ཚད་མ་རིགས་པའི་རྣམ་བཤད་སྡེ་བདུན་ངག་གི་རོལ་མཚོ། ང ༽

རིག་སྒྲ་རྟག་པར་སྒྲུབ་པ་ལ། རྩོལ་བྱུང་རྟགས་སུ་བཀོད་པ་མི་འཐད་དེ། རྩོལ་བྱུང་ཉན་ཤེས་དེ་སྒྲ་རྟག་པའི་འབྲས་བུ་ཡིན་པའི་ཕྱིར། ཞེ་ན། དེ་ཆོས་ཅན། རང་རྒྱུ་སྒྲ་མི་རྟག་པའི་འབྲས་བུ་ཡིན་ཏེ། སྒྲའི་རྐྱེན་བཙལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རྟག་པ་ལ་འགྱུར་བ་མེད་པའི་ཕྱིར་ན། འབྲས་བུ་སྐྱེད་པ་འགལ་རྐྱེན་གྱི་གེགས་ཡོད་མེད་དང༌། མཐུན་རྐྱེན་ཚང་མ་ཚང་ལ་ལྟོས་པར་འགལ་བའི་ཕྱིར། འོ་ན། བུམ་པས་བུམ་འཛིན་གྱི་ཤེས་པ་སྐྱེད་པ་འགལ་རྐྱེན་ཡོད་མེད་དང༌། མཐུན་རྐྱེན་ཚང་མ་ཚང་ལ་མི་ལྟོས་པར་མཚུངས་སོ། །ཞེ་ན། འདི་མི་མཚུངས་ཏེ། མི་རྟག་པ་ནི་འགྱུར་བའི་ཕྱིར་ན། རྐྱེན་ཚང་མ་ཚང་ལས་འབྲས་བུ་ལ་ཕན་མི་ཕན་གྱི་ཁྱད་པར་ཡོད་ལ། དེ་འདྲ་འགྱུར་མེད་ལ་མི་འཐད་པའི་ཕྱིར། གཉིས་པ་སྦྱོར་བའི་སྒོ་ནས་དབྱེ་བ་ནི། སྦྱོར་བའི་སྒོ་ནས་མི་དམིགས་པའི་རྟགས་ཡང་དག་གསུམ་པར་འབྱེད་པ་དེའི་ཚེ་ན་ནི། དེ་ཟློག་པའི་འགལ་བའང་གསུམ་དུ་འབྱེད་དགོས་པར་འགྱུར་ཏེ། གཉིས་པོའི་དབྱེ་བ་འབྱེད་ཚུལ་མཚུངས་པའི་ཕྱིར། གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ལ། དགག གཞག སྤང་གསུམ་ལས། དང་པོ་ནི། རྟོག་གེ་པ་འགའ་ཞིག ཆོས་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་འགོག་པའི་དབྱེ་བས། འགལ་བའི་གཏན་ཚིགས་རྣམ་པ་བཞི་ཟེར་རོ། །དེ་ལྟར་དབྱེ་བ་དེ་རིགས་ཀྱི་དབྱེ་བར་འཆད་པ་མི་འཐད་དེ། བཞི་ཀ་ཡང་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་བྱ་འགོག་པས། བཞི་ཀ་ཡང་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་སུ་གཅིག་པའི་ཕྱིར། གཉིས་པ་རང་ལུགས་ནི། འགལ་རྟགས་བཞི་པོ་སྦྱོར་བའི་དབྱེ་བས་ཐ་དད་དུ་བྱས་པ་མ་ཡིན་ཏེ། དངོས་སུ་འགལ་བ་བརྗོད་པ་དང༌། དངོས་སུ་བརྗོད་པའི་ཤུགས་ཀྱི་འགལ་བར་འགྱུར་བ་དང༌། ཆོས་དང་ཆོས་ཅན་གྱི་སྒོ་ནས་འགལ་བ་སོགས་བརྗོད་འདོད་ཀྱི་སྟོབས་ཀྱིས་ཕྱེ་བ་ཡིན་པའི་ཕྱིར། འདི་དག་གི་དོན་ནི། མིག་སོགས་ཆོས་ཅན་དུ་བཞག་ནས། འདུས་པ་མ་ཡིན་པའི་ཡུལ་ཅན་གྱི་དོན་བྱེད་པར་སྒྲུབ་པ་དང༌། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན་དུ་བཞག་ནས་གཞན་དོན་བྱེད་པར་སྒྲུབ་པ་གཉིས། ཞེ་འདོད་ཀྱི་བསྒྲུབ་བྱ་གཅིག་ཉིད་འགོག་པའི་ཕྱིར་ཐ་དད་པ་གཉིས་མ་ཡིན། ཞེས་དང༌། དངོས་པོར་གྱུར་པའི་ནམ་མཁའ་ཆོས་ཅན་དུ་བཟུང་ནས་རྟག་པར་སྒྲུབ་པ་དང༌། ནམ་མཁའ་ཆོས་ཅན་དུ་བཟུང་ནས་རྟག་དངོས་སུ་སྒྲུབ་པ་ལ། མ་བྱས་པ་རྟགས་སུ་བཀོད་པ་གཉིས་ཀ་ཡང༌། ཞེ་འདོད་ཀྱི་བསྒྲུབ་བྱ་ནམ་མཁའ་དངོས་པོ་ཡིན་པ་གཅིག་པུ་འགོག་པ་ལ་ལྟོས་པའི་འགལ་རྟགས་ཡིན་པའི་ཕྱིར་དབྱེ་བ་ཐ་དད་པ་མ་ཡིན་ནོ། །ཞེས་དང༌། བརྗོད་འདོད་ཙམ་གྱིས་འབྱེད་ན། བཞི་པོ་དེར་མ་ཟད། དངོས་སུ་འགལ་བ་བརྗོད་པ་མི་རྟག་པའི་སྒྲ་རྟག་པར་སྒྲུབ་པ་དང༌། ཤུགས་ལ་འགལ་བ་བརྗོད་པ་རྟག་པ་བྱེད་པ་པོར་སྒྲུབ་པ་ཡང་ཡོད། ཅེས་བྱ་བའི་དོན་ཏོ། །གསུམ་པ་ནི། འོ་ན་རྟགས་ཡང་དག་ལ་ཡང༌། ཆོས་ཅན་གྱི་ངོ་བོ་སྒྲུབ་པ་སོགས་བཞིར་འབྱེད་པར་མཚུངས་སོ། །ཞེ་ན། མཚུངས་མོད། བཏང་སྙོམས་སུ་མཛད་དེ། བྱེད་པ་ཆུང་བའི་ཕྱིར་རོ། །གསུམ་པ་དབྱེ་བ་གཞན་དུ་འདོད་པ་དགག་པ་ནི། འགལ་རྟགས་ཀྱི་དབྱེ་བ་འཆད་པའི་སྐབས་འདིར། ཆོས་ཅན་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་བ་སོགས་ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་ཁྱད་པར་འགོག་པ་གཉིས་སུ་མ་འདུས་པའི་འགལ་བ་གསུམ་པ་མི་བཞེད་དེ། ཞེ་འདོད་དང་ནི་སྨྲས་པ་གཉིས་བསྒྲུབ་བྱ་ཉིད་དུ་མཚུངས་པའི་ཕྱིར་རོ། །གསུམ་པ་དེ་དག་གི་ངེས་པ་ལ་གཉིས་ཏེ། མཐའ་གཞན་འགོག་པའི་ངེས་པ་དང༌། དེ་དག་གི་ནུས་པ་བསམ་པའོ། །དང་པོ་ནི། རྟགས་སུ་བཀོད་པ་ཐམས་ཅད་ཡང་དག་གཅིག་དང༌། ལྟར་སྣང་གསུམ་སྟེ་བཞི་རུ་ངེས་ཏེ། རྟགས་སུ་བཀོད་དོ་ཅོག་ལ་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་གྲུབ་མ་གྲུབ་གཉིས། གྲུབ་པ་ལ་བསྒྲུབ་བྱ་སྒྲུབ་པར་ངེས་པ། འགོག་པར་ངེས་པ། གཉིས་ཀར་མ་ངེས་པ་དང་གསུམ་དུ་གྲངས་ངེས་སོ། །ཞེས་མཐའ་གཞན་འགོག་པའི་ངེས་པ་ཡིས་དེ་ལྟར་ངེས་པའི་ཕྱིར་རོ། །གཉིས་པ་ནི། རྟགས་སུ་བཀོད་པ་བཞི་པོ་ལ། ནུས་པ་དེ་ཡང་རྣམ་པ་བཞི་ཡོད་དེ། ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉི་དང༌། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་པས་སོ། །གཉིས་པ་དེས་རྟོགས་པའི་བསྒྲུབ་བྱ་ལ་གསུམ་སྟེ། མཚན་ཉིད། མཚན་གཞི། ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ཀྱི་རྣམ་བཅད་ལ་ལྟོས་ཏེ་ལྔར་བསྟན་པ། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་སྒྲུབ་པ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཚད་མའི་མདོ་ལས། བསྒྲུབ་བྱའི་མཚན་ཉིད་ཟུར་ལྔ་ལྡན་དུ་གསུངས་ཏེ། ཇི་སྐད་དུ། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པོ་འདི་བསྡུ་ན། རིགས་མི་མཐུན་སེལ་བྱེད་དང༌། ལོག་རྟོག་སེལ་བྱེད་གཉིས་སུ་འདུས་ཏེ། ཕྱོགས་ཀྱི་སྐྱོན་ལ་བསལ་བྱ་རིགས་མི་མཐུན་དང༌། ལོག་རྟོག་གཉིས་སུ་ངེས་པའི་ཕྱིར། རིགས་མི་མཐུན་ལའང་གཉིས་ཏེ། ཕྱོགས་སུ་མ་བཟུང་བ་དང༌། བཟུང་ཡང་ཉེས་པ་དང་བཅས་པའོ། །དང་པོ་ནི། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་སྟེ། དེ་ནི་འདོད་པ་ཞེས་པའི་ཚིག་གིས་བསལ་བའོ། །གཉིས་པ་ལ་གཉིས་ཏེ། སྒྲུབ་མི་དགོས་པ་དང༌། མི་ནུས་པའོ། །དང་པོ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པ་སྟེ། དེ་ནི་ངོ་བོ་ཞེས་པའི་ཚིག་གིས་བསལ་ལོ། །གཉིས་པ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་བ་ཞུགས་པ་སྟེ། དེ་ནི་མ་བསལ་བ་ཞེས་པའི་ཚིག་གིས་བསལ་ལ། གཉིས་པ་ལོག་རྟོག་ལ། གང་ལ་སྐྱེ་བའི་གཞི་ནི། ཟུར་སྔ་མ་གསུམ་པོ་དེས་གྲུབ་བསལ་མེད་ཅིང༌། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཞིག་བསྒྲུབ་བྱར་བསྟན་པ་དེ་ལའོ། །སྐྱེ་བའི་རྒྱུ་མཚན་ནི། བསྟན་བྱ་བ་ཞེས་པ། ཁྱད་གཞིར་ཚིག་ཟིན་ལ་འབྲེལ་འཇུག་པའོ། །ཇི་ལྟར་སྐྱེ་བའི་ཚུལ་ནི། ད་ལྟ་གྲུབ་བསལ་མེད་ཅིང༌། མ་འོངས་པ་ན་དཔག་འདོད་ཀྱི་ཡུལ་དུ་བྱས་པ། ད་ལྟ་སྒྲུབ་བྱེད་དུ་བཀོད་བཞིན་པར་གྱུར་པའི་དཔེ་དང་གཏན་ཚིགས་མ་གྲུབ་པའང་བསྒྲུབ་བྱར་འགྱུར་ཏེ། མཚན་ཉིད་ཀྱི་ཟུར་གསུམ་པོ་དེ་ཚང་བའི་ཕྱིར་སྙམ་པ་དང༌། ཡང༌། སྒྲ་མི་རྟག་པ་བསྒྲུབ་བྱར་བྱེད་མཁན་གྱི་རྒོལ་བ་བྱེ་བྲག་པ་ལྟ་བུས། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལྟ་བུ་ཡང་བསྒྲུབ་བྱར་བྱེད་དགོས་ཏེ། དེ་ཡང་གྲུབ་བསལ་མེད་ཅིང༌། རང་ཉིད་ཀྱིས་ཁས་བླངས་པའི་བསྟན་བཅོས་དེའི་མཁན་པོས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཕྱིར། སྙམ་པའོ། །དོགས་པ་དེ་གཉིས་སེལ་བ་ལ། ཁོ་ན་བ་ཞེས་དང༌། རང་ཉིད་ཅེས་པའི་ཚིག་གཉིས་གསུངས་སོ། །དེ་ལྟ་ན་ཡང༌། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་དང༌། ལུང་དོན་བསྒྲུབ་བྱ་ཡིན་པ་གཉིས་ནི། ཟུར་གཞན་གསུམ་གྱིས་མ་བསལ་བ་མ་ཡིན་ཏེ། རིགས་མི་མཐུན་མཐའ་དག་དེས་བསལ་ཟིན་པའི་ཕྱིར། ཇི་སྐད་དུ། གཞན་འདོད་ཐམས་ཅད་ཟློག་ན་ཡང༌། །ཞེས་དང༌། རང་ཉིད་འདོད་པ་བརྗོད་པ་ཡིས། །ངེས་བཟུང་དོན་ནི་རྟོགས་ན་ཡང༌། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་ཉིད་ཕྱོགས་ཀྱི་མཚན་ཉིད་ཡིན་ཏེ། རིགས་པའི་སྒོར། ཇི་སྐད་དུ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཕྱོགས་ཡིན། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཕྱོགས་ཡང་དག་གི་མཚན་ཉིད་བཤད་མ་ཐག་པ་འདི་དག་ལ་ཆོས་ཅན། བོད་སྔ་མ་ཁ་ཅིག གློ་བུར་བའི་བསྒྲུབ་བྱ་ལ་མ་ཁྱབ་སྟེ། ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་པའི་རྩོད་པས་མི་གནོད་དེ། སྒྲུབ་བྱེད་གློ་བུར་བ་ཡིན་པས། བསྒྲུབ་བྱའང་གློ་བུར་དུ་ཁས་བླངས་པར་འཇོག་པའི་ཕྱིར། ཡང་ཁ་ཅིག སྐབས་སུ་མ་བབ་པའི་དམ་བཅའ་འཇོག་པ་ལ་ཁྱབ་ཆེས་ཏེ། དེ་ལ་བསྒྲུབ་བྱའི་མཚན་ཉིད་དེ་ཚང་བའི་ཕྱིར། འདོད་ན། ཚར་བཅད་ཀྱི་གནས་སུ་བཤད་པ་དང་འགལ་ལོ། །ཞེས་པའི་ཉེས་པས་མི་གནོད་དེ། བསྒྲུབ་བྱའི་མཚན་ཉིད་ཚང་ཡང༌། ཆ་གཞན་གྱི་སྒོ་ནས་ཚར་བཅད་ཀྱི་གནས་སུ་འགྱུར་སྲིད་པའི་ཕྱིར། དཔེར་ན། སྒྲ་མི་རྟག་པ་བསྒྲུབ་བྱར་སོང་བའི་རྒོལ་བ་དེའི་ངོར། སྒྲ་རྟག་པ་ཡང་བསྒྲུབ་བྱར་འགྱུར་མོད། དེ་ལ་སྒྲུབ་བྱེད་བཀོད་ན། རྒོལ་བ་ཚར་བཅད་ཀྱི་གནས་སུ་འགྱུར་བ་བཞིན་ནོ། །ཡང༌། བསྒྲུབ་བྱར་འཇོག་པ་ལ། ཁས་བླངས་པ་དགོས་ན། རྟགས་ལའང་ཁས་བླངས་པ་དགོས་སོ། །ཞེ་ན། རྩོད་པ་དེ་མི་མཚུངས་ཏེ། ཚུལ་གསུམ་གྲུབ་ན། ཁས་མ་བླངས་ཀྱང་རྟགས་ཡང་དག་ཏུ་འགྱུར་ལ། དེ་མ་གྲུབ་ན། ཁས་བླངས་པས་མི་ཕན་པའི་ཕྱིར། འདིར་བོད་ཕྱི་མ་ཞིབ་ཏུ་རེ་བ་གཞན་དག བསྒྲུབ་བྱ་ལ་ཡང་དག་དང༌། ལྟར་སྣང་སོ་སོར་ཕྱེ་ནས། ཡང་དག་ལའང༌། རང་དོན་དང༌། གཞན་དོན་གྱི་སྐབས་སོ་སོར་ཕྱེ་ནས། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ། གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དོ། །ཞེས་ཟེར་བ་ནི་མ་གོ་བ་ཡིན་ཏེ། བསྒྲུབ་བྱ་ལ། ཡང་དག་དང༌། ལྟར་སྣང་གཉིས་སུ་འབྱེད་པ་གཞུང་ན་མེད་པའི་ཕྱིར་དང༌། རང་དོན་སྐབས་ཀྱི་བསྒྲུབ་བྱ་ལ། ངོ་བོའི་དོན་སོགས་ཆོས་ལྔ་མ་ཚང་ན། གཞུང་དུ་དེའི་མཚན་ཉིད་མ་བསྟན་པར་ཐལ་བ་དང༌། བྱེ་བྲག་ཏུ་བསྟན་བཅོས་འདིའི་རྩ་འགྲེལ་དང་འགལ་བའི་ཕྱིར། གསུམ་པ་མཚན་གཞི་ལ་གསུམ་ལས། དང་པོ་ནི། ལོ་ཙྪ་བ་ཆེན་པོ་སོགས། བསྒྲུབ་བྱའི་མཚན་གཞི། ཚོགས་དོན་དངོས་པོ་བའམ། བཏགས་པ་བ་གཞན་སེལ་སོ་སོར་ཕྱེ་ནས་སྒྲུབ་པ་ཡིན་ནོ། །ཞེས་འཆད་པ་འཁྲུལ་ཏེ། རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་མི་རུང་ཞིང༌། སྒྲ་དོན་རྐྱང་པ་བསྒྲུབ་བྱར་བྱས་པས་དོན་རང་མཚན་མི་འཐོབ་པའི་ཕྱིར་རོ། །འདིར་གཞན་དག སྒྲ་རྟག་པ་དང༌། རྟག་དངོས་སོགས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་སྐབས་མི་སྲིད་དོ། །ཞེས་མགྲིན་གཅིག་ཏུ་སྨྲ་བ་ནི། བསྟན་བཅོས་འདིའི་རྗེས་སུ་འབྲང་བར་ཁས་འཆེ་བ་དག་ལ། འདི་ཉིད་ཀྱི་འགྲེལ་པ་དང་འགལ་ཏེ། ཇི་སྐད་དུ། ཡང་ཁ་ཅིག ཚོགས་དོན་དངོས་པོ་ལ་གནས་པ་ཡིན་གྱི། སྒྲ་རྟག་པ་ལ་སོགས་པ་བསྒྲུབ་བྱ་མ་ཡིན་ཏེ། ཚད་མས་བསལ་བ་འཇུག་སྲིད་པའི་ཕྱིར་དང༌། རྟགས་ཀྱི་ནུས་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེའོ། །འདི་ཡང་མི་འཐད་དེ། བསལ་བའི་དོན། དམ་བཅས་ཙམ་ཉིད་ན་བསལ་བ་དྲན་རུང་ལ་བརྗོད་པའི་ཕྱིར་དང༌། རྟགས་ཀྱི་ནུས་ཡུལ་མ་ཡིན་ན། གཙོ་བོ་ཡོད་པ་དང༌། བདག་གི་དོན་བྱེད་པ་དང༌། བུམ་པ་སྐྱེས་བུའི་གཉིས་བཅས་ལ་སོགས་པ་བསྒྲུབ་བྱར་མི་འགྱུར་བའི་ཕྱིར་དང༌། སློབ་དཔོན་གྱི་དགོངས་པའང་སྒྲ་དོན་ལ་དགག་སྒྲུབ་བྱེད་པར་གསུངས་པའི་ཕྱིར་རོ། །ཞེས་གསལ་བར་གསུངས་པས་སོ། །གཉིས་པ་རང་ལུགས་ནི། སྒྲའི་དོན་ལ་རང་མཚན་དུ་འཁྲུལ་བའི་སྒྲ་མི་རྟག་པ་ཙམ་ནི། བསྒྲུབ་བྱའི་མཚན་གཞི་ཡིན་ཏེ། འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་ལ་རང་མཚན་དང༌། སྒྲ་དོན་སོ་སོར་མ་ཕྱེ་བ་ལ་དགག་སྒྲུབ་བྱས་པས་འཇུག་ཡུལ་འཐོབ་པར་ནུས་པའི་ཕྱིར་རོ། །གསུམ་པ་ནི། བསྒྲུབ་བྱའི་མཚན་ཉིད་དང༌། མཚན་གཞིའི་འཇོག་ཚུལ་བཤད་མ་ཐག་པ་འདི་ལ་ཆོས་ཅན། དངོས་པོ་བསྒྲུབ་བྱར་མཚོན་པ་མི་འཐད་པའི་རྩོད་པ་དང༌། དངོས་མེད་བསྒྲུབ་བྱར་མཚོན་པ་མི་འཐད་པའི་རྩོད་པ་གཉིས་འཇུག་པའི་གོ་སྐབས་མེད་དེ། སྒྲ་མི་རྟག་པ་ལྟ་བུ་ཚད་མས་གྲུབ་ཟིན་ཀྱང༌། དེ་ལ་བསྒྲུབ་བྱའི་ཐ་སྙད་མ་ཐོགས་པའི་ངོར། དེ་བསྒྲུབ་བྱར་མཚོན་དགོས་པའི་ཕྱིར་དང༌། སྒྲ་དང་རྟག་པའི་ཚོགས་དོན་མི་སྲིད་ཀྱང༌། སྒྲ་རྟག་པའི་གཞན་སེལ་ཆོས་ཅན་དུ་བཟུང་ནས་བསྒྲུབ་བྱར་མཚོན་པ་མི་འགལ་བའི་ཕྱིར། གསུམ་པ་ཕྱོགས་ལ་གནོད་པའི་བསལ་བ་ངོས་བཟུང་བ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང༌། སོ་སོའི་རང་བཞིན་ནོ། །དང་པོ་ལ། བསལ་བའི་མཚན་ཉིད་ནི། ཕྱོགས་ཡང་དག་གི་ལོག་ཕྱོགས་སེལ་བྱེད་ཀྱི་ཚད་མ་བཞི་པོ་གང་རུང་དང་འགལ་བ་གྲུབ་པའོ། །གཉིས་པ་དབྱེ་བསྡུ་ནི། བསལ་བའི་དབྱེ་བ་ལྔ་པོ་ཚད་མ་ཀུན་ལས་བཏུས་པར་བཞི་རུ་བསྡུས་ཏེ་བཤད་པ་ཡིན་ནོ། །འོ་ན་རང་ཚིག་གི་བསལ་བ་དང༌། ཁས་བླངས་ཀྱི་བསལ་བ་གཉིས་ཡིད་ཆེས་ཀྱི་བསལ་བར་མཚུངས་པའི་རྒྱུ་མཚན་གྱིས་གཅིག་ཏུ་བསྡུས་པ་ཡིན་ན། རྗེས་དཔག་གི་བསལ་བ་གསུམ་པོའང་སེལ་བྱེད་རྗེས་དཔག་ཏུ་མཚུངས་པས། གཅིག་ཏུ་བསྡུད་པར་རིགས་སོ་ཞེ་ན། མི་མཚུངས་ཏེ། སེལ་བྱེད་རྗེས་དཔག་ལ་གནོད་ཡུལ་གྱི་སྒོ་ནས་མི་འདྲ་བའི་དབྱེ་བ་སོ་སོར་ཕྱེ་སྟེ། བསལ་བ་བཞི་རུ་གསུངས་པ་ཡིན་པས་སོ། །འོ་ན་སེལ་བྱེད་ཀྱི་ཚད་མ་བཞི་ཀ་ཡང༌། ལོག་ཕྱོགས་ལ་དངོས་པོ་སྟོབས་ཞུགས་ཀྱི་སྒོ་ནས་གནོད་བྱེད་ཡིན་པར་མཚུངས་སམ་ཞེ་ན། མངོན་སུམ་དང་དངོས་སྟོབས་རྗེས་དཔག་གཉིས་ནི། ལོག་ཕྱོགས་ལ་དངོས་པོའི་སྟོབས་ཀྱིས་གནོད་བྱེད་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཡིན་པའི་ཕྱིར། ཁས་བླངས་རྗེས་དཔག་དང༌། གྲགས་པའི་རྗེས་དཔག་གཉིས་ནི་དེ་མ་ཡིན་ཏེ། གཉིས་པོའི་རྟེན་གཏན་ཚིགས་ཀྱི་རྟགས་ཆོས་གཉིས་པོའི་འབྲེལ་པ་དེ་སྒྲོ་བཏགས་ཡིན་པའི་ཕྱིར་ན། རྗེས་དཔག་གི་ཁོངས་སུ་བསྡུ་བ་ཡིན་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ལ། ཡིད་ཆེས་རྗེས་དཔག་ཏུ་མ་འདུས་པའི་རྩོད་པ་དང༌། གྲགས་པ་རྗེས་དཔག་ཏུ་མ་འདུས་པའི་རྩོད་པ་དང༌། མངོན་སུམ་ལའང་གྲགས་ཡིད་ཀྱི་བསལ་བ་གཉིས་སུ་དབྱེ་བ་མཚུངས་པའི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ། ཁས་བླངས་སེལ་བྱེད་དུ་རུང་ན། མ་ཞེས་བརྗོད་པའི་ཚིག་དེ་མོ་གཤམ་ཡིན་པ་སེལ་བྱེད་དུ་འགྱུར་ལ། དེ་ལྟ་ན། གེགས་བྱེད་དུ་བཤད་པ་དང་འགལ་ཏེ། ཇི་སྐད་དུ། ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །དཔེར་ན་རང་གི་ཚིག་བཞིན་ཏེ། །ཞེས་བཤད་པ་དང་འགལ་ལོ། །ཞེ་ན། ཉེས་པ་མེད་དེ། དེ་ལྟར་བཤད་པ་དེ་ནི་གཞལ་བྱའི་གནས་དང་པོ་གཉིས་ཀྱི་དབང་དུ་བྱས་ལ། འདིར་ནི་གཞལ་བྱའི་གནས་གཉིས་ལ་དཔྱད་པས་རྣམ་པར་དག་ནས། ཤིན་ལྐོག་སྟོན་པའི་ལུང་དང་རང་ཚིག་རང་གི་ལོག་ཕྱོགས་ལ་གནོད་བྱེད་དུ་འཆད་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་གྱི་གྲགས་པས་ལོག་ཕྱོགས་སེལ་ནུས་ན། བདག་དང་གཙོ་བོ་རྟག་པ་སོགས་ཀྱང་འཇིག་རྟེན་ན་གྲགས་སོ། །ཞེ་ན། ཉེས་པ་མེད་དེ། འདིར་ནི་བརྗོད་རུང་ལ་གྲགས་པའི་མིང་གིས་བཏགས་ནས་སེལ་བྱེད་དུ་འཆད་པའི་ཕྱིར། གསུམ་པ་ནི། སེལ་བྱེད་རྗེས་དཔག་ལ་ཁས་བླངས་དང་གྲགས་པ་གཉིས་ཡོད་པ་བཞིན་དུ། མངོན་སུམ་ལའང་ཁས་བླངས་དང་གྲགས་པ་གཉིས་སུ་ཕྱེ་ནས། ཡིད་ཆེས་ཀྱི་བསལ་བ་དང༌། གྲགས་པའི་བསལ་བ་གཉིས་པོའི་དབྱེ་བ་འཇུག་གོ །ཞེ་ན། མི་མཚུངས་ཏེ། སེལ་བྱེད་ཁས་བླངས་ནི་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་ལས་གཞན་མ་ཡིན་ལ། བརྗོད་རུང་གི་གྲགས་པ་ནི་མངོན་སུམ་གྱིས་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་སོ་སོའི་རང་བཞིན་ལ་བཞི་ལས། དང་པོ་མངོན་སུམ་གྱི་བསལ་བའི་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་རང་གི་ཞེན་དོན་མྱོང་བ་དང་འགལ་བ་ཡིན་ནོ། །མཚན་གཞི་ནི། སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །སྒྲ་སྒྲ་མ་ཡིན་པ་ནི་དེའི་བསལ་བ་མ་ཡིན་ཏེ། དེ་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སེལ་དགོས་པའི་ཕྱིར་རོ། །གཉིས་པ་རྗེས་དཔག་གི་བསལ་བ་ལ། མཚན་ཉིད་ནི། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་རྗེས་དཔག་དང༌། རང་གི་ཞེན་དོན་དམ་བཅས་ཙམ་ཉིད་ན་འགལ་བ་གྲུབ་པའོ། །འདི་ལ་རྟགས་ཀྱི་བསལ་བ་ཞེས་ཀྱང་བྱའོ། །མཚན་གཞི་ནི། སྒྲ་རྟག་པར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །འདིར་སེལ་བྱེད་དངོས་ནི་ཚད་མ་དེ་ཉིད་ཡིན་ལ། བསལ་བྱ་ནི། དེའི་ལོག་ཕྱོགས་སུ་གྱུར་པའི་སྒྲོ་འདོགས་དེའི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ཉིད་དོ། །འོ་ན། ཇི་སྐད་དུ། མངོན་སུམ་སོགས་ཀྱི་གཞལ་བྱ་ལའང༌། །འཇལ་བྱེད་སྒྲས་སྒྲོ་བཏགས་ནས་བརྗོད། །ཅེས་སེལ་བྱེད་མཚན་ཉིད་པ་ཡུལ་དང༌། ཡུལ་ཅན་ཚད་མ་ནི་སེལ་བྱེད་བཏགས་པ་བར་བཤད་པ་མ་ཡིན་ནམ། ཞེ་ན། ལུང་དེའི་དོན། ལྷ་ཤཱཀ་གིས་དེ་ལྟར་བཤད་ཀྱང༌། ནོར་བ་ཡིན་ཏེ། ལུང་དེའི་དོན་ནི། སེལ་བྱེད་ཚད་མ་བཞིའི་ཡུལ་ལ། ཡུལ་ཅན་ཚད་མའི་མིང་གིས་བཏགས་ནས། ཚད་མས་བསལ་བ་ལ་ཡུལ་གྱིས་བསལ་བའི་མིང་གིས་འདོགས་པར་བསྟན་པ་ཡིན་ནོ། །ཞེས་སློབ་དཔོན་ཆོས་མཆོག་གིས་བཤད་པ་ལྟར། དེ་ཉིད་གོང་གི་འཕྲོས་དང་མཐུན་པའི་ཕྱིར་དང༌། རིགས་པ་ཡང༌། སྒྲ་རྟག་པ་མ་ཡིན་པ་ནི་ཚད་མས་དེར་མ་དམིགས་ཤིང༌། ལོག་ཕྱོགས་དམིགས་པའི་རྒྱུ་མཚན་ལས་ཡིན་གྱི། མི་རྟག་པ་དེ་རྟག་པ་ལས་གནོད་བྱེད་དུ་སོང་བའི་རྒྱུ་མཚན་ལས་མ་ཡིན་ཏེ། ཡིན་ན་མི་རྟག་པ་དེ་སྒྲ་རྟག་པ་འགོག་པ་ལ་འགལ་དམིགས་ཀྱི་གཏན་ཚིགས་སུ་ཐལ་བའི་ཕྱིར་རོ། །གསུམ་པ་ཡིད་ཆེས་ཀྱི་བསལ་བ་བཤད་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། དེ་དག་གི་དོན་གཏན་ལ་ཕབ་པའོ། །དང་པོ་ནི། དམ་བཅས་ཙམ་ཉིད་ནས་རང་གི་ཞེན་དོན་ཡིད་ཆེས་པའི་ཚིག་དང་འགལ་བ་གྲུབ་པའོ། །དེ་ལ་ཁས་བླངས་ཀྱི་བསལ་བ་ཞེས་ཀྱང་བྱ་སྟེ། ཁས་བླངས་རྗེས་དཔག་གི་བསལ་བ་ཡིན་པའི་ཕྱིར་རོ། །དབྱེ་བ་ནི། དེ་ལ་དབྱེ་ན། རིགས་སྒོ་ལས། ཁས་བླངས་ཀྱི་བསལ་བ་དང༌། རང་ཚིག་གི་བསལ་བ་གཉིས་སུ་གསུངས་ལ། མཚན་གཞི་ཡང་ཐ་དད་དུ་བཤད་དོ། །གསུམ་པ་ལ་གསུམ་སྟེ། ལུང་དང་རང་ཚིག་གི་ཁྱད་པར། དེ་འགལ་ན་དམ་བཅའ་འཇིག་པ། དེས་ན་གཞན་དོན་ལ་སྒྲ་སྐྱོན་དུ་འགྱུར་བའོ། །དང་པོ་ནི། རྟོག་གེ་སྔ་རབས་པ་གཞན་དག་གཉིས་པོའི་མཚན་གཞི། ཡིད་ཆེས་པའི་ལུང་དང༌། རྒོལ་བ་རང་གི་ཚིག་ཡིན་ནོ། །ཞེས་ཟེར། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། ངག་གི་དབྱེ་བར་བཞེད་པ་ཡིན་ཏེ། ངག་དེའི་དངོས་བསྟན་གྱི་དོན་སྔ་ཕྱི་འགལ་ན་ཁས་བླངས་འགལ་བ་དང༌། དངོས་ཤུགས་འགལ་ན་རང་ཚིག་འགལ་ཞེས་འཇོག་པའི་ཕྱིར། མཚན་གཞི་ནི། ཁོ་བོའི་མ་མོ་གཤམ་མོ། །ཞེས་དང༌། རྗེས་དཔག་ཚད་མ་མ་ཡིན་ནོ། །ཞེས་བརྗོད་པ་ལྟ་བུའོ། །དེ་གཉིས་ཀ་ཡང༌། གཞལ་བྱའི་གནས་དང་པོ་གཉིས་ཀྱི་སྐབས་སུ་ནི་གགས་བྱེད་ཙམ་ཡིན་གྱི། གནོད་བྱེད་མ་ཡིན་ཏེ། མ་ཡིན་ནོ། །ཞེས་པའི་ཚིག་དེས་མོ་གཤམ་ཡིན་པ་ལ་གནོད་ན། ཚིག་དེས་མ་ཡིན་པ་དེ་གྲུབ་པར་འགྱུར་ལ། དེ་ལྟ་ན་མངོན་སུམ་གྱིས་གྲུབ་པའི་དོན་ལ་གཏན་ཚིགས་འཇུག་པར་འགྱུར་རོ། །དེ་བཞིན་དུ་རྗེས་དཔག་ཚད་མ་མ་ཡིན་ཞེས་བརྗོད་པའི་ཚིག་དེས། རྗེས་དཔག་ཚད་མ་ཡིན་པ་ལ་གནོད་ན། དེས་དེ་མ་ཡིན་པར་གྲུབ་པར་འགྱུར་ལ། དེ་ལྟ་ན། དངོས་སྟོབས་ཡུལ་ལ་ཕྱོགས་ཚིག་སྒྲུབ་བྱེད་དུ་ཐལ་བར་འགྱུར་རོ། །ཚད་མ་ཀུན་ལས་བཏུས་སུ་ནི། ལུང་དང་རང་ཚིག་དང་འགལ་བ་གཉིས་ཀ་ཡང༌། དཔེ་གཅིག་གིས་བསྟན་པ་ཡིན་ཏེ། དཔེ་གཅིག་གི་སྟེང་དུ་གཏན་ལ་ཕབ་ཏུ་རུང་བ་ལྟར། གཞལ་བྱའི་རྟེན་ཅན་གྱི་ཚད་མ་དག་མེད་དོ། །ཞེས་པའི་དཔེར་བརྗོད་གཅིག་ཁོ་ན་བཤད་པའི་ཕྱིར་རོ། །རིགས་པའི་སྒོར་ནི། ལུང་དང་འགལ་བ་ལ་དཔེར་བརྗོད་གཞན་དུ་གསུངས་ཏེ། སྦྱིན་སོགས་ཚེ་འཕོས་ནས་བདེ་བ་སྟེར་བྱེད་མ་ཡིན་པ་དེ། དེའི་དཔེར་བརྗོད་དུ་དམ་བཅས་ནས་གསུངས་པའི་ཕྱིར། འོ་ན། ལུང་རང་གི་བསྟན་བྱའི་དོན་ལ་སྒྲུབ་བྱེད་དང༌། ལོག་ཕྱོགས་ལ་གནོད་བྱེད་དུ་འཇོག་པའི་ཚུལ་ཇི་ལྟ་བུ་ཞེ་ན། གཞལ་བྱ་མངོན་ལྐོག་གཉིས་སྟོན་པ་ལ། ཚད་མ་མངོན་རྗེས་གཉིས་ཀྱིས་མི་གནོད་ཅིང༌། བསྐལ་པའི་དོན་ཤིན་ཏུ་ལྐོག་གྱུར་སྟོན་པ་ལ། དེ་སྟོན་བྱེད་ཀྱི་རང་ཚིག་གིས་ཕན་ཚུན་དུ་མི་གནོད་ཅིང༌། གྲུབ་པའི་གསུང་རབ་དེ་སྐབས་འདིར་ངེད་ཀྱི་ལུང་ཡིན་ལ། ལུང་དེ་རང་གི་བསྟན་བྱའི་དོན་གྱི་ལོག་ཕྱོགས་ལ་གནོད་བྱེད་དུ་འཇུག་པ་ཡིན་ཏེ། ལུང་དེ་ལས་རང་གི་བསྟན་བྱའི་དོན་གསར་དུ་རྟོགས་པའི་བློ་དེ་ཉིད། སློབ་དཔོན་ཕྱོགས་ཀྱི་གླང་པོས་རྗེས་སུ་དཔག་པར་བསྡུས་ཏེ་གསུངས་པའི་ཕྱིར་རོ། །དེས་ན། རིགས་པས་གྲུབ་པའི་ལུང་སྟེ་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ལུང་དེ་ཉིད། རང་གི་བསྟན་བྱའི་དོན་ཤིན་ཏུ་ལྐོག་གྱུར་སྒྲུབ་པ་ལ་ཚད་མ་ཉིད་ཡིན་ཞིང༌། དེས་མ་གྲུབ་ན། ལོག་ཕྱོགས་ལ་གེགས་བྱེད་ཉིད་དུ་བཞེད་པ་ཡིན་ཏེ། ཁོ་བོའི་མ་མོ་གཤམ་མོ། །ཞེས་པ་ལྟ་བུའི་རང་གི་ཚིག་དང་མཚུངས་པའི་ཕྱིར། འདིར་ཤིན་ལྐོག་ལ་དཔྱོད་པའི་ཚེ། རང་གི་ཚིག་གནོད་སྒྲུབ་ཀྱི་ཡན་ལག་ཏུ་མི་སྟོན་པ་མ་ཡིན་ཏེ། དེའི་ཚེ་ཡང༌། ཤིན་ལྐོག་སྟོན་པའི་རང་ཚིག་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་དེ། རང་གི་བསྟན་བྱའི་དོན་ལ་སྒྲུབ་བྱེད་དང༌། ལོག་ཕྱོགས་ལ་གནོད་བྱེད་དུ་ངེས་པར་ཁས་ལེན་དགོས་པའི་ཕྱིར། དོན་འདི་ནི། ཇི་སྐད་དུ། བསྟན་བཅོས་དེའི། །སྐབས་རྟེན་ཉིད་ལ་གནོད་བྱེད་ཅེས། །དོན་འདི་བསྟན་པའི་ཆེད་དུ་དེ། །རང་གི་ཚིག་དང་ལྷན་ཅིག་བཤད། །ཅེས་པའི་དགོངས་དོན་བླ་ན་མེད་པའོ། །མདོར་ན། ལུང་དུ་གྲགས་ཚད་རང་གི་བསྟན་བྱའི་དོན་ལ་ཚད་མ་མ་ཡིན་ལ། ལུང་དེའི་བསྟན་བྱའི་དོན་ཚད་མས་གྲུབ་པ་སྟེ་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་དེ། སྐབས་འདིར་ཁས་ལེན་རྒྱུའི་ལུང་ཡིན་ལ། གཞན་བསྟན་བཅོས་མཁན་པོའི་ཚིག་ཡིན་ལ། ལུང་ཞེས་བྱ་བ་ཡིན་ཞིང༌། དེ་དག་སྔར་ཁས་བླངས་ནས་ནི། ཕྱིས་དཔྱོད་པ་ནི་བླུན་པོའི་ལུགས་ཡིན་ལ། དཔྱད་པ་གསུམ་གྱིས་རྣམ་པར་དཔྱད་ཟིན་ནས། དེའི་འོག་ཏུ་ཁས་ལེན་པ་ནི་མཛངས་པའི་ལུགས་ཡིན་ནོ། །འོ་ན། ལུང་གཞན་རིག་བྱེད་དང་འགལ་བ་ལྟ་བུའང་ལུང་དང་འགལ་བ་དེར་འགྱུར་ཏེ། དེ་ཡང༌། རིག་བྱེད་པ་རང་གི་ལུགས་ལ། དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ལུང་ཡིན་པའི་ཕྱིར་རོ། །ཆགས་སོགས་ཆོས་མ་ཡིན་པ་དང༌། ཆགས་བྲལ་སོགས་ཆོས་སུ་མུ་སྟེགས་ཆད་ལྟ་བ་མ་ཡིན་པ་རྣམས་མཐུན་པར་འཆད་ལ། དེའི་ཚེ། ཁྲུས་ཀྱིས་སྡིག་པ་འདག་པར་སྟོན་པ་དེ་ལྟ་བུའི་གཞུང་རྣམས། དཔྱད་པས་དག་པའི་ལུང་མ་ཡིན་ཏེ། ཁྲུས་དང་ཆགས་སོགས་ཀྱི་རྒྱུ་མ་རིག་པ་མི་འགལ་བའི་ཕྱིར། ཡང་གལ་ཏེ། བསྒྲུབ་བྱའི་མཚན་ཉིད་འཆད་པའི་སྐབས་འདིར། ཡིད་ཆེས་ཀྱི་བསལ་བ་ཕྱོགས་ཀྱི་སྐྱོན་མ་ཡིན་ཏེ། རང་ཚིག་དང་བསྟན་བཅོས་ཀྱི་གེགས་ལས་ཐེ་ཚོམ་ཙམ་སྐྱེ་བ་ཡིན་ལ། གང་ལ་ཐེ་ཚོམ་ཞུགས་པའི་དོན་དེ་ནི། བསྒྲུབ་བྱ་སྐྱོན་མེད་ཡིན་པའི་ཕྱིར། ཞེ་ན། གེགས་ཀྱིས་ཐེ་ཚོམ་སྐྱེད་པའི་སྒོ་ནས་སྐྱོན་དུ་སོང་བ་མ་ཡིན་ཏེ། རང་ཚིག་དང་ལུང་ཚིག་དེས། བསྒྲུབ་བྱ་དེ་མི་འགྲུབ་པ་སྟེ་གནོད་པའི་སྒོ་ནས་སྔར་རྒོལ་ལ་དཔག་འདོད་མེད་པས་སྐྱོན་དུ་འཇོག་པ་ཡིན་པའི་ཕྱིར། གཞུང་འདིའི་དོན། རྟགས་ཀྱིས་སྒྲུབ་མི་ནུས་པའི་བསྒྲུབ་བྱ་སྐྱོན་ཅན་ཡིན་པའི་བཤད་པ་བྱས་ན། ཤིན་ཏུ་ནོངས་པར་འགྱུར་བས། བག་ཡོད་པར་བྱ་དགོས་སོ། །གཉིས་པ་ནི། དཀར་ཆོས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་དམ་བཅའ་ནི། བསྒྲུབ་བྱ་བརྗོད་པའི་ཚིག་ཏུ་མི་རིགས་ཏེ། དམ་བཅས་སྨྲ་བ་པོ་རང་གི་བསམ་པ་སྟོན་ལ། ཞེན་དོན་ལ་འགལ་བ་འདུས་ན་དམ་བཅའ་འཇིག་པའི་ཕྱིར། དེའི་ཕྱིར་དམ་བཅའ་དེ་འདྲ་ལ་རྒོལ་བས་དཔག་འདོད་མི་འཇུག་པས། ལུང་གེགས་བྱེད་ཡིན་ཀྱང་དམ་བཅའ་དང་བསྒྲུབ་བྱ་སྐྱོན་ཅན་ནོ། །གསུམ་པ་ནི། དེས་ན། མངོན་ལྐོག་གཉིས་ལ་དཔྱོད་པའི་སྐབས་སུ། རང་ཚིག་ལོག་ཕྱོགས་ལ་གནོད་བྱེད་དུ་མི་འཇུག་ཀྱང༌། ཚིག་གི་བརྗོད་པ་ལ་སྐྱོན་མ་ཆགས་པར་བྱ་དགོས་ཏེ། བརྗོད་པ་སྐྱོན་ཅན་གྱིས་རྩོད་པའི་སྐབས་སུ་ཕམ་པ་སྐྱེད་པའི་ཕྱིར། ཤླཽ་ཀ་གཅིག་བུ་འདི། སྒྲུབ་བྱེད་གཞན་དོན་རྗེས་དཔག་གི་སྐྱོན་བཤད་པ་ལྟར་སྣང་བས། བསྒྲུབ་བྱའི་སྐྱོན་ཇི་ལྟར་བསྟན་པའི་ཚུལ་ལ་རྟོག་ཅིང་དཔྱོད་དགོས་སོ། །བཞི་པ་གྲགས་བསལ་ལ་གཉིས་ཏེ། མཚན་ཉིད་དང༌། དེའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། དམ་བཅས་ཙམ་ཉིད་ན་འཇིག་རྟེན་གྱི་ཤེས་བརྗོད་དང་འགལ་བ་སྟེ་དེའི་གནོད་བྱར་དམིགས་པ་ནི། གྲགས་པས་བསལ་བའི་མཚན་ཉིད་ཡིན་ནོ། །གཉིས་པ་ལ། བསྡུས་ཏེ་བཤད་པ་དང༌། ཕྱེ་སྟེ་བསྟན་པའོ། །དང་པོ་ནི། སེལ་བྱེད་ཀྱི་གྲགས་པའང་རིགས་པས་གྲུབ་པ་ཡིན་ཏེ། མུ་སྟེགས་བརྡ་སྤྲོད་པ་དག སྒྲ་དོན་ལ་དངོས་འབྲེལ་འདོད་པ་ནི་སྔར་བཀག་ཟིན་ཅིང༌། བརྗོད་འདོད་ཀྱི་དབང་གིས་འཇུག་པ་ཡང་བསྒྲུབས་ཟིན་པ་དེས་ནའོ། །དེ་གྲུབ་པ་ན་དེའི་འགལ་ཟླ་གྲགས་བསལ་དུ་ཤུགས་ལ་གྲུབ་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། མདོའི་ཚིག་དགོད་པ་དང༌། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི ཚད་མའི་མདོ་ལས། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན། བསལ་བ་དེའང་ཕྱོགས་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། བཤད་ཚུལ་དང་པོ་དང༌། གཉིས་པ་དང༌། དེ་དག་གི་དགོངས་པའོ། །དང་པོ་ལ་གཉིས་ཏེ། ལུང་དང་པོའི་དོན་བཤད་པ་དང༌། གཉིས་པའི་དོན་བཤད་པའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་མ་ནི། བརྡ་སྤྲོད་པ་ན་རེ། ཡོད་པའི་རྟགས་ཀྱིས། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པ་འགོག་པ་ལ། བསྒྲུབ་བྱ་དེ་མི་འགྲུབ་པ་མ་ཡིན་ཏེ། སྤྱིར་མིང་ལ་སྒྲ་བཤད་དུ་མེད་པ་སྐྱེས་བུའི་བརྗོད་འདོད་ཀྱིས་སྦྱར་བ་དང༌། སྒྲ་བཤད་དུ་ཡོད་པ་བརྡ་སྤྲོད་མཁན་གྱིས་སྦྱར་བའི་མིང་གཉིས་ལས། དང་པོ་ནི། འཇུག་ཏུ་མི་རུང་བཞིན་དུ་སྦྱར་བའི་མིང་ངན་པ་ཡིན་ལ། གཉིས་པ་ནི། འཇུག་ཏུ་རུང་བའི་མིང་བཟང་པོ་དངོས་པོའི་དབང་གིས་འཇུག་པ་ཡིན་ནོ། །དེ་ཡང་དཔེར་ན། དང་པོའི་མཚན་གཞི་ནི། རི་བོང་ཅན་ལ་ཟླ་བ་ཞེས་བཏགས་པ་དང༌། གཉིས་པའི་མཚན་གཞི་ནི། དེ་ལ་བསིལ་ཟེར་ཅན་དང༌། འོད་དཀར་ཅན་ལ་སོགས་པའི་མིང་བཏགས་པ་ལྟ་བུའོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གཏན་ཚིགས་དེ་ཐུན་མོང་མ་ཡིན་པར་བསྟན་པ་དང༌། ཡང་ན་འགལ་བར་བསྟན་པའོ། །དང་པོ་ནི། ཡོད་པའི་རྟགས་ཀྱིས། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པ་འདི་ལ་མཐུན་དཔེ་མེད་དེ། གང་རྟོག་པའི་ཡུལ་ན་ཡོད་པ་རྣམས་ལ་རྗོད་བྱེད་ཀྱི་སྒྲ་ཀུན་གྱིས་བརྗོད་དུ་རུང་བའི་ཕྱིར་རོ། །གཉིས་པ་ནི། ཡང་ན། གཏན་ཚིགས་དེ་འགལ་བ་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང༌། སྒྲའི་དོན་གྱི་ཡོད་པ་སྟེ་རྟོག་ཡུལ་ན་ཡོད་པ་ལ་ཟླ་བ་ཞེས་པའི་སྒྲས་བརྗོད་པར་རུང་བའི་ཕྱིར་རོ། །གཏན་ཚིགས་འདི་འགལ་བ་དང་མ་ངེས་པ་གང་དུ་ཡང་བཞག་པ་ནི། རྒོལ་བ་ལ་ལྟོས་ནས་ཡིན་ཏེ། མཐུན་དཔེ་ལ་རྗེས་འགྲོ་མེད་པ་གཞིར་བྱས་པ་ལ། སྔར་རྒོལ་བརྡ་སྤྲོད་པ་ལྟར་ན། མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཚད་མས་མ་མཐོང་ཞིང༌། ཕྱིར་རྒོལ་སངས་རྒྱས་པས་ནི། དེ་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་ཚད་མས་མཐོང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བརྗོད་རུང་གི་གྲགས་པ་བཤད་པ་དང༌། སྒྲ་བྱུང་གི་གྲགས་པ་བཤད་པའོ། །དང་པོ་ལ། བརྗོད་རུང་གི་གྲགས་པ་ངོས་བཟུང༌། དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བསྟན། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འཇིག་རྟེན་ལུགས་ཀྱི་དཔྱོད་པ་སྟེ། །རྣམ་པར་རྟོག་པ་གཏིང་ཚུགས་དང༌། །རྗོད་བྱེད་ཀྱི་སྒྲ་ནི་གྲགས་པ་དངོས་ཡིན་ལ། དེ་ལས་བྱུང་བ་སྟེ་དེའི་དབང་གིས་གཞག་པའི་ཡུལ་གྱི་དོན་དེ་ཉིད་ལ་བརྗོད་རུང་དང་སྒྲ་བྱུང་གི་གྲགས་པ་ཞེས་བཏགས་ནས་གཞག་པ་ཡིན་པར་བཞེད་དེ། ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །ཅེས་སོ། །འདི་ནི་ཇི་སྐད་དུ། གྲགས་པ་དག་ཀྱང་མི་རྣམས་ཚིག །ཅེས་དང༌། ཆོས་མཆོག་ལས། གྲགས་པ་ནི་སྐྱེས་བུའི་རྣམ་པར་རྟོག་པ་གཏིང་ཚུགས་པའོ། །ཞེས་པ་དང་མཐུན་ནོ། །གཉིས་པ་ནི། དེ་ལྟ་བུའི་གྲགས་པ་དེས་ཤེས་བྱ་ཀུན་ལ་ཁྱབ་པ་ཡིན་ཏེ། ཟླ་བ་ཞེས་པའི་སྒྲ་དེ་ཡང་ཤེས་བྱ་ཐམས་ཅད་ལ་འཇུག་ཏུ་རུང་བའི་ཕྱིར། གསུམ་པ་ནི། མ་གྲགས་པ་ལ་གྲགས་པའི་སྒྲ་སྦྱར་ན། འཇིག་རྟེན་པ་དང་འགལ་ལོ་ཞེ་ན། ཤེས་བྱ་ཀུན་ལ་མིང་དེ་འཇུག་ཏུ་རུང་བ་ལ་གྲགས་པའི་སྒྲ་མཛད་དེ། དཔེར་ན། འཚེད་པའི་ནུས་པ་ཡོད་པ་ལ་འཚེད་པ་ཞེས་པ་དང༌། བཏུང་དུ་རུང་བ་ལ་བཏུང་བ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་སྒྲ་བྱུང་གི་གྲགས་པ་ངོས་བཟུང་བ་ནི། གོང་དུ་བཤད་པ་དེ་ལྟ་ཡིན་པ་འོ་ན། གྲགས་བསལ་འཆད་པའི་སྐབས་སུ། གྲགས་པ་དངོས་དེ་དང་འགལ་བའི་དོན་གྱིས་ན། ཞེས་གསུང་བར་རིགས་ཀྱི། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན། ཞེས་གསུང་བར་མི་རིགས་སོ། །ཞེ་ན། དེའི་སྐྱོན་མེད་དེ། གྲགས་རུང་དོན་ཐམས་ཅད་ལ་གྲུབ་ན་ཡང༌། བརྡ་དང་བརྗོད་འདོད་ལ་བརྟེན་པའི་སྒྲ་གྲུབ་ན་ནི། སྐབས་འདིའི་སེལ་བྱེད་གྲགས་པ་གྲུབ་བོ། །ཞེས་བསྟན་པའི་ཕྱིར་དུ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྒྲ་བྱུང་གྲགས་པ་ལ་འགལ་ཟླ་མེད་པར་བསྟན་པ་ནི། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དང་འགལ་བ། དེ་དེས་བརྗོད་མི་རུང་དུ་སྒྲུབ་པ་ལ་མི་འཁྲུལ་བའི་གཏན་ཚིགས་མི་སྲིད་དེ། གྲགས་པ་རི་ཅན་ཟླ་སྒྲས་བརྗོད་རུང་དེ་རྗེས་དཔག་གིས་འགྲུབ་པས་སོ། །འདི་དག་གི་སྐབས་ཀྱི་དོན་ནི། སེལ་བྱེད་གྲགས་པ་ལ་གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། མདོ་དང་པོས་བསྟན་པ་དང༌། མདོ་གཉིས་པས་བསྟན་པའི་ཚུལ་མི་འདྲ་བར་བྱུང་བའི་རྒྱུ་མཚན་གྱིས་སོ། །ཇི་ལྟར་ཞེ་ན། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། ཞེས་པ་ནས། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་ལ་མཐུན་དཔེ་མེད་པར་བསྟན་པ་ན། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དང༌། དེའི་རྒྱུ་མཚན་གྱིས་དོན་ཐམས་ཅད་དེས་བརྗོད་དུ་མི་རུང་བ་གྲགས་པའི་བསལ་བར་བཤད་པའི་ཚུལ་གཅིག་དང༌། ཡང༌། སྒྲ་ལས་བྱུང་བའི་གྲགས་པ་དང༌། ཞེས་སོགས་ཀྱིས། རི་བོང་ཅན་ལ་ཟླ་བར་གྲགས་ཤིང༌། གྲགས་པ་དེ་ཡང་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་ཡོད་པའི་རྒྱུ་མཚན་གྱིས། རི་ཅན་དེས་བརྗོད་དུ་མི་རུང་བ་ཁོ་ན་གྲགས་པའི་བསལ་བར་བཤད་པའི་ཚུལ་གཉིས་སྣང་བའི་རྒྱུ་མཚན་གྱིས་སོ། །དེ་ཡང༌། མདོ་དང་པོས་བསྟན་པའི་གྲགས་པ་དེ་ལ་ནི། བརྗོད་རུང་གི་གྲགས་པ་དང༌། ཁྱབ་པའི་གྲགས་པ་ཞེས་བྱ་ཞིང༌། སེལ་བྱེད་དངོས་ཀྱི་མཚན་གཞི་ནི། དོན་ཐམས་ཅད་ཟླ་བ་ཞེས་བརྗོད་དུ་རུང་བའི་ཡུལ་ཅན་གྱི་ཤེས་པ་དང༌། བརྗོད་པར་གྱུར་པའི་ཐ་སྙད་དོན་མཐུན་ནོ། །མདོ་གཉིས་པས་བསྟན་པ་དེ་ལ་ནི། སྒྲ་བྱུང་གི་གྲགས་པ་དང༌། ཉི་ཚེ་བའི་གྲགས་པ་ཞེས་བྱ་ཞིང༌། དེའི་ཡང་སེལ་བྱེད་དངོས་ཀྱི་མཚན་གཞི་ནི། རི་བོང་ཅན་ཉིད་དེས་བརྗོད་དུ་རུང་བའི་ཡུལ་ཅན་གྱི་ཤེས་བརྗོད་ཀྱི་ཐ་སྙད་དོ། །དེ་ལྟར་སེལ་བྱེད་གྲགས་པ་ལ་གཉིས་ལས། ཕྱི་མ་ནི་མདོའི་དངོས་བསྟན་ཡིན་ལ། དང་པོ་ནི། སྡེ་བདུན་མཛད་པའི་རིགས་པས་མདོའི་དོན་བསྒྲུབས་པའོ། །གྲགས་པ་དང་པོའི་རྩོད་སྤོང་གི་སྐབས་སུ། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེ། གྲགས་པར་འཇོག་པའི་ཤེས་བྱེད་དུ། གྲགས་རུང་ཡིན་པ་དང༌། གྲགས་པ་མཚན་ཉིད་པ། རྗོད་བྱེད་ཀྱི་སྒྲ་དང༌། རྣམ་རྟོག་གཏིང་ཚུགས་ལས་སྐྱེས་པ་སྟེ་དེའི་དབང་གིས་གཞག་པའི་ཕྱིར། ཞེས་བཀོད་ནས། དཔེར་བརྗོད་དུ། མངོན་སུམ་སོགས་ཀྱི་གཞལ་བྱར་རུང་བ་ལ། འཇལ་བྱེད་ཀྱི་མིང་གིས་བཏགས་ནས་བརྗོད་པ་བཞིན་ནོ། །ཞེས་གསུངས་སོ། །འདིའི་དོན་ཡང༌། ཇི་སྐད་དུ། གནོད་མེད་དག སྐྱེ་བོ་རྣམས་འདོད་ཡིད་ཆེས་ཡིན། །ཞེས་ཡུལ་ཅན་གྱི་གྲགས་པ་དེ་སེལ་བྱེད་དངོས་སུ་བཤད་པ་ལ། འོ་ན་མདོར། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ། །ཞེས་བཤད་པ་དང་མི་མཐུན་ནོ་སྙམ་པ་ལ། ཡུལ་ཅན་གྱི་བསལ་བ་ལ་ཡུལ་གྱི་བསལ་བའི་མིང་གིས་བཏགས་པ་ཡིན་ཏེ། དཔེར་ན་མངོན་སུམ་སོགས་ཀྱི་བསལ་བ་བཞིན་ནོ། །ཞེས་པའོ། །བཤད་ཚུལ་གཉིས་པ་ལ་གསུམ་སྟེ། དངོས་སྟོབས་རྗེས་དཔག་དང་གྲགས་པ་གཉིས་ཀྱི་ཡུལ་གྱི་ཁྱད་པར་བསྟན་པ་དང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་དགག་པ་དང༌། སློབ་དཔོན་གྱི་དགོངས་པ་དཔྱད་པའོ། །དང་པ་ནི། མདོ་གཉིས་ཀྱི་དགོངས་པ་སྔར་བཤད་པ་ལས། ཡང་ན། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། །ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། རི་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ། དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་མེད་པར་བསྟན་པ་ཡིན་ཏེ། གྲགས་པ་དངོས་པོ་སྟོབས་ཞུགས་ཀྱིས་བསྐྱེད་ན་ནི། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་བཞིན་དུ། གནོད་འཇུག་གི་ཡུལ་ངེས་པ་ཅན་དུ་ཐལ་བར་འགྱུར་བ་ལས། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ནི། བརྗོད་འདོད་ཀྱི་དབང་གིས་སྦྱར་བ་ལ། རྗོད་བྱེད་ཀྱི་སྒྲ་རྣམས་ཡུལ་གང་ལའང་མི་འཇུག་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། རང་གི་སྡེ་པ་དག་ན་རེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ། གཏན་ཚིགས་གང་བཀོད་ཀྱང༌། མཐུན་དཔེ་ལ་རྗེས་སུ་འགྲོ་བ་མེད་པས། ཐུན་མོང་མ་ཡིན་པའི་གཏན་ཚིགས་ཁོ་ནའོ། །ཞེས་ཤེས་པའི་ཕྱིར་དུ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། །ཞེས་གསུངས་ལ། རི་ཅན་ཟླ་སྒྲས་བརྗོད་མི་རུང་ཁོ་ན་ལ་གྲགས་པས་གནོད་དོ། །ཞེས་ཤེས་པའི་ཕྱིར་དུ། སྒྲ་ལས་བྱུང་བའི་གྲགས་པ་དང༌། །ཞེས་སོགས་གསུངས་པ་ཡིན་ནོ། །ཞེས་ཟེར། ལུང་དང་པོས་དེ་ལྟར་བསྟན་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་འཇུག་པ་དེས་ན། ཡུལ་ཀུན་ལ་འཇུག་པའི་ཕྱིར་ན། གྲགས་པ་ཡུལ་གཞན་འདི་ལ་མི་འཇུག་གོ །ཞེས་བརྗོད་པའི་དཔེ་གཞན་རྙེད་དཀའ་བས་ན། བརྡ་སྤྲོད་པས་བཀོད་པའི་གཏན་ཚིགས་དེ། སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་བཀོད་པ་བཞིན་དུ། ཐུན་མོང་ཉིད་མ་ཡིན་པའི་གཏན་ཚིགས་སུ་བསྟན་པའི་ཕྱིར། ལུང་གཉིས་པས་ཀྱང་ཁྱོད་འདོད་པ་དེ་ལྟར་བསྟན་པ་མ་ཡིན་ཏེ། མདོ་དེ་གྲགས་བསལ་སྤྱིའི་མཚན་ཉིད་འཆད་པའི་སྐབས་ཡིན་པས། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་ལ་དཔེར་མཛད་ནས། དམ་ཏྲིག་ཤིང་མ་ཡིན་པ་སོགས་ལའང་གྲགས་པས་གནོད་དོ། །ཞེས་མཚུངས་པར་བསྟན་པའི་ཕྱིར་ཏེ། ཤེས་བྱ་ཀུན་ལ་བརྗོད་རུང་གིས་ཁྱབ་པར་བསྟན་པའི་ཕྱིར་རོ། །གསུམ་པ་སློབ་དཔོན་གྱི་དགོངས་པ་དཔྱད་པ་ལ་གསུམ་ལས། དང་པོ་ཟླ་བའི་སྒྲ་ཐུན་མོང་བར་སྒྲུབ་པ་ནི། རྟོག་ཡུལ་ན་ཡོད་པ་ལྟ་བུ། རི་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་གཏན་ཚིགས་དེ། ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བཞེད་པ། སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། ག་བུར་དང་ནི་དངུལ་ཆུ་སོགས་ལ་ཟླ་བ་ཞེས་པའི་སྒྲ་ནི་བསྟན་བཅོས་གཞན་དུ་གྲགས་ལ། དེ་ཉིད་དཔེར་བྱས་ནས་བསིལ་ཟེར་ཅན་ཟླ་བར་སྒྲུབ་པ་ནི་ཐུན་མོང་གི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་དེ་ལ་དངོས་པོ་སྟོབས་ཞུགས་སུ་འགྱུར་བ་ནི། ཟླ་བ་ཞེས་པའི་སྒྲ་ཡུལ་གཅིག་ལ་འཇུག་རུང་དུ་གྲུབ་ན། ཀུན་ལ་འཇུག་རུང་དུ་གྲུབ་པ་འདི་ནི། དངོས་པོ་སྟོབས་ཞུགས་ཡིན་ཏེ། བརྡ་ཙམ་ལས་འཇུག་པ་རྣམས་ཡུལ་ཀུན་ལ་ཐུན་མོང་བ་ཡིན་པའི་ཕྱིར་དང༌། བརྗོད་རུང་གི་གྲགས་པ་འགོག་ན། ཁྱེད་ཀྱིའང༌། བཤད་པ་རྒྱུ་མཚན་ཅན་གྱི་མིང་དང༌། རི་བོང་ཅན་ཁོ་ན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པ་སོགས་ཀྱང་འཇིག་པའི་ཕྱིར་རོ། །སྐབས་འདི་དག་ཏུ། དོན་ཐམས་ཅད་ལ་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་འཇུག་ཏུ་རུང་བ་ནི་སྐྱེས་བུའི་བརྗོད་འདོད་ཀྱི་དབང་གིས་གཞག་པ་ཡིན་པས་ན་གྲགས་པ་གྲུབ་པ་ཞེས་བྱ་ལ། དེ་འདྲ་དེའི་ཁྱབ་འབྲེལ་ནི། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མ་གྲུབ་པའི་དོན་ནི་སྒྲ་དོན་ལ་དངོས་པོའི་འབྲེལ་པ་མ་གྲུབ་པའོ། །དེ་ལྟ་ཡིན་པ་དེའི་ཕྱིར། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་འཇུག་པ་དང༌། དེས་འཇུག་ན་མིང་གཅིག་ཀྱང་དོན་ཐམས་ཅད་ལ་འཇུག་ཏུ་རུང་བས་ཁྱབ་པ་ནི། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་འགྲུབ་པའོ། །དོན་དེ་ལ་བསམས་ནས། ཇི་སྐད་དུ། གྲགས་པ་དངོས་པོས་བསྐྱེད་ན་ནི། །ཞེས་སོགས་དང༌། འདི་ནི་དངོས་པོ་སྟོབས་ཞུགས་ཡིན། །ཞེས་ཀྱང་གསུངས་སོ། །གསུམ་པ་བརྗོད་རུང་འགོག་ན་གྲགས་པ་དང་འགལ་བ་ནི། ཇི་སྐད་བཤད་པ་དེས་ན། སྤྱིར་རྒྱུ་མཚན་ཅན་གྱི་བརྡ་དང༌། བརྗོད་འདོད་ཀྱི་བརྡ་གཉིས་ལས། འདོད་པས་སྦྱར་བའི་བརྡ་ཡུལ་ཀུན་ལ་འཇུག་ཏུ་རུང་བཞིན་དུ། དེར་འཇུག་པ་འགོག་པ་ན། གྲགས་པ་དག་དང་འགལ་བར་སློབ་དཔོན་གྱིས་དགོངས་ཏེ། དེ་འགོག་ན། འཇིག་རྟེན་གྱིས་གནོད་པའི་ཕྱིར་རོ། །སྐབས་འདིར་རྩ་བའི་གཞུང་ལ་རྟོག་དཔྱོད་བཏང་དགོས་པ་དང༌། འགྲེལ་པ་ལ་དཔྱད་དགོས་པ་འགའ་ཞིག་སྣང་བ་ལས། དང་པོ་ནི། དེས་ན་ཀུན་ལ་འཇུག་པའི་ཕྱིར། །ཞེས་པའི་ཤླཽ་ཀ་གཅིག་བུ་དེ། གང་ན་འདུག་པའི་གནས་དེར་མ་འབྲེལ་བས་གོང་དུ། སྒྲ་ཀུན་བརྗོད་དུ་རུང་ཕྱིར་རོ། །ཞེས་པའི་དེ་མ་ཐག་དེར་འཆད་དགོས་པ་དང༌། སྤྱི་མཚན་ཞེས་སོགས་ནས། ཐུན་མོང་རྟགས། ཞེས་པའི་བར་གྱི་ཤླཽ་ཀ་གཉིས་པོ་འདི། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་གཞན་གྱི་འདོད་པ་འགོག་པའི་གཞུང་དུ་སྦྱོར་དགོས་པ་ཡིན་པ་དང༌། བརྡ་ལས་འཇུག་རྣམས། ཞེས་སོགས་ཀྱི་ཤླཽ་ཀ་གཅིག་པུ་འདི། ཇི་སྐད་དུ། གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །ཞེས་སོགས་གོང་འོག་གཉིས་པོའི་དོན་དུ་བཤད་པར་སྣང་བས། གཞུང་དེའི་དོན་དང་མཐུན་མི་མཐུན་བརྟག་དགོས་པ་དང༌། དེས་ན་འདོད་པས་སྦྱར་བ་ཡི། །ཞེས་སོགས་ཤླཽ་ཀ་གཅིག་པུ་འདི། ཇི་སྐད་དུ། འདིས་ནི་བརྡ་རྗེས་འཇུག་པ་ཡི། །ཞེས་སོགས་ཀྱི་དོན་དུ་སྣང་བས། སློབ་དཔོན་གྱི་དགོངས་པ་དཔྱད་པ་ཞེས་པའི་བསྡུས་དོན་དེ། ཤླཽ་ཀ་གཅིག་པུ་འདི་ཉིད་དང་སྦྱོར་བར་རིགས་སོ། །གཉིས་པ་ནི། ཡོད་པའི་རྟགས་ཀྱིས། ཞེས་པའི་སྔ་འགྲེལ་གྱིས་བཅད་གཉིས་མ་དག་པ་དང༌། གྲགས་པ་དངོས་པོས། ཤེས་པའི་སྔ་འགྲེལ་དུ། རི་བོང་ཅན་ཟླ་བ་མ་ཡིན། ཞེས་ཟེར་བའི་འཇིག་རྟེན་གྱི་བརྗོད་པ་ལ་ཞེས་འབྱུང་བ་དེ་མ་དག་པ་དང༌། ག་བུར་དང་ནི་ཞེས་པའི་སྔ་འགྲེལ་དུ། སློབ་དཔོན་གྱི་དགོངས་པ་དཔྱད་པ་ཞེས་པའི་ས་མཚམས་བཅད་པ་ནི་མ་དག་སྟེ། སློབ་དཔོན་གྱི་དགོངས་པ་རྒྱས་པ་ནི། གོང་དུ་བཤད་ཚུལ་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་ཟིན་པའི་ཕྱིར་དང༌། བསྡུས་པ་ནི་འོག་ནས། དེས་ན་འདོད་པས། ཞེས་སོགས་ཤླཽ་ཀ་གཅིག་གིས་སྟོན་པའི་ཕྱིར་དང༌། ག་བུར་ཞེས་སོགས་འདི་ནི། རང་སྡེ་འདོད་པ་འགོག་པའི་གཞུང་དུ་རྣམ་འགྲེལ་ངེས་ནས་གསལ་བའི་ཕྱིར། གསུམ་པ་དེ་དག་གི་དགོངས་པ་དཔྱད་པ་ལ་གཉིས་ཏེ། གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བརྗོད་པའོ། །དང་པོ་ལ་གསུམ་སྟེ། བརྡ་དང་ཐ་སྙད་དུ་འབྱེད་པ་དགག