༅། །ན་མོ་བི་རཱུ་པཱ་ཡ། ཨ་ལ་ལ་སྟེ་ལྷན་སྐྱེས་སྤྲོས་བྲལ་ལས། །འདི་འདྲའི་རབ་བརྗིད་དཔལ་འབར་བསམ་ལས་འདས། །གང་དེ་རྗེ་བཙུན་བི་རཱུ་པ་ཞེས་པ། །བདག་གི་དཔལ་དུ་གྱུར་པ་ཨེ་མ་ཧོཿ །ཁྱོད་ཀྱི་གཟི་ཡིས་རྟོག་པ་ཀུན་བྲལ་ཏེ། །སྒོ་གསུམ་རླུང་རྣམས་དགའ་བ་བཞི་རྒྱས་ནས། །ཟ་ཟི་ལས་ཀྱང་བདེ་སྟོང་གྱུར་ནས་ནི། །སངས་ནས་རྗེས་དྲན་ཅུང་ཟད་བསྟོད་པར་བགྱི། །བདེ་ལེགས་ཕུན་ཚོགས་དོན་གཉིས་འབྱོར་བའི་དཔལ། །མཁྱེན་དང་བརྩེ་བས་སྐལ་ལྡན་གདུལ་བྱ་ལ། །ལམ་མཆོག་བསྟན་ནས་མྱང་འདས་ལ་འགོད་པ། །མི་གཡོའི་མཆོག་ཏུ་རོལ་ལ་མགོས་ཕྱག་འཚལ། །གང་ཞིག་འཇིག་རྟེན་འདི་ན་རྒྱལ་རིགས་ལས། །རབ་བྱུང་རིག་པའི་གནས་ལྔ་མཐར་ཕྱིན་ཏེ། །གནས་རིག་དགེ་འདུན་བྱེ་བས་ལེགས་བསྟེན་པ། །གནས་བརྟན་ཆོས་སྐྱོང་གྲགས་ལ་མགོས་ཕྱག་འཚལ། །བསླབ་གསུམ་དོན་ལྡན་ཤིང་རྟ་ཆེན་པོའི་གཞུང་། །སྨྲ་བའི་དབང་ཕྱུག་རྒོལ་བས་མི་བརྫི་བ། །བསྟན་པའི་སྲོག་ཤིང་ཐམས་ཅད་མཁྱེན་གཉིས་པར། །ས་སྟེང་རྩོད་པ་མེད་ལ་མགོས་ཕྱག་འཚལ། །ཀུན་ནས་འདུས་པའི་ཚོགས་ལ་ཉིན་བཞིན་དུ། །ཐེག་རིམ་ཆོས་ཀྱི་བདུད་རྩིས་ཚིམ་མཛད་ནས། །མཚན་མོ་གསང་སྤྱོད་བསྒྲུབས་པས་རྣམ་གྲོལ་ཏེ། །བདག་མེད་ཀྱིས་བཟུང་ས་དྲུག་གྱུར་ལ་འདུད། །བརྟུལ་ཞུགས་སྤྱོད་པས་འགྲོ་རྣམས་དྲང་བའི་ཕྱིར། །དགེ་འདུན་གནས་ནས་དམན་པའི་སྤྱོད་པ་ཡིས། །གྲོང་གཞུང་ཀུན་ཏུ་རྒྱུ་བས་འཇིག་རྟེན་དུ། །ཀུན་གྱིས་བིརྺར་གྲགས་ལ་མགོས་ཕྱག་འཚལ། །གངྒཱ་བཟློག་ཅིང་མ་རུངས་རྒྱལ་པོ་བཏུལ། །ཉི་མ་བཟུང་ནས་ཡུལ་ཁམས་མྱོས་བྱེད་གསོལ། །མྱོས་མིན་ལིངྒ་རབ་བཀས་གཏུམ་མོ་བཏུལ། །མཐུ་སྟོབས་དབང་ཕྱུག་གྲགས་ལ་མགོས་ཕྱག་འཚལ། །དེ་ལྟར་དཔག་ཡས་ནུས་བསྟན་དེ་ཡི་མཐར། །སཽ་རཥྚར་ཀཱརྟི་ཀ་བཏུལ་ཏེ། །དམིགས་མེད་ཐུགས་རྗེས་མཁའ་དབྱིངས་ཀུན་ཁྱབ་པའི། །ཟུང་འཇུག་བདེ་ཆེན་རོལ་ལ་མགོས་ཕྱག་འཚལ། །ཆོས་རྣམས་བདེ་སྟོང་ཤིན་ཏུ་རྣམ་