ཚད་མ་རིགས་པའི་རྣམ་བཤད་སྡེ་བདུན་ངག་གི་རོལ་མཚོ། ག ༽

མངོན་སུམ་གྱིས་དོན་དང་འདྲ་བ་རྟོགས་པ་ལ་དོན་རྟོགས་པའི་ཐ་སྙད་བྱས་པ་ཡིན་པའི་ཕྱིར་དང༌། རྗེས་སུ་དཔག་པའི་ཚད་མས་འཇུག་ཡུལ་རང་མཚན་མ་རྟོགས་པའི་ཕྱིར་དང༌། རྣལ་འབྱོར་མངོན་སུམ་གྱི་ཡུལ་དུ་གྱུར་པའི་ཆོས་ཉིད་དེ་བདེན་པ་མ་ཡིན་པར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར། གཉིས་པ་རང་གི་ལུགས་ནི། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པའི་གཞུང་གཉིས་ཀས་ཚད་མ་སྤྱིའི་མཚན་ཉིད་དོན་མཐུན་པ་གཅིག་ཁོ་ན་བསྟན་པ་ཡིན་ཏེ། མི་སླུ་བ་དང་མ་ཤེས་དོན་གསལ་གྱི་རིག་པ་གཉིས་ཀ་ཡང་འཇུག་ཡུལ་རང་མཚན་རྟོགས་པ་སྟེ་འཐོབ་པར་དོན་ལ་མཐུན་པའི་ཕྱིར་དང༌། ཐ་སྙད་པ་དང་དོན་དམ་པའི་ཚད་མ་གཉིས་ཀ་ལ་ཡང་གཉིས་པོ་འཇུག་པའི་ཕྱིར་རོ། །འོ་ན་མཚན་ཉིད་དུ་མི་སླུ་བ་ཙམ་གྱིས་ཆོག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བྱེད་པའི་ཁྱད་པར་དང༌། འཇུག་ཡུལ་གྱི་ཁྱད་པར་གཉིས་ཀྱང་ཚང་དགོས་པར། གོང་དུ། གཉིས་སུ་འབྱེད་པ་དགོངས་པ་མིན་ཞེས་པར་བཤད་ཟིན་པའི་ཕྱིར་རོ། །དེས་ན་རང་ལུགས་ནི། རང་གི་གཞལ་བྱ་བཅད་ཅིང༌། བཅད་པ་དང་མཐུན་པའི་འཇུག་ཡུལ་རང་མཚན་ལ་གསར་དུ་མི་སླུ་བའི་རིག་པའོ། །དེ་ཡང་བཅད་པ་ནི་དངོས་ཀྱི་གཞལ་བྱ་ཡིན་ལ། མི་སླུ་བ་ནི་འཇུག་ཡུལ་རང་མཚན་ནོ། །དེ་ཡང་མངོན་སུམ་གྱིས་ནི་དངོས་ཀྱི་གཞལ་བྱ་རང་མཚན་བཅད་པ་དང་རྟོགས་པ་དོན་མི་འགལ་ཀྱང༌། བཅད་ན་རྟོགས་པས་ཁྱབ་པ་མེད་དེ། སྔོ་འཛིན་མངོན་སུམ་གྱིས་སྔོན་པོའི་རྣམ་པ་རྟོགས་པ་ན་སྔོན་པོ་བཅད་པར་འཇོག་ཀྱང་སྔོན་པོ་རང་མཚན་རྟོགས་པ་མ་ཡིན་པ་བཞིན་ནོ། །རྗེས་དཔག་གིས་ནི་དོན་རང་མཚན་བཅད་པ་དང་རྟོགས་པར་འགལ་བ་ཡིན་ཏེ། དེ་ལ་སྒྲོ་འདོགས་བཅད་པས་དེའི་གཞན་སེལ་རྟོགས་ཀྱང་དེ་རང་མཚན་མ་རྟོགས་པའི་ཕྱིར། འོ་ན་ཚད་མར་འཇོག་པ་ལ། དེ་ལ་བཅད་པ་དང་དེ་ལ་མི་སླུ་བ་གཉིས་ཀ་ཚོགས་པ་ཞིག་དགོས་པར་འཆད་པ་འདི་གང་ལས་ཤེས་ཤེ་ན། ཚད་མའི་སྣང་ཡུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་ཤིང༌། འཇུག་ཡུལ་རང་མཚན་གཅིག་པུར་བསྒྲུབས་པ་དེ་ལས་སོ། །དེས་ན་མི་སླུ་བ་དང་རྟོགས་པ་དོན་གཅིག་པ་མ་ཡིན་ཏེ། གཞུང་ལས་དེ་གཉིས་ཀྱི་གོ་དོན་སོ་སོ་བ་ཁོ་ནར་བཤད་པའི་ཕྱིར་རོ། །མི་སླུ་བའི་དོན་གང་ཞེ་ན། མི་སླུ་བ་ནི། ལས་དང༌། བྱེད་པ་པོ་དང༌། བྱ་བ་གསུམ་གྱི་བདག་ཉིད་ཅན་ནོ། །དེ་ཡང་བྱེད་པ་པོ་གང་མི་སླུ་ན། དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་ཤེས་མེད་པ་ལ་མེད་པར་ཤེས་པའི་ཚད་མ་སྐྱེའོ། །ལས་སུ་བྱ་བ་གང་ལ་མི་སླུ་ན། འཇུག་ཡུལ་རང་མཚན་ཉིད་ལའོ། །འགྲེལ་པར་དོན་བྱེད་མི་ནུས་པ་ཉིད་མི་སླུ་ཞེས་འཆད་རྒྱུ་ཡིན་ཀྱང༌། ལ་ཞེས་འབྱུང་བ་ནི་མ་དག་པ་ཡིན་ཏེ། ཡུལ་གྱི་མི་སླུ་བ་འཆད་པའི་སྐབས་ཡིན་པའི་ཕྱིར། གསུམ་པ་མི་སླུ་བའི་བྱ་བ་དང༌། ཇི་ལྟར་མི་སླུ་བ་དོན་གཅིག་པས་དེའི་གོ་བ་ནི། དོན་རང་མཚན་གྱི་གནས་ཚུལ་དང༌། བློའི་བཅད་ཞུགས་མཐུན་པའོ། །ཡང་ན་མི་སླུ་བ་ནི་གཉིས་ཏེ། ཡུལ་གྱི་དང༌། ཡུལ་ཅན་གྱིའོ། །དང་པོ་ནི། མེ་དོན་གཉེར་གྱི་སྐྱེས་བུ་ལ་ལྟོས་ཏེ། ཙནྡན་མེ་མེར་གནས་ཤིང༌། ཀེང་ཤུ་ཀའི་ཕུང་པོ་མེར་མི་གནས་པ་ལྟ་བུའོ། །ཕྱི་མ་དེའི་རྒྱུ་མཚན་ཡང་དེ་དེར་མི་གནས་པ་དེ་ལ་མི་འཇུག་ཅིང༌། མེ་རང་མཚན་ལ་འཇུག་པས་སོ། །མི་འཇུག་པ་འཇུག་ཡུལ་དུ་ཇི་ལྟར་རུང་ཞེ་ན། དེ་འཇུག་ཡུལ་དུ་ཁས་མ་བླངས་ཀྱི། ཀེང་ཤུ་ཀའི་ཕུང་པོས་བཙོ་བསྲེག་གི་དོན་བྱེད་མི་ནུས་པ་དང༌། མེ་ཁོ་ནས་དེ་ནུས་པ་གཉིས་དོན་གཅིག་ལ་འདུ་བས་ཡུལ་གྱི་མི་སླུ་བར་བཞག་པའོ། །ཡུལ་ཅན་གྱི་མི་སླུ་བ་ནི་འཇུག་ཡུལ་དེ་ཉིད་བཅད་པའི་སྒོ་ནས་དེ་འཐོབ་པའི་ནུས་པ་ཡོད་པའོ། །གསུམ་པ་རྩོད་པ་སྤང་བ་ནི། ཇི་སྐད་བཤད་པའི་ཚད་མའི་མཚན་ཉིད་དེས་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་ཅིང༌། ཉེ་བར་བསླད་པ་དུང་སེར་སྣང་གི་མིག་ཤེས་ལྟ་བུ་ལ་ཁྱབ་ཆེས་སོ་ལོ། །དངོས་མེད་འཇལ་བའི་ཚད་མ་རྣམས་ཆོས་ཅན། དོན་རང་མཚན་མ་རྟོགས་ཀྱང་དེ་ལ་མི་སླུ་བར་འཐད་དེ། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུར་དཔྱད་གཞིར་གཟུང་ནས། རང་མཚན་ནམ་དངོས་པོར་ཡོད་མེད་དཔྱོད་ཅིང༌། དེའི་འོག་ཏུ་ནམ་མཁའ་དངོས་མེད་དུ་རྟོགས་པ་དེ་ཉིད་ལ་ཡུལ་ཅན་གྱི་མི་སླུ་བའི་དོན་ཚང་བའི་ཕྱིར། དེས་ན་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གི་གཞལ་བྱ་དངོས་མེད་ཡིན་ཀྱང༌། འཇུག་ཡུལ་ནི་རང་མཚན་ཁོ་ན་སྟེ། དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པ་འཇལ་བྱེད་ཀྱི་ཚད་མ་དང༌། དེའི་རྗེས་འགྲོ་འཇལ་བྱེད་ཀྱི་ཚད་མ་གཉིས་ཚད་མར་སོང་སའི་འཇུག་ཡུལ་གཅིག་པའི་ཕྱིར་དང༌། རྟག་པ་མཐའ་དག་དངོས་པོར་མེད་པ་དང༌། དངོས་པོ་མི་རྟག་པ་ཁོ་ནར་ངེས་པ་གཉིས་དོན་གཅིག་ལ་འདུ་བའི་ཕྱིར། ཉེར་ལེན་གྱི་ཕུང་པོ་བདག་ཡོད་དུ་རྟོགས་པའི་རྗེས་དཔག་ལྟ་བུ་ལ་ནི། རློམ་ཚོད་ཀྱི་གཞལ་བྱ་དེ་ཉིད་འཇུག་ཡུལ་དུ་ཁས་བླངས་པས་ཆོག་པ་ཡིན་ཏེ། དེའི་ཚེ་ཐ་སྙད་འབའ་ཞིག་སྒྲུབ་ཡིན་པ་དང༌། ལུགས་འདིར་བདག་མེད་རང་མཚན་དུ་ཁས་ལེན་པས་སོ། །རྩོད་པ་གཉིས་པས་མི་གནོད་དེ། ཉེ་བར་བསླད་པ་དུང་སེར་སྣང་གི་མིག་ཤེས་ལྟ་བུ་ནི་རྟོག་མེད་འཁྲུལ་ཤེས་ཡིན་པས་སླུ་བར་སློབ་དཔོན་གྱིས་བཤད་པའི་ཕྱིར་རོ། །འདི་རང་མཚན་དང་བརྒྱུད་ནས་འབྲེལ་བས་ཕྱིས་དེ་འཐོབ་པ་སྲིད་ཀྱང་ཁོ་རང་རང་མཚན་དེ་ཡོངས་སུ་གཅོད་བྱེད་དུ་མེད་པས་འཐོབ་པའི་ནུས་པ་དང་འབྲེལ་བ་མ་ཡིན་ཞེས་པའོ། །གཉིས་པ་དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལ་གསུམ་སྟེ། གནོད་བྱེད་ངེས་པའི་རང་བཞིན། བཅད་བྱ་སྒྲོ་འདོགས་ཀྱི་མཚན་ཉིད། དེས་དེ་ཇི་ལྟར་གཅོད་པའི་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སོ་སོ་སྐྱེ་བོ་རྣམས་ཀྱི་ཚད་མའི་སྟོབས་ཀྱིས་ངེས་པ་འདྲེན་དགོས་ཏེ། ཚད་མ་དེ་རང་གི་འཇུག་ཡུལ་ལ་འཇུག་པ་དང༌། དེའི་ལོག་ཕྱོགས་ལས་ལྡོག་པ་ནི་ངེས་པ་དྲངས་པ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་ནི། ངེས་པའི་འགལ་ཟླ་ནི་སྒྲོ་འདོགས་ཡིན་ལ། དེའི་མཚན་ཉིད་ཀྱང་གནས་ལུགས་ལས་མཐའ་གཞན་དུ་རྟོག་པའི་རིག་པའོ། །དབྱེ་ན་གཉིས་ཏེ། རྟོག་པ་ལོག་ཤེས་དང༌། ཐེ་ཚོམ་མོ། །ཁ་ཅིག་ན་རེ་སྔར་མ་རྟོགས་པ་ལས་གློ་བུར་དུ་རྟོགས་པའི་རྗེས་དཔག་ལྟ་བུས་ནི་སྒྲོ་འདོགས་མ་བཅད་དེ། དེའི་སྔ་རོལ་ན་བསལ་བྱ་སྒྲོ་འདོགས་མེད་པའི་ཕྱིར། ཞེས་ཟེར་རོ་ལོ། །གློ་བུར་བའི་རྗེས་དཔག་ཆོས་ཅན། སེལ་བས་འཇུག་པ་ཉིད་ཡིན་ཏེ། ཡུལ་ཅན་གང་ཞིག སྣང་བས་མི་འཇུག་པས་སོ། །རྗེས་དཔག་དེའི་བསལ་བྱ་མ་འོངས་པ་དེ་ཆོས་ཅན། ལོག་ཤེས་ཡིན་པར་བཞེད་དེ། རྗེས་དཔག་དེ་མ་སྐྱེས་ན་རྗེས་དཔག་དེའི་ཡུལ་ས་ཕྱོགས་རྐྱང་པ་དེ་མེ་མེད་གཞན་དང་མཚུངས་པ་རུ་འཛིན་སྲིད་པའི་ཕྱིར། དེས་ན་རྗེས་དཔག་དེ་སྐྱེས་པའི་སྟོབས་ཀྱིས་སྒྲོ་འདོགས་དེ་སྐྱེ་བའི་གེགས་བྱས་པ་ལ་དེས་དེ་སེལ་ཞེས་བརྗོད་པ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། ངེས་པ་དང་ནི་དེའི་བསལ་བྱ་སྒྲོ་འདོགས་གཉིས་ཡུལ་གཅིག་གམ་ཐ་དད། ངོ་བོ་གཅིག་གམ་ཐ་དད། དུས་གཅིག་གམ་ཐ་དད་ཅེས་བརྟགས་པའི་རྩོད་པ་གསུམ་གྱིས་འདིར་མི་གནོད་དེ། ངེས་པ་དང་ནི་དེའི་བསལ་བྱ་སྒྲོ་འདོགས་གཉིས་ཞེན་ཡུལ་ཏེ་དམིགས་ཡུལ་གཅིག་ལ་དམིགས་ནས་ཞེན་སྟངས་ཐ་དད་པ་སྟེ་འགལ་བའི་ཕྱིར་ན་ངེས་ཤེས་ཀྱི་བསལ་བྱ་སྒྲོ་འདོགས་མ་འོངས་པ་སེལ་ནུས་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་རབ་ཏུ་དབྱེ་བ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ། དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། དབྱེ་བའི་གཞི། དབྱེ་བའི་དོན། གྲངས་ངེས། སྒྲ་དོན་ནོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། བོད་སྔ་མ་རྣམས་ཡང་དག་པའི་ཤེས་པ་ཙམ་མངོན་རྗེས་གཉིས་ཀྱི་དབྱེ་གཞིར་འཇོག་པ་མ་ཡིན་ཏེ། ཡིད་དཔྱོད་དང༌། བཅད་ཤེས་གཉིས་ཀྱང་ཡང་དག་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་མི་འཐད་དེ། ཚད་མ་མ་ཡིན་པ་ལ་ཡང་དག་པའི་ཤེས་པ་སློབ་དཔོན་གྱིས་བཀག་པའི་ཕྱིར། ཡང་སློབ་དཔོན་ཆོས་མཆོག་ན་རེ། སྤྱིར་ཡང་དག་པའི་ཤེས་པ་ལ། དོན་བྱེད་པར་སྣང་བ་དང༌། དོན་བྱེད་པའི་ནུས་པ་ལ་འཇུག་པ་གཉིས་ལས། དང་པོ་ནི། བཙོ་སྲེག་གི་དོན་བྱེད་བཞིན་པའི་མེ་རང་མཚན་འཛིན་པའི་མངོན་སུམ་ལྟ་བུ་སྐྱེས་བུའི་དོན་བྱེད་པའི་དངོས་རྒྱུར་གྱུར་པ་རྣམས་ཡིན་ལ། གཉིས་པ་ནི། མེ་དང་ཆུ་ལ་སོགས་པ་རྒྱུ་རྐྱང་པ་སྣང་བ་སྐྱེས་བུའི་དོན་བྱེད་པའི་བརྒྱུད་པའི་རྒྱུར་གྱུར་པའོ། །དང་པོ་ནི། མངོན་སུམ་ཁོ་ནར་ངེས་པ་དང༌། མི་སླུ་བར་རང་ཉིད་ཀྱིས་ངེས་ཟིན་པས། བསྟན་བཅོས་སུ་དཔྱད་པར་བྱ་བ་མ་ཡིན་ལ། གཉིས་པ་དོན་བྱེད་པ་ལ་འཇུག་པའི་ཡང་དག་ཤེས་པ་དེ། འཇུག་ཡུལ་ལ་མི་སླུ་བ་ཡོད་མེད་ཐེ་ཚོམ་ཟ་བའི་རྒྱུ་མཚན་གྱིས། བསྟན་བཅོས་སུ་དཔྱད་པར་བྱ་བ་ཡིན་པས། དེ་ཁོ་ན་དབྱེ་གཞིར་འཛིན་པ་དང༌། ཅིག་ཤོས་དབྱེ་གཞིར་འཇོག་པ་སེལ་བའི་ཕྱིར་དུ། གཞུང་ལས་ཡང་དག་པའི་ཤེས་པ་དེ་ནི་ཞེས་ངེས་པར་བཟུང་བ་ཡིན་ནོ། །ཞེས་ཟེར། དེ་མི་འཐད་པ་ལ་གཉིས་ཏེ། གཞུང་འདིར་འབྱུང་བ་དང༌། ལོ་ཆེན་གྱིས་སློབ་དཔོན་ཆོས་མཆོག་གི་བཞེད་པ་དེ་ཇི་ལྟར་བཀག་པའི་ཚུལ་ལོ། །དང་པོ་ནི། ཡང་དག་པའི་ཤེས་པ་ལ་གཉིས་སུ་ཕྱེ་ནས་གཅིག་ཁོ་ན་དབྱེ་གཞིར་འཆད་པ་འཁྲུལ་ཏེ། སྤྱིར་དབྱེ་གཞིར་མི་རུང་བར། བྱེ་བྲག་ཕྱེ་ནས་དབྱེ་གཞིར་དགོས་ན་གཞན་རྣམས་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། དེ་ཙམ་གྱིས་སློབ་དཔོན་ཆོས་མཆོག་གི་ལུགས་ལ་གནོད་བྱེད་ཀྱི་ནུས་པ་ཆེར་མ་ཐོན་པས། ལོ་ཆེན་གྱིས། ཇི་སྐད་དུ། དེ་ནི་མི་འཐད་དེ། ཤེས་པ་དེ་དོན་བྱ་བའི་དངོས་ཀྱི་རྒྱུར་མ་གྲུབ་པ་དང༌། གྲུབ་ཀྱང་དོན་བྱ་བ་ཉིད་ལས་ཤེས་པ་ཚད་མར་ངེས་པ་མི་འཐད་པ་དང༌། འཐད་ཀྱང་ཚད་མར་ངེས་པ་ཙམ་གྱིས་བཅད་བྱ་མ་ཡིན་པར་མི་འཐད་པ་དང༌། དེ་ཙམ་གྱིས་བཅད་བྱ་མ་ཡིན་ན་ཧ་ཅང་ཐལ་བ་དང༌། དེ་བཅད་བྱ་མ་ཡིན་པར་འགལ་བ་སྟེ་དེ་ལྟར་ཉེས་པ་ལྔའོ། །དང་པོ་ནི། གསུམ་གྱིས་ཏེ་དོན་གྲུབ་པའི་དངོས་ཀྱི་རྒྱུར་མངོན་སུམ་ལ་མི་སྣང་བ་དང༌། དོན་མ་ངེས་པ་དང༌། ཐ་སྙད་མ་ངེས་པའོ། །ཇི་ལྟར་ཞེ་ན། འདི་ལ་འབྲས་བུ་དོན་བྱེད་པ་ནི་གཉིས་ཏེ། ཡུལ་དང༌། ཡུལ་ཅན་གྱི་ཆོས་སོ། །དང་པོ་ལ་ལྟོས་ནས་ནི་འདི་དེའི་དངོས་ཀྱི་རྒྱུ་མ་ཡིན་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དོན་བྱེད་པར་སྣང་བའི་ཤེས་པ་ནི་དེའི་ཡུལ་ཅན་ཡིན་པའི་ཕྱིར་དང༌། རྒྱུ་མ་ཡིན་པ་ཡང་ཡུལ་དུ་མི་འཐད་པའི་ཕྱིར་རོ། །ཡུལ་ཅན་གྱི་ཆོས་ལ་ལྟོས་ནས་ཀྱང་འདི་དེའི་རྒྱུར་མི་འཐད་དེ། དོན་བྱེད་པར་སྣང་བའི་ཤེས་པ་ཉིད་ཡུལ་ཅན་དེའི་ངོ་བོ་ཡིན་པས་རང་ཉིད་རང་གི་རྒྱུར་འགྱུར་བ་འགལ་ལོ། །དེས་ན་མངོན་སུམ་གྱི་བཟུང་བ་ལ་རྒྱུར་སྣང་བ་ག་ལ་སྲིད། སྣང་དུ་ཆུག་ཀྱང་སྣང་ངོ་ཅོག་ངེས་པས་མ་ཁྱབ་སྟེ། ངེས་པ་ནི་རྐྱེན་གཞན་ལ་ལྟོས་པས་སོ། །དེ་ལྟ་མ་ཡིན་ན། ཆོས་ཅན་མཐོང་བ་ན་དེའི་བདག་ཉིད་ཐམས་ཅད་མངོན་སུམ་ལ་སྣང་བས། མི་རྟག་པ་ལ་སོགས་པ་རྗེས་སུ་དཔག་པར་འགལ་ལོ། །གལ་ཏེ་ངེས་སུ་ཆུག་ཀྱང་ཐ་སྙད་ཀྱི་ཡུལ་དུ་མི་འགྲུབ་པ་སྲིད་དེ། ཕྱི་རོལ་དོན་དུ་སྨྲ་བ་དང་སེམས་ཙམ་དུ་སྨྲ་བ་སོགས་ངེས་ཡུལ་གཅིག་ལ་ཐ་སྙད་གཞན་དུ་བྱེད་པར་མཐོང་བ་བཞིན། དེ་ལྟར་གསུམ་གྱིས་དངོས་ཀྱི་རྒྱུར་མ་གྲུབ་པའོ། །གཉིས་པ་ནི། གལ་ཏེ་དོན་བྱེད་པར། སྣང་བ་ཞེས་བྱ་བ། འབྲས་བུ་མྱོང་བ་ཉིད་ལ་ནི་བརྗོད་པར་མི་འདོད་དེ། འོན་ཀྱང༌། རྒྱུ་མཐོང་བ་ཉིད་ན་འབྲས་བུ་དང་འབྲེལ་བར་འཛིན་པའོ། །དེས་ན་ཤེས་པའི་རྒྱུའི་ཡུལ་ཅན་ཡིན་ཀྱང༌། འབྲས་བུ་སྣང་བའི་བློ་ལ་ལྟོས་ཏེ་དངོས་ཀྱི་རྒྱུ་ཡིན་ལ་འབྲས་བུར་སྣང་བ་ཉིད་ཀྱང་སྐྱེས་བུའི་དོན་གྲུབ་པ་ཡིན་པས་མི་འགལ་ལོ། །ཞེས་རྟོག་ན། སློབ་དཔོན་ཆོས་མཆོག་གི་བསམ་པ་ནི་དེ་ཁོ་ན་ལྟར་ཡིན་མོད། འོན་ཀྱང༌། དོན་བྱེད་པའི་གནས་སྐབས་སུ་མཐོང་བའི་ཤེས་པ་དེ་བཅད་བྱ་མ་ཡིན་པ་ཅི། འབྲས་བུ་སྣང་བ་མི་སླུ་བ་དང༌། འབྲེལ་བས་ཚད་མར་ངེས་ཟིན་པའི་ཕྱིར་ཞེ་ན། ཅི་མི་སླུ་བའི་མཚན་ཉིད་འབྲས་བུ་དང་འབྲེལ་བར་མ་མཐོང་ན། ཚད་མར་མི་ངེས་པ་ཁོ་ནའམ། འོན་ཏེ་ངེས་པ་ཡང་ཡོད། དང་པོ་ལྟར་ན། ཐུག་པ་མེད་ལ། གཉིས་པ་ལྟར་ན་མི་དགོས་པར་འགྱུར་རོ། །དེས་ན། དོན་བྱེད་པར་སྣང་བ་ཉིད་མི་དཔྱད་པའི་འཐད་པར་དངོས་ཀྱི་རྒྱུ་ཡིན་པ་ཉེ་བར་མ་བཀོད་ན་མཛེས་ཏེ། འབྲས་བུར་སྣང་བ་ཉིད་དཔྱད་དགོས་པར་ཐལ་བའི་ཕྱིར་དང༌། སྒྲུབ་བྱེད་འབའ་ཞིག་ཏུ་སྣང་བ་ལ་ཡང་མི་དཔྱད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི་དངོས་ཀྱི་རྒྱུ་ཡིན་པས་ཤེས་པ་ཚད་མར་ངེས་ཀྱང༌། ཆ་གཞན་གྱི་སྒོ་ནས་ཅིའི་ཕྱིར་མི་དཔྱོད། ཅི་ཚད་མ་འདི་རྟོག་པ་དང་བཅས་པའམ། དེ་མེད་པ་ཡིན། རྟག་པའམ། མི་རྟག་པ། སྣང་བ་དང་བཅས་པའམ། དེ་མེད་པ་ཞེས་བྱ་བ་ལ་སོགས་པར་ཏེ། དེ་ལྟ་མ་ཡིན་ན། སྔོན་པོར་ངེས་པའམ། ཤེས་པར་ངེས་པ་ལ། སྐད་ཅིག་མ་དང་ཚད་མ་ཉིད་དུ་ཡང་ཇི་ལྟར་དཔྱད་པར་བྱ། བཞི་པ་ནི། རང་ལས་ངེས་པ་ཀུན་མི་དཔྱད་པར་ཐལ་བ་དང༌། གཞན་ལས་ངེས་པ་ཀུན་ཀྱང་མི་དཔྱོད་པར་ཐལ་བ་དང༌། ཚད་མ་ཉིད་ལ་བསྟན་བཅོས་ཚད་མར་ཐལ་བའི་ཕྱིར་རོ། །དང་པོ་ནི། རྗེས་སུ་དཔག་པ་དང༌། གོམས་པ་པའི་མངོན་སུམ་མཐའ་དག་མི་དཔྱད་པར་འགྱུར་ཏེ། ཚད་མར་ངེས་ཟིན་པའི་ཕྱིར་རོ། །གཉིས་པ་ནི། ཐ་སྙད་གཞན་ལས་ངེས་པ་ཡང་ཐབས་གཞན་ཉིད་ཀྱིས་ངེས་པའི་ཕྱིར་རོ། །གསུམ་པ་ནི། རང་དང་གཞན་ལས་མ་ངེས་པ་དེ་བསྟན་བཅོས་ལས་ངེས་པར་བྱ་བའི་ཕྱིར་དཔྱོད་ན། བསྟན་བཅོས་ཚད་མ་ཉིད་སྒྲུབ་པའི་ཚད་མར་ཐལ་བའི་ཕྱིར་རོ། །དེ་ལྟར་ནི་རང་ཉིད་ཀྱང་མི་བཞེད་དེ། རང་ལས་ངེས་མ་ཡིན་པ་རྣམས་ངེས་པ་ནི་ཐ་སྙད་ལས་ངེས་པར་བཤད་པའི་ཕྱིར་དང༌། སློབ་དཔོན་གྱིས་ཀྱང༌། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་རང་དང་གཞན་ཚད་མར་ངེས་ཟིན་པ་དེ་ལ་ཐ་སྙད་ཙམ་ཞིག་བསྟན་བཅོས་ཀྱིས་རྟོགས་པར་བྱེད་པར་གསུངས་པའི་ཕྱིར། །ལྔ་པ་ནི། དེ་མི་དཔྱད་པར་འགལ་བ་ཅི་ཞེ་ན། དོན་བྱེད་པར་སྣང་བ་དང༌། དེ་གྲུབ་པར་སྣང་བ་གཉིས། རང་དང་སྤྱིའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དང༌། མི་སླུ་བར་ཁྱད་པར་མེད་ཀྱང༌། གཅིག་ནི་མཚན་ཉིད་དེ་བརྗོད་པས་བཤད་ལ། གཉིས་པ་མ་བཤད་པ་ནི་ཕན་ཚུན་འགལ་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེས་ན། ཁྱད་པར་གྱི་མཚན་ཉིད་ནི་ཅི་ཡང་བརྗོད་པ་མེད་ལ། སྤྱིའི་མཚན་ཉིད་ནི་ཐུན་མོང་བའི་སྒོ་ནས་གཉིས་ཀ་ཡང་བཤད་པས། དེ་མ་བཤད་པ་ཇི་ལྟར་མི་འགལ་སོམས་ཤིག དེ་ལྟ་ཡིན་པ་དེའི་ཕྱིར། ཡང་དག་པའི་ཤེས་པ་དེ་ནི། ཞེས་ངེས་པར་བཟུང་བའི་དོན་ནི། སྤྱིར་ཕྱིན་ཅི་མ་ལོག་པའི་ཤེས་པ་ཙམ་དབྱེ་གཞིར་མི་འདོད་ཀྱི། མཚན་ཉིད་མི་སླུ་བ་དེ་དང་ལྡན་པའི་ཡང་དག་པའི་ཤེས་པ་དེ་ནི་དབྱེ་གཞིར་འཇོག་ཅེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །གཉིས་པ་རང་ལུགས་གཞག་པ་ནི། ཇི་སྐད་བཤད་པ་དེས་ན། ཡང་དག་པའི་ཤེས་པ་ཉིད་ཆོས་ཅན། མངོན་རྗེས་གཉིས་ཀྱི་དབྱེ་གཞིར་འཐད་དེ། ཚད་མ་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། གཉིས་པ་དབྱེ་དོན་ནི། དེ་ལ་དབྱེ་ན། མངོན་སུམ་དང༌། རྗེས་དཔག་གཉིས་སོ། །གཉིས་པོ་དེ་དག་དངོས་པོ་གཅིག་གམ། ཐ་དད་པའམ། གཅིག་པ་བཀག་པའི་ཐ་དད་དམ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན། ཞེས་བརྟག་པར་བྱའོ། །འདི་ལ་ཁ་ཆེ་ཛྙཱ་ན་ཤྲཱི་ན་རེ། གཉིས་པོ་གཅིག་པ་བཀག་པ་ཡིན་ཏེ། རྗེས་དཔག་ནི་ཡུལ་དངོས་པོར་མེད་པས་ཤེས་པར་མི་འཐད་པའི་ཕྱིར། ཞེས་ཟེར། ཚད་མ་གཉིས་པོ་གཅིག་པ་བཀག་པ་མ་ཡིན་ཏེ། གཉིས་ཀ་དངོས་པོ་ཉིད་ཡིན་པའི་ཕྱིར། གཉིས་པོ་ཡུལ་གཅིག་ལ་ལྟོས་ནས་གཅིག་པ་མ་ཡིན་ཏེ། ཡུལ་རང་མཚན་དང་སྤྱི་མཚན་སོ་སོར་ངེས་པའི་ཕྱིར། ཡུལ་ཐ་དད་ལ་ལྟོས་ནས་ངོ་བོ་ཐ་དད་པ་མ་ཡིན་ཏེ། རྗེས་དཔག་ཀྱང་རང་གི་ངོ་བོ་ལ་མངོན་སུམ་ཡིན་པའི་ཕྱིར། དེས་ན། གཉིས་པོ་བློ་རང་གི་ངོ་བོ་ལ་ལྟོས་ནས་མངོན་སུམ་དུ་བྱེད་ཅིང༌། ཡུལ་རང་སྤྱི་གཉིས་ལ་ལྟོས་ནས་མངོན་རྗེས་ཐ་དད་དུ་ངེས་པ་ཡིན་ནོ། །འོ་ན་རྗེས་དཔག་ཆོས་ཅན། ཡུལ་ལ་ལྟོས་ནས་རང་རིག་ཡིན་པར་ཐལ། རྗེས་དཔག་དེ་ཉིད་ལ་རང་རིག་ཡིན་པའི་ཕྱིར། ཞེས་བརྩད་པའི་སྐྱོན་ལས་གྲོལ་ཏེ། རྗེས་དཔག་ནི་རྗེས་དཔག་རང་ཉིད་ལ་མངོན་སུམ་ཡིན་ཀྱང༌། དེ་རྗེས་དཔག་ཏུ་སོང་སའི་ཡུལ་མ་ཡིན་པའི་ཕྱིར། གཞུང་འདིས། དེ་དེ་ལ་ཚད་མ་ཡིན་ན། དེ་དེའི་ཡུལ་ཡིན་དགོས་པ་ལ་གནོད་བྱེད་འཕངས་པར་སྣང་ངོ༌། །ཡང༌། རང་རིག་དང་ངོ་བོ་གཅིག་པས་མངོན་སུམ་དང་ངོ་བོ་གཅིག་པར་འཇོག་ནུས་ན། དབང་པོའི་མངོན་སུམ་དང་ངོ་བོ་ཐ་དད་པས་མངོན་སུམ་ཙམ་དང་ཡང་ངོ་བོ་ཐ་དད་པར་འགྱུར་རོ། །ཞེས་བརྩད་པའི་སྐྱོན་ལས་གྲོལ་ཏེ། རྗེས་དཔག་དེ་མངོན་སུམ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་རང་རིག་དང་རྫས་གཅིག་པའི་ཕྱིར། གསུམ་པ་གྲངས་ངེས་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་ཀྱིས། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་འགྲུབ་པ་ཡིན་ཏེ། གཉིས་པོ་དེ་ལས་གྲངས་གཞན་མང་བ་དང་ཉུང་བ་ནི། གཞལ་བྱ་གཉིས་ཕྱིར། ཞེས་པའི་གཏན་ཚིགས་དེས་བཀག་པའི་ཕྱིར་རོ། །དེའི་དོན་ནི། རང་མཚན་དངོས་ཀྱི་གཞལ་བྱར་བྱས་ནས་འཇུག་ཡུལ་ལ་མི་སླུ་བའི་རིག་པ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་པ་དང༌། སྤྱི་མཚན་དངོས་ཀྱི་གཞལ་བྱར་བྱས་ནས་འཇུག་ཡུལ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་ན་རྗེས་དཔག་ཡིན་པས་ཁྱབ་པ་ཞེས་བྱ་བའི་དོན་ཏེ། མདོར་ན། ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་དགོས་པའོ། །བཞི་པ་སྒྲ་དོན་ནི། སྤྱིར་མིང་ལ་རྣམ་པ་གཉིས་ཡོད་དེ། ཐམས་ཅད་མཁྱེན་པ་ཞེས་པའི་མིང་ལྟ་བུ་བཤད་པ་རྒྱུ་མཚན་ཅན་དང༌། ཤིང་ཞེས་པའི་མིང་ལྟ་བུ་འཇུག་པ་རྒྱུ་མཚན་ཅན་གཉིས་ཡོད་པས་སོ། །གཉིས་པོ་དེ་ལ་རྣམ་པར་དབྱེ་བ་རྣམ་པ་བཞིའམ་གསུམ་སྟེ། བཤད་འཇུག་འགལ་བ་དང༌། མི་འགལ་བ་དང༌། འགལ་ཞིང་མི་འགལ་བ་རྣམས་སུ་ཡོད་པས་སོ། །གསུམ་པ་དེ་ལ་ནི་འགལ་འདུ་མུ་གསུམ་པ་ཞེས་བྱ་ལ། གསུམ་ནི། བཤད་འཇུག་གཉིས་ཀ་ཡོད་པ་མཚོ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཞེས་ཟེར་བ་ལྟ་བུ་དང༌། བཤད་པ་ཡོད་ལ་འཇུག་པ་མེད་པ་མཚོ་ལས་སྐྱེས་པའི་སྲོག་ཆགས་ལྟ་བུ་དང༌། འཇུག་པ་ཡོད་ལ་བཤད་པ་མེད་པ་སྐམ་ལས་སྐྱེས་པའི་པདྨ་ལྟ་བུའོ། །དེ་དག་ལ་མཁས་པ་རྣམས་ཀྱིས་གཉིས་སུ་ཕྱེ་བ་ཡིན་ཏེ། ལྷས་བྱིན་ཞེས་པ་ལྟ་བུ་མིང་གི་སྒྲ་དང༌། ཤིང་ཞེས་པ་ལྟ་བུ་རིགས་ཀྱི་སྒྲ་གཉིས་སུ་ཕྱེ་བས་སོ། །འདིར་མངོན་སུམ་གྱི་སྒྲ་ནི་མུ་གསུམ་པ་ཡིན་ལ། རྗེས་དཔག་གི་སྒྲ་ནི། རྟགས་མཐོང་ཞིང་འབྲེལ་པ་དྲན་པའི་རྗེས་སུ་བསྒྲུབ་བྱ་སྤྱིའི་ཚུལ་གྱིས་དཔོག་པས་ན། ཞེས་པ། བཤད་པ་རྒྱུ་མཚན་ཅན་གྱི་མིང་དུ་བྱས་པའོ། །གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་ལ་དང༌། རྗེས་དཔག་ལ་ལོག་རྟོག་དགག་པའོ། །དང་པོ་ལ། མངོན་སུམ་མ་ཡིན་པ་ལ་ཡིན་པའི་ལོག་རྟོག་དགག་པ་དང༌། ཡིན་པ་ལ་མ་ཡིན་པའི་ལོག་རྟོག་དགག་པ། ཡིན་མིན་མཚུངས་པའི་ལོག་རྟོག་དགག་པའོ། །དང་པོ་ནི། རྒྱན་མཛད་པ། ཡུལ་ལ་འཁྲུལ་བ་ནོར་བུ་ཁང་པའི་ཕུག་ན་གནས། འོད་སྒོ་གསེབ་ཏུ་བྱུང་བ་དེའི་ཚེ། ནོར་བུའི་འོད་ལ་ནོར་བུར་ཞེན་ནས་ནོར་བུའི་འོད་འཛིན་པའི་མིག་ཤེས་དེ་ནོར་བུ་ཙམ་ལ་མངོན་སུམ་ཚད་མར་འདོད་པ་དང༌། དུས་ལ་འཁྲུལ་པའི་མཚན་གཞི། སློབ་དཔོན་དུལ་བ་ལྷ་ན་རེ། ནམ་གུང་ལ་ཉིན་ཕྱེད་དུ་འཁྲུལ་བའི་རྨི་ལམ་གྱི་ཤེས་པ་དེ། ཉིན་ཕྱེད་ཀྱི་བུ་གཟུགས་ལ་མངོན་སུམ་ཚད་མར་འདོད་པ་དང༌། རྣམ་པ་ལ་འཁྲུལ་བའི་མཚན་གཞི། ཕྱོགས་གླང་གི་སློབ་མ་ཁ་ཅིག དུང་སེར་སྣང་གི་མིག་ཤེས་དབྱིབས་ལ་ཚད་མར་འདོད་པ་དང༌། ལོ་ཙྪ་བ་ཆེན་པོ། ལྗོན་ཤིང་འགྲོར་སྣང་གི་མིག་ཤེས་དེ་ཁ་དོག་ལ་མངོན་སུམ་ཚད་མ་ཡིན་པར་འདོད་དོ། །དེ་དང་དེ་དག་ཆོས་ཅན། ཡུལ་དེ་དང་དེ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་ཏེ། དེ་དང་དེ་ལ་མངོན་སུམ་མ་ཡིན་པའི་ཕྱིར་དང༌། རྟགས་ལས་ཡུལ་དེ་དང་དེ་ངེས་པའི་ཚེ་ན་རྗེས་དཔག་ཏུ་འགྱུར་སྲིད་པའི་ཕྱིར། དཔེར་ན། ནོར་བུའི་འོད་ལས་ནོར་བུ་དཔོག་པ་བཞིན་ནོ། །རྟགས་དང་པོ་གྲུབ་སྟེ། གོ་རིམ་བཞིན་དུ། ནོར་བུ་རང་མཚན་དང༌། ཉིན་ཕྱེད་ཀྱི་བུ་གཟུགས་རང་མཚན་གྱི་རྣམ་པ་མ་གཏད་པའི་ཕྱིར་དང༌། དུང་སེར་སྣང་སོགས་ཕྱི་མ་གཉིས་ནི་འཁྲུལ་པའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་སྐྱེད་པའི་ཕྱིར། འདིར་གཞན་དག དེ་ལ་མངོན་སུམ་མ་ཡིན་ཏེ། དེ་རང་མཚན་མི་སྣང་བའི་ཕྱིར། ཞེས་ཟེར་བ་ནི་གཞུང་གི་དོན་མ་ཡིན་ཏེ། སྔོན་པོ་འཛིན་པའི་མངོན་སུམ་དེ་དེ་ལ་མངོན་སུམ་ཡིན་ཀྱང༌། དེ་རང་མཚན་མི་སྣང་བ་བཞིན་ནོ། །འོ་ན་དེ་དེ་ལ་མངོན་སུམ་ཡིན་ན། དེ་དེ་མངོན་སུམ་དུ་མཐོང་བར་ཐལ་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། དོན་དེ་ལ་རྟོག་པ་དང་བྲལ་ཞིང༌། མ་འཁྲུལ་བའི་རིག་པ་ཡིན་པ་ཙམ་གྱིས། དེ་ལ་མངོན་སུམ་དུ་འཇོག་ནུས་པ་ཡིན་གྱི། དེ་ལ་མངོན་སུམ་དང་ཚད་མར་འཇོག་པ་ལ་དེ་མཐོང་བ་དང་རྟོགས་པ་དགོས་པ་ནི་མདོ་སྡེ་པའི་རང་ལུགས་མ་ཡིན་པའི་ཕྱིར་རོ། །ཡང༌། ལོ་ཙྪ་བ་ཆེན་པོ། དུང་གི་ཁ་དོག་འཛིན་པའི་མིག་ཤེས་དེའི་རེག་བྱ་ལ་མངོན་སུམ་གྱི་ཚད་མ་ཡིན་ཏེ། དེས་དེ་རྟོགས་པ་ནི་མྱོང་བའི་སྟོབས་ཀྱིས་ཡིན་པའི་ཕྱིར། ཞེས་སྨྲའོ། །འདི་མི་འཐད་དེ། སྐྱེ་མཆེད་ཀྱི་རྣམ་དབྱེ་མི་ཤེས་པའི་བླུན་པོས་རྒྱུའི་ཆོས་རྗེས་དཔག་ལ་མངོན་སུམ་ཡིན་པར་འཁྲུལ་བ་ཙམ་ཡིན་གྱི། མིག་ཤེས་ཀྱིས་སྐྱེ་མཆེད་རྫས་གཞན་རྟོགས་ན་དབང་པོ་དུ་མ་དོན་མེད་དུ་འགྱུར་བའི་ཕྱིར། གནོད་བྱེད་ཀྱི་རིགས་པ་འདི་ཡང༌། ཚད་མ་ལ་བདེན་པའི་དོན་རྟོགས་ཀྱིས་ཁྱབ་པར་འདོད་པའི་ཕྱོགས་ལ་འཕངས་པ་ཡིན་གྱི། རང་ལུགས་ལ་ནི། ཁ་དོག་འཛིན་པ་རེག་བྱ་ལ་ཚད་མར་འགྱུར་བའི་སྐབས་ཤིག་ཁས་ལེན་དགོས་ཏེ། སེར་པོ་འཛིན་པའི་མིག་ཤེས་དེ་སེར་པོའི་རྡུལ་ཕྲན་ལྷན་ཅིག་ཚོགས་པ་ལ་ཚད་མ་དང༌། དེ་ཡང་དེའི་གཟུང་དོན་དུ་ཁས་ལེན་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། ཕྱོགས་སྔ་མའི་ལུགས་ལྟར། རེག་བྱའི་སྐྱེ་མཆེད་ཀྱི་མིང་ཅན། འབྱུང་བ་ལས་གྱུར་པའི་རེག་བྱ་ལ་ནི་ཚད་མར་མི་འདོད་དེ། དེ་དེ་ལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུར་མི་འདོད་ཅིང༌། རྒྱུ་མཚན་གཞན་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། རྟོག་པ་ཡུལ་དུས་རྣམ་པ་ལ་འཁྲུལ་བའི་དུས་ཀྱི་དབང་ཤེས་མངོན་སུམ་མ་ཡིན་ཏེ། དེ་དེ་ལ་འཁྲུལ་བས་དེ་དུས་ཀྱི་དབང་ཤེས་མངོན་སུམ་ཡིན་པ་འགོག་ནུས་པའི་ཕྱིར། ཞེས་ཟེར་རོ། །རྟོག་པ་འཁྲུལ་ཡང༌། དབང་ཤེས་མངོན་སུམ་ཡིན་པ་ལ་མི་སྒྲིབ་སྟེ། སྔོན་པོ་ལ་རྟག་པར་སྒྲོ་འདོགས་པའི་དུས་ཀྱི་སྔོ་འཛིན་མིག་ཤེས་ཚད་མ་ཡིན་པ་བཞིན་ནོ། །གསུམ་པ་ནི། འགའ་ཞིག་ན་རེ། བཤད་མ་ཐག་པ་དེ་དང༌། དུང་སེར་སྣང་གི་མིག་ཤེས་དབྱིབས་ལ་ཚད་མ་ཡིན་པ་མཚུངས་སོ། །ཞེས་ཟེར། མཚུངས་པ་མ་ཡིན་ཏེ། དབང་ཤེས་དང༌། ཡིད་ཤེས་གཉིས་ཡུལ་ཐ་དད་པའི་ཕྱིར་དང༌། གཉིས་པོ་ལ་འཕྲལ་གྱི་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་བར་སྐྱེད་མ་སྐྱེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་རྗེས་དཔག་མ་ཡིན་པའི་ལོག་རྟོག་དགག་པ་ནི། ཁ་ཅིག་ན་རེ། ནོར་བུའི་འོད་ལས་ནོར་བུ་ཉིད་གསར་དུ་རྟོགས་པའི་བློ་རྗེས་དཔག་མ་ཡིན་ཏེ། བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བའི་དུས་སུ་ཕྱོགས་ཆོས་མི་འགྲུབ་ཅིང༌། ཕྱོགས་ཆོས་ཚད་མས་ངེས་པའི་ཚེ་བསྒྲུབ་བྱ་གྲུབ་ཟིན་པའི་ཕྱིར། ཞེས་ཟེར་རོ། །དེ་ལྟ་ན། སཱ་ལུ་མྱུ་གུས་གཞི་འགའ་ཞིག་ཏུ་སཱ་ལུ་དཔོག་པ་སོགས་འབྲས་རྟགས་འཁྲུལ་པར་འགྱུར་ཏེ། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པར་ངེས་པའི་ཚེ་དེར་མེ་ཡོད་པར་ཡང་འགྲུབ་པ་བཞིན་ནོ། །སྐབས་དེར་ཕྱོགས་ཆོས་ངེས་ནས་བསྒྲུབ་བྱ་མ་ངེས་པའི་སྐབས་ཅུང་ཟད་ཅིག་སྲིད་དོ། །ཞེ་ན། འོ་ན། སྦྲ་མ་ལ་ཡང་ནོར་བུའི་འོད་ཡོད་པར་ངེས་ནས་ནོར་བུ་ཡོད་པར་མ་ངེས་པའི་སྐབས་ཅུང་ཟད་ཅིག་སྲིད་དོ། །གཉིས་པ་རྗེས་དཔག་མ་ཡིན་པ་ལ་ཡིན་པའི་ལོག་རྟོག་དགག་པ་ནི། ལོ་ཙྪ་བ་ཆེན་པོའི་གསུང་གིས། ཡན་ལག་ཅན་གྱི་ལ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། དབང་ཕྱུག་གི་ཚང་བང་བཞིན་ནོ། །ཞེས་བཀོད་པའི་ཚེ། བཀོད་ཚོད་ཀྱི་རྟགས་དང་བསྒྲུབ་བྱ་འཁྲུལ་ན་ཡང༌། གྲུབ་ཚོད་ཀྱི་དོན་དང་ཆ་ལ་ཚད་མ་ཡིན་ཞེས་ཟེར། མི་འཐད་དེ། བཀོད་ཚོད་དེ་ལྟ་བུའི་རྟགས་ལ་ཚུལ་གསུམ་མེད་ལ། གྲུབ་ཚོད་ལ་རྟགས་ཀྱི་ཁྱད་པར་དེ་དག་མེད་པའི་ཕྱིར། རིགས་པ་འདི་ནི། ཞེ་འདོད་ཀྱི་བསྒྲུབ་བྱ་རྟག་པའི་མེ་སྒྲུབ་པའི་དབང་དུ་བྱས་པ་ལ་འཇུག་པ་ཡིན་གྱི། མེ་ཙམ་ཞེ་འདོད་ཀྱི་སྒྲུབ་ཆོས་སུ་བྱས་པ་ལ་ནི་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། ཞེ་འདོད་ཀྱི་གཏན་ཚིགས་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །དེ་བཞིན་དུ་ལ་ཙནྡན་གྱི་མེ་ཡོད་དུ་སྒྲུབ་པ་ལ། དུ་བ་ཡོད་པ་རྟགས་སུ་བཀོད་པའི་ཚེ། མེ་ཙམ་ཞེ་འདོད་ཀྱི་སྒྲུབ་བྱའི་ཆོས་སུ་བཟུང་ན། ཞེ་འདོད་ཀྱི་གཏན་ཚིགས་ལ་ཚུལ་གསུམ་ཚང་བ་དང༌། ཙནྡན་གྱི་མེ་ཞེ་འདོད་ཀྱི་བསྒྲུབ་ཆོས་སུ་བཟུང་ན། རྟེན་གཏན་ཚིགས་ལ་ཚུལ་གསུམ་མ་ཚང་བས་དེ་ལ་བརྟེན་པའི་བློ་རྗེས་དཔག་ཏུ་མི་འདོད་དོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་ལ། དྲི་བ་དང༌། ལེན་ནོ། །དང་པོ་ནི། ཚད་མ་དེ་དག་རང་གི་འཇུག་ཡུལ་ལ་ངེས་པ་འདྲེན་པ་ནི། ཚད་མ་རང་ངམ་གཞན་གང་ལས་རྟོགས་ཞེ་ན། གཉིས་པ་ལན་ལ། དགག གཞག སྤང་གསུམ་ལས། དང་པོ་ནི། ལ་ལ་ནི་རང་ཁོ་ན་ལས་ངེས་པར་འདོད་ལ། འགའ་ཞིག་ནི་གཞན་ཁོ་ན་ལས་ངེས། ཞེས་ཟེར་རོ། །མི་འཐད་དེ། དེ་དག་གཉིས་ཀས་རིགས་པ་དང་རིགས་པར་སྨྲ་བའི་བཞེད་པ་དོར་བའི་ཕྱིར། འོ་ན་གཉིས་པོ་སྟོན་བྱེད་ཀྱི་གཞུང་གང་ཞེ་ན། ཇི་སྐད་དུ། མངོན་སུམ་གྱིས་ནི་བཟུང་བ་ལ། །ཁྱད་པར་ཆ་ཤས་རྣམ་སྤངས་པ། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་པའི་དངོས་ཤུགས་གཉིས་ལས་གསལ་བར་འབྱུང་ལ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པས། གཉིས་ཀྱི་ཟླས་ཕྱེ་བའི་རང་ངེས་སྟོན་པར་འཆད་བྱེད་ཀྱི་ཚད་ལྡན་མ་བྱུང་ངོ༌། །གཉིས་པ་ནི། དོན་བྱེད་སྣང་གི་མངོན་སུམ་དང༌། །གོམས་པ་ཅན་གྱི་མངོན་སུམ་སྟེ། དོན་རིག་གཉིས་དང༌། རང་རིག་པའི་མངོན་སུམ་དང༌། རྗེས་སུ་དཔག་པ་རྣམས་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། རང་ཉིད་གང་ལ་ཚད་མར་སོང་སའི་འཇུག་ཡུལ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། མངོན་སུམ་དང་པོ་པ་དང༌། ཡིད་མ་གཏད་དང༌། འཁྲུལ་རྒྱུ་ཅན་རྣམས་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། རང་ཉིད་གང་ལ་ཚད་མར་སོང་སའི་འཇུག་ཡུལ་དེ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་ངེས་པ་རང་སྟོབས་ཀྱིས་འདྲེན་མ་ནུས་པར་ཚད་མ་གཞན་ཞིག་སྐྱེད་ནས་འདྲེན་དགོས་པའི་ཕྱིར། འདིར་ཚད་མ་ཡིན་ན། རང་གི་འཇུག་ཡུལ་ངེས་པ་དང༌། དེ་ལ་སྒྲོ་འདོགས་བཅད་པས་ཁྱབ་པར་འདོད་པའི་ཕྱོགས་ལ་ནི། ཚད་མ་ལ་རང་ངེས་གཞན་ངེས་གཉིས་སུ་དབྱེ་བ་དང༌། གཉིས་པོའི་ཁྱད་པར་དབྱེ་བྱེད་ཀྱི་མཚན་ཉིད་དང༌། བྱེ་བྲག་ཏུ་གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞི་འཛིན་རྒྱུ་ཇི་ལྟ་བ་བཞིན་མི་སྣང་ལ། སློབ་དཔོན་ཆོས་མཆོག་ནི། གཞན་ལས་ངེས་ཀྱི་ཚད་མ་གསུམ་སྟེ། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པ་དང༌། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པ་དང༌། སྣང་བ་ཉིད་ཀྱང་གཞན་ལས་ངེས་དགོས་པ་དང་གསུམ་མོ། །ཞེས་གསུང་པ་འདི་ཉིད་རང་ལུགས་འདིར་ངེས་པར་ཁས་ལེན་པ་ཡིན་ཏེ། དེ་ཉིད་མངོན་སུམ་ལ་ཚད་མས་ཁྱབ་པའི་ཕྱོགས་འདིར་ཤིན་ཏུ་འགྲིག་པའི་ཕྱིར་དང༌། གངས་ཅན་གྱི་རྟོག་གེ་པ་གཞན་དག་གི་ལུགས་ལ་ནི། གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞིར་བཤད་མ་ཐག་པ་དེ་དག་སྣང་ལ་མ་ངེས་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཆོས་མཆོག་གི་བཞེད་པ་དེ་ལ་ཕྱྭ་པས་སྐྱོན་བརྗོད་པ་ནི། གཞན་ངེས་ཚད་མའི་མཚན་གཞི་གསུམ་པ་མི་འཐད་དེ། འོ་ན་བུམ་པ་ལ་སོགས་པ་དངོས་མེད་ཡིན་པ་ཇི་ལྟར་དགག དངོས་པོའི་མཚན་ཉིད་ཚང་བས་དངོས་མེད་ཡིན་པར་འགལ་ལོ་ཞེ་ན། འོ་ན་ཅིག་ཤོས་ཀྱང་ཚད་མ་མ་ཡིན་ཏེ། སྣང་ལ་མ་ངེས་པའི་མཚན་ཉིད་ཚང་བའི་ཕྱིར། མཚན་གཞི་གཉིས་པའང་མི་འཐད་དེ། ཤིང་འཛིན་པའི་བློ་ཤ་པ་ལ་ཚད་མ་ཡིན་ནོ་ཞེས་བྱ་བ་དེ། ཤ་པའི་རྫས་ལ་ཚད་མར་འདོད་དམ། རིགས་ལ་ཚད་མར་འདོད། དང་པོ་ལྟར་ན། འོ་ན་དེ་འདྲ་དེ་བྱེ་བྲག་རང་ལས་ངེས་ཤིང༌། སྤྱི་གཞན་ལས་ངེས་ཀྱི་ཚད་མར་ཡང་ཐལ། དེ་འདྲ་དེ་ཤིང་ལ་རང་ལས་ངེས་དང༌། མི་རྟག་པའི་རྫས་ལ་གཞན་ལས་ངེས་སུ་ཁས་ལེན་དགོས་པའི་ཕྱིར། གཉིས་པ་ལྟར་ན། ཤ་པའི་རིགས་ལ་ཐེ་ཚོམ་ཟ་བ་དེ། མཚན་ཉིད་ལ་ཡིན་ནམ། མཚོན་ཆ་ཤ་པའི་ཐ་སྙད་ལ་ཡིན། དང་པོ་ལྟར་ན། དེ་འདྲ་དེ་ཤ་པ་ལ་ཚད་མ་མ་ཡིན་པར་འགྱུར་ཏེ། དེ་ལ་ལྟོས་ཏེ་སྣང་ལ་མ་ངེས་པའི་མཚན་ཉིད་ཚང་བའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ། ཐ་སྙད་མ་ངེས་པས་གཞན་ལས་ངེས་སུ་འཇོག་དགོས་ན། དོན་འབའ་ཞིག་སྒྲུབ་པའི་རྟགས་ལ་བརྟེན་པའི་རྗེས་དཔག་རྣམས་ཀྱང་གཞན་ལས་ངེས་སུ་ཐལ་བའི་ཕྱིར་རོ། །ཞེས་བཀག་ནས། རང་ལུགས་ལ། གཞན་ལས་ངེས་པར་བྱ་བ་ནི་གཅིག་ཁོ་ན་སྟེ། སྣང་བ་རང་ལས་ངེས་ཤིང༌། བདེན་པའི་ཆ་ལ་ཐེ་ཚོམ་ཟ་བ་དེ་ཁོ་ནའོ། །ཞེས་གསུང་ངོ༌། །དེ་ལྟ་ན་ཡང༌། ཁས་བླངས་ནང་འགལ་ཏེ། གཅིག་པུ་དེ་ལ་ཡང་སྣང་ལ་མ་ངེས་པའི་མཚན་ཉིད་ཚང་བའི་ཕྱིར་དང༌། དེ་གཞན་ལས་ངེས་ཀྱི་ཚད་མར་སོང་སའི་འཇུག་ཡུལ་གང་ཡིན་ཞེས་བརྟགས་ན་ཁྱེད་ཀྱིས་མི་རྙེད་པའི་ཕྱིར་དང༌། དེ་མེ་ལ་ཚད་མར་སོང་ན། རྫས་ལ་ཚད་མར་སོང་ངམ། རིགས་ལ་ཚད་མར་སོང༌། དང་པོ་ལྟར་ན། དེ་དམར་འབར་བའི་སྟེང་གི་མི་རྟག་པའི་རྫས་ལ་ཡང་ཚད་མར་འདོད་དགོས་པས། བདེན་པ་རང་ལས་ངེས་དང༌། སྣང་བ་གཞན་ལས་ངེས་ཞེས་སམ། ཡང་ན། བྱེ་བྲག་རང་ལས་ངེས་ཤིང༌། སྤྱི་གཞན་ལས་ངེས་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ལྟར་ན། མེའི་མཚན་ཉིད་ལའམ། ཐ་སྙད་གཞན་ལས་ངེས་དགོས་པ་ཡིན་ཞེས་བརྟགས་ན། གཞན་ལ་འཕངས་པ་ཐམས་ཅད་ལྡོག་པར་འགྱུར་རོ། །རང་གི་ལུགས་ལ་ནི། དེ་འདྲ་དེ་མེ་ལ་ཚད་མ་ཡིན་ཀྱང༌། དེས་མེ་རྟོགས་པར་ཁས་མི་ལེན་ལ། རྟོགས་སུ་ཆུག་ཀྱང༌། ངེས་པ་འདྲེན་པ་ཚད་མ་གཞན་ལ་ལྟོས་པས་གཞན་ལས་ངེས་ཁོ་ནའོ། །འོ་ན་གཞན་ལས་ངེས་ཀྱི་ཚད་མ་རྣམས་རང་གི་འཇུག་ཡུལ་ལ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་གཞན་དེ་གང་ཡིན་ཞེ་ན། དེ་འཆད་པ་ནི། གཞན་ལས་ངེས་ཀྱི་ཚད་མར་བཤད་པ་དེ་དག་ཆོས་ཅན། རང་དང་རང་གི་འཇུག་ཡུལ་ངེས་པའི་བློ་གཉིས་ཀྱི་བར་དུ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་གཞན་ཞིག་སྐྱེ་དགོས་པ་ཡིན་ཏེ། དཔེར་མཚོན་ན། དམར་འབར་བ་མེ་ཡིན་མིན་ཐེ་ཚོམ་ཟ་བའི་དུས་དེའི་འོག་ཏུ། མེའི་དོན་བྱེད་པར་མཐོང་བའི་མངོན་སུམ་དང༌། དེར་མ་མཐོང་ཡང༌། དོན་གྱི་རྣམ་པ་གསལ་བར་འཛིན་པའི་གོམས་པ་ཅན་གྱི་མངོན་སུམ་དང༌། ཡང་ན། དུ་བ་ལ་སོགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་དེས་འཇུག་ཡུལ་དེ་མེར་ངེས་པར་བྱེད་དགོས་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། ལོ་ཙྪ་བ་དང༌། ཁྱུང་ལ་སོགས་པ་ཁ་ཅིག ཡུལ་དང་ངོ་བོ་ལ་བརྟགས་ནས་གཞན་ངེས་ཀྱི་ཚད་མ་མི་སྲིད་དེ། ངེས་བྱའི་ཚད་མ་དང༌། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ན། ཚད་མ་གཉིས་པ་བཅད་ཤེས་སུ་འགྱུར་ལ། མི་གཅིག་ན། ཚད་མ་གཉིས་པ་དེ་ཚད་མ་སྔ་མའི་འཇུག་ཡུལ་ངེས་བྱེད་མ་ཡིན་པར་ཐལ་བའི་ཕྱིར་དང༌། གཞན་ལས་ངེས་ཀྱི་ཚད་མར་འདོད་པ་དེས་ཀྱང༌། རང་གི་འཇུག་ཡུལ་ལ་སྒྲོ་འདོགས་མ་ཆོད་ན་ཚད་མར་མི་འགྱུར་ལ། ཆོད་ན་རང་ལས་ངེས་སུ་འགྱུར་བའི་ཕྱིར། ཞེས་ཟེར་རོ། །དེ་ལྟར་འདོད་པ་དེ་དག་གིས་ནི། མངོན་སུམ་དང་རྟོག་པའི་བྱེད་པ་གཅིག་ཏུ་འདྲེས་པར་ཟད་དེ། མངོན་སུམ་ནི་རང་གི་འཇུག་ཡུལ་ལ་རྟོག་པ་དང་བྲལ་ཞིང༌། མ་འཁྲུལ་བའི་རིག་པ་ཡིན་པ་ཉིད་ཀྱིས་ཚད་མར་འཇོག་ནུས་པ་དེ་མ་ཤེས་པར། དོན་དེ་ལ་ཚད་མར་སོང་བའི་ཚེ། དོན་དེ་ཉིད་ངེས་དགོས་པར་ཁས་བླངས་པའི་ཕྱིར་རོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས་ཏེ། དགག་སྒྲུབ་སྤྱིའི་རྣམ་གཞག་དང༌། དེའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། སྣང་བ་སྟེ་མངོན་སུམ་གྱིས་དགག་སྒྲུབ་བྱེད་པ་མ་ཡིན་ཏེ། དངོས་པོ་རང་མཚན་གྱི་དངོས་ཀྱི་ཡུལ་ཅན་ཡིན་པས་རྟོག་མེད་ཀྱི་ཤེས་པ་ལ་དགག་སྒྲུབ་ཀྱི་མཐུ་མེད་པའི་ཕྱིར། དགག་སྒྲུབ་ནི་སེལ་འཇུག་ཁོ་ནས་བྱེད་པ་ཡིན་ཏེ། དགག་སྒྲུབ་གཉིས་པོ་ནི་སེལ་བ་ཁོ་ན་ལ་བཞག་པ་ཡིན་གྱི། སྣང་བའི་སྒྲུབ་པས་ནི་དགག་སྒྲུབ་གཉིས་ཀྱི་ཟླས་ཕྱེ་བའི་སྒྲུབ་པའི་གོ་མི་ཆོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མཚན་ཉིད་དང༌། དེས་དོན་རྟོགས་པའི་ཚུལ་ལོ། །དང་པོ་ལ་དགག གཞག་གཉིས་ལས། དང་པོ་ནི། ཕྱྭ་པ་ལ་སོགས་པ། དགག་སྒྲུབ་གཉིས་ཀྱི་མཚན་ཉིད། སྒྲུབ་ཆོས་དོར་བ་དང༌། མ་དོར་བ་ལ་འཆད་པ་ནི་མི་འཐད་དེ། སྒྲུབ་པའི་མཚན་ཉིད་ལ་སྣང་བ་རང་མཚན་རྣམས་ཀྱིས་མ་ངེས་པ་དང༌། དགག་པའི་མཚན་ཉིད་ཀྱིས་མ་ཡིན་དགག་ལ་མ་ཁྱབ་པའི་ཕྱིར། གཉིས་པ་རང་ལུགས་ནི། སེལ་བ་དང་དགག་པ་དོན་གཅིག་ལ། དེ་ལ་མ་ཡིན་དགག་དང༌། མེད་དགག་གཉིས་སམ། སེལ་བའི་སྒྲུབ་པ་དང༌། དགག་པ་གཉིས་སོ། །གཉིས་པོའི་མཚན་ཉིད་ནི། དགག་པ་གང་ཞིག དགག་བྱ་བཀག་ཤུལ་དུ་སྒྲུབ་པ་སྤོང་བ་དང་མི་སྤོང་བའི་སྒོ་ནས་གཉིས་སོ། །གཞུང་ལུགས་གཞན་དུ། དགག་པར་འཇོག་པ་ལ། རང་མིང་གི་དགག་བྱ་ཚིག་ཟིན་ལ་བཅད་པ་དང༌། རང་མིང་ལ་དགག་ཚིག་འབྱར་བ་དགོས་པར་བཤད་ཀྱང༌། སྡེ་བདུན་མཛད་པའི་གཞུང་ལུགས་སུ། ཤེས་བྱ་གཞལ་བྱ་ལ་སོགས་པའི་ལྡོག་པ་གཞན་སེལ་གི་ཆོས་དགག་ཚིག་མི་འབྱར་བ་རྣམས་ཀྱང༌། སྤྱིར་དགག་པ་དང་བྱེ་བྲག་མ་ཡིན་དགག་ཏུ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེས་ན་ཤེས་བྱ་ལ་སོགས་ཚིག །ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་གསུངས་པ་ལྟར་རོ། །འོ་ན་གཞུང་འདིའི་འགྲེལ་པར་མ་ཡིན་པར་དགག་པ་རྣམས་དགག་སྒྲུབ་གཉིས་ཚོགས་སུ་བཤད་པ་དེའི་དོན། དགག་སྒྲུབ་གཉིས་ཀྱི་གཞི་མཐུན་དུ་ཁས་ལེན་པའམ། རེ་རེ་བར་ཁས་ལེན་པ་གང་ཡིན། གཉིས་པ་ལྟར་ན། དགག་པའམ་སྒྲུབ་པ་གོ་ཆོད་པོ་གང་དུ་འདོད། དང་པོ་ལྟར་ན། དགག་སྒྲུབ་གཉིས་ཀྱི་ཟླས་ཕྱེ་བའི་སྒྲུབ་པར་འདོད་པ་དང་འགལ། གཉིས་པ་ལྟར་ན། འགྲེལ་པ་འདིར་རྣམ་ངེས་ཀྱི་ལུང་དྲངས་ནས། དེ་དགག་པ་གོ་ཆོད་པོར་བཤད་པ་དང་འགལ། ཞེ་ན། སྤྱིར་མ་ཡིན་དགག་གིས་དགག་པའི་གོ་ཆོད་པ་ནི་གཞུང་ལུགས་རྒྱ་མཚོ་ལྟ་བུ་གཞན་དང་གཞན་དག་ཏུ་མ་ཟད། སྡེ་བདུན་གྱི་སྐབས་འདིར་ཡང་ཡིན་ཏེ། མ་ཡིན་པར་དགག་པ་ལ་གཞན་སེལ་གྱིས་ཁྱབ། གཞན་སེལ་ལ་དགག་པས་ཁྱབ་པའི་ཕྱིར་ཏེ། དེ་ལ་བློས་རྣམ་བཅད་དུ་རྟོགས་བྱས་ཁྱབ་པའི་ཕྱིར། མ་ཡིན་པར་དགག་པ་རྣམས་དགག་སྒྲུབ་གཉིས་ཚོགས་པའང་ཡིན་ཏེ། སྤྱིར་དགག་པ་དང༌། བྱེ་བྲག་ཏུ་སེལ་བའི་སྒྲུབ་པར་འདོད་པའི་ཕྱིར། འོ་ན་འདི་ལ་སེལ་བའི་དགག་པར་འཇོག་པའི་ཆ་མེད་དམ། ཞེ་ན། སྨྲ་བ་པོའི་བརྗོད་འདོད་ཀྱི་བསམ་པ་གཙོ་ཆེ་བ་ཡིན་ཏེ། དཔེར་ན། རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་གཉིས་པོ་དེ། དུ་བ་བཀག་ཙམ་དང༌། ཤ་པ་བཀག་ཙམ་བསྒྲུབ་བྱའི་ཆོས་སུ་བྱས་པའི་ཚེ་དགག་པའི་གཏན་ཚིགས་ཁོ་ན་དང༌། དུ་མེད་དང་ཤ་པ་མེད་ཀྱི་ཐ་སྙད་བསྒྲུབ་བྱ་བྱས་པ་དེའི་ཚེ་བསྒྲུབ་པའི་གཏན་ཚིགས་སུ་བཞག་པ་བཞིན་ནོ། །དེ་སྐད་དུ་ཡང༌། འདིས་ནི་དངོས་ལའང་དངོས་པོའི་ཆ། །ཁས་བླངས་མེད་ཅན་དགག་པ་ཉིད། །ཅེས་དང༌། དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ། ཞེས་དང༌། དེའི་རང་འགྲེལ་དུ། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས། ཞེས་གསུངས་སོ། །མ་ཡིན་པར་དགག་པ་རྣམས་དགག་བྱ་བཀག་པའི་ཆ་དེ་དགག་པ་གོ་ཆོད་པོ་དང༌། བསྒྲུབ་བྱ་སྒྲུབ་པའི་ཆ་དེ་སྒྲུབ་པ་གོ་ཆོད་པར་འཆད་པ་དེ་ལྟ་མོད་ཀྱི། དགག་སྒྲུབ་ཀྱི་གཞི་མཐུན་དང༌། དགག་རྟགས་ཡང་དག་དང༌། སྒྲུབ་རྟགས་ཡང་དག་གི་གཞི་མཐུན་པ་ནི་ཁས་ལེན་པ་མ་ཡིན་ཏེ། ཚིག་ཟིན་ལ་མེད་དགག་བྱུང་ཡང༌། ཞེ་འདོད་ལ་མ་ཡིན་དགག་ཁོ་ན་སྒྲུབ་པ། རང་བཞིན་མ་དམིགས་པའི་གཏན་ཚིགས་ལྟ་བུ་སྒྲུབ་རྟགས་སུ་འཆད་དགོས་པ་དང༌། ཚིག་ཟིན་ལ་མ་ཡིན་དགག་བྱུང་ཡང༌། ཞེ་འདོད་ལ་མེད་དགག་ཁོ་ན་བསྒྲུབ་བྱར་བྱེད་དགོས་པ། དཔེར་ན། སྐྱེ་བ་སྔ་ཕྱི་མེད་པ་སྒྲུབ་འདོད་ནས། ངག་ཏུ་ལུས་སེམས་རྫས་གཅིག་པ་བསྒྲུབ་བྱར་བྱས་པ་དེའི་ཚེ་དགག་པའི་གཏན་ཚིགས་སུ་འདོད་དགོས་པའི་ཕྱིར་རོ། །གཉིས་པ་དེས་དོན་རྟོགས་པའི་ཚུལ་ལ། དགག གཞག སྤང་གསུམ་ལས། དང་པོ་ནི། བོད་ཁ་ཅིག དངོས་རྟོགས་དང༌། ཤུགས་རྟོགས་ཀྱི་སྒོ་ནས་ཀྱང་བསྒྲུབ་བྱ་སྒྲུབ་པ་དག་ནི་དགག་བྱ་འགོག་ཅེས་ཟེར་བ་འདི་ལ། མཚན་ཉིད་དང༌། དེས་དགག་སྒྲུབ་བྱེད་པའི་ཚུལ་དཔེར་བརྗོད་པ་གཉིས་ལས། དང་པོ་ནི། དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་ནི། དངོས་རྟོགས་ཀྱི་མཚན་ཉིད་དང༌། དོན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་ནི། ཤུགས་རྟོགས་ཀྱི་མཚན་ཉིད་དོ། །གཉིས་པ་ནི། རྗེས་དཔག་ལ་དཔེར་བརྗོད་ན། ལ་མེ་ལྡན་དུ་དངོས་སུ་གཞལ་བ་ན། རང་ཉིད་མེ་འཇལ་དུ་ཤུགས་ལ་རྟོགས་པ་དང༌། རྟག་པ་བྱས་སྟོང་དུ་དངོས་སུ་རྟོགས་པ་ན། བྱས་པ་ལ་མི་རྟག་པས་ཁྱབ་པ་ཤུགས་ལ་རྟོགས་པ་ལྟ་བུའམ། །མངོན་སུམ་ལ་དཔེར་བརྗོད་ན། རང་རིག་གིས་བློ་དེ་འཛིན་དུ་དངོས་སུ་གྲུབ་པ་ན། ཡུལ་དེར་སྣང་ཤུགས་ལ་རྟོགས་པ་དང༌། གཞན་རིག་གིས་ཡུལ་དེར་སྣང་དངོས་སུ་གྲུབ་པས། བློ་དེ་འཇལ་དུ་ཤུགས་ལ་གྲུབ་པ་ལྟ་བུའོ། །ཞེས་ཟེར། དེ་འགོག་པ་ལ་གསུམ་སྟེ། རྗེས་དཔག་ཤུགས་རྟོགས་སུ་ཐལ་བ། ཤུགས་རྟོགས་རྗེས་དཔག་ཏུ་ཐལ་བ། ཚད་མ་གསུམ་པ་སྲིད་པར་ཐལ་བའོ། །དང་པོ་ནི། དངོས་རྟོགས་སུ་འདོད་པའི་རྗེས་དཔག་ཐམས་ཅད་ཀྱང་ཤུགས་རྟོགས་སུ་ཐལ། དོན་གཞན་སྤྱི་མཚན་གྱི་རྣམ་པ་སྣང་བའི་སྒོ་ནས་རང་མཚན་ལ་སྒྲོ་འདོགས་གཅོད་པའི་ཕྱིར། གཉིས་པ་ནི། རྗེས་དཔག་གིས་ཤུགས་རྟོགས་སུ་ཁས་བླངས་པ་དེ་དག་ཆོས་ཅན། རྗེས་དཔག་ཏུ་ཐལ། རྟེན་ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས། ལ་མེ་ལྡན་དུ་གཞལ་བའི་སྟོབས་ཀྱིས་རང་ཉིད་མེ་འཇལ་དུ་རྟོགས་པ་ཡིན་གྱི། རྟགས་དེ་ལ་མ་བརྟེན་པར་རྟོགས་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། མིན་ན་ཞེས་པ་དེ་ལ་རྟགས་མ་ངེས་ན་རྗེས་དཔག་གིས་ཤུགས་རྟོགས་སུ་འདོད་པ་དེ་ཆོས་ཅན། ཚད་མ་གསུམ་པར་འགྱུར་ཏེ། ཚད་མར་ནི་ཁས་བླངས། མངོན་སུམ་ནི་མིན། རྟགས་ལ་མ་བརྟེན་པས་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། གཞན་ཡང་བོད་སྔ་མས། ཤུགས་རྟོགས་ཀྱི་ཚད་མ་ཕུང་པོ་གསུམ་པ་ཁས་བླངས་པའི་ཚུལ་འདི་ལྟར་ཡང་ཡོད་དེ། དོན་སྣང་གི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ། ཕྱི་རོལ་གྱི་དོན་ལ་མངོན་སུམ་གྱི་ཚད་མ་ནི་ཡིན་ཏེ། དེ་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པའི་ཕྱིར། མངོན་སུམ་ནི་མ་ཡིན་ཏེ། དེའི་ཕྱི་རོལ་གྱི་དོན་རང་མཚན་གྱི་རྣམ་པ་དངོས་སུ་མི་སྣང་བའི་ཕྱིར། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་དང༌། སྒྲ་མི་རྟག་པ་རང་མཚན་ལའང་དེ་བཞིན་དུ་སྦྱར་ནས་ཁས་ལེན་ནོ། །འོ་ན་རང་རིག་དེ་དག་ཆོས་ཅན། དོན་དེ་དང་དེ་ལ་ཚད་མ་ཕུང་པོ་གསུམ་པར་ཐལ། ཚད་མ་གང་ཞིག