དངོས་དང་ཞེན་པར་འཆད་པ་དགག དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ལོ་ཙྪ་བ་ལ་སོགས་པ་ལ་ལ། འདིའི་སྐབས་ཀྱི་སེལ་བྱེད་གྲགས་པ་ལ། བརྡ་དང༌། ཐ་སྙད་ཀྱི་གྲགས་པ་གཉིས་སུ་འབྱེད་པ་ཡོད་ལ། དེའི་མཚན་གཞི་ཡང༌། མིང་གི་རྣམ་པ་ཙམ་གྱིས་དོན་ཐམས་ཅད་ལ་ཞེན་དུ་རུང་བ་དང༌། དོན་ལྡོག་གཅིག་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་ངོ༌། །ཞེས་ཟེར་རོ། །འདི་མི་འཐད་དེ། ཐ་སྙད་ཀྱི་གྲགས་པ་གྲགས་བསལ་འཆད་པའི་མདོ་འདིའི་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར་དང༌། ཐ་སྙད་ཀྱི་མཚན་ཉིད། དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང༌། ཞེས་ཟེར་བ་དེ་འདྲ། སྔར་མཚན་ཉིད་བརྟག་པའི་སྐབས་སུ་བཀག་ཟིན་པའི་ཕྱིར། གཉིས་པ་ནི། ཡང་ཕྱྭ་པ་ལ་སོགས་པ། བརྡའི་གྲགས་པ་ལའང༌། དངོས་དང༌། ཞེན་པའི་བརྗོད་རུང་གཉིས་སུ་ཕྱེ་ནས། རི་བོང་ཅན་གྱི་དོན་སྤྱི་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་དངོས་སུ་བརྗོད་རུང་སྟེ། རྟོག་པའི་སྣང་ཡུལ་ན་ཡོད་པའི་ཕྱིར། དེ་རང་མཚན་ཆོས་ཅན། དེའི་སྒྲས་ཞེན་ནས་བརྗོད་དུ་རུང་སྟེ། དངོས་པོར་ཡོད་པའི་ཕྱིར། ཞེས་པའི་སྦྱོར་བ་གཉིས་འགོད་པར་བྱེད་ཅིང༌། མདོ་དང་པོས། ཞེན་པའི་བརྗོད་རུང་གི་གྲགས་པ་དང༌། མདོ་གཉིས་པས། དངོས་ཀྱི་བརྗོད་རུང་གི་གྲགས་པ་བསྟན་པ་ཡིན་ནོ། །ཞེས་ཟེར་རོ། །གྲགས་པའི་གཏན་ཚིགས་ལ་དངོས་ཞེན་གྱི་དབྱེ་བས་སྦྱོར་བ་གཉིས་འགོད་པ་མི་འཐད་དེ། འཆད་པའི་ཚེ་ན་གཉིས་སུ་ཡོད་མོད་ཀྱི། འཇུག་པའི་ཚེ་ན་རྣམ་དབྱེ་མེད་པའི་ཕྱིར་རོ། །གསུམ་པ་ནི། ཡང་ཁ་ཅིག གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། ཞེས་པའི་མདོ་དང་པོ་ལ་བཤད་ཚུལ་གཉིས་ཡོད་པའི་དང་པོས་ཞེན་པའི་བརྗོད་རུང་དང༌། ཕྱི་མས་དངོས་ཀྱི་བརྗོད་རུང་གི་གྲགས་པ་བསྟན་པ་ཡིན་ནོ། །ཞེས་ཟེར། བཤད་ཚུལ་རྣམ་པ་གཉིས། དངོས་དང་ཞེན་པར་བཤད་པ་འཁྲུལ་ཏེ། འཇུག་པའི་ཚེ་ན་རྣམ་དབྱེ་མེད་པར་བཤད་ཟིན་པ་དེས་ནའོ། །ཕྱོགས་སྔ་མ་འདིའི་བསམ་དོན་ནི། དོན་རང་མཚན་ཇི་སྙེད་པ། རྗོད་བྱེད་ཀྱི་སྒྲ་གང་དང་གང་གི་ཞེན་པའི་བརྗོད་རུང་མ་ཡིན་པར་སྒྲུབ་པ་ལ། ཡོད་པ་རྟགས་སུ་བཀོད་ན་ཐུན་མོང་མ་ཡིན་པའི་མ་ངེས་པར་སོང༌། དེ་དེའི་དངོས་ཀྱི་བརྗོད་རུང་དུ་སྒྲུབ་པ་ལ། ཡོད་པ་རྟགས་སུ་བཀོད་ན་ཁྱབ་པ་འགལ་ལོ། །ཞེས་འཆད་པ་ནི་བཤད་ཚུལ་གཉིས་པའི་གོ་དོན་དུ་འདོད་པའོ། །ཕྱོགས་སྔ་གོང་མའི་བསམ་དོན་ནི། མདོ་དང་པོས་བརྡའི་གྲགས་པ་བསྟན་པ་ཡིན་ལ། སྒྲ་ལས་བྱུང་བའི་གྲགས་པ་དང༌། ཞེས་སོགས་ཀྱིས་ཐ་སྙད་ཀྱི་གྲགས་པ་དང༌། དེའི་བསལ་བ་ནོག་ལྐོག་ཤལ་བ་ལང་གི་ཐ་སྙད་བྱ་རུང་མ་ཡིན་པ་ལྟ་བུ། སྐབས་འདིའི་གྲགས་བསལ་དུ་བསྟན་པ་ཡིན་ནོ། །ཞེས་བཞེད་པའོ། །དེ་སྐད་དུ་ཡང༌། རྣམ་པར་ངེས་པའི་ཊཱི་ཀ་ལས། རབ་ཏུ་དབྱེ་བ་ནི་རྣམ་པ་གཉིས་ཏེ། དངོས་པོའི་རུང་བ་དང༌། སྐྱེས་བུའི་ངེས་པའོ། །དང་པོ་ནི། བརྡའི་ཡུལ་དུ་རུང་བ་ཙམ་ཡིན་ནོ། །གཉིས་པ་ནི། བརྡ་བྱས་ཟིན་པའི་འོག་ཏུ། དེ་དང་མཚུངས་པའི་ཐ་སྙད་འདོགས་པའོ། །ཞེས་གསུངས་སོ། །གཉིས་པ་རང་གི་ལུགས་ནི། མདོ་དང་པོའི་བཤད་ཚུལ་སྔ་མས། སྒྲ་བྱུང་གྲགས་པ་ཚད་མས་མི་ཁེགས་པར་བསྟན་པ་ཡིན་ཏེ། སྒྲ་བྱུང་གྲགས་པ་འགོག་པ་ལ་རྗེས་དཔག་མེད་པར་བསྟན་པའི་ཕྱིར། ཡང༌། མདོ་གཉིས་པས་སྒྲ་བྱུང་གྲགས་པ་དེ་ལ་འགལ་ཟླ་མེད་པ་དེས་ན། སྒྲ་བྱུང་གི་གྲགས་པ་དེ་གནོད་བྱེད་དུ་བསྟན་པ་ཡིན་ཏེ། གང་ལ་འཇུག་པའི་ཡུལ་ངེས་པར་བསྟན་པའི་ཕྱིར། མདོ་དང་པོའི་བཤད་ཚུལ་ཕྱི་མས་ནི། གྲགས་པ་དངོས་སྟོབས་རྗེས་དཔག་ལས་ཡུལ་གྱི་དབྱེ་བ་ཐ་དད་དུ་བསྟན་པ་ཡིན་ཏེ། དངོས་སྟོབས་རྗེས་དཔག་གི་ཡུལ་དངོས་པོར་གྲུབ་པ་དང༌། འདིའི་ཡུལ་སྒྲོ་བཏགས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། འཆད་ཚུལ་དེ་ལྟར་ཤེས་ན། གྲགས་པའི་བསལ་བ་འཆད་ཚུལ་མཁས་པའི་དགོངས་པ་བཞིན་དུ་གྲུབ་པ་ཡིན་ཏེ། དེའི་འཆད་ཚུལ་རྣམ་འགྲེལ་མཛད་པའི་དགོངས་པ་བཞིན་དུ་བཤད་པའི་ཕྱིར་རོ། །དེས་ན་གཞུང་འདི་ལྟར། སྔ་མ་བརྗོད་རུང་གྲགས་པ་ཡི། །ཟློག་ཆོས་སྒྲུབ་པའི་རྗེས་དཔག་མེད། །ཕྱི་མས་སྒྲ་བྱུང་དངོས་སྟོབས་གཉིས། །ཡུལ་གྱི་དབྱེ་བ་ཐ་དད་བྱས། །སྒྲ་བྱུང་གྲགས་པ་རྗེས་དཔག་གིས། །གྲུབ་པས་ངེས་ཕྱིར་གནོད་བྱེད་ཡིན། །ཞེས་སྦྱར་ན་བདེ་བ་ཡིན་ཏེ། མདོ་ཕྱི་མའི་དོན་སྒྲ་བྱུང་གྲགས་པ་ལས་གཞན་དུ་མི་འཆད་ཀྱང༌། ལུང་དང་པོའི་དོན་བརྗོད་རུང་དང་སྒྲ་བྱུང་ལ་སྦྱར་བའི་བཤད་ཚུལ་རྣམ་པ་གཉིས་རྣམ་འགྲེལ་ངེས་གཉིས་སུ་མཛད་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། གྲུབ་བསལ་མེད་ཅིང་དཔག་འདོད་ཀྱི། །ཡུལ་དུ་བྱས་པ་བསྒྲུབ་བྱ་སྟེ། །དེ་ཡང་སྒྲུབ་བྱེད་བཀོད་བཞིན་པ། །མིན་པས་ཁྱད་པར་བྱས་པའོ། །རྟགས་ཀྱིས་སྒྲུབ་པར་མི་ནུས་པ། །བསྒྲུབ་བྱའི་སྐྱོན་དུ་མི་འཆད་ཕྱིར། །མིག་སོགས་བདག་དོན་བྱེད་པ་ལའང༌། །མཚན་ཉིད་རྣམ་ལྔ་ཚང་བ་སྲིད། །གཞལ་བྱའི་གནས་གཉིས་དཔྱོད་པ་ན། །ལུང་ཡང་གེགས་བྱེད་ཚིག་ཡིན་ལ། །གནས་གསུམ་པར་ནི་འཕོ་བ་ན། །རང་ཚིག་གིས་ཀྱང་གནོད་པར་བྱེད། །བརྗོད་རུང་དང་ནི་སྒྲ་བྱུང་གི །གྲགས་པ་གཉིས་པོའི་བསམ་དོན་ལ། །ལ་ལ་བརྡ་དང་ཐ་སྙད་ཟེར། །རང་ལུགས་ཀུན་ལ་ཁྱབ་པ་དང༌། །ཉི་ཚེ་བའི་གྲགས་པའོ། །ཉི་ཚེའི་གྲགས་པ་མཚོན་བྱ་ལ། །འདོད་པ་གཞན་དང་འདི་མི་མཐུན། །བཤད་ཚུལ་སྔ་མ་བརྗོད་རུང་གི །གྲགས་པ་འགོག་པའི་གཏན་ཚིགས་ཀུན། །ཐུན་མོང་མིན་པར་བཤད་པ་སྟེ། །འཆད་ཚུལ་གཉིས་པ་སྒྲ་བྱུང་གི །གྲགས་པ་སྒྲུབ་ལ་དངོས་སྟོབས་ཀྱི། །རྗེས་དཔག་མེད་པར་བསྟན་བྱས་ནས། །རྗེས་དཔག་གཉིས་ཀྱི་གནོད་ཡུལ་གྱི། །དབྱེ་བ་ལེགས་པར་བཤད་པ་ཡིན། །ཚད་མ་རིགས་པའི་གཏེར་ལས་རང་དོན་རྗེས་སུ་དཔག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པ་རྣམ་པར་བཤད་པའོ།།  །།གཉིས་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པ་ལ་གསུམ་སྟེ། མཚན་ཉིད། སྨྲ་བ་པོའི་གང་ཟག རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བའོ། །དང་པོ་གཞན་དོན་རྗེས་དཔག་གི་མཚན་ཉིད་ནི། རྒོལ་བ་རང་ཉིད་ཀྱི་ཚད་མའི་སྟོབས་ཀྱིས་མཐོང་བ་སྟེ་ཁོང་དུ་ཆུད་པའི་ཚུལ་གསུམ་རྒོལ་བ་གཞན་ལ་སྟོན་པའི་ངག་རྣམ་དག་གོ །འདིར་བོད་ཕྱི་མ་དག སྔ་རྒོལ་རང་ཉིད་ཀྱིས་མཐོང་བ། ཞེས་ཟེར་བ་མི་འཐད་དེ། ཕྱིར་རྒོལ་གྱིས་སྔ་རྒོལ་གྱི་ངོར་བཀོད་པའི་གཞན་དོན་རྗེས་དཔག་མི་སྲིད་པར་ཐལ་བའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། གཞན་གྱིས་བརྟགས་པ་ཡི། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །ཞེས་པའི་དོན་དང་འགལ་བའི་ཕྱིར་དང༌། སྔ་རྒོལ་གྱི་དམ་བཅའ་ལ་ཕྱིར་རྒོལ་བས་སུན་འབྱིན་བརྗོད་པའི་སྟོབས་ཀྱིས་རྗེས་དཔག་སྐྱེ་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །ཡང་གཞན་དག སྒྲུབ་ངག་ལ་གཞན་དོན་རྗེས་དཔག་གིས་ཁྱབ་པར་འདོད་པ་ཡང་མི་འཐད་དེ། རང་དོན་སྐབས་ཀྱི་གཏན་ཚིགས་སྲིད་ན། དེ་བརྗོད་བྱར་སྟོན་པའི་རྟགས་ཚིག་མི་སྲིད་པར་འགལ་བའི་ཕྱིར་རོ། །དེ་ལྟ་ན་ཡང༌། འདི་ལ་སྒྲ་ཡི་སྐྱོན་རྩི་མི་དགོས་པར་འགྲེལ་པ་འདི་ཉིད་ལས་འབྱུང་ངོ༌། །གཞན་ཡང༌། གཉིས་པོ་ཡིན་ཁྱབ་མཉམ་པ་དེ་ལྟ་ན། འོག་ནས། ཇི་སྐད་དུ། ཚུལ་གསུམ་སྟོན་པ་སྒྲུབ་པའི་ངག །ཅེས་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གཞན་གྱིས་ཁྱད་པར་དུ་མ་བྱས་པར་བཤད་པ་དང་ཡང་འགལ་ལོ། །གཉིས་པ་ལ་གསུམ་སྟེ། སོ་སོའི་མཚན་ཉིད། རྒྱལ་ཕམ་གྱི་རྣམ་གཞག དཔང་པོས་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། འདིར་བསྟན་པའི་རྒོལ་བ་དང༌། ཕྱིར་རྒོལ་བ་དང༌། དཔང་པོ་གསུམ་གྱི་མཚན་ཉིད་ནི། གོ་རིམ་བཞིན་དུ། སྒྲུབ་བྱེད་འགོད་པ་དང༌། སུན་འབྱིན་བརྗོད་པ་དང༌། རྒྱལ་ཕམ་ཤན་འབྱེད་པར་ཁས་ལེན་པའི་གང་ཟག་གོ །དེ་ལྟར་བཤད་པ་འདི་ཡང༌། ཇི་སྐད་དུ། སྒྲུབ་པའི་ཡན་ལག་མི་བརྗོད་དང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་ཏེ། །ཞེས་གསུངས་པ་ལ་རྗེས་སུ་དཔགས་ནས། དེའི་ལོག་ཕྱོགས་དང༌། གཞན་དོན་རྗེས་དཔག་འགོད་པའི་གང་ཟག་གསུམ་གྱི་དབང་དུ་བྱས་པ་ཡིན་གྱི། སྤྱི་ཙམ་ནས་ནི་མཚན་ཉིད་དེས་མ་ཁྱབ་པ་ཡིན་ཏེ། དམ་བཅའ་ཙམ་བཞག་ནས་སྒྲུབ་བྱེད་མི་འགོད་པའི་སྔ་རྒོལ་ཡང་སྲིད་ལ། སྔ་རྒོལ་གྱིས་བཞག་པའི་དམ་བཅའ་ཡང་དག་གི་སྒྲུབ་བྱེད་འདྲི་བར་བྱེད་ཅིང༌། སུན་འབྱིན་མི་བརྗོད་པའི་ཕྱིར་རྒོལ་ཡང་སྲིད་པའི་ཕྱིར། དེས་ན་འདི་ལྟར། ཕྱོགས་སྔ་མ་ཁས་ལེན་པའི་རྒོལ་བ་ནི། སྔ་རྒོལ་གྱི་མཚན་ཉིད་དོ། །དེ་ལའང་གཉིས་ཏེ། དམ་བཅའ་ཙམ་འཇོག་པ་དང༌། དེའི་སྒྲུབ་བྱེད་ཀྱང་འགོད་པའོ། །དང་པོ་ལའང་གཉིས་ཏེ། དམ་བཅའ་ལྟར་སྣང་འཇོག་པ་དང༌། ཡང་དག་འཇོག་པའོ། །དང་པོ་ལ་གཉིས་ཏེ། སྔ་རྒོལ་གྱི་དཔག་འདོད་མེད་པ་དང༌། ཕྱིར་རྒོལ་གྱི་གྲུབ་བསལ་གང་རུང་ཞུགས་པའོ། །དེ་གཉིས་ཀ་ལ་ཡང༌། སྔ་རྒོལ་གྱི་སྒྲུབ་བྱེད་འགོད་པར་ཁས་ལེན་པ་མ་ཡིན་ཏེ། དཔག་འདོད་མེད་པའི་ཕྱིར་དང༌། གྲུབ་ཟིན་པ་ལ་ཕྱིར་རྒོལ་གྱིས་སྒྲུབ་བྱེད་མི་འདྲི་བའི་ཕྱིར་དང༌། བསལ་བ་ཞུགས་པ་ནི་ཕྱིར་རྒོལ་བས་སུན་འབྱིན་འཇུག་པའི་འོས་ཡིན་པའི་ཕྱིར། གཉིས་པ་ལ་ཡང་གཉིས་ཏེ། རྟགས་ཀྱིས་སྒྲུབ་མི་ནུས་པའི་དམ་བཅའ་ཡང་དག་འཇོག་པ་དང༌། དེས་དེ་ནུས་པའི་དམ་བཅའ་ཡང་དག་འཇོག་པའོ། །དང་པོ་ནི། མིག་སོགས་བདག་དོན་བྱེད་པ་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་ཚེ་ལྟ་བུའོ། །གཉིས་པ་ནི། མིག་སོགས་བདག་མེད་ཡིན་པ་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་ཚེ་ལྟ་བུའོ། །གཉིས་པ་སྒྲུབ་བྱེད་འགོད་པའི་སྔ་རྒོལ་ལ་གཉིས་ཏེ། རྟགས་ཀྱིས་སྒྲུབ་མི་ནུས་པའི་དམ་བཅའ་ལ་དང༌། དེས་སྒྲུབ་ནུས་པའི་དམ་བཅའ་ལ་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། འདུས་ཤིང་བསགས་པའི་རྟགས་ཀྱིས། མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་རྒོལ་བ་ལྟ་བུའོ། །གཉིས་པ་ལ། བསྒྲུབ་བྱ་དེ་སྤྱིར་སྒྲུབ་ནུས་ཀྱི་རིགས་ཡིན་ཀྱང༌། སྒྲུབ་བྱེད་ལ་ཚུལ་གསུམ་མ་ཚང་བ་དང༌། ཚང་བའོ། །ཕྱིར་རྒོལ་བའི་མཚན་ཉིད་ནི། ཕྱོགས་ཕྱི་མ་འཛིན་པའི་རྒོལ་བའོ། །དེ་ལ་གཉིས་ཏེ། འདོད་པ་འདྲི་བ་དང༌། སུན་འབྱིན་བརྗོད་པའོ། །དང་པོ་ལ་གཉིས་ཏེ། སྒྲ་རྟག་གམ་མི་རྟག ཅེས་བརྗོད་པ་ལྟ་བུ་དམ་བཅའ་འདྲི་བ་དང༌། དེའི་འོག་ཏུ་དམ་བཅའ་དེའི་སྒྲུབ་བྱེད་འདྲི་བའོ། །སུན་འབྱིན་བརྗོད་པ་ལ་གཉིས་ཏེ། དམ་བཅའ་ལ་དང༌། སྒྲུབ་བྱེད་ལ་སུན་འབྱིན་བརྗོད་པའོ། །དང་པོ་ལ་གཉིས་ཏེ། སྔ་རྒོལ་གྱི་དཔག་འདོད་མེད་པ་ལ་དང༌། ཕྱི་རྒོལ་གྱིས་གྲུབ་བསལ་ཞུགས་པ་ལ་བརྗོད་པའོ། །འདི་དག་ནི། དམ་བཅའི་སྐྱོན་ལ་སྐྱོན་དུ་བརྗོད་པ་སྟེ། དེས་སྔ་རྒོལ་གྱི་སྤོབས་པ་བཅོམ་པར་གྱུར་པ་ན། དེ་འདྲ་དེ་སྔ་རྒོལ་ཚར་བཅད་ཀྱི་གནས་གཉིས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་པའི་ནང་དུ་འདུས་པ་ལས་འོས་གཞན་མེད་དེ། བསྒྲུབ་བྱ་མ་ཡིན་པ་ལ་སྒྲུབ་བྱེད་མི་འཇུག་པའི་རྒྱུ་མཚན་གྱིས། སྒྲུབ་བྱེད་འཇུག་པའི་གོ་སྐབས་མེད་པའི་ཕྱིར། གཉིས་པ་སྒྲུབ་བྱེད་ལ་སུན་འབྱིན་བརྗོད་པ་ལ་གཉིས་ཏེ། རྟགས་ཀྱིས་སྒྲུབ་མི་ནུས་པའི་དམ་བཅའ་ཡང་དག་གི་སྒྲུབ་བྱེད་ལ་དང༌། དེ་ནུས་པའི་དམ་བཅའ་ཡང་དག་གི་སྒྲུབ་བྱེད་ལ་སུན་འབྱིན་བརྗོད་པའོ། །དང་པོ་ལ་ནི། རྟགས་སྐྱོན་གསུམ་གྱི་དབྱེ་བས་གསུམ་དུ་འགྱུར་རོ། །གཉིས་པ་ལ། རྟགས་ཀྱི་ཚེར་མ་འབྱིན་མི་ནུས་པའི་སྒྲུབ་བྱེད་ལ་སུན་འབྱིན་བརྗོད་པ་དང༌། ཚེར་མ་འབྱིན་ནུས་ཀྱང་སྐབས་དེར་མ་ཕྱུང་བའི་སྒྲུབ་བྱེད་ལ་སུན་འབྱིན་བརྗོད་པའོ། །དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ། གཞལ་བྱ་ལ་སོགས་པ་རྟགས་སུ་བཀོད་པའི་ཚེ་ལྟ་བུ་དང༌། གཉིས་པ་ནི། ཚུལ་གསུམ་མི་ཤེས་པའི་ངོར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ལྟ་བུའོ། །གཉིས་པ་རྒྱལ་ཕམ་གྱི་རྣམ་གཞག་ནི། རྒོལ་བ་གཉིས་པོ་ལ། སྐྱོན་ཅན་ཚར་བཅད་པ་དང༌། ཡོན་ཏན་ཅན་རྗེས་སུ་འཛིན་པར་འཇུག་པ་དེ་ལྟ་བུ་སྟོན་ན། རྒྱལ་ཕམ་ཡོད་པ་ཡིན་ཏེ། རྒོལ་བས་སྒྲུབ་བྱེད་ཡང་དག་བཀོད་པ་ན། ཕྱི་རྒོལ་གྱིས་སྐྱོན་མ་བརྗོད་པའི་ཚེ། སྔ་རྒོལ་རྒྱལ་ཞིང༌། ཕྱི་རྒོལ་ཕམ་པ་དང༌། རྒོལ་བས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ། ཕྱིར་རྒོལ་བས་སྐྱོན་ཡང་དག་བརྗོད་པ་ན། རྒོལ་བ་ཕམ་ཞིང༌། ཕྱིར་རྒོལ་རྒྱལ་བར་འཇོག་པའི་ཕྱིར་རོ། །རྒོལ་བ་གཉིས་ཀྱི་སྐྱོན་ཡོན་ལ། རྒྱལ་ཕམ་དེ་ལྟར་དུ་སྟོན་པ་མིན་ན། རྒྱལ་ཕམ་གཉིས་ཀ་མེད་པར་གསུངས་ཏེ། རྩོད་རིགས་ལས། ཕྱིར་རྒོལ་བས་དེའི་དངོས་པོ་གོ་བར་བྱས་ན་འགྱུར་གྱི། གཞན་དུ་ན། གཉིས་པོ་གཅིག་ཀྱང་རྒྱལ་བ་དང་ཕམ་པར་མི་འགྱུར་རོ། །ཞེས་དང༌། རྒོལ་བས་སྒྲུབ་པར་བྱེད་པ་སྐྱོན་ཅན་བརྗོད་ནའང༌། ཕྱིར་རྒོལ་བས་སྐྱོན་མ་བསྟན་ན། ཕམ་པའི་རྣམ་པར་གཞག་པ་རིགས་པ་མ་ཡིན་ཏེ། དེ་དག་ཉིད་ཀྱི་ཕན་ཚུན་ནུས་པ་ཉེ་བར་འཇོམས་པ་ལ་ལྟོས་ནས། རྒྱལ་བ་དང་ཕམ་པར་རྣམ་པར་འཇོག་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །རྫུན་དང་གཡོ་སྒྱུའི་སྒོ་ནས་ཚར་བཅད་ཀྱང༌། དེ་ལ་རྒྱལ་ཕམ་དུ་འགྱུར་བར་སློབ་དཔོན་མི་བཞེད་དེ། དེ་ཙམ་གྱིས་དེ་ཁོ་ན་ཉིད་བསྲུང་བའི་ཐབས་སུ་མི་འགྱུར་བར་སློབ་དཔོན་གྱིས་གསུངས་པའི་ཕྱིར་རོ། །གསུམ་པ་དཔང་པོས་ཇི་ལྟར་སྒྲུབ་པའི་ཚུལ་ལ་གཉིས་ཏེ། སྤྱིར་ཚར་བཅད་པ་དང་རྗེས་སུ་འཛིན་པའི་ཚུལ། ཚར་བཅད་ཀྱི་གནས་བྱེ་བྲག་ཏུ་གཏན་ལ་ཕབ་པའོ། །དང་པོ་ནི། ནོར་དང་གོ་འཕང་ལ་སོགས་པ་འཕྲོག་པ་དང༌། སྦྱིན་པས་ཚར་བཅད་པ་དང༌། རྗེས་སུ་འཛིན་པ་ནི། འཇིག་རྟེན་པའི་ལུགས་སུ་འདོད་པ་ཡིན་མོད། གྲུབ་མཐའ་ལ་བླང་དོར་བྱེད་པའི་དམ་པ་རྣམས་ཀྱི་ལུགས་ལ་དེ་ལྟར་མ་ཡིན་ཏེ། ལུགས་དེ་ལ། མཁས་པའི་གྲྭར་ནོར་བ་འདོར་བ་དང༌། མ་ནོར་བ་ལེན་པ་སོགས། དམ་པའི་ཚར་བཅད་དང༌། རྗེས་འཛིན་གྱི་ཚུལ་འདོད་ཅིང༌། ཁས་ལེན་དགོས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འཐད་པ་བརྗོད་པ་དང༌། འཁྲུལ་པ་དགག་པའོ། །དང་པོ་ནི། ཚར་བཅད་ཀྱི་རྩ་བའི་དབྱེ་བ་གཉིས་ལས་ཕྱེ་བའི་ཡན་ལག་གི་དབྱེ་བ་བཞིར་གྲངས་ངེས་པ་ནི། རིགས་པ་མཁྱེན་པའི་དགོངས་པ་ཡིན་ཏེ། ཇི་སྐད་དུ། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་ཏེ། །གཞན་ནི་མི་རིགས་ཕྱིར་མི་འདོད། །ཅེས་གསུངས་པའི་ཕྱིར་རོ། །འདིའི་དོན་ལ། རྩ་བའི་དབྱེ་བ་གཉིས་ནི། ཚིགས་སུ་བཅད་པས་ཟིན་པ་དེ་ཉིད་ཡིན་ལ། ཡན་ལག་གི་དབྱེ་བ་བཞི་ནི། དེ་ཉིད་ཀྱི་རྒྱས་བཤད་དུ། རྒོལ་བ་ཚར་བཅད་པའི་གནས་ལ། སྒྲུབ་པའི་ཡན་ལག་མི་བརྗོད་པ་དང༌། ཡན་ལག་མ་ཡིན་པ་བརྗོད་པ་གཉིས་སུ་ཕྱེ་ཞིང༌། ཕྱིར་རྒོལ་ཚར་བཅད་པའི་གནས་ལ། སྐྱོན་མི་བརྗོད་པ་དང༌། སྐྱོན་མ་ཡིན་པ་བརྗོད་པ་གཉིས་སུ་ཕྱེ་ནས་བཤད་པ་ཡིན་ནོ། །འདི་དག་གི་ངོས་འཛིན་ལ། དང་པོ་སྒྲུབ་པའི་ཡན་ལག་མི་བརྗོད་པའི་ཚུལ་ནི་གཉིས་ཏེ། མི་སྨྲ་བར་འདུག་པ་དང༌། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་མི་བརྗོད་པའོ། །དང་པོ་དམ་བཅའ་ཡང་དག་བཞག་ནས། དེའི་སྒྲུབ་བྱེད་གང་ཡང་མི་སྨྲ་བའོ། །འདི་ཡང་སྒྲུབ་བྱེད་དྲིས་པའི་འོག་ཏུ་ཡིན་གྱི། དམ་བཅའ་གཞག་ཙམ་གྱིས་ནི་མ་ཡིན་ཏེ། དམ་བཅའ་ཡང་དག་གཞག་པའི་ཆ་ནས་ཚར་བཅད་ཀྱི་གནས་སུ་བཤད་པ་མེད་པའི་ཕྱིར་དང༌། དམ་བཅའ་ལྟར་སྣང་ལ་སྒྲུབ་བྱེད་འདྲི་བ་མི་རིགས་པས་དེའི་སྒྲུབ་བྱེད་འགོད་པ་མེད་པའི་ཕྱིར་དང༌། དམ་བཅའ་ཡང་དག་ལ་ནི། ཤེས་འདོད་དང༌། དཔག་འདོད་གཉིས་ཀ་ཡོད་པས། སྒྲུབ་བྱེད་འདྲི་བ་དང༌། འགོད་པ་གཉིས་ཀ་སྐབས་སུ་བབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤྱིར་ཚུལ་གསུམ་ཚང་རུང་དུ་མེད་པའི་སྒྲུབ་བྱེད་བརྗོད་པ་དང༌། དེ་ཚང་དུ་རུང་ཡང་ཚེར་མ་ཕྱུང་མ་ཟིན་པའི་རྒྱུ་མཚན་གྱིས་རྒོལ་བ་གཞན་གྱི་ངོར་ཚུལ་གསུམ་མ་ཚང་བའི་རྟགས་བརྗོད་པའོ། །དང་པོ་ནི། སྒྲ་རྟག་པར་སྒྲུབ་པ་ལ། མིག་ཤེས་ཀྱི་གཟུང་བྱ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། ཕྱོགས་ཆོས་དང་འབྲེལ་པ་མི་ཤེས་པའི་ངོར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །དེ་ལྟར་སྒྲུབ་བྱེད་མི་བརྗོད་པའི་དབྱེ་བ་གསུམ་ཡོད་ཀྱང༌། ཐོག་མཐའ་གཉིས་ནི། མཐའ་གཅིག་ཏུ་ཚར་བཅད་ཀྱི་གནས་སུ་མ་ངེས་ཏེ། རྒོལ་བ་གཉིས་ལ་རྒྱལ་ཕམ་བྱུང་བར་མ་ངེས་པའི་ཕྱིར། དཔེར་ན། སྔ་རྒོལ་གྱིས་སྒྲ་མི་རྟག་པ་ལ་སྒྲུབ་བྱེད་འགོད་རྒྱུ་མ་བྱུང་ཡང༌། ཕྱི་རྒོལ་ལ་སྒྲ་རྟག་པའི་སྒྲུབ་བྱེད་འགོད་རྒྱུ་དེ་བས་ཀྱང་མེད་པས། རྒྱལ་ཕམ་དུ་མ་གྱུར་པ་བཞིན་དང༌། སྔ་རྒོལ་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་སྒྲུབ་རྒྱུ་མ་བྱུང་ཡང༌། ཕྱི་རྒོལ་ལ་ལོག་ཕྱོགས་ཀྱི་ཚུལ་གསུམ་སྒྲུབ་བྱེད་དེ་བས་ཀྱང་མེད་པས། རྒྱལ་ཕམ་དུ་མ་གྱུར་པ་བཞིན་ནོ། །དེས་ན། བར་པ་ཁོ་ན་ཚར་བཅད་ཀྱི་གནས་སོ། །འོ་ན། སྒྲ་རྟག་པར་སྒྲུབ་པ་ལྟ་བུ་ལ། ཚུལ་གསུམ་ཚང་མི་སྲིད་པས་གྲུབ་མཐའི་འདོར་ལེན་ཡོད་མོད། སྒྲ་མི་རྟག་པར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པ་ལྟ་བུ་ལ་འདོར་ལེན་ཇི་ལྟར་ཡོད་ཅེ་ན། དེའི་ཚེ་ན། བསྒྲུབ་བྱ་དེ་འདོར་དགོས་པ་མ་ཡིན་ཀྱང༌། དེ་དེའི་སྒྲུབ་བྱེད་དུ་འཇོག་པ་འདོར་དགོས་པ་ཡིན་ཏེ། དེས་དེ་ལྟར་གྲུབ་པའི་ཚུལ་གསུམ་ཚང་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་སྒྲུབ་པའི་ཡན་ལག་མ་ཡིན་པ་བརྗོད་པ་ནི། དམ་བཅའ་དང༌། ཉེ་སྦྱོར་དང༌། མཇུག་བསྡུད་སོགས་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་བརྗོད་པ་དང༌། ཚུལ་གསུམ་ཤེས་ཤིང་དྲན་ལམ་དུ་མེད་པའི་ངོར། ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་གྱི་ངག་གཉིས་ཀ་བརྗོད་པ་ལྟ་བུའོ། །ཡང་ན། སྒྲུབ་བྱེད་མི་བརྗོད་པ་ནི། ཚུལ་གསུམ་ཚང་བར་མི་བརྗོད་པའོ། །སྒྲུབ་བྱེད་མ་ཡིན་པ་བརྗོད་པ་ནི། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་བརྗོད་པའོ། །ཞེས་ཀྱང་རྩོད་རིགས་ལས་འབྱུང་ངོ༌། །ཕྱི་རྒོལ་ཚར་བཅད་ཀྱི་གནས་གཉིས་ལ། དང་པོ་སྐྱོན་མི་བརྗོད་པ་ནི། སྔ་རྒོལ་གྱི་སྒྲུབ་བྱེད་སྐྱོན་ཅན་ལ་སྐྱོན་མི་བརྗོད་པ་ལ་བྱ་བ་ནི་མ་ཡིན་ཏེ། དེ་ལ་ནི། རྒྱལ་ཕམ་གང་ཡང་མེད་པར་རྩོད་རིགས་ལས་འབྱུང་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྐྱོན་མེད་ལ་སྐྱོན་བརྗོད་མ་ནུས་པའི་རྒྱུ་མཚན་གྱིས་ཅི་ཡང་མི་སྨྲ་བའོ། །གཉིས་པ་སྐྱོན་མ་ཡིན་པ་བརྗོད་པ་ནི། སྔ་རྒོལ་གྱི་སྒྲུབ་བྱེད་སྐྱོན་ཅན་ལ། སྐྱོན་མ་ཡིན་པ་ཞིག་བརྗོད་པ་ལ་འཆད་པ་ནི་མ་ཡིན་ཏེ། དེ་ལ་ཡང༌། རྒྱལ་ཕམ་གང་ཡང་མེད་པར་རྩོད་རིགས་ལས་འབྱུང་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྒྲུབ་བྱེད་སྐྱོན་མེད་ལ་སྐྱོན་དུ་བཏགས་ནས་བརྗོད་པ་སྟེ། དཔེར་ན། རྟགས་ཀྱི་ནུས་ཡུལ་མ་བསྟན་པའི་ཕྱིར་ན་གཏན་ཚིགས་སྐྱོན་ཅན་ནོ། །ཞེས་འཆད་པ་ལྟ་བུའོ། །དེ་ལྟར་གཉིས་གཉིས་སུ་ཕྱེ་བའི་ཕྱིས་གཉིས་པོ་དེ། སྔ་མ་གཉིས་པོའི་ནང་དུ་སོ་སོར་མ་འདུས་པ་མེད་དོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་འདི་ཡིན་ཏེ། རྒོལ་ཕྱི་རྒོལ་ཚར་བཅད་པའི་གནས་དང༌། ཚར་བཅད་པའི་དུས་དང༌། ཇི་ལྟར་ཚར་གཅོད་པའོ། །དང་པོ་ལ་སྔ་རྒོལ་ནི། རྟགས་ཀྱིས་སྒྲུབ་པར་མི་ནུས་པའི་དམ་བཅའ་ཞིག་གཞག་ནས། དེའི་སྒྲུབ་བྱེད་མི་བརྗོད་པའམ། སྒྲུབ་བྱེད་མ་ཡིན་པ་བརྗོད་པའོ། །ཕྱི་རྒོལ་ནི། སྔ་རྒོལ་གྱིས་བཀོད་པའི་སྒྲུབ་བྱེད་སྐྱོན་མེད་ལ་སྐྱོན་བརྗོད་རྒྱུ་མེད་པའི་རྒྱུ་མཚན་གྱིས་མི་བརྗོད་པའམ། སྐྱོན་མ་ཡིན་པ་ཞིག་སྐྱོན་དུ་བརྗོད་པའོ། །བཞི་པོ་དེ་དག་ལ་ནི། ཚར་བཅད་ཀྱི་གནས་ཞེས་བྱ་སྟེ། དབང་པོ་མཁས་པས་ཚར་གཅོད་པའི་གནས་དང༌། རྟེན་དང༌། གཞི་ཡིན་པའི་ཕྱིར། གཉིས་པ་ཚར་བཅད་ཀྱི་དུས་ནི། དེ་འདྲ་དེའི་ཚེ། རྒོལ་བ་གཉིས་པོ་གཅིག་གིས་ཅིག་ཤོས་ཀྱི་སྤོབས་པ་བཅོམ་ནས། གང་རུང་གཅིག་རྒྱལ་བར་གྱུར་པ་དེའི་ཚེའོ། །གསུམ་པ་ནི། རྩ་བའི་ཕྱོགས་སྔ་ཕྱི་གང་ཡིན་པ་དེ་ལ་འདོར་ལེན་བྱེད་པའོ། །དེ་ལ་ཡང༌། རྒོལ་ཕྱི་རྒོལ་རང་རང་གི་བློ་གཟུ་བོར་གནས་པའི་རྒྱུ་མཚན་གྱིས་དཔང་པོ་ལ་མི་ལྟོས་པ་དང༌། དེ་མི་གནས་པའི་རྒྱུ་མཚན་གྱིས་དཔང་པོ་ལ་ལྟོས་པ་དང་གཉིས་སྲིད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར། སྔ་རྒོལ་སངས་རྒྱས་པ་ལྟ་བུས་བདག་མེད་དོ། །ཞེས་པ་ལྟ་བུའི་དམ་བཅའ་བཞག་ནས། དེའི་སྒྲུབ་བྱེད་མ་བརྗོད་པའམ་སྒྲུབ་བྱེད་མ་ཡིན་པ་བརྗོད་ཀྱང༌། ཚར་བཅད་ཀྱི་གནས་སུ་མི་རུང་སྟེ། དེའི་ཚེ་ཕྱི་རྒོལ་རྒྱལ་བ་མི་སྲིད་པའི་ཕྱིར་ཏེ། ཕྱི་རྒོལ་གྱི་ཕྱོགས་ལ་སྒྲུབ་བྱེད་ཡང་དག་མེད་པས་གྲུབ་མཐའ་ལ་འདོར་ལེན་བྱེད་པ་མི་སྲིད་པའི་ཕྱིར། ཡང་སྔ་རྒོལ་གྲངས་ཅན་ལྟ་བུས། བདག་ཡོད་པར་དམ་བཅས་ནས། དེའི་སྒྲུབ་བྱེད་བཀོད་པ་ལ། ཕྱི་རྒོལ་སངས་རྒྱས་པས་སྐྱོན་མ་བརྗོད་པའམ། སྐྱོན་མིན་བརྗོད་ཀྱང༌། ཚར་བཅད་ཀྱི་གནས་སུ་མི་རུང་སྟེ། དེའི་ཚེ་སྔ་རྒོལ་གྱི་ཕྱོགས་ལ་སྒྲུབ་བྱེད་ཡང་དག་འགོད་རྒྱུ་མེད་པས་སྔ་རྒོལ་རྒྱལ་བ་མི་སྲིད་པའི་ཕྱིར་རོ། །དེ་བས་ན། དེ་དག་ནི་རྒྱལ་ཕམ་གཉིས་ཀ་མེད་པའི་དཔེའོ། །དེ་ལྟ་མོད་ཀྱི་རྩ་བའི་གྲུབ་མཐའ་སྐྱོན་མེད་ཡིན་ཀྱང༌། སྒྲུབ་བྱེད་ལ་སྐྱོན་ཆགས་པའི་ཚེ་རྩ་བའི་གྲུབ་མཐའ་དེ་འདོར་མི་དགོས་ཀྱང༌། སྒྲུབ་བྱེད་འདོར་དགོས་པ་དང༌། གཞན་གྱི་གྲུབ་མཐའ་སྐྱོན་ཅན་ཡིན་ཀྱང༌། སུན་འབྱིན་མ་ཤེས་ན། སྐྱོན་ཅན་དེ་ལེན་མི་དགོས་ཀྱང༌། སུན་འབྱིན་དེ་འདོར་དགོས་པ་ལྟ་བུའི་སྒོ་ནས་ཀྱང་ཚར་བཅད་ཀྱི་གནས་སུ་གཞག་པ་ཞིག་ཡོད་པ་དེ་དག་ནི་ཚར་བཅད་ཀྱི་གནས་ཕལ་པའོ། །གཉིས་པ་འཁྲུལ་པ་དགག་པ་ལ་གཉིས་ཏེ། གངས་ཅན་པའི་ལུགས་མི་འཐད་པ་དང༌། རྐང་མིག་པའི་ལུགས་དགག་པའོ། །དང་པོ་ནི། བོད་གངས་ཅན་པ་རྣམས་ནི་གྲོལ་བ་ཚར་བཅད་ཀྱི་གནས་ལ་ནི་གསུམ་མཚན་གཉིས་ཏེ་དྲུག་དང༌། ཕྱིར་རྒོལ་ཚར་བཅད་ཀྱི་གནས་ལའང་གསུམ་ཚན་གཉིས་ཏེ་དྲུག་དང༌། དཔང་པོ་ཚར་བཅད་ཀྱི་གནས་ལ་གསུམ་དང༌། ཀུན་ལ་ཐུན་མོང་དུ་གཅིག་སྟེ་བཅུ་དྲུག་ཡོད་པར་འདོད་དོ། །འདི་མི་འཐད་དེ། ཚར་བཅད་ཀྱི་གནས་ཡིན་ན། སྔ་མ་བཞི་པོ་དེར་འདུས་ལ། དེར་འདུས་པ་མ་ཡིན་ན། སྐབས་འདིའི་ཚར་བཅད་ཀྱི་གནས་ཉིད་མ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ། དཔང་པོ་ལ་ཚར་བཅད་ཀྱི་གནས་འཇོག་པ་མི་འཐད་དེ། ཇི་སྐད་དུ། གཉིས་པོ་དག ཚར་བཅད་པ་ཡི་གནས་ཡིན་ཏེ། གཞན་ནི་མི་རིགས། ཞེས་དཔང་པོ་ལ་ནི་ཚར་བཅད་ཀྱི་གནས་བཤད་པ་མེད་པའི་ཕྱིར་དང༌། དཔང་པོ་ལ་ཅི་ནས་ཚར་བཅད་བྱེད་པ་སྲིད་ན། དཔང་པོ་ཐུག་པ་མེད་པ་ཉིད་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་རྐང་མིག་པའི་ལུགས་དགག་པ་ལ་གཉིས་ཏེ། ཚར་བཅད་ཀྱི་གྲངས་གཞན་དགག་པ་དང༌། དེ་ལ་འཕྲོས་ནས་ལྟག་ཆོད་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། ཐུབ་པ་རྐང་མིག་གིས་བཤད་པའི་ཚར་བཅད་ཀྱི་གནས་ནི་ཉི་ཤུ་རྩ་གཉིས་འབྱུང་བ་ཡིན་ནོ། །དེ་གང་ཞེ་ན། དམ་བཅའ་ལ་གནོད་པའི་ཚར་བཅད་དང༌། དམ་བཅའ་གཞན་པའི་དང༌། དམ་བཅའ་འགལ་བའི་དང༌། དམ་བཅའ་སེལ་བའི་དང༌། གཏན་ཚིགས་གཞན་པའི་དང༌། དོན་མེད་པའི་དང༌། ཕྱི་རྒོལ་གྱིས་དོན་མི་ཤེས་པ་སྔ་རྒོལ་ཚར་བཅད་པའི་དང༌། དོན་བྲལ་བའི་དང༌། དུས་ལ་མ་བབ་པའི་དང༌། ཡན་ལག་མ་ཚང་བའི་དང༌། ཡན་ལག་ལྷག་པའི་དང༌། ཡང་བརྗོད་ཅེས་པ་བཟློས་པའི་དང༌། རྗེས་སུ་མི་སྨྲ་བའི་དང༌། ཕྱི་རྒོལ་གྱི་དོན་མི་ཤེས་པའི་དང༌། སྤོབས་པ་མེད་པའི་དང༌། རྣམ་གཡེང་གིས་གཡེངས་པའི་དང༌། འདོད་པ་ཁས་ལེན་པའི་དང༌། རྒལ་བརྟགས་འདོར་བའི་དང༌། རྗེས་སུ་སྦྱོར་མེད་ལ་སྦྱོར་བའི་དང༌། གྲུབ་མཐའ་ཉམས་པའི་དང༌། གཏན་ཚིགས་ལྟར་སྣང་བ་ཚར་བཅད་ཀྱི་གནས་ཡིན་པ་རྣམས་སོ། །གཉིས་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྡེ་བདུན་མཛད་པ་ཡང་དེ་དང་མཐུན་པར་བཞེད་དམ་ཞེ་ན། མ་ཡིན་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས། རྐང་མིག་གི་འདོད་པ་ཉེར་གཉིས་པོ་དེ་ལ། འགའ་ཞིག་ཚར་གཅོད་ཀྱི་གནས་མ་ཡིན་པར་བཤད་ཅིང༌། ལ་ལ་ཚར་བཅད་ཀྱི་གནས་ཡིན་ནའང༌། སྒྲུབ་བྱེད་མི་བརྗོད་པ་དང༌། སྐྱོན་མི་བརྗོད་པ་གང་ཡང་རུང་བ་གཉིས་པོར་བསྡུད་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། ཚར་བཅད་ཉེར་གཉིས་ངོས་བཟུང་ནས། དེ་དག་རང་ལུགས་ཀྱི་ཚར་བཅད་གཉིས་པོ་གང་རུང་དུ་མ་འདུས་པའི་ཚར་བཅད་ཀྱི་གནས་ཡིན་པ་འགོག་བྱེད་ཀྱི་རིགས་པ་ཉི་ཤུ་རྩ་གཉིས་བཤད་པར་བྱ་བ་ལས། དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། སྔ་རྒོལ་གྱི་དམ་བཅའ་ལ་ཕྱི་རྒོལ་གྱིས་གནོད་པ་བྱས་པའི་ཚེ། སྔ་རྒོལ་ཚར་བཅད་ཀྱི་གནས་ཡིན་ནོ། །ཞེས་ཟེར། གཉིས་པ་ནི། དེ་མི་འཐད་དེ། སྔ་རྒོལ་གྱི་དམ་བཅའ་ཡང་དག་རྟགས་ཀྱིས་སྒྲུབ་ནུས་པ་དག་ལ་ནི། ཕྱི་རྒོལ་གྱིས་གནོད་པ་བྱས་པ་མི་སྲིད། དམ་བཅའ་ལྟར་སྣང་ལ་གནོད་པ་བྱས་པ་ནི། སྒྲུབ་པའི་ཡན་ལག་མི་བརྗོད་པའི་ནང་དུ་འདུས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་ཚེ་སྔ་རྒོལ་ཕམ་པ་མེད་པའི་ཕྱིར། གཉིས་པ་ལའང་སྔ་མ་ལྟར་གཉིས་ལས། དང་པོ་ནི། དམ་བཅའ་གཞན་པའི་ཚར་བཅད་ཅེས་བྱ་བ་ནི། དང་པོར་དམ་བཅའ་ཅིག་བཞག་ནས། དེའི་སྒྲུབ་བྱེད་མ་ངེས་པར་བསྟན་པ་ན། སླར་ཡང་དམ་བཅའ་སྔ་མ་དེའི་སྒྲུབ་བྱེད་དུ་དོན་གཞན་ཞིག་དམ་བཅའ་བ་ལྟ་བུའོ། །ཞེས་ཟེར་རོ། །གཉིས་པ་ནི། དེ་འདྲ་དེ་ཚར་བཅད་ཀྱི་གནས་ལོགས་པར་མི་འཐད་དེ། དམ་བཅའ་ཕྱི་མ་དེ་དམ་བཅའ་སྔ་མའི་སྒྲུབ་བྱེད་དུ་བསྟན་པ་ཡིན་ན་ནི། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པར་སོང་བས། སྒྲུབ་པའི་ཡན་ལག་མི་བརྗོད་པའི་ནང་དུ་འདུས། སྔ་མའི་སྒྲུབ་བྱེད་དུ་མ་བསྟན་ན་ཡང༌། ཚར་བཅད་ཀྱི་གནས་མ་ཡིན་པའམ། ཡིན་ན་དམ་བཅའ་སྔ་མ་ལ་ལྟོས་པའི་སྒྲུབ་བྱེད་མི་བརྗོད་པར་འདུས་པའི་ཕྱིར། ཇི་ལྟར་ཞེ་ན། སུན་འབྱིན་ལུགས་ཤེས་ན་མ་ངེས་པར་འདུས་པ་ཡིན་ཏེ། དམ་བཅའ་སྔ་མའི་སྒྲུབ་བྱེད་ལ་ཁྱབ་པ་མ་ངེས་པར་བསྟན་པ་ན། དམ་བཅའ་ཕྱི་མ་དེ་སྒྲུབ་བྱེད་སྔ་མའི་ཁྱབ་སྒྲུབ་ཏུ་བཤད་པར་གོ་བས་སོ། །གསུམ་པ་ལ་གཉིས་ལས། དང་པོ་ནི། དམ་བཅའ་དང་རྟགས་སོགས་འགལ་བའི་ཚར་བཅད་ཅེས་བྱ་བ་ནི། དམ་བཅའ་དང་རྟགས་འགལ་བ་དང༌། དེ་དང་དཔེ་འགལ་བ་དང༌། དེ་དང་རང་ཚིག་འགལ་བ་རྣམས་སོ། །ཞེས་ཟེར། གཉིས་པ་ནི། དེ་ཚར་བཅད་ལོགས་པར་མི་འཐད་དེ། དེར་དམ་བཅའ་བརྗོད་ན་ནི་ལྷག་པའི་སྐྱོན་ཡིན་པས། སྒྲུབ་པའི་ཡན་ལག་མ་ཡིན་པ་བརྗོད་པར་སོང་ལ། དེ་མ་བརྗོད་པར་ཞེ་འདོད་ཀྱི་དམ་བཅའ་དང་འགལ་བའི་རྟགས་སོགས་བརྗོད་པ་ཡིན་ན། རྟགས་ཀྱི་སྐྱོན་གསུམ་པོ་གང་རུང་དུ་འགྱུར་ཞིང༌། ཞེ་འདོད་ཀྱི་བསྒྲུབ་བྱས་ཡིན་པའི་ལུང་ངོ་མ་ལྟ་བུ་ལ་གནོད་ཀྱང༌། རྟགས་ལ་སྐྱོན་མེད་པས་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །བཞི་པ་ལ་གཉིས་ལས། དང་པོ་ནི། དམ་བཅའ་སེལ་བའི་ཚར་གཅོད་ཅེས་པ། རྩ་བའི་དམ་བཅའ་ལ་སྒྲུབ་བྱེད་གང་བཀོད་ཀྱང༌། ཕྱི་རྒོལ་གྱིས་སུན་ཕྱུང་བས། དམ་བཅའ་སྔ་མ་འདོར་བ་དེ་ཡང་ཚར་བཅད་ཀྱི་གནས་སོ། །ཞེས་ཟེར། གཉིས་པ་ནི། དམ་བཅའ་སྔ་མ་དོར་ཟིན་པའི་ཚེ། ཚར་བཅད་གཉིས་པ་བྱེད་པ་དོན་མེད་ཡིན་ཏེ། དམ་བཅའ་སྔ་མ་དོར་བ་དེ་ཉིད་ཀྱིས་ཚར་བཅད་ཟིན་པ་ཡིན་པའི་ཕྱིར། དེ་འདྲ་དེ་ཡང་སྒྲུབ་བྱེད་མ་ངེས་པའི་ཚར་བཅད་དུ་འདུས་སོ། །ལྔ་པ་ལ་གཉིས་ལས། དང་པོ་ནི། གཏན་ཚིགས་གཞན་པའི་ཚར་གཅོད་ཅེས་པ། ཤེས་བྱེད་ཀྱི་གཏན་ཚིགས་སྔ་མ་ལ་ཕྱིར་རྒོལ་བས་འཁྲུལ་བར་བསྟན་པ་ན། རྟགས་ཀྱི་ཁྱད་པར་གཞན་སྣོན་པ་དེ་ཡང་ཚར་བཅད་ཀྱི་གནས་སོ། །ཞེས་ཟེར། མི་འཐད་དེ། ཤེས་བྱེད་སྔ་མ་འགོད་པའི་ཚེ། རྒོལ་བའི་ངག་རྫོགས་ན་ནི། ཕྱིར་རྒོལ་བས་སྒྲུབ་བྱེད་མ་ངེས་པར་བསྟན་པ་དེ་ཉིད་ཀྱིས་ཚར་བཅད་ཟིན་པས། རྟགས་ཀྱི་ཁྱད་པར་བསྣན་པའི་ཚེ། ཚར་བཅད་གཉིས་པ་དགོས་པའི་དོན་མེད་ལ། རྒོལ་བའི་ངག་མ་རྫོགས་ན་ནི། རྟགས་ཀྱི་ཁྱད་པར་བསྣན་པས་གཏན་ཚིགས་ཡང་དག་ཏུ་སོང་བ་དེའི་ཚེ། ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །དྲུག་པ་ལ་གཉིས་ལས། དང་པོ་ནི་དོན་གཞན་པའི་ཚར་གཅོད་ཅེས་བྱ་བ། རྒོལ་བ་གཉིས་རྩོད་པའི་སྐབས་ཀྱི་དོན་དང་འབྲེལ་བ་མེད་པ། སྤྱིར་གཏན་ཚིགས་ཀྱི་སྐད་ཀྱི་བྱིངས་དང༌། རྐྱེན་དང༌། ཉེར་སྒྱུར་ལ་སོགས་པ་འཆད་པའོ། །ཞེས་ཟེར། གཉིས་པ་ནི། དེ་ཡང་ཚར་བཅད་ལོགས་པར་མི་འཐད་དེ། དེའི་ཚེ་རྒོལ་བ་ནི་སྒྲུབ་བྱེད་མ་ངེས་པ་སྟེ་མི་བརྗོད་པའི་སྒོ་ནས་ཚར་བཅད་ཀྱི་གནས་སུ་འཇོག་ལ། ཕྱི་རྒོལ་ནི་སྐྱོན་མ་ཡིན་པ་བརྗོད་པའི་སྒོ་ནས་ཚར་བཅད་ཀྱི། དེ་ལས་གཞན་པའི་ཚར་བཅད་ཀྱི་གནས་སུ་སོང་བ་མ་ཡིན་པའི་ཕྱིར། བདུན་པ་ལ་གཉིས་ལས། དང་པོ་ནི། དོན་མེད་པའི་ཚར་བཅད་ཅེས་བྱ་བ་ནི། སྐབས་ཀྱི་དམ་བཅའི་སྒྲུབ་བྱེད་དུ་འབྲེལ་བ་མེད་པ། ཡི་གེ་ལྕི་ཡང་དང༌། སྲབ་འཐུག་གི་གོ་རིམ་སྟོན་པ་ལྟ་བུའོ། །ཞེས་ཟེར། གཉིས་པ་ནི། དེ་མི་འཐད་དེ། དེ་ཡང་སྒྲུབ་པའི་ཡན་ལག་མ་ཡིན་པ་བརྗོད་པ་ལས་ཚར་བཅད་ཀྱི་གནས་གཞན་དུ་རིགས་པ་མིན་པའི་ཕྱིར་རོ། །བརྒྱད་པ་ལ་གཉིས་ལས། དང་པོ་ནི། དོན་མི་ཤེས་པའི་ཚར་གཅོད་ཅེས་པ་ནི། རྒོལ་བས་དབང་པོ་དང་ཕྱི་རྒོལ་གྱི་ཚོགས་པར་ལན་གསུམ་བརྗོད་ཀྱང༌། དོན་མ་གོ་ན། རྒོལ་བ་ཚར་གཅོད་དོ་ཞེས་ཟེར། གཉིས་པ་ནི། མི་འཐད་དེ། རྒོལ་བས་དོན་མེད་པའི་སྒྲ་ལན་གསུམ་བརྗོད་པ་ནི་སྒྲུབ་པའི་ཡན་ལག་མ་ཡིན་པར་འདུས་ལ། དོན་དང་ལྡན་པའི་གཏན་ཚིགས་ཀྱི་ཚིག་ལན་གསུམ་བརྗོད་ཀྱང༌། ཕྱི་རྒོལ་སོགས་ཀྱིས་མ་རྟོགས་པ་ནི། གཞན་བླུན་པའི་སྟོབས་ཀྱིས་རྒོལ་བ་རང་ཉིད་རྒྱལ་བར་མ་གྱུར་ཀྱང༌། རང་གི་སྐྱོན་མིན་པས་ན། རྒོལ་བ་ཚར་གཅོད་པར་རིགས་པ་མ་ཡིན་པའི་ཕྱིར་རོ། །དགུ་པ་ལ་གཉིས་ལས། དང་པོ་ནི། དོན་བྲལ་ཞེས་པ་སྨྱོན་པའི་ཚིག་ལྟར་མ་འབྲེལ་བ་བརྗོད་པ་ཡང་ཚར་བཅད་ཀྱི་གནས་སོ་ཞེས་ཟེར། གཉིས་པ་ནི། དེ་མི་འཐད་དེ། དེ་ཡང་སྒྲུབ་པའི་ཡན་ལག་མ་ཡིན་པར་འདུས་པའི་ཕྱིར་རོ། །བཅུ་པ་ལ་གཉིས་ལས། དང་པོ་ནི། དུས་ལ་མ་བབ་པའི་ཚར་བཅད་ཅེས་པ། སྒྲུབ་བྱེད་ཀྱི་ཡན་ལག་རྣམས་གོ་རིམ་བཟློག་ནས་བརྗོད་པའོ། །ཞེས་ཟེར། གཉིས་པ་ནི། མི་འཐད་དེ། སྒྲུབ་བྱེད་གོ་རིམ་བཟློག་པ་དེ་ལས་བསྒྲུབ་བྱའི་དོན་གོ་ན་ཚར་བཅད་ཀྱི་གནས་མ་ཡིན་ལ། དོན་མི་གོ་ན། སྒྲུབ་པའི་ཡན་ལག་མ་ཡིན་པ་བརྗོད་པར་འདུས་པའི་ཕྱིར་རོ། །བཅུ་གཅིག་པ་ལ་གཉིས་ལས། དང་པོ་ནི། སྒྲུབ་བྱེད་མ་ཚང་བའི་ཚར་བཅད་ཅེས་པ་ནི། སྒྲུབ་བྱེད་ཀྱི་ཡན་ལག་ལྔ་ལས་གང་རུང་ཅིག་མ་ཚང་བར་བརྗོད་པའོ། །ཞེས་ཟེར། གཉིས་པ་ནི་མི་འཐད་དེ། རྟགས་ཁྱབ་ཀྱི་ཡན་ལག་གཉིས་ལས་གང་རུང་ཅིག་མ་ཚང་བ་ནི་སྐྱོན་ཅན་ཡིན་མོད་ཀྱང༌། སྒྲུབ་བྱེད་མ་བསྟན་པའི་ནང་དུ་འདུས་ལ། དམ་བཅའ་དང་ཉེར་སྤྱོད་སོགས་མེད་ཅིང་མ་ཚང་བ་ནི་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར། བཅུ་གཉིས་པ་ལ་གཉིས་ལས། དང་པོ་ནི། རྟགས་དང་དཔེ་སྔ་མས་བསྒྲུབ་བྱ་གྲུབ་བཞིན་དུ། ལྷག་པ་བརྗོད་པ་ནི་ལྷག་པའི་ཚར་གཅོད་ཅེས་བྱ་བའོ། །གཉིས་པ་ནི། དེ་མི་འཐད་དེ། ངེད་ཀྱི་ལུགས་ལ་ནི། དེ་འདྲ་དེ་སྒྲུབ་བྱེད་བརྗོད་པ་མ་ཡིན་པར་འདུས་ལ། ཁྱེད་ཀྱི་ལུགས་ལ་ནི། ངག་ལྷག་པ་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར། བཅུ་གསུམ་པ་ལ་གཉིས་ལས། དང་པོ་ནི། ཡང་བརྗོད་པའི་ཚར་བཅད་ཅེས་པ་ནི། སྒྲ་དང་དོན་གཉིས་ཀ་བཟློས་པར་བརྗོད་པ་སྟེ། དཔེར་ན། སྒྲ་མི་རྟག་མི་རྟག་ཅེས་བརྗོད་པ་ལྟ་བུའོ། །ཞེས་ཟེར། མི་འཐད་དེ། དོན་མ་བཟློས་པའི་སྒྲ་རྐྱང་པ་བཟློས་པ་ནི་སྒྲུབ་བྱེད་ཀྱི་སྐྱོན་མ་ཡིན་ལ། དོན་བཟློས་པ་ནི་སྒྲུབ་བྱེད་མ་ཡིན་པར་འདུས་པའི་ཕྱིར་རོ། །དེ་ཡང་སྒྲུབ་པའི་ངག་ལ་ཡིན་གྱི། གཏམ་རྒྱུད་རྒྱས་པ་ལ་འདི་སྐྱོན་མ་ཡིན་ཏེ། དེ་ལ་ཚིག་དོན་ལྷག་ཆད་ཀྱི་ངེས་པ་མེད་པའི་ཕྱིར་རོ། །བཅུ་བཞི་པ་ལ་གཉིས་ལས། དང་པོ་ནི། རྗེས་སུ་མི་སྨྲ་བའི་ཚར་གཅོད། ཅེས་པ། རྒོལ་བས་ལན་གསུམ་གཅོད་ཀྱང༌། ཕྱི་རྒོལ་གྱིས་རྗེས་སུ་མི་སྨྲ་བའོ། །ཞེས་ཟེར། གཉིས་པ་ནི་མི་འཐད་དེ། ཕྱི་རྒོལ་གྱིས་རྒོལ་བའི་ངག་ཀུན་མ་བརྗོད་པ་ནི་སྐྱོན་མ་ཡིན་ལ། དགོས་པ་མ་བརྗོད་ན་སྤོབས་པ་མེད་པ་ཡིན་པས། སྐྱོན་མི་བརྗོད་པའི་ནང་དུ་འདུ་བའི་ཕྱིར་རོ། །བཅོ་ལྔ་པ་ལ་གཉིས་ལས། དང་པོ་ནི། དབང་པོས་གོ་ཡང༌། ཕྱི་རྒོལ་གྱིས་མ་གོ་ན། དོན་མི་ཤེས་པ་ཞེས་བྱ་བའི་ཚར་བཅད་དོ། །ཞེས་ཟེར། གཉིས་པ་ནི། མི་འཐད་དེ། དེ་འདྲ་དེ་ཕྱི་རྒོལ་ནི་སྤོབས་པ་མེད་པ་ལས་གཞན་དུ་གྱུར་པ་མ་ཡིན་པའི་ཕྱིར། བཅུ་དྲུག་པ་ལ་གཉིས་ལས། དང་པོ་ནི། སྤོབས་པ་མེད་པའི་ཚར་བཅད་ཅེས་པ། རྒོལ་བ་གཞན་གྱིས་ལན་སྨྲ་མི་ཤེས་པར་ཚིགས་བཅད་དང༌། གཏམ་རྒྱུད་ལ་སོགས་པས་དུས་འདའ་བར་བྱེད་པའོ། །ཞེས་ཟེར་རོ། །གཉིས་པ་ནི། མི་འཐད་དེ། མི་སྤོབས་པ་ནི་སྒྲུབ་པའི་ཡན་ལག་མི་བརྗོད་པའམ། སྐྱོན་མི་བརྗོད་པའི་ཁོངས་སུ་འདུས་པའི་ཕྱིར་རོ། །བཅུ་བདུན་པ་ལ་གཉིས་ལས། དང་པོ་ནི། རྣམ་གཡེང་གི་ཚར་བཅད་ཅེས་པ། བྱ་བ་གཞན་ལ་ཆགས་ནས་རྩོད་པ་འདོར་བའོ། །ཞེས་ཟེར། གཉིས་པ་ནི་མི་འཐད་དེ། རྣམ་གཡེང་དྲང་པོ་ནི་ཚར་བཅད་ཀྱི་གནས་མ་ཡིན་ལ། རྩོད་ལན་མ་ཤེས་པའི་གཡོ་ཅན་གྱི་རྣམ་གཡེང༌། ཁོ་བོས་བྱ་བ་འདི་བྱས་ལ་ལན་འདེབས་སོ། །ཞེས་པ་ལྟ་བུ་ནི་སྤོབས་པ་མེད་པའི་ནང་དུ་འདུས་པའི་ཕྱིར་རོ། །བཅོ་བརྒྱད་པ་འདོད་པ་ཁས་ལེན་པའི་ཚར་གཅོད་ཅེས་པ། གཞན་གྱིས་རང་སྐྱོན་ཅན་དུ་བསྒྲུབས་པ་ན། རང་དེར་ཁས་བླངས་ནས། གཞན་ལའང་སྒྲུབ་བྱེད་དེ་ཞུགས་པར་འཆད་པ་སྟེ། དཔེར་ན། རྒོལ་བ་ན་རེ། ཁྱེད་རྐུན་མ་ཉིད་ཡིན་ཏེ། སྐྱེས་བུ་ཡིན་པའི་ཕྱིར། ཟེར་བ་ལ་ཕྱིར་རྒོལ་བ་ན་རེ། ཁྱེད་ཀྱང་དེ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཞེས་བརྗོད་པ་ལྟ་བུའོ། །ཞེས་ཟེར་རོ། །གཉིས་པ་ནི། མི་འཐད་དེ། རྒོལ་བའི་གཏན་ཚིགས་སྐྱོན་ཅན་དེ་ལ། ཕྱིར་རྒོལ་བས་ཐལ་བ་འཕེན་ཤེས་ན། མ་ངེས་པའི་སྐྱོན་བརྗོད་པས། སྔ་རྒོལ་སྒྲུབ་བྱེད་མི་བརྗོད་པའི་ནང་དུ་འདུས་ལ། རྟགས་དེ་སྐྱོན་ཅན་དུ་མི་ཤེས་པར་རང་གཞན་གཉིས་ཀ་སྐྱོན་ཅན་དུ་ཁས་ལེན་པ་ནི་སྤོབས་པ་མེད་པས་སྐྱོན་མི་བརྗོད་པའི་ནང་དུ་འདུས་པའི་ཕྱིར་རོ། །འདི་ལ་འགྲེལ་པ་འདིར་ཚར་བཅད་ཀྱི་གནས་སུ་གསུངས་ཀྱང༌། རྩོད་རིས་ལས་རྒྱལ་ཕམ་གཉིས་ཀ་མེད་པའི་དཔེར་བཤད་པ་ཡིན་ཏེ། ཇི་སྐད་དུ། གཉིས་ཀ་ལ་གཅིག་ཀྱང་རྒྱལ་བ་དང་ཕམ་པ་དག་མ་ཡིན་ཏེ། དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བྱེད་པ་མེད་པ་ཉིད་ཀྱི་ཕྱིར་དང༌། སྐྱོན་བརྗོད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །བཅུ་དགུ་པ་ལ་གཉིས་ལས། དང་པོ་ནི། རྒལ་བརྟག་འདོར་བའི་ཚར་བཅད་ཅེས་བྱ་བ། ཚར་བཅད་ཐོབ་པ་ཚར་མི་གཅོད་པའོ། །ཞེས་ཟེར། དེ་མི་འཐད་དེ། དེ་འདྲ་དེ་རྒོལ་བ་གཉིས་པོ་གང་རུང་སྤོབས་པ་མེད་པའི་ནང་དུ་འདུས་པའི་ཕྱིར་རོ། །འདི་ལ་ཡང༌། རྒྱལ་ཕམ་གྱི་རྣམ་གཞག་མི་འཇུག་པས། ཚར་བཅད་ཀྱི་གནས་མཚན་ཉིད་པ་མ་ཡིན་པར་འགྲེལ་པ་འདི་ཉིད་ལས་ཀྱང་འབྱུང་ངོ༌། །ཉི་ཤུ་པ་ལ་གཉིས་ལས། དང་པོ་ནི། རྗེས་སུ་སྦྱོར་མེད་ལ་སྦྱོར་བའི་ཚར་གཅོད་ཅེས་བྱ་བ་ནི། ཚར་བཅད་ཀྱི་གནས་མ་ཡིན་པ་ལ་དེ་སྦྱོར་བའོ། །ཞེས་ཟེར། གཉིས་པ་ནི། འདི་ཡང་ཚར་བཅད་ལོགས་པར་མི་འཐད་དེ། དེ་འདྲ་དེ་རྒོལ་བ་གཉིས་པོ་གང་རུང་སྤོབས་པ་མེད་པ་ལས་གཞན་མ་ཡིན་པས། ཚར་བཅད་ཀྱི་གནས་གཉིས་པོ་གང་རུང་དུ་འདུ་བའི་ཕྱིར་རོ། །ཉེར་གཅིག་པ་ལ་གཉིས་ལས། དང་པོ་ནི། གྲུབ་མཐའ་ཉམས་པའི་ཚར་བཅད་ཅེས་བྱ་བ། རྩ་བའི་གྲུབ་མཐའ་ལ་གཞན་གྱིས་སུན་འབྱིན་ཡང་དག་བརྗོད་པས། སྔར་གྱི་ལོག་ཕྱོགས་ཁས་བླངས་པའོ། །ཞེས་ཟེར། གཉིས་པ་ནི། དེ་ཚར་གཅོད་ལོགས་པར་མི་འཐད་དེ། དེ་འདྲ་དེ་སྒྲུབ་པའི་ཡན་ལག་མི་བརྗོད་པ་ཉིད་དུ་འདུས་པའི་ཕྱིར་རོ། །འདི་དང་དམ་བཅའ་ལ་གནོད་པའི་ཚར་བཅད་གཉིས་ཀྱི་ཁྱད་པར་ནི། སྒྲུབ་བྱེད་དང་དམ་བཅའ་ལ། སུན་འབྱིན་ལྟར་སྣང་དང༌། ཡང་དག་བརྗོད་པའི་དབྱེ་བ་ལས་ཐ་དད་དུ་དབྱེ་བར་འདོད་དོ། །ཉེར་གཉིས་པ་ལ། ཕྱོགས་སྔ་བརྗོད་པ་དང༌། འདོད་པ་མཐུན་པར་བསྟན་པའོ། །དང་པོ་ནི། གཏན་ཚིགས་ལྟར་སྣང་བ་ཡང༌། ཚར་བཅད་ཀྱི་གནས་སྔ་མ་ཉེར་གཅིག་ཏུ་མ་འདུས་པའི་ཚར་བཅད་ཀྱི་གནས་ཡིན་ནོ་ཟེར། གཉིས་པ་ནི། གཏན་ཚིགས་ལྟར་སྣང་ཚར་བཅད་གནས། ཞེས་པ། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་བརྗོད་པ་འདི་ཁོ་ན་ཚར་བཅད་ཀྱི་གནས་ཡིན་ལ། རྐང་མིག་གིས་བཤད་པའི་སྔ་རྒོལ་ཚར་བཅད་ཀྱི་གནས་སོ་སོ་བ་དེ་དག་ཀྱང༌། འདིའི་ནང་དུ་འདུས་སོ་ཞེས་བྱ་བའི་དོན་ཏེ། རྩོད་རིགས་ལས། དེའི་ཕྱིར་ཇི་སྐད་དུ་བཤད་པའི་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ཁོ་ན་ཚར་བཅད་པའི་གནས་སུ་འགྱུར་རོ། །ཞེས་སྨྲས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ལ་འཕྲོས་ནས། ལྟག་ཆོད་བཤད་པ་ལ་གཉིས་ཏེ། འཕྲོས་མཚམས་མདོར་བསྟན་པ་དང༌། སོ་སོའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན། ཚར་བཅད་ཀྱི་གནས་ཐམས་ཅད་གཏན་ཚིགས་ལྟར་སྣང་གི་ནང་དུ་འདུས་སམ་ཞེ་ན། སྔ་རྒོལ་ཚར་བཅད་པའི་གནས་ཐམས་ཅད་དེར་འདུས་ཀྱང༌། ཕྱི་རྒོལ་ཚར་བཅད་པའི་གནས་ནི་སྐྱོན་མ་ཡིན་པ་བརྗོད་པ་ཞེས་བྱ་བ་དེ་ཡིན་ལ། དེའི་མིང་གི་རྣམ་གྲངས་ལ། ལྟག་ཆོད་བརྗོད་པ་ཞེས་བྱ་ལ། དེའི་དབྱེ་བ་ནི། ཕྱོགས་ཀྱི་གླང་པོས་ཉི་ཤུ་རྩ་བཞིར་བཤད་དོ། །ཞེས་འཆད་པ་ནི། དཔེར་ན་ཞེས་སོགས་སོ། །ཡང་ན་འདི་ལྟར། སྔ་རྒོལ་གྱི་གཏན་ཚིགས་ལྟར་སྣང་བ་བརྗོད་པ་དེ་ཐམས་ཅད། སྔ་རྒོལ་ཚར་བཅད་ཀྱི་གནས་ཡིན་ཏེ། དཔེར་ན། ཕྱི་རྒོལ་གྱིས་འཁོར་གསུམ་མ་ཚང་བའི་ལྟག་ཆོད་བརྗོད་པ་དེ་ཐམས་ཅད། ཕྱི་རྒོལ་ཚར་བཅད་ཀྱི་གནས་སུ་འཇོག་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། ངོས་འཛིན་རྒྱས་པར་བཤད་པའོ། །དང་པོ་ནི། ལྟག་ཆོད་ནི་ཉི་ཤུ་རྩ་བཞིར་བཤད་པ་ཡིན་ཏེ། ཚད་མ་ཀུན་ལས་བཏུས་ལས། ཕྲད་པ་མཚུངས་པ་ནས་ཐལ་འགྱུར་མཚུངས་པའི་བར་བཅུ་བཞི་བཤད་པ་ཡིན་ལ། རིགས་བརྟག་ལས། འཕེལ་བ་མཚུངས་པའི་ལྟག་ཆོད་ནས་དུས་འདས་མཚུངས་པའི་ལྟག་ཆོད་ཀྱི་བར་བཅུ་གསལ་བར་གསུངས་པའི་ཕྱིར་རོ། །འོ་ན། དེ་དག་སྡེ་བདུན་དུ་མི་འཆད་པ་ཅི་ཞེ་ན། ལྟག་ཆོས་ཀྱི་དབྱེ་བ་དེ་དག་ཆོས་ཅན། གྲགས་པས་བཏང་སྙོམས་སུ་མཛད་དེ། ཕྱོགས་གླང་གིས་བཀག་ཟིན་པ་ལ་དགོངས་པའི་ཕྱིར། གཉིས་པ་ལ། དང་པོ་ཕྲད་པ་དང་མ་ཕྲད་པ་མཚུངས་པ་ནི། རྒོལ་བས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་བཀོད་པ་ན། ཕྱི་རྒོལ་ན་རེ། རྟགས་ཆོས་ཕྲད་ན་གཅིག་ཏུ་འགྱུར། མ་ཕྲད་ན་སྒྲུབ་མི་ནུས་སོ་ཞེས་ཟེར། གཉིས་པ་གཏན་ཚིགས་མཚུངས་པ་ནི། ཕྱི་རྒོལ་ན་རེ། རྟགས་དང་བསྒྲུབ་བྱ་གང་སྔ། རྟགས་སྔ་ན་བསྒྲུབ་བྱ་མེད་པས་སྒྲུབ་མི་ནུས། རྟགས་ཕྱིས་ན་བསྒྲུབ་བྱ་སྔར་གྲུབ་ཟིན་པས་སྒྲུབ་མི་དགོས། དུས་མཉམ་ན་གླང་གི་རྭ་ལྟར་རྟགས་དང་རྟགས་ཅན་མེད་དོ། །ཞེས་ཟེར། གསུམ་པ། རྟག་པ་མཚུངས་པ་ནི། རྒོལ་བས་སྒྲ་མི་རྟག་པར་དམ་བཅས་པས། ཕྱིར་རྒོལ་བ་ན་རེ། འོ་ན་མི་རྟག་པ་དང་ལྡན་པའི་ཕྱིར་རྟག་པར་འགྱུར་ཏེ། ཆོས་རྣམས་མི་འཕོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་ཟེར། མ་སྨྲས་པ་མཚུངས་པ་ནི། དཔེ་སྔ་མ་ཉིད་ལ། གལ་ཏེ་མི་རྟག་པར་བརྗོད་པ་ལས་སྔ་རོལ་ན་རྟགས་འདི་མེད་པས། བསྒྲུབ་བྱ་ཉིད་ཀྱང་མེད་དོ་ཞེས་ཟེར་རོ། །ལྟ་བ་མ་སྐྱེས་པ་མཚུངས་པ་ནི། དཔེ་སྔ་མ་ལ། གལ་ཏེ་སྐྱེ་བ་ལས་སྔར་ནི་རྩོལ་བྱུང་མ་ཡིན་པའི་ཕྱིར་རྟགས་མི་འགྲུབ་ལ། སྐྱེས་ནས་རྩོལ་བྱུང་ཡིན་པའི་རྟགས་ཀྱིས་མི་རྟག་པར་འགྲུབ་ན། མ་སྐྱེས་གོང་དུ་རྩོལ་བ་ལས་མ་བྱུང་བའི་ཕྱིར་རྟག་པར་ཡང་འགྱུར་རོ། །ཞེས་ཟེར་རོ། །དྲུག་པ་འབྲས་བུ་མཚུངས་པ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་བུམ་པ་དཔེར་བཟུང་བ་ན། ཕྱིར་རྒོལ་བ་ན་རེ། སྒྲའི་བྱས་པ་བུམ་པ་ལ་མི་འགྲོ། བུམ་པའི་བྱས་པ་སྒྲ་ལ་མེད་དོ། །ཞེས་རྒོལ་བ་ལྟ་བུའོ། །བདུན་པ་ཆོས་མཐུན་པ་དང་མཚུངས་པ་ནི། སྔ་རྒོལ་གྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ། རྩོལ་བྱུང་རྟགས་སུ་བཀོད་ནས། ནམ་མཁའ་མི་མཐུན་པའི་དཔེར་བཞག་པ་ན། ཕྱིར་རྒོལ་བས་སྒྲ་རྟག་པར་སྒྲུབ་པ་ལ། ལུས་ཅན་མ་ཡིན་པ་རྟགས་སུ་བཀོད་ནས། ནམ་མཁའ་ཆོས་མཐུན་པ་དཔེར་འཇོག་པ་ལྟ་བུའོ། །བརྒྱད་པ་ཆོས་མི་མཐུན་པ་དང་མཚུངས་པ་ནི། དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་ནམ་མཁའ་རྟག་པར་སྒྲུབ་པ་ལ། བུམ་པ་མི་མཐུན་པའི་དཔེར་གཞག་པ་ལ། ཕྱིར་རྒོལ་བ་ན་རེ། དངོས་པོར་ཡོད་པའི་རྟགས་ཀྱིས་ནམ་མཁའ་མི་རྟག་པར་སྒྲུབ་པ་ལ། བུམ་པ་མཐུན་པའི་ཕྱོགས་ཡིན་ལ། ཞེས་ཟེར་བ་ལྟ་བུའོ། །དགུ་པ་རྣམ་རྟོག་མཚུངས་པ་ནི། བུམ་པ་དང་ཆོས་མཐུན་པས་མི་རྟག་པར་བསྒྲུབས་པ་ལ། ཕྱིར་རྒོལ་བས། བུམ་པ་ནི། ཚོས་པ་ཉིད་དང༌། མིག་གི་བཟུང་བྱ་ཡིན་པ་ལ་སོགས་པའི་སྒོ་ནས་མི་རྟག་པར་འགྱུར་གྱི། མ་ཚོས་པ་དང༌། མཉན་བྱ་ལ་སོགས་པའི་སྒོ་ནས་སྒྲ་རྟག་གོ །ཞེས་ཟེར་བ་ལྟ་བུའོ། །བཅུ་པ་ཁྱད་མེད་དུ་མཚུངས་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ། བུམ་པ་དཔེར་བྱས་པའི་ཚེ། བུམ་པའི་ཆོས་ལྟོ་བ་ལྡིར་བ་སོགས་ཀྱང་སྒྲ་ལ་ཐོབ་ལ། སྒྲའི་ཆོས་མཉན་བྱ་ལ་སོགས་པའང་བུམ་པ་ལ་ཐོབ་པས། ཕན་ཚུན་གཅིག་ཏུ་འགྱུར་རོ། །ཞེས་ཟེར་བ་ལྟ་བུའོ། །བཅུ་གཅིག་པ་དམིགས་པ་མཚུངས་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ། རྩོལ་བྱུང་བཀོད་པའི་ཚེ། ཕྱིར་རྒོལ་བ་ན་རེ། དེ་དེའི་རྟགས་མ་ཡིན་ཏེ། དེ་མེད་ཀྱང༌། རྟགས་གཞན་ནམ། མངོན་སུམ་གྱིས་དེར་འགྲུབ་པའི་ཕྱིར། གང་མེད་ཀྱང༌། གང་ཞིག་ཡོད་པ་དེ་ནི་དེའི་རྒྱུ་མ་ཡིན་ནོ། །ཞེས་ཟེར་རོ། །བཅུ་གཉིས་པ་ཐེ་ཚོམ་མཚུངས་པ་ནི། དཔེ་སྔ་མ་ཉིད་ལ། ཕྱིར་རྒོལ་བ་ན་རེ། རྩོལ་བྱུང་ལ། སྔོན་པོར་གསལ་བ་དང༌། སྐྱེ་བ་གཉིས་ལས། རྟགས་སུ་གང་འཛིན་ཐེ་ཚོམ་ཟ་བས་བསྒྲུབ་བྱ་མི་འགྲུབ་བོ། །ཞེས་ཟེར་བ་ལྟ་བུའོ། །བཅུ་གསུམ་པ་དོན་གྱིས་གོ་བ་མཚུངས་པ་ནི། རྩོལ་བ་ལས་བྱུང་བ་ཐམས་ཅད་མི་རྟག་ན། རྩོལ་བ་ལས་མ་བྱུང་བ་ཐམས་ཅད་རྟག་པར་དོན་གྱིས་གོ །ཞེས་ཟེར་བའོ། །བཅུ་བཞི་པ་ཐལ་འགྱུར་མཚུངས་པའི་ལྟག་ཆོད་ནི། དཔེ་སྔ་མ་ལ། བུམ་པ་ཁོ་ན་མི་རྟག་པ་ལ་གཏན་ཚིགས་ཅི་ཞིག་ཡོད། ཅེས་མ་གྲུབ་པར་རྩོད་པ་ལྟ་བུའོ། །དེ་དག་ནི། ཚད་མ་ཀུན་ལས་བཏུས་སུ་འབྱུང་བའི་ལྟག་ཆོད་བཅུ་བཞི་ཡིན་ལ། དེ་དག་ཀྱང༌། འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པ་གསུམ་གང་རུང་ལས་མ་འདས་པའི་ཕྱིར་ཚར་བཅད་ཀྱི་གནས་སོ། །གཉིས་པ་རིགས་བརྟག་ལས་གསུངས་པ་བཅུ་ལ། དང་པོ་འཕེལ་བ་དང་མཚུངས་པ་ནི། རྒོལ་བས་སྒྲ་མི་རྟག་པར་སྒྲུབ་པ་ལ། བུམ་པ་མཐུན་དཔེར་གཞག་པ་ན། བུམ་པ་དང་མཚུངས་པའི་ཕྱིར་གཟུགས་ཅན་དུ་ཐལ་ཞེས་ཟེར་བ་ལྟ་བུའོ། །འགྲིབ་པ་དང་མཚུངས་པ་ནི། བུམ་པ་དང་མཚུངས་པའི་ཕྱིར་མཉན་བྱ་མ་ཡིན་པར་འགྱུར་རོ། །ཞེས་པ་ལྟ་བུའོ། །གསུམ་པ་བརྗོད་པ་དང་མཚུངས་པ་ནི། སྒྲ་བུམ་གཉིས་ཀ་རྩོལ་བྱུང་དུ་མཚུངས་པའི་ཕྱིར་གཉིས་ཀ་བསྒྲུབ་བྱ་ཉིད་དུ་མཚུངས་པར་འགྱུར་རོ། །ཞེས་ཟེར་བ་ལྟ་བུའོ། །བཞི་པ་མ་བརྗོད་པ་དང་མཚུངས་པ་ནི། བུམ་པ་མི་རྟག་པ་བསྒྲུབ་བྱར་མི་འགྱུར་ན། སྒྲ་མི་རྟག་པའང་བསྒྲུབ་བྱ་མ་ཡིན་པར་མཚུངས་ཏེ། གཉིས་ཀ་མི་རྟག་པར་གཅིག་པའི་ཕྱིར། ཞེས་ཟེར་བ་ལྟ་བུའོ། །ལྔ་པ་རིགས་པ་མཚུངས་པ་ནི། རྩོལ་བྱུང་གི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་ན། ལུས་ཅན་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པར་ཡང་འགྲུབ་སྟེ། གཉིས་ཀ་ལ་མཐུན་དཔེ་ཡོད་པར་རིགས་པ་མཚུངས་པའི་ཕྱིར་ཞེས་ཟེར་བ་ལྟ་བུའོ། །དྲུག་པ་སོ་སོའི་དཔེ་དང་མཚུངས་པ་ནི། བུམ་པ་དཔེར་བཀོད་པས་མི་རྟག་པར་འགྲུབ་ན། ནམ་མཁའ་དཔེར་བཀོད་པའི་ཚེ་རྟག་པར་ཡང་འགྱུར་རོ། །ཞེས་ཟེར་བ་ལྟ་བུའོ། །བདུན་པ་བསྒྲུབ་བྱ་དང་མཚུངས་པ་ནི། ཆོས་ཅན་སྒྲ་དང༌། དེའི་བུམ་པ་གཉིས་ཀ་ལ་ཡང༌། སྒྲུབ་བྱེད་ཡན་ལག་ལྔ་ལྡན་དུ་འགོད་དགོས་སོ། །ཞེས་ཟེར་བ་ལྟ་བུའོ། །བརྒྱད་པ་མི་རྟག་པ་དང་མཚུངས་པ་ནི། མི་རྟག་པ་བསྒྲུབ་བྱའི་ཆོས་ལ། སྒྲ་ཆོས་ཅན་དུ་འཛིན་ན། ཤེས་བྱ་ཐམས་ཅད་ཆོས་ཅན་དུ་ཅིའི་ཕྱིར་མི་འཇོག །ཅེས་ཟེར་བ་ལྟ་བུའོ། །དགུ་པ་རབ་བྱེད་དང་མཚུངས་པ་ནི། འབྱུང་བ་ལྔ་པོ་ནི་མི་རྟག་སྟེ། དྲི་དང་ལྡན་པའི་ཕྱིར། ཞེས་བཀོད་པ་ན། ཕྱོགས་གཅིག་རླུང་དང་ནམ་མཁའ་ལ་མ་གྲུབ་པས། ཕྱོགས་གཅིག་ས་ལའང་གྲུབ་པར་མི་ནུས་སོ། །ཞེས་ཟེར་བ་ལྟ་བུ་སྟེ། ཕྱོགས་གཅིག་དང་མཚུངས་པར་བྱེད་པས་རབ་བྱེད་དང་མཚུངས་པ། ཞེས་ཟེར་རོ། །བཅུ་པ་དུས་ལས་འདས་པར་མཚུངས་པ་ནི། རིགས་པ་ཅན་པ་ན་རེ། སྒྲ་ནི་རྟག་སྟེ། སྦྱོར་བ་ལས་གསལ་བའི་ཕྱིར། གཟུགས་བཞིན། ཞེས་ཟེར་བ་ལ། སྤྱོད་པ་པ་ན་རེ། གཟུགས་སྔ་རོལ་ནས་ཡོད་ཀྱང༌། བུམ་པ་དང་སྣང་བ་སྦྱར་བ་ལས་གསལ་བར་བྱ་བ་བཞིན་དུ། སྒྲའང་སྔར་ཡོད་པ་ལས། སྒྲ་དང་དབྱུག་གུ་ལ་སོགས་པ་སྦྱར་བ་ལས་གསལ་བའི་ཕྱིར་སྒྲ་རྟག་གོ །ཞེས་ཟེར་བ་ལ། རིགས་པ་ཅན་པ་ན་རེ། དེ་ནི་དུས་ལས་འདས་པའི་ལྟག་ཆོད་ཡིན་ཏེ། གཟུགས་དང་སྒྲོན་མ་ནི་དུས་མཉམ་པས། གསལ་བྱ་གསལ་བྱེད་དུ་འཐད་ཀྱང༌། རྔ་དང་དབྱུག་གུ་ལ་སོགས་པ་ཕྲད་པ་ན་སྒྲ་མེད་ཀྱི། བྲལ་བ་ན་རྒྱང་རིང་པོར་གྲག་པས། གསལ་བྱ་གསལ་བྱེད་དུས་མི་མཚུངས་པའི་ཕྱིར་རྒྱུ་མེད་པའི་འབྲས་བུའོ་ཞེས་ཟེར་རོ། །བཅུ་པོ་དེ་དག་ཀྱང་ཚར་བཅད་ཀྱི་གནས་ཡིན་ཏེ། འཁོར་གསུམ་མ་ཚང་བ་སུན་འབྱིན་དུ་བརྗོད་པའི་ཕྱིར། འོ་ན། སྡེ་བདུན་མཛད་པའི་གཞུང་དུ་མ་བཤད་པའི་ཕྱིར་འདིར་བཤད་པ་ལ་དགོས་པ་མེད་དོ་ཞེ་ན། ལྟག་ཆོད་འདི་དག་མ་ཤེས་ན། གཞུང་ལུགས་ཆེན་པོར་འཆད་པ་ཡི། །ཕྱོགས་སྔ་ཕལ་ཆེར་མི་རྟོགས་པས། །ཕྱོགས་ཙམ་ཕྱེ་སྟེ་བཤད་པ་ཡིན། །ཞེས་གསུངས་སོ། །འདིར་ཡང༌། རྩོད་ལན་ཕལ་ཆེར། ཞེས་སྦྱར་ན་དོན་ལ་འབྱོར་བ་ཡིན་ནོ། །དེ་དག་ལ་འདི་སྐད་ཅེས། སུན་འབྱིན་གནས་ལ་བློ་བྱང་ན། །ལྟག་ཆོད་དབྱེ་བ་མེད་ཀྱང་བླ། །ཚར་གཅོད་གནས་འདི་མ་ཤེས་ན། །རྟོག་གེའི་གནས་ལ་ཡིད་མི་རྟོན། །ཚར་གཅོད་གནས་ལ་གཙོ་བོ་དང༌། །ཕལ་པ་གཉིས་ཡིན་གཙོ་བོ་ནི། །རྩ་བའི་གྲུབ་མཐའ་འདོར་བ་དང༌། །ཕལ་པ་སྐབས་ཀྱི་གཏན་ཚིགས་སོ། །རྒོལ་བ་གཉིས་ཀྱིས་ཕྱོགས་འགལ་བ། །སོ་སོ་དང་པོར་ཁས་བླངས་པ། །དེ་ལ་ཚར་བཅད་གནས་འདི་ཡོད། །དེ་མེད་པ་ལ་འདི་མེད་དེ། །ཤེས་འདོད་ཞུགས་ནས་དྲིས་པའི་ཚེ། །རྗེས་དཔག་སྐྱེས་པ་ཚར་བཅད་ཀྱི། །གནས་མིན་ཉེས་པ་ཁས་བླངས་པ། །འདི་ལ་ཡོད་པ་མིན་ཕྱིར་རོ། །རྩ་བའི་གྲུབ་མཐའ་སྐྱོན་མེད་ལ། །སྒྲུབ་བྱེད་ཡོད་པར་མ་གྱུར་ཀྱང༌། །ལོག་ལ་སྒྲུབ་བྱེད་མེད་པའི་ཕྱིར། །ཚར་བཅད་གནས་སུ་འཇོག་མི་ནུས། །དེ་བཞིན་དམ་བཅའ་སྐྱོན་ཅན་ལ། །སུན་འབྱིན་བརྗོད་པར་མ་ནུས་ཀྱང༌། །དེ་སྒྲུབ་བྱེད་པའི་མཐུ་མེད་ཕྱིར། །རྒྱལ་ཕམ་གཉིས་ཀར་གཞག་མི་ནུས། །རྒྱལ་ཕམ་མེད་པ་ཚར་བཅད་ཀྱི། །གནས་མིན་ནུས་པ་འཇོམས་པ་ལ། །ལྟོས་ཞེས་བྱ་བ་གྲགས་པ་ཡི། །དགོངས་པར་ངེས་མོད་གཞུང་མང་པོར། །མ་རྒྱལ་བ་ཙམ་ཕམ་པ་དང༌། །མ་ཕམ་པ་ཙམ་རྒྱལ་བ་ཡི། །མིང་དུ་བཏགས་ནས་ཚར་བཅད་དང༌། །རྗེས་འཛིན་རྣམ་གཞག་བྱས་པ་ཡོད། །རྩ་བའི་གྲུབ་མཐའ་མ་ཉམས་ན། །གནས་སྐབས་འཁྲུལ་པ་སེལ་ནུས་ཕྱིར། །རང་གཞན་བསྟན་པ་འཆོལ་མི་སྲིད། །ཚུལ་གསུམ་འཁྲུལ་མེད་གོམས་པར་བྱ། །ཞེས་སྨྲས་པ་ཡིན་ནོ། །གསུམ་པ་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་བཤད་པ་ལ་གཉིས་ཏེ། སྤྱི་དོན་གྱིས་མཐའ་བཅད་པ་དང༌། གཞུང་གི་དོན་སོ་སོར་བཤད་པའོ། །དང་པོ་ནི། ཇི་སྐད་བཤད་པའི་མཚན་ཉིད་དེ་དང་ལྡན་པའི་གཞན་དོན་རྗེས་དཔག་ལ། དབྱེ་བའི་སྒོ་གསུམ་སྟེ། གང་ཟག་གི་སྒོ་ནས་དབྱེ་ན། སྔ་རྒོལ་གྱིས་དང༌། ཕྱི་རྒོལ་གྱིས་དང༌། དཔང་པོས་བཀོད་པའི་གཞན་དོན་རྗེས་དཔག་གསུམ་མོ། །དགོས་པའི་སྒོ་ནས་དབྱེ་ན། བསྒྲུབ་བྱ་ཚིག་གིས་ཟིན་པར་སྒྲུབ་པའི་དང༌། དགག་བྱ་ཚིག་གིས་ཟིན་པར་སུན་འབྱིན་པའི་གཞན་དོན་རྗེས་དཔག་གོ །བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རང་རྒྱུད་ཀྱི་དང༌། ཐལ་འགྱུར་དུ་བཀོད་པའི་གཞན་དོན་རྗེས་དཔག་གོ །གཞན་དོན་རྗེས་དཔག་ལ་སྔ་རྒོལ་གྱི་ངག་ཡིན་པས་ཁྱབ་པར་འདོད་པ་ནི་འཁྲུལ་བ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པ་དང༌། ཇི་སྐད་དུ། ཐག་པ་སྒྲུབ་པ་གཉིས་འབྲེལ་ཕྱིར། །ཞེས་པའི་གཞུང་གིས། གཞན་གྱི་ཁས་བླངས་རྟགས་སུ་བཀོད་པའི་སྒྲུབ་ངག་ཡང་དག་ཅིག་ཡོད་པར་བཤད་པའི་ལུང་རིགས་ཀྱིས་གནོད་པའི་ཕྱིར། འོ་ན། ཇི་སྐད་དུ། དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཅེས་བཤད་པ་མ་ཡིན་ནམ། ཞེ་ན། གཞུང་དེས་ནི། ངག་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་སྒྲུབ་ངག་ཡང་དག་མི་སྲིད་པར་བསྟན་པ་ཡིན་པས་འགལ་བ་མེད་དོ། །འོ་ན། སུན་འབྱིན་དུ་གྱུར་པའི་སྒྲུབ་ངག་ཡང་དག་འདུག་པའི་ཕྱིར་ན། སྒྲུབ་པ་དང་སུན་འབྱིན་གཉིས་རྟོག་གེའི་ལུས་སོ་སོར་བཤད་པ་མི་འཐད་པར་འགྱུར་རོ། །ཞེ་ན། དེ་ལྟར་བཤད་པ་དེ་ནི། སྔ་རྒོལ་གྱིས་བསྒྲུབ་བྱ་ཚིག་གིས་ཟིན་པར་སྒྲུབ་པ་དང༌། ཕྱི་རྒོལ་གྱིས་དགག་བྱ་ཚིག་གིས་ཟིན་པར་འགོག་པའི་ངག་གཉིས་རྟོག་གེའི་ལུས་སོ་སོར་བཤད་པ་ཡིན་པས་ན་ཉེས་པ་མེད་དོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། གང་ཟག་དང༌། དགོས་པ་དང༌། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གང་ཟག་གསུམ་ལ། བརྗོད་ཚུལ་དྲུག་སྟེ། རྒོལ་བ་ལ་དོན་གྱི་དངོས་པོ་འཇོག་པ་དང༌། སྐྱོན་སྤོང་གི་ངག་གཉིས། ཕྱི་རྒོལ་གྱིས་འདོད་པ་དྲི་བ་དང༌། སྐྱོན་བརྗོད་པའི་ངག་གཉིས། དཔང་པོས་རྗེས་སུ་བརྗོད་པ་དང༌། རྣམ་པར་དབྱེ་བའི་ངག་གཉིས་ཏེ། དེ་ལྟར་ཕྱེ་བས་སོ། །འདིར་སྐྱོན་སྤོང་གི་ངག་ཅེས་པ། ཚེར་མ་འབྱིན་པ་ལ་ཟེར་བ་ཡིན་ལ། དེའི་དོན་ནི། རྩ་བའི་དམ་བཅའ་ལ་གཏན་ཚིགས་བཀོད་ནས། དེ་ལ་ཕྱིར་རྒོལ་བས་ཚུལ་གསུམ་གྱི་ཤེས་བྱེད་དྲིས་པའམ། མ་གྲུབ་པ་ལ་སོགས་པའི་སྐྱོན་གསུམ་པོ་གང་རུང་བརྗོད་པའི་ཚེ། རྒོལ་བས་ཚུལ་གསུམ་སྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ལ་ཟེར་བ་ཡིན་ནོ། །དེའི་ཚེ་ཕྱི་རྒོལ་ལ་རིགས་གཉིས་ཏེ། ཚུལ་གསུམ་དྲན་ལམ་དུ་འཕེན་པ་སྒྲུབ་པའི་ངག་ལ་མི་ལྟོས་པ་དང༌། ལྟོས་པའོ། །མཁས་པ་འཇུག་པའི་སྒོར། སྒྲུབ་པའི་ངག་བཀོད་ཟིན་པའི་འོག་ཏུ། ཚེར་མ་འབྱིན་པའི་བཤད་པ་ཞིག་ཡོད་ལ། ལུགས་དེའི་ལྟར་ན། འདིར་དོན་གྱི་དངོས་པོ་འཇོག་པ། ཞེས་བཤད་པ་ཡང༌། སྒྲུབ་པའི་ངག་འགོད་པ་ལ་ངོས་འཛིན་དགོས་ལ། དེ་ལྟར་བཤད་པ་ན། སྔ་རྒོལ་གྱིས་དམ་བཅའ་བརྗོད་པ་ཚར་བཅད་ཀྱི་གནས་སུ་བཤད་པ་དང་མཐུན་པར་འགྱུར་མོད། དེ་ལྟ་ན་ཡང༌། ཇི་སྐད་དུ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་དང༌། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་སྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་རྟགས་ཀྱི་ཚེར་མ་ཕྱུང་མ་ཟིན་པ་ལ་སྒྲུབ་ངག་མི་འགོད་ཅིང༌། སྒྲུབ་ངག་གིས་ཚུལ་གསུམ་ལ་དྲན་པ་དངོས་སུ་སྐྱེད་ནུས་པར་བཤད་པ་དང་མ་འགྲིག་པས། རྣམ་པར་བརྟག་དགོས་པ་ཡིན་ནོ། །གཉིས་པ་དགོས་པའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། སྔ་རྒོལ་གྱིས་བསྒྲུབ་བྱ་སྒྲུབ་པའི་ངག་དང༌། ཕྱི་རྒོལ་གྱིས་དགག་བྱ་སུན་འབྱིན་པའི་ངག་གོ །དང་པོ་ལ་གཉིས་ཏེ། ཡང་དག་དང༌། ལྟར་སྣང་ངོ༌། །དང་པོ་ལ་གསུམ་སྟེ། མཚན་ཉིད། ངག་འགོད་པའི་ཚུལ། བཀོད་པ་དེའི་བྱེད་ལས་སོ། །དང་པོ་ནི། སྔ་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས། ཚུལ་གསུམ་རྒོལ་བ་གཞན་གྱི་དྲན་ལམ་དུ་སྟོན་ཞིང༌། འཕེན་པའི་ངག་རྣམ་དག་དེ། འདིར་བསྟན་པའི་སྒྲུབ་ངག་ཡང་དག་གི་མཚན་ཉིད་དོ། །འོ་ན། གོང་དུ་གཞན་དོན་རྗེས་དཔག་གི་མཚན་ཉིད་བཤད་ཟིན་པ་དང་བཟློས་པ་མ་ཡིན་ནམ། ཞེ་ན། གཞུང་འདིའི་དངོས་བསྟན་དང༌། སྔར་བཤད་ཟིན་པ་གཉིས་ནི། སྔ་མ་རྒྱ་ཆེ་བ་ཡིན་ཏེ། དེར་སུན་འབྱིན་གྱི་གཞན་དོན་རྗེས་དཔག་ཀྱང་བསྡུ་དགོས་པའི་ཕྱིར་རོ། །དེ་དང་འདིའི་ཤུགས་བསྟན་གཉིས་ནི། འདི་རྒྱ་ཆེ་བ་ཡིན་ཏེ། འདིར་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་རྒོལ་བའི་དྲན་ལམ་དུ་སྟོན་པའི་ངག་དེ། སྒྲུབ་ངག་ཡང་དག་ཙམ་གྱི་མཚན་ཉིད་དུ་ཤུགས་ལ་བསྟན་ནས། དེ་ལ་རང་དོན་དང༌། གཞན་དོན་སྐབས་ཀྱི་དབྱེ་བས་གཉིས་སུ་འབྱེད་ཅིང༌། ཕྱེ་བའི་རང་དོན་ལ་སྒྲའི་སྐྱོན་མི་རྩི་ཞིང༌། གཞན་དོན་ལ་སྐྱོན་གསུམ་ཀ་རྩི་བར་འཆད་དགོས་པའི་ཕྱིར་རོ། །གཉིས་པ་ངག་འགོད་པའི་ཚུལ་ལ། དགག གཞག སྤང་གསུམ་ལས། དང་པོ་ལ། སྔ་རབས་པའི་ལུགས་དགག་པ་དང༌། གངས་ཅན་པའི་ལུགས་དགག་པ་གཉིས་ལས། དང་པོ་ནི། གྲངས་ཅན་ལ་སོགས་པའི་རྟོག་གེ་སྔ་རབས་པ་དག ལ་ལ་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཚང་བང་བཞིན། ལ་ལ་ཡང་དུ་བ་ཡོད་པས་མེ་ཡོད་དོ་ཞེས་ཡན་ལག་ལྔ་ལྡན་དུ་འགོད་པ་མི་འཐད་དེ། ཡན་ལག་ལྔ་ལ། དམ་བཅའ་དང༌། ཉེར་སྦྱོར་དང༌། མཇུག་བསྡུད་གསུམ་པོ་ལྷག་པས། སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པ་བརྗོད་པ་ནི་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར་དང༌། སྤྱི་ཁྱབ་བརྗོད་པ་མ་ཚང་བ་ཡང༌། དགོས་པའི་སྒྲུབ་བྱེད་མ་བརྗོད་པ་ཡིན་པས། ཚར་བཅད་ཀྱི་གནས་སུ་སོང་བ་ཡིན་པའི་ཕྱིར། གཉིས་པ་ནི། རང་ལུགས་ཀྱི་ཡན་ལག་གཉིས་ལྡན་གྱི་བརྗོད་ཚུལ་ལའང༌། སྒྲ་ཡང་བྱས་པས་ཞེས་པ་ལྟ་བུ། གསུམ་པ་བྱེད་པ་པོའི་ཚིག་དང༌། བྱས་པའི་ཕྱིར་རོ། །ཞེས་པ་ལྟ་བུ། ལྔ་པ་འབྱུང་ཁུངས་ཀྱི་སྒྲ་སྦྱར་བ་ནི་མི་འཐད་དེ། དེ་ལྟར་བྱས་ན། ངག་འཕྲོ་ཅན་དེས་དམ་བཅའ་འདྲེན་པས། དམ་བཅའ་དངོས་སུ་བརྗོད་དགོས་ལ། དེ་བརྗོད་ན་ཚར་བཅད་ཀྱི་གནས་སུ་སོང་ཞིང༌། གལ་ཏེ་དམ་བཅའ་མ་བརྗོད་ན། ངག་མ་རྫོགས་པའི་ཕྱིར་འདྲི་དགོས་པར་འགྱུར་ཏེ། མ་དྲིས་ན་ཕྱི་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །འདིར་ཕྱོགས་སྔ་མར་བྱས་པ་དེ། གཏན་ཚིགས་ཐིགས་པར་རང་ལུགས་སུ་བྱུང་བས་དཔྱད་དགོས་ལ། དེ་ལྟར་དཔྱད་པའི་ཚེ་ན། གཞུང་དེ་འགྱུར་བ་དག་པ་ཡིན་ཞེས་འཆད་དགོས་པ་ལས་འོས་གཞན་མེད་དོ། །ཡང་ན་ནི། བྱས་པས་སོ། །ཞེས་དང༌། བྱས་པའི་ཕྱིར་རོ། །ཞེས་སྦྱར་ན་འགྲིག་གོ །གཉིས་པ་རང་ལུགས་ལ་གཉིས་ཏེ། མི་མཁས་པ་ལ་སྦྱོར་བའི་ཚུལ་དང༌། མཁས་པ་ལ་སྦྱོར་བའི་ཚུལ་ལོ། །དང་པོ་ནི། ཚུལ་གསུམ་མི་ཤེས་པའི་རྒོལ་བ་བླུན་པོ་ལ་ནི། ཐོག་མར་རྩོད་གཞི་གང་ཡིན་པ་དེ་ངེས་པར་བྱས་ནས། རྩ་བའི་རྟགས་བཀོད་དམ། མ་བཀོད་ཀྱང་རུང༌། ཚུལ་གསུམ་སྟོན་བྱེད་ཀྱི་ངག་རྒྱས་པ་དང༌། དྲན་ལམ་དུ་འཕེན་བྱེད་ཀྱི་ངག་ཉུང་ངུ་གཉིས་ཀ་སྦྱར་དགོས་ཏེ། རྒོལ་བ་བླུན་པོའི་དབང་དུ་བྱས་པའི་ཕྱིར་རོ། །སྐབས་འདིའི་བླུན་པོ་དང༌། མཁས་པ་ནི། ཚུལ་གསུམ་མི་ཤེས་པ་དང༌། ཤེས་པ་ལ་བྱ་དགོས་པ་ཡིན་ཏེ། ཇི་སྐད་དུ། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ། ཞེས་གསུངས་པའི་ཕྱིར། འོ་ན། ཕྱོགས་ཁྱབ་གཉིས་པོ་གང་ཞིག་སྔར་བརྗོད་པ་དང༌། ཕྱིས་བརྗོད་པ་ཡིན་ཞེ་ན། ཕྱོགས་ཁྱབ་གཉིས་དང༌། རྗེས་སུ་འགྲོ་ལྡོག་གཉིས་པོ་གང་སྔ་ཕྱིར་བརྗོད་ཀྱང་ཁྱད་པར་མེད་མོད། མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར་དགོས་ཏེ། ངག་འཕྲོ་ཅན་གྱིས་རྒོལ་བའི་བསམ་པ་མི་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། ཚུལ་གསུམ་ཤེས་པའི་མཁས་པ་ལ་ནི། ངག་ཉུང་རྒྱས་གཉིས་ཀ་སྦྱར་མི་དགོས་ཏེ། གཏན་ཚིགས་ཉིད་བརྗོད་པའི་ཚིག་ཉུང་ངུ་དེ་བཀོད་པས་ཆོག་པའི་ཕྱིར། དེ་ལའང་གཉིས་ཏེ། ཚུལ་གསུམ་ཀ་བརྗོད་པ་དང༌། རེ་རེ་བརྗོད་པའོ། །དེ་ལའང་གཉིས་ཏེ། ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། ཁྱབ་པ་རྐྱང་པ་བརྗོད་པའོ། །དེ་ལྟར་གསུམ་དུ་འབྱེད་པའི་ཤེས་བྱེད་ཀྱང༌། རྒོལ་བ་མཁས་པ་དེ་ལ་ཚུལ་གསུམ་ཀ་དྲན་ལམ་ན་མེད་པ་དང༌། གང་རུང་རེ་རེ་དྲན་ལམ་ན་མེད་པ་གཉིས་དང༌། དེ་ལའང༌། ཕྱོགས་ཆོས་མེད་ལ་ཁྱབ་པ་དྲན་ལམ་ན་ཡོད་པ་དང༌། ཁྱབ་པ་མེད་ལ་ཕྱོགས་ཆོས་དྲན་ལམ་ན་ཡོད་པའི་དབྱེ་བས་གསུམ་ཡོད་པས་སོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ། སྒྲུབ་ངག་གི་ཡན་ལག་ཏུ་བསྒྲུབ་བྱ་བརྗོད་མི་དགོས་ན། ཚད་མ་ཀུན་ལས་བཏུས་སུ། རང་གིས་ངེས་བཞིན་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་དང་ནི་འབྲེལ་པ་དང༌། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤང༌། །ཞེས་ཚིག་གི་བསྡུ་བ་འཆད་པའི་སྐབས་སུ། ཟླས་དབྱེ་ཞེས་བྱ་བའི་མིང་ཅན་གྱི་ཚིག་གི་སྦྱོར་བ་བཤད་པ་དང་འགལ་ལོ། །ཞེས་ཟེར་ན། དེ་དང་དེ་འགལ་བ་མེད་དེ། ཁོ་བོ་ཅག་ནི། ཕྱོགས་ཆོས་དང་ནི་འབྲེལ་པ་ཡིས། །བསྒྲུབ་བྱ་ཞེས་དེའི་སྐྱེས་བུའི་ནང་ཚན་དུ་གྱུར་པའི་རྣམ་དབྱེ་གསུམ་པར་སྦྱར་ནས་འཆད་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན། གཞུང་འདི་ལྟར། དེའི་སྐྱེས་བུ་ཡི་བསྡུ་བ་ཡི། །ནང་ཚན་རྣམ་དབྱེ་གསུམ་པར་ནི། །འཆད་ཕྱིར་འགལ་བ་ཡོད་མ་ཡིན། །ཞེས་པའམ། ཡང་ན། གསུམ་པས་དེ་ཡི་སྐྱེས་བུ་ཡི། །བསྡུ་བར་འཆད་ཕྱིར་འགལ་བ་མེད། །ཅེས་བཏོན་ན་མི་འཁྲུལ་བ་ཡིན་ཏེ། དེའི་སྐྱེས་བུའི་ནང་ཚན་ན་རྣམ་དབྱེ་གསུམ་པ་ཡོད་པ་ཡིན་གྱི། གསུམ་པ་དེའི་སྐྱེས་བུ། ཞེས་པ་ལ་བརྗོད་བྱ་གང་ཡང་སྟོན་རྒྱུ་མེད་པའི་ཕྱིར་རོ། །འོ་ན། ཚིག་གི་བསྡུ་བ་གཉིས་པོ་དེའི་ཁྱད་པར་ཅི་ཞེ་ན། སྨྲ་སྒོ་མཚོན་ཆ་ལས། ཚིག་བསྡུད་པའི་སྦྱོར་བ་བཅུ་བཤད་པའི་ནང་ན། དེའི་སྐྱེས་བུའི་བསྡུ་བ་ཞེས་དང༌། ཟླས་དབྱེ་བའི་བསྡུ་བ་ཞེས་བྱ་བ་གཉིས་འབྱུང་བ་ལས། དང་པོ་ལ་གསུམ་སྟེ། བྱེད་པའི་ཚིག་གི་དང༌། ལས་འཛིན་པའི་དང༌། བ་གཉིས་པ་ཞེས་བྱ་བ་རྣམས་སོ། །དང་པོ་བྱེད་ཚིག་ལ་བརྒྱད་ཡོད་པ་ལས། ཤིང་གིས། ཞེས་པ་ལྟ་བུའི་རྣམ་དབྱེ་གསུམ་པའོ། །ཟླས་དབྱེ་ཞེས་བྱ་བ་ནི་ཇི་སྐད་དུ། དེ་ལྟར་འདི་དང་ཡང་འདི་དང༌། །ཞེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཞེས་པ་ལྟ་བུའོ། །དེ་སྐད་དུ་ཡང་སྨྲ་སྒོ་ལས། འདས་མ་ཐག་དང་གཞན་དག་དང༌། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་བརྗོད་པ་ཡིན། །ཞེས་དང༌། དེ་ཡི་སྐྱེས་བུ་གསུམ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང༌། །བ་གཉིས་པ་ཞེས་བྱ་བའོ། །ཞེས་གསུངས་སོ། །གཞུང་གི་དོན་དཔྱིས་ཕྱིན་པ་དེ་ལྟ་མོད་ཀྱི། དཀའ་བའི་གནས་སོ་ན་གནས་པ་ཡིན་ཏེ། ཕྱོགས་ཆོས་དང་འབྲེལ་པས་བསྒྲུབ་བྱ་བརྗོད་པར་བྱ་བ་ཡིན་ན། བསྒྲུབ་བྱ་མི་བརྗོད་པར་འགལ་བའི་ཕྱིར། སྙམ་དུ་དོགས་པས་སོ། །དེའི་ལན་ལ། གཞུང་འདི་ཉིད་དང་བསྟུན་ནས་བཤད་པ་དང༌། རང་དགར་བཤད་པའོ། །དང་པོ་ནི། ཕྱོགས་ཆོས་དང་ནི་འབྲེལ་པ་ཡིས། བསྒྲུབ་བྱ་བརྗོད་པར་བྱ་བ་ཡིན་གྱི། གཞན་ཉེར་སྦྱོར་དང་མཇུག་བསྡུད་སོགས་ཀྱིས་བསྒྲུབ་བྱ་བརྗོད་པ་ནི་སྤང་བར་བྱ་བའོ། །ཞེས་པའི་དོན་ཡིན་ལ། འདི་ཡང༌། ཤུགས་ཀྱི་གོ་བྱ་ལ་བརྗོད་བྱའི་མིང་གིས་བཏགས་པའོ། །གཉིས་པ་ནི། རྩོད་པ་དེའི་ལན་དུ། བསྒྲུབ་བྱ་བརྗོད་ཀྱང་སྒྲུབ་བྱེད་ཀྱི། །ཡན་ལག་མིན་པས་འགལ་བ་མེད། །ཅེས་བཤད་པས་ཆོག་པ་ཡིན་ཏེ། རྒོལ་བས་དང་པོར་བསྒྲུབ་བྱ་ཚིག་གིས་ཟིན་པར་བརྗོད་ནས། དེའི་སྒྲུབ་བྱེད་ཕྱོགས་ཁྱབ་གཉིས་བརྗོད་དགོས་པའི་ཕྱིར་རོ། །གཞན་རྣམས་སྤང་ཞེས་པ། ཉེར་སྦྱོར་དང་མཇུག་བསྡུད་ནི། རྒོལ་བས་གནས་སྐབས་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པའོ། །གསུམ་པ་བྱེད་ལས་ནི། སྒྲུབ་པའི་ངག་བཀོད་པའི་འབྲས་བུ་ནི་རྗེས་དཔག་སྐྱེད་པ་ཡིན་ཏེ། དེས་ཚུལ་གསུམ་དྲན་ལམ་དུ་འཕེན་པའི་ཕྱིར་རོ། །གཉིས་པ་སྒྲུབ་པ་ལྟར་སྣང་ལ་གཉིས་ལས། མཚན་ཉིད་ནི། སྒྲུབ་བྱེད་ཡང་དག་མ་ཡིན་པ་སྟེ་གཏན་ཚིགས་ལྟར་སྣང་བརྗོད་བྱར་བྱས་ནས་སྒྲུབ་པའི་ངག་ཏུ་བཀོད་པའོ། །གཉིས་པ་དབྱེ་བ་ནི། དོན་སྐྱོན་ཅན་གྱི་དང༌། བློ་སྐྱོན་ཅན་དང༌། སྒྲ་སྐྱོན་ཅན་གྱི་དབྱེ་བ་ཡིས་སྒྲུབ་པ་ལྟར་སྣང་དེའང་རྣམ་པ་གསུམ་མོ། །གཉིས་པ་སུན་འབྱིན་བཤད་པ་ལ་གཉིས་ཏེ། ཡང་དག་དང༌། ལྟར་སྣང་ངོ༌། །དང་པོ་ལ་གཉིས་ལས། མཚན་ཉིད་ནི། གཞན་གྱི་དམ་བཅའ་དང་སྒྲུབ་བྱེད་ཀྱི་སྐྱོན་ལ་སྐྱོན་དུ་བརྗོད་པའི་སྒོ་ནས་ལོག་རྟོག་སེལ་ནུས་ཀྱི་ངག་གོ །གཉིས་པ་དབྱེ་བ་ནི། ཡུལ་དང༌། ངོ་བོ་དང༌། བརྗོད་ཚུལ་གྱི་སྒོ་ནས་སུན་འབྱིན་རྣམ་པ་གསུམ་མོ། །དེ་ལ་ཡུལ་ནི། མཚན་ཉིད་ཀྱི་དང༌། གཏན་ཚིགས་ཀྱི་དང༌། བསྒྲུབ་བྱའི་སྐྱོན་གསུམ་མོ། །དང་པོ་ནི། རང་རང་གི་མཚན་གཞི་ལ་ལྟོས་ནས་མ་ཁྱབ་པ་དང༌། ཁྱབ་ཆེས་པ་དང༌། མི་སྲིད་པའོ། །གཉིས་པ་ནི། ཚུལ་གསུམ་མ་ཚང་བའོ། །གསུམ་པ་ནི། རྒོལ་བས་དཔག་འདོད་མེད་པ་དང༌། ཕྱི་རྒོལ་གྱི་མ་གྲུབ་བསལ་ཞུགས་པའོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། དོན་སྐྱོན་ལ་དང༌། བློ་སྐྱོན་ལ་དང༌། སྒྲ་སྐྱོན་ལ་སྐྱོན་དུ་བརྗོད་པ་གསུམ་མོ། །གསུམ་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རྣལ་མར་བརྗོད་པ་དང༌། ཐལ་བར་བརྗོད་པ་གཉིས་སོ། །གཉིས་པོའི་ཁྱད་པར་ལ། རྣལ་མ་ཞེས་པ་ནི་རང་རྒྱུད་ཡིན་ལ། སྤྱིར་རང་རྒྱུད་ལ་གཉིས་ཏེ། བསྒྲུབ་བྱ་སྒྲུབ་པའི་དང༌། དགག་བྱ་འགོག་པའི་འོ། །དང་པོ་ནི། གོང་དུ་བཤད་ཟིན་པ་དེ་ཉིད་ཡིན་ལ། གཉིས་པ་ལ། སྒྲུབ་པའི་ངག་ཏུ་མ་བཀོད་པ་དང༌། བཀོད་པའོ། །དང་པོ་ནི། རྒོལ་བས་སྒྲ་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པའི་ཕྱིར། ཞེས་པ་དང༌། གཉིས་པ་ནི། ཕྱིར་རྒོལ་བས། གང་བྱས་ན་རྟག་པ་མ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་བཀོད་པ་ལྟ་བུའོ། །འོ་ན། འདི་བསྒྲུབ་བྱ་སྒྲུབ་པའི་རང་རྒྱུད་དང་ཁྱད་པར་ཅི་ཞེ་ན། ཁྱད་པར་ནི་རྣམ་པ་དུ་མར་ལྟ་སྟེ། ངག་འགོད་པ་པོའི་ཁྱད་པར་ལས་ནི། རྒོལ་བས་བཀོད་པ་དང༌། ཕྱིར་རྒོལ་བས་བཀོད་པའོ། །རྟགས་ཀྱི་ཁྱད་པར་ནི། ཕྱོགས་ཀྱི་ཆོས་སུ་སོང་བ་དང་མ་སོང་བའོ། །ཆོས་ཅན་གྱི་ཁྱད་པར་ལས་ནི། ཤེས་འདོད་ཆོས་ཅན་དུ་སོང་བ་དང་མ་སོང་བའོ། །ཆོས་ཀྱི་ཁྱད་པར་ལས་ནི། ཆོས་ཅན་དང་ཆོས་ཀྱི་ཚོགས་པ་དེ་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དང་མ་ཚང་བའོ། །ཀུན་སློང་གི་ཁྱད་པར་ལས་ནི། བསྒྲུབ་བྱ་སྒྲུབ་པ་དང༌། དགག་བྱ་འགོག་པའི་བསམ་པ་ཅན་ནོ། །དེའི་ཕྱིར་འདི་སྒྲུབ་པའི་ངག་ཏུ་བཀོད་ཀྱང༌། ཡང་དག་མ་ཡིན་ཏེ། བརྗོད་བྱའི་དོན་ལ་ཚུལ་གསུམ་མ་ཚང་བའི་ཕྱིར། འདི་སུན་འབྱིན་གྱི་སྒྲུབ་ངག་ཏུ་བཀོད་ཀྱང༌། སྒྲུབ་པའི་ཐལ་བ་དང་མཚུངས་པ་མ་ཡིན་ཏེ། དེ་ལ་ནི་ཐལ་བའི་དམ་བཅའ་བརྗོད་པའི་ཚེ། ཆོས་ཅན་གྱི་སྟེང་དུ་ཆོས་ལ་ཤེས་འདོད་ཞུགས་པའི་ཕྱིར་དང༌། དེའི་དངོས་དོན་ལ་ཚུལ་གསུམ་མ་ཚང་ཡང༌། བཟློག་དོན་ལ་ཚུལ་གསུམ་ཚང་བའི་ཕྱིར་དང༌། དེ་ལྟ་ན་ཡང༌། འདི་སུན་འབྱིན་ཡང་དག་ནི་ཡིན་ཏེ། དགག་བྱ་འགོག་ནུས་ཀྱི་རྟགས་ཁྱབ་ཚད་མས་གྲུབ་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། འབྲས་བུ་རྗེས་དཔག་སྐྱེད་བྱེད་ཅེས་བྱ་བ་དེ་འདི་ལ་མེད་པས། སྒྲུབ་ངག་ཏུ་བཀོད་མ་བཀོད་གཉིས་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་སུན་འབྱིན་ལྟར་སྣང་ལ་གཉིས་ལས། མཚན་ཉིད་ནི། གཞན་གྱི་དམ་བཅའ་དང༌། སྒྲུབ་བྱེད་ཀྱི་སྐྱོན་ལ་སྐྱོན་དུ་མི་བརྗོད་པའམ། སྐྱོན་མིན་ལ་དེར་བརྗོད་པ་གང་རུང་གི་ངག་གོ །དབྱེ་བ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། མུ་སྟེགས་བྱེད་དང༌། བོད་འགའ་ཞིག་གྲངས་ངེས་བྱེད་མོད། དེ་མི་འཐད་དེ། ཇི་སྐད་དུ། ལོག་པའི་ལན་ལ་མཐའ་མེད་ཕྱིར། དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་སོ། །གཉིས་པ་རང་ལུགས་ནི། རྩ་བའི་དབྱེ་བ་གཉིས་སུ་འདུས་པ་ཡིན་ཏེ། རྩོད་རིགས་ལས། ཕྱིར་རྒོལ་ཚར་བཅད་ཀྱི་གནས་ལ་སྐྱོན་མི་བརྗོད་པ་དང༌། སྐྱོན་མིན་བརྗོད་པ་གཉིས་སུ་གྲངས་ངེས་པར་བཤད་པའི་ཕྱིར། ཡན་ལག་གི་དབྱེ་བ་ནི་བསམ་གྱིས་མི་ཁྱབ་བོ། །ཞིབ་མོར་བཤད་ན། རྩོད་རིགས་ལས་འབྱུང་བ་དེ་ནི། སྐྱོན་མེད་ལ་སྐྱོན་བརྗོད་མི་བརྗོད་གཉིས་ཀྱི་དབང་དུ་མཛད་ལ། འདིར་ནི་སྐྱོན་ཅན་ལ་སྐྱོན་བརྗོད་མི་བརྗོད་གཉིས་ཀྱི་དབང་དུ་མཛད་པས། འཆད་ཚུལ་དམིགས་ཕྱེད་པར་བྱའོ། །གསུམ་པ་བརྗོད་ཚུལ་གྱི་དབྱེ་བ་ནི། གཞན་དོན་རྗེས་དཔག་བརྗོད་པའི་ཚུལ་ལ། རང་རྒྱུད་དང་ཐལ་འགྱུར་གཉིས་སུ་འགྱུར་བ་ཡིན་ཏེ། བསྒྲུབ་བྱ་སྒྲུབ་པའི་དང༌། དགག་བྱ་ཚིག་གིས་ཟིན་པར་འགོག་པའི་གཞན་དོན་རྗེས་དཔག་གཉིས་འབྱུང་བའི་ཕྱིར། དེའི་ནང་ནས་རང་རྒྱུད་ནི་བཤད་ཟིན་པ་ཡིན་ཏེ། གོང་དུ། མཚན་ཉིད་དང་ངག་འགོད་ཚུལ་སོགས་ཀྱི་སྒོ་ནས་རྒྱས་པར་བཤད་ཟིན་པའི་ཕྱིར། གཉིས་པ་ཐལ་འགྱུར་བཤད་པ་ལ་གཉིས་ཏེ། ཐལ་བའི་རྣམ་གཞག་དང༌། ལན་འདེབས་པའི་ཚུལ་ལོ། །དང་པོ་ལ། དགག གཞག སྤང་གསུམ་ལས། དང་པོ་ལ། ཕྱོགས་སྔ་མ་ནི། བོད་གངས་ཅན་གྱི་རྟོག་གེ་བ་དག ཐལ་འགྱུར་དུ་བཀོད་ཚད་ལ་རྩ་བའི་དབྱེ་བ་བཞི་ལས། ཡན་ལག་གི་དབྱེ་བ་བཅུ་བཞིའོ། །ཞེས་དེ་ལྟར་འདོད་དོ། །དེ་ཡང་འདི་ལྟར། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དང༌། རྟགས་འབའ་ཞིག་མ་གྲུབ་པ་དང༌། ཁྱབ་པ་འབའ་ཞིག་མ་གྲུབ་པ་དང༌། གཉིས་ཀ་གྲུབ་པ་སྟེ་རྩ་བའི་དབྱེ་བ་བཞིའོ། །བཞི་པ་དེ་ལའང་བཞི་སྟེ། གཉིས་ཀ་ཚད་མས་གྲུབ་པ་དང༌། གཉིས་ཀ་ཁས་བླངས་ཀྱིས་དང༌། རྟགས་ཚད་མས་ཁྱབ་པ་ཁས་བླངས་ཀྱིས་དང༌། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པའོ། །དེ་ལྟར་བཞིའི་ནང་ནས། དང་པོ་ལ། ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པ་དང༌། བསལ་བ་ཡེ་མེད་གཉིས། ཕྱི་མ་གསུམ་པོ་རེ་རེ་ལ་ཡང༌། ཐལ་ཆོས་ལ་ཚད་མའི་བསལ་བ་དང༌། ཁས་བླངས་ཀྱི་བསལ་བ་དང༌། བསལ་བ་ཡེ་མེད་གསུམ་གསུམ་དུ་ཕྱེ་བས་དགུ་སྟེ། དེ་ལྟར་ན་བཅུ་བཞིའོ། །བཅུ་བཞི་པོ་དེ་ལ། ལན་གྱིས་བཟློག་པར་ནུས་པ་དང༌། མི་ནུས་པའི་དབྱེ་བ་ལས། ཡང་དག་བདུན་དང༌། ལྟར་སྣང་བདུན་ནོ། །ཡང་དག་བདུན་པོ་དེ་ལ། སྔ་མ་དྲུག་དང༌། བདུན་པའི་ཕྱེད་ཆོས་ཅན་གཞི་མ་གྲུབ་པ་དེས་མི་འཕེན་ལ། བདུན་པ་རྟགས་ཁས་བླངས། ཁྱབ་པ་ཚད་མ། དམ་བཅའ་ཚད་མས་བསལ་བ། དེ་འདྲ་དེའི་ཕྱེད་ཆོས་ཅན་གཞི་གྲུབ་པ་དེས་སྒྲུབ་བྱེད་འཕེན་པ་ཡིན་ཏེ། ཟློག་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ་གཉིས་ཏེ། རྩ་བའི་དབྱེ་བ་བཞི་མི་འཐད་པ་དང༌། ཡན་ལག་གི་དབྱེ་བ་བཅུ་བཞི་མི་འཐད་པའོ། །དང་པོ་ནི། ཐལ་འགྱུར་དུ་བཀོད་ཚད་ཀྱི་རྩ་བའི་དབྱེ་བ་བཞིར་གྲངས་ངེས་པ་མི་འཐད་དེ། རང་རྒྱུད་ལ་ཡང༌། རྟགས་འབའ་ཞིག་མ་གྲུབ་པ་ལ་སོགས་པ་བཞིའི་གྲངས་ངེས་བྱེད་རིགས་པར་ཐལ་བ་མཚུངས་པའི་ཕྱིར་དང༌། རྟགས་མེད་པ་སྟེ་མ་གྲུབ་པ་བཞིར་བྱས་པ་ལ། ཁྱབ་པ་གྲུབ་མ་གྲུབ་གཉིས་སུ་ཕྱེ་བའི་གྲངས་ངེས་བྱེད་པ་ནི་ལུང་རིགས་དང་འགལ་བའི་ཕྱིར་དང༌། སྡེ་བདུན་ནས་མ་བཤད་པའི་ཐལ་འགྱུར་ལྟར་སྣང་གི་གྲངས་ངེས་དེ་དག་ནི། མུ་སྟེགས་ཀྱིས་བརྟགས་པའི་ལྟག་ཆོད་ཀྱི་གྲངས་ངེས་ལྟར་ཧ་ཅང་ཐལ་བས། གྲངས་ངེས་པ་དེ་དག་མི་རུང་བའི་ཕྱིར་རོ། །རང་རྒྱུད་ལ་མཚུངས་པར་ཐལ་བ་འདོད་མི་ནུས་པ་ནི། གཞུང་ལས་རང་རྒྱུད་སྲིད་ཚད། འགལ། མ་ངེས། མ་གྲུབ་གསུམ་དང༌། ཡང་དག་སྟེ་བཞིར་བསྡུས་པ་ཡིན་གྱི། ཁྱེད་ཀྱིས་བརྟགས་པ་དེ་དང་མཐུན་པར་བཤད་པ་མེད་པའི་ཕྱིར། གཏན་ཚིགས་གཉིས་པ་དེའི་ཤེས་བྱེད་ཀྱང༌། རྟགས་མེད་ན་ཁྱབ་པ་མེད་ཅེས་པའི་དོན་མ་ཡིན་ཏེ། རྟགས་མེད་ཀྱང༌། ལྡོག་ཁྱབ་གྲུབ་པ་དུ་མ་མཐོང་བའི་ཕྱིར་དང༌། གྲགས་ཚོད་ལྟར་ན། ཚད་མས་མ་དམིགས་ན་མེད་པས་མ་ཁྱབ་པར་ཡང་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཁྱབ་པ་གྲུབ་ཀྱང༌། རྟགས་མ་གྲུབ་ན། མ་གྲུབ་པའི་ཐལ་འགྱུར་དུ་སོང་བས་ན། རྟགས་མ་གྲུབ་པ་གཅིག་པུར་བསྡུས་པས་ཆོག་པ་ཡིན་ཏེ། མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་གི་འཇོག་བྱེད་ནི་རྟགས་མ་གྲུབ་པ་ཉིད་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཐལ་འགྱུར་དུ་བཀོད་ཚད་ཀྱི་ཡན་ལག་གི་དབྱེ་བ་བཅུ་བཞིར་གྲངས་ངེས་པ་མ་ཡིན་ཏེ། ལྟར་སྣང་བདུན་གྱི་གྲངས་ངེས་མི་འཐད། ཡང་དག་བདུན་གྱི་གྲངས་ངེས་ཀྱང་མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དང་པོའི་སྒྲུབ་བྱེད་གཞུང་ཉིད་དང་སྦྱར་བ་དང༌། གཉིས་པའི་སྒྲུབ་བྱེད་ཁ་བསྐང་བའོ། །དང་པོ་ནི། མ་གྲུབ་པའི་ཐལ་འགྱུར་ལ་གཉིས་སུ་ཕྱེ་བ་ནི་ལྟར་སྣང་གི་གྲངས་ངེས་བྱེད་པའི་ཚེ། ལྷག་པ་དང་དོན་མེད་པ་ཡིན་ཏེ། ཁྱབ་པ་མ་གྲུབ་པའི་ཐལ་འགྱུར་ཡིན་པ་ཙམ་གྱིས་མ་གྲུབ་པའི་ཐལ་འགྱུར་དུ་འཇོག་མི་ནུས་པའི་ཕྱིར་དང༌། དེ་མ་ངེས་པའི་ཐལ་འགྱུར་གྱི་འཇོག་བྱེད་ཡིན་ན་ནི། འགལ་བའི་ཐལ་འགྱུར་ཡང་མ་ངེས་པའི་ཐལ་འགྱུར་དུ་ཐལ་བའི་ཕྱིར་དང༌། མ་གྲུབ་པའི་གཏན་ཚིགས་ལའང༌། རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་གྲུབ་པ་གཉིས་སུ་འབྱེད་པར་ཐལ་བ་མཚུངས་པའི་ཕྱིར་དང༌། ཁྱེད་ཀྱི་གྲངས་ངེས་དེར། འགལ་བའི་ཐལ་འགྱུར་ལྟར་སྣང་ཆད་པའི་ཕྱིར་དང༌། རྟགས་འབའ་ཞིག་མ་གྲུབ་པའི་ཐལ་འགྱུར་ཡིན་པ་ཙམ་གྱིས་དེར་བཞག་ནུས་ན་ནི། མ་ངེས་པའི་ཐལ་འགྱུར་རྣམས་ཀྱང༌། འགལ་བའི་ཐལ་འགྱུར་དུ་ཐལ་བའི་ཕྱིར་དང༌། རྟགས་མེད་པ་གཞིར་བྱས་ལ། ཁྱབ་པ་གྲུབ་པ་དང༌། མ་གྲུབ་པའི་ཐལ་འགྱུར་གཉིས་སུ་འབྱེད་པ་ནི་འཁྲུལ་བའི་ཕྱིར། དཔེར་ན། སྲོག་ཆད་ན་དབང་པོ་གཞན་ཡོད་མེད་འདྲ་བ་བཞིན་ནོ། །དེས་ན་ཐལ་འགྱུར་ལྟར་སྣང་གི་གྲངས་ངེས་དེ་མི་འཐད་དོ། །གཉིས་པ་ནི། གཞུང་འདི་ལྟར། གྲུབ་པ་གཉིས་སུ་ཕྱེ་བ་ལྷག །འབྲས་རང་མ་དམིགས་ཐལ་འགྱུར་ཆད། །རྟགས་གྲུབ་ཁྱབ་པ་མེད་པ་འཁྲུལ། །ཁས་བླངས་བསལ་བ་མི་རུང་ངོ༌། །ཞེས་པ་ཐལ་འགྱུར་ཡང་དག་ལ་བདུན་གྱི་གྲངས་ངེས་མི་འཐད་དེ། ཐལ་འགྱུར་ཡང་དག་ལ། རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ་དང་ཚད་མས་གྲུབ་པ། རྟགས་ཚད་མ། ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་ཞེས་བྱ་བ་གསུམ་དུ་འབྱེད་པ་འདི་གཞུང་ལས་མ་བཤད་ཅིང༌། རིགས་པས་མི་འཐད་པའི་ཕྱིར་དང༌། ཐལ་འགྱུར་ཡང་དག་ཇི་སྙེད་པ། འབྲས་རང་མ་དམིགས་པའི་ཐལ་འགྱུར་གསུམ་དུ་བསྡུས་ནས་འཆད་དགོས་པ་དེ་ཆད་པའི་ཕྱིར་དང༌། རྟགས་ཁས་བླངས་ཀྱིས་གྲུབ་པ་གཞིར་བྱས་པ་ལ། ཁྱབ་པ་ཚད་མས་གྲུབ་མ་གྲུབ་གཉིས་སུ་འབྱེད་པ་འཁྲུལ་པའི་ཕྱིར་དང༌། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པའི་སྐབས་སུ། ཁས་བླངས་ཀྱི་བསལ་བས་བསལ་བའི་གོ་ཆོད་ན། སྡེ་བདུན་མཛད་པའི་གཞུང་གི་བསལ་བ་འཆད་པའི་སྐབས་ཀྱི་ལེགས་བཤད་མཐའ་དག་ཆུད་བསན་བར་འགྱུར་བའི་ཕྱིར། དེ་དག་གི་ཤེས་བྱེད་ཀྱང༌། ཐལ་འགྱུར་ཡང་དག་ཏུ་འཇོག་པ་ལ། རྟགས་ཁས་བླངས་ཤིང༌། ཐལ་བའི་ལོག་ཕྱོགས་དང༌། ཁྱབ་པ་འགྲུབ་བྱེད་ཀྱི་ཚད་མ་ཡོད་པ་ཙམ་གྱིས་ཆོག་པའི་ཕྱིར་དང༌། རྟགས་ཁས་བླངས་ཀྱིས་གྲུབ་ཀྱང༌། ཁྱབ་པ་ཚད་མས་མ་གྲུབ་ན། འགལ་བ་དང༌། མ་ངེས་པ་གང་རུང་ལས་མ་འདས་པའི་ཕྱིར་དང༌། འབྲས་རང་མ་དམིགས་པའི་མཚན་ཉིད་གསུམ་པོ་གང་རུང་མ་ཚང་བའི་ཐལ་འགྱུར་ནི། ཐལ་འགྱུར་ལྟར་སྣང་ལས་མ་འདས་ཏེ། དེ་གསུམ་གང་རུང་གི་མཚན་ཉིད་མ་ཚང་བའི་གཏན་ཚིགས་ནི་ལྟར་སྣང་ཁོ་ནར་ངེས་པ་བཞིན། ཡང༌། ཁས་བླངས་ཀྱི་བསལ་བས་ཐལ་འགྱུར་གྱིས་བསལ་བའི་གོ་ཆོད་ན། གྲངས་ཅན་གྱིས་སྒྲ་རྟག་པར་སྟོན་པའི་བསྟན་བཅོས་ལུང་ཚད་མར་ཁས་བླངས་པ་ལ། སངས་རྒྱས་པས། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར། ཞེས་འཕངས་པ་འདི་ཡང་ཐལ་བ་ཡང་དག་ཏུ་འགྱུར་ཏེ། རྟགས་ཁྱབ་གཉིས་ཀ་ཚད་མས་གྲུབ་ཅིང༌། ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཕྱིར། དེ་འདོད་མི་ནུས་ཏེ། ཇི་སྐད་དུ། བསྟན་བཅོས་དང་འགལ་བརྗོད་ན་ཡང༌། གནོད་པ་མ་ཡིན། ཞེས་གསུངས་པ་དང་འགལ་བས་སོ། །གཞན་ཡང༌། ཁྱོད་ལྟར་ན། ཐལ་འགྱུར་དེ་ལ་འདོད་ལན་བཏབ་པའི་ཚེ། བསལ་བ་སྟོན་ཚུལ་ཇི་ལྟ་བུ། སྒྲ་མི་རྟག་པ་ཡིན་ན་རྟག་པ་ཡིན་པར་འགལ་ལོ། །ཞེས་ཟེར་ན། དེ་འདྲ་དེ་ནི་སྒྲ་རྟག་པ་ལ་བསལ་བ་སྟོན་ཚུལ་དུ་སོང་བ་ཡིན་གྱི། ཅིག་ཤོས་ལ་དེར་མ་སོང་ངོ༌། །གལ་ཏེ་སྒྲ་རྟག་པ་ཡིན་ན་སྒྲ་མི་རྟག་པར་འགལ་ལོ། །ཞེས་འདོན་ན་ནི། མི་འཐད་དེ། དེ་ལྟར་སྟོན་པའི་ལུང་གིས་ཀྱང་མི་གནོད། ལུང་དོན་གྱིས་ཀྱང་མི་གནོད་པའི་ཕྱིར་ཏེ། ལུང་དེ་ནི་དཔྱད་པས་མ་དག་ལ། ལུང་དོན་ནི་ཚད་མས་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཏེ། ཐལ་འགྱུར་ཡང་དག་དང༌། ལྟར་སྣང་ངོ༌། །དང་པོ་ལ་མཚན་ཉིད་ནི། གཞན་གྱིས་ཁས་བླངས་པའི་འདོད་པ་རྟགས་སུ་བརྗོད་ནས། མི་འདོད་པའི་བསྒྲུབ་བྱ་འཕེན་པའོ། །གཞུང་དུ། སྒྲུབ་ཅེས་པ། འཕེན་ཞེས་པར་བསྒྱུར་ན་བདེ་བ་ཡིན་ཏེ། གཞན་གྱིས་མི་འདོད་པ་སྒྲུབ་པ་ནི་རང་རྒྱུད་ལ་ཡོད་པ་ཡིན་གྱི། ཐལ་འགྱུར་ལ་མེད་པའི་ཕྱིར་དང༌། འགྲེལ་པར་བསྒྲུབ་བྱ་ལ་འབྲུ་མནན་པས་ཡི་གེ་མ་མཐུན་པའི་ཕྱིར། གཉིས་པ་དབྱེ་བ་ལ་གསུམ་སྟེ། སྒྲུབ་བྱེད་འཕེན་པ་དང༌། མི་འཕེན་པ་དང༌། དེ་དག་གི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ལ། བསྒྲུབ་བྱ་བརྗོད་པའི་དང༌། སྒྲུབ་བྱེད་བརྗོད་པའི་ཐལ་འགྱུར་རོ། །དང་པོ་སྐབས་ཀྱི་དོན་མ་ཡིན་པས་བཏང་སྙོམས་སུ་བཞག་ནས། གཉིས་པ་ལ་གསུམ་ལས། མཚན་ཉིད་ནི། སྒྲུབ་པའི་ཐལ་འགྱུར་གང་ཞིག