དག་པའི། །དེ་ཉིད་ཁོ་ན་མྱུར་དུ་རྟོགས་བྱེད་ཐབས། །སྙན་བརྒྱུད་བཞི་ཡི་ཟབ་མོའི་ལམ་བསྟན་ནས། །སྐལ་ལྡན་སྨིན་གྲོལ་མཛད་ལ་མགོས་ཕྱག་འཚལ། །ཨེ་མ་བདག་ཡིད་དག་པའི་དབྱིངས། །རྣམ་གྲོལ་གོ་འཕང་མ་ཐོབ་བར། །རྗེ་བཙུན་ཁྱོད་ཉིད་མངོན་སུམ་དུ། །འདི་ལྟར་ཡང་ཡང་གཟུང་དུ་གསོལ། །དེ་ལྟར་ཁྱེད་ཀྱི་ཐུགས་རྗེ་ཡི། །ཤུགས་ལས་བྱུང་བ་དེ་དག་གིས། །བདུད་རྩིའི་རྒྱུན་ཡང་སྤེལ་བགྱིད་ནས། །དོན་ཡང་ཕུན་ཚོགས་མཛད་དུ་གསོལ། །རྗེས་སུ་སློབ་པ་གང་རྣམས་ཀྱང་། །རིམ་པ་གཉིས་དང་མི་འབྲལ་ཞིང་། །ལམ་གྱི་གེགས་དང་མི་ལྡན་པར། །བསྟན་ལ་ཕན་པར་མཛད་དུ་གསོལ། །ཀུན་ནས་དག་པའི་སྒོ་གསུམ་རླུང་། །དགའ་བ་བཞི་ཡིས་རབ་རྒྱས་ཏེ། །སྙིང་པོ་འགྲོས་བཞི་ཐིམ་གྱུར་ནས། །རྡོ་རྗེ་འཛིན་དབང་ཐོབ་པར་ཤོག །ཉེ་བར་བསྟེན་པའི་གནས་འདི་ཡང་། །གྲགས་པས་ས་དང་མཁའ་ཁྱབ་ནས། །ཟླ་བ་ཀུ་མུད་ལྟར་སྐྱ་བའི། །དགེ་བའི་དཔལ་གྱིས་རོལ་པར་མཛོད། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད། ས་དཀར་པོ་རྒྱབ་ཡོལ་གྱི་ཚུལ་འབལ་གྲོག་ནས་མོན་གྲོག་གི་བར་སྐྱིལ་ཀྲུང་གིས་ཁེབས་པར་མཛད། ཆོས་འཆད་ཀྱི་ཕྱག་རྒྱ་ཅན། གཡས་སུ་ནག་པོ་པ། གཡོན་དུ་ག་ཡ་དྷ་ར། རྒྱབ་ཏུ་ཀོ་ཀ་ལི་པ། མདུན་དུ་བི་ན་ས་དང་བཅས་ཏེ་མངོན་སུམ་དུ་ཞལ་གཟིགས། འདི་ཉིད་ཀྱི་དབང་བཞིའི་བྱིན་རླབས། ལམ་སྦས་བཤད། རྡོ་རྗེ་རྣམ་འཇོམས་ཀྱི་དབང་། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་ལུང་། ལམ་འབྲས་བུ་དང་བཅས་པའི་མན་ངག གྲུབ་ཆེན་བཅུ། ཕྲ་མོ་བརྒྱད་དང་བཅས་པ་རྣམས་གསུངས་པའི་དུས། ས་ཆེན་གྱིས་བསྟོད་པ་ཚིག་ཉམས་ཀྱི་ཤུགས་ལས་བྱུང་བ་ས་མཱཔྟ་མི་ཐི།། །།དཔལ་ལྡན་ཁྱོད་ཀྱི་ཡོན་ཏན་དྲན། །བདག་ཅག་དད་པའི་བ་སྤུ་གཡོ། །ཡང་ཡང་བསྟོད་པའི་ཚིག་འདི་བརྗོད། །ལམ་གྱི་བར་གཅོད་བསལ་དུ་གསོལ།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.