མངོན་སུམ་ཀྱང་མ་ཡིན། རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། གལ་ཏེ། སྤྱིར་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་གྱི། ཆོས་གཅིག་ལ་ཚད་མར་སོང་བ་ལ་དེར་མ་ངེས་ཏེ། དཔེར་ན། བུམ་པས་དག་པའི་ས་ཕྱོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་བུམ་པ་ཚད་མས་མ་དམིགས་པ་རྟོགས་པ་བཞིན་ནོ། །ཞེ་ན། དེས་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བཤད་པ་ཡིན་གྱི། དེས་དེ་རྟོགས་པའི་བཤད་པ་གཞུང་འགྲེལ་ན་མེད་དོ། །གཉིས་པ་རང་ལུགས་ལ། སྒྲུབ་པ་རྟོགས་པའི་ཚུལ་དང༌། དགག་པ་རྟོགས་པའི་ཚུལ་ལོ། །དང་པོ་ལ། རྟོགས་བྱ་སྒྲུབ་པའི་དབྱེ་བ་ནི། སེལ་བའི་སྒྲུབ་པ་ལ་བཞིར་འབྱེད་དེ། སེལ་ངོར་དོན་དང་ཤེས་པ་ཡིན་པ་དང༌། ཡོད་པའི་དབྱེ་བས་གཉིས་གཉིས་སུ་ཕྱེ་བའི་ཕྱིར། དེ་གང་གིས་རྟོགས་པ་ནི། སྒྲུབ་པ་དེ་ཡང་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དང༌། སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གི་ཚད་མས་འགྲུབ་བོ། །གཉིས་པ་ལ། རྟོགས་བྱ་དགག་པའི་དབྱེ་བ་ནི་བཞིར་ཕྱེ་བ་ཡིན་ཏེ། སྒྲུབ་པ་དེ་ཉིད་ཟློག་པའི་སྒོ་ནས་གཉིས་གཉིས་སུ་ཕྱེ་བས་སོ། །དགག་པ་དེ་ཡང་ཚད་མ་གང་གིས་འགྲུབ་པ་ནི། དགག་བྱ་ཚིག་གིས་ཟིན་པར་བཀག་ནས། ཆོས་གཞན་མི་སྒྲུབ་པའི་དགག་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་གིས་འགྲུབ་བོ། །མདོར་ན་རང་ངེས་དང་གཞན་ངེས་ཀྱི་ཚད་མ་འཆད་པའི་སྐབས་འདིར། དངོས་ཤུགས་ལ་དགག་སྒྲུབ་བྱེད་ཚུལ་འཆད་པའི་རྒྱུ་མཚན་ནི། བོད་སྔ་མའི་བསྡུས་པ་འཆད་པ་དག་གི་ལུགས་ལ། སྐབས་དེར་འབྲེལ་ཆགས་པའི་རྒྱུ་མཚན་གྱིས་དེ་དང་བསྟུན་པའོ། །དེའི་ཤེས་བྱེད་ཀྱང༌། ཚད་མ་རང་ངེས་གཞན་ངེས་ཀྱི་གོ་བ། ཚད་མ་དེས་རང་གི་ཡུལ་བདེན་པར་དངོས་སུ་རྟོགས་པ་ན། རང་ཉིད་ཡུལ་དེ་ལ་མི་སླུ་བར་ངེས་པ་ནི་རང་ངེས་ཀྱི་དོན་དང༌། རང་གི་ཡུལ་བདེན་པར་ཚད་མ་གཞན་གྱིས་ངེས་པའི་སྟོབས་ཀྱིས། ཤུགས་ལ་རང་ཉིད་མི་སླུ་བར་ཡང་ཚད་མ་གཞན་དེས་ངེས་དགོས་པ་ནི་གཞན་ངེས་ཀྱི་དོན་ནོ། །ཞེས་ཕྱྭ་བསྡུས་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་འཆད་པ་ཡིན་ནོ། །གསུམ་པ་ནི། འོ་ན་སློབ་དཔོན་གྱི་གཞུང་གི་ཆ་ཤས་འགར། ཤུགས་ལ་རྟོགས་པ་དང༌། དོན་གྱིས་གོ་བ། ཞེས་གསུངས་པ་དང་འགལ་ལོ། །ཞེ་ན། མི་འགལ་ཏེ། སློབ་དཔོན་གྱིས་ཤུགས་ལ་རྟོགས་ཞེས་གསུངས་པ་ཡང༌། མངོན་སུམ་གྱི་བྱེད་པའམ། ཚུལ་གསུམ་གོམས་པ་ལས་གློ་བུར་བའི་རྗེས་དཔག་སྐྱེས་པ་ལ་དགོངས་པའི་ཕྱིར། དེ་ལས་གཞན་དུ། དོན་འགའ་ཞིག་ལ་མངོན་སུམ་གྱི་ཚད་མ་ཡིན་ལ། མངོན་སུམ་མ་ཡིན་པ་ཁས་ལེན་པ་དེ་དག་ནི། རྣམ་པར་ངེས་པ་ལས། རང་གིས་གྲུབ་པ་མ་ཡིན་པ་ཐམས་ཅད་ནི་བདག་ཉིད་དང་འབྲེལ་བའི་སྒྲུབ་པར་བྱེད་པ་མི་འཁྲུལ་བ་གཞན་ལ་ལྟོས་པའི་ཕྱིར་མངོན་སུམ་མ་ཡིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །དེ་དག་ལ་འདི་སྐད་ཅེས། གཞལ་བྱ་བཅད་དང་འཇུག་ཡུལ་ལ། །མི་སླུའི་ཚོགས་དོན་ཚད་མ་ཡི། །མཚན་ཉིད་ཡིན་ཞེས་ཆོས་མཆོག་དང༌། །རིགས་པའི་གཏེར་དུ་གསལ་བར་གསུངས། །བདེན་པའི་དོན་རྟོགས་མི་སླུ་བའི། །དོན་དང་དེ་དོན་འཇུག་ཡུལ་ལ། །སྒྲོ་འདོགས་བཅད་པ་ཡིན་ནོ་ཞེས། །ཕྱྭ་བསྡུས་རྗེས་འབྲང་བཅས་དེ་སྨྲ། །འདི་ལ་གཞན་ངེས་ཚད་མ་ཡི། །རྣམ་པར་གཞག་པ་མི་འབྱུང་ཡང༌། །དོན་སྟོན་མེད་པའི་ཚིག་ཕྲད་ནི། །སྨིག་རྒྱུའི་ཕྲེང་བས་བྱིས་རྣམས་སླུ། །དོན་ལ་བལྟ་བའི་མངོན་སུམ་གྱིས། །འཇུག་ཡུལ་ཕྱི་རོལ་དོན་རྟོགས་པ། །བྱེ་བྲག་སྨྲ་བའི་ལུགས་ཡིན་གྱི། །མདོ་སྡེ་སྨྲ་བའི་གཞུང་ན་མེད། །ཤུགས་རྟོགས་ཚད་མ་མངོན་སུམ་དང༌། །རྗེས་སུ་དཔག་པ་མ་ཡིན་ཡང༌། །དེ་དེའི་ཚད་མ་ཡིན་ཞེས་པ། །ཚད་མའི་གྲངས་ངེས་གཞུང་གིས་བསལ། །ཚད་མ་རིགས་པའི་གཏེར་ལས་མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་སྟེ་བརྒྱད་པ་རྣམ་པར་བཤད་པའོ།།  །།གཉིས་པ་མཚན་གཞི་སོ་སོའི་དོན་ལ་གཉིས་ཏེ། མངོན་སུམ་བཤད་པ་དང༌། རྗེས་དཔག་བཤད་པའོ། །དང་པོ་ལ་གསུམ་སྟེ། མངོན་སུམ་ཡང་དག ཟློག་ཕྱོགས་མངོན་སུམ་ལྟར་སྣང༌། ཚད་མ་དང་འབྲས་བུ་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚན་གཞིའི་དབྱེ་བ། སོ་སོའི་དོན་ནོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། བོད་སྔ་མ་རྣམས། མངོན་སུམ་དང་དེའི་ཚད་མ་སོ་སོར་ཕྱེ་ནས། རྟོག་པ་དང་བྲལ་ཞིང༌། མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དང༌། མྱོང་བས་སྒྲོ་འདོགས་གཅོད་པ་མངོན་སུམ་ཚད་མའི་མཚན་ཉིད་དོ། །ཞེས་ཟེར་བ་འཁྲུལ་ཏེ། གཉིས་པ་སོ་སོར་དབྱེ་བ་གཞུང་ལས་མ་བཤད་ཅིང༌། སྒྲོ་འདོགས་གཅོད་པ་མངོན་སུམ་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། མངོན་སུམ་དང་དེའི་ཚད་མ་གཉིས་ཀའི་མཚན་ཉིད་ནི། རྟོག་པ་དང་བྲལ་ཞིང༌། མ་འཁྲུལ་བའི་རིག་པའོ། །འོ་ན། སྔོན་པོ་འཛིན་པའི་མངོན་སུམ་དེ། སྔོན་པོའི་རྡུལ་ཕྲ་རབ་རང་མཚན་པ་ལ་མ་འཁྲུལ་བའི་རིག་པ་ཡིན་ནམ་མིན། མིན་ན་དེ་དེ་ལ་རྟོག་མེད་ཀྱི་ཚད་མ་མ་ཡིན་པར་འགྱུར་ལ། འདོད་ན་དེ་དེའི་འཇུག་ཡུལ་དུ་ཁས་བླངས་པ་དང་འགལ། ཡིན་ན་དེ་ལ་མངོན་སུམ་དུ་འགྱུར་ལ། དེ་ཡང་འདོད་ན། ཁ་དོག་འཛིན་པ་རེག་བྱ་ལ་མངོན་སུམ་དུ་ཐལ་བ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། དེ་དེ་ལ་མངོན་སུམ་ཡིན་ཀྱང༌། དེས་དེ་རྟོགས་པར་མི་འདོད་པའི་ཕྱིར། དེ་ལས་གཞན་དུ་ན། དོན་ལ་མ་ཡིན་ཞིང༌། རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ཁ་དོག་དམར་འབར་བ་མཐོང་བའི་མིག་ཤེས་མངོན་སུམ་དེ། མེ་རང་མཚན་ལ་མངོན་སུམ་ཡིན་ནམ་མིན། ཡིན་ན་ཁ་དོག་འཛིན་པ་རེག་བྱ་ལ་མངོན་སུམ་ཡིན་པར་འགྱུར་ལ། མིན་ན་དེ་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་འགྱུར་ཏེ། དེ་ལ་མངོན་སུམ་མ་ཡིན་པའི་ཕྱིར་དང༌། སྤྱིར་ཡང་དོན་དེ་ལ་ཚད་མ་ཡིན་ན་དེ་ལ་མངོན་རྗེས་གང་རུང་ཡིན་དགོས་པའི་ཕྱིར། དོན་འདི་ལ། རིགས་པའི་གཏེར་གྱི་རྗེས་སུ་འཇུག་པ་དག་ལ། ཆོས་དེ་ལ་མངོན་སུམ་ཡིན་ན། ཆོས་དེ་མཐོང་བ་དང་རྟོགས་པས་ཁྱབ་བོ་སྙམ་དུ་སེམས་པ་དེ་དག་ནི། གཏིང་ནས་འཁྲུལ་བ་ཡིན་པར་སྣང་སྟེ། བོད་སྔ་མས་མི་སླུ་བའི་དོན་རྟོགས་པ་ལ་ངོས་བཟུང་ནས། བདེན་པའི་དོན་རྟོགས་ཚད་མའི་མཚན་ཉིད་དུ་འདོད་པ་དག་གི་ལུགས་དེ་འདྲེས་པས། རང་ལུགས་དཔྱིས་མ་ཕྱིན་པར་སྨྲས་པའི་ཕྱིར་རོ། །བྲལ་བྱ་རྟོག་པ་དེ་གང་ཡིན། དེ་དང་བྲལ་བའི་དོན་ཅི་ཞེ་ན། རྟོག་པའི་མཚན་ཉིད་ནི། སྒྲ་དོན་འདྲེར་རུང་དུ་འཛིན་པའི་རིག་པ་ཡིན་ལ། དེ་དང་བྲལ་བའི་དོན་ནི་མཚན་ཉིད་དེ་མ་ཞུགས་པའོ། །མ་འཁྲུལ་བའི་དོན་ནི། མདོ་སྡེ་པ་ལྟར་ན། རྟོག་པ་མེད་པའི་ཤེས་པ་གཞིར་བྱས་པ་ལ། འཁྲུལ་བའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་བར་མ་སྐྱེད་པ་ལ་བྱ་ལ། རྣལ་འབྱོར་སྤྱོད་པ་པ་ལྟར་ན། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱིས་འཁྲུལ་པར་མ་སྐྱེད་པའོ། །འདིར་གཞན་དག བག་ཆགས་བརྟེན་བྱུང་གི་རིག་པ་ཡིན་པ་དེ་མ་འཁྲུལ་བའི་དོན་དུ་རྣལ་འབྱོར་སྤྱོད་པ་པས་འདོད་དོ། །ཞེས་ཟེར་བ་ནི་འཐད་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་རྟོག་པ་ཐམས་ཅད་མ་འཁྲུལ་བར་ཐལ་བ་དང༌། ཕྱི་རོལ་དོན་དུ་སྣང་བའི་རྟོག་མེད་ཀྱི་ཤེས་པ་ལྷན་སྐྱེས་མཐའ་དག་ཀྱང་མ་འཁྲུལ་བར་ཐལ་བའི་ཕྱིར་རོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ་གཉིས་ལས། མདོར་བསྟན་པ་ནི། མ་འཁྲུལ་བའི་རིག་པ་དེ། དབང་པོའི་མངོན་སུམ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིའོ། །གཉིས་པ་རྒྱས་བཤད་ལ། དངོས་དང༌། དམིགས་བསལ་ལོ། །དང་པོ་ནི། མངོན་སུམ་ལ་ཡུལ་གྱི་སྒོ་ནས་དབྱེ་ན། ཡུལ་གཞན་འཛིན་པ་དང༌། རང་རིག་པ་གཉིས། རྣལ་འབྱོར་མངོན་སུམ་ནི། སོ་སོར་རང་རིག་པ་ཡིན་པའི་ཕྱིར་དང༌། འཛིན་རྣམ་ཡིན་པའི་ཕྱིར་རང་རིག་ཏུ་འདུས་སོ། །རྟེན་གྱི་སྒོ་ནས་དབྱེ་ན། དབང་པོ་ལ་བརྟེན་པ་དང༌། གཞན་དབང་ལ་བརྟེན་པ་དང༌། ཏིང་ངེ་འཛིན་ལ་བརྟེན་པའོ། །འདིར་རྟེན་ནི་བདག་རྐྱེན་ལ་འཆད་པའི་ངེས་པ་མེད་དེ། སྡེ་བདུན་དུ། རང་རིག་མངོན་སུམ་ལ་བདག་རྐྱེན་མ་བཤད་པའི་ཕྱིར། དེས་ན། གཉིས་མེད་ཀྱི་ཤེས་པ་འགའ་ཞིག་གཉིས་སྣང་གི་ཤེས་པ་དང༌། ཏིང་ངེ་འཛིན་ལ་བརྟེན་པའི་དོན་ཏོ། །གང་ཟག་གི་སྒོ་ནས་དབྱེ་ན། སོ་སོ་སྐྱེ་བོའི་དང༌། འཕགས་པའི་མངོན་སུམ་མོ། །གཉིས་པ་ནི། མངོན་སུམ་གྱི་དབྱེ་བ་ལ་བཞི་པོ་ཁོ་ནར་གྲངས་ངེས་པ་དེ་མདོ་སྡེ་པའི་ལུགས་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བས་རང་རིག་མངོན་སུམ་ཁས་མི་ལེན་པས། དེའི་དབྱེ་བ་གསུམ་ཁོ་ན་དང༌། རྣམ་རིག་པས་ཕྱི་རོལ་གྱི་དོན་འཛིན་པའི་མངོན་སུམ་གཉིས་ཁས་མི་ལེན་པས། དེའི་དབྱེ་བ་གཉིས་ལས་མི་འདོད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བས་འཛིན་རྣམ་མི་འདོད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་བདག་ཉིད་ཀྱི་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་སོ། །དེ་ལྟ་ན་ཡང༌། ཤེས་པ་རང་ཉིད་རང་གི་རིག་བྱར་མི་འདོད་པ་དང༌། དོན་སྣང་གི་ཤེས་པའི་དངོས་ཀྱི་རིག་བྱ་དོན་གྱི་རྣམ་པར་མི་འདོད་པ་ལ་དགོངས་པ་ཡིན་ཏེ། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པས་རང་རིག་པར་ཡང་འགྲུབ་བོ། །ཞེས་པའི་སྐབས་ལས་རྟོགས་པའི་ཕྱིར་དང༌། མཛོད་དུ། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཞེས་པ་རྩ་འགྲེལ་ལས་དོན་དེ་གསལ་བའི་ཕྱིར། འདིར་གཞན་སེམས་ཤེས་པའི་མངོན་ཤེས་ནི། དངོས་ཀྱི་རིག་བྱ་རང་གི་སེམས་ཀྱི་སྣང་བ་ཉིད་ཡིན་པར། རྒྱུད་གཞན་གྲུབ་པ་ལས་གསུངས་པས། དེ་ལ་རང་རིག་ལས་མ་འདས་ཀྱང༌། གང་ལ་ཚད་མར་སོང་བའི་འཇུག་ཡུལ་གྱི་གཙོ་བོ་ནི་གཞན་གྱི་སེམས་ཉིད་དུ་ངེས་པར་འཆད་དགོས་པའི་ཕྱིར། སོ་སོ་སྐྱེ་བོའི་རྒྱུད་ཀྱི་དེ་འདྲ་དེ་མངོན་སུམ་བཞི་པོ་གང་ཡིན་བརྟགས་ན། སླར་ཡང་དཀའ་བའི་གནས་སུ་འགྱུར་རོ། །གསུམ་པ་སོ་སོའི་དོན་ལ་བཞི་ལས། ཐོག་མར་དབང་པོའི་མངོན་སུམ་ལ་གསུམ་སྟེ། མཚན་ཉིད། དེ་སྒྲུབ་པ། མཚོན་བྱའི་སྒྲ་དོན་ནོ། །དང་པོ་ནི། བོད་སྔ་མ་རྣམས། དབང་པོའི་མངོན་སུམ་དང༌། དེའི་མཚན་ཉིད་སོ་སོར་ཕྱེ་ནས་འཇོག་པ་ནི་འཁྲུལ་ཏེ། གཉིས་སུ་དབྱེ་བ་མ་བཤད་ཅིང༌། མཚན་ཉིད་དེ་མཚན་གཞི་ལ་མི་སྲིད་པའི་ཕྱིར་རོ། །དེས་ན། དབང་པོའི་ཤེས་པ་གང་ཞིག རྟོག་བྲལ་མ་འཁྲུལ་བའོ། །གཉིས་པ་ལ་གསུམ་ལས། དང་པོ་དབང་པོ་ལས་སྐྱེས་པར་སྒྲུབ་པ་ལ། དབང་པོ་ངོས་བཟུང་བ་ནི། མདོ་སྡེ་པ་ལྟར་ན། རང་འབྲས་དབང་ཤེས་ཀྱི་རྟེན་དུ་གྱུར་པའི་གཟུགས་དྭངས་པ་ཞིག་ཡིན་ལ། རྣལ་འབྱོར་སྤྱོད་པ་པ་ལྟར་ན། ཀུན་གཞིའི་སྟེང་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རང་རང་གི་ཡུལ་འཛིན་ནུས་སུ་སྐྱེད་པའི་ས་བོན་ཏེ། ཇི་སྐད་དུ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་གསུངས་པས་སོ། །དེ་དེ་ལས་སྐྱེས་པར་ནི། དེས་དེ་ལ་ཕན་བཏགས་སྟོབས་ཀྱིས་རྗེས་སུ་འགྲོ་ལྡོག་མ་འཁྲུལ་བར་ངེས་པས་འགྲུབ་བོ། །གཉིས་པ་རྟོག་བྲལ་དང་མ་འཁྲུལ་བར་སྒྲུབ་པ་ནི། རང་ཡུལ་གསལ་བར་སྣང་བས་དབང་པོའི་ཤེས་པ་རྟོག་མེད་དུ་འགྲུབ་ཅིང༌། དོན་རང་མཚན་གནོད་མེད་དུ་འཛིན་པའི་ཕྱིར་འཁྲུལ་པ་མེད་པར་གྲུབ་བོ། །གསུམ་པ་སྒྲ་དོན་ནི། རྐྱེན་གསུམ་ཀ་ལས་སྐྱེས་པར་འདྲ་ཡང༌། དབང་པོ་ལྔ་པོ་དེ་རང་རང་གི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ན། དབང་ཤེས་སུ་མིང་བཏགས་པ་ཡིན་ཏེ། རྔའི་སྒྲ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ཡིད་ཀྱི་མངོན་སུམ་བཤད་པ་ལ་གསུམ་སྟེ། ངོ་བོ་ངོས་བཟུང༌། རང་བཞིན་གཏན་ལ་དབབ་པ། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། ཐོག་མར་མཚན་ཉིད་ནི། ཡིད་ཀྱི་དབང་པོ་དེ་ལ་བརྟེན་ནས་མ་འཁྲུལ་བའི་ཤེས་པ་ནི། ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་ཡིན་ནོ། །མཚན་གཞི་ངོས་བཟུང་བ་ནི། དམིགས་རྐྱེན་གྱི་ཁྱད་པར་དབང་ཤེས་ཀྱི་ཡུལ་གྱི་དེ་མ་ཐག་པ་ལས་སྐྱེས་ཤིང༌། དེ་ཉིད་འཛིན་པ་དང༌། དེ་མ་ཐག་རྐྱེན་གྱི་ཁྱད་པར། དབང་ཤེས་ཀྱི་དེ་མ་ཐག་པ་ལས་སྐྱེས་པ་ནི་ཡིད་ཀྱི་མངོན་སུམ་མོ། །སྐབས་འདིའི་གཞུང་རྐང་པ་བཞི་པོ་གོང་འོག་སྣོལ་དགོས་པ་ནི་འགྲེལ་པ་ན་གསལ་ལ། དེའི་ཚེ་ན། ཡིད་ལ་བརྟེན་ན་མ་འཁྲུལ་བའི། །ཞེས་སྦྱར་ན་ལེགས་སོ། །གཉིས་པ་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། སྐྱེ་བའི་ཚུལ། ཚད་མར་འགྱུར་བའི་འཐད་པ། སྐྱེ་བའི་གནས་སྐབས་དཔྱད་པའོ། །དང་པོ་ནི། གལ་ཏེ་དབང་པོའི་མངོན་སུམ་ལྔ་འགགས་པའི་རྗེས་སུ། ཡིད་ཀྱི་མངོན་སུམ་གཅིག་ཁོ་ན་སྐྱེའམ། ལྔ་སྐྱེ། གཉིས་པ་ལྟར་ན། གང་ཟག་དེ་རྒྱུད་དུ་མར་འགྱུར་རོ། །ཞེ་ན། གང་ཟག་གཅིག་གི་རྒྱུད་ལ་ཡིད་ཀྱི་མངོན་སུམ་དུ་མ་ཅིག་ཆར་དུ་སྐྱེ་ཡང༌། རྒྱུད་དུ་མར་མི་འགྱུར་ཏེ། ནང་བལྟ་རང་རིག་གཅིག་གིས་བསྡུས་པའི་ཕྱིར། དཔེར་ན། དབང་ཤེས་ལྔ་ཅིག་ཆར་དུ་སྐྱེས་ཀྱང༌། དེར་མི་འགྱུར་བ་བཞིན་ནོ། །འདིར་རང་རིག་ཏུ་མཚུངས་པའི་ཕྱིར་ཞེས་འགོད་པ་མ་ཡིན་ཏེ། ཁྱབ་པ་འཁྲུལ་བའི་ཕྱིར། དེས་ན། རྒྱུད་ཅེས་བྱ་བ་ནི། གང་ཟག་སོ་སོའི་རང་བཞིན་དུ་གནས་པའི་རིགས་སམ། སངས་རྒྱས་ཀྱི་སྙིང་པོའི་མིང་ཅན་རིག་ཅིང་གསལ་ཙམ་དེ་ཡིན་ལ། གང་ཟག་རེ་རེ་ལ་ཤེས་པ་ཇི་སྙེད་སྐྱེས་པ་ཐམས་ཅད། རང་རང་གི་རྒྱུད་དེ་དང་དེར་བསྡུས་པ་ཞེས་བྱ་བའི་དོན་ནོ། །གཉིས་པ་ནི། ཡིད་ཀྱི་མངོན་སུམ་དེ་ཆོས་ཅན། ཚད་མ་ཡིན་ཏེ། རྟོག་པ་དང་བྲལ་ཞིང༌། འཁྲུལ་པ་མེད་པའི་རིག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། འཇུག་ཡུལ་ངེས་མི་ནུས་ཏེ། རྒྱུན་མེད་པའི་ཕྱིར། འོ་ན། དབང་ཤེས་ལ་རྒྱུན་ཡོད་ལ། ཡིད་མངོན་ལ་རྒྱུན་མེད་པའི་ཁྱད་པར་ཅི་ཞེ་ན། དེའི་ཁྱད་པར་དབྱེ་ནུས་པ་ཡིན་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་སྔ་མ་ལས་ཕྱི་མ་སྐྱེ་སྲིད་པ་དེས་ན། དབང་ཤེས་རྒྱུན་དང་བཅས་པ་ཡིན་ལ། ཡིད་དབང་སྔ་མ་ལས་ནི་ཡིད་དབང་ཕྱི་མ་སྐྱེ་སྲིད་པ་མིན་པ་དེའི་ཕྱིར་ན། བདག་འབྲས་ཡིད་མངོན་དེ་ལ་རྒྱུན་མེད་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང༌། སྤྱིར་ཡིད་མངོན་དང་དུས་མཉམ་པའི་ཡིད་དབང་སྲིད་པ་མ་ཡིན་ཏེ། དེ་ཡིན་ན་ད་ལྟར་བ་ཡིན་པས་ཁྱབ། ཡིད་དབང་ཡིན་ན་འདས་པས་ཁྱབ་པའི་ཕྱིར། དེ་ཡང་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་ཤེས་དེས། རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་དེ་ལ་རྐྱེན་གྱི་བྱ་བ་ནི་རང་དུས་དེ་ཉིད་དུ་བྱས་པ་ཡིན་ཏེ། དུས་དེར་དེ་ཡུལ་འཛིན་ནུས་སུ་སྐྱེད་པའི་བྱ་བ་བྱས་པའི་ཕྱིར། དེར་ཡིད་ཀྱི་དབང་པོའི་ཐ་སྙད་ནི་མ་ཐོགས་ཏེ། ད་ལྟར་བ་ཡིན་པའི་ཕྱིར། དེ་དེ་མ་ཐག་འབྲས་དེ་སྐྱེས་ཟིན་པའི་ཚེ་ན། དེ་ལ་ཡིད་དབང་གི་ཐ་སྙད་འདོགས་པ་ཡིན་ཏེ། དེའི་ཚེ་དེ་འདྲ་དེ་འདས་མ་ཐག་པའི་དབང་ཤེས་ཡིན་པའི་ཕྱིར། བདག་རྐྱེན་དུ་ཡང་དུས་དེར་འཇོག་པ་ཡིན་ཏེ། དེའི་ཚེ་ན་བདག་རྐྱེན་གྱི་བྱ་བ་བྱས་པའི་ཕྱིར། དཔེར་ན། བུད་མེད་གཅིག་གིས་བུ་སྐྱེད་པའི་བྱ་བ་སྔོན་ནས་བྱས་ཀྱང༌། ཇི་སྲིད་བུ་སྐྱེས་མ་ཟིན་པ་དེ་སྲིད་དུ་མར་མི་འཇོག་པ་བཞིན་ནོ། །མིག་དབང་སོགས་ཀྱི་འཇོག་ཚུལ་དང་མི་མཚུངས་ཏེ། དེར་ནི་བདག་རྐྱེན་དང་དེ་མ་ཐག་རྐྱེན་རྫས་ཀྱི་སྒོ་ནས་སོ་སོར་གཞག་རྒྱུ་ཡོད་ལ། འདིར་ནི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་ཤེས་གཅིག་ཉིད་དུས་དང་ལྡོག་པའི་སྒོ་ནས་བདག་རྐྱེན་དང་ཡིད་དབང་དུ་འཇོག་པའི་ཕྱིར། དུས་དེར་ཡིད་དབང་ཡིན་མོད། བདག་པོའི་རྐྱེན་མ་ཡིན་ཏེ། དུས་དེར་དེ་སྐྱེད་བྱེད་མ་ཡིན་པས་རྒྱུའི་དོན་མ་ཚང་བའི་ཕྱིར། ཞེ་ན། རིགས་པའི་གཞུང་ཁོ་ན་དབང་བཙན་པར་བྱས་ན་བདེན་མོད་ཀྱང༌། ཡིད་དབང་གི་ཤེས་བྱེད་ཀྱི་ལུང་ནི་ཆོས་མངོན་པ་ཁོ་ན་ལ་རག་ལས་པས། ཇི་སྐད་དུ། ཐ་མའི་རྟེན་འདས། ཞེས་པའི་ལུང་དང༌། བཤད་མ་ཐག་པའི་དཔེ་ལས་དེར་གྲུབ་པ་ཡིན་ནོ། །གསུམ་པ་ནི། འོ་ན་དབང་ཡིད་ཀྱི་མངོན་སུམ་གཉིས་པོ་སྤེལ་མར་སྐྱེ་བ་ཡིན་ནམ། དབང་མངོན་གྱི་རྒྱུན་མཐའ་ཁོ་ནར་ཡིད་མངོན་སྐྱེ་བ་ཡིན་ཞེ་ན། སྤེལ་མར་སྐྱེ་བ་དང་ནི་རྒྱུན་གྱི་མཐར་སྐྱེ་བ་གཉིས་ཀ་ལ་ཡང་གནོད་བྱེད་ཡོད་དེ། སྤེལ་མར་གྲངས་མཉམ་དུ་སྐྱེ་བ་ལ་དབང་ཤེས་ངེས་ལ། ཡིད་ཤེས་མི་ངེས་པ་མི་འཐད་པའི་ཕྱིར་དང༌། རྒྱུ་རྐྱེན་ཁྱད་པར་མེད་པ་ལ་སྔར་མི་སྐྱེ་ལ་ཕྱིས་སྐྱེ་བའི་ཤེས་བྱེད་མེད་པའི་ཕྱིར། རང་ལུགས་ནི། ལུགས་སྔ་མ་གཉིས་མི་འཐད་པ་དེས་ན། དབང་ཡིད་ཀྱི་མངོན་སུམ་གཉིས་པོ་འགྲོས་གསུམ་པར་སྐྱེ་བ་ཡིན་ཏེ། དབང་པོའི་མངོན་སུམ་སྐད་ཅིག་མ་དང་པོའི་དབང་ཤེས་སྐད་ཅིག་མ་གཉིས་པའི་ཉེར་ལེན་གྱི་རྒྱུ་ཡིན་ཞིང༌། ཡིད་ཀྱི་མངོན་སུམ་སྐད་ཅིག་དང་པོའི་དེ་མ་ཐག་རྐྱེན་དུ་འགྱུར་བ་དེས་ནའི་ཕྱིར། གང་ཟག་གཅིག་གི་རྒྱུད་ལ་གཟུང་དོན་གཅིག་འཇལ་བྱེད་དུ་ཤེས་པ་རྫས་གཞན་གཉིས་སྐྱེ་ཡང༌། རྒྱུད་གཞན་དུ་འགྱུར་བ་མེད་དེ། གཉིས་པོ་ནང་ལྟ་རང་རིག་གཅིག་གིས་བསྡུས་པའི་ཕྱིར། འདིར་འགྲེལ་པ་ལས། ཡུལ་གྱི་འགྲོས་དཔྱད་ན་རང་རིག་གི་ཡུལ་གཞན་མེད་པས་འགྲོས་ལྔར་འགྱུར་ལ། དབང་ཡིད་གཉིས་ཀྱི་ཡིད་ལ་བྱེད་པ་སྔ་མ་བསྣན་ན་འགྲོས་བདུན་དུ་འགྱུར་རོ། །ཞེས་གསུངས་པ་དེའི་དོན། རྣམ་བཤད་མཛད་པ་སྔ་མ་དག་གིས་གཞན་དུ་བཤད་མོད་ཀྱི། སྐྱེ་ཐེངས་གཅིག་ལ་རྣལ་འབྱོར་མངོན་སུམ་མ་གཏོགས་པའི་མངོན་སུམ་གསུམ་ཅིག་ཆར་དུ་སྐྱེས་པ་དེ་ལ་འགྲོས་གསུམ་པ་ཞེས་བྱ་ལ། དེའི་ཚེ་ཕྱིར་ལྟ་གཉིས་པོ་ལ་ཡུལ་སོ་སོ་བ་ཡོད་པས་འགྲོས་ལྔར་འགྱུར་ལ། དེའི་སྟེང་དུ་དེ་མ་ཐག་རྐྱེན་དབང་ཡིད་ཀྱི་མངོན་སུམ་གཉིས་པོའི་ཡིད་བྱེད་སྔ་མ་རེ་རེ་བསྣན་པས་འགྲོས་བདུན་དུ་འགྱུར་ཞེས་པ་སྟེ། དེའི་ཚེ་བདག་རྐྱེན་ལོགས་སུ་མ་བགྲངས་པ་ནི། ཕལ་ཆེར་ཡིད་དབང་དུ་འདུས་པ་ལ་དགོངས་སོ། །འགྲོས་གསུམ་པའི་ལུགས་འདི། བྲམ་ཟེ་བདེ་བྱེད་དགའ་བའི་བཞེད་པ། ཁ་ཆེ་པཎ་ཆེན་ལས་རྙེད་པ་ཡིན་ཞེས་གསུངས་ལ། རྔོག་ལོ་ཙྪ་བ་ཆེན་པོའི་རང་ལུགས་ཀྱང་འདི་ཉིད་ཡིན་པར། རྣམ་པར་ངེས་པའི་ཊཱི་ཀ་ལས་བཤད་དོ། །གསུམ་པ་རྩོད་པ་སྤང་བ་ནི། དབང་མངོན་གྱི་དེ་མ་ཐག་འབྲས་སུ་ཡིད་མངོན་སྐྱེ་བར་བཤད་པ་འདི་ལ་ཆོས་ཅན། བཅད་ཤེས་སུ་ཐལ་བ་དང༌། ལོང་བས་གཟུགས་མཐོང་བར་ཐལ་བའི་སྐྱོན་གཉིས་མེད་དེ། རང་གི་དེ་མ་ཐག་རྐྱེན་གྱི་ཡུལ་ལས་གཞན་དོན་རང་མཚན་ཞིག་འཛིན་པ་དང༌། དབང་པོའི་ཤེས་པ་ལ་ངེས་པར་ལྟོས་ནས་སྐྱེ་དགོས་པའི་ཕྱིར། གསུམ་པ་རང་རིག་པའི་མངོན་སུམ་ལ། མཚན་ཉིད་ནི་འཇུག་ཡུལ་དོན་རང་མཚན་ལ་མ་ལྟོས་པར། ཤེས་པ་རང་གི་ངོ་བོ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ནི་རང་རིག་མངོན་སུམ་གྱི་མཚན་ཉིད་ཡིན་པར་མཁས་པ་རྣམས་བཞེད་དོ། །གལ་ཏེ་ཤེས་པ་རང་གིས་རང་རིག་པ་མི་འཐད་དེ། རང་ལ་རིག་བྱ་རིག་བྱེད་ཐ་དད་པ་གཉིས་མེད་པའི་ཕྱིར། གཉིས་མེད་ཀྱང༌། དེ་འཐད་ན་རང་སྐྱེ་འདོད་པ་དང་མཚུངས་སོ་ཞེ་ན། རང་རིག་དང་རང་སྐྱེ་གཉིས་མཚུངས་པའི་སྒོ་སྐབས་ཡོད་པ་མ་ཡིན་ཏེ། རང་སྐྱེ་ཡོད་ན་རང་ལས་རང་སྔོན་མེད་གསར་དུ་སྐྱེ་བ་ཡིན་དགོས་པ་ལས། དེ་མི་འཐད་ཅིང༌། རང་རིག་ནི་བེམས་པོ་བཟློག་ཙམ་ཡིན་པ་དེས་ནའོ། །འདིར་མངོན་སུམ་བཞིའི་དབྱེ་བར་བཤད་པའི་རང་རིག་མངོན་སུམ་གྱི་ངོས་འཛིན་ནི། མདོ་སྡེ་པ་ལྟར་ན། ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་ཀྱིས་ཀྱང་དཔྱད་ན་རང་རིག་པ་ཡིན་གྱི། དོན་རིག་པ་མ་ཡིན་པར་འདོད་པས། དེ་ཐམས་ཅད་ཀྱང་ཤེས་པ་རང་གི་ངོ་བོ་ལ་མ་འཁྲུལ་བའི་རིག་པ་ཡིན་པས། འདིར་བཤད་པའི་རང་རིག་ཏུ་འགྱུར་ལ། དེ་ལྟ་ན། མངོན་སུམ་བཞིར་དབྱེ་བ་དོན་མེད་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། བེམས་པོ་ལས་བཟློག་ཙམ་ལ་རང་རིག་ཏུ་བཞག་པ་ནི། རང་གི་ངོ་བོ་ལ་ལྟོས་ནས་ཡིན་ལ། ངོ་བོ་ལ་ཡང༌། གཟུང་རྣམ་དང༌། འཛིན་རྣམ་གཉིས་ལས། གཟུང་རྣམ་ཅན་གྱི་ཤེས་པ་མཐའ་དག་ནི། གཟུང་རྣམ་དེ་ལ་རང་རིག་པར་སོང་ཞིང༌། གཟུང་རྣམ་ཅན་མ་ཡིན་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ལྟ་བུ་ནི། ཁ་ནང་ཁོ་ནར་ཕྱོགས་པ་དང༌། འཛིན་རྣམ་གྱི་ངོ་བོར་སྐྱེས་པ་དང༌། རང་རིག་རང་གསལ་བ་རྣམས་དོན་གཅིག་པ་ཡིན་ནོ། །དེ་ལྟ་ན་ཡང༌། མངོན་སུམ་ལ་བཞིར་དབྱེ་བ་མི་འགལ་ཏེ། ཐམས་ཅད་རང་གི་དངོས་ཀྱི་གཞལ་བྱ་ལ་རང་རིག་པར་མཚུངས་ཀྱང༌། འཇུག་ཡུལ་གྱི་གཞལ་བྱ་ལ་ལྟོས་ནས་བཞིར་ཕྱེ་བའི་ཕྱིར། ཇི་ལྟར་ཞེ་ན། མངོན་སུམ་ལ་དངོས་ཀྱི་གཞལ་བྱ་དང༌། འཇུག་ཡུལ་གྱི་གཞལ་བྱ་སོ་སོ་བ་མེད་པ་དང༌། ཡོད་པ་གཉིས་སུ་ངེས། དང་པོ་ནི། རང་རིག་པའི་མངོན་སུམ་སྟེ། རང་རིག་ཚད་མའི་འཇོག་མཚམས་ལ་ནི་དངོས་ཀྱི་གཞལ་བྱ་གང་ཡིན་པ་དེ་ཉིད་འཇུག་ཡུལ་དུ་འཇོག་པའི་ཕྱིར། རང་རིག་ལ་ཡང༌། དངོས་ཀྱི་གཞལ་བྱ་དོན་དམ་པའི་བདེན་པ་ཁོ་ན་ཡིན་པ་རྣམས་ལ་ནི་རྣལ་འབྱོར་མངོན་སུམ་ཞེས་བྱ་ལ། དེའི་ངེས་པ་མེད་པ་རྣམས་ལ་ནི་རང་རིག་ཙམ་ཞེས་བྱ་ཞིང༌། གཉིས་པོ་སྤྱི་དང་བྱེ་བྲག་ཡིན་ནོ། །གཉིས་པ་ལ། རྟེན་བདག་རྐྱེན་དབང་པོ་ལ་བརྟེན་པ་དང༌། ཡིད་ལ་བརྟེན་པའི་དབྱེ་བས། དབང་ཡིད་ཀྱི་མངོན་སུམ་གཉིས་བཞག་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་པ་ལྟར་ན། མངོན་སུམ་ལ་རང་རིག་ལས་གཞན་མེད་དེ། དེའི་འཇུག་ཡུལ་ལ་ཤེས་པ་རང་མཚན་གྱིས་ཁྱབ་པའི་ཕྱིར། དེ་ལའང་གཉིས་ལས། རྣམ་བདེན་པས་ནི། ཁ་ཕྱིར་ལྟའི་རང་རིག་མངོན་སུམ་ཁས་ལེན་ལ། རྣམ་བརྫུན་པས་ནི་གཉིས་མེད་ཀྱི་ཤེས་པ་ཁོ་ནའོ། །འདིར་རྩོད་པ་གསུམ་སྤང་དགོས་པ་ལས། ཤེས་པ་ཐམས་ཅད་ལ་རང་རིག་གིས་ཁྱབ་ན། ཚད་མིན་གྱི་བློ་མི་སྲིད་པར་ཐལ་བ་དང༌། སེམས་ཙམ་རྣམ་བདེན་པས། དོན་སྣང་གི་ཤེས་པ་རང་རིག་ཏུ་འདོད་ན། ཚད་མར་ཁས་ལེན་པར་ཐལ་བ་དང༌། བྱེ་བྲག་ཏུ་སྨྲ་བས་འཛིན་རྣམ་ཁས་ལེན་ན། རང་རིག་གྲུབ་ཟིན་པར་ཐལ་བ་རྣམས་སོ། །ཉེས་པ་དང་པོས་མི་གནོད་དེ། ཚད་མིན་གྱི་བློ་ཐམས་ཅད་དངོས་ཀྱི་རིག་བྱ་ལ་ལྟོས་ནས་ཚད་མ་ཡིན་ཀྱང༌། འཇུག་ཡུལ་ལ་ལྟོས་ནས་ཚད་མིན་དུ་འཇོག་པའི་ཕྱིར། ཡུལ་གཉིས་པོ་གཙོ་གང་ཆེ་ཞེ་ན། ཕྱི་མ་གཙོ་ཆེ་བ་ཡིན་ཏེ། ཚད་མ་ཡིན་མིན་ནི་འཇུག་ཡུལ་ལ་ལྟོས་ནས་འཇོག་པའི་ཕྱིར། འོ་ན་རང་རིག་ལ་མངོན་སུམ་གྱིས་མ་ཁྱབ་པའམ། མངོན་སུམ་ལ་ཚད་མས་མ་ཁྱབ་པ་གང་ཞིག་ཁས་ལེན་ཞེ་ན། དང་པོ་ཁས་ལེན་ཏེ། ཆོས་གཅིག་ལ་མངོན་སུམ་ཡིན་ན་མངོན་སུམ་ཡིན་མི་དགོས་པའི་ཕྱིར་དང༌། ཆོས་གཅིག་ལ་ཚད་མ་ཡིན་པས་ཚད་མ་ཡིན་མི་དགོས་པའི་ཕྱིར་དང༌། སྣང་ཡུལ་ལ་ཚད་མར་སོང་ཡང༌། འཇུག་ཡུལ་ལ་ཚད་མིན་དུ་སོང་བ་ཤིན་ཏུ་མང་བའི་ཕྱིར། དེས་ན། རང་རིག་ཡིན་ན་རང་རིག་པའི་མངོན་སུམ་ཡིན་མི་དགོས་ཏེ། རང་རིག་པའི་མངོན་སུམ་ཡིན་ན་འཇུག་ཡུལ་ལ་རྟོག་བྲལ་མ་འཁྲུལ་བ་ཡིན་དགོས་ལ། རང་རིག་ཏུ་འཇོག་པ་ལ་ནི། དངོས་ཀྱི་རིག་བྱ་ཤེས་པ་ཞིག་མྱོང་བ་ཙམ་གྱིས་ཆོག་པའི་ཕྱིར་རོ། །ཉེས་པ་གཉིས་པས་ཀྱང་མི་གནོད་དེ། ལུགས་དེར་དོན་སྣང་གི་ཤེས་པ་སྤྱིར་རང་གི་ངོ་བོ་ལ་ཚད་མ་ཡིན། ཕྱི་རོལ་གྱི་དོན་ལ་ཚད་མ་མ་ཡིན་ཞེས་པ་ཙམ་ཞིག་ཁས་བླངས་ཀྱང་ཆོག་མོད། འོན་ཀྱང༌། ཞེ་འདོད་ཀྱི་འཇུག་ཡུལ་ལ་འཁྲུལ་བའི་ཕྱིར་ཚད་མ་མ་ཡིན། ཞེས་པ་ཉིད་ཀྱང་ཡིན་ནོ། །རྩོད་པ་གསུམ་པས་མི་གནོད་དེ། དེའི་ངོར་རང་རིག་གི་དོན་གྲུབ་ཀྱང་ཐ་སྙད་སྒྲུབ་དགོས་པའི་ཕྱིར། དཔེར་ན། བྱེ་བྲག་པའི་ངོར་བདེ་སོགས་ཤེས་པར་སྒྲུབ་དགོས་པ་བཞིན་ནོ། །དཔྱད་པ་འདི་དག་ནི། སྔོན་ཡི་གེར་བཀོད་ཟིན་པ་རྣམས་ལས་ལེགས་པར་སེམས་ནས་ཅུང་ཟད་སྤྲོས་པ་ཡིན་ནོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ་གསུམ་སྟེ། རང་བཞིན་ངོས་བཟུང༌། ཡུལ་ལ་ཚད་མར་འགྱུར་བའི་ཚུལ། སྒྲུབ་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྒྱུ་བསམ་པའོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། བོད་སྔ་མ་རྣམས། རྣལ་འབྱོར་མངོན་སུམ་དང་དེའི་ཚད་མ་སོ་སོར་ཕྱེ་ནས་མཚན་ཉིད་འཇོག་པ་འཁྲུལ་ཏེ། གཉིས་སུ་དབྱེ་བ་གཞུང་ལས་མ་བཤད་ཅིང༌། སྒྲོ་འདོགས་གཅོད་པ་རྣལ་འབྱོར་མངོན་སུམ་གྱི་ངོ་བོ་ལ་མི་སྲིད་པའི་ཕྱིར་རོ། །འོ་ན་མཐོང་ལམ་བར་ཆད་མེད་ལམ་གྱིས་སྒྲོ་འདོགས་གཅོད་པ་ཅི་ཞེ་ན། དེའི་ས་བོན་སྤོང་བ་ལ་དེ་སྤོང་བའི་ཐ་སྙད་བྱས་པ་ཡིན་གྱི། དེ་གཉིས་དངོས་ཀྱི་གནོད་བྱ་གནོད་བྱེད་མ་ཡིན་ཏེ། ཞེན་སྟངས་འགལ་བ་ཅན་མ་ཡིན་པའི་ཕྱིར། རང་ལུགས་ནི། རང་རྒྱུ་ཞི་གནས་བསྒོམས་པ་ལས་བྱུང་བའི་ལྷག་མཐོང་གི་ཡེ་ཤེས་མ་འཁྲུལ་བའོ། །དབྱེ་བ་ལ་གཉིས་ལས། རྟེན་གྱིས་ཕྱེ་ན། འཕགས་པ་གསུམ་གྱི་མངོན་སུམ་གསུམ་ཡོད་ལ། སློབ་པ་དང་མི་སློབ་པའི་སྒོ་ནས་ལྔ་སྟེ། རང་རྒྱལ་སློབ་པའི་རྣལ་འབྱོར་མངོན་སུམ་ལོགས་སུ་མི་བགྲང་བའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱས་ཀྱང༌། འདིའི་སློབ་མི་སློབ་ནི་འོག་གི་སྣང་བཅས་སྣང་མེད་ཀྱི་དབྱེ་གཞིར་འཇོག་ལ། རང་རྒྱལ་གྱི་སློབ་པ་ལ་སྣང་བཅས་སྣང་མེད་ཀྱི་དབྱེ་བ་མི་རུང་བས་སོ། །དེའི་ཤེས་བྱེད་ཀྱང༌། རང་རྒྱལ་ལ་བསེ་རུ་ལྟ་བུ་ཡིན་མིན་གཉིས་ལས། དང་པོ་ནི། བསམ་གཏན་བཞི་པ་ལ་བརྟེན་ནས། དྲོད་ནས་བཟུང་སྟེ་ཟད་ཤེས་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པས། བར་ན་རྗེས་ཐོབ་མེད་པས་སྣང་བཅས་མི་འབྱུང་ལ། གཉིས་པ་ནི། སངས་རྒྱས་ཀྱི་འཁོར་དུ་འབྱུང་བས་ཉན་ཐོས་ཡིན་ལ། དེའི་རྒྱུ་མཚན་གྱིས། དེའི་རྒྱུད་ཀྱི་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་སློབ་ལམ་ཡང་ཉན་ཐོས་ཀྱི་སློབ་ལམ་དུ་གཞག་པ་ཡིན་ནོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། རྣམ་པ་བཅུ་སྟེ། ལྔ་པོ་དེ་དག་ལ། སྣང་བཅས་རྗེས་ཐོབ་དང༌། སྣང་མེད་མཉམ་གཞག་གི་དབྱེ་བས་གཉིས་གཉིས་སོ། །འོ་ན། འགྲེལ་པར། འཕགས་པས་རྗེས་ཐོབ་ཏུ་ཡུལ་སྣང་ཚུལ་མ་འཁྲུལ་བ་ཇི་སྙེད་པ་སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་དུ་ཁས་ལེན་པ་ལྟ་བུ་ཅིག་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་ཡུལ་སྣང་ཚུལ་བཤད་ཀྱང༌། དེ་དག་དབང་པོའི་མངོན་སུམ་དུ་འཆད་ཀྱི། རྣལ་འབྱོར་མངོན་སུམ་དུ་མི་བཞེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། འཕགས་པ་གསུམ་གྱི་རྗེས་ཐོག་ཏུ་འཇུག་ཤེས་ཚོགས་དྲུག་ལ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེ་ཉིད། བདག་མེད་གཉིས་པོ་གང་རུང་གིས་སྟོང་པར་རྟོགས་པའི་ཡེ་ཤེས་སོ། །གསུམ་པ་རྒྱུ་བསམ་པ་ལ་གསུམ་སྟེ། ཡེ་ཤེས་གཉིས་ཀྱི་རྒྱུ། མཐར་ཕྱིན་པའི་དུས། འབྲས་བུའི་ཁྱད་པར་བཤད་པའོ། །དང་པོ་ནི། མི་སློབ་པའི་སར་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་གཟིགས་པ་གསལ་བར་འབྱུང་བའི་རྒྱུ་ཅི་ཡིན་ཞེ་ན། ཐབས་དང་ཤེས་རབ་ལེགས་པར་སྦྱངས་པ་ཕན་ཚུན་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པས། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་གཟིགས་པ་འགྲུབ་པར་འགྱུར་བ་ཡིན་ཏེ། ཐབས་ཀྱིས་ཉེ་བར་ལེན་པའི་རྒྱུ་དང༌། ཤེས་རབ་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པ་ལས་ཇི་སྙེད་པའི་ཡེ་ཤེས་དང༌། ཤེས་རབ་ཀྱིས་ཉེ་བར་ལེན་པའི་རྒྱུ་བྱས། ཅིག་ཤོས་ཀྱིས་རྐྱེན་བྱས་པ་ལས་ཇི་ལྟ་བའི་ཡེ་ཤེས་ཀྱི་གཟིགས་པ་འགྲུབ་པས་སོ། །ཇི་སྙེད་པའི་གཟིགས་ཚུལ་ལ་གཉིས་ཏེ། འཕགས་པ་གཞན་གྱི་དང༌། སངས་རྒྱས་ཀྱིའོ། །དང་པོ་ལ་གཉིས་ཏེ། རྣམ་ཤེས་ཀྱིས་དང༌། ཡེ་ཤེས་ཀྱིས་སོ། །དང་པོ་ནི། གཉིས་སུ་སྣང་བའི་བག་ཆགས་ཀྱིས་ཏེ་སེམས་ཅན་གཞན་ལ་སྣང་བའི་ཚུལ་དང་ཆ་འདྲ་བའོ། །གཉིས་པ་ནི། མ་རིག་པའི་ཕྱོགས་གཅིག་ཟད་པས། དག་པའི་སྣང་བ་ཤར་ཡང༌། གཉིས་སྣང་གི་བག་ཆགས་མ་ཟད་པས་གཟུང་འཛིན་དུ་སྣང་བའོ། །གཉིས་པ་ནི། གཟུང་འཛིན་གྱི་བག་ཆགས་དྲུངས་ཕྱུང་བས་དེའི་སྣང་བ་མི་མངའ་ཞིང་མི་འཆར་ཡང༌། སེམས་ཅན་གཞན་ལ་སྣང་ཚུལ་དེ་ཁོ་ན་ལྟར་མཁྱེན་ནས་གཟུགས་སྐུ་གཉིས་ཀྱི་སྣང་བ་སྟོན་ནུས་པའོ། །དེའི་ཕྱིར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སམ། གཟུགས་ཀྱི་སྐུའི་ཉེ་བར་ལེན་པའི་རྒྱུ་ནི་ཐབས་བསོད་ནམས་ཀྱི་ཚོགས་དང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སམ། ཆོས་ཀྱི་སྐུའི་ཉེ་བར་ལེན་པའི་རྒྱུ་ནི་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་དེ་ཡིན་ནོ། །གཉིས་པ་ནི། ཚེ་གསུམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་དུ་འཇུག་པ་ཕན་ཚུན་རྒྱུ་དང་རྐྱེན་དུ་གྱུར་པས། ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་མཐར་ཕྱིན་པ་དང༌། བསྐལ་པ་བརྒྱའི་ཚིགས་གཉིས་ཟུང་དུ་འབྲེལ་བས། རང་སངས་རྒྱས་ཀྱི་འབྲས་བུ་མཐར་ཕྱིན་པ་དང༌། བསྐལ་པ་གྲངས་མེད་པ་གསུམ་གྱི་ཚོགས་གཉིས་ཟུང་དུ་འཇུག་པས་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། ཇི་སྐད་དུ། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་དང༌། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་དང༌། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་འབྱུང་བ་ལྟར་རོ། །གསུམ་པ་ནི། འོ་ན་འབྲས་བུའི་དུས་སུ་གསུམ་ཀ་ཡང་ཀུན་མཁྱེན་ཡིན་པར་མཚུངས་སམ་ཞེ་ན། ཉན་རང་གི་རྣམ་གྲོལ་གཉིས་ཆོས་ཅན། འབྲས་བུའི་དུས་སྟོན་པ་མ་ཡིན་ཏེ། ཐབས་བསོད་ནམས་ཀྱི་ཚོགས་ཞན་པས་ན་ཇི་སྙེད་པའི་ཡེ་ཤེས་ཀྱི་གཟིགས་པ་མཐར་མ་ཕྱིན་ཞིང༌། མ་རིག་པའི་བག་ཆགས་མ་སྤངས་པའི་ཕྱིར་ན་ཇི་ལྟ་བ་མཐར་མ་ཕྱིན་པའི་ཕྱིར། སྟོན་པ་སངས་རྒྱས་ཆོས་ཅན། ཀུན་མཁྱེན་ཡིན་ཏེ། ཐབས་ལ་གོམས་པ་མཐར་ཕྱིན་པས། ཇི་སྙེད་པའི་དངོས་པོ་ཀུན་གསལ་བ་རབ་ཀྱི་མཐར་ཕྱིན་པ་སྟེ། གཟུགས་ཀྱི་སྐུས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་ནུས་པའི་ཕྱིར་དང༌། ཤེས་རབ་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཆོས་ཀྱི་སྐུ་མངོན་དུ་མཛད་པའི་ཕྱིར། གཉིས་པ་ཚད་མར་འགྱུར་བའི་ཚུལ་ལ་གསུམ་སྟེ། ཚད་མར་སྒྲུབ་པ། དེས་འཇུག་ལྡོག་བྱེད་པའི་ཚུལ། དེ་སྒྲུབ་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། བོད་སྔ་མ་རྣམས། འདིར་ཡུལ་བདག་མེད་རྣམས་མེད་དགག་ཏུ་ཁས་བླངས་ནས། རྣལ་འབྱོར་མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་འདོད་ཅིང༌། དེ་ཚད་མར་འཇོག་པ་ལ་འཇུག་ཡུལ་ངེས་པ་དགོས་ཏེ། དེར་འཇོག་པ་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་དགོས་པའི་ཕྱིར། ཞེས་ཟེར་རོ། །བཅད་ཤེས་དང་ནི་ངེས་པ་གཉིས་ཆོས་ཅན། ཁྱོད་དང་མངོན་སུམ་ལ་གཞི་མཐུན་ཡོད་པ་མིན་ཏེ། རྟོག་པ་ཡིན་པའི་ཕྱིར། དེས་ན་རྣལ་འབྱོར་མངོན་སུམ་ཀུན་ཆོས་ཅན། འཇུག་ཡུལ་ངེས་པའི་ཆ་ནས་ཚད་མར་འཇོག་དགོས་པ་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་ཚད་མར་གྲུབ་པས་སོ། །གཉིས་པ་ནི། རྣལ་འབྱོར་པའི་མངོན་སུམ་རྣམས་རང་ངེས་དང་གཞན་ངེས་གཉིས་ལས་གང་དུ་འཇོག་ཅེ་ན། རྣལ་འབྱོར་མངོན་སུམ་གྱིས་འཇུག་ལྡོག་བྱེད་པ་འཇུག་ཡུལ་ལ་ངེས་པ་འདྲེན་པ་ལ་ལྟོས་པ་མ་ཡིན་ཏེ། སོ་སོ་སྐྱེ་བོའི་ཚད་མ་ནི་འཇུག་ཡུལ་ངེས་པ་ཉིད་ལས་འཇུག་ལྡོག་བྱེད་ལ། འཕགས་པ་རྟོག་པ་དང་བྲལ་བ་རྣམས་ཏིང་ངེ་འཛིན་ལས་བྱེད་པར་གསུངས་པའི་ཕྱིར། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་འདས་པ་དང་མ་འོངས་པའི་གཟུགས་སོགས་སྣང་ངམ་མི་སྣང༌། མི་སྣང་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ལ། སྣང་ན་དེ་དག་དེའི་གཟུང་ཡུལ་དུ་ཁས་ལེན་དགོས་པས། དངོས་ཀྱི་རྒྱུ་ཡིན་པར་འགྱུར་རོ། །ཞེ་ན། རྫོགས་པའི་སངས་རྒྱས་དེ་ཆོས་ཅན། ཁྱོད་ཀྱི་མཁྱེན་པ་སོ་སོ་སྐྱེ་བོས་དཔག་མི་ནུས་ཏེ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཅན་ཡིན་པའི་ཕྱིར། འདིར་དོན་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་སོགས་ཀྱི་སྣང་བ་མི་འཆར་ལ། གལ་ཏེ་འཆར་ནའང༌། གཟུང་དོན་ལ་ལྟོས་པ་མ་ཡིན་ཏེ། ཡེ་ཤེས་ཡིན་གྱི། རྣམ་ཤེས་མཚུངས་ལྡན་དང་བཅས་པ་མ་ཡིན་པའི་ཕྱིར། ཞེས་པའོ། །གསུམ་པ་སྒྲུབ་བྱེད་ཀྱི་ཚད་མ་ལ་གསུམ་སྟེ། ངོ་བོ་སྒྲུབ་པ། མཚན་ཉིད་སྒྲུབ་པ། གྲུབ་པའི་དོན་ལ་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། བྱུང་ཟིན་སྒྲུབ་པ་དང༌། འབྱུང་རུང་སྒྲུབ་པའོ། །དང་པོ་ནི། ཚིག་གི་ཁྱད་པར་དཔྱད་པ་གསུམ་གྱིས་དག་པ་ཉིད་དུ་ངེས་པར་གྱུར་ན། སྔོན་བྱུང་ཟིན་པའི་རྣལ་འབྱོར་མངོན་སུམ་ཡང་དཔག་པར་ནུས་ཏེ། དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ངེས་དོན་གྱི་གསུང་རབ་ཡིན་ན། རང་གི་བསྟན་བྱའི་དོན་མངོན་སུམ་དུ་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བས་ཁྱབ་པའི་ཕྱིར། རྒྱན་མཛད་པའི་ལུགས་འགྲེལ་པར་བཀོད་པའི་དོན་འདི་ཁོ་ན་སྟེ། དེ་ལས་གཞན་དུ་རྣམ་པར་བརྟག་པ་དང་བྲལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྟགས་དགོད་པ་དང༌། ཚུལ་སྒྲུབ་པའོ། །དང་པོ་ནི། གང་བསྙེན་པ་རྟེན་ཞིང་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བའི་ཡོན་ཏན་དེ་ཡིན་ན། གོམས་པ་རྫོགས་ནས་གོམས་བྱའི་དོན་དེ་ལ་གསལ་སྣང་འབྱུང་དུ་རུང་བས་ཁྱབ། དཔེར་ན། འདོད་འཇིགས་གོམས་པའི་བློ་བཞིན། སྟོང་ཉིད་རྟོགས་པའི་བློའང་དེ་ཡིན་ནོ། །ཞེས་པ་རང་བཞིན་གྱི་རྟགས་སོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། རྟགས་དེའི་ཕྱོགས་ཆོས་དང་རྗེས་འགྲོ་ནི། རིགས་པ་དང༌། མངོན་སུམ་གྱིས་འགྲུབ་ཅིང༌། ལྡོག་ཁྱབ་ནི་མཐའ་གཞན་བཀག་པའི་ངེས་པས་འགྲུབ་བོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། རྟེན་བརྟེན་པར་སྒྲུབ། གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བར་སྒྲུབ་པའོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། ཕྱྭ་པ་ལ་སོགས་པ་ཁ་ཅིག རྟེན་བརྟེན་པར་སྒྲུབ་པ་འདི་ལ། རིག་པའི་ཐོག་མ་དང་ཐ་མ་ཐུག་པ་མེད་པ་རྣམ་པ་གཉིས་ནི་མངོན་སུམ་གྱིས་འགྲུབ་སྟེ། རང་རིག་གིས་འགྲུབ་པའི་ཕྱིར། ཇི་ལྟར་འགྲུབ་ན། རང་རྒྱུད་ཀྱི་རིག་པ་ཙམ་རིག་པ་སྔ་མ་སྔོན་སོང་དུ་གྲུབ་པས། རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པ་ཙམ་ཁེགས། དེ་ཁེགས་པས་དེའི་བྱེ་བྲག་ཤུགས་ལ་ཁེགས་ཏེ། དཔེར་ན། མདུན་གྱི་དུ་བ་མེ་སྔོན་སོང་དུ་གྲུབ་པས། དེ་སྔོན་དུ་མ་སོང་བའི་དུ་བ་ཙམ་ཡོད་པ་དངོས་སུ་ཁེགས། དེ་ཁེགས་པས་དེའི་བྱེ་བྲག་ཤུགས་ལ་ཁེགས་པ་བཞིན་ནོ། །ཡང༌། རང་རྒྱུད་ལ་རང་རིག་གིས་རིག་པ་ཙམ་རིག་པ་ཕྱི་མ་སྐྱེད་བྱེད་དུ་གྲུབ་པས། རིག་པ་ཕྱི་མ་མི་སྐྱེད་པའི་རིག་པ་ཡོད་པ་དངོས་སུ་ཁེགས། དེ་ཁེགས་པས་དེའི་བྱེ་བྲག་ཤུགས་ལ་ཁེགས་ཏེ། དཔེར་ན། མདུན་གྱི་སྒྲོན་མས་འོད་འབྱིན་པར་གྲུབ་པས། འོད་མི་འབྱེད་པའི་སྒྲོན་མ་ཙམ་ཁེགས། དེ་ཁེགས་པས་དེའི་བྱེ་བྲག་ཤུགས་ལ་ཁེགས་པ་བཞིན་ནོ། །ཞེས་ཟེར། རིག་པའི་ཐོག་མཐའ་ཐུག་མེད་དུ་རང་རིག་གིས་མི་འགྲུབ་སྟེ། ཚུ་རོལ་མཛེས་པ་བ་སྐྱེ་བ་སྔ་ཕྱི་མེད་པར་འཛིན་པའི་ལོག་རྟོག་ཅན་མི་སྲིད་པར་ཐལ་བའི་ཕྱིར་རོ། །མེ་དང་སྒྲོན་མ་དེ་སྐབས་ཀྱི་དཔེར་མི་རུང་སྟེ། དཔེ་དོན་མི་མཚུངས་པའི་ཕྱིར་རོ། །དེ་ཡང་དུ་བ་མེ་ལས་སྐྱེ་བ་ནི་རང་གི་ཉེར་ལེན་རིགས་འདྲ་སྔ་མ་ལས་སྐྱེ་བའི་དཔེ་མ་ཡིན་ལ། སྒྲོན་མ་རྣལ་ཀ་མས་འོད་མི་འབྱིན་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་རང་ལུགས་ལ་གཉིས་ཏེ། འདས་པ་ཐུག་མེད་དུ་སྒྲུབ་པ་དང༌། མ་འོངས་པ་ཐུག་མེད་དུ་སྒྲུབ་པའོ། །དང་པོ་ལ། རྟགས་དགོད་པ་ནི། སྐྱེས་མ་ཐག་པའི་སེམས་ཆོས་ཅན། ཉེར་ལེན་རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ད་ལྟར་གྱི་རིག་པ་བཞིན། དེའི་ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ཅིང༌། ཉེར་ལེན་སེམས་ལས་གཞན་ལ་ལྟོས་པ་མེད་པའི་རྟགས་ཀྱིས། སྔོན་མཐར་ཐུག་མེད་ཀྱི་ཁྱབ་པ་འགྲུབ་སྟེ། རིག་པ་ཙམ་དེ་རྒྱུ་མེད་ཡིན་ནམ། རྒྱུ་དང་བཅས། གཉིས་པ་ལྟར་ན། ཉེར་ལེན་ཤེས་པ་ལས་སྐྱེ་བའམ། བེམས་པོ་ལས་སྐྱེ། གཉིས་པ་ལྟར་ན། དབང་པོ་མེད་པའི་ལུས་སམ། དབང་པོ་དང་བཅས་པའི་ལུས་ལས་སྐྱེ། གཉིས་པ་ལྟར་ན། དབང་པོ་ཀུན་ཚོགས་པའམ། རེ་རེ་བ་ལས་སྐྱེ། ཞེས་བརྟགས་པས་རིག་པ་སྔ་མ་སྔོན་སོང་དུ་འགྲུབ་པའི་ཕྱིར། གཉིས་པ་མ་འོངས་པ་སྒྲུབ་པ་ལ་གཉིས་ཏེ། བདག་འཛིན་དང་བཅས་པའི་སེམས་ཀྱི་འཁོར་བ་འབྱུང་རུང་དུ་སྒྲུབ། བདག་འཛིན་མེད་པའི་གསལ་བ་ཙམ་ཐུག་མེད་དུ་སྒྲུབ་པའོ། །དང་པོ་ལ། རྟགས་དགོད་པ་ནི། རྒྱུ་ཚོགས་ཚང་ཞིང༌། གེགས་མེད་པའི་ཕྱིར། ཞེས་པའི་རྟགས་ཀྱིས་འཇིག་རྟེན་འདིར་འཁོར་བའི་ཕྱི་མཐར་ཐུག་མེད་དུ་འགྲུབ་བོ། །ཚུལ་སྒྲུབ་པ་ལ། འཁོར་བའི་འཇུག་ལྡོག་ཤེས་དགོས་པས་དེ་ལ། དགག གཞག