པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ། ཁ ༽

ཚིག་སྦྱོར་སོགས་པོ་ཏོལ་ཆེ་བའི་ཕལ་ཉམས་ཅན་ཞིག་བྱུང་བས་ཅུང་ཞིག་ཐུགས་མཛངས་ཤིང༌། རང་རེས་བསྟན་པའི་བྱི་དོར་ལ་བསམས། ལྷག་བསམ་རྣམ་དག་གིས་ཡིན་ཀྱང༌། དེར་མི་མཚོན་པའི་བརྗོད་གླེང་ཅན་གྱི་ཀུ་ཅོའི་རྒྱུར་འགྲོ་བ་ཞིག་ཡོང་བ་འདྲ་གསུང༌། ཐུགས་དབེན་མཛད་པའི་ཚུལ་ཡང་བསྟན་ཞིང༌། དེ་མཚམས་རྭ་སྟོན་ཡོན་ཏན་དཔལ་བཟང་པོས། ས་པཎ་གསུང་གི ཉི་མའི་འོད། མི་ཤེས་སྤྲིན་གྱིས་བསྒྲིབ་པའི་ཆ། །ལེགས་བྱས་དྲི་བའི་རླུང་གཞོན་གྱིས། །བསྟན་བཅོས་འོད་རིས་གསལ་བར་མཛད། །ཅེས་སོགས་ཆེད་དུ་བརྗོད་པའི་སྙན་ངག་དང་རྗེས་འབྲེལ་གྱི་དྲིས་ལན་ཞིག་ཕུལ་བས། སྔ་མའི་ཚིག་སྒྲ་དེ་ཁེགས་སྣང་ངོ་གསུང་དགེས་པ་འཁྲུངས་ཤིང༌། ཡང་ཆོས་ཟོམ་ལྦ་བ། མཚན་དངོས་ཤེས་རབ་སེང་གེར་གྲགས་པ་དེས་ཀྱང་དྲིས་ལན་ཞིག་ཕུལ་བས། དེའི་དོན་བསྡུ་ཕྱིས་གསེར་ཐུར་དུ་འདྲི་དགོས་པའི་རྒྱུ་མཚན། མ་དྲིས་ན་བསྟན་བཅོས་ཆུད་ཟ་བ། དྲིས་ལན་དངོས་དང་གསུམ་གྱི། བར་པའི་ཆ་དེ་ཁོལ་པོར་ཕྱུང་བ་ལྟ་བུའི་ལན་འདེབས། སླར་དྲི་བ་གནད་ལ་འབེབས་འདྲའི་བསྟན་བཅོས་ཤིག་སྤྱན་ལམ་དུ་ཐོགས་པས། དེར་པཎ་ཆེན་རིན་པོ་ཆེ་ཡང་དགེས་པ་མཆོག་ཏུ་འཁྲུངས་ཏེ་མངའ་རིས་ན་མདོ་སྔགས་ཀྱི་ཚུལ་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་འདི་འདྲ་ཡང་སྣང༌། ངོ་མཚར་ཞེས་དང༌། ཤེས་རབ་སེང་གེར་མིང་བཏགས་པ་དོན་མཐུན་དུ་འདུག་གོ །ཞེས་ཀྱང་ཡང་ཡང་བཀའ་སྩོལ་བར་མཛད་ཅེས། བདག་གི་བླ་མ་མཁས་པའི་དབང་པོ་དཔལ་ལྡན་ཚུལ་ཁྲིམས་པའི་གསུང་ལས་ཐོས་སོ། །དེ་རྗེས་གཞི་བྱེད་ཀྱི་དགེ་བའི་བཤེས་གཉེན་ཕྲ་རགས་ཀུན་གྱི་གྲྭ་སྐོར་གནང་མཚམས། ཤར་ནས་བྱོན་པའི་དཔོན་སློབ་ཡོངས་ལ་འབུལ་བའི་རྣམ་གཞག ཙནྡན་ཇོ་བོས་གཙོ་བྱས་པའི་ཟངས། གསེར། སྤོས་ཤེལ། བྱི་རུ། མུ་ཏིག རས་སྔོན་དམར། བཟང་དྲུག་སོགས་སྟོད་ཟོང་སྤུས་དག་གི་འབུལ་བ་དཔག་མེད་ཕུལ། སྒལ་མ་རྟ་ཉི་ཤུ་ཙམ་དགེ་འདུན་སྤྱི་འགྲོར་ཕུལ་ཞིང༌། ཕྱིས་འདི་སྐབས་ཀྱི་འཕྲོས་གླང་ཐང་སྤྱན་སྔ་གྲུབ་རྒྱལ་བས། སྟག་ལུང་ངག་དབང་གྲགས་པའི་དྲུང་ཚོར་ཞུས་པའི་བརྗོད་གླེང་ཐོས་པ་ལ། དེ་དུས་གྲྭ་པ་སྙོམས་ཆུང་ཤོས་ལ་ཡང་ལོ་གསུམ་རེའི་རྒྱགས་མཐུད་ཡོང་ངེས་བྱུང་ཞིང༌། དེ་ལས་ཀྱང་དཔོན་སློབ་སུམ་བརྒྱ་ལོ་གསུམ་གྱི་རིང་དབྱར་དགུན་སོ་སོའི་གོས་མལ་ཐོགས་མེད་དེ་རང་ཧ་ལས་པ་བྱུང༌། པཎ་ཆེན་རིན་པོ་ཆེ་ལ་འབུལ་བའི་རྣམ་གཞག་བློ་ལས་འདས་པ་འདུག་ཀྱང་དེའི་ནང་ནས་ཙནྡན་དཀར་དམར་མིའི་རྒྱབ་ཁུར་ཐེག་ཚད་ཀྱི་སྡོང་པོ་གཉིས་དང༌། བྱི་རུའི་རྒྱལ་མོ་ལག་པ་ཡལ་ག་སུམ་ཅུ་སོ་བདུན་ལ་དཔངས་རྩེ་ཁྲུར་ལོངས་པ་ཞིག་སྣང་བ་དེ་ཀུན་ཡང་ངོ་མཚར་ཆེ་བར་འདུག་ཞུ་ཞེས་སྟག་ལུང་དུ་ཐོས་སོ། །དེར་གཡས་རུ་བྱང་ནས་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་པས་དུས་འཁོར་སྨན་དཔྱད་སྐོར་ལ་དྲི་བ་དུ་མར་གནང་བའི་ལན་འབུལ་བ་དང༌། ད་ངེད་ཀྱང་ལོ་བརྒྱད་བཅུ་གྱ་གཉིས་སྟེངས་སུ་སླེབས། ཉི་མ་གངས་ཐོག་ཏུ་འཁྱོལ་བ་ཡིན་པས་ཕྱིས་མཇལ་བའི་སྤྲོས་པ་མེད། ད་རེས་ཅིས་ཀྱང་མཇལ་བའི་ཐུགས་ཚམ་དོར་ངོས། ལམ་བྱང་ཕྱོགས་ལ་འབྱོན་དགོས་གསུང་ནས་ཕེབས་ལམ་བྱང་ལ་གནང་ཞིང༌། དེར་ཆོས་རྒྱལ་བཀྲ་ཤིས་མགོན་པས་མར་ལམ་པཎ་ཆེན་རིན་པོ་ཆེ་ལ། ནང་རས་པར་མ་ཁྲ་མོ་ལེགས་པོས་བྱས་ཕྱི་སོ་བ་འགའ་ཇི་དཀར་པོས་བྱས་པའི་གུར། ཡོལ་གཅོད་ཀྱི་ཕུགས་སུ་གཟིམ་ཆུང་དང་བདེ་སྤྱོད་ཉིས་སྦྲག མདོར་ཡོལ་བ་ཕྱོགས་གང་གསལ་དེ་ལ་གཡབ་ཁ་ཕྱོགས་དེར་བསྟན། ཡོལ་སྐོར་གནང་དུས་གཟིམ་ཁང་ཀ་བཞི་ཡངས་པ་ཙམ་གྱི་ཁྱོན་ཀ་བ་སོགས་ཆེར་མི་དགོས་པའི་འཕྲུལ་རྒྱ་གར་བཟོ་ཁྱད་འདོན་ཞིག་ཕུལ་བས། མཐོང་བ་ཀུན་བློ་འདས་ཀྱི་ཡ་མཚན་དུ་བྱེད་ཅིང༌། ཕྱིས་གསེར་མདོག་ཅན་གྱི་གོས་སྐུ་གཡེད་ཅན་བསྒྲུབ་ནས་རབ་གནས་གནང་དུས་ཡོ་ཡ་མཚན་དུ་སྒྲོག་ཅིང༌། སློབ་དཔོན་མྱང་རམ་པའི་ཞལ་ནས། སྔོན་གློ་བོ་ནས་ཕུལ་བའི་རས་གུར་ཁྱད་འདོན་དེ་ཀུན་ཁྱེད་ཚོས་མ་མཐོང་བ་ཡིན་ཡོད། ང་ལ་ནི་གོས་སྐུ་བཀྲམ་པ་དེ་ལ་ཐང་ཀ་ཆེན་པོ་ཞིག་གི་མཐོང་ལས་མེད་གསུངས་པས་དེར་ཚོགས་ཀུན་བཞད་ཆ་བྱུང་ཞིང༌། དེར་པཎ་ཆེན་རིན་པོ་ཆེའི་ཞལ་ནས། སྔོན་གྱི་དེ་ལ་ཡང་གུར་ལྷ་ཁང་མ་ཟེར་བ་ཡིན་གསུང༌། མཚར་པོ་རང་ཅིག་ཡོད་ཅེས་སྤྲུལ་སྐུ་སྨན་ཐང་པས་བཤད་དོ། །དེར་ཆོས་རྒྱལ་བཀྲ་ཤིས་མགོན་ཡབ་སྲས་རྣམས་ཀྱིས་ཉིན་ལམ་གསུམ་གྱི་བར་དུ་སྐྱེལ་མ་མཛད། མཐར་གསེར་གྱི་མཎྜལ་ཕུལ། ