འཆད་པ་ནི་ལེགས་པ་མ་ཡིན་ཏེ། དེ་འདྲ་དེ་གོང་དུ་མཚན་གྱི་སྐབས་དེར་བཤད་མ་ཐག་པ་དེ་ཉིད་ཡིན་པའི་ཕྱིར་དང༌། མདོ་བཞི་པོ་འདི་ཡུལ་ལ་དོགས་པ་གཅོད་པ་ཡིན་པར་འགྲེལ་པ་མཁན་པོ་མཐའ་དག་གིས་ལུང་གི་ལུང་དྲངས་ནས་གསལ་བར་བཤད་པའི་ཕྱིར་རོ། །ཡང་བུ་སྟོན་རིན་པོ་ཆེས། རྒྱ་ཆེར་འགྲེལ་པ་མཁན་པོའི་འདོད་པ་འགོག་པ་ན་གཙུག་ཕུད་ཅན་གྱིས་ཕ་དགྲ་བཅོམ་དུ་མ་ཤེས་ཀྱང༌། བསད་ན་མཚམས་མེད་གཉིས་སྐྱེ་བར་བཤད་པ་དེ་ནི་འགྱོད་པ་བསྐྱེད་པའི་ཕྱིར་ཡིན་ནོ་ཞེས་གསུང་བ་དང༌། ཡང་རྟེན་ངེས་པར་བཟུང་བ་ཙམ་གྱིས་ཆོག་པ་ལུང་ཞུ་བ་ལས། མི་ལ་མི་མ་ལགས་པའི་འདུ་ཤེས་བཀུམ་ན་ཅིར་འགྱུར། ཉེས་པ་སྦོམ་པོའོ་ཞེས་གསུངས་པ་དང༌། མདོ་ལུང་གཉིས་ཀ་ལས་དེར་འདུ་ཤེས་པས་སོ། །ཞེས་མི་ལ་མིར་ཤེས་པ་ཡན་ལག་ཏུ་དགོས་པར་བཤད་པའི་ཕྱིར། ཞེས་གསུང་པ་དེ་དག་ཀྱང་ལེགས་པ་མ་ཡིན་ཏེ། བཅས་ལྡན་དགེ་སློང་གིས་ཕ་དང་དགྲ་བཅོམ་པའི་གཞི་མཐུན་བསད་ན་མཚམས་མེད་གཉིས་དང༌། སྲོག་གཅོད་ཕམ་པ་སྟེ་གསུམ་ལས་གང་མི་བསྐྱེད་པ་ཡིན་ཞེས་བརྟགས་ན་འཇིག་པའི་ཕྱིར་དང༌། གསུམ་ཀ་བསྐྱེད་པའི་ཡན་ལག་གི་རྩི་བ་རྣམ་པར་བཞག་པའི་ཕྱིར་དང༌། དེ་གསུམ་བསྐྱེད་པ་ལ་ཡུལ་རྒྱང་ཐ་དད་པ་དགོས་ན། ཇི་སྐད་དུ། གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི། ཇི་སྙེད་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །ཞེས་བྱ་བའི་མདོ་དང་འགལ་བའི་ཕྱིར་དང༌། སྲོག་གཅོད་ཕམ་པ་བསྐྱེད་པ་ལ་མི་ལ་མིར་ཤེས་པ་ཡན་ལག་ཏུ་དགོས་ན། ཇི་སྐད་དུ། འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་བསད་པ་ལ་ཡང༌། ཞེས་པའི་མདོ་དང་འགལ་བའི་ཕྱིར་དང༌། ལུང་ལས་མིའི་མངལ་དུ་དུད་འགྲོ་བསད་པ་ལས་ལྟུང་བྱེད་དུ་གསུང་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། འགྲོ་བ་གཞན་དུད་འགྲོ་སོགས་ལ་སྐྱེས་པའི་མི་ནི་ཆོས་ཅན། རང་མིའི་འགྲོ་བ་པ་ཉིད་མ་ཡིན་པ་ཉིད་མ་ཡིན་ཏེ། མིར་འཕེན་བྱེད་ཀྱི་ལས་ཀྱིས་འཕངས་ཤིང༌། མིའི་སྐྱེ་མཆེད་དང་ལྡན་པའི་ཕྱིར། དེ་ཡང་འདི་ལྟར། དེ་ལྟ་བུའི་འགྲོ་བ་དེ་མི་ཡིན་ན་མི་གསོད་ཅིང༌། མི་མ་ཡིན་ན་གསོད་པར་དམ་བཅས་པ་ལས་སྐབས་གཞན་དུ་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས། མི་མ་ཡིན་པར་འདུ་ཤེས་ཏེ་བསད་པ་ལས། ཤི་བ་དེའི་ཚེ་དངོས་གཞི་ལ་ཕམ་པ་མི་འབྱུང་སྟེ། དོན་ཤེས་མཐུན་པ་མེད་པའི་ཕྱིར། ཡང་དེ་འདྲའི་འགྲོ་བ་པ་དེ་ལ་བཅས་ལྡན་དགེ་སློང་གིས་མིའམ་དུད་འགྲོའམ་གང་ཡིན་ཀྱང་རུང་བསད་པར་བྱའོ། །སྙམ་དུ་ངེས་པར་བཟུང་བའི་སྒོ་ནས་བསད་པ་ལས། ཤི་བ་དེའི་ཚེ་སྲོག་གཅོད་ཀྱི་ཕམ་པར་འགྱུར་བ་ཡིན་ཏེ། དེའི་ཚེ་དངོས་གཞི་ལ་མི་ཤི་བ་གང་ཞིག ཡིད་གཉིས་ནི་འདུ་ཤེས་དང་འདྲ་བ་ཡིན་པས་དོན་ཤེས་མཐུན་པ་ཡང་ཡོད་པའི་ཕྱིར། མདོ་འདི་ནི་ཡུལ་མི་ཡིན་པ་ཡན་ལག་ཏུ་དགོས་པའི་བསླབ་པའི་གཞི་ཐམས་ཅད་ལ་སྦྱར་རོ། །གསུམ་པ་ནི། མིའི་འགྲོ་བ་པ་གང་ཞིག སྔགས་དང་སྨན་ལ་སོགས་པའི་མཐུ་ལས་འགྲོ་བ་གཞན་ལྷའམ་དུད་འགྲོ་ལ་སོགས་པའི་རྣམ་པ་རྟེན་པ་དེ་ཆོས་ཅན། རྟེན་ངེས་པར་བཟུང་བའི་སྒོ་ནས་བཅས་ལྡན་དགེ་སློང་གིས་ཁྱོད་བསད་པ་ལ་ཡང་ཕམ་པར་འགྱུར་བ་ཡིན་ཏེ། མིའི་འགྲོ་བ་པ་ཉིད་མ་ཡིན་པ་མིན་པའི་ཕྱིར། མདོ་འདིའི་མཐའ་བཅད་པ་ནི་སྲོག་གཅོད་ཕམ་པའི་སྤྱི་དོན་དུ་བཤད་ཟིན་པ་ལས་ཤེས་སོ། །མདོ་འདི་ནི་སྲོག་གཅོད་ཀྱི་སྐབས་ཀྱི་ལྟུང་བ་རྣམས་དང་སྦྱོར་བ་ཡིན་གྱི། མ་བྱིན་པར་ལེན་པ་སོགས་གཞན་དང་མི་སྦྱོར་རོ། །ཞེས་བྱ་འདུལ་བ་འཛིན་པ་གསུང་ངོ༌། །བཞི་པ་ནི། སོ་སོ་སྐྱེ་བོའི་གནས་སྐབས་ལས་གཞན་ཐོབ་པའི་དགྲ་བཅོམ་པ་ནི་ཆོས་ཅན། སོ་སོ་སྐྱེ་བོའི་རྟེན་ལ་སྦྱོར་བ་བྱས་པ་དེ་ཁྱོད་ཀྱི་རྟེན་ལ་མཐར་ཐུག་ཏུ་མི་འགྱུར་བས་མ་ཁྱབ་ཏེ། སྔར་གྱི་རང་གི་ལུས་རྟེན་དེ་ལས་གཞན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་སོ་སོ་སྐྱེ་བོའི་རྟེན་ལ་གསོད་པའི་སྦྱོར་བ་བྱས་ནས། སྦྱོར་བ་དེ་ཉིད་ཀྱི་ཡུལ་དེ་དགྲ་བཅོམ་པ་ཐོབ་པའི་ཚེ་ཤི་བ་ལྟ་བུའོ། །འདི་ལ་ཡང་སྦྱོར་བའི་དུས་སུ་དགྲ་བཅོམ་པ་མི་གསོད་པའི་ངེས་པ་ཡོད་ན། དངོས་གཞི་ལ་མཚམས་མེད་མི་འབྱུང་ལ་སྦྱོར་བའི་དུས་སུ་ཕྱེ་གསལ་མེད་པར་མཚོན་བསྣུན་པའི་འོག་ཏུ་འདིས་དགྲ་བཅོམ་པ་ཐོབ་པར་གྱུར་ཀྱང་བླའོ། །བསད་པར་བྱའོ་སྙམ་ན་ནི་དངོས་གཞི་ལ་མཚམས་མེད་ཀྱང་འབྱུང་སྟེ། དེ་འབྱུང་བའི་ཡན་ལག་གི་རྩི་བ་ཚང་བའི་ཕྱིར་རོ། །ཇི་སྐད་དུ། བསྣུན་འོག་དགྲ་བཅོམ་པ་ལ་མིན་ཞེས་པ་ཡང་སྦྱོར་བའི་དུས་སུ་དགྲ་བཅོམ་པ་མི་གསོད་པའི་ཡི་དམ་ཡོད་པ་ལ་བསམས་པ་ཡིན་གྱི། ཁྱབ་པ་བཟུང་བ་མ་ཡིན་ནོ། །གཞན་དུ་ན་མདོ་འདི་ཉིད་ཀྱིས་མ་ངེས་པའི་ཕྱིར། གསུམ་པ་ལྟུང་བ་ཐ་དད་སྐྱེ་བའི་རྒྱུ་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་བསླབ་རྒྱུན་ཐ་དད་ཀྱི་ལྟུང་བ་ཐ་དད་བསྐྱེད་པའི་ཚུལ་དང༌། ཀུན་སློང་གི་རྒྱུན་ཐ་དད་ཀྱིས་དང༌། བཅས་རིགས་ཐ་དད་ཀྱིས་དང༌། ཉེ་བར་ལེན་པའི་རྒྱུའི་རིགས་ཐ་དད་ཀྱིས་དང༌། གཞི་དང་སྦྱོར་བ་ཐ་དད་ཀྱིས་ལྟུང་བ་ཐ་དད་པ་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། བཅས་ལྡན་དགེ་སློང་ཆོས་ཅན། ལྟུང་བ་གཅིག་རྫོགས་པར་སྐྱེད་པ་ལ་མེད་མི་རུང་གི་སྦྱོར་བ་ནས་མཐར་ཐུག་གི་བར། བསླབ་རྒྱུན་གཅིག་ལ་རྫོགས་པ་དགོས་ཏེ། ཉེས་པ་དེ་མེད་པ་ཁྱིམ་པར་བབས་ནས་སླར་ཡང་དགེ་སློང་དུ་འོངས་པ་ནི། བསླབ་རྒྱུན་ཐ་དད་པ་ཉིད་ཀྱིས་བར་དུ་ཆོད་པའི་ཕྱིར། དཔེར་ན་དགེ་སློང་གི་ལོ་དྲུག་གི་ནང་དུ་མ་གནང་བའི་སྟན་གཉིས་པ་ཞིག་བྱེད་པར་བརྩམས་ནས། མ་ཟིན་པའི་བར་དེར་ཁྱིམ་པར་བབས། སླར་ཡང་བསྙེན་པར་རྫོགས་ཏེ། སྔར་གྱི་སྟན་ཟིན་པར་བྱས་ན། སྔ་ཕྱི་གཉིས་ཀ་སྡོམས་ནས་ལྟུང་བ་ཡོངས་རྫོགས་གཅིག་བསྐྱེད་པ་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། བཅས་ལྡན་དགེ་སློང་ཆོས་ཅན། ལྟུང་བ་གཅིག་རྫོགས་པར་བསྐྱེད་པ་ལ་མེད་མི་རུང་གི་སྦྱོར་བ་ནས་མཐར་ཐུག་གི་བར་བསམ་པའི་རྒྱུན་གཅིག་ལ་རྫོགས་པར་དགོས་ཏེ། དང་པོར་བརྩམས་ནས་བར་དུ་བསམ་པ་ཐག་པས་བཏང༌། སླར་ཡང་དེ་བྱེད་པར་བརྩམས་པ་ནི་བསམ་པའི་རྒྱུན་ཐ་དད་པ་ཉིད་ཀྱི་བར་དུ་ཆོད་པའི་ཕྱིར། དཔེར་ན་སྔར་ཁང་པ་ཚད་ལྷག་གི་སྦྱོར་བ་བརྩམས། བར་སྐབས་སུ་བསམ་པས་བཏང༌། སླར་ཡང་ཀུན་སློང་གཞན་གྱིས་སྔར་གྱི་འཕྲོ་ཟིན་པར་བྱས་པ་ལྟ་བུའོ། །མདོ་འདི་གཉིས་ནི་རྒྱུན་ལྡན་གྱི་ལྟུང་བ་དེའང་ཕལ་ཆེ་བ་ལ་སྦྱར་རོ། །དེ་བས་ན་ཉེས་པ་དེ་ཕྱིར་བཅོས་བྱས་པའི་ཚེ། སྔར་གྱི་སྦྱོར་བའི་ལྟུང་བ་དེ་དང༌། ཕྱིས་དངོས་གཞི་ལ་ལྟུང་བ་ཡོད་མེད་གཉིས་ལས། ཡོད་པ་རྣམས་ལ་ཕྱིར་བཅོས་སོ་སོར་དགོས་པའི་དོན་ནོ། །གསུམ་པ་ནི། གཞི་གཅིག་ལ་བསླབ་པ་དུ་མ་ཉིད་བཅས་པ་ལ་ནི་ཆོས་ཅན། ཉེས་པ་གཅིག་ཁོ་ནའི་གཞི་མ་ཡིན་ཏེ། བཅས་རིགས་ཇི་སྙེད་པ་དེ་སྙེད་དང་འགལ་བའི་ཉེས་པར་འགྱུར་བའི་ཕྱིར། དཔེར་ན་བཅས་ལྡན་དགེ་སློང་གིས་དུས་རུང་གི་ཟས་གསོག་འཇོག་ཅན་བྱིན་ལེན་མ་བྱས་པ་ཕྱི་དྲོ་ཟོས་པ་ལྟ་བུའོ། །བཞི་པ་ལ། ཆ་དང་ཆ་ཅན་སྦྱར་བ་དང༌། ངག་དོན་བསྟན་པའོ། །དང་པོ་ལ། ལྟུང་བ་ནི་རིགས་གཉིས་ཏེ། ཆ་ཅན་གྱི་དང༌། ཆའི་འོ། །དང་པོ་ནི། ཕམ་ལྷག་ལྟ་བུ་ལྟུང་བ་ལྕི་བ་རྣམས་སོ། །གཉིས་པ་ལ་གཉིས་ཏེ། ཆ་མཐུན་གྱི་ཆ་དང༌། ཆ་ཤས་ཀྱི་ཆའོ། །དང་པོ་ནི་མི་ཚངས་སྤྱོད་ཀྱི་ཆ་མཐུན་འབྱིན་པ་དང་རེག་པ་ལྟ་བུ། མ་བྱིན་ལེན་གྱི་བྱིན་འཕྲོག་དང༌། དངོས་སྒྱུར་ལྟ་བུ་དང༌། སྲོག་གཅོད་ཀྱི་དུད་འགྲོ་གསོད་པ་ལྟ་བུ་དང༌། བརྫུན་སྨྲའི་གཞི་མེད་སྐུར་འདེབས་ལྟ་བུའོ། །གཉིས་པ་ནི་ཕམ་པ་སོ་སོའི་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ལ་སོགས་པ་ལྟ་བུའོ། །གཉིས་པ་ལ་ཆ་དང་ཆ་ཤས་སུ་ཕྱེ་བ་དངོས་དང༌། དམིགས་བསལ་གྱི་དཔེ་བསྟན་པའོ། །དང་པོ་ནི། རྒྱུའི་ཀུན་སློང་མི་ཚངས་པར་སྤྱོད་འདོད་ཀྱི་བུད་མེད་ལ་རེག་པའི་ལྟུང་བ་ནི་ཆོས་ཅན། མི་ཚངས་པར་སྤྱོད་པའི་ལྟུང་བ་དེར་གཏོགས་པ་ཡིན་ཏེ། དེའི་ཆ་ཤས་ཀྱི་ལྟུང་བ་ཡིན་པའི་ཕྱིར། ཡང་རྒྱུའི་ཀུན་སློང་རེག་པའི་ལྷག་མ་སློང་བྱེད་ཀྱིས་སླང་བའི་བུད་མེད་ལ་རེག་པའི་ལྟུང་བ་ནི་ཆོས་ཅན། མི་ཚངས་སྤྱོད་ཀྱི་ལྟུང་བར་གཏོགས་པ་མིན་ཏེ། མི་ཚངས་སྤྱོད་དེའི་ཆ་མཐུན་གྱི་ལྟུང་བ་དེར་གཏོགས་པའི་ཕྱིར། གཉིས་པ་ནི། འོ་ན་རྒྱུའི་ཀུན་སློང་གང་ཡོད་པ་དེའི་ལྟུང་བ་ཡང་དེར་ངེས་སམ་ཞེ་ན། རྒྱུའི་ཀུན་སློང་མི་ཚངས་སྤྱོད་ཀྱིས་ཀུན་སློང་གིས་ཀུན་ནས་སླང་བའི་ལྟུང་བ་ཡིན་ན། མི་ཚངས་སྤྱོད་ཀྱི་ལྟུང་བ་ཡིན་པས་མ་ཁྱབ་སྟེ། རྒྱུའི་ཀུན་སློང་མི་ཚངས་སྤྱོད་ཀྱི་བསམ་པས་ཁུ་བ་ཕྱུང་བ་ཐམས་ཅད་ལ། དུས་ཀྱི་ཀུན་སློང་གི་དབང་གིས་དགེ་འདུན་ལྷག་མར་འགྱུར་བ་འགའ་ཞིག་ཡོད་པའི་ཕྱིར། དེར་ངེས་སམ་ཞེ་ན། མཐའ་ཕམ་པ་ཉིད་དུ་འགྱུར་ངེས་པ་རྣམས་ནི་མ་གཏོགས་སོ། །དེ་ཡང་རྒྱུའི་ཀུན་སློང་ལ་ཁྱད་པར་མེད་ཀྱང་ལམ་གསུམ་ཉམས་པ་དང་མ་ཉམས་པའི་དབང་གིས་དུས་ཀྱི་ཀུན་སློང་ཐ་དད་དུ་བྱུང་བའོ། །ལམ་ཉམས་པ་ལྟ་བུར་ཡང་དུས་ཀྱི་ཀུན་སློང་ཁུ་བ་དབྱུང་འདོད་ཀྱི་བསམ་པ་མ་སྐྱེས་ན་ནི། མི་ཚངས་སྤྱོད་ཀྱི་དངོས་གཞིའི་རྣམ་པའི་སྦོམ་པོ་ལས་མ་འདས་སོ། །མདོར་ན་མདོ་འདི་གཉིས་ཀྱི་ཆ་མཐུན་གྱི་ལྟུང་བ་ཐམས་ཅད་ཀུན་སློང་གི་སྒོ་ནས་ཐ་དད་དུ་འབྱེད་པ་དང༌། དེ་ཡང་སྦྱོར་བའི་ཚེ་རྒྱུའི་ཀུན་སློང་གཙོ་ཆེ་བ་དང༌། མཐར་ཐུག་གི་ཚེ་དུས་ཀྱི་ཀུན་སློང་གཙོ་ཆེ་བར་བསྟན་ནོ། །ལྔ་པ་ལ་སྦྱོར་བ་ཐ་དད་ཀྱིས་ལྟུང་བ་ཐ་དད་སྐྱེད་པའི་ཚུལ་དང༌། གཞི་ཐ་དད་ཀྱི་ལྟུང་བ་ཐ་དད་སྐྱེད་པའི་ཚུལ་ལོ། །དང་པོ་ནི། བྱ་བ་དུ་མའི་འབྲས་བུ་ལྟུང་བ་གཅིག་རྣམ་པར་མི་བཞག་སྟེ་སྦྱོར་བའི་རྒྱུན་ཐ་དད་ཀྱིས་བར་དུ་ཆོད་ན་ལྟུང་བ་གཅིག་གི་རྒྱུར་མི་འགྱུར་བའི་ཕྱིར། མདོ་འདི་ནི་དགེ་སློང་གི་ལྟུང་བ་ཐམས་ཅད་ལ་སྦྱོར་རོ། །གཉིས་པ་ལ་གཞི་འབྱུང་བ་ལ་བརྟེན་པ་དང༌། འབྱུང་གྱུར་ལ་བརྟེན་པ་གཉིས། དང་པོ་ནི། ཁང་པ་ཚད་ལྷག་ལྟ་བུ་ཕྱེད་གཞན་གྱིས་བྱས་པ་ལ། རང་གིས་འཕྲོ་ཟིན་པར་བྱས་པའི་ལྟུང་བ་ནི་ཆོས་ཅན། ཁང་པའི་ལྷག་མ་ཡོངས་སུ་རྫོགས་པའི་ལྟུང་བ་མིན་ཏེ། ཕྱེད་སྦོམ་པོ་ཉིད་ཡིན་པའི་ཕྱིར། འདིས་ནི་ཆོས་ཅན་བཅུ་དགུ་ལ་ཁྱབ་པ་ཡིན་ཏེ། འདི་ལྟར་ཁང་པ་ཁང་ཆེན་ཁྲུར་འཇུག་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་བལ་རྨེལ་ཐ་ག་གཉིས། །རིམ་ལྷག་བཟོ་བྱེད་ཁབ་རལ་བདུན། །ཞེས་པའོ། །གཉིས་པ་ནི། ཁ་ན་མ་ཐོ་བ་ན་སྨད་པས་སྐུར་པ་བཏབ་པའི་ཆ་ཉིད་ཀྱི་ལྟུང་བ་ཆོས་ཅན། ལྷག་མ་དངོས་མ་ཡིན་ཏེ། དེ་ལས་ན་སྨད་པའི་ལྟུང་བ་ཡིན་པའི་ཕྱིར། དཔེར་ན་ཕམ་པས་སྐུར་པ་བཏབ་ན་ལྷག་མ་དང༌། ལྷག་མས་སྐུར་པ་བཏབ་ན་ལྟུང་བྱེད་དང༌། དེ་དང་སོར་བཤགས་ཀྱིས་བཏབ་ན་ཉེས་བྱས་དང༌། དེས་དེ་བཏབ་ན་ཉེས་བྱས་ཕྲ་མོར་འགྱུར་བ་བཞིན་ནོ། །བཞི་པ་བསམ་པའི་ཡན་ལག་ཞར་བྱུང་དང་བཅས་པ་ལ། སྤྱིར་བཏང་བ་དང༌། དམིགས་ཀྱི་བསལ་བའོ། །དང་པོ་ནི། ལྟུང་བ་སྡེ་ལྔའི་སྐབས་སུ་ཡུལ་ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་ཆོས་ཅན། འདུ་ཤེས་ཀྱི་ཡན་ལག་མ་ཚང་བ་མ་ཡིན་ཏེ། བསམ་པའི་ཡན་ལག་དང་བཅས་པ་ཡིན་པའི་ཕྱིར། དཔེར་ན་གཞི་དེ་མི་ཡིན་མིན་ཐེ་ཚོམ་ཟ་བཞིན་དུ་གང་ཡིན་ཡང་བསད་པར་བྱའོ་སྙམ་དུ། རྟེན་ངེས་པར་བཟུང་བའི་སྒོ་ནས་བསད་ན། གཞི་དེ་མི་ཡིན་ན་ཕམ་པ། དུད་འགྲོ་ཡིན་ན་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །མདོ་འདི་ནི་དངོས་གཞི་ལ་དོགས་པ་བཅད་པ་ཡིན་ཏེ། ཐེ་ཚོམ་ཙམ་གྱི་སྒོ་ནས་དོན་ཤེས་མཐུན་ན་ཡང༌། གཞི་ཇི་ལྟ་བའི་ལྟུང་བ་འབྱུང་བར་བསྟན་པའི་ཕྱིར། གཉིས་པ་ནི། འོ་ན་སྦྱོར་བ་ལ་ཡང་དོན་ཤེས་མཐུན་པ་དགོས་སམ་སྙམ་ན། སྦྱོར་བའི་ལྟུང་བ་ལ་ནི་ཆོས་ཅན། དེ་དགོས་པ་མ་ཡིན་ཏེ། འདུ་ཤེས་རྐྱང་པ་ཁྱོད་ཀྱི་ཡན་ལག་ཡིན་པའི་ཕྱིར། དཔེར་ན། ཤིང་སྐམ་པོ་ལ་མིར་འདུ་ཤེས་ཏེ་བསོད་པའི་བསམ་པས་མཚོན་བསྣུན་ན། སྦྱོར་བ་ལ་མི་གསོད་པའི་སྦོམ་པོ་འབྱུང་བ་ལྟ་བུའོ། །ཐེ་ཚོམ་ཟ་བས་ཞུགས་པ་ནི་ཅེས་པ་ལ་འཕྲོས་ནས། དོན་ལ་མིར་གནས་པ་ལ། མིར་འདུ་ཤེས་ཏེ་བསད་པ་ཙམ་གྱིས་དོན་ཤེས་མཐུན་པ་འབྱུང་བའི་ཁྱབ་པ་ཡོད་དམ་ཞེ་ན། གང་ཞིག་ལྷ་བྱིན་ལྟ་བུ་གཞི་ངེས་པ་ཅན་གསོད་པར་བསམ་པ་ལ་ནི་ཆོས་ཅན། འདུ་ཤེས་སྤྱི་མ་འཁྲུལ་བ་ཙམ་གྱིས་ཆོག་པ་མིན་ཏེ། ལྷ་བྱིན་དེ་ཉིད་བསད་པའི་སྒོ་ནས། འདུ་ཤེས་བྱེ་བྲག་ཏུ་མ་འཁྲུལ་བ་གཅིག་ཀྱང་དགོས་པའི་ཕྱིར། དཔེར་ན། ལྷ་བྱིན་གསོད་པར་བསམ་པ་ལས། མཆོད་སྦྱིན་བསད་ན་སྦྱོར་བ་ལ་སྦོམ་པོ་དང༌། དངོས་གཞི་ལ་ལྟུང་མེད་ཡིན་པ་ལྟ་བུའོ། །འོ་ན། བསམས་པ་ལ་ནི་དེ་ཉིད་དོ་ཞེས་པ་དེ་ཡང་དེར་ངེས་སམ་ཞེ་ན། མི་ཚངས་པར་སྤྱོད་པ་དང༌། ཁུ་བ་འབྱིན་པ་གཉིས་ལ་ནི་ཆོས་ཅན། གང་བསམས་པ་དེ་ཉིད་ཡན་ལག་ཡིན་པར་མ་ཟད་དེ། མ་བསམས་པ་ཡང་ཡན་ལག་ཡིན་པའི་ཕྱིར། དེ་བཞིན་དུ་མི་བདེན་པ་རྫུན་དུ་སྨྲ་བའི་ཕམ་པ་ལ་ནི་ཆོས་ཅན། ཉན་པ་པོ་ཡང་གང་བསམས་པ་དེ་ཉིད་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། མ་བསམས་པའི་ཉན་པ་པོ་གཞན་གྱིས་ཀྱང་ཁྱོད་ཀྱི་ཡན་ལག་ཏུ་རུང་བའི་ཕྱིར།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*