སྤང་གསུམ་མོ། །དང་པོ་ནི། མུ་སྟེགས་སྤྱོད་པ་པ་ན་རེ། ལས་དང་ལུས་དང་སེམས་གསུམ་པོ་འཁོར་བའི་རྒྱུ་ཡིན་པས། གཉིས་པོ་སྤང་བའི་ཕྱིར་དུ་དཀའ་བ་སྤྱོད་དགོས། ཞེས་ཟེར་རོ། །ལས་དང་ལུས་འཛད་པར་བྱེད་པ་དེ་ཐར་པའི་ལམ་མ་ཡིན་ཏེ། སྲེད་པ་མ་སྤངས་པར་དེ་སྤོང་མི་ནུས་པ་དང༌། སྤངས་ཀྱང་མི་ཕན་པ་དང༌། སྲེད་པ་སྤངས་ན་དེ་ལོགས་སུ་སྤང་མི་དགོས་པས་སོ། །རང་ལུགས་ལ་གཉིས་ཏེ། འཁོར་བར་སྐྱེ་བའི་རྒྱུ་ངོས་བཟུང་བ་དང༌། དེའི་གཉེན་པོ་དཔྱད་པའོ། །དང་པོ་ལ། འཕེན་བྱེད་ཀྱི་རྒྱུ་དང༌། འགྲུབ་བྱེད་ཀྱི་རྒྱུའོ། །དང་པོ་ནི། འཁོར་བར་སྐྱེ་བའི་རྒྱུའི་རྩ་བ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་དེ་ལས་ཀྱང༌། ཉོན་མོངས་པ་དང༌། ལས་དང༌། འཁོར་བ་སྟེ་སྡུག་བསྔལ་གྱི་ཕུང་པོ་འབྱུང་བའི་ཕྱིར། གཉིས་པ་ནི་ཚེ་སྔ་མའི་སྐྱེ་མཆེད་འདི་དག་གི་ཉེར་ལེན་ལས་ཕྱི་མའི་སྐྱེ་མཆེད་གཞན་འབྱུང་ལ། གཞན་དེའི་བཟང་ངན་ནི་འགྲུབ་བྱེད་ཀྱི་ལས་ཀྱིས་བྱེད་དེ། འཕེན་བྱེད་ཀྱིས་སྐྱེ་བའི་ངོ་བོ་ཙམ་འཕེན་པར་བྱེད་ལ། འགྲུབ་བྱེད་ཀྱིས་སྐྱེ་བ་དེའི་ཁྱད་པར་མང་པོ་རྣམས་འགྲུབ་པར་བྱེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མགོ་གནོན་པོའི་གཉེན་པོ་དང༌། དྲུངས་འབྱིན་པའི་གཉེན་པོའོ། །དང་པོ་ནི། བྱམས་སོགས་ཆོས་ཅན། འཁོར་བའི་རྩ་བ་གཅོད་མི་ནུས་ཏེ། བདག་ཏུ་འཛིན་པ་དང་མི་འགལ་བའི་ཕྱིར། གཉིས་པ་ནི། བདག་མེད་མངོན་སུམ་དུ་མཐོང་བས་འཁོར་བའི་རྩ་བ་སུན་འབྱིན་ནུས་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་བདག་འཛིན་དང་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ཡིན་པས་ནའོ། །རྩོད་པ་སྤང་བ་ནི། འདིར་མ་རིག་པ་འཁོར་བའི་རྒྱུར་བཤད་པ་དང༌། མདོ་ལས་སྲེད་པ་ཉིད་ཀུན་འབྱུང་གི་གཙོ་བོར་བཤད་པ་འགལ་ལོ། །ཞེས་པ་དང༌། བདག་མེད་མངོན་སུམ་དུ་མཐོང་བས་འཁོར་བའི་རྩ་བ་སུན་འབྱིན་ནུས་ན། མཐོང་ལམ་ཐོབ་ནས་འཁོར་བར་སྐྱེ་བ་མི་སྲིད་པར་ཐལ་ལོ་ཞེས་པའི་རྩོད་པ་དང༌། དེས་དེ་སུན་འབྱིན་པར་ནུས་ན། འཁོར་བའི་ཕྱི་མཐའ་ཡོད་པར་འགྱུར་ལ། དེ་ལྟ་ན་རྟེན་བརྟན་པར་མི་འགྲུབ་བོ། །ཞེས་པའི་རྩོད་པ་གསུམ་ལས། དང་པོ་གཉིས་སྤོང་ཚུལ་རྣམ་འགྲེལ་དུ་གསལ་བར་གསུངས་པས་དེར་ཁ་འཕངས་ལ། རྩོད་པ་གསུམ་པས་མི་གནོད་དེ། ས་བོན་གྱི་ཐོག་མ་ཡོད་པ་མིན་ཡང༌། མེས་བསྲེགས་པ་ན་ཕྱི་མཐའ་མཐོང་བ་དེ་བཞིན་དུ། འཁོར་བའི་ཐོག་མ་མེད་ཀྱང༌། བདག་མེད་མངོན་སུམ་དུ་མཐོང་བ་ན་འཁོར་བའི་ཕྱི་མཐའ་འགྲུབ་ལ། དེའི་ཚེ་ན་རྟེན་མི་བརྟན་པར་ཁས་བླངས་ཀྱང༌། རྩ་བའི་དམ་བཅའ་ལ་གནོད་པ་མེད་པའི་ཕྱིར། གཉིས་པ་གསལ་བ་ཙམ་ཐུག་མེད་དུ་སྒྲུབ་པ་ནི། དགྲ་བཅོམ་པ་འཆི་ཀའི་རིག་པ་ཆོས་ཅན། རང་འབྲས་གསལ་རིག་ཕྱི་མ་སྐྱེད་པར་ངེས་ཏེ། གསལ་བ་ཙམ་སྐྱེད་པ་ལ་རྒྱུ་ཚོགས་ཚང་ཞིང༌། གེགས་མེད་པའི་ཕྱིར་ནའོ། །འདི་སྐབས་ཀྱི་རྟེན་བརྟན་པར་སྒྲུབ་བྱེད་ཀྱི་གཙོ་བོ་ནི་འདི་ཉིད་ཡིན་ལ། མ་རིག་པ་མ་སྤངས་པ་དེ་སྲིད་དུ་འཁོར་བ་འབྱུང་རུང་དུ་བསྒྲུབས་པ་དེ་ནི། གཞུང་འདིར་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པ་ལྟ་བུར་གསུངས་ཀྱང༌། སྙིང་རྗེ་སྐྱེ་བ་དུ་མར་གོམས་པ་མི་སྲིད་པའི་རྩོད་ལན་དུ་སྦྱར་ན་ལེགས་ཏེ། རྣམ་འགྲེལ་ལས་དེ་ལྟར་གསུངས་པས་སོ། །གཏན་ཚིགས་གཉིས་པ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་ནི། རང་རིག་གིས་འགྲུབ་བོ་ཞེས་འགྲེལ་པ་འདིར་གསུངས་ལ། རྣམ་འགྲེལ་དུ། སེམས་ལ་བརྩེ་སོགས་གོམས་སྐྱེ་བས། །རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་པ་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན། །ཞེས་སྒྲུབ་བྱེད་ཀྱི་རྟགས་དང་དཔེ་ཡང་གསུངས་པ་ནི། རྣལ་འབྱོར་མངོན་སུམ་སྒྲུབ་དགོས་པའི་ཕྱིར་རྒོལ་གྱི་ངོར། རྟགས་འདིའི་ཕྱོགས་ཆོས་ཆ་མཐུན་མངོན་སུམ་གྱིས་འགྲུབ་པ་དང༌། མཚན་ཉིད་པ་རྟགས་ལས་ངེས་དགོས་པའི་ཁྱད་པར་རོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། དཔེའི་སྟེང་དུ་ཆ་མཐུན་པ་མངོན་སུམ་གྱིས་འགྲུབ་པ་ཡིན་ཏེ། འཇིག་སོགས་གོམས་པ་ལས་གསལ་སྣང་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གཉིས་པ་མཚན་ཉིད་སྒྲུབ་པ་ནི། རྣལ་འབྱོར་མངོན་སུམ་ཆོས་ཅན། འཁྲུལ་མེད་དུ་གྲུབ་སྟེ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། འོ་ན་སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་ལ་གཉིས་མེད་པ་ཇི་ལྟར་ཞེ་ན། ཀུན་རྫོབ་ཀྱི་སྣང་བ་ནི་རྣམ་ཤེས་ལ་ཡིན་གྱི། ཡེ་ཤེས་ལ་མ་ཡིན་ཞིང༌། སྣང་བ་དེ་དཔྱད་གཞིར་བཟུང་ནས། ཆོས་དང་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་པར་མངོན་སུམ་དུ་རྟོགས་པ་ལ། སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་དུ་གཞག་པ་ཡིན་ནོ། །གསུམ་པ་གྲུབ་དོན་ལ་མི་འཐད་པ་སྤང་བ་ལ་གཉིས་ཏེ། སྤངས་པ་ཕུན་ཚོགས་མི་འཐད་པའི་དང༌། ཡེ་ཤེས་ཕུན་ཚོགས་མི་འཐད་པའི་རྩོད་སྤང་ངོ༌། །དང་པོ་ནི། མུ་སྟེགས་སྤྱོད་པ་པ་ན་རེ། དྲི་མ་སྤངས་པའི་གྲོལ་བ་ཞེས་བྱ་བ། སངས་རྒྱས་པས་འདོད་པའི་ཐར་པ་མེད་དེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤང་མི་ནུས། ནུས་ཀྱང་སྤོང་བྱེད་ཀྱི་ཐབས་མེད་པས་མི་ཤེས། ཤེས་ནས་ལན་གཅིག་སྤངས་ཀྱང་མི་བརྟན་པའི་ཕྱིར་ཞེ་ན། དེ་སྤངས་པའི་རྣམ་གྲོལ་འཐད་དེ། དྲི་མ་གློ་བུར་བ་ཡིན་པས་སེམས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་དང༌། ཐབས་བདག་མེད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར་དང༌། དེས་དྲི་མའི་རྒྱུ་མ་རིག་པ་སྤོང་བའི་ཕྱིར་ན་སྤངས་པ་སླར་མི་ལྡོག་པས་སོ། །གཉིས་པ་ལ་གཉིས་ཏེ། གོམས་པ་མི་སྲིད་པའི་རྩོད་སྤང་དང༌། ཐམས་ཅད་མཁྱེན་པ་མི་སྲིད་པའི་རྩོད་སྤང་ངོ༌། །དང་པོ་ནི། ཐབས་དང་ཤེས་རབ་གོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བ་མི་འཐད་དེ། མཆོངས་པ་དང༌། ཆུའི་དྲོད་དང༌། གསེར་བ་ཞུ་བའི་དཔེས་མཐའ་མེད་དུ་གོམས་པ་དང༌། གོམས་པ་ལས་སེམས་ཀྱི་ངང་དུ་འགྱུར་བ་མི་སྲིད་པ་དང༌། ལན་གཅིག་སྲིད་ཀྱང་སླར་ལྡོག་པའི་ཕྱིར། དཔེ་གསུམ་པོ་དེ་དོན་གསུམ་པོའི་ཤེས་བྱེད་ཀྱི་དཔེར་མི་རུང་སྟེ། མཆོངས་པ་ལུས་ཀྱི་འབད་རྩོལ་ལ་ལྟོས་པའི་ཕྱིར་དང༌། ཆུའི་དྲོད་ཀྱི་རྟེན་མི་བརྟན་པའི་ཕྱིར་དང༌། གསེར་གྱི་ཞུ་བ་ནི་རང་རྒྱུ་ལས་སླར་འབྱུང་བ་སྐྱེ་རུང་དུ་བྱས་པའི་ཕྱིར། གཉིས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་གོམས་པ་ལས་དེའི་ངང་དུ་འགྱུར་བ་སྲིད་མོད། ཤེས་བྱ་ཀུན་ལ་མཐའ་མེད་པའི་ཕྱིར་ཀུན་མཁྱེན་སྒྲུབ་པར་དཀའོ། །ཞེས་སྤྱོད་པ་པ་དག་ཟེར་རོ། །ལན་ལ་གཉིས་ཏེ། དགོས་པའི་དོན་ཀུན་ཤེས་པས་ཐམས་ཅད་མཁྱེན་པར་གཞག་པ་དང༌། ཤེས་བྱའི་དོན་ཀུན་ཤེས་པས་དེར་གཞག་པ་གཉིས། དང་པོ་ནི། གཙོ་བོའི་དོན་ལ་མི་སླུ་བའི་ཚུལ་མཁྱེན་པ་ལ་ཀུན་མཁྱེན་ཞེས་བརྗོད་པ་ཡིན་ཏེ། དཔེར་ན། མི་ཀུན་ཚོགས་ཞེས་བརྗོད་པ་བཞིན་ནོ། །དེ་ཉིད་འཆད་པ་ནི། དགོས་པའི་དོན་ཀུན་ཤེས་པ་ལ་མཁས་པ་རྣམས་ཐམས་ཅད་མཁྱེན་པ་ཞེས་ཟེར་ཏེ། ཐམས་ཅད་འདུས་ནས་ཆོས་ཉན་ཞེས་བརྗོད་པ་ལ་བ་ལང་མེད་ཀྱང་སྐྱོན་མེད་པ་བཞིན་ནོ། །གཉིས་པ་ནི། ཡང་ན། རྗེས་སུ་དཔག་པ་ཡིས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཚད་མ་ཡོད་པར་གྲུབ་པ་ཡིན་ཏེ། ཤིན་ཏུ་རྟོགས་དཀའ་བ་བདེན་པ་བཞིའི་དོན་མངོན་སུམ་དུ་མཐོང་ན། རྟོགས་སླ་བ་སོ་སོ་སྐྱེ་བོས་མཐོང་བ་དང་ཅིག་ཆར་དུ་རྟོགས་པ་ལ་གེགས་མེད་པའི་ཕྱིར། ཡང་ན། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་རྒྱུ་མཚན་གྱིས། ཤེས་བྱ་མཐའ་མེད་པ་རྣམས་མཁྱེན་པའི་སྐད་ཅིག་མ་གཅིག་གིས་མཁྱེན་ཏེ། དཔེར་ན། བསྐལ་པའི་བར་དུ་བརྗོད་རྒྱུ་ཡང་མེ་ལོང་གི་ནང་དུ་ཅིག་ཆར་འཆར་བ་དེ་བཞིན་ནོ། །དེ་དག་ལ་འདི་སྐད་ཅེས། དོན་ལ་བལྟ་བའི་མངོན་སུམ་དག །རང་གིས་དྲངས་པའི་ངེས་པ་དང༌། །གཞན་གྱིས་དྲངས་པའི་ངེས་པ་ཡིས། །འཇུག་ཡུལ་རྟོགས་ཀྱི་རང་གིས་མིན། །ཁ་དོག་འཛིན་པ་རེག་བྱ་ལ། །གཞན་ངེས་མངོན་སུམ་ཡིན་སྲིད་མོད། །ཁ་དོག་འཛིན་པའི་མངོན་སུམ་གྱིས། །རེག་བྱ་རྟོགས་ཞེས་སྨྲ་བ་འཁྲུལ། །ཚད་མ་གྲུབ་པའི་དོན་མཐའ་དག །མངོན་སུམ་བཞི་པའི་སྐབས་འདིར་བསྟན། །ཕན་བཞེད་པ་དང་སྟོན་པ་ལ། །ཐབས་དང་ཤེས་རབ་ཅེས་བྱར་བཤད། །ཇི་ལྟ་ཇི་སྙེད་གཟིགས་པ་ནི། །བདེ་བར་གཤེགས་དང་སྐྱོབ་པའི་མིང༌། །སྐྱེ་བ་དུ་མར་ཐབས་གོམས་པ། །སྲིད་པ་མིན་ཞེས་བརྩད་པའི་ལན། །རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི། །རྟགས་ཀྱི་འཁོར་བ་ཡོད་པར་བསྒྲུབས། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །སྒྲིབ་ཀུན་འཇོམས་པའི་ཤེས་བྱེད་དུ། །རྟེན་བརྟན་པ་དང་གོམས་པ་ལས། །ངང་གིས་འཕེལ་བའི་གཏན་ཚིགས་བཤད། །དེ་ཡིས་མཐར་ཕྱིན་དུས་སུ་ནི། །མི་གནས་མྱ་ངན་འདས་པ་དང༌། །ཇི་ལྟ་བ་དང་ཇི་སྙེད་པའི། །ཡེ་ཤེས་གཟིགས་པ་འབད་མེད་གྲུབ། །ཅེས་སྦྱར་བ་ཡིན་ནོ། །གཉིས་པ་མངོན་སུམ་ལྟར་སྣང་ལ། མཚན་ཉིད། དབྱེ་བའོ། །དང་པོ་ནི། འཁྲུལ་པའི་ཤེས་པ་ཐམས་ཅད་ནི། །མངོན་སུམ་ལྟར་སྣང་ཉིད་དུ་འདོད། །ཅེས་པའོ། །གཉིས་པ་ནི། དེ་ལ་དབྱེ་ན། རྟོག་པ་དང༌། རྟོག་མེད་ཀྱི་ཤེས་པ་གཉིས། རྟོག་མེད་འཁྲུལ་པ་ལའང་རྨི་ལམ་གསལ་སྣང་ལྟ་བུ་ཡིད་ཤེས་དང༌། ཟླ་བ་གཉིས་སྣང་ལྟ་བུ་དབང་ཤེས་འཁྲུལ་པ་གཉིས་སོ། །རྟོག་པ་ལ་རྣམ་འགྲེལ་དུ་གསུམ་དུ་བསྡུས་པ་ཡིན་ལ། ཀུན་ལས་བཏུས་སུ་དྲུག་བཤད་པ་ནི། ལོག་རྟོག་ཟློག་པའི་ཕྱིར་དུ་གསུམ་པོ་དེ་ལས་ཕྱེ་སྟེ་གསུངས་པས་དོན་ལ་མི་མཐུན་པ་མེད་དོ། །གསུམ་པ་ཚད་མ་དང་འབྲས་བུ་བཤད་པ་ལ་གཉིས་ཏེ། མངོན་སུམ་གྱི་དང༌། རྗེས་དཔག་གི་ཚད་འབྲས་སོ། །དང་པོ་ལ། གཞན་ལུགས་དགག་པ། རང་ལུགས་གཞག་པ། དེ་གྲུབ་མཐའ་དང་སྦྱར་བའོ། །དང་པོ་ལ། འདིར་འབྲས་བུ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་སྟེ། ཚད་མ་རྒྱུད་ལ་སྐྱེད་པའི་དགོས་པའོ། །དེ་ལ་གཉིས་ཏེ། གཞལ་བྱ་རྟོགས་པ་དང༌། འཇུག་ཡུལ་ལ་མི་སླུ་བའོ། །འདིར་དང་པོའི་སྒྲུབ་བྱེད་འཆད་པ་སྐབས་སུ་བབ་པ་ཡིན་ལ། དེ་ལ་རང་གཞན་གྱི་སྡེ་པ་དག་མི་མཐུན་པའི་ཚུལ་ནི། མུ་སྟེགས་སྤྱོད་པ་པ། དང་པོར་དོན་ལ་བལྟ་བའི་རྟོག་མེད་ཀྱི་ཤེས་པ་ཚད་མ་དང༌། དེའི་འོག་ཏུ། དོན་གྱི་ངོ་བོ་དང་ཁྱད་པར་ངེས་པའི་རྟོག་པ་འབྲས་བུར་འདོད། རིགས་པ་ཅན་པ། དབང་དོན་ཕྲད་པ་ཚད་མ་དང༌། དེ་ལས་སྐྱེས་པའི་དོན་རྟོགས་པ་འབྲས་བུར་འདོད། བྱེ་བྲག་པ། ཡོན་ཏན་སོགས་ཁྱད་པར་འཛིན་པ་ཚད་མ་དང༌། ཁྱད་པར་ཅན་རྫས་འཛིན་པའི་ཤེས་པ་འབྲས་བུར་འདོད། བྱེ་བྲག་ཏུ་སྨྲ་བ། དབང་པོ་གཟུགས་ཅན་པ་ཚད་མ་དང༌། དེ་ལས་བྱུང་བའི་ཤེས་པ་འབྲས་བུར་འདོད། དེ་དག་མི་འཐད་དེ། རྫས་ཐ་དད་པ་བྱ་བྱེད་དུ་མི་རུང་བའི་ཕྱིར། གཉིས་པ་རང་ལུགས་ནི། ཚད་འབྲས་གཉིས་བསྐྱེད་བྱ་སྐྱེད་བྱེད་མ་ཡིན་ཏེ། རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང༌། རྣམ་པར་བཞག་བྱའི་འབྲས་བུ་ཉིད་ལ་ཚད་མ་དང་འབྲས་བུ་ཞེས་བཞེད་པའི་ཕྱིར། འདིར་ཚད་མ་མངོན་རྗེས་གཉིས་ནི། ཁྱད་གཞི་སྟེ་བསྒྲུབ་བྱའི་ཆོས་ཅན་ནོ། །གཞལ་བྱ་རྟོགས་པ་ནི་ཁྱད་པར་གྱི་ཆོས་དང༌། རྣམ་པར་བཞག་བྱའི་འབྲས་བུ་དང༌། བསྒྲུབ་བྱའི་ཆོས་སོ། །དེ་ལའང་གཉིས་ཏེ། ཕྱི་རོལ་གྱི་དོན་རྟོགས་པ་དང༌། ཤེས་པ་རང་རིག་པའོ། །འབྲས་བུ་དེའི་རྣམ་འཇོག་གི་རྒྱུ་དང༌། སྒྲུབ་བྱེད་ལ་ནི་ཚད་མ་ཞེས་བྱ་སྟེ། སྒྲུབ་བྱེད་ཚད་མ་ཞེས་བྱ་བའི་དོན་ཡིན་གྱི། མི་སླུ་བའི་རིག་པ་ལ་བྱ་བ་ནི་མ་ཡིན་ནོ། །དེ་ལའང་གཉིས་ཏེ། གཟུང་རྣམ་དང༌། འཛིན་རྣམ་མོ། །དང་པོ་ནི། དོན་གྱི་རྣམ་པ་ཤར་བ་སྟེ་མིང་གི་རྣམ་གྲངས་དོན་དང་འདྲ་བ་ཞེས་ཀྱང་བྱའོ། །འདི་མ་དཔྱད་པའི་ཚེ་དོན་རིག་གི་སྒྲུབ་བྱེད་དང༌། དཔྱད་པའི་ཚེ་རང་རིག་གི་སྒྲུབ་བྱེད་དུ་འགྱུར་བ་ཡིན་ལ། འཛིན་རྣམ་ནི་གནས་སྐབས་ཐམས་ཅད་དུ་རང་རིག་པའི་སྒྲུབ་བྱེད་དོ། །འོ་ན་དོན་དང་འདྲ་བ་དེ། འབྲས་བུ་གཉིས་ཀའི་སྒྲུབ་བྱེད་ཡིན་ནམ། གང་རུང་གཅིག་གི་ཡིན། དང་པོ་ལྟར་ན། འགལ་བ་ལ་མི་འཁྲུལ་བར་འགྱུར་ལ། གཉིས་པ་ལྟར་ན། ཚད་འབྲས་དང་པོའི་སྐབས་སུ་དོན་རིག་པ་དང༌། ཕྱི་མར་རང་རིག་པ་འབྲས་བུར་བཤད་པ་འགལ་ལོ། །ཞེ་ན། མདོ་སྡེ་པའི་གྲུབ་པའི་མཐའ་མཐར་ཐུག་པ་ལ། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རིག་པར་ཁས་མི་ལེན་པའི་ཕྱིར་བརྟག་པ་གཉིས་པ་ལྟར་ཁས་ལེན་ལ། དེ་ལྟ་ན་ཡང༌། ཉེས་པ་དེས་མི་གནོད་དེ། འཇིག་རྟེན་ན་ཕའི་གཟུགས་དང་འདྲ་བ་ལ་བུས་ཕའི་གཟུགས་འཛིན་ཞེས་བརྗོད་པ་ལྟར། དོན་སྣང་གི་ཤེས་པས་དོན་རིག་གོ་ཞེས་འཇིག་རྟེན་ན་གྲགས་པ་ལྟར། ཚད་འབྲས་དང་པོའི་རྣམ་གཞག་མཛད་པ་ཡིན་པས་སོ། །གསུམ་པ་དེ་གྲུབ་མཐའ་བཞི་དང་སྦྱར་ན། འབྲས་བུ་དོན་རིག་དང་རང་རིག་གཉིས་སུ་གྲངས་ངེས་པར་བཤད་པ་དེ་ལ། རང་རིག་གི་ཚད་འབྲས་ཀྱི་རྣམ་གཞག་ནི། རང་རིག་ཁས་ལེན་པའི་གྲུབ་མཐའ་ཕལ་ཆེར་མཐུན་ཏེ། ཇི་སྐད་དུ། འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་གསུངས་པས་སོ། །དེའི་ཚེ་ན། གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་འཇོག་པ་ནི་མ་ཡིན་ཏེ། རྣམ་བརྫུན་པས་གཟུང་རྣམ་ཤེས་པར་མི་འདོད་པས་སོ། །འོ་ན་དོན་རིག་གི་ཚད་འབྲས་ཀྱང་འཇོག་ཚུལ་མཚུངས་སམ་ཞེ་ན། མི་མཚུངས་ཏེ། དོན་རིག་སྨྲ་བས་རང་རང་གི་གྲུབ་མཐའི་སྟོབས་ཀྱིས་ཚད་འབྲས་འཇོག་པས་སོ། །ཇི་ལྟར་ཞེ་ན། བྱེ་བྲག་ཏུ་སྨྲ་བས། དོན་རྟོགས་མཚན་ཉིད་པ་དང༌། དོན་མཐོང་བའི་རྟེན་བཅས་ཀྱི་དབང་པོ་ཚད་འབྲས་བུ་འདོད། མདོ་སྡེ་པས། དོན་རྟོགས་བཏགས་པ་བའི་ཐ་སྙད་དང༌། དོན་དང་འདྲ་བར་སྐྱེས་པའི་ཤེས་པ་ཚད་འབྲས་སུ་འདོད། སེམས་ཙམ་རྣམ་བདེན་པས། གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་དང༌། གཟུང་རྣམ་དེ་འཇལ་བའི་འཛིན་རྣམ་ཚད་འབྲས་སུ་འདོད། རྣམ་བརྫུན་པ། གཟུང་འཛིན་གཉིས་མེད་ཀྱི་རང་རིག་དང༌། དེའི་འཛིན་རྣམ་ཚད་འབྲས་སུ་བཞེད་དོ་ཞེས་བཤད་ན་ལེགས་ཀྱང༌། འགྲེལ་པ་འདི་དང༌། སློབ་དཔོན་རྩང་ནག་པས། དོན་དུ་སྣང་བའི་སྒྲོ་བཏགས་གཞལ་བྱ། དེ་འཛིན་པའི་ཤེས་པ་ཚད་མ་རང་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་འདོད་དོ། །ཞེས་བཤད། དེ་ཡང་རྩང་ནག་པ་ནི། ཚད་འབྲས་གཉིས་མཚན་མཚོན་དུ་འཇོག་པ་ལྟ་ཞོག བསྒྲུབ་བྱ་སྒྲུབ་བྱེད་དུ་ཡང་མི་འདོད་པས་འཛིན་རྣམ་ཚད་མར་བཞག་ཀྱང་འགལ་བ་མེད་ལ། འགྲེལ་པ་འདིར་ནི། གཞལ་བྱ་གཟུང་རྣམ་དེ་འཛིན་པའི་ཤེས་པ་ཚད་མ། ཞེས་གསུངས་པས། དེ་ལ་རང་རིག་བཏགས་པ་བས་ཁྱབ་པ་ཉིད་དུ་ཁས་ལེན་པ་ལ་འགལ་བ་མེད་དོ། །འོ་ན་དེ་ལྟར་བཞི་ལས། སྡེ་བདུན་མཛད་པའི་རང་ལུགས་གང་ཡིན་ཞེ་ན། ཕྱྭ་བསྡུས་རྗེས་འབྲང་དང་བཅས་པ་ནི། ཕྱི་རོལ་གྱི་དོན་ཁས་ལེན་པའི་ཚེ། མདོ་སྡེ་པའི་ལུགས་བཀག་ནས། བྱེ་བྲག་ཏུ་སྨྲ་བའི་ལུགས་ལྟར་དོན་རྟོགས་མཚན་ཉིད་པ་འབྲས་བུར་ཁས་ལེན་ལ། བསྟན་བཅོས་འདིར་ནི། ལུགས་དེ་ལེགས་པར་བཀག་ནས། ཕྱི་རོལ་གྱི་དོན་ཁས་ལེན་པ་ན། ཕྱི་དོན་གཞལ་བྱ་ལ། རང་རིག་མཚན་ཉིད་པ་དང༌། དོན་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་འཇོག་པ་དེ། མདོ་སྡེ་པའི་རང་ལུགས་ཡིན་པ་དེ་ཉིད། བསྟན་བཅོས་འདིར་ཕྱི་རོལ་གྱི་དོན་སྒྲུབ་པའི་སྐབས་སུ་རང་ལུགས་མཐར་ཐུག་པའོ། །ཞེས་བཞེད་པ་ཡིན་ནོ། །གཉིས་པ་རྗེས་དཔག་གི་ཚད་འབྲས་ལ། མདོ་སྡེ་པའི་ལུགས་དང༌། རྣམ་རིག་པའི་ལུགས་སོ། །དང་པོ་ནི། རློམ་ཚོད་ལ་ལའི་མེ་རང་མཚན་དང༌། སོང་ཚོད་ལ་ལ་མེའི་ཚོགས་དོན་གྱི་གཞན་སེལ་གཞལ་བྱ་ལ། ཚུལ་གསུམ་པ་ཅན་གྱི་དུ་བའི་རྟགས་ལས་བྱུང་བའི་སྟེ་རྟེན་པའི་གཞན་སེལ་བའི་ཡུལ་ཅན་གྱི་བློ་ཚད་མ་ཉིད་ཡིན་ལ། གཞན་སེལ་དེ་རྟོགས་པ་འབྲས་བུ་ཡིན་ཞེས་མཁས་པ་རྣམས་བཞེད་དོ། །དེའང་འདི་ལྟར། སྣང་བརྟགས་སོ་སོར་མ་ཕྱེ་བའི་ལ་མེའི་ཚོགས་དོན་གཞལ་བྱ། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་ཚོགས་དོན་དེ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་བློ་ཚད་མ། དེ་རྟོགས་པ་འབྲས་བུ། ཞེས་འཇོག་པའི་དོན་ནོ། །འདིར་ཕྱི་རོལ་གྱི་དོན་རྟོགས་པའི་མངོན་སུམ་མི་བཞེད་ཀྱང༌། རྗེས་དཔག་མི་བཞེད་པ་མ་ཡིན་ཏེ། དེ་རྟོགས་པའི་ཚད་མ་བཞེད་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་ནི་སེམས་ཙམ་པའི་ངོར་རྟགས་ཀྱིས་སྒྲུབ་དགོས་པར་བཞེད་པའི་ཕྱིར། འདི་ཡང་དེའི་གཞན་སེལ་རྟོགས་པ་ལ་དེ་རྟོགས་པར་གཞག་པའོ། །གཉིས་པ་ནི། ཁ་ཅིག་ན་རེ། རྣམ་རིག་པའི་ལུགས་ལ་འབྲས་རྟགས་མི་བཞེད་དེ། བཞེད་ན། དུར་སྣང་གི་བློ་དེ་མེར་སྣང་གི་བློའི་འབྲས་བུ་ཡིན་དགོས་པ་ལས། དེ་ཡང་མ་ཡིན་ཏེ། དུར་སྣང་སྔར་བྱུང་ལ། མེར་སྣང་ཕྱིས་འབྱུང་བའི་ཕྱིར། ཞེ་ན། མེར་སྣང་བག་ཆགས་ཀྱི་སྙིང་པོ་ལས་དུར་སྣང་བའི་བག་ཆགས་སྐྱེ་བ་དེས་ན། དུ་བར་སྣང་བའི་རྟགས་ཀྱིས། ལར་སྣང་བའི་སྟེང་དུ། མེར་སྣང་སྔ་མའི་བག་ཆགས་སྔོན་དུ་སོང་བར་རྟོགས་པའི་བློ་ཆོས་ཅན། རྗེས་དཔག་ཡིན་ཞེས་མཁས་པ་རྣམས་བཞེད་དེ། ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་རང་གི་འཇུག་ཡུལ་ལ་སྐྱེས་བུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། དེ་དག་ལ་འདི་སྐད་ཅེས། ཚད་འབྲས་གཉིས་ལ་ཁྱབ་པ་ཡི། །སྒོ་བཞི་བརྩི་བ་འཕགས་ཡུལ་གྱི། །གཞུང་ལུགས་དག་ནས་འབྱུང་བ་མེད། །འཇོག་བྱེད་ཅེས་པ་སྒྲུབ་བྱེད་ཀྱི། །མིང་ཡིན་རྣམ་པར་གཞག་བྱ་ཡང༌། །བསྒྲུབ་བྱའི་མིང་ཡིན་དེ་ཙམ་གྱིས། །མཚན་མཚོན་ཉིད་དུ་ཁས་ལེན་ན། །ཧ་ཅང་ཐལ་བར་འགྱུར་ཕྱིར་རོ། །རྔོག་ལོ་ཆེན་པོ་ཚད་མ་ནི། །རྫས་ཡོད་དོན་དང་འབྲས་བུ་ཡང༌། །བཏགས་ཡོད་མིང་ཡིན་དེ་ལྟ་ནའང༌། །བསྒྲུབ་བྱ་སྒྲུབ་བྱེད་མ་ཡིན་ཏེ། །ཆོས་ཅན་ཚད་མས་ངེས་པའི་བློས། །དེ་ཡི་སྟེང་དུ་དོན་རྟོགས་པ། །གྲུབ་ཟིན་ཕྱིར་ན་སྒྲུབ་མི་དགོས། །དོན་རྟོགས་པ་ཡང་དོན་འདྲ་བའི། །བཏགས་མིང་ཡིན་གྱི་བཤད་འཇུག་གི །རྒྱུ་མཚན་ཡོད་པའི་མིང་མིན་ཏེ། །ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དོན་རྟོགས་མེད་པའི་ཕྱིར་ཞེས་བཞེད། །ཕྱྭ་པ་རང་རིག་གཞན་རིག་གི །ཚད་མ་གཉིས་པོ་འབྲས་བུ་དང༌། །རང་མྱོང་བ་དང་གཞན་མྱོང་བས། །སྒྲོ་འདོགས་གཅོད་པ་ཚད་མ་ཉིད། །ཡིན་ཕྱིར་མཚན་མཚོན་ཉིད་རིགས་ཀྱང༌། །བསྒྲུབ་བྱ་སྒྲུབ་བྱེད་དངོས་མིན་ཏེ། །ཐ་སྙད་འབའ་ཞིག་སྒྲུབ་པ་ནི། །རྨོངས་པ་ཁོ་ནའི་དབང་བྱས་ཕྱིར། །མཁས་ལ་ཚད་མ་དང་འབྲས་བུ། །འཇོག་པ་མེད་པར་འགྱུར་ཞེས་ཟེར། །བསྟན་བཅོས་འདིར་ནི་དོན་འདྲ་བ། །དོན་རྟོགས་པ་ཡི་སྒྲུབ་བྱེད་མིན། །རང་ཉིད་རིག་པའི་སྒྲུབ་བྱེད་དངོས། །ཡིན་ཞེས་མདོ་སྡེ་སྨྲ་བའི་ལུགས། །དེ་ཡི་ཕྱིར་ན་བསྒྲུབ་བྱ་དང༌། །འབྲས་བུ་རང་རིག་ཁོ་ནར་ངེས། །སྒྲུབ་བྱེད་གཟུང་བའི་རྣམ་པ་དང༌། །འཛིན་པའི་རྣམ་པའི་བྱེ་བྲག་གིས། །གཉིས་ཡིན་གཉིས་ཀའང་དོན་སྒྲུབ་པ། །ཡིན་ཕྱིར་ཐ་སྙད་འབའ་ཞིག་དང༌། །གྲུབ་ཟིན་གྲུབ་པའང་མ་ཡིན་ཏེ། །དོན་སྣང་ཤེས་པས་དོན་རྟོགས་པ། །མ་གྲུབ་པ་ཉིད་ཡིན་ཕྱིར་དང༌། །དེ་ཡི་སྟེང་དུ་དོན་རྟོགས་པ། །བཀག་ནས་རང་ཉིད་རིག་པ་ནི། །ངེས་པར་བསྒྲུབ་བྱ་ཡིན་ཕྱིར་རོ། །སྒྲུབ་བྱེད་གཉིས་པོ་རྣམ་བཅས་དང༌། །རྣམ་མེད་སྨྲ་བའི་གཞུང་གིས་ཕྱེ། །ཞེས་སྦྱར་བ་ཡིན་ནོ། །ཚད་མ་རིགས་པའི་གཏེར་ལས་མངོན་སུམ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དགུ་པ་རྣམ་པར་བཤད་པའོ།།  །།གཉིས་པ་རྗེས་དཔག་བཤད་པ་ལ། མཚམས་སྦྱར་བ་དང༌། སོ་སོའི་དོན་ནོ། །དང་པོ་ནི། རྗེས་དཔག་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། རང་དོན་དང༌། གཞན་དོན་རྗེས་དཔག་རྣམ་པ་གཉིས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ལ། མཚན་ཉིད་དང༌། དེའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། ཚུལ་གསུམ་པའི་རྟགས་ལས་དོན་ཏེ་གཞལ་བྱ་མཐོང་བ་སྟེ་རྟོགས་ཤིང༌། འཇུག་ཡུལ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའོ། །གཉིས་པ་ལ་གཉིས་ཏེ། གང་གིས་རྟོགས་པའི་རྟགས་དང༌། དེས་རྟོགས་པའི་སྒྲུབ་བྱའོ། །དང་པོ་ལ་གཉིས་ཏེ། རྟགས་ཀྱི་ལྟོས་གཞི་ངོས་བཟུང་བ་དང༌། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་སྟེ། ཚུལ་དང་པོའི་ལྟོས་གཞི་ཕྱོགས། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས། དེ་དག་ལྟོས་གཞིར་འཇོག་པའི་འཐད་པའོ། །དང་པོ་ལ་གཉིས་ཏེ། རྗེས་སུ་དཔག་བྱའི་སྒྲ་དོན་སྤྱིར་བསམ་པ། སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། གང་ལ་འཇུག་པ་ཡུལ་གྱི་ངེས་པ། གང་དུ་འཇུག་པ་གནས་སྐབས་ཀྱི་ངེས་པ། ཇི་ལྟར་འཇུག་པ་སྒྲའི་མཚན་ཉིད་དོ། །དང་པོ་ནི། ཕྱོགས་ཞེས་པའི་མིང་ནི་ཆོས་དང་ཆོས་ཅན་གྱི་ཚོགས་པ་བརྗོད་པ་ལ་དངོས་མིང་ཡིན་ཞིང༌། ཕྱོགས་མཚན་ཉིད་པ་དེའི་ཕྱོགས་རེས་ཟིན་པའི་ཕྱིར་ན། ཡ་གྱལ་གཉིས་ལའང་ཕྱོགས་ཀྱི་མིང་བཏགས་ནས་འཇུག་པ་ཡིན་ཏེ། ཕྱོགས་གླང་ཞབས་ཀྱིས། རྟགས་ཀྱི་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཀྱང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་ནི། འོ་ན་ཕྱོགས་ཀྱི་མིང་དོན་གསུམ་ལ་འཇུག་ན་འཇུག་པ་འཆོལ་བར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། སྐབས་སྟོབས་ཀྱིས་གོ་བའི་ཕྱིར། སེནྡྷ་བའི་སྒྲ་བཞིན་ནོ། །གསུམ་པ་ལ་གཉིས་ཏེ། དངོས་མིང་དང་བཏགས་མིང་གི་ཁྱད་པར། དངོས་དང་བཏགས་ཆོས་བསམ་པའོ། །དང་པོ་ནི། རྒྱུ་མཚན་དང་དགོས་པ་ལ་མ་ལྟོས་པར། སྔོན་ཏེ་ཐོག་མར་སྦྱར་བའི་མིང་གང་ཞིག ཐ་སྙད་ཀྱི་དུས་སུའང་དོན་དེ་ཉིད་གོ་བ་ནི་དངོས་མིང་ཡིན་ལ། དེ་ལ་བརྟེན་ནས་གཞན་ལ་གྲགས་པའི་མིང་ཞིག དགོས་པ་དང་རྒྱུ་མཚན་འགའ་ལ་ལྟོས་ནས། དོན་གཞན་རྟོགས་པའི་ཆེད་དུ་སྦྱར་བའི་མིང་དེ་བཏགས་པའི་མིང་དུ་འདོད་དོ། །གཞུང་འདིར་དེ་ལྟར་བཤད་པ་དེ་ནི། མིང་གཉིས་ཀྱི་མཚན་གཞི་ངོས་བཟུང་བ་ཡིན་ལ། སྨྲ་སྒོ་ལས་ནི། ཇི་སྐད་དུ། དེ་ཡང་མིང་གི་ཐོག་མ་དང༌། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །རྗེས་གྲུབ་དང་ནི་དོན་ལྡན་དང༌། །འདོད་རྒྱལ་གཉིས་ཀར་འདོད་པ་ཡིན། །ཞེས་གསུངས་པ་དེའི་དོན་ནི། མིང་ལ་གཉིས་ཏེ། ཐོག་མ་ཉིད་དུ་གྲུབ་པའི་མིང་དང༌། རྗེས་སུ་གྲུབ་པའི་མིང་གཉིས། དེ་ལའང་འདོད་རྒྱལ་དང༌། དོན་ལྡན་གཉིས། དེ་ལྟར་གསུམ་ལས། དང་པོ་གཉིས་ལ་དངོས་མིང་གིས་ཁྱབ་ཅིང༌། གསུམ་པ་ལ་དངོས་མིང་དང༌། བཏགས་མིང་དུ་ཕྱེ་བ་ཡིན་ནོ། །དེས་ན་འདོད་རྒྱལ་གྱི་མིང་ངམ། དངོས་ཀྱི་སྒྲ་བཤད་གསུམ་པོ་གང་རུང་ཚང་བའི་མིང་དེ་དངོས་མིང་གི་མཚན་ཉིད། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པ་ལྟ་བུ་འདོད་རྒྱལ་ཐོག་མའི་མིང་དང༌། ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུ་རྗེས་གྲུབ་ཀྱི་འདོད་རྒྱལ་ཞེས་བྱའོ། །དོན་དང་ལྡན་པའི་མིང་གང་ཞིག བཏགས་པའི་སྒྲ་བཤད་པ་ལྔ་པོ་གང་རུང་གི་སྒོ་ནས་སྒྲ་བཤད་དུ་ཡོད་པའི་མིང་དེ། བཏགས་མིང་གི་མཚན་ཉིད། དབྱེ་ན། འདྲ་བ་རྒྱུ་མཚན་དུ་བྱས་པ་དང༌། འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང༌། དེ་གཉིས་ཀ་ལས་བཟློག་པ་རྒྱུ་མཚན་དུ་བྱས་པ་དང་གསུམ་མོ། །དང་པོ་གཉིས་རྟོགས་སླ་ལ། གསུམ་པ་ནི། བླུན་པོ་ལ་ལྷ་དགའ་བ་དང༌། མིག་དམར་ལ་བཀྲ་ཤིས་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་དངོས་དང་བཏགས་ཆོས་བསམ་པ་ལ་གཉིས་ཏེ། ཚོགས་དོན་ལ་དངོས་ཆོས་བསམ་པ་དང༌། ཡ་གྱལ་གཉིས་ལ་བཏགས་ཆོས་བསམ་པའོ། །དང་པོ་ནི། ཚོགས་དོན་ལ་ཕྱོགས་སྒྲ་དངོས་མིང་དུ་འཇུག་པ་ཡིན་ཏེ། རྟོག་གེ་ལ་མཁས་པ་རྣམས་ལ་དོན་དེ་ལ་མིང་དེ་གདོད་མ་ནས་གྲུབ་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་དོ། །དང་པོ་ནི། བཏགས་མིང་དུ་འཇུག་པ་ལ་ནི་འདྲ་བའི་རྒྱུ་མཚན་གཞན་ལ་ལྟོས་པ་དང༌། འབྲེལ་བའི་རྒྱུ་མཚན་གཞན་ལ་ལྟོས་པ་གཉིས་ལས། དང་པོ་ནི། སྨན་བྱ་རོག་རྐང་ཞེས་པ་ལྟ་བུའོ། །གཉིས་པ་ལ་རྒྱུ་འབྲས་ཀྱི་འབྲེལ་པ་རྒྱུ་མཚན་དུ་བྱས་པ་དང༌། ཚོགས་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས། དེ་ལའང་ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་དང༌། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་གཉིས་ལས། འདིར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། གཉིས་པོ་ཕྱོགས་མཚན་ཉིད་པ་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུའོ། །གཉིས་པ་བཏགས་པའི་དགོས་པ་ལ་གཉིས་ཏེ། ཆོས་ལ་ཕྱོགས་སྒྲ་བཏགས་པའི་དགོས་པ་དང༌། ཤེས་འདོད་ཆོས་ཅན་ལ་བཏགས་པའི་དགོས་པའོ། །དང་པོ་ནི། བསྒྲུབ་བྱའི་ཆོས་ལ་བསྒྲུབ་བྱར་མིང་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་མ་སྦྱར་བར། གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ། །ཞེས་སྦྱར་ན། འགལ་བའི་གཏན་ཚིགས་ཡང་དག་ཏུ་ལོག་པར་རྟོག་པ་སྤང་བའི་ཕྱིར་རམ། སྐབས་འགའ་ཞིག་ཏུ་སྡེབ་སྦྱོར་གྱི་ངོར་བྱས་ནས་བཏགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཤེས་འདོད་ཆོན་ཅན་ལ་ཕྱོགས་ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཅན་གྱི་ཆོས་ཤེས་བརྗོད་ན། མཐུན་པ་དཔེའི་ཆོས་ཅན་ལ་ཡོད་པའམ། མི་མཐུན་པ་དཔེའི་ཆོས་ཅན་ལ་ཡོད་པ་ཚུལ་དང་པོ་ཡིན་ནམ་སྙམ་པའི་འཁྲུལ་གཞི་ཡོད་ལ། དེ་དག་གང་ཡང་མ་ཡིན་ཞེས་མཐའ་རྣམས་བཀག་ན་ཡུན་རིང་པོ་འགོར་ཞིང༌། ཤེས་འདོད་ཆོས་ཅན་གྱི་ཆོས་ཤེས་དངོས་མིང་ནས་བརྗོད་ན། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །ཞེས་ཡི་གེ་མ་ཉམས་པས་སྡེབ་སྦྱོར་ཉམས་པར་འགྱུར་ལ། ལོག་རྟོག་མེད་ཅིང༌། ཚུལ་དང་པོ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་བཏགས་པས་སོ། །གསུམ་པ་བཏགས་པ་ལ་མ་བཏགས་པའི་ཕྱོགས་དང་མཚུངས་པའི་རྩོད་པ་སྤང་བ་ནི། ཕྱོགས་ཀྱི་ཆོས་ཤེས་བརྗོད་པ་དང༌། ཆོས་ཅན་གྱི་ཆོས་ཤེས་བརྗོད་པ་གཉིས། འཁྲུལ་གཞི་ཡོད་མེད་མཚུངས་ཏེ། ཆོས་ཅན་གྱི་སྒྲ་དེ་དོན་གསུམ་ལ་འཇུག་པ་བཞིན་དུ། ཕྱོགས་ཀྱི་སྒྲ་ཡང་དོན་གསུམ་ལ་འཇུག་པའི་ཕྱིར། ཞེ་ན་མི་མཚུངས་ཏེ། འཇིག་རྟེན་ན་གྲགས་པའི་སྒོ་ནས་ཁྱད་པར་ཡོད་པའི་ཕྱིར། ཇི་ལྟར་ཞེ་ན། སྤྱིར་ཕྱོགས་ཞེས་པའི་སྒྲ་སྤྱི་སྒྲ་ཡིན་ཀྱང༌། ཆོས་ཤེས་པའི་ཚིག་དང་འབྲེལ་བའི་ཚེ། རྩོད་གཞི་ཆོས་ཅན་ཉིད་ཡིན་ཏེ། དཔེར་ན། ལག་ལྡན་ཞེས་བརྗོད་པ་བཞིན་ནོ། །ཆོས་དང་འབྲེལ་ཡང༌། ཆོས་ཅན་གྱི་སྒྲས་རྩོད་གཞིའི་ཆོས་ཅན་ངེས་པར་མི་ནུས་ཏེ། དཔེར་ན། མགོ་ལྡན་ཞེས་བརྗོད་པ་བཞིན་ནོ། །གཞུང་འདིས་ནི། སྤྱིར་ཤེས་འདོད་ཆོས་ཅན་ལ་ཕྱོགས་སྒྲ་བཏགས་མིང་དུ་འཇུག་ཀྱང༌། ཕྱོགས་ཆོས་ཞེས་བརྗོད་པའི་ཚེ། དེ་ལ་དེ་དངོས་མིང་དུ་འཇུག་པར་བསྟན་ནོ། །གསུམ་པ་ནི། བསྒྲུབ་བྱའི་ཆོས་དང༌། ཤེས་འདོད་ཆོས་ཅན་གཉིས་ཀ་ཆོས་ཅན། བསྒྲུབ་བྱ་ཉིད་མ་ཡིན་ཏེ། དེའི་མཚན་ཉིད་ཚང་བ་མེད་པའི་ཕྱིར་རོ། །གཉིས་པ་སྐབས་དོན་གྱི་ཁྱད་པར་ངེས་པར་བྱ་བ་ནི། རང་གི་སྟེང་དུ་གྲུབ་བསལ་མེད་པའི་བསྒྲུབ་བྱའི་ཆོས་དཔག་པའི་གཞིར་བཟུང་བ་ནི། ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་ལ། དེ་ལ་རྟགས་སུ་བཟུང་བྱ་ཚད་མས་གྲུབ་པ་ནི། ཕྱོགས་ཆོས་ཀྱི་མཚན་ཉིད་དོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་ལ་གསུམ་ལས། གཞན་ལུགས་དགག་པ་ནི། བོད་ཀྱི་རྟོག་གེ་པ་རྣམས། བསྒྲུབ་བྱའི་ཆོས་དང་ལྡན་པ་དང་མི་ལྡན་པ་ལ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་མཚན་ཉིད། ཅེས་ཟེར་ཞིང༌། ཕྱོགས་གཉིས་པོ་ཕན་ཚུན་སྤངས་པའི་དངོས་འགལ་དུ་བསམས་ནས། ཕུང་གསུམ་བྱུང་བར་དོགས་པ་ལ། ཚད་མའི་ཡུལ་མི་ཤེས་པའི་བོད་འགའ་ཞིག རྫས་ལྡོག་རྣམ་པར་ཕྱེ་སྟེ་སྨྲ་བར་བྱེད་དོ། །དེ་ཡང་རྫས་ལ་བརྟེན་པའི་ཆོས་སྒྲུབ་པའི་ཚེ། ལྡོག་པ་ལ་ཕུང་གསུམ་སྲིད་ཀྱང་སྐྱོན་མ་ཡིན། ལྡོག་པ་ལ་བརྟེན་པའི་ཆོས་སྒྲུབ་པའི་ཚེ། ལྡོག་པ་ལ་ཁ་ཚོན་ཆོད། རྫས་ལ་ཕུང་གསུམ་སྲིད་ཀྱང་སྐྱོན་མ་ཡིན། གྲུབ་པའི་ཚུལ་ཡང༌། རྫས་ཆོས་རྣམས་ནི་ངོ་བོ་གཅིག་དང་ཐ་དད་དང་ལྡན་པ་གང་རུང་དུ་གྲུབ་ལ། ལྡོག་ཆོས་སྒྲུབ་པའི་ཚེ། རང་ལྡོག་རྟེན་ཙམ་དུ་སྒྲུབ་པ་ཡིན་ཞེས་ཟེར་རོ། །དེ་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་སྟེ་སྒྲུབ་པ་མི་འཐད། བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པའོ། །དང་པོ་ནི། རྫས་ལྡོག་ཇི་ལྟར་ཕྱེ་ན་ཡང༌། ཕྱོགས་གཉིས་ཉིད་དུ་ངེས་མི་ནུས་ཏེ། ཕྱོགས་གཉིས་ཀ་ལ་འཇུག་པའི་རྫས་ལྡོག་ཀྱང་མཁས་པ་རྣམས་ལ་གྲུབ་པར་མཐོང་བའི་ཕྱིར། དཔེར་ན། དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་ཚེ། སྐྱ་བོའི་རྫས་ཙམ་པོ་དང༌། བྱས་ལྡོག་གཏན་ཚིགས་སུ་སྒྲུབ་པའི་ཚེ། ཤེས་བྱ་ཙམ་པོ་བཞིན་ནོ། །གཞན་ཡང༌། དོན་ལ་དགག་སྒྲུབ་བྱེད་ན་ནི། ཚད་མའི་ཡུལ་མི་ཤེས་པར་འགྱུར་ལ། བློ་ངོར་དགག་སྒྲུབ་བྱེད་ན་ནི། མཐུན་ཕྱོགས་ལ་ཡོད་པར་ངེས་པ་དང༌། མེད་པར་ངེས་པ་དང༌། གང་དུ་ཡང་མ་ངེས་པ་གསུམ་དུ་འགྱུར་བའི་ཕྱིར་ན་ཕུང་གསུམ་སྲིད་དོ། །གཞན་ཡང༌། ཕྱོགས་གཉིས་དངོས་འགལ་དུ་མི་འཐད་དེ། འཐད་ན་ཤེས་འདོད་ཆོས་ཅན་དེ་གཉིས་པོ་གང་རུང་མ་ཡིན་པའི་ཕྱོགས་ཙམ་དུ་མི་འདོད་པའི་ཕྱིར་ན། ཕྱོགས་གཉིས་སུ་མ་འདུས་པའི་ལྟོས་གཞི་དང་པོ་མེད་པར་འགྱུར་ལ། དེ་ལ་འདོད་མི་ནུས་ཏེ། ལྟོས་གཞི་དང་པོ་ཕྱོགས་སུ་མི་འཐད་པ་འདི་ལ། རྗེས་སུ་འགྲོ་ལྡོག་གཉིས་ལས་ལོགས་སུ་ཕྱོགས་ཆོས་ཀྱི་མཚན་ཉིད་བཞག་དཀའ་བའི་ཕྱིར། གཞན་ཡང༌། ཕྱོགས་གཉིས་དངོས་འགལ་མ་ཡིན་ཏེ། ལྟོས་གཞི་དང་པོ་ཕྱོགས་གཉིས་སུ་ངེས་ན། ལྟོས་གཞི་གཞན་གཉིས་ཀྱི་ཡོད་མེད་ངེས་པའི་འགྲོ་ལྡོག་ཀྱང་ཚུལ་གཉིས་སུ་བརྗོད་པ་རབ་ཏུ་དཀའ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ཕྱོགས་ཆོས་དང་ནི་ཕྱོགས་གཉིས་པོ་གཅིག་ལ་ལྡོག་པས་འབྱེད་ན་ནི། གཏན་ཚིགས་མ་ངེས་པ་ག་ལ་སྲིད་དེ། རྟགས་ཀུན་ཕྱོགས་གཉིས་པོ་གང་རུང་དུ་བྱུང་བར་གྱུར་པས་སོ། །སྐབས་འདི་ན་ཚོགས་དོན་ཞེས་སོགས་རྐང་པ་གཉིས་འབྱུང་བ་ནི་མཚམས་འདིར་མ་འབྲེལ་ཞིང༌། དེ་འགོག་བྱེད་ཀྱི་རིགས་པ་ཞིག་སྣང་བ་དེ་ཡང་བརྟག་དཀའ་བར་སྣང་བས་རེ་ཞིག་དོར་བ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་ལོ་ཙྪ་བ་ཆེན་པོའི་གསུང་སྟེ། རྣམ་པར་ངེས་པའི་ཊཱི་ཀ་ལས། ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། །དེ་ཡི་ཡན་ལག་དེ་ལྡན་ཉིད། །ཚོགས་པའི་ཡན་ལག་མ་ཡིན་པས། །དུ་ནི་མཐུན་ཕྱོགས་ལས་གཞན་ཉིད། །ཅེས་འབྱུང་ངོ༌། །འདིའི་དོན་ནི་མཐུན་ཕྱོགས་ཀྱི་འཇོག་མཚམས་བསྒྲུབ་བྱའི་ཆོས་དང་ལྡན་པ་ལས་ཡིན་གྱི། འབྲེལ་པ་ཙམ་གྱིས་ནི་མ་ཡིན་ཏེ། གཞན་དུ་ན། དུ་བ་ཡང་ལ་མེ་ཡོད་ཀྱི་མཐུན་ཕྱོགས་སུ་ཐལ་བས་སོ། །འོ་ན་མེ་ལ་ཡང་མེ་ལྡན་པ་མ་ཡིན་པས་དེའི་མི་མཐུན་ཕྱོགས་སུ་ཐལ་བར་འགྱུར་རོ། །ཞེ་ན་མ་ཡིན་ཏེ། མེ་ནི་ལ་དང་མེའི་ཚོགས་དོན་གྱི་ཡན་ལག་གམ་ཆ་ཤས་ཡིན་པས་སོ། །མདོར་ན། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ངེས་པ་དང༌། ལྟོས་གཞི་གསུམ་དུ་འདོད་པ་འགལ་ལ། ལྟོས་གཞི་གཉིས་སུ་འདོད་ན་ནི། དེ་ལ་ལྟོས་པའི་རྟགས་ཀྱང་ཚུལ་གཉིས་པ་ཅན་དུ་འགྱུར་རོ། །ཤེས་བྱ་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་མཐུན་ཕྱོགས་དང༌། མི་མཐུན་ཕྱོགས་གཉིས་སུ་ངེས་པར། སློབ་དཔོན་མི་བཞེད་དེ། རྣམ་པར་ངེས་པ་ལས། འདི་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མ་ཡིན་ཏེ། རྣམ་པར་བརྟགས་པ་དང༌། གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ། །ཞེས་དང༌། དེ་དང་མཚུངས་པ་ཉིད་ལ། ཞེས་ངེས་པར་གཟུང་བའི་ཕྱིར། ཆོས་ཅན་ལ་མེད་པར་འགྱུར་རོ། །ཞེ་ན་མ་ཡིན་ཏེ། གཞན་དགག་པའི་ཕྱིར་རོ། །ཞེས་སོགས་གསུངས་པ་དང་འགལ་བར་འགྱུར་བས་སོ། །གཉིས་པ་ནི། རྫས་ལྡོག་སོ་སོར་ཕྱེ་བའི་རྗེས་སུ་འཇུག་ན། དགག་སྒྲུབ་ཀྱི་ཐ་སྙད་ཐམས་ཅད་འཇིག་པ་ཡིན་ཏེ། རྫས་ལ་དགག་སྒྲུབ་བྱེད་མི་ནུས་ལ། ལྡོག་པ་རྐྱང་པ་ལ་དགག་སྒྲུབ་བྱས་པས་དོན་རང་མཚན་མི་འཐོབ་པའི་ཕྱིར་རོ། །གསུམ་པ་ནི། ངོ་བོ་གཅིག་དང་ཐ་དད་ལས་མ་གཏོགས་པའི་རང་ལྡོག་བརྟེན་ནས་སྒྲུབ་པ་ཡིན་ནོ། །ཞེས་ཟེར་བའི་ཚུལ་འདི་བརྟགས་ན་སྙིང་པོ་མེད་དེ། སེལ་ངོར་ངོ་བོ་གཅིག་དང་ཐ་དད་ཀྱི་ལྡན་ཚུལ་ལས་ཕུང་པོ་གསུམ་པ་མི་སྲིད་ལ། སྣང་བའི་ངོར་ནི་དགག་སྒྲུབ་བྱེད་པ་མ་ཡིན་པའི་ཕྱིར། གལ་ཏེ་འོ་ན། ཕྱོགས་གཉིས་དངོས་འགལ་མ་ཡིན་པའི་ཕྱིར་དགག་བྱ་ཁེགས་པས། བསྒྲུབ་བྱ་འགྲུབ་པ་ལ་སོགས་པའི་དགག་སྒྲུབ་ཀྱི་རྣམ་པར་བཞག་པ་ཐམས་ཅད་འཇིག་གོ་ཞེ་ན། ཉེས་པ་དེ་མེད་དེ། དགག་བྱ་ཁེགས་པས་བསྒྲུབ་བྱ་འགྲུབ་པའི་གནད་ནི། ཕྱོགས་གཉིས་དངོས་འགལ་ཡིན་པའི་སྟོབས་ཀྱིས་བྱེད་པ་མ་ཡིན་གྱི། ཚད་མའི་སྟོབས་ལས་བྱུང་བའི་འགལ་འབྲེལ་ངེས་པས་དེ་ལྟར་འགྲུབ་པའི་ཕྱིར། གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཏེ། གང་ལྟོས་པའི་རྗེས་སུ་འགྲོ་ལྡོག གང་ལ་ལྟོས་པའི་ལྟོས་གཞི་ངོས་བཟུང་བའོ། །དང་པོ་ནི། རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་སྔོན་དུ་སོང་བའི་སྟོབས་ཀྱིས། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ནི་རྗེས་འགྲོའི་ཚུལ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་ནི། ལྡོག་པའི་ཚུལ་གྱི་མཚན་གཞིའོ། །གཉིས་པ་ལ་གསུམ་སྟེ། ཕྱོགས་གཉིས་བཤད་པ་དང༌། དགག་སྒྲུབ་ཀྱི་ཡུལ་ངོས་བཟུང་བ་དང༌། གཞན་སེལ་གྱི་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ནི། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་མཚུངས་པ་དང༌། དེར་མི་མཚུངས་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པ་ནི། གོ་རིམ་བཞིན་དུ་ཕྱོགས་གཉིས་ཀྱི་མཚན་ཉིད་ཡིན་ནོ། །འོ་ན་མཐུན་ཡུལ་གྱི་ཕྱོགས་དེ་དངོས་བཏགས་གཉིས་ལས་གང་ཞེ་ན། མཐུན་ཡུལ་གྱི་ཕྱོགས་ཀྱང་བཏགས་པ་བ་ཤེས་འདོད་ཆོས་ཅན་གཞན་སེལ་ཉིད་ཡིན་གྱི། རང་མཚན་རྐྱང་པ་དང༌། སྒྲ་དོན་རྐྱང་པ་གཉིས་པོ་གང་རུང་ལ་བྱ་བ་མ་ཡིན་ཏེ། འཇུག་ཚེ་རྟགས་ཆོས་དོན་གསུམ་པོ་ཐམས་ཅད་སྣང་བརྟགས་སོ་སོར་མ་ཕྱེ་བའི་དབང་དུ་བྱས་ནས་འཇོག་པའི་ཕྱིར། མཐུན་ཡུལ་ཕྱོགས་བཏགས་པ་བ་ལ་འཆད་པའི་ལུགས་འདི་ལ་ཆོས་ཅན། ཁྱབ་པ་ངེས་པའི་དུས་སུ། བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ་དང༌། མ་ངེས་པ་དང་པོ་འགལ་བར་ཐལ་བ་དང༌། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བའི་ཀླན་ཀ་དང་གསུམ་པོ་འཇུག་པ་མེད་དེ། ཁྱབ་པ་ངེས་པ་མཐུན་དཔེ་ངེས་པ་ལ་ལྟོས་ཀྱང༌། དེ་མཐུན་ཕྱོགས་ཡིན་པར་ངེས་པ་ལ་ལྟོས་པ་མེད་པའི་ཕྱིར་དང༌། ཁྱབ་འབྲེལ་ངེས་ཟིན་པའི་འོག་ཏུ། མཐུན་ཕྱོགས་ཀྱི་ཐ་སྙད་འདོགས་པའི་ཕྱིར་དང༌། སེལ་ངོར་སྒྲ་དང་རྟག་པར་མཐུན་པ་ཡོད་པས། མཐུན་ཕྱོགས་ཡོད་པར་གཞག་ནུས་པའི་ཕྱིར་དང༌། ཡང་དག་གི་རྩོད་གཞི་ནི་ཕྱོགས་ཕུང་པོ་གསུམ་པར་བཤད་ཟིན་པའི་ཕྱིར། གཞུང་གི་དགོངས་པའང༌། མཐུན་ཡུལ་ཕྱོགས་བཏགས་པ་བ་ཡིན་པ་འདི་ཉིད་ཡིན་ཏེ། ཇི་སྐད་དུ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཞེས་པའི་གཞུང་གིས་བསྟན་པའི་རྗེས་སུ་དཔག་བྱ་དེ། ཤེས་འདོད་ཆོས་ཅན་ཉིད་ལ་ངེས་པར་འཆད་དགོས་པའི་ཕྱིར། གཉིས་པ་དགག་སྒྲུབ་ཀྱི་ཡུལ་ངོས་བཟུང་བ་ནི། རྫས་དང་ལྡོག་པ་གཅིག་ཉིད་དུ་འཁྲུལ་པ་ཉིད་ལ་སྟེ་སྣང་བརྟགས་སོ་སོར་མ་ཕྱེ་བ་ཉིད་ལ་དགག་སྒྲུབ་བྱེད་དེ། དོན་སྤྱི་ལ་རང་མཚན་དུ་འཁྲུལ་ནས་ཞུགས་པས་འཇུག་ཡུལ་རང་མཚན་གོ་ནུས་པ་དེས་ནའོ། །འོ་ན་རྫས་ལྡོག་གི་མཚན་གཞི། མུ་སྟེགས་འདོད་པ་ལྟ་བུའི་རྫས་སམ། ལྡོག་པ་ཡང༌། བོད་གཞན་དག་གི་འདོད་པ་ལྟར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། རྫས་ནི་དངོས་པོ་ལས་གཞན་མ་ཡིན་ལ། གཞན་སེལ་ལས་གཞན་པ་སྟེ་མ་གཏོགས་པའི་ལྡོག་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་མི་རུང་བར། གཞན་སེལ་ཁོ་ན་དེར་འཆད་ན། དེའི་རྟེན་དུ་གྱུར་པའི་གཞན་སེལ་དེ་ལ་དུ་ཞེ་ན། གསུམ་སྟེ། དངོས་པོར་ཡོད་པ་ལ་བརྟེན་པ་དང༌། དངོས་པོར་མེད་པ་ལ་བརྟེན་པ་དང༌། གཉིས་ཀ་ལ་བརྟེན་ནས་སོ་སོར་ཕྱེ་བའི་སྒྲ་དོན་གསུམ་གྱིས། ཆོས་དོན་དང་ཐ་སྙད་གཉིས་སྒྲུབ་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། ཕྱོགས་གཉིས་སུ་བཅད་ན་མི་འཐད་པ་སྤང་བ་དང༌། རྟགས་དང་དགག་བྱ་ལ་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི། རྫས་ལྡོག་སོ་སོར་མ་ཕྱེ་བར་དགག་སྒྲུབ་བྱེད་པ་མི་འཐད་ཅིང་དུ་བའི་རྟགས་ལས། ལ་མེ་ལྡན་དུ་སྒྲུབ་པའི་ཚེ། རྫས་ལྡོག་སོ་སོར་མ་ཕྱེ་བའི་སྐྱ་བོའི་རྫས་ཙམ་པོ་དེ་ཕྱོགས་གཉིས་པོ་གང་ཡིན། ཞེས་དང༌། བྱས་པ་གཏན་ཚིགས་ཡང་དག་ཏུ་སྒྲུབ་པ་ལ། ཚུལ་གསུམ་ཚང་བ་བཀོད་པའི་ཚེ་ན། ཤེས་བྱ་ཙམ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་དཔྱད་ན། དགག་སྒྲུབ་ཀྱི་ཚད་མ་འཇིག་གོ །ཞེ་ན། དེ་ལྟར་དཔྱད་ཀྱང༌། དགག་སྒྲུབ་ཀྱི་རྣམ་གཞག་འཐད་དེ། དུ་བ་དང་ནི་ཚུལ་གསུམ་གྱི་གཞན་སེལ་གཉིས་པོ། སྐྱ་བོ་དང་ཤེས་བྱ་གཉིས་ཀྱི་ལོག་པ་དང་ལྡོག་པ་གཉིས་ལ་གོ་རིམ་བཞིན་དུ་འབྲེལ་བའི་ཕྱིར། དེ་དག་གི་དོན་ནི། སྐྱ་རྫས་དང་ཤེས་བྱ་གཉིས་ཀྱི་རྫས་ལ་མེ་ཡོད་མེད་དང༌། རྟགས་ཡང་དག་ཡིན་མིན་གྱི་ཕུང་པོ་གསུམ་པ་མི་སྲིད་ཀྱང༌། སེལ་ངོར་ཕུང་པོ་གསུམ་པ་སྲིད་པས། འཇུག་ཡུལ་རང་མཚན་ལ་མི་སླུ་བར་འཐད་དོ། །གཉིས་པ་ནི། རྟགས་དགག་བྱའི་ཆོས་ལས་ལྡོག་གམ། ཆོས་ལྡན་ལས་ལྡོག ཡང༌། རྟགས་ཀྱི་དགག་བྱའི་ཆོས་འགོག་གམ། ཆོས་ལྡན་འགོག བཞི་པོ་གང་ལྟར་ཡང༌། སྒྲུབ་ཆོས་དོར་བས་སྟོང་ཉིད་མེད་དགག་ཏུ་སྒྲུབ་པའི་ཚེ། རྟགས་མཐུན་ཕྱོགས་ལ་རྗེས་འགྲོ་མེད་པ་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པར་ཐལ་ལོ་ཞེས་པའི་རྩོད་པ་ལ། གཞན་རྩང་ནག་པ་ལ་སོགས་པའི་ལན་འདེབས་ཚུལ་འཁྲུལ་ཏེ། དེའི་ཚེ་ལྡོག་པ་ཁོ་ན་སྒྲུབ་པའི་དབང་དུ་བྱས་ནས་ལན་བཏབ་པའི་ཕྱིར་ཡང་དེ་ལྟར་བཀོད་པའི་ཚེ། བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ནམ། མི་མཐུན་ཕྱོགས་ཡིན། དང་པོ་ལྟར་ན། མེད་དགག་གི་ཐ་སྙད་མེད་དགག་ཏུ་འགྱུར་ལ། གཉིས་པ་ལྟར་ན། རྟགས་མི་མཐུན་པའི་ཕྱོགས་ལ་འཇུག་པར་ཐལ་ལོ། །ཞེས་པའི་རྩོད་པ་ལ། གཞན་གྱིས་ལན་འདེབས་ཚུལ་འཁྲུལ་ཏེ། ལྡོག་པ་ལ་བརྟེན་པའི་ཕྱོགས་གཉིས་པོ་དངོས་འགལ་དུ་བསམས་ནས་ལན་བཏབ་པའི་ཕྱིར་རོ། །བཞི་པ་ཚུལ་གསུམ་ཚང་བས་བྱས་པ་གཏན་ཚིགས་སུ་སྒྲུབ་པ་དེའི་ཚེ། གཏན་ཚིགས་ཚུལ་གསུམ་ཚང་བ་དེ། དེ་སྒྲུབ་ཀྱི་ཕྱོགས་གཉིས་ལས་གང་ཡིན། ཞེས་པའི་རྩོད་པ་ལ། གཞན་གྱི་ལན་འཁྲུལ་ཏེ། དེ་ལའང་ཕྱོགས་གཉིས་དངོས་འགལ་དུ་བསམས་ནས་ལན་བཏབ་པའི་ཕྱིར། རང་གི་ལན་ནི། རྩོད་པ་དང་པོ་ལྡོག་འགོག་གཉིས་དང༌། རྩོད་པ་གསུམ་པ། རྟགས་ཆོས་གཉིས་སུ་བརྟགས་པའི་རྩོད་པས་མི་གནོད་དེ། དགག་བྱའི་ཆོས་དང༌། ཆོས་ལྡན་དང༌། གཏན་ཚིགས་གསུམ་གྱི་སྤྱི་ལྡོག་ནས། ཕྱོགས་གཉིས་པོ་གང་རུང་མ་ཡིན་པའི་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་དང༌། རྩོད་པ་གསུམ་པས་ཀྱང་མི་གནོད་དེ། མེད་དགག་གི་ཐ་སྙད་དེ་མེད་དགག་རང་ལྡོག་ནས་མེད་དགག་ཡིན་པས། དེ་དེར་ངེས་པའི་ཚེ་མཐུན་ཕྱོགས་སུ་འགྱུར་ལ། མེད་དགག་གི་ཐ་སྙད་ནི་མཚོན་བྱ་དང་མིང་ཡིན་པས་དངོས་པོ་ཡིན་པའི་ཕྱིར། དེ་མེད་དགག་མ་ཡིན་པར་ངེས་པའི་ཚེ། མི་མཐུན་པའི་ཕྱོགས་སུ་འགྱུར་ཡང༌། རྟགས་མི་མཐུན་ཕྱོགས་ལ་ཞུགས་པའི་ངེས་པ་མེད་དེ། རྟགས་དེ་མེད་དགག་གི་ཐ་སྙད་ལ་མི་འཇུག་པའི་ཕྱིར་ཏེ། དེ་དེ་ལ་དོན་ལྡོག་གཞན་འགྱུར་དུ་བཤད་ཟིན་པའི་ཕྱིར་དང༌། སྟོང་ཉིད་མེད་དགག་ཏུ་སྒྲུབ་པའི་ཚེ་ཡང༌། མེད་དགག་གི་ཐ་སྙད་བྱ་རུང་དེ་བསྒྲུབ་བྱའི་ཆོས་སུ་བཟུང་བ་ཡིན་གྱི། ཐ་སྙད་ཉིད་དེར་མ་གཟུང་བའི་ཕྱིར་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཅེས་པའི་དོན་ཡང༌། ཐ་སྙད་དང་ལྡན་པར་སྒྲུབ་པ་ཡིན་གྱི། ཐ་སྙད་དངོས་ཡིན་པར་སྒྲུབ་པ་མ་ཡིན་པའི་ཕྱིར་ན། རྟགས་མི་མཐུན་ཕྱོགས་ལ་འཇུག་པར་ཐལ་བའི་ཉེས་པ་མེད་དོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། དངོས་སུ་ལྟོས་གཞི་གསུམ་པོ་གང་རུང་མ་ཚང་བའི་གཏན་ཚིགས་སྲིད་ན་ཡང༌། སྤྱིར་བཏང་དུ་གསུམ་པོ་དེ་ལྟོས་གཞི་ཉིད་དུ་འདོད་པ་ཡིན་ཏེ། ཇི་སྙེད་རྟགས་སུ་བཀོད་པར་གྱུར་པ་དེ་སྙེད་ཕྱོགས་གསུམ་ལ་ལྟོས་ནས་སྐྱོན་ཅན་དང་ཡོན་ཏན་ཅན་དུ་འཇོག་པས་སོ། །མདོར་ན། དགག་སྒྲུབ་སེལ་བས་བྱེད་པའི་ལུགས་འདི་ལ་ཆོས་ཅན། རྫས་ལྡོག་སོ་སོར་ཕྱེ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་བཅད་ནས་རྩོད་པའི་ཉེས་པས་མི་གནོད་དེ། ཚད་མས་ཡུལ་འཛིན་པའི་ཚུལ་ལ་མཁས་པའི་ཕྱིར་རོ། །གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། རྟགས་ཡང་དག ལྟར་སྣང༌། དེ་དག་གི་ངེས་པའོ། །དང་པོ་ལ། མཚན་ཉིད། མཚན་གཞི་ངོས་བཟུང་བ། དེའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ངོས་བཟུང་བ་དང༌། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། རྟགས་ཡང་དག་གི་མཚན་ཉིད་ཚུལ་གཅིག་ནས་དྲུག་གི་བར་རྣམ་འགྲེལ་མཛད་པའི་ལུགས་ལས་གཞན་དུ་འདོད་པ་འཁྲུལ་ཏེ། དེ་དག་ནི་ཉི་ཚེ་བའི་རྟགས་ཀྱི་ཚུལ་དུ་བཤད་པས་སོ། །ཇི་ལྟར་ཞེ་ན། མུ་སྟེགས་སྣོད་ཀྱི་རྗེ་ནི། གཞན་དུ་མི་འཐད་པའི་ཡན་ལག་ཅེས་བྱ་བ་ཚུལ་གཅིག་ཁོ་ནར་འདོད། ཡང་ཁ་ཅིག ཕྱོགས་ཆོས་དང་རྗེས་འགྲོའམ། ལྡོག་པ་གང་རུང་གི་ཚུལ་གཉིས་པར་འདོད། ཡང་རིགས་པ་ཅན་པ་ཆོས་ཅན་ལ་གྲུབ་པ་སྔ་མ་ཅན། མཐུན་ཕྱོགས་ལ་ཡོད་པ་ལྷག་མ་ཅན། མི་མཐུན་པའི་ཕྱོགས་ལ་མེད་པ་སྤྱི་ལ་མ་མཐོང་བ་མངོན་སུམ་དང་ལུང་གཉིས་ཀྱིས་མི་གནོད་པ་འགལ་བ་མེད་པ་སྟེ་ཚུལ་བཞིར་འདོད་པ་དང༌། ཡང་ཁ་ཅིག ཚུལ་གསུམ་དང༌། དེ་ཤེས་པ་སྟེ་བཞིར་འདོད་པ་དང༌། ཡང་ཁ་ཅིག