ཆོས་གསུམ་ལྡན་ནོ། །དེ་ཡང་སྒྲུབ་པ་ཞེས་པ་ནི། སྒྲུབ་ངག་ཏུ་བཀོད་པའོ། །ཆོས་གསུམ་ནི། རྟགས་སྔ་རྒོལ་གྱི་བདེན་ཞེན་གྱིས་ཁས་བླངས་པ། ལྡོག་ཁྱབ་ཚད་མས་གྲུབ་པ། གཞི་གྲུབ་ཅིང༌། དམ་བཅའ་ལ་ཚད་མའི་བསལ་བ་ཞུགས་པའོ། །མཚན་གཞི་ནི། སྔ་རྒོལ་སྒྲ་རྟག་པར་ཁས་ལེན་ཞིང༌། སྒྲ་བྱས་པ་ཡིན་པ་དང༌། བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་པའི་ངོར། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་རྒོལ་བས་ཁས་བླངས་སོ། །ཞེས་པ་ལྟ་བུའོ། །གཉིས་པ་བཟློག་ན་སྒྲུབ་པའི་ངག་ཏུ་འགྱུར་བའི་འཐད་པ་ནི། མཚན་གཞི་གཟུང་མ་ཐག་པ་དེ་ཆོས་ཅན། དངོས་སུ་བསྒྲུབ་བྱ་སྒྲུབ་པའི་ངག་གམ། སུན་འབྱིན་གྱི་ཟླས་ཕྱེ་བའི་སྒྲུབ་ངག་མ་ཡིན་ཀྱང༌། སྤྱིར་སྒྲུབ་ངག་ཡང་དག་ཡིན་ཏེ། བཟློག་ན་སྒྲུབ་པའི་ངག་གི་མཚན་ཉིད་ཡོད་པའི་ཕྱིར་ཏེ། སྒྲུབ་པའི་ངག་ཏུ་བཀོད་པ་གང་ཞིག རྒོལ་བ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་དྲན་ལམ་དུ་གསལ་བར་སྟོན་པའི་ངག་སྐྱོན་མེད་ཡིན་པའི་ཕྱིར། གསུམ་པ་ཐལ་བའི་ངག་རང་རྒྱུད་འཕེན་པའི་ཚུལ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། གལ་ཏེ་འོ་ན། ཐལ་བའི་ཁྱབ་པས་རང་རྒྱུད་ཀྱི་ཁྱབ་པ་འཕེན་མོད། རང་རྒྱུད་ཀྱི་ཕྱོགས་ཆོས་ཐལ་བའི་ངག་གང་གིས་འཕེན་ཞེ་ན། ལོ་ཙྪ་བ་ཆེན་པོ་སོགས་ཁ་ཅིག ཐལ་བའི་ཆོས་ཟློག་པས། སྒྲུབ་པའི་ངག་གི་ཕྱོགས་ཆོས་ཉིད་འཕེན་པ་ཡིན་ཏེ། ཐལ་བའི་སྒྲུབ་ངག་འགོད་པའི་ཚུལ་འདི་ལྟར། གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་ཆུ་ཀླུང་བཞིན་དུ་ལྡན་གྱི་ལ་ལའང་མེ་ཡོད་པར་ཁས་བླངས་པས་དུ་བ་མེད་པར་ཐལ་ལོ། །ཞེས་འགོད་པས་སོ། །ཞེས་ཟེར་རོ། །དེ་མི་འཐད་དེ། ཐལ་བའི་ངག་གི་དངོས་དོན་བཟློག་པས། རང་རྒྱུད་ཀྱི་ཕྱོགས་ཆོས་འཕེན་ན། ཐལ་བའི་སྦྱོར་བ་དང༌། དེས་འཕངས་པའི་རང་རྒྱུད་ཀྱི་སྦྱོར་བ་གཉིས་ཀ་སྐྱོན་མེད་ཡིན་པ་འཇིག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར། ཞེས་པ་ནི་ཐལ་འགྱུར་གྱི་དམ་བཅའ་ཡིན་ལ། དེ་འདྲ་དེ་སྒྲུབ་པའི་ཐལ་འགྱུར་གྱི་ཚིག་ཟུར་དུ་སྨོས་ན་ལྷག་པ་ཡིན་ཏེ། ཐལ་བའི་དམ་བཅའ་བརྗོད་པའི་ཕྱིར། དཔེར་ན། རང་རྒྱུད་ཀྱི་སྒྲུབ་པའི་ངག་གི་ཟུར་དུ། རང་རྒྱུད་ཀྱི་དམ་བཅའ་བརྗོད་ན་ལྷག་པ་བཞིན། ཡང༌། ཐལ་འགྱུར་གྱི་དམ་བཅའ་བརྗོད་ན། དེས་འཕངས་པའི་བཟློག་དོན་ལ་ཡང་དམ་བཅའ་དངོས་སུ་བརྗོད་དགོས་ཏེ། དེ་ལྟར་ཐལ་བ་ལས། དུ་བ་ཡོད་པའི་ཕྱིར་ལ་ལ་མེ་ཡོད་དོ། །ཞེས་བཟློག་དགོས་པས་སོ། །གཉིས་པ་རང་ལུགས་ནི། སྒྲུབ་བྱེད་འཕེན་པའི་ཐལ་བའི་ངག་ལས། རང་རྒྱུད་ཀྱི་དོན་རྒོལ་བའི་བློ་ཡུལ་དུ་འཕེན་པ་ཡིན་ཏེ། སྐབས་ཀྱི་ཚུལ་གསུམ་དེར་འཕེན་པའི་ཕྱིར། དེ་འཕེན་ཀྱང༌། ཇི་ལྟར་བཟློས་པ་བཞིན་འཕེན་དགོས་པ་མ་ཡིན་ཏེ། གཞན་དུ་ན། སྒྲ་རྟག་པར་ཁས་བླངས་སོ་ཞེས་པའི་རྟགས་བཟློག་པས། སྒྲ་མི་རྟག་པ་འཕེན་དགོས་ལ། དེ་ཡང་དེ་ལྟ་ན། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་ཐལ་བའི་ཕྱིར་རོ། །དེས་ན། བཟློག་དོན་གྱི་ཕྱོགས་ཆོས་ཐལ་བའི་ངག་གི་ཤུགས་ལའམ། དོན་གྱིས་གོ་བ་ཞེས་བྱ་སྟེ། ཇི་སྐད་དུ། དོན་གྱིས་དེ་ནི་འཇིག་བློར་འགྱུར། །ཞེས་བཤད་པ་དང་ཆོས་མཚུངས་སོ། །གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ནི། ཡང་དག་པའི་ཐལ་བ་གང་ཞིག བཟློག་དོན་ལ་ཚུལ་གསུམ་མི་འཕེན་པའོ། །སྤྱིར་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ་གཉིས་ཏེ། ཚུལ་གསུམ་ཚང་རུང་གི་སྒྲུབ་བྱེད་འཕེན་པ་དང༌། ཚང་ཟིན་པའི་སྒྲུབ་བྱེད་འཕེན་པའོ། །དང་པོ་ནི། ཚུལ་གསུམ་མི་ཤེས་པའི་རྒོལ་བས་སྒྲ་རྟག་པར་ཁས་བླངས་པ་ལ། མ་བྱས་པར་ཐལ་བ་འཕེན་པ་ལྟ་བུའོ། །གཉིས་པ་ལ། དམ་བཅའ་བརྗོད་པ་དང༌། སྒྲུབ་བྱེད་བརྗོད་པ་གཉིས་ལས། དང་པོ་ནི། དེ་ཤེས་པའི་རྒོལ་བས་དེ་ལྟར་ཁས་བླངས་པ་ལ་དེར་ཐལ་བ་འཕེན་པ་ལྟ་བུའོ། །གཉིས་པ་ལ་ནི་སྒྲུབ་པའི་ཐལ་འགྱུར་ཞེས་བྱ་ལ། འདི་ལ་ནི་དམ་བཅའ་མི་བརྗོད་དེ། དེ་བརྗོད་ན། སྒྲུབ་པའི་ཡན་ལག་མ་ཡིན་པ་བརྗོད་པས། ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར། དེ་བཞིན་དུ། སྒྲུབ་བྱེད་མི་འཕེན་པའི་ཚུལ་ལའང་གསུམ་སྟེ། སྤྱིར་སྒྲུབ་བྱེད་མི་འཕེན་པ་དང༌། དེ་འཕེན་ཀྱང༌། སྒྲུབ་བྱེད་གཏན་ཚིགས་ཡང་དག་མི་འཕེན་པ་དང༌། གཏན་ཚིགས་ཡང་དག་འཕེན་ཀྱང༌། སྒྲུབ་པའི་ཐལ་འགྱུར་ཡང་དག་ཏུ་མི་རུང་བ་རྣམས་སོ། །འོ་ན། སྤྱིར་ཐལ་འགྱུར་ཡང་དག་ཏུ་འགྲོ་བ་ལ། རྟགས་ཕ་རོལ་པོས་ཁས་བླངས་པ་ཅིག་དགོས་མོད། ཁྱབ་པ་རང་བསལ་བ་རྒོལ་བ་དེའི་ཚད་མས་ཤེས་པ་ཅིག་དགོས་སམ། ཞེ་ན། དེ་ནི་ཐལ་འགྱུར་ཡང་དག་གི་འཇོག་མཚམས་གང་ཡིན་དཔྱད་དགོས་ཏེ། འཁོར་གསུམ་གང་རུང་ལ་ལན་མི་ཐེབས་པའི་སྒོ་ནས་སམ། ལན་ཐེབས་ཀྱང༌། ལན་གྱིས་ཟློག་པར་མི་ནུས་པའི་ཆ་ནས་ཐལ་འགྱུར་ཡང་དག་ཏུ་འཇོག་པའམ། ཡང༌། འཁོར་གསུམ་རྒོལ་བའི་བློ་ངོར་ཚང་དུ་རུང་བ་ཙམ་གྱིས་སམ། ཡང་ན། ཚུལ་གསུམ་རྒོལ་བའི་བློ་ངོར་ཚང་ཟིན་པ་ལ། ཐལ་འགྱུར་ཡང་དག་ཏུ་འཇོག་པ་དག་ལས་གང་བདེ་ཞེས་བརྟགས་ནས། དང་པོ་ལྟ་བ་ཁས་ལེན་པ་བདེ་ན་ནི། ཁྱབ་བསལ་མི་ཤེས་པའི་ངོར་ཡང་དེར་འགྱུར་བ་སྲིད་ལ། གཉིས་པ་ལྟར་བདེ་ན་ནི། དེ་མི་སྲིད་དོ། །དེ་ཡང༌། རིགས་པའི་གཏེར་གྱི་དགོངས་པ་ནི་ལུགས་གཉིས་པ་དེར་གནས་ཤིང༌། དང་པོ་ལྟར་ཁས་བླངས་ན། ཅུང་ཟད་སྐྱོང་བདེ་བ་ཡིན་ནོ། །གསུམ་པ་དེ་དག་གི་དབྱེ་བ་དཔེར་བརྗོད་པ་ལ་གཉིས་ཏེ། སྒྲུབ་བྱེད་མི་འཕེན་པའི་དང༌། འཕེན་པའི་དབྱེ་བའོ། །དང་པོ་ནི། རང་བཞིན་མ་དམིགས་པ་དང༌། འབྲས་བུ་མ་དམིགས་པ་དང༌། མཚན་ཉིད་མ་དམིགས་པའི་ཐལ་འགྱུར་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ཏེ། བཟློག་དོན་ལ་ཚུལ་གསུམ་མ་ཚང་བའི་ཕྱིར། དེ་ཡང་དཔེར་ན། ས་ཕྱོགས་དེར་ཆོས་ཅན། བུམ་པ་མེད་པར་ཐལ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་ནི། རང་བཞིན་མ་དམིགས་པའི་ཐལ་འགྱུར་གྱི་མཚན་གཞི་ཡིན་ལ། དེའི་ཚེ། ཐལ་ཆོས་ལ་ཚད་མའི་བསལ་བ་མ་ཞུགས་ན་ནི། བཟློག་དོན་གྱི་རྟགས་ཆོས་ཅན་གྱི་སྟེང་དུ་མི་འགྲུབ། ཚད་མའི་བསལ་བ་ཞུགས་ན་ནི། ས་ཕྱོགས་དེར་སྣང་རུང་གི་བུམ་པ་ཚད་མས་དམིགས་པར་གྲུབ་ཟིན་པས། བཟློག་དོན་ལ་བསྒྲུབ་བྱ་མེད་པའི་ཕྱིར། དེ་བཞིན་དུ། གཞན་གཉིས་ལ་ཡང་སྦྱར་བར་བྱ་སྟེ། འདི་གསུམ་ཀ་ཡང༌། རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ། ཐ་སྙད་འབའ་ཞིག་ལ་ཚད་མའི་བསལ་བ་ཞུགས་པའི་དབང་དུ་བྱས་པའི་ཕྱིར། འདིར། མཚན་ཉིད་མ་དམིགས་པ་ཞེས་གསུངས་པ་ནི། ཚིགས་བཅད་སྦྱར་བདེ་བའི་དབང་དུ་མཛད་ཀྱི། རང་བཞིན་མ་དམིགས་པ་ལས་ལོགས་སུ་བགྲང་མི་དགོས་ཏེ། མཚན་ཉིད་བཀག་ནས། རྩོད་གཞི་ལ་མཚོན་བྱ་འགོག་པའི་ཕྱིར་དང༌། དེ་འདྲའི་གཏན་ཚིགས་ཀྱི་རིགས་ལོགས་པ་གཞུང་ནས་མ་བཤད་པའི་ཕྱིར། འགྲེལ་པར་འདི་ལ་ཁྱབ་བྱེད་མ་དམིགས་པའི་བྱེ་བྲག་ཏུ་བཤད་པ་ནི། སྤྱིར་ཁྱབ་བྱེད་བཀག་པ་ཙམ་ལ་འཆད་དགོས་ཀྱི། འབྲེལ་ཡུལ་མ་དམིགས་པ་བཞིའི་ནང་ཚན་ལ་བཤད་དུ་མི་རུང་སྟེ། དེས་ནི་རང་བཞིན་གྱི་གཏན་ཚིགས་ངེས་པར་འཕེན་པའི་ཕྱིར་རོ། །དེ་ལྟར་ན། སྒྲུབ་བྱེད་མི་འཕེན་པའི་དབྱེ་བ་འདིར་དངོས་སུ་བཤད་པ་ནི་གཉིས་ཁོ་ན་ཡིན་ལ། དོན་གྱིས་ཐོབ་པ་ནི་གསུམ་སྟེ། མེ་དང༌། ཙནྡན་གྱི་མེ་དང༌། དུ་བ་དམིགས་པའི་རྟགས་ཀྱིས། གཞི་འགར་གྲང་རྒྱུ་ནུས་པ་ཐོགས་མེད་མེད་པར་ཐལ་བ་གསུམ་མོ། །དེ་གསུམ་གྱིས་བཟློག་དོན་མི་འཕེན་ཏེ། གྲང་རྒྱུ་ནུས་པ་ཐོགས་མེད་ཀྱིས་གཞི་གང་དུ་ཡང་དེ་གསུམ་འགོག་པ་ལ་ཚུལ་གསུམ་ཚང་བ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གྲང་རྒྱུ་ནུས་པ་ཐོགས་མེད་དུ་ངེས་པ་ནི། གྲང་རེག་སྐྱེ་བཞིན་པ་མཐོང་བ་ལ་རག་ལས། དེ་ནི་གྲང་རེག་གིས་ཅིག་ཤོས་འགོག་པའི་ནང་དུ་འདུས་པ་དང༌། སྐད་ཅིག་གཉིས་པར་གྲང་རེག་སྐྱེད་ངེས་ཀྱི་རྒྱུ་ནི་སྐབས་ཀྱི་རྒོལ་བས་མི་ངེས་པ་ལས་སོ། །དེས་ན། གཞུང་འདི་ལྟར་ཡང་སྦྱར་ཏེ། འབྲས་བུ་དང་ནི་འགལ་བ་ཡི། །རང་བཞིན་འབྲས་བུ་ཁྱབ་བྱ་སྟེ། །སྤང་གཉེན་ལྷན་ཅིག་མི་གནས་པའི། །འགལ་དམིགས་གསུམ་གྱིས་སྒྲུབ་མི་འཕེན། །ཞེས་སོ། །དེ་ལྟར་ནི། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ནི་ལྔ་པོ་དེ་ཙམ་དུ་ངེས་ལ། འདི་དག་གི་ངག་འགོད་པའི་ཚུལ་ནི། རྩ་བའི་དམ་བཅའ་བརྗོད་པའི་ཐལ་ངག་དེ་ཉིད་བཀོད་པས་ཆོག་པ་ཡིན་གྱི། ཅིག་ཤོས་ལྟར་འགོད་དགོས་པ་མ་ཡིན་ཏེ། འདི་ལ་སྒྲུབ་པའི་ཐལ་འགྱུར་མི་སྲིད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྒྲུབ་བྱེད་མི་འཕེན་པ་ལྔའི་ལྷག་མ། ཡང་དག་པའི་གཏན་ཚིགས་ཀྱི་མིང་ཅན་དུ་གྱུར་པའི་ཐལ་འགྱུར་ཀུན་གྱི་སྒྲུབ་བྱེད་འཕེན་པར་ཤེས་པར་བྱ་སྟེ། ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་འཕངས་ནས། བསྒྲུབ་བྱ་ལ་དམིགས་པའི་རྗེས་དཔག་སྐད་ཅིག་གཉིས་པར་འདྲེན་ནུས་པའི་ཕྱིར། དེས་ན། གཞུང་ནི། ལྷག་མ་ཡང་དག་ཐལ་འགྱུར་ཀུན། །ཞེས་སྦྱར་ན་འཇུག་པ་བདེ་བ་ཡིན་ནོ། །ལྷག་མར་གྱུར་པ་དུ་ཞེ་ན། །སྐབས་འདིའི་འགྲེལ་པ་ལ་མི་མཐུན་པ་གཉིས་སྣང་ཡང༌། གཞུང་འདིའི་རྩ་འགྲེལ་དང༌། སྔ་རབས་པའི་བསྡུས་པ་གཉིས་ཀ་ན། མི་སྣང་བ་མ་དམིགས་པའི་ཐལ་འགྱུར་གྱི་བཤད་པ་ནི་མི་སྣང་ལ། དེ་མ་གཏོགས་པ་ནི་བཅུ་དགུ་ཡོད་དེ། འབྲེལ་རང་གི་ཐལ་འགྱུར་གཉིས་དང༌། འབྲེལ་ཟླ་མ་དམིགས་པ་བཞི་དང༌། ལྷན་ཅིག་མི་གནས་པའི་འགལ་དམིགས་ཀྱི་ཐལ་འགྱུར་བཅུ་གཉིས་དང༌། ཚད་མས་གནོད་པའི་འགལ་དམིགས་ཀྱི་ཐལ་འགྱུར་གཅིག་རྣམས་སོ། །གནོད་འགལ་དུ་མ་འདུས་པའི་ཕན་ཚུན་སྤངས་པའི་འགལ་དམིགས་ཀྱི་ཐལ་འགྱུར་དང༌། གཏན་ཚིགས་གཉིས་ཀ་འདིར་མི་བཞེད་དེ། ཕན་ཚུན་སྤངས་པ་དངོས་ལ་ནི། རྟགས་དང་རྟགས་ཅན་མི་རུང༌། དེས་ཁྱད་པར་དུ་བྱས་པ་ལ། མེ་ཡོད་སྐོར་བཞི་དང༌། མེ་མེད་སྐོར་བཞི་ལ་སོགས་པའི་རྣམ་གཞག་བྱས་པ་ནི། བོད་ཀྱི་བསྡུས་པ་མཁན་པོས། ལྷན་ཅིག་མི་གནས་པའི་འགལ་དམིགས་ལ་འདྲ་ལེན་བྱས་པ་ཡིན་གྱི། གཞུང་ལས་མ་བཤད་པའི་ཕྱིར་རོ། །དེ་ལྟར་བཅུ་དགུ་ལས་ལྔ་ནི་གོང་དུ་སྒྲུབ་བྱེད་མི་འཕེན་པར་བཤད་ཟིན་པས། ལྷག་མར་གྱུར་པ་ནི་བཅུ་བཞིའོ། །གཉིས་པ་ནི། འདིར་རྩ་བའི་གཞུང་གི་འདོན་ཚུལ་མི་མཐུན་པ་གཉིས་བྱུང་ཡང༌། ལྡོག་པ་རང་རིགས་འཕེན་པ་བཞི། །གཞན་རིགས་འཕེན་པ་བཅུ་དྲུག་ཡོད། །ཅེས་སྦྱར་ན་ལེགས་པ་ཡིན་ཏེ། འདོན་ཚུལ་གཞན་ལ་ནི། མ་ཚང་བ་དང༌། ལྷག་པའི་རིགས་སུ་འབྱུང་བའི་ཕྱིར་རོ། །འོ་ན། སྒྲུབ་བྱེད་འཕེན་པ་བཅུ་བཞི་ལས་མེད་པ་ལ། ཉི་ཤུ་ཇི་ལྟར་འབྱུང་ཞེ་ན། འདིའི་སྐབས་ཀྱི་འགྲེལ་པ་ལ་མི་མཐུན་པ་གཉིས་སྣང་བས། གཅིག་ཁོ་ན་ལ་རྟོན་པར་ནི་མ་ནུས་ཏེ། གཉིས་ཀ་ལ་ཡང་ཡི་གེ་མ་དག་པའི་སྐྱོན་དང་བཅས་པ་དུ་མ་སྣང་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། མིང་མི་མཐུན་པ་ནི་ཉི་ཤུ་བགྲང་དུ་མེད་ཀྱང༌། འཕེན་ལུགས་མི་གཅིག་པའི་སྒོ་ནས་ཉི་ཤུར་ཕྱེ་བ་ཡིན་ནོ། །ངག་དོན་ནི། ལྷན་ཅིག་མི་གནས་པའི་འགལ་དམིགས་ཀྱི་ནང་ནས། མེས་གྲང་རེག་དང༌། དུ་བས་གྲང་འབྲས་དང༌། ཙནྡན་གྱི་མེས་བ་མོའི་རེག་པ་འགོག་པའི་ཐལ་འགྱུར་ཡང་དག་གསུམ་དང༌། ཚད་མས་གནོད་འགལ་དམིགས་པའི་ཐལ་འགྱུར་ཡང་དག་གཅིག་སྟེ་བཞི་པོ་ཆོས་ཅན། རང་རིགས་འཕེན་པ་ཡིན་ཏེ། ཐལ་འགྱུར་རང་དང་རང་གི་ཟློག་དོན་གྱི་གཏན་ཚིགས་གཉིས། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་ཞེས་སོགས་སུ་མིང་མཐུན། ལྷན་ཅིག་མི་གནས་པའི་འགལ་དམིགས་ལྟ་བུར་དོན་མཐུན་པའི་ཕྱིར་རོ། །འབྲས་རང་ནི་ཐལ་འགྱུར་ཡང་དག་གཉིས་དང༌། འབྲེལ་ཟླ་མ་དམིགས་པའི་ཐལ་འགྱུར་ཡང་དག་བཞིའི་ནང་ནས། གཉིས་སྒྲུབ་བྱེད་མི་འཕེན་པར་བཤད་ཟིན་པ་ལ། དེའི་ལྷག་མ་གཉིས་ཏེ་བཞི་དང༌། ལྷན་ཅིག་མི་གནས་པའི་འགལ་དམིགས་བཅུ་གཉིས་ཀྱི་ནང་ནས། གསུམ་ནི་སྒྲུབ་བྱེད་མི་འཕེན་པར་བཤད། གསུམ་ནི་རང་རིགས་འཕེན་པར་བཤད་ཟིན་པས། དེའི་ལྷག་མ་དྲུག་སྟེ། མདོར་ན་བཅུ་པོ་དེ་ནི་ཆོས་ཅན། གཞན་རིགས་འཕེན་པའི་ཐལ་འགྱུར་ཞེས་བྱ་སྟེ། ཐལ་འགྱུར་རང་གི་མིང་དང༌། བཟློག་དོན་གྱི་གཏན་ཚིགས་ཀྱི་མིང་མི་མཐུན་ཞིང༌། དོན་ཡང་མི་མཐུན་པའི་ཕྱིར། འོ་ན། དེའི་ལྷག་མ་དྲུག་པོ་བགྲང་བའི་ཚུལ་ཇི་ལྟར་བྱ་ཞེ་ན། ལྷན་ཅིག་མི་གནས་པའི་འགལ་བ་དྲུག་པོ་ལ། ཕན་ཚུན་བཟློག་པས་བཅུ་གཉིས་སུ་བྱེད་པ་ཡིན་ཏེ། མེས་གྲང་འབྲས་འགོག་ནུས་པ་བཞིན་དུ། གྲང་འབྲས་ཀྱིས་མེ་འགོག་པའི་གཏན་ཚིགས་ཡང་དག་ཀྱང་སྲིད་པའི་ཕྱིར་རོ། །འོ་ན། རང་རིགས་འཕེན་པ་བཞི་ལ་ཡང་དེ་ལྟར་འབྱེད་དགོས་པར་མཚུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཕྱེ་བ་ཙམ་གྱིས་ཆོག་མོད། བརྒྱད་དུ་དབྱེ་དགོས་པར་མཚུངས་པ་མ་ཡིན་ཏེ། མེས་གྲང་རེག་དང༌། གྲང་རེག་གིས་མེ་འགོག་པ་གཉིས་ཀ་ལ་ཐལ་ཟློག་གི་མིང་གཅིག་ལས་མེད་ལ། མེས་གྲང་འབྲས་འགོག་པ་དང༌། གྲང་འབྲས་ཀྱིས་མེ་འགོག་པ་གཉིས་ལ་ནི། ཐལ་ཟློག་གི་མིང་མི་མཐུན་པ་དེ་ནི་ཡོད་པའི་ཕྱིར་སྙམ་དུ་དགོངས་སོ། །དེ་ལྟ་ན་ཡང༌། ལྡོག་པ་རང་རིགས་འཕེན་པ་བཞི། །གཞན་རིགས་འཕེན་པ་བཅུ་ཡིན་ནོ། །ཞེས་སྦྱར་ན་བསྟན་བཅོས་འདིའི་དགོངས་པར་མ་སོང་ཡང༌། སྒྲུབ་བྱེད་འཕེན་ཚུལ་གཉིས་ཀྱི་རྣམ་གཞག་ལ་ངེས་པར་གོ་བ་སྐྱེད་པའི་ཐབས་སུ་འགྲིག་པ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། གཞན་གྱིས་ཁས་བླངས་རྟགས་སུ་བཀོད་པའི་གཏན་ཚིགས་ཡང་དག་ཡོད་དམ་མེད། ཡོད་པ་ཡིན་ན་ནི་གཏན་ཚིགས་ཡང་དག་བཞི་པ་སྲིད་པར་འགྱུར་ལ། ཁས་བླངས་རྟགས་སུ་མི་རུང་ན་ནི། ཐལ་བ་འཕངས་པས་བསྒྲུབ་བྱ་སྒྲུབ་པ་མི་འཐད་དོ། །ཞེས་མུ་སྟེགས་བྱེད་རྣམས་སྨྲ་བ་ཡིན་ནོ་ལོ། །སྔ་རྒོལ་གཞན་གྱི་ལོག་རྟོག་གིས་ཀུན་ནས་བཏགས་པ་ལ། དངོས་སུ་ཐལ་བ་འཕངས་པའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པ་ལ་ནི་སྐྱོན་ཡོད་པ་མ་ཡིན་ཏེ། དེ་ལྟར་སྒྲུབ་ནུས་པའི་ཕྱིར་རོ། །གཞུང་འདི་དང༌། རྣམ་འགྲེལ་དུ། གཞན་གྱིས་བརྟགས་པ་ཡི། །ཞེས་སོགས་གསུངས་པ་དང་དོན་གཅིག་པས། ངག་དོན་འདི་ལྟར་སྦྱར་ཏེ། གཞན་དོན་རྗེས་དཔག་རང་ཉིད་ཀྱིས། །མཐོང་བ་གཞན་ལ་སྟོན་པའི་ངག །ཅེས་པ་ལ་འཕྲོས་ནས། ཚུལ་གསུམ་རྒོལ་བ་རང་ཉིད་ཀྱི་ཚད་མས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་སྟོན་པའི་གཞན་དོན་རྗེས་དཔག་མེད་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞན་གྱི་ཁས་བླངས་རྟགས་སུ་བཀོད་པའི་སྒྲུབ་ངག་འགོད་པ་དང་འགལ་ལོ། །ཞེ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས། བྱེ་བྲག་པའི་ངོར། གང་དུ་མ་དང་འབྲེལ་ན་ཆ་དང་བཅས་པས་ཁྱབ། དཔེར་ན། སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་རྟག་དངོས་ཀྱང་རང་གི་བསལ་བ་དུ་མ་དང་འཕྲོ་འདུའི་འབྲེལ་པ་གྲུབ་པར་ཁས་བླངས་སོ། །ཞེས་འཕངས་པ་ཆོས་ཅན། དངོས་བསྟན་གྱི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མ་གྲུབ་ཀྱང༌། རང་གི་བསྟན་བྱའི་དོན་ལ་ཚུལ་གསུམ་མ་ཚང་བའི་སྐྱོན་ཡོད་པ་མ་ཡིན་ཏེ། རང་གི་ལྡོག་དོན་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །གཉིས་པ་ཐལ་འགྱུར་ལྟར་སྣང་ལ་ལན་འདེབས་པའི་ཚུལ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། བོད་ཁ་བ་ཅན་པ་དག་ན་རེ། ཐལ་འགྱུར་ལྟར་སྣང་གི་ལན་ནི། སྒོ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། དེའི་ལན་ནི་གཏན་ཚིགས་མ་གྲུབ་པ་དང༌། རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་གྲུབ་པ་དང༌། འདོད་ཐོགས་གསུམ་ལས་གཞན་མི་སྲིད་པའི་ཕྱིར། ཞེས་དེ་སྐད་སྨྲའོ། །མི་འཐད་དེ། ཁྱབ་པ་འགལ་བ་དང་མ་ངེས་པ་གཉིས་ཀ་ལ། ཁྱབ་པ་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་ན། འགལ་བ་དང་མ་ངེས་པའི་ཐལ་འགྱུར་གཉིས་པོ་གཅིག་གི་ནང་དུ་གཅིག་འདུ་བར་འགྱུར་ལ། དེ་ཡང་འདོད་ན། ཐལ་འགྱུར་ལྟར་སྣང་ཐམས་ཅད། མ་གྲུབ་པ་དང༌། མ་ངེས་པ་གཉིས་སུ་འདུས་པར་འགྱུར་བའི་ཕྱིར་དང༌། དེའི་མཐར་གཏན་ཚིགས་དང༌། ཐལ་འགྱུར་ལྟར་སྣང་ཀུན། མ་གྲུབ་པ་གཅིག་ཏུ་འདུ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་མ་གྲུབ་པ་ལ། རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་གྲུབ་པ་གཉིས་སུ་ངེས་པར་འབྱེད་དགོས་སོ། །ཞེ་ན། འོ་ན། ཁྱབ་པ་མ་གྲུབ་པ་ལའང༌། ཁྱབ་པ་འགལ་བ་དང༌། མ་ངེས་པ་གཉིས་སུ་འབྱེད་དགོས་པར་མཚུངས་ཏེ། སྔ་མ་དང་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་དང༌། ཡང་ན། ཁྱབ་པ་འགལ་བ་ལ། ཁྱབ་པ་མ་གྲུབ་པའི་ལན་བཏབ་ན། འགལ་བའི་ཐལ་འགྱུར་ཡང་དངོས་ཀྱིས་མ་ངེས་པའི་ཐལ་འགྱུར་དུ་འཁྲུལ་བའི་ཕྱིར། གཉིས་པ་རང་གི་ལུགས་ནི། གཞན་ལུགས་མི་འཐད་པ་དེས་ན། མཁས་པས་ཐལ་འགྱུར་ལྟར་སྣང་གི་ལན་ནི། འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པ་དང༌། འདོད་པ་གྲུབ་པ་སྟེ་རྣམ་པར་ཐར་པའི་སྒོ་བཞིས་གདབ་དགོས་པ་ཡིན་ཏེ། ཐལ་འགྱུར་ལྟར་སྣང་ལ། འགལ་བའི་དང༌། མ་ངེས་པའི་དང༌། མ་གྲུབ་པའི་དང༌། བསལ་བ་ཡེ་མེད་ཀྱི་ཐལ་འགྱུར་དང་བཞིར་ངེས་པའི་ཕྱིར། འོ་ན། འཁོར་གསུམ་ཚང་བའི་ཐལ་འགྱུར་ལ་ལན་ཇི་ལྟར་གདབ་ཅེ་ན། རྒོལ་བ་རང་གི་གྲུབ་མཐའ་ངན་པ་ལ། ཕྱིར་རྒོལ་བས་ལན་གྱིས་ཟློག་པར་མི་ནུས་པ་སྟེ་འཁོར་གསུམ་ཚང་བའི་ཐལ་འགྱུར་འཕངས་བྱུང་ན། དེའི་རྗེས་སུ་འབྲང་དགོས་པ་ཡིན་ཏེ། དེ་འདྲ་དེ་ནི་དམ་པ་རྣམས་རིགས་པ་སྨྲ་བའི་ཚུལ་ལུགས་ཡིན་པའི་ཕྱིར་རོ། །དེ་དག་ལ། མཁས་པ་རྩང་ནག་པས་ཐ་སྙད་མཛད་པ་ནི། བསལ་བ་ཡེ་མེད་ཀྱི་ཐལ་འགྱུར་ལ་ནི་རྨ་བྱ་དུག་འཇོམས་ཞེས་བྱ་སྟེ། རྟགས་ཁྱབ་ཚང་ཡང༌། བསལ་བ་སྟོན་རྒྱུ་མེད་པས། འདོད་ལན་བཏབ་པར་རྩོད་པ་རང་ཞི་ལ་སོང་བའི་ཕྱིར། མ་གྲུབ་པའི་ཐལ་འགྱུར་ལ་ནི། དཔའ་བོ་ལག་རྡུམ་ཞེས་བྱ་སྟེ། ཁྱབ་བསལ་གཉིས་ལ་ཚད་མ་སྟོན་རྒྱུ་ཡོད་ཀྱང༌། རྟགས་ལ་ཁས་བླངས་མེད་པས་ཚུར་ལྡོག་པའི་ཕྱིར། ཁྱབ་པ་མེད་པའི་ཐལ་འགྱུར་ལ་ནི། མཚོན་བྱའི་ཁྲི་སྒྱོགས་ཞེས་བྱ་སྟེ། རྟགས་ལ་ཁས་བླངས་དང༌། ཐལ་བ་ལ་བསལ་བ་སྟོན་རྒྱུ་ཡོད་ཀྱང༌། ཁྱབ་པ་ལ་མ་ངེས་པ་འཕངས་པ་ན་རྩོད་པ་ཆེར་འཕེལ་བའི་ཕྱིར། འཁོར་གསུམ་ཚང་བའི་ཐལ་འགྱུར་ལ་ནི། གནམ་ལྕགས་ཐོག་གི་ཐལ་འགྱུར་ཞེས་བྱ་སྟེ། ཐབས་གང་གིས་ཀྱང་ཟློག་པར་མི་ནུས་པའི་ཕྱིར། ཞེས་གསུང་ངོ༌། །འདིར་ཚིགས་སུ་བཅད་པ་ནི། དམ་བཅའ་འཇོག་དང་སྒྲུབ་བྱེད་འགོད། །སྒྲུབ་བྱེད་འདྲི་དང་སུན་འབྱིན་པའི། །དབྱེ་བས་རྒོལ་བ་གཉིས་གཉིས་སོ། །སྒྲུབ་བྱེད་འདྲི་དང་འགོད་པ་ཡི། །རྒོལ་བ་གཉིས་ཀྱིས་ཕྱོགས་གཞན་ལ། །སུན་འབྱིན་བརྗོད་པ་ཡོད་མིན་ཏེ། །ཤེས་པར་འདོད་པས་འདྲི་ཕྱིར་དང༌། །ཤེས་བྱེད་ཚད་མས་གྲུབ་ཕྱིར་རོ། །སུན་འབྱིན་བརྗོད་པར་ཁས་བླངས་ནས། །རང་ཕྱོགས་སྒྲུབ་པའི་འོས་མིན་ཏེ། །སྔ་རྒོལ་ཉིད་དུ་ཁས་བླངས་པས། །ཕྱི་རྒོལ་འདོད་པའི་ཕྱོགས་དེ་ལ། །སྒྲུབ་བྱེད་དྲིས་པ་མིན་ཕྱིར་དང༌། །ཤེས་འདོད་ཡོད་པ་མིན་ཕྱིར་རོ། །འོན་ཀྱང་ཕྱིར་རྒོལ་མཁས་པ་ཡིས། །སུན་འབྱིན་བརྗོད་ནས་སྔ་རྒོལ་ལ། །རྗེས་དཔག་སྐྱེད་པའི་ཐལ་བ་ནི། །སྒྲུབ་པའི་ཐལ་འགྱུར་ཞེས་བྱར་འདོད། །རྒོལ་བས་སུན་འབྱིན་སྟོན་ནུས་པའི། །དམ་བཅའ་དེ་ལ་སྔ་རྒོལ་གྱིས། །སྒྲུབ་བྱེད་བརྗོད་པར་རིགས་མིན་ཏེ། །བརྗོད་ན་ཚར་བཅད་གནས་ཕྱིར་རོ། །ཞེས་སྦྱར་བ་ཡིན་ནོ། །དེ་ལྟར་ན་སྒྲུབ་པ་དང་སུན་འབྱིན་གྱི་རིགས་པའི་གཞུང་ལུགས་གང་གིས་ཤེས་པའི་མཁས་པ་དེ་ནི་ཆོས་ཅན། དམ་པ་རྣམས་ཀྱིས་བསྔགས་པར་འོས་པ་ཡིན་ཏེ། རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་བསྲུང་ཞིང༌། འཛིན་པ་པོར་གྱུར་པའི་ཕྱིར། ཚད་མ་རིགས་པའི་གཏེར་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའི་རྣམ་པར་བཤད་པའོ།།  །།གསུམ་པ་བཤད་པ་མཐར་ཕྱིན་པའི་མཛད་པ་ལ་གསུམ་སྟེ། བསྟན་བཅོས་འདི་ཇི་ལྟར་བརྩམ་པའི་ཚུལ། དེའི་དགེ་བ་སངས་རྒྱས་ཀྱི་སར་བསྔོ་བ། རྩོམ་པ་པོའི་མཚན་བསྟན་ནས་བསྟན་བཅོས་ལ་ཡིད་ཆེས་བསྐྱེད་པའོ། །དང་པོ་ལ། བསྟན་བཅོས་འདི་ཕྱི་ནང་གི་རྟོག་གེ་ལ་མཁས་པས་བརྩམས་པར་བསྟན། དེས་བརྩམས་པའི་བསྟན་བཅོས་ཀྱིས་ལུགས་ངན་འཇོམས་ནུས་པར་བསྟན། དེས་ན་བཤེས་གཉེན་མཁས་པ་བསྟེན་རིགས་པར་བསྟན། དེའི་ཤེས་བྱེད་དུ་མཁས་པས་མ་བཤད་ན་སྡེ་བདུན་གྱི་གཞུང་ལུགས་གོ་དཀའ་བར་བསྟན་པའོ། །དང་པོ་ནི། འདི་བསྒྲུབས་སོ། །ཞེས་པ་བཤད་པའི་གཞི། ལས་སུ་བྱ་བ་གང་ན། རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་འདིའོ། །འདིའི་མིང་དོན་མཐུན་པའི་རྒྱུ་མཚན་ནི། ཡང་དག་པའི་རིགས་པ་མཆོག་གི་འབྱུང་ཁུངས་ཡིན་པས་ནའོ། །བྱེད་པ་པོ་གང་གིས་ན། ཀུན་དགའི་རྒྱལ་མཚན་དཔལ་བཟང་པོས་སོ། །འདིའི་ཡོན་ཏན་གྱི་ཁྱད་པར་ནི། ཡུལ་སྐྱེ་བ་སྔ་མ་དང༌། དེའི་ཡང་སྐྱེ་བ་སྔ་མ་རྣམས་སུ་དུས་ཡང་དང་ཡང་དུ་བཤེས་གཉེན་མཁས་པ་དང་མཁས་པ་རྣམས་ལ། ཚེ་རབས་ཀྱི་ཁྱད་པར་སྔོན་ལེགས་པར་སྦྱངས་པའི་མཐུས། ཚེ་འདིར་གཞུང་ལུགས་སླ་བ་རྣམས་ལན་རེ་དང༌། དཀའ་བ་རྣམས་ཟུང་རེ་ཐོས་པ་ཙམ་གྱིས། གཞུང་ལུགས་ཀུན་ཕྱིན་ཅི་མ་ལོག་པར་ཤེས་པའོ། །ཚུལ་ཇི་ལྟར་བརྩམས་ན། ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པའི་གཞུང༌། ཚད་མའི་མདོ་དང༌། རྣམ་འགྲེལ་སོགས་སྡེ་བདུན། དེ་དག་གི་རང་འགྲེལ་དང་བཅས་པ་ལེགས་པར་རྟོག་ཅིང་དཔྱད་པ་ལས། ཕྱི་ནང་གི་རྟོག་གེའི་ཚུལ་མ་ལུས་པ་ཤེས་ནས་སོ། །འདིར་རྟོགས་ཤིང༌། ཞེས་འབྱུང་བ་ནི། མ་དག་པ་ཡིན་ཏེ། སྒྲ་རྒྱན་གྱི་ཡི་གེ་མ་མཐུན་པའི་ཕྱིར། གཉིས་པ་ནི། དགོས་པ་ཅིའི་ཕྱིར་དུ་བརྩམས་ཤེ་ན། ཐུབ་པ་སེར་སྐྱའི་གཞུང་འཛིན་པ་གྲངས་ཅན་དང༌། རྐང་མིག་གི་གཞུང་འཛིན་པ་རིགས་པ་ཅན་པ་དང༌། འུག་པའི་བུ་བྱེ་བྲག་པ་དང༌། མཁའ་གོས་ཅན་ཞེས་པ་གཅེར་བུ་པ་དང༌། ཚུ་རོལ་མཛེས་པའི་གཞུང་འཛིན་པ་རྒྱང་ཕན་ཏེ་ཕྱི་རོལ་པའི་རྟོག་གེ་སྡེ་ལྔ་དང༌། ནང་གི་མུ་སྟེགས་སུ་གྱུར་པའི་ཉན་ཐོས་པ་དང༌། གངས་རིའི་ཁྲོད་ན་གནས་པའི་རྟོག་གེ་སྨྲ་བ། ཕྱྭ་རྩང་དན་གསུམ་དང༌། མེས་ལྷང་ཚེར། རྔོག་སྐྱ་བོ། གོང་བུ་རྭ་ཅན་ལ་སོགས་པའི་རྟོག་པས་བཏགས་པའི་རྟོག་གེ་ངན་པ་རྣམས་འཇོམས་པའི་སླད་དུ་བསྟན་བཅོས་ཆེན་པོ་འདི་བྱས་སོ། །གསུམ་པ་ནི། སྙིགས་དུས་ཀྱི་སྐྱེ་བོ་རང་གི་རྟོགས་པ་ཅུང་ཟད་ཙམ་གྱིས་ཆོག་ཤེས་པ་རྣམས་ཀྱིས་ཀྱང༌། ལེགས་པར་སོམས་ལ་མཁས་པའི་ལེགས་བཤད་བསྟེན་པར་བྱོས་ཤིག ཇི་ལྟར་སྙམ་ན། གངས་ཅན་གྱི་ཀློག་པ་པའི་སློབ་དཔོན་ཁ་ཅིག བློའི་ནུས་པ་ཅུང་ཟད་ཡོད་ཀྱང༌། ལེགས་པར་བཤད་པའི་སྙིང་པོ་མ་རྙེད་པར་འཆད་པ་དང་རྩོམ་པར་བྱེད་ཅིང༌། ཀློག་པ་པ་ལ་ལ་ནི། ཉིན་དང་མཚན་དུ་འབད་པ་བྱས་ཀྱང༌། བློའི་ནུས་པ་མེད་པར། གཞུང་ལུགས་ཕྱོགས་རེ་དཔྱིས་མ་ཕྱིན་པར་འཆད་རྩོམ་ལྷུར་ལེན་པར་བྱེད་ལ། བསམ་གཏན་པའི་གཙུག་རྒྱན་དུ་རློམ་པ་ཁ་ཅིག་ནི། རྟགས་ཏུ་བརྩོན་པས་ཏིང་འཛིན་བསྒྲུབས་ཀྱང༌། སངས་རྒྱས་དགྱེས་པའི་ལམ། ལྟ་སྤྱོད་ཟུང་འབྲེལ་དང༌། རིམ་པ་གཉིས་ལས་གོལ་བར་མཐོང་བ་དེ་དག་ལ་ལེགས་པར་བརྟགས་ནས་སོ། །བཞི་པ་ནི། ཁྱེད་ཀྱི་ལེགས་པར་བཤད་པ་འདི་ལ་མ་བརྟེན་པར་ཡང༌། སྡེ་བདུན་གྱི་དགོངས་པ་ཤེས་པ་དང༌། འགྲེལ་པ་མང་དུ་བྱུང་བས་བཤད་པ་འདི་དག་དོན་མེད་དོ། །ཞེ་ན། སྡེ་བདུན་གྱི་བཤད་པ་སྔོན་བྱུང་ཟིན་པ་དེ་དག་ཀྱང༌། འདི་དང་མཐུན་ན་བླང་བར་བྱ་ཞིང༌། མི་མཐུན་ན་འདོར་དགོས་ཏེ། ཚད་མ་སྡེ་བདུན་གྱི་རིགས་པའི་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ། །ཞེས་བོད་རྒན་པོའི་ལུགས་ངན་པ་དོར་ནས། རྩོམ་པ་པོ་ངས་བསྟན་བཅོས་འདི་བཤད་པ་ཡིན་ལ། དེ་ལྟར་བཤད་པ་འདི་རིགས་པ་མཁྱེན་པ་ཕྱོགས་གླང་གྲགས་པ་དེ་དག་བཞེད་མོད། གཞུང་འགྲེལ་ལན་མང་དུ་ཐོས་ཀྱང་བླུན་པོའི་སྤྱོད་ཡུལ་མིན་པའི་ཕྱིར་རོ། །གཉིས་པ་བརྩམས་པའི་དགེ་བ་སངས་རྒྱས་ཀྱི་སར་བསྔོ་བ་ནི། གྱུར་ཅིག་ཅེས་པ་བཤད་པའི་གཞིའོ། །ལས་སུ་བྱ་བ་གང་དུ་ན། ཐམས་ཅད་གཟིགས་པ་ཉིད་ཐོབ་ནས། །འགྲོ་བ་ཀུན་གྱི་སྐྱབས་སུའོ། །དེ་ཡང་ཐམས་ཅད་གཟིགས་པ་ཞེས་པས་རང་དོན་མཐར་ཕྱིན་པ་ཆོས་ཀྱི་སྐུ་དང༌། འགྲོ་བ་ཀུན་གྱི་སྐྱབས་ཞེས་པས་གཞན་དོན་མཐར་ཕྱིན་པ་གཟུགས་ཀྱི་སྐུ་བསྟན། ཡང་ན། སྔ་མས་སྐུ་དང༌། ཕྱི་མས་ཕྲིན་ལས་སོ། །བྱེད་པ་པོ་གང་གིས་ན། ལེགས་པར་བཤད་པས་བློ་གྲོས་ཀྱི་མིག་ཕྱེ་ནས། ཤེས་བྱའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ལེགས་པར་བསྟན་པའི་དགེ་བ་འདི་ཡིས་སོ། །འདིར་ཤེས་བྱ་ནི། བཤད་བྱ་ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་དང༌། འཆད་བྱེད་རྟོག་གེའི་ལུས་བརྒྱད་ཀྱི་སྒོ་ནས། བཀའ་འཁོར་ལོ་ཐ་མའི་ངེས་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ལ་དགོངས་པ་ཡིན་ནོ། །གསུམ་པ་ནི། ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་འདི་ནི། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། ཀ་ལཱ་པ་ལ་སོགས་པའི་སྒྲ་དང༌། སྡེ་བདུན་ལ་སོགས་པའི་ཚད་མ་དང༌། རིན་ཆེན་འབྱུང་གནས་ལ་སོགས་པའི་སྡེབ་སྦྱོར་དང༌། དཔག་བསམ་འཁྲིལ་ཤིང་ལ་སོགས་པའི་སྙན་དངགས་དང༌། མེ་ལོང་ལ་སོགས་པའི་ཚིག་གི་རྒྱན་དང༌། འཆི་མེད་མཛོད་ལ་སོགས་པའི་མིང་གི་མངོན་བརྗོད་དང༌། སྐུ་གཟུགས་ཀྱི་ཕྱག་ཚད་ལ་སོགས་པའི་བཟོ་དང༌། ཡན་ལག་བརྒྱད་པ་ལ་སོགས་པའི་གསོ་བ་དང༌། ཕྱི་ནང་གི་རྩིས་དང༌། ཀུན་ཏུ་དགའ་བ་ལྟ་བུའི་ཟློས་གར་ལ་སོགས་པའི་ཐ་སྙད་ཀྱི་གཙུག་ལག་རྣམས་ལེགས་པར་ཤེས་པས། གསུང་རབ་འཆད་པ་དང༌། བསྟན་བཅོས་རྩོམ་པ་དང༌། གྲུབ་པའི་མཐའ་རྩོད་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན། ཀུན་ལས་བཏུས་དང༌། སྡེ་བདུན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅིང༌། ལུང་དང༌། རིགས་པ་དང༌། མན་ངག་གི་ཚུལ་མཐའ་དག་ལ་བློའི་སྣང་བ་ཐོབ་པ། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། སྡེབ་སྦྱོར་སྤངས་ནས་གོ་བདེ་བར་བཀྲོལ་ཏེ། དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།།  །།གང་གི་དྲིན་གྱིས་གཞུང་ལུགས་གང་གང་ལ། །རྣམ་པར་དཔྱད་ཚེ་དེ་དེའི་གྲུབ་པའི་མཐའ། །བདེ་བའི་ལམ་དུ་འདྲེན་པའི་རྩལ་སྟེར་བ། །ཡོངས་འཛིན་དགེ་བའི་བཤེས་ལ་མགོས་ཕྱག་འཚལ། །ལི་ཁྲིའི་མདངས་ཀྱིས་བསྣུན་པའི་གོས་དམར་གྱིས་བསྒྲུབས་འཆར་ཀའི་དམར་འོད་རབ་འཁྲུག་ཚོན་བརྒྱའི་ཟེར་ཕྲེང་ཅན། །མཚན་དཔེའི་ལང་ཚོ་འབར་བའི་ཉམས་ཀྱིས་རྣམ་སྒེག་འགྲོ་འདིར་བརྩེ་བའི་འཛུམ་དཀར་གསལ་བའི་དོ་ཤལ་གྱིས། །རྨོངས་པའི་གཉིད་ཆེན་གྱིས་འཁྲུགས་ཆགས་སྡང་སྒྱུ་མའི་རྨི་ལམ་གྲོང་དུ་ཡུན་རིང་འཕྱན་པའི་ཡིད་ཅན་ཀུན། །རིགས་པར་སད་བྱེད་ཆོས་དབྱིངས་ཡེ་ཤེས་ཉིན་བྱེད་སྣང་བ་བགྲང་ཡས་སྤྲོ་མཛད་དེ་ནི་འཇམ་པའི་དཔལ། །ཀུན་དགའི་བློ་ལ་རྗེས་ཞུགས་ནས། །བསྟན་པའི་རྒྱལ་མཚན་བཟུང་དེ་བཞིན། །གང་འདིའི་བློ་མཚོར་གེགས་མེད་པར། །ཉེར་སྤྱོན་ཉོན་མོངས་དྲུངས་ཕྱུངས་ཤིག །སྔོན་ཚེ་འཇམ་པའི་དབྱངས་ཀྱི་བཀའ་གྲུབ་པ། །ཕྱོགས་ཀྱི་གླང་པོས་རྒྱལ་བའི་བསྟན་པ་ལ། །རིགས་པར་འཇུག་པའི་རྣམ་ཐར་སྒོ་གསུམ་གྱི། །སྲོལ་ཆེན་དང་པོར་ཕྱེ་དེ་བསྟན་པའི་རྒྱན། །རྒྱལ་བའི་བཀའ་དང་དེ་ལས་གཞན་གཞུང་གི །རིན་ཆེན་བརྟག་ཚུལ་རིམ་པ་གསུམ་ཚང་བ། །གཞལ་བྱའི་གནས་ཚུལ་དཔྱོད་པའི་ཐབས་ཆེན་པོ། །མ་ཚང་མེད་དེ་སྡེ་བདུན་མཛད་པའི་གཞུང༌། །དེ་དོན་འགྲེལ་མཛད་མང་པོས་ཡུན་རིང་དུ། །རྣམ་པར་དཔྱོད་པའི་ལམ་ལས་འདས་ཤིང་འཁྱམས། །དེ་ནས་ཆོས་མཆོག་རྒྱན་མཁན་ལ་སོགས་པ། །དཔྱོད་ཆེན་འགའ་ཡིས་རིགས་པའི་ལམ་དུ་བཀྲལ། །འགྲེལ་མཛད་བློ་ལ་མ་ཤར་རིགས་པའི་གསང༌། །གསལ་མཛད་བློ་ལྡན་ཕྲིན་ལས་བཟང་པོ་ཡིས། །འགྱུར་དང་ཞུས་ཆེན་རྣམ་བཤད་རྒྱལ་མཛད་ནས། །ཞི་མཚོའི་གཞུང་དང་མཐུན་པའི་དབུ་མར་བཀྲལ། །ཆོས་ཀྱི་དབང་ཕྱུག་རིགས་པའི་སེང་གེ་ཡིས། །ཡིད་ཀྱི་མུན་སེལ་ཞེས་བྱའི་བསྟན་བཅོས་སུ། །མདོ་སེམས་ལུགས་གཉིས་བཀག་ནས་སྡེ་བདུན་གཞུང༌། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་བཀྲལ། །འཇིགས་མེད་དཔའ་བོ་ས་སྐྱའི་རྗེ་བཙུན་གྱིས། །མདོ་སེམས་གྲུ་ཆེན་བཟུང་ནས་སྡེ་བདུན་གྱི། །རྒྱ་མཚོར་ཞུགས་ཚེ་བྱམས་པའི་ཆོས་ལྔ་ཡི། །ངེས་དོན་གསལ་མཛད་རིགས་པའི་གཏེར་གཞུང་མཛད། །གང་འདིའི་རྣམ་བཤད་མཛད་པ་མང་བྱོན་ཀྱང༌། །དེང་སང་རྟོག་གེའི་རིང་ལུགས་ཉམས་དུས་ཀྱི། །བྱིས་བློ་དང་འཚམ་ལུང་རིགས་རྒྱས་པ་ཡི། །རྣམ་གཞག་མང་པོས་ཕྱེ་བ་མེད་སྙམ་བྱེད། །གང་འདིར་ཚིག་ཉུང་དོན་མང་ལུང་དང་མཐུན། །རྣོ་མྱུར་རིགས་པ་ལྷུར་བླངས་སྡེབ་ལེགས་པས། །ཆོས་ཀྱི་རྗེས་འབྲང་མགུ་བྱེད་རྣམ་བཤད་འདིར། །འགྲན་བཟོད་ཡོད་དམ་གཟུ་བོའི་བློས་རྟོགས་ཤིག །ཐོགས་མེད་མཆེད་དང་ཕྱོགས་གླང་གྲགས་པ་ཡི། །ངེས་དོན་ཇི་བཞིན་མ་འཁྲུལ་འདི་ན་བཞུགས། །མདོ་སེམས་གྲུབ་མཐའི་རྣམ་གཞག་མ་འཁྲུལ་བར། །སྟོན་བྱེད་རྣམ་དཔྱོད་བཟང་པོ་འདི་ན་ཡོད། །སྒྲུབ་དང་སུན་འབྱིན་གཞུང་ལུགས་ཇི་བཞིན་པ། །སྙིགས་དུས་རྟོགས་གེས་མ་སླད་འདི་ན་བཞུགས། །མདོ་སེམས་གྲུབ་མཐའ་འགོག་པའི་རྟོག་གེ་པ། །སུན་འབྱིན་ནུས་པའི་རྣམ་དཔྱོད་འདི་ན་ཡོད། །ཨེ་མ་བདག་དང་རིགས་པའི་ལམ་ཆེན་པོར། །མཉམ་དུ་ཆས་པའི་དོན་མཐུན་གྲོགས་པོ་དག །གཞུང་འདིའི་རྣམ་བཤད་གྲུ་ཆེན་འདི་ལོང་དང༌། །སྡེ་བདུན་མཛད་གཞུང་རྒྱ་མཚོ་རང་གིས་མཐོང༌། །གང་ཡང་འདི་ན་རྟོག་གེའི་ལམ་ཆེན་པོ། །རྣམ་པར་ཉམས་ནས་ལོ་གྲངས་བརྒྱད་ཅུ་ལོན། །བྱིས་བློས་བརྟགས་པའི་ལུགས་འདི་མ་བསལ་ན། །སྔོན་རབས་མཛངས་པའི་ལུགས་བཟང་སུ་ཡིས་བལྟ། །གང་འདིར་ལ་ལ་བདེ་འཁྱུག་ལྗགས་ཀྱི་རྩེ་ནས་འཆད་པའི་དབྱངས་སྙན་པོས་ནི་འཁོར་མང་བསྡུ། །གཞན་དག་དབྱངས་ཅན་མགྲིན་པར་རྒྱན་པའི་གསལ་མཛེས་རྩོམ་གྱི་ཕྲེང་བས་དུ་མའི་ཡིད་རབ་འདྲེན། །འགའ་ཞིག་ཁུངས་མེད་ཚིག་ཕྲེང་གྱ་གྱུའི་སྦྱོར་བས་རྩོད་པ་ལྷུར་བླངས་གྲགས་པའི་རོ་མྱོང་བྱེད། །ཨའོ་རྣམ་དཔྱོད་རྩལ་གྱིས་གཞུང་བརྒྱའི་དོན་རྟོག་ལེགས་བཤད་སྙིང་པོ་རྙེད་པ་འགའ་ཡོད་དམ། སྒྲུབ་དང་སུན་འབྱིན་འདིར་བཤད་དེ་འབྱོར་ན། །གསུང་རབ་ཀུན་གྱི་སྐྱེ་མཆེད་གཙང་མར་བྱེད། །མངོན་རྗེས་གཉིས་ཀྱི་འགྲོས་ཆེན་མ་འཁྲུལ་བས། །འཁོར་ལོ་ཐ་མའི་ངེས་དོན་རིགས་པར་ཤེས། །མདོ་སེམས་གྲུབ་མཐའི་སྒོ་ཆེན་གཉིས་ཕྱེ་བས། །གཉིས་མེད་ཡེ་ཤེས་རང་རིག་རང་ཞལ་མཐོང༌། །དེ་ཡི་དགེ་བས་རྒྱུད་གསུམ་མན་ངག་བཅས། །བྱམས་ཆོས་ངེས་པའི་དོན་ལ་ནང་བྱན་ཆུད། །དེ་ལྟར་དེ་བརྩམས་པ་ལས་གང་སྐྱེས་དག་བྱེད་ཁྲུས་ཀྱི་རྒྱུན། །དེ་ཡིས་རང་བློའི་གཟུང་འཛིན་འཁྲུལ་པའི་དྲི་མ་རྣམས་བཀྲུས་ཏེ། །གཞན་བློའི་ཕྲག་དོག་ཞུགས་ཆེན་འབར་བ་དེ་ཡང་ཞི་གྱུར་ན། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་མཚོ་ཆེན་དེར་བགྲོད་ཤོག།  །།ཅེས་ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་སྡེ་བདུན་ངག་གི་རོལ་མཚོ་ཞེས་བྱ་བ་འདི་ནི། དཔལ་གསང་ཕུ་ནེའུའི་ཐོག་གི་སྡེ་སྣོད་འཛིན་པ། ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། དུས་རིང་མོ་ཞིག་ནས་བསྐུལ་བའི་ངོར་བགྱིས་ནས། རྗེ་བཙུན་དགྱེས་པའི་བཤེས་གཉེན། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་མདུན་ས་ཡངས་པའི་དབུས། ཤྲཱི་མཉན་དུ་ཡོད་པའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི། མངའ་རིས་སྨད་ཀྱི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ། །པཎ་ཆེན་ཆུ་བོ་དགེ་བྱེད་ལ། །བལྟམས་པ་ནས་བཟུང་དྲུག་ཅུ་སྐོར། །ཕྲག་ལྔ་ལོན་པ་དེང་སང་ལོ། །དགེ་བྱེད་ནག་པའི་ཟླ་བ་ཡི། །ཡར་ཚེས་གཅིག་ལ་གྲུབ་པའོ།།  །།ན་མོ་བུདྡྷ་ཡ། ཆོས་ཀྱི་སྐུ་དང་ཆོས་ཉིད་དང༌། །དེ་སྟོན་མཛད་ལ་ཕྱག་བྱས་ནས། །མདོ་སྡེ་པ་དང་རྣམ་རིག་པའི། །ལུགས་ཀྱི་བདེན་པ་གཉིས་བཤད་བྱ། །ཤེས་བྱ་མཐའ་དག་ཀུན་རྫོབ་དང༌། །དམ་པའི་དོན་གྱི་བདེན་པར་བསྡུ། །དོན་དམ་དོན་བྱེད་ནུས་པ་དང༌། །མི་ནུས་པ་ལ་དེ་དེར་འཆད། །ཆ་མེད་དངོས་དང་བདག་མེད་གཉིས། །དམ་པའི་དོན་ཡིན་དེ་ལས་གཞན། །ཀུན་རྫོབ་བདེན་ཡིན་དོན་དམ་པར། །དཔྱད་ན་ཡོད་པ་མིན་ཕྱིར་རོ། །བདག་མེད་དང་པོའི་ངོས་འཛིན་པ། །ནང་གི་སྡེ་པ་ཕལ་ཆེར་མཐུན། །སྤྱི་མཚན་ངོ་བོས་སྟོང་པ་ནི། །བདག་མེད་གཉིས་པར་འདིས་འཆད་མོད། །ཁྱད་པར་དེ་དང་དེས་སྟོང་པའི། །ཆ་མེད་དངོས་པོ་ཁོ་ན་ཉིད། །ཡིན་གྱི་བདག་མེད་གཞན་སེལ་ལ། །འཆད་པ་མདོ་སེམས་གཞུང་ན་མེད། །བདེན་པ་གཉིས་ཀ་རྣམ་རིག་ཏུ། །འདོད་པའི་ལུགས་ཀྱིས་ཤེས་བྱ་ཀུན། །མཚན་ཉིད་གསུམ་དང་མཚན་གཞི་རུ། །རིགས་པར་བསྡུས་ནས་བཤད་པའི་ཚེ། །གཉིས་ནི་ཀུན་རྫོབ་གཅིག་དོན་དམ། །བཞི་པ་བདེན་གཉིས་ཟུང་འཇུག་སྟེ། །ཡེ་ཤེས་ཆ་དང་རྣམ་སྨིན་དང༌། །ས་བོན་ཆ་སྟེ་གསུམ་ཡིན་ཕྱིར། །རིགས་པར་བརྟགས་ན་ཀུན་བརྟགས་དང༌། །ཡོངས་གྲུབ་གཉིས་སུ་མ་འདུས་པའི། །ཆོས་གཞན་མེད་དེ་གཟུང་འཛིན་གཉིས། །ཀུན་ཏུ་བརྟགས་པ་ཡིན་ཕྱིར་རོ། །འདིར་ཡང་བདག་གཉིས་ཀྱིས་སྟོང་པའི། །ཤེས་པ་སྐད་ཅིག་མ་ཉིད་ནི། །རྣམ་པར་དག་པའི་དམིགས་པ་དང༌། །དོན་དམ་དོན་བྱེད་ནུས་པར་འཆད། །གང་ཟག་དོན་མཐུན་གཟུང་འཛིན་གཉིས། །ཆོས་ཀྱི་བདག་ཏུ་བརྟགས་པ་སྟེ། །དོན་དམ་ཡེ་ཤེས་གཟུང་འཛིན་གྱིས། །རྣམ་པར་དབེན་པ་ཡིན་ཕྱིར་རོ། །འཇིག་རྟེན་ལུགས་དང་གྲུབ་མཐའ་པ། །ཀུན་ཀྱང་རང་རང་ཀུན་རྫོབ་ནི། །དེ་དེའི་ལུགས་ཀྱི་ཚད་མ་ཡིས། །གྲུབ་པར་འདོད་པ་མ་ཡིན་ཏེ། །འཕྲལ་དང་ཕུགས་ཀྱི་འཁྲུལ་པ་ཡིས། །བསླད་པའི་བློ་ལ་ཀུན་རྫོབ་ཏུ། །བཤད་ནས་དེ་དེའི་སྣང་ཆ་ལ། །བདེན་ཞེས་བཏགས་པ་ཡིན་ཕྱིར་རོ། །མདོ་སེམས་ལུང་དུ་སྤྱི་མཚན་ལ། །གཞལ་བྱར་འཆད་པ་ཐ་སྙད་ངོར། །ཡིན་གྱི་གནས་ཚུལ་ལ་མིན་ཏེ། །ཐམས་ཅད་མཁྱེན་པས་མ་གཟིགས་ཕྱིར། །དོན་ལ་བལྟ་བའི་མངོན་སུམ་གྱིས། །དོན་རྟོགས་བཏགས་པ་བར་བཤད་ན། །གཞན་སེལ་རྟོག་པའི་རྗེས་དཔག་གིས། །སྤྱི་མཚན་རྟོགས་པ་སྨོས་ཅི་དགོས། །དངོས་པོར་བརྟེན་པའི་སྤྱི་མཚན་ལ། །གཞལ་བྱ་ཉིད་དུ་འདོགས་པ་སྟེ། །བཅད་ཞུགས་ཐོབ་གསུམ་ཚང་བ་ནི། །འདོགས་པའི་རྒྱུ་མཚན་བཏགས་པ་ཡི། །དགོས་པ་འཇུག་ཡུལ་འཐོབ་བྱའི་ཕྱིར། །དངོས་ལ་གནོད་བྱེད་ཀུན་མཁྱེན་གྱི། །གཟིགས་པ་ལོག་ཕྱིར་དེས་གཞལ་ན། །འཇལ་བྱེད་རྗེས་དཔག་ཉིད་དུ་འགྲུབ། །རྒྱང་ཕན་ལུགས་དང་མི་འདྲ་སྟེ། །ཐ་སྙད་དུས་སུ་གཞན་སེལ་གྱི། །རྣམ་པར་བཞག་པས་ངེས་དོན་ལ། །འཇུག་པ་གཞུང་འདིའི་ལུགས་ཕྱིར་རོ། །ཀུན་རྫོབ་ཚད་མས་མི་འགྲུབ་པ། །འདི་ལ་བསྙེམས་པར་མི་བྱ་སྟེ། །ངོ་བོ་ཉིད་མེད་སྨྲ་བས་མཐར། །དོན་དམ་མི་འདོད་དེ་དེ་བཞིན། །ཆོས་བློས་དཔྱད་པའི་རྣམ་དབྱེ་གང་ལ་ཡང༌། །མུན་པ་ལྷུར་བླངས་གཡོ་སྒྱུའི་ཐང་འཇམ་ལ། །ཕྲག་དོག་རི་མོར་དྲི་བའི་བཟླས་བརྗོད་ཀྱིས། །དེ་ཉིད་ཆེན་པོར་མཚོན་འགའ་འདི་ན་ཀྱེ། །གཟུང་འཛིན་གྱིས་བཏབ་ས་བོན་གཤིན་གྱུར་པ། །དུས་སུ་སྨིན་པའི་གཉིས་སྣང་ཀུན་རྫོབ་པ། །རང་སར་དག་ནས་རྣམ་བྱང་དཀར་པོའི་ཆོས། །གཉིས་མེད་ཡེ་ཤེས་ངང་དུ་འཆར་བར་ཤོག།  །།སྭསྟི། བསོད་ནམས་བརྒྱ་པའི་མཚན་བཟང་གི །སྐྱེ་མཆེད་ཡ་མཚན་མ་ཉམས་པ། །འཆར་མཛད་ཡེ་ཤེས་ལྷུན་པོ་ནི། །ནམ་ཡང་མི་གཡོ་རི་དབང་བཞིན། །མཁྱེན་ཅན་འཆི་མེད་ཡེ་ཤེས་བཅུད། །རྩ་ལག་རྒྱས་པའི་རྐང་འཐུང་གིས། །དཔག་བསམ་རྩེ་མོར་དྲངས་གྱུར་པ། །བདུད་རྩིའི་འབབ་ངོགས་འཇམ་པའི་དབྱངས། །གང་དེའི་ཞལ་གྱི་སྦྲང་རྩི་ཡང༌། །མིག་གི་བུང་བས་ཉེར་བླངས་པ། །ཐུབ་བསྟན་ཁུར་འདེགས་གླང་པོ་ནི། །ཕྱོགས་ཀྱི་སྒྲ་ངན་ཕམ་མཛད་མཁན། །ཀུན་བཟང་ཆོས་ཀྱི་ལང་ཚོ་ངོ་མཚར་བ། །གྲགས་པའི་ཤིང་རྟར་བླངས་པའི་རྔ་བོ་ཆེ། །རིགས་པའི་ལམ་དུ་བདེ་བར་རྒྱུ་བ་ན། །རྒྱལ་རྔ་ལན་བརྒྱར་བརྡུངས་པའི་དགྲ་ཐབས་མཁན། །ས་གསུམ་ཉི་མ་སེར་སྐྱའི་ཕོ་བྲང་དུ། །གླང་ཆེན་སྟབས་ཀྱིས་འོངས་པའི་འཕྲུལ་དེ་བཞིན། །ཆོས་ཀུན་དགའ་བའི་བཞད་ཕྲེང་ཡིད་བཞིན་ནི། །ཡོངས་ཀྱི་རྒྱལ་མཚན་རྩེར་འདེགས་དཔལ་བཟང་ངོ༌། །དེ་ཡི་རིགས་པའི་ཆོས་ཀྱི་གཏེར། །རྨོངས་ཆེན་དག་བྱེད་ཁྲུས་ཀྱི་རྒྱུན། །བྱེད་པོས་ཚངས་པའི་ཡུལ་ནས་བཞིན། །གངས་ཅན་འགྲམ་དུ་ཉེར་འོངས་པ། །ལ་ལའི་རྣམ་དཔྱོད་བརྙོགས་པ་ཡི། །རལ་བར་རིང་དུ་སིམ་གྱུར་ནས། །རང་གཞུང་མཛའ་བོ་དོན་གཉེར་བས། །འདོད་པའི་དོན་མ་ཐོབ་པ་ན། །སྐལ་ལྡན་ཤིང་རྟས་བདེར་བླངས་པ། །དཔྱོད་ཆེན་དྲང་སྲོང་མགྲིན་པར་འཐུངས། །གསོལ་གདབ་ངོར་བྱས་ཛནྷུ་ཡིས། །ཕངས་པ་མེད་པར་བསྐྱུགས་འདིའོ། །འདི་ཡིས་ཐོག་མར་རང་བློ་ཡི། །ཉེས་ཀུན་བཀྲུས་ནས་གཞན་གྱི་བློ། །རྒྱ་མཚོའི་གོས་ཅན་མཐས་ཀླས་པར། །ཁྱབ་ནས་ཉེས་ཀུན་སེལ་བྱེད་ཤོག །པར་འདིའི་ལྗོན་ཤིང་རྟིང་ཁེབས་ཀྱི། །བསོད་ནམས་དཔག་བསམ་ཕོ་བྲང་ནས། །ཡི་གེར་འདྲི་པོ་བཟང་ལྡན་པ། །དགེ་འདུན་དཔལ་བཟང་ཞུས་དག་མཁན། །ཆོས་ཀྱི་རྒྱལ་མཚན་མངའ་རིས་པ། །རྐོས་ཀྱི་བཟོ་སྦྱངས་དགའ་བདེ་དཔལ། །ཆོས་དཔལ་བཀྲ་ཤིས་དག་དང་བཅས། །མཐུན་རྐྱེན་ཡོ་བྱད་ཕྱོགས་བཅུ་ཡི། །བསོད་ནམས་སྤྲིན་ཆེན་ལས་འཁྲུངས་པ། །དེ་ཡིས་ཐུབ་བསྟན་མཚོ་ཆེན་པོ། །གཏིང་ཟབ་རྒྱ་ཆེན་གང་བ་དང༌། །ཕྲིན་ལས་ཆུ་བོ་བགྲང་ཡས་ཀྱིས། །ལུས་ཅན་མངོན་པར་མཐོ་བ་དང༌། །ངེས་པར་ལེགས་པའི་དཔལ་ཐོབ་ཤོག།  །།སརྦ་མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*