ཚུལ་གསུམ་དང༌། གྲངས་སོ་སོར་ངེས་པ་དང༌། གནོད་པ་མེད་པའི་ཡུལ་ཅན་དེ་ལྔར་འདོད་པ་དང༌། སློབ་དཔོན་དབང་ཕྱུག་སྡེ། ཚུལ་གསུམ་གྱི་སྟེང་དུ། བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་བརྗོད་པར་འདོད་པའི་གྲངས་གཅིག་པ་ཚུལ་གསུམ་ངེས་པ་སྟེ་ཚུལ་དྲུག་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་རང་ལུགས་ནི། ཕྱོགས་ཆོས་གྲུབ་ཅིང༌། རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་དེ་ཆོས་ཅན། གཏན་ཚིགས་ཡང་དག་གི་མཚན་ཉིད་སྐྱོན་མེད་ཡིན་ཏེ། དེ་ལ་ལྟོས་ནས་སྐྱོན་གསུམ་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར། རྩོད་པ་སྤང་བ་ནི། རྗེས་འགྲོ་དང་ལྡོག་པ་གཉིས་ཕན་ཚུན་གཅིག་གི་ནང་དུ་ཅིག་ཤོས་འདུས་པས། ཚུལ་གཉིས་པ་ཁོ་ནར་ཐལ་ལོ། །ཞེས་པའི་རྩོད་པ་དང༌། ཁྱད་པར་ཅན་དུ་ལྡོག་པ་འདུས་ན། རྗེས་འགྲོ་ཡིས་ལྡོག་པ་འཕེན་པ་མི་འཐད་དོ། །ཞེས་པའི་སྐྱོན་གཉིས་པོ་མེད་དེ། རྗེས་འགྲོ་ཁྱད་པར་ཅན་དང་ལྡོག་པ་གཉིས་ཕན་ཚུན་གཅིག་གི་ནང་དུ་གཅིག་འདུས་པ་ཉིད་ཀྱིས་རྟགས་ཀྱི་ཚུལ་གསུམ་དུ་གྲུབ་པ་དང༌། གཅིག་ཚིག་གིས་ཟིན་པར་གྲུབ་པས་ཅིག་ཤོས་དོན་གྱིས་འཕེན་པར་གྲུབ་པའི་ཕྱིར། ཚུལ་གསུམ་དགོས་པའི་ཤེས་བྱེད་ཀྱང༌། རྟགས་ཡང་དག་ཏུ་འགྱུར་བ་ལ་འབྲེལ་པ་དགོས་ལ། འབྲེལ་པ་ངེས་པ་ལ་རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ་གཉིས་དགོས་པས་སོ། །འོ་ན། སྔར་རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ་ཕྲུགས་གཉིས་ལས། གང་རུང་གཅིག་གིས་ཆོག་པར་བཤད་པ་མ་ཡིན་ནམ། ཞེ་ན་མི་འགལ་ཏེ། ཕྲུགས་གསུམ་ཁྱད་པར་ཅན་རེ་རེའི་ནང་དུ་རྗེས་སུ་འགྲོ་ལྡོག་གཉིས་ཀ་འདུས་པར་འཆད་པས་སོ། །གཉིས་པ་ནི། རྟགས་ཡང་དག་ཏུ་འགྲོ་བ་ལ། ཚུལ་གསུམ་ངེས་རུང་ཙམ་གྱིས་ཆོག་གམ། ཞེ་ན། ཚུལ་གསུམ་ངེས་རུང་ཙམ་གཏན་ཚིགས་ཡང་དག་མ་ཡིན་ཏེ། ངེས་རུང་དེ་ཙམ་ནི་ཐེ་ཚོམ་ལ་ཡང་ཡོད་པའི་ཕྱིར་ན། བསྒྲུབ་བྱ་གོ་མི་ནུས་པའི་ཕྱིར། དེས་ན། རྟགས་ཡང་དག་ལ་ངེས་པ་དགོས་པ་ཡིན་ཏེ། རྟགས་ཡང་དག་ཡིན་ན་བསྒྲུབ་བྱ་གོ་བྱེད་ཡིན་དགོས་པའི་ཕྱིར། འདིའི་དོན། ཚུལ་གསུམ་ཚད་མས་ངེས་པ་ཞེས་ཚིག་ཏུ་སྦྱོར་དགོས་པའི་དོན་མ་ཡིན་གྱི། ཚུལ་གསུམ་དུ་འཇོག་པ་ལ། ལྟོས་གཞི་དེ་དང་དེ་ལ་ཡོད་པ་དང་མེད་པར་ཚད་མས་ངེས་པ་ཞིག་དགོས་ཞེས་པའི་དོན་ནོ། །དེ་ལྟར་བཤད་པ་འདི་ལ་གཞན་གྱི་ཀླན་ཀ སྒྲོམ་ནང་གི་ས་བོན་ཡང་མྱུ་གུ་སྐྱེད་ངེས་མ་ཡིན་པས། དེའི་རྒྱུ་མ་ཡིན་པར་ཐལ་ལོ། །ཞེས་པའི་ཉེས་པ་མེད་དེ། ས་བོན་དུ་འཇོག་པ་ལ། མྱུ་གུ་སྐྱེད་རུང་ཙམ་གྱིས་ཆོག་པ་ཡིན་གྱི། རྟགས་ཡང་དག་ཏུ་འཇོག་པ་ལ། ཚུལ་གསུམ་ངེས་རུང་ཙམ་གྱིས་མི་ཆོག་པའི་ཕྱིར། ཕྱོགས་སྔ་མ་འདི་འདོད་པ་ཐོག་མར་ལོ་ཙྪ་བ་ཆེན་པོ་ཡིན་ཏེ། རྣམ་པར་ངེས་པའི་ཊཱི་ཀ་ལས། ངེས་པ་ཞེས་པའི་ཚིག་གིས་གསལ་བར་ནུས་པ་རྣམས་ནི་དངོས་པོའི་ཆོས་རྣམས་གཞག་པ་ཁོ་ནས་རྣམ་པར་བཅད་པར་གྲུབ་སྟེ། དེས་ན་འདི་ནི་རྟགས་ཀྱི་མཚན་ཉིད་མ་ཡིན་ནོ། །ཞེས་གསུངས། དེའི་རྗེས་སུ་རྒྱ་དམར་གྱིས་ངེས་པ་མཚན་ཉིད་དུ་དགོས་པ་ལ། གནོད་བྱེད་བརྗོད་པ་འདི་ལྟར། ངེས་པ་དོན་གྱི་ཆོས་སུ་མི་རུང་བ་དང༌། ངེས་པ་ལ་རྣམ་བཅད་མེད་པ་དང༌། ཧ་ཅང་ཐལ་བའོ། །དང་པོ་ལ་བཞི་སྟེ། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ་བ། སྐྱེས་བུ་མཐའ་དག་གི་ངེས་བྱར་ཐལ་བ། རྟགས་ལ་བཏགས་འཛིན་མི་སྐྱེ་བར་ཐལ་བ། རིམ་དང་ཅིག་ཆར་གྱི་དོན་བྱེད་པས་སྟོང་པ་སོགས་མི་རྟག་པར་ཐལ་བའོ། །དང་པོ་ནི། ངེས་པར་བྱ་བ་ཚད་མའི་བློ་ལ་ལྟོས་སམ་མི་ལྟོས། ཕྱི་མ་ལྟར་ན། ཐེ་ཚོམ་ཟ་བས་ཡུལ་དུ་བྱས་པའང་ངེས་པར་བྱ་བ་དང་མི་འགལ་བས། ངེས་པས་ཐེ་ཚོམ་གཅོད་མི་ནུས་པར་འགྱུར་ལ། དང་པོ་ལྟར་ན། ཡུལ་ཅན་རྒྱུར་གྲུབ་ལ། ཡུལ་འབྲས་བུར་གྲུབ་པས། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ་ལོ། །གཉིས་པ་ནི། ངེས་པར་བྱ་བ་དོན་གྱི་ཆོས་ཡིན་པས། སྐྱེས་བུ་གཅིག་གི་ངེས་བྱ་ཡིན་པ་ལྟར། ཐམས་ཅད་ཀྱི་ངེས་བྱ་ཡིན་པར་འགྱུར་ཏེ། སྔོན་པོ་དོན་གྱི་ཆོས་ཡིན་པས། གཅིག་ལ་སྔོ་ན་ཐམས་ཅད་ལ་སྔོ་བ་བཞིན་ནོ། །གསུམ་པ་ནི། རྟགས་ཀྱི་མཚན་ཉིད་ལ་ངེས་པ་དགོས་ན། ངེས་བྱ་ཚད་མའི་སྔོན་དུ་མེད་པས། ཚད་མའི་སྔོན་དུ་ནི་རྟགས་མེད་ལ། ཚད་མ་དང་དུས་མཉམ་པ་རྒྱུར་འགལ་བས་རྟགས་ལ་རྟགས་འཛིན་མི་སྐྱེ་བར་འགྱུར་རོ། །བཞི་པ་ནི། རིམ་དང་ཅིག་ཆར་གྱི་དོན་བྱེད་པས་སྟོང་པ་སོགས་སྔར་ཚད་མས་མ་ངེས་པ་ན་རྟགས་མ་ཡིན་ལ། ཕྱིས་ཚད་མས་ངེས་པ་ན། གཏན་ཚིགས་ཡིན་ན་གནས་སྐབས་རེས་འགའ་བར་ཐལ་བས་མི་རྟག་པ་ཉིད་དུ་འགྱུར་རོ། །གཉིས་པ་རྣམ་བཅད་མེད་པ་ནི། ངེས་པ་ལ་རྣམ་བཅད་མེད་དེ། ཐེ་ཚོམ་ཟ་བ་རྟགས་ཀྱི་སྐྱོན་མ་ཡིན་པའི་ཕྱིར། དཔེར་ན། རྐྱེན་དང་མ་ཕྲད་པའི་ས་བོན་དེ་མྱུ་གུ་སྐྱེད་ངེས་མ་ཡིན་ཀྱང༌། སྐྱེ་རུང་ཙམ་ཡིན་པས་ས་བོན་དུ་འཇོག་པ་བཞིན་དུ། ངེས་པ་དང་མ་ཕྲད་པའི་དུ་བས་མེ་དངོས་སུ་མི་དཔོག་ཀྱང༌། དཔོག་རུང་ཙམ་ཡིན་པས་གཏན་ཚིགས་སུ་གཞག་གོ །གསུམ་པ་ཧ་ཅང་ཐལ་བ་ནི། ཕྱོགས་ཆོས་དང་དེའི་ཆོས་ཁྱབ་པ་ཡོད་ཀྱང༌། དེ་མ་ངེས་པས་རྟགས་སུ་མི་རུང་ན། ནོག་དང་ལྐོག་ཤལ་སོགས་ལྡན་ཡང༌། དེ་མ་ངེས་ན་བ་ལང་གི་མཚན་ཉིད་དུ་མི་རུང་བར་འགྱུར་རོ། །ཞེས་ཟེར་རོ། །དེ་ལ་ཕྱྭ་པས་སྐྱོན་སྤོང་མཛད་པ་ནི། ཉེས་པ་དང་པོ་ལ་ཁྱབ་པ་མ་ངེས་ཏེ། འོ་ན་རྒྱུ་ནུས་པ་ཐོགས་མེད་འབྲས་བུ་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན། འབྲས་བུ་བཀག་པས་དེ་དགག་མི་ནུས་པར་འགྱུར། དང་པོ་ལྟར་ན། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ་ལོ། །གནོད་བྱེད་གཉིས་པ་ཡང་མི་འཇུག་སྟེ། བདག་གཉིས་ཀྱིས་སྟོང་པ་དོན་ཆོས་ཡིན་པས། གཅིག་གི་ངེས་བྱ་ཡིན་པ་དེ་ཀུན་གྱི་ངེས་བྱར་འགྱུར་རོ། །ཉེས་པ་གསུམ་པ་ཡང་མི་འཇུག་སྟེ། ཁོ་བོ་ཅག་ཡུལ་ཡུལ་ཅན་དུས་མཉམ་དུ་འདོད་པས། རྟགས་འཛིན་གྱི་བློ་ཡུལ་རྟགས་ལས་མི་སྐྱེ་བར་འདོད་དོ། །ཉེས་པ་བཞི་པས་མི་གནོད་དེ། འོ་ན་སྟོང་ཉིད་ཀྱང་མི་རྟག་པར་འགྱུར་ཏེ། སྔར་ལྐོག་ཏུ་གྱུར་པ་ལ་ཕྱིས་མངོན་སུམ་དུ་མཐོང་བ་སྲིད་པའི་ཕྱིར། གཉིས་པ་རྣམ་བཅད་མེད་པའི་སྐྱོན་ཡང་མི་འཇུག་སྟེ། འོ་ན་ཕྱོགས་ཆོས་མེད་པ་རྟགས་ཀྱི་སྐྱོན་མ་ཡིན་པའི་ཕྱིར་ཕྱོགས་ཆོས་ལ་རྣམ་བཅད་མེད་པར་འགྱུར་རོ། །དེ་སྐྱོན་མ་ཡིན་ན། མིག་ཤེས་ཀྱི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་ནུས་པར་འགྱུར་རོ། །ཞེ་ན། འོ་ན་ཐེ་ཚོམ་ཟ་བའི་དུ་བས་ཀྱང་ལ་ལ་མེ་དཔོག་ནུས་པར་འགྱུར་རོ། །གསུམ་པ་ཧ་ཅང་ཐལ་བས་ཀྱང་མི་གནོད་དེ། མཚན་ཉིད་ལའང་ངེས་པ་དགོས་པའི་ཕྱིར། དཔེར་ན། ནོག་ལྐོག་ཤལ་དུ་མ་ངེས་ན་བ་ལང་མཚོན་མི་ནུས་པ་བཞིན་ནོ། །ཞེས་གསུངས་ལ། འགྲེལ་པ་འདི་ནས་འབྱུང་བའི་སྐྱོན་སྤོང་རྣམས་ཀྱང་ཕལ་ཆེར་དེ་དང་དོན་གཅིག་གོ །གཉིས་པ་མཚན་གཞི་ངོས་བཟུང་བ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ཁ་ཅིག རྩོད་གཞི་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་ཁོ་ན་རྟགས་ཀྱི་མཚན་གཞིར་འདོད་དེ། དཔེར་ན། ལའི་དུ་བ་རྟགས་ཀྱི་མཚན་གཞི་ཡིན་པ་བཞིན་ནོ། །ཞེས་ཟེར་རོ། །འདི་མི་འཐད་དེ། མི་ལྡན་རྣམ་གཅོད་རྩོད་གཞིའི་ཆོས་ཡིན་ན་འུ་བུ་རྩོད་པ་མེད་ལ། གཞན་ལྡན་རྣམ་གཅོད་དུ་སྦྱོར་ན་རྟགས་མཐུན་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། ཆོས་དང་བསྒྲུབ་བྱ་གཉིས་ཀྱི་འཇོག་ཚུལ་དེ་དང་འདྲ་སྟེ། བསྒྲུབ་བྱའི་ཆོས་རྩོད་གཞིས་མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་ན་རྩོད་པ་མེད་ལ། གཞན་ལྡན་རྣམ་དཔྱོད་ཀྱི་ཁྱད་པར་དུ་བྱས་ན་དཔེ་ལ་རྗེས་འགྲོ་མེད་པར་འགྱུར་རོ། །འདིའི་དོན་ནི། ཇི་སྐད་དུ། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་དང༌། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཅེས་ཕྱོགས་ཆོས་ཀྱི་རྩོད་སྤང་དུ་བཤད་པ་དེ་ཉིད་ཡིན་ལ། དོན་ནི་རྩོད་གཞི་ཆོས་ཅན་དང༌། མཐུན་དཔེ་ནི་ཁྱད་པར་གྱི་གཞིའོ། །རྟགས་དང་བསྒྲུབ་བྱའི་ཆོས་ནི་ཁྱད་པར་གྱི་ཆོས་སོ། །ཆོས་གཉིས་པོ་དེ་ཁྱད་གཞི་གཉིས་ལ་ལྡན་པའི་ཚུལ་ནི་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་ལྡན་ནོ། །དེ་ལྟར་ལྡན་ཡང༌། ལའི་དུ་བ་ལྟ་བུ་རྟགས་ཀྱི་མཚན་གཞི་དང༌། ཚད་ཁང་གི་མེ་ལྟ་བུ་བསྒྲུབ་བྱའི་ཆོས་སུ་འཛིན་པ་མ་ཡིན་ཏེ། དེ་ལྟ་ན་གཞན་ལ་བརྗོད་པའི་ཉེས་པ་སོ་ན་འདུག་པའི་ཕྱིར། དེས་ན་གཞུང་འདི་ལྟར། ཁ་ཅིག་རྩོད་གཞིའི་ཁྱད་པར་གྱི། །ཆོས་ཉིད་རྟགས་ཀྱི་མཚན་གཞིར་འདོད། །མི་ལྡན་རྣམ་དཔྱོད་རྩོད་གཞིའི་ཆོས། །ཡིན་ན་འུ་བུ་རྩོད་པ་བྲལ། །གཞན་ལྡན་གཅོད་ན་རྗེས་འགྲོ་མེད། །བསྒྲུབ་བྱའི་ཆོས་ཀྱང་དེ་དང་འདྲ། །ཞེས་སྦྱར་ན་འགྲེལ་པ་དང་མཐུན་ནོ། །གཉིས་པ་རང་ལུགས་ནི། རྟགས་ཀྱི་མཚན་གཞི། སོང་ཚོད་ནི་དུ་ཙམ་དང་བྱས་ཙམ་ལ་སོགས་པའི་གཞན་སེལ་ཡིན་ནོ། །རྩོད་པ་སྤང་བ་ནི། རྟགས་ཀྱི་མཚན་གཞི་གཞན་སེལ་གྱི་ཆ་ནས་འཇོག་པའི་ལུགས་འདི་ལ་ཆོས་ཅན། ཆོས་ཅན་སོ་སོས་ཁྱད་པར་དུ་མ་བྱས་པའི་རྟགས་ཀྱི་སྤྱི་མི་སྲིད་དོ། །ཞེས་པའི་རྩོད་པ་དང༌། སྤྱི་བསྒྲུབ་བྱ་ཡིན་ན་གྲུབ་ཟིན་གྲུབ་པར་ཐལ་ལོ། །ཞེས་པའི་གཞན་གྱི་ཀླན་ཀ་མེད་དེ། རྫས་ཀྱི་སྤྱི་མི་སྲིད་ཀྱང༌། གཞན་སེལ་གྱི་སྤྱི་ཞིག་རྟགས་སུ་བཟུང་བའི་ཕྱིར་དང༌། ལའི་སྟེང་དུ་མེ་མེད་པ་རྣམ་པར་བསལ་ཙམ་གྱི་གཞན་སེལ་དེ་བློ་ངོར་སྒྲུབ་དགོས་པའི་ཕྱིར་རོ། །གསུམ་པ་མཚན་གཞིའི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ཇི་ལྟར་འབྱེད་པའི་ཚུལ། ཕྱེ་བའི་རང་བཞིན་ངེས་པར་བྱ་བ། དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་པོའི་སྒོ་ནས་དབྱེ་བ། སྦྱོར་བའི་སྒོ་ནས་དབྱེ་བ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མཚན་ཉིད་ཚུལ་གསུམ་ཚང་བ་དེ་དང་ལྡན་པའི་གཏན་ཚིགས་ནི་ཆོས་ཅན། དབྱེ་བའི་སྒོ་དུ་མར་འགྱུར་ཏེ། རྟགས་སུ་དགོད་བྱའི་སྒོ་ནས་མེད་དགག་རྟགས་སུ་བཀོད་པ་དང༌། མ་ཡིན་དགག་བཀོད་པ་གཉིས། བསྒྲུབ་བྱའི་ཆོས་ཀྱིས་དབྱེ་ན། མེད་དགག་སྒྲུབ་པ་དང༌། མ་ཡིན་དགག་སྒྲུབ་པ་གཉིས། འབྲེལ་པའི་དབང་གིས། བདག་གཅིག་པ་དང༌། དེ་ལས་བྱུང་བ་གཉིས་དང༌། དེ་ལའང༌། དངོས་འབྲེལ་དང༌། བརྒྱུད་འབྲེལ་གཉིས་དང༌། སྒྲུབ་ཚུལ་གྱི་སྒོ་ནས། དོན་སྒྲུབ་དང༌། ཐ་སྙད་སྒྲུབ་གཉིས་སྒྲུབ་བྱེད་ཀྱི་སྒོ་ནས་དབྱེ་ན། གྲགས་པ་དང༌། དངོས་པོ་སྟོབས་ཞུགས་གཉིས་སོ། །གཉིས་པ་ནི། སྦྱོར་བའི་སྒོ་ནས་དབྱེ་ན། མི་དམིགས་པ་དང༌། རང་བཞིན་དང༌། འབྲས་བུའི་གཏན་ཚིགས་གསུམ་མོ། །གསུམ་པ་ནི། གལ་ཏེ་སྒྲུབ་རྟགས་ལ་གཉིས་སུ་འབྱེད་ན། དགག་རྟགས་ལ་ཡང་གཉིས་སུ་འབྱེད་རིགས་པར་མཚུངས་ལ། དགག་རྟགས་གཅིག་ཏུ་བསྡུད་ན། ཅིག་ཤོས་ཀྱང་གཅིག་ཏུ་བསྡུད་པར་མཚུངས་སོ། །ཞེ་ན། མི་མཚུངས་ཏེ། ཆོས་ཀྱི་གྲགས་པ་ནི། སྦྱོར་བའི་སྒོ་ནས་གཏན་ཚིགས་གསུམ་དུ་གྲངས་ངེས་པར་མཛད་ལ། དེའི་ཚེ་དགག་པའི་གཏན་ཚིགས་ཐམས་ཅད་སྣང་རུང་མ་དམིགས་པར་འདུ་བའི་ཕྱིར་དཔེ་གཅིག་གི་སྟེང་དུ་སྟོན་ནུས་ལ། སྒྲུབ་པའི་གཏན་ཚིགས་མཐའ་དག་དཔེ་གཅིག་གི་སྟེང་དུ་སྟོན་མི་ནུས་པའི་ཕྱིར། འདིར་མི་སྣང་བ་མ་དམིགས་པའི་གཏན་ཚིགས་མ་བཤད་པ་དང༌། གོང་དུ་སྒྲུབ་བྱེད་ཀྱི་དབྱེ་བར་ཡིད་ཆེས་པའི་གཏན་ཚིགས་མ་བཤད་པ་གཉིས་ཀྱི་དགོངས་པ་བརྟག་པར་བྱ་དགོས་ལ། དེའི་ཚེ་དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཐམས་ཅད་དངོས་པོ་སྟོབས་ཞུགས་སུ་འདུ་བ་དང༌། དགག་པའི་གཏན་ཚིགས་ཀྱིས་ནི་མེད་དགག་གི་ཐ་སྙད་བསྒྲུབ་བྱའི་ཆོས་སུ་བྱེད་པར་བཤད་ལ། མི་སྣང་བ་མ་དམིགས་པ་ལ་ནི་བསྒྲུབ་བྱ་སྒྲུབ་རྒྱུ་མེད་པའི་ཕྱིར་སྙམ་དུ་དགོངས་སོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། མི་དམིགས་པ་དང༌། རང་བཞིན་དང༌། འབྲས་བུའོ། །དང་པོ་ལ་གསུམ་ལས། མཚན་ཉིད་ནི། རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །འདི་ལ་དགག་པའི་གཏན་ཚིགས་ཀྱིས་ཁྱབ་པ་མ་ཡིན་ཏེ། དགག་པའི་གཏན་ཚིགས་ཡིན་ན་མེད་དགག་གི་དོན་སྒྲུབ་པས་ཁྱབ་ལ། རང་བཞིན་མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པ་འདི་གཉིས་ལ་ནི་དེ་སྒྲུབ་པ་མེད་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱུ་ལས་འབྲས་བུ་སྒྲུབ་པས་ན། །ཞེས་སྔ་མས་དངོས་པོ་སྒྲུབ་པར་བཤད་པ་དང༌། ལྡོག་པ་སྒྲུབ་པར་ནུས་མ་ཡིན། ཞེས་ཕྱི་མས་སྤྱིར་བསྒྲུབ་བྱ་མི་སྒྲུབ་པར་བཤད་པའི་ཕྱིར། གཉིས་པ་དབྱེ་བ་ལ་གཉིས་ཏེ། འབྲེལ་ཡུལ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའོ། །དང་པོ་ལ། མཚན་ཉིད་ནི། འབྲེལ་ཡུལ་མ་དམིགས་པ་རྟགས་སུ་བཀོད་ནས། རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དབྱེ་བ་ནི། ངོ་བོ་སྟེ་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ལ་རྣམ་པ་བཞིའོ། །གང་ཞེ་ན། རང་བཞིན་མ་དམིགས་པ་དང༌། རྒྱུ་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པ་དང༌། དངོས་འབྲས་མ་དམིགས་པའོ། །དེ་ལ་ཐོག་མཐའ་གཉིས་ནི། ཐ་སྙད་འབའ་ཞིག་སྒྲུབ་དང༌། གྲགས་པའི་གཏན་ཚིགས་དང༌། རང་བཞིན་གྱི་གཏན་ཚིགས་སུ་ཡང་རུང་ལ། བར་པ་གཉིས་ནི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་དང༌། དོན་སྒྲུབ་པའི་ཆ་ནས་དགག་པའི་གཏན་ཚིགས་དང༌། ཐ་སྙད་སྒྲུབ་པའི་ཆ་ནས་སྒྲུབ་པའི་གཏན་ཚིགས་སུ་ཡང་བཞག་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །ཞེས་དང༌། མེད་པས་འགའ་ཞིག་དགག་པའི་ཡང༌། །ཞེས་པ་གཉིས་ཀ་འབྱུང་བའི་ཕྱིར་རོ། །འོ་ན་དུ་བ་བཀག་པས་རྒྱུ་ནུས་པ་ཐོགས་མེད་འགོག་པ་ཐ་སྙད་འབའ་ཞིག་སྒྲུབ་ཡིན་པའི་དོན་ཇི་ལྟར་ཞེ་ན། རྒྱུ་ནུས་པ་ཐོགས་མེད་ཀྱི་དོན་ནི་འབྲས་བུ་སྐྱེ་བཞིན་པ་ལ་འཆད་པ་ཡིན་ལ། རྟགས་དུ་བ་མེད་པར་ཚད་མས་ངེས་པ་དེའི་ཚེ་དུ་བ་སྐྱེ་བཞིན་པའི་དོན་མ་ཁེགས་པ་མི་སྲིད་པའི་ཕྱིར། ཡང༌། མཚན་མོའི་རྒྱ་མཚོ་དང༌། ཤིང་མེད་ཀྱི་བྲག་རྫོང་དུ་དུ་བ་དང་ཤ་པ་འགོག་པ་ལ། དེ་དང་དེ་ཚད་མས་མ་དམིགས་པ་རྟགས་སུ་བཀོད་པས་མི་ཆོག་པ་ཅི་ཞེ་ན། དེའི་ཚེ་དེ་ཉིད་སྒྲུབ་དགོས་པའི་རྒྱུ་མཚན་གྱིས་སོ། །འོ་ན་འདིར་དེ་སྒྲུབ་དགོས་ལ། ས་ཕྱོགས་སུ་བུམ་པ་མེད་པའི་དོན་སྒྲུབ་མི་དགོས་པ་ཅི་ཞེ་ན། དེར་ནི་བུམ་པ་ཡོད་ན་སྣང་དུ་རུང་བ་ཡིན་ལ། འདིར་ནི་དུ་བ་དང་ཤ་པ་ཡོད་ཀྱང་སྣང་དུ་མི་རུང་བའི་རྒྱུ་མཚན་གྱིས་སོ། །འོ་ན་དེར་ཤིང་ཡོད་ཀྱང་སྣང་དུ་རུང་ལ། ཤ་པ་ཡོད་ཀྱང་སྣང་དུ་མི་རུང་བའི་རྒྱུ་མཚན་ཅི་ཞེ་ན། ཐག་རིང་བའི་ཤིང་ངེས་པར་སླ་ལ། ཤ་པར་ངེས་དཀའ་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་ལ་མཚན་ཉིད་ནི། འགལ་ཟླ་དམིགས་པ་རྟགས་སུ་བཀོད་ནས། རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དབྱེ་བ་ནི། འགལ་བ་དམིགས་པའི་གཏན་ཚིགས་ནི། རྣམ་པ་གཉིས་ཏེ། ལྷན་ཅིག་མི་གནས་པ་དང༌། ཕན་ཚུན་སྤངས་པའི་འགལ་བ་དམིགས་པའོ། །དང་པོ་ལ། མཚན་ཉིད་ནི། ལྷན་ཅིག་མི་གནས་པའི་འགལ་ཟླ་རྟགས་སུ་བཀོད་ནས། དེའི་འགལ་ཟླ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དབྱེ་བ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། བོད་སྔ་མ་ཁ་ཅིག ཚ་རེག་སྐོར་བཞིས་རང་གི་གནོད་བྱ་གྲང་རེག་སྐོར་བཞི་བཀག་པས། ལྷན་ཅིག་མི་གནས་པའི་འགལ་དམིགས་ཀྱི་སྦྱོར་བ་བཅུ་དྲུག་ཅེས་ཟེར། མེ་རྒྱུ་ནུས་པ་ཐོགས་མེད་ཀྱིས་གྲང་རེག་སྐོར་བཞི་འགོག་པ་མི་འཐད་དེ། མེ་རྒྱུ་ནུས་པ་ཐོགས་མེད་ཅེས་པ། མེ་སྐྱེ་བཞིན་པ་ལ་བྱ་བ་ཡིན་ནམ། སྐད་ཅིག་གཉིས་པར་མེ་སྐྱེད་བྱེད་ཀྱི་བུད་ཤིང་ལ་ཟེར་བ་ཡིན། དང་པོ་ལྟར་ན། མེས་གྲང་རེག་འགོག་པའི་ནང་དུ་འདུས་པར་སོང༌། གཉིས་པ་ལྟར་ན། དེ་ཆོས་ཅན། རང་གི་གཞིར་གྲང་རེག་འགོག་མི་ནུས་ཏེ། རང་གི་རིགས་འདྲའི་རྒྱུན་ཕྱི་མ་མེད་པའི་ཕྱིར་ནའོ། །རང་ལུགས་ནི། གཞུང་ལས་རྣམ་གཞག་མང་དུ་བཤད་ཀྱང༌། གྲང་རེག་འགོག་ནུས་ཀྱི་འགལ་དམིགས་ནི། སྔ་མ་བཅུ་གཉིས་པོ་ཁོ་ན་ཡིན་ཏེ། ནུས་པ་ཐོགས་མེད་ཀྱི་དགག་བྱ་འགོག་མི་ནུས་པར་བཤད་ཟིན་པའི་ཕྱིར་དང༌། བཅུ་གཉིས་ལས་ཉུང་ན་མི་འདུ་བའི་ཕྱིར་ཏེ། ལྷན་ཅིག་མི་གནས་པའི་འགལ་བ་ནི་བཅུ་གཉིས་ངེས་པར་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཕན་ཚུན་སྤངས་པ་དངོས་ལ་འགལ་དམིགས་ཀྱི་གཏན་ཚིགས་བཤད་དུ་མི་རུང་བར་བསྟན་པ་དང༌། ཕན་ཚུན་སྤངས་པ་དངོས་ཀྱིས་ཁྱད་པར་དུ་བྱས་པའི་འགལ་དམིགས་མཐའ་དག་ཚད་མས་གནོད་འགལ་དུ་ངེས་པའོ། །དང་པོ་ནི། ཕན་ཚུན་སྤངས་པ་དངོས་ལ་ནི་འགལ་དམིགས་ཀྱི་རྟགས་དང་རྟགས་ཅན་ཡོད་པ་མ་ཡིན་ཏེ། ཕན་ཚུན་སྤངས་པ་དངོས་ནི། རྣམ་བཅད་དང་ཡོངས་གཅོད་ཡིན་པས་འགལ་དམིགས་སུ་བཀོད་ན། རྟགས་དང་རྟགས་ཅན་ཐ་དད་མེད་པས་ཁྱབ་པ་མི་འགྲུབ་ཅིང༌། ཕྱོགས་ཆོས་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་ལ། བསྒྲུབ་བྱ་ཡོད་པའི་ཚེ་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། དཔེར་ན། བུམ་པ་རྟག་པ་མ་ཡིན་པར་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ལ། གཞུང་ལས་མ་བཤད་པའི་ཕན་ཚུན་སྤངས་འགལ་གྱི་དབྱེ་བ་མི་འཐད་པ་དང༌། དེས་ན་ཚད་མས་གནོད་འགལ་ཁོ་ནར་ངེས་པའོ། །དང་པོ་ནི་ཕྱྭ་བསྡུས་རྗེས་འབྲང་དང་བཅས་པ། ཕན་ཚུན་སྤངས་པའི་དངོས་འགལ་ལ་རྟགས་དང་རྟགས་ཅན་མེད་ཀྱང༌། དེས་ཁྱད་པར་དུ་བྱས་པ་ལ་མེ་ཡོད་སྐོར་བཞི་དང༌། མེ་མེད་སྐོར་བཞི་འགོག་པ་ལ་སོགས་པའི་རྣམ་གཞག་བྱས་པ་མི་འཐད་དེ། དེ་ལྟར་དབྱེ་བ་གཞུང་ལས་མ་བཤད་ཅིང༌། ཕན་ཚུན་སྤངས་པ་དེ་ཡིས་ཁྱད་པར་དུ་བྱས་པར་འཆད་པ་ཁ་ཅིག་ནི། ལྷན་ཅིག་མི་གནས་པའི་འགལ་བ་དམིགས་པའི་ནང་དུ་འདུས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཕན་ཚུན་སྤངས་པ་དངོས་ཀྱི་ཁྱད་པར་དུ་བྱས་པ་ལ་གཉིས་ཏེ། ཕན་ཚུན་སྤངས་པ་ཙམ་དང༌། ཕན་ཚུན་སྤངས་པས་ཁྱད་པར་དུ་བྱས་པའི་འགལ་བའོ། །དང་པོ་ནི། སྔོ་སེར་དང༌། ཀ་བུམ་ལ་སོགས་པ་ཡིན་ལ། གཉིས་པ་ནི། ངེས་འགྱུར་དང༌། ལྟོས་བཅས་བཞིན་ནོ། །དང་པོ་ལ་འགལ་དམིགས་སྦྱར་དུ་མི་རུང་སྟེ། དེ་དག་འགལ་བ་མ་ཡིན་པའི་ཕྱིར། དེ་དག་ཕན་ཚུན་སྤངས་པའང་ཙམ་པོ་ཡིན་གྱི། དངོས་མ་ཡིན་ཏེ། ཕན་ཚུན་སྤངས་པ་དངོས་སུ་འཇོག་པ་ལ་ཕུང་གསུམ་ཁེགས་པ་ཞིག་དགོས་པའི་ཕྱིར། དེས་ན། ཚད་མས་གནོད་པའི་འགལ་བ་ཁོ་ན་ལ་འགལ་དམིགས་སྦྱར་དུ་རུང་བ་ཡིན་ཀྱང༌། དངོས་འགལ་དམིགས་པའི་གཏན་ཚིགས་མ་ཡིན་ཏེ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ནང་དུ་འདུས་པའི་ཕྱིར། མཚན་གཞི་ནི། ལྟོས་པས་ངེས་པ་འགོག་པ་དང༌། ངེས་པས་ལྟོས་པ་འགོག་པ་ལྟ་བུ་སྟེ། དཔེར་ན། གང་དེ་དང་དེར་འགྱུར་བ་རྐྱེན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ན་དེར་མ་ངེས་པས་ཁྱབ། དཔེར་ན། གོས་ལ་ཚོན་བཞིན། དཔྱིད་དུས་ཀྱི་ས་བོན་ལས་མྱུ་གུ་འབྱུང་བའང༌། རྐྱེན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ནོ། །ཞེས་པ་ལྟ་བུ་དང༌། གང་དེའི་ངོ་བོར་ངེས་པ་ཡིན་ན། དེར་འགྱུར་བ་རྒྱུ་གཞན་ལ་མི་ལྟོས་པས་ཁྱབ། དཔེར་ན། རྒྱུ་ཚོགས་ཐམས་ཅད་འབྲས་བུ་སྐྱེད་པ་བཞིན། བུམ་པ་འཇིག་པའང་རང་གི་ངོ་བོར་ངེས་པ་ཡིན་ནོ། །ཞེས་པ་ལྟ་བུའོ། །འདི་གཉིས་འགལ་བར་འཇོག་པའི་ཤེས་བྱེད་ཀྱང༌། རྟག་མི་རྟག་གཉིས་ཕན་ཚུན་སྤངས་པ་དངོས་ཡིན་པའི་རྒྱུ་མཚན་གྱིས། ངེས་དངོས་དང་ལྟོས་བཅས་གཉིས་ཕན་ཚུན་སྤངས་འགལ་དུ་བཞག་པ་ཡིན་ལ། རྣམ་འགྲེལ་ངེས་ཀྱི་དངོས་བསྟན་ལྟར་ན། ངེས་དངོས་རྣམས་ལྟོས་བཅས་ཡིན་པ་ལ་ཚད་མ་གཞན་གྱིས་གནོད་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་ཅིང༌། དེ་བཞིན་དུ། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་ཞེས་བཤད་ནས། འགལ་དམིགས་སུ་མ་བཤད་པའི་རྒྱུ་མཚན་ཡང་བསམ་པར་བྱའོ། །འགྲེལ་པ་འདིར་གནོད་འགལ་དང་པོའི་དཔེར་བརྗོད་དུ། འཇིག་པའང་རྒྱུ་གཞན་ལ་ལྟོས་སོ། །ཞེས་འབྱུང་བ་ནི། ངེས་པས་ལྟོས་འགོག་ཐལ་འགྱུར་དུ་སྦྱར་བའི་དབང་དུ་བྱས་པ་ཡིན་པས་མ་དག་པ་མིན་ལ། ཡང༌། ཇི་སྐད་དུ། དེས་ན་ཡ་གྱལ་སྣང་དུ་མི་རུང་ཞིང༌། ཡིན་པར་དོགས་པ་ལ་འགལ་བའི་སྒོ་ནས་འགོག་པས་ཕན་ཚུན་སྤངས་འགལ་གྱི་སྦྱོར་བ་འཇུག་ལ། གཉིས་ཀ་སྣང་རུང་ཕན་ཚུན་ཡིན་པ་འགོག་པ་མངོན་སུམ་གྱིས་འགྲུབ་པས། འགལ་བའི་རྟགས་ལ་མི་ལྟོས་སོ། །ཞེས་འབྱུང་བ་དེར། ཕན་ཚུན་སྤངས་འགལ་གྱི་སྦྱོར་བ་འཇུག་ཅེས་པ་ཅུང་ཟད་རྣོ་བས་འགལ་དམིགས་ཀྱི་སྦྱོར་བ་འཇུག་ལ། ཞེས་བཤད་ན་ལེགས་པ་ཡིན་ཏེ། གཞན་དུ་ན། ལྷན་ཅིག་མི་གནས་འགལ་གྱི་སྦྱོར་བ་རྣམས་དགག་བྱ་སྣང་རུང་ལ་འཇུག་གམ་སྙམ་པའི་དོགས་པ་སྐྱེ་བས་སོ། །ལོ་ཙྪ་བ་ཆེན་པོས་སློབ་དཔོན་ཆོས་མཆོག་གི་འདོད་པ་འཆད་པ་ན། ཕན་ཚུན་སྤངས་པའི་འགལ་དམིགས་མཐའ་དག སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདུ་བ་ཡིན་ནོ། །ཞེས་ཟེར་བ་ཕྱོགས་སྔ་མར་བཀོད་ནས། དེ་འགོག་པ་ན། གཞན་གྱི་དོན་རྗེས་སུ་དཔག་པ་ལས། རང་གི་སྦྱོར་བ་དག་ལ་དེའི། ཞེས་པ་ནས། ངེས་དངོས་བཞིན། ཞེས་བྱ་བ་དང༌། དེའི་འགྲེལ་པ་ནས་ཀྱང་ལྟོས་བཅས་ཀྱི་ངེས་དངོས་འགོག་པ་འགལ་བས་ཁྱབ་པར་བཤད་པ་དང་ཇི་ལྟར་མི་འགལ། ཞེས་གསུངས་ལ། གཞུང་གི་དངོས་བསྟན་ནི་སློབ་དཔོན་ཆོས་མཆོག་གི་ལུགས་ལྟར་འགྲིག་པར་མཐོང་ངོ༌། །གསུམ་པ་དགག་རྟགས་ཀྱི་འབྲེལ་བ་ངེས་པའི་ཚུལ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། ཕྱྭ་བསྡུས་རྗེས་འབྲང་དང་བཅས་པ། ལྷན་ཅིག་མི་གནས་པའི་འགལ་དམིགས་ཀྱི་རྟགས་ཆོས་གཉིས་ལ་དེ་བྱུང་གི་འབྲེལ་པ་གྲུབ་པ་ཡིན་ཏེ། འགོག་བྱེད་ཚ་རེག་སྐོར་བཞི་པོ་དེ། དགག་བྱ་གྲང་རེག་སྐོར་བཞི་ཁེགས་པའི་ཚོགས་པ་ལས་སྐྱེ་བ་ཡིན་ནོ། །ཞེས་ལྷན་ཅིག་ན་མི་གནས་པའི་འགལ་བ་རྣམས་རང་རང་གི་དགག་བྱ་བཀག་པའི་ཚོགས་པས་སྐྱེད་པར་འདོད་པ་ནི་འཁྲུལ་ཏེ། དགག་པའི་གཏན་ཚིགས་ལ་དངོས་འབྲེལ་འདོད་པ་བཀག་ཟིན་པའི་ཕྱིར་དང༌། དེ་དག་འབྲས་བུའི་གཏན་ཚིགས་ཉིད་དུ་ཧ་ཅང་ཐལ་བའི་ཕྱིར་དང༌། མི་འགལ་ན། རྒྱུ་མ་དམིགས་པའི་གཏན་ཚིགས་ཉིད་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །འགྲེལ་པར། རེག་བྱ་བཏང་སྙོམས་པ་སྲིད་པའི་ཕྱིར། ཞེས་པའི་ནུས་པ་གང་ཡིན་བཙལ་དགོས་སོ། །གཉིས་པ་རང་ལུགས་ནི། འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ལ་དངོས་འབྲེལ་ངེས་བྱེད་ཀྱི་ཚད་མ་མེད་ཀྱང་བཟློག་པ་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་པ་དེ་ཉིད་ཀྱིས་ཆོག་པ་ཡིན་ཏེ། འབྲེལ་ཡུལ་ལོག་པས་འབྲེལ་ཆོས་ཉིད་ལོག་པར་མཐོང་བས་ལྡོག་འབྲེལ་བློ་ངོར་འགྲུབ་པའི་ཕྱིར་རོ། །འགལ་ཟླ་དམིགས་པའི་གཏན་ཚིགས་ཀྱི་ནི། དངོས་འབྲེལ་དང་ལྡོག་འབྲེལ་གཉིས་ཀ་དཔྱད་མི་དགོས་ཏེ། འགལ་ཟླར་གྲུབ་པ་དེ་ཅིག་ཤོས་ལ་གནོད་བྱེད་དུ་མཐོང་བ་ཙམ་གྱིས་དགག་བྱ་ཁེགས་པའི་ཕྱིར། འདི་ཡང་གོང་དུ། སྣང་དང་མི་སྣང་མ་གཏོགས་པ། །འགལ་བ་ངེས་བྱེད་གཞན་ཡོད་མིན། །ཞེས་གསུངས་པ་ལས་ཤེས་པར་བྱ་ལ། དེར་ནི་གནོད་བྱེད་དང་གནོད་བྱ་ནུས་མེད་གཉིས་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མས། ལྷན་ཅིག་མི་གནས་པའི་འགལ་དམིགས་ཀྱི་ཁྱབ་འབྲེལ་ངེས་ནུས་པར་བཤད་པས། ཞིབ་ཏུ་བརྟག་པར་བྱ་དགོས་ཏེ། ཇི་སྐད་དུ། དངོས་འབྲེལ་བཀག་ཟིན་ལྷན་ཅིག་ན། །མི་གནས་ཚོགས་པས་བསྐྱེད་པ་འཁྲུལ། །ཞེས་པའི་ཕྱོགས་སྔ་མ་དང་མ་འདྲེས་པར་འཆད་དགོས་པ་དང༌། ལྡོག་འབྲེལ་མཐུར་ཁྱབ་དུ་མ་སོང་བའི་ཚུལ་རྣམས་ཤེས་དགོས་པའི་ཕྱིར། འགྲེལ་པར། རྒྱུ་མ་དམིགས་པ་དང༌། འབྲས་བུ་མ་དམིགས་པ་གཉིས་ཀྱི་ཟློག་པ་ལ། དེ་བྱུང་འབྲེལ་པ་ཡོད་པར་བཤད་པ་ནི་ཡི་གེ་མ་དག་པ་ཡིན་ཏེ། འབྲས་བུ་མ་དམིགས་པའི་ཟློག་ཕྱོགས་ལ་དེ་འབྱུང་ས་མེད་པའི་ཕྱིར། ཡང༌། འགྲེལ་པར་ཕན་ཚུན་སྤངས་འགལ་གྱི་འགལ་དམིགས། འབྲེལ་ཡུལ་མ་དམིགས་པའི་ནང་ཚན་དུ་བཤད་པ་ནི། སློབ་དཔོན་ཆོས་མཆོག་གི་བཞེད་པ་དང་མཐུན་ཞིང༌། རང་ལུགས་ཀྱི་འཇོག་མཚམས་དང་ཡང་འགྲིག་པས་མ་དག་པ་མ་ཡིན་ནོ། །གཉིས་པ་རང་བཞིན་གྱི་རྟགས་ལ་གསུམ་ལས། མཚན་ཉིད་ནི། རྟགས་ཆོས་གཉིས་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་སྟོབས་ཀྱིས། བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་དབྱེ་བ་ལ། རྟགས་ཀྱིས་དབྱེ་བ་དང༌། བསྒྲུབ་བྱས་དབྱེ་བ་གཉིས་ལས། དང་པོ་ལ། དག་པ་པ་དང༌། ལྟོས་པ་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། གཉིས་པ་ལའང༌། ཁྱད་པར་གྱི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་དང༌། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་གཉིས་ལས། དང་པོ་ལ། བྱས་པ་ལྟ་བུ་ལྟོས་པ་ཁོང་ན་ཡོད་པ་དང༌། རྒྱུ་རྐྱེན་ལས་སྐྱེས་པ་ལྟ་བུ་ལྟོས་ས་དངོས་སུ་བརྗོད་པ་གཉིས་སོ། །གཉིས་པ་ནི། མི་རྟག་པར་སྒྲུབ་པ་ལ་རྐྱེན་ལྡན་རྟགས་སུ་བཀོད་པ་ལྟ་བུའོ། །འདིས་མཚོན་ནས། ཕྱོགས་ཆོས་གྲུབ་ཅིང༌། རྟགས་ཆོས་གཉིས་ལ་ངོ་བོ་དབྱེར་མེད་དུ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་མཐའ་དག་ནི་རང་བཞིན་གྱི་རྟགས་སོ། །གཉིས་པ་སྒྲུབ་བྱའི་སྒོ་ནས་དབྱེ་ན། དོན་སྒྲུབ་དང༌། ཐ་སྙད་སྒྲུབ་གཉིས་སོ། །གསུམ་པ་རྩོད་པ་སྤང་བ་ནི། མུ་སྟེགས་བྱེད། རྟགས་ལོགས་པར་འདོད་པའི་རྒྱུ་ཚོགས་གྲངས་ཚང་གིས། གཞི་འགའ་ཞིག་ཏུ་འབྲས་བུ་སྐྱེ་རུང་དཔོག་པ་དང༌། དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས། གཞི་འགའ་ཞིག་ཏུ་འདུས་བྱས་ཀྱི་དུ་བ་སྒྲུབ་པ་སོགས་ལ། མཚན་ཉིད་དེ་མ་ཚང་བའི་ཕྱིར་རང་བཞིན་གྱི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ཞེ་ན། དེ་དག་ཀྱང་དེའི་ཁོངས་སུ་བསྡུ་ནུས་ཏེ། དེའི་ཆ་མཐུན་གྱི་གཏན་ཚིགས་ཡིན་པའི་ཕྱིར། མི་འཐད་དེ། དེ་དག་གི་རྟགས་ཆོས་རྫས་ཐ་དད་པའི་ཕྱིར། ཞེ་ན། དེ་དག་གི་རྟགས་ཆོས་རྫས་ཐ་དད་ཡིན་པའི་སྐྱོན་མི་འགོ་སྟེ། དུ་རྒྱུ་ནུས་པ་ཐོགས་མེད་དུ་འཇོག་བྱེད། དུ་བ་སྐྱེ་བཞིན་པ་ཡིན་ལ། དེ་དང་མི་རྟག་པའི་དུ་བ་ངོ་བོ་གཅིག་པའི་ཕྱིར་དང༌། རྒྱུ་ཚོགས་དང་འབྲས་བུ་སྐྱེ་རུང་ཙམ་ངོ་བོ་གཅིག་པའི་ཕྱིར། གསུམ་པ་འབྲས་བུའི་རྟགས་ལ་གསུམ་ལས། མཚན་ཉིད་ནི། རྟགས་ཆོས་གཉིས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་སྟོབས་ཀྱིས། ཤེས་འདོད་ཆོས་ཅན་གྱི་སྟེང་དུ། རང་གི་བསྒྲུབ་བྱའི་ཆོས་ཡོད་པའམ། ཡིན་པ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་དབྱེ་བ་ལ། དངོས་དང༌། ཆ་མཐུན་བསྡུ་བའོ། །དང་པོ་ནི། དུ་བས་མེ་ཙམ་སྒྲུབ་པ་རྒྱུ་དངོས་སྒྲུབ་པ་དང༌། དུ་བས་མེ་སྔོན་སོང་དུ་སྒྲུབ་པ་ལྟ་བུ་རྒྱུ་སྔོན་སོང་སྒྲུབ་དང་དུ་བས་བུད་ཤིང་གི་འགྱུར་བ་དཔོག་པ་ལྟ་བུ་རྒྱུ་ཆོས་རྗེས་དཔོག་སྟེ། འགྲེལ་པ་འདིར་གསུམ་བཤད་ལ། ཇི་སྐད་དུ། རེས་འགའ་བ་ཉིད་ཡིན་པས་ན། །ཞེས་དང༌། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །ཞེས་པའི་གཞུང་གིས་བསྟན་པའི་གཏན་ཚིགས་གཉིས་པོ། འབྲས་བུའི་གཏན་ཚིགས་ཀྱི་དབྱེ་བར་བོད་ཀྱི་སློབ་དཔོན་གཞན་དག་འཆད་དོ། །གཉིས་པ་ནི། མུ་སྟེགས་བྱེད་རྟགས་ལོགས་པར་འདོད་པ། ཆུ་སྐྱར་ལས་ཆུ་དང༌། ཆུ་མི་གཡོ་བ་ལས་རྟེན་བརྟན་པར་དཔོག་པ་སོགས་ཀྱང༌། འབྲས་བུའི་གཏན་ཚིགས་ཀྱི་ཁོངས་སུ་བསྡུ་ནུས་ཏེ། དེ་དང་ཆ་མཐུན་པའི་གཏན་ཚིགས་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ། དུ་བས་ནམ་མཁའི་དུ་བ་མེ་སྔོན་སོང་དུ་སྒྲུབ་པ་ལྟ་བུ་ནི། སྨྲས་ཙམ་གྱི་རྟགས་ཆོས་རྫས་གཅིག་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་སུ་ཐལ་ལོ། །ཞེས་པའི་སྐྱོན་ལས་གྲོལ་ཏེ། ཞེ་འདོད་དང༌། རློམ་ཚོད་ཀྱི་རྟགས་ཆོས་རྫས་ཐ་དད་པ་སྒྲུབ་པའི་ཕྱིར་རོ། །གསུམ་པ་དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པ་ལ་གཉིས་ལས། ཕྱོགས་སྔ་མ་ནི། རྩང་ནག་པ་སོགས་ཁ་ཅིག འབྲེལ་པ་ནི་མུ་དགུར་ཡོད་དེ། འབྲེལ་ཡུལ་ལ་འབྲེལ་ཡུལ་དངོས་དང༌། དེའི་ཁྱད་པར་དུ་བྱེད་ཆོས་དང༌། དེས་ཁྱད་པར་བྱས་ཆོས་དང་གསུམ། འབྲེལ་ཆོས་ལ་ཡང་དེ་ལྟར་གསུམ་དུ་བྱེ་ནས། འབྲེལ་ཆོས་གསུམ་པོ་འབྲེལ་ཡུལ་རེ་རེ་ལ་འབྲེལ་བས་སོ། །དེ་ལྟར་དགུའི་ནང་ནས། བསྒྲུབ་བྱ་གོ་བྱེད་ཀྱི་འབྲེལ་པ་ནི་བཞི་ཁོ་ན་ཡོད་དེ། འབྲེལ་ཆོས་དངོས་དང༌། དེའི་ཁྱད་པར་དུ་བྱེད་ཆོས་གཉིས། འབྲེལ་ཡུལ་དངོས་དང༌། དེས་ཁྱད་པར་དུ་བྱས་ཆོས་གཉིས་ལ་འབྲེལ་པ་སྟེ་བཞི་པོ་དེ་ཁོ་ནས་བསྒྲུབ་བྱ་གོ་བ་ལ་ཕན་པའི་ཕྱིར་རོ་ལོ། དེ་ལྟར་འདོད་པ་མི་འཐད་དེ། འབྲེལ་པ་གོ་ཆོད་པོར་འདོད་པ་དང༌། བསྒྲུབ་བྱ་གོ་བྱེད་ལ་མི་ཕན་པ་འདི་ནི། རྣམ་གཞག་ནང་འགལ་བའི་ཕྱིར་དང༌། གཞུང་ལས་མ་བཤད་པས་གཞུང་གི་དགོངས་པར་འཐད་པ་མ་ཡིན་པའི་ཕྱིར་རོ། །བསྒྲུབ་བྱ་གོ་བྱེད་ཀྱི་འབྲེལ་པ་བཞིར་འཆད་པ་མི་འཐད་དེ། ཁྱད་པར་བྱ་བྱེད་འབྲེལ་པ་ཡི་སྟོབས་ཀྱིས་བསྒྲུབ་བྱ་གོ་བ་མ་ཡིན་གྱི། དེའི་ངོ་བོའམ། དོན་གཞན་གྱི་འབྲེལ་པའི་སྟོབས་ཀྱིས་བསྒྲུབ་བྱ་རྟོགས་པར་ཟད་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། བསྒྲུབ་དང་དགག་པའི་དངོས་ཀྱི་རྟེན། །གཞན་སེལ་ཁོ་ནར་འཆད་འདི་ལ། །སེལ་ངོར་ཕུང་གསུམ་ཡོད་པའི་ཕྱིར། །ཕྱོགས་གཉིས་སྤངས་འགལ་དངོས་མི་སྲིད། །ཕྱོགས་སྒྲ་ཕྱོགས་གསུམ་ལ་འཇུག་པ། །གཞན་དུ་བཏགས་པའི་མིང་དག་ཀྱང༌། །རང་རང་སྐབས་སུ་དངོས་མིང་ཕྱིར། །འཆོལ་བར་འཇུག་པ་སྲིད་མ་ཡིན། །ལག་པ་ཞེས་པ་སྣ་ཞགས་ཀྱི། །བཏགས་མིང་ཡིན་ཀྱང་ལག་ལྡན་ནི། །གླང་ཆེན་དངོས་ཀྱི་མིང་ཡིན་ཕྱིར། །འཁྲུལ་པར་འཇུག་པ་མི་སྲིད་བཞིན། །ཆོས་ཅན་ཆོས་དང་དཔེ་ཡི་ཆོས། །མི་མཐུན་དཔེ་ཡི་ཆོས་ཅན་རྣམས། །ཕྱོགས་གསུམ་པོ་ཡི་དངོས་མིང་དུ། །བཤད་པ་མེད་ཕྱིར་མཚུངས་མ་ཡིན། །རྟགས་ཀྱི་མཚན་ཉིད་ཚུལ་གསུམ་པོ། །རྟགས་ཀྱི་མཚན་གཞི་མ་ཡིན་པ། །རྣམས་དང་རྟགས་ཀྱི་མཚན་གཞི་ལ། །སྲིད་དང་མ་ཁྱབ་ཁྱབ་ཆེས་གསལ། །མ་དམིགས་པ་ཡི་གཏན་ཚིགས་ཀུན། །དགག་པའི་གཏན་ཚིགས་ཉིད་མ་ངེས། །ཐ་སྙད་སྒྲུབ་རྣམས་རང་བཞིན་གྱི། །གཏན་ཚིགས་ཡིན་པར་མ་ཟད་ཀྱི། །ལྷན་ཅིག་མི་གནས་འགལ་དམིགས་ཀུན། །རྒྱུ་ཚོགས་གྲངས་ཚང་རྟགས་བཀོད་ནས། །འབྲས་བུ་འབྱུང་རུང་སྒྲུབ་པ་ཡི། །རང་བཞིན་ཆ་མཐུན་ཡིན་སྙམ་བྱེད། །ཕན་ཚུན་སྤངས་པའི་འགལ་དམིགས་ཀྱང༌། །སྲིད་ན་སྣང་རུང་མ་དམིགས་པ། །ཚད་མས་གནོད་པའི་འགལ་དམིགས་ཀྱི། །རང་དབང་ཉིད་ཕྱིར་ལོགས་སུ་བཤད། །ཅེས་སྦྱར་བ་ཡིན་ནོ། །གཉིས་པ་གཏན་ཚིགས་ལྟར་སྣང་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། རྟགས་སུ་བཀོད་པ་གང་ཞིག ཚུལ་གསུམ་མ་གྲུབ་པའོ། །གཉིས་པ་ལ་གསུམ་སྟེ། མ་གྲུབ་པ་དང༌། མ་ངེས་པ་དང༌། འགལ་བའི་གཏན་ཚིགས་སོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཕྱོགས་དེ་ཤེས་འདོད་ཆོས་ཅན་ལ་རྟགས་འགོད་ཚུལ་དང་མཐུན་པར་མེད་པ་ནི། མ་གྲུབ་པའི་རྟགས་ཀྱི་མཚན་ཉིད་དོ། །དབྱེ་བ་ནི། ཕྱོགས་ཆོས་དོན་དམ་བློ་ངོ་ལ་མི་གནས་པ་ནི། མ་གྲུབ་པའི་གཏན་ཚིགས་ཉིད་ཡིན་ཞིང༌། ཕྱོགས་རེའམ། རྒོལ་བ་རྣམ་གཉིས་ལ་མ་གྲུབ་པ་རྣམ་པར་ཕྱེ་ནས་བཤད་པར་བྱ་དགོས་པ་ཡིན་ཏེ། ལོ་ཙྪ་བ་སོགས་བོད་སྔ་མ་དག་གིས། རྩ་བའི་དབྱེ་བ་བཞི་ལ་གསུམ་གསུམ་དུ་ཕྱེ་བ་དང༌། ཡང་ཕྱྭ་བསྡུས་ལས་བདུན་དུ་བཤད་པ་རྣམས་ནི་ཉུངས་པའི་ཕྱིར། དེ་དག་གང་ཞེ་ན། གསུམ་སྟེ། དོན་ལ་མ་གྲུབ་པ་དང༌། བློ་ངོར་མ་གྲུབ་པ་དང༌། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཆོས་ཅན་གྱི་ངོ་བོ་མི་སྲིད་པ་དང༌། སྲིད་ཀྱང་རྩོད་གཞིར་མ་གྲུབ་པའོ། །གཉིས་པ་རྟགས་ཀྱི་ངོ་བོ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཀྱི་ངོ་བོ་མི་སྲིད་པ་དང༌། སྲིད་ཀྱང་ཤེས་འདོད་ཆོས་ཅན་དང་མ་འབྲེལ་བའོ། །དེ་ལའང་ངོ་བོ་མ་ཡིན་ནས་མ་གྲུབ་པ་དང༌། ལྡོག་པ་ཐ་དད་མེད་ནས་མ་གྲུབ་པའོ། །དེ་ལའང་གཉིས་ཏེ། གཞི་རྟགས་ཐ་དད་མེད་པ་དང༌། ཆོས་རྟགས་ཐ་དད་མེད་པའོ། །གསུམ་པ་དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང༌། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གསུམ་སྟེ། ཆོས་ཅན་ལ་དང༌། རྟགས་ལ་དང༌། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་བའི་མ་གྲུབ་པའོ། །གསུམ་པ་རྒོལ་བ་ལ་ལྟོས་པའི་མ་གྲུབ་པ་ལ། སྔ་རྒོལ་ལ་མ་གྲུབ་པ་དང༌། ཕྱིར་རྒོལ་ལ་མ་གྲུབ་པའོ། །ཞེས་པ་ནི་རང་གི་ལུགས་ཏེ། འགྲེལ་པར་འབྱུང་བའོ། །ལོ་ཙྪ་བ་ཆེན་པོ་ནི། མ་གྲུབ་པའི་གཏན་ཚིགས་ལ། བསལ་བའི་དབྱེ་བ་བཞི་སྟེ། གཞི་ཆོས་ཅན་གྱི་ངོ་བོ་མ་གྲུབ་པ་དང༌། གཏན་ཚིགས་ཀྱི་ངོ་བོ་མ་གྲུབ་པ་དང༌། གཞི་རྟགས་གཉིས་ལ་བདག་ཉིད་ཐམས་ཅད་ཀྱི་འབྲེལ་པ་མ་གྲུབ་པ་དང༌། ཕྱོགས་གཅིག་གི་འབྲེལ་པ་མ་གྲུབ་པ་སྟེ་བཞིའོ། །དེ་རེ་རེ་ལ། དངོས་པོ་ལ་མ་གྲུབ་པ་དང༌། བློ་ལ་ཕྱིན་ཅི་ལོག་ཏུ་གྲུབ་པ་དང༌། ཐེ་ཚོམ་ཟ་བ་གསུམ་སྦྱར་བས་བཅུ་གཉིས་སོ། །བཅུ་གཉིས་པོ་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་གང་དང་གང་གིས་སེལ། ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཞེས་པས་ནི་དངོས་པོ་ལ་མ་གྲུབ་པ་དང་པོ་གསུམ་བསལ། ཉིད་ཅེས་པས་ནི་དངོས་པོ་ལ་མ་གྲུབ་པ་ཐ་མ་བསལ། དེས་སེལ་བར་མ་ནུས་པ་ངེས་པ་ཞེས་པའི་ཚིག་གིས་བསལ་དགོས་པ་ནི་མེད་དེ། ཚད་མས་ངེས་པ་མེད་ན་ཡོད་པ་ཉིད་མི་འབྱུང་བའི་ཕྱིར། འོན་ཀྱང་ཐ་སྙད་སླ་ཆོས་སུ་བྱས་ཏེ། ངེས་པ་ཞེས་པའི་ཚིག་གི་ནུས་པ་ནས་བརྗོད་ན། ཡོད་པར་ངེས་པ་ཞེས་པས་ནི། ཕྱིན་ཅི་ལོག་ཏུ་གྲུབ་པ་གསུམ་དང༌། ཐེ་ཚོམ་ཟབ་དང་པོ་གསུམ་སྟེ་དྲུག་སེལ་ལོ། །ཉིད་ལ་ངེས་པ་ཞེས་པས་ནི། ཕྱོགས་གཅིག་ལ་ཕྱིན་ཅི་ལོག་ཏུ་སོང་ནས་མ་གྲུབ་པ་དང༌། ཐེ་ཚོམ་དུ་སོང་ནས་མ་གྲུབ་པ་གཉིས་བསལ་ཏོ། །ཞེས་གསུངས་སོ། །ཕྱྭ་བསྡུས་ལས། ཕྱོགས་ཆོས་མེད་པ་ལ་བདུན་ཏེ། ཆོས་ཅན་གཏན་མེད་པ་དང༌། ཡོད་ཀྱང་ཚད་མས་མ་ངེས་པ་དང༌། རྩོད་གཞི་ལ་གྲུབ་ཟིན་པའམ་བསལ་ནས་ཤེས་འདོད་མེད་པ་དང༌། གཏན་ཚིགས་ཀྱི་ངོ་བོ་ཤེས་བྱ་ལ་གཏན་མེད་པ་དང༌། ཡོད་ཀྱང་རྩོད་གཞི་དང་འབྲེལ་པ་མེད་པ་དང༌། གཞི་རྟགས་ཐ་དད་མེད་པ་དང༌། གཞི་ལ་རྟེན་པར་ཐེ་ཚོམ་ཟ་ནས་མ་ངེས་པའོ། །རྟགས་ཆོས་ཐ་དད་མེད་པ་དང༌། གཞི་ཆོས་ཐ་དད་མེད་པ་གཉིས་ནི། ཆོས་ཅན་གྱི་སྟེང་དུ་སྒྲུབ་ཆོས་ཚད་མས་ངེས་ན་ཤེས་འདོད་མེད་པ་དང༌། དེ་ལ་དེ་མ་ངེས་ན་ཆོས་རྟགས་ཐ་དད་མེད་པ་ནི། གཞི་ལ་རྟེན་པར་མ་ངེས་པའི་ནང་དུ་འདུས། གཞི་ཆོས་ཐ་དད་མེད་པ་ནི། གཞི་ཚད་མས་མ་ངེས་པའི་ནང་དུ་འདུས་པས། དབྱེ་བ་ལོགས་པར་མ་བཀོད་དོ། །གལ་ཏེ། དེ་དག་ཏུ་མ་འདུས་པའི་གཏན་ཚིགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནམ། ཞེ་ན། དེ་དག་ནི་ཧ་ཅང་ཐལ་ཆེས་པའི་དབྱེ་བ་ཡིན་པས། སྔ་མའི་ནང་དུ་མ་འདུས་པ་མེད་དོ། །ཞེས་གསུང་ངོ༌། །མདོར་ན། འགལ་མ་ངེས་གཉིས་ཀྱི་དབྱེ་བ་གཞུང་དུ་གསལ་བར་གསུངས་ལ། མ་གྲུབ་པའི་རྟགས་ཀྱི་དབྱེ་བ་ལ་གསལ་བྱ་མེད་པས། བོད་ཀྱི་རྟོག་གེ་པ་ཆེན་པོ་རྣམས་ཀྱི་བཞེད་པ་མཐའ་གཅིག་ཏུ་ངེས་པ་མེད་དོ། །གཉིས་པ་མ་ངེས་པའི་གཏན་ཚིགས་ལ་གསུམ་ལས་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་པ་ནི་མ་ངེས་པའི་རྟགས་ཀྱི་མཚན་ཉིད་དོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཐུན་མོང་གི་མ་ངེས་པའོ། །དང་པོ་ལ་གཉིས་ལས། མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང་ཕྱོགས་དེ་ཤེས་འདོད་ཆོས་ཅན་ལས་གཞན་ལ་སྐབས་ཀྱི་རྒོལ་བའི་ཚད་མས་མ་གྲུབ་པ་ནི། ཐུན་མོང་མ་ཡིན་པའི་རྟགས་ཀྱི་མཚན་ཉིད་དོ། །དབྱེ་ན་བཞི་སྟེ། སེལ་ངོའི་ཕྱོགས་གཉིས་ཀ་ལ་མེད་ནས་མ་མཐོང་བ་སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་ལྟ་བུ་དང༌། དོན་ལ་གནས་པའི་ཕྱོགས་གཉིས་ཀ་ལ་ཡོད་པ་སྲིད་ཀྱང་མ་མཐོང་བ་མདུན་གྱི་སྐྱེས་བུ་ལྷ་ལས་ཚེ་འཕོས་པར་སྒྲུབ་པ་ལ་མིག་དང་ལྡན་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། འབྲེལ་པ་མི་ཤེས་པའི་ངོར་སྒྲ་མི་རྟག་སྒྲུབ་ལ་བྱས་པ་བཀོད་པ་ལྟ་བུ་དང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། ཡང་དེ་ཉིད་ཀྱི་ངོར་སྒྲ་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །བཞི་པ་འདིའི་མཚན་གཞི་འགྲེལ་པར་གསུངས་པ་དེའི་དོན་བསམ་དགོས་སོ། །གཉིས་པ་ལ་གཉིས་ལས། མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང༌། ཕྱོགས་དེ་ཤེས་འདོད་ཆོས་ཅན་ལས་གཞན་ཕྱོགས་གཉིས་པོ་གང་རུང་ལ་འཇུག་པར་སྐབས་ཀྱི་རྒོལ་བའི་ཚད་མས་མཐོང་བ་ནི། ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ནི། དངོས་དང༌། ལྷག་ལྡན་གྱི་མ་ངེས་པ་གཉིས་སོ། །དང་པོ་ལ། མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང༌། ཕྱོགས་གཉིས་ཀ་ལ་སྐབས་ཀྱི་རྒོལ་བའི་ཚད་མས་མཐོང་བའོ། །དབྱེ་ན་བཞི་སྟེ། གཉིས་ཀ་ལ་ཁྱབ་བྱེད་དུ་མཐོང་བ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མཐོང་བ། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མཐོང་བ། གཉིས་ཀའི་ཕྱོགས་རེ་ལ་མཐོང་བ་ཞེས་འགྲེལ་པར་གསུངས་ལ། འདིའི་དོན་ནི། རྣམ་གཉིས་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །གཉིས་པ་ལྷག་ལྡན་ལ། མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང༌། ཕྱོགས་གཉིས་ལས་གང་རུང་གཅིག་ལ་རྒོལ་བའི་ཚད་མས་མཐོང༌། ཅིག་ཤོས་ལ་ཡོད་མེད་གང་དུ་ཡང་མ་མཐོང་བའོ། །དབྱེ་ན་ཡང་དག་ལྷག་ལྡན་དང༌། འགལ་བའི་ལྷག་ལྡན་གཉིས་སོ། །ཕྱོགས་ཆོས་གྲུབ་ཅིང༌། མཐུན་ཕྱོགས་ལ་རྒོལ་བའི་ཚད་མས་མཐོང༌། མི་མཐུན་ཕྱོགས་ལ་གང་དུ་ཡང་མ་མཐོང་བ་དེ། ཡང་དག་ལྷག་ལྡན་གྱི་མཚན་ཉིད་ཡིན་ནོ། །དབྱེ་ན། རྟགས་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་དང་གསུམ་མོ། །གཉིས་པ་ལ། མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང༌། མི་མཐུན་ཕྱོགས་ལ་སྐབས་ཀྱི་རྒོལ་བའི་ཚད་མས་མཐོང༌། མཐུན་ཕྱོགས་ལ་ཡོད་མེད་གང་དུ་ཡང་མ་མཐོང་བ་དེ། འགལ་བའི་ལྷག་ལྡན་གྱི་མཚན་ཉིད་ཡིན་ནོ། །དབྱེ་ན། རྟགས་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་དང་གསུམ་མོ། །ལྷག་ལྡན་གཉིས་པོའི་དབྱེ་བ་གསུམ་གྱི་ལུང་ཁུངས་བཙལ་དགོས་ཤིང༌། གཉིས་པོའི་དབྱེ་བ་གསུམ་པ་དང༌། ཐུན་མོང་མ་ཡིན་པའི་བཞི་པ་གཉིས་ཀྱི་ཁྱད་པར་འབྱེད་དགོས་པ་དང༌། ཡང་དག་ལྷག་ལྡན་གྱི་དབྱེ་བར། མེད་ཀྱང་ཡང་དག་མ་ཡིན་པ་ཞེས་སྦྱར་ན་འབྱོར་བའི་ཕྱིར། མེད་ཀྱང་མི་འགལ་བ་ཟེར་རྒྱུ་མ་ཡིན་ནམ་སྙམ་སྟེ། འདི་ཙམ་ཞིག་དཔྱད་པའི་ལྷག་མར་བཞག་གོ །གསུམ་པ་འགལ་བ་ལ་གཉིས་ལས། མཚན་ཉིད་ནི། རྟགས་དེ་ཕྱོགས་ཆོས་གྲུབ་ཅིང༌། བཟློག་པས་ཁྱབ་པར་ངེས་པ་ནི། འགལ་བའི་གཏན་ཚིགས་ཀྱི་མཚན་ཉིད་དོ། །དབྱེ་བ་ལ་གསུམ་སྟེ། དངོས་པོའི་སྒོ་ནས་དབྱེ་བ། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ། དབྱེ་བ་གཞན་དུ་འདོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་པའི་དབང་གིས་གཉིས་སུ་དབྱེ་བ། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས་ལས། གཉིས་སུ་འགྲོ་བའི་ཚུལ་ནི་འགལ་བའི་གཏན་ཚིགས་ལ་དབྱེ་ན། རང་བཞིན་དང༌། འབྲས་བུའི་འགལ་རྟགས་གཉིས་ཉིད་དུ་འདུས་པ་ཡིན་ཏེ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་ཐ་སྙད་སྒྲུབ་པའི་ཆ་ནས་རང་བཞིན་གྱི་གཏན་ཚིགས་སུ་བསྡུས་པས་ན། དེའི་ཟློག་ཕྱོགས་མ་དམིགས་པའི་འགལ་རྟགས་ཀྱང༌། རང་བཞིན་གྱི་འགལ་རྟགས་ཀྱི་ནང་དུ་འདུ་བའི་ཕྱིར། འདིའི་དོན་ཡང༌། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན་བཤད་པ་ལས་མཐའ་ཆོད་པར་ཤེས་དགོས་ཤིང༌། ལོ་ཙྪ་བ་ཆེན་པོ་ནི། སྐབས་དེར་མི་སྣང་བ་མ་དམིགས་པ་དང༌། ཕན་ཚུན་སྤངས་པའི་འགལ་དམིགས་ཀྱང༌། སྣང་རུང་མ་དམིགས་པར་བསྡུས་པ་ཡིན། ཞེས་གསུང་ངོ༌། །འགྲེལ་པ་འདིར་ཡང༌། མ་དམིགས་པ་ཐམས་ཅད་སྣང་རུང་མ་དམིགས་པར་འདུ། དེ་ཡང་རང་བཞིན་གྱི་གཏན་ཚིགས་ཡང་དག་ཡིན། ཞེས་ལན་དུ་མར་གསུངས་པ་རྣམས་ཀྱི་དོན་ལ་བསམ་པར་བྱའོ། །གཉིས་པ་འབྲས་བུའི་འགལ་རྟགས་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེར། འབྲས་བུའི་འགལ་རྟགས་ཀྱི་དཔེར་བརྗོད་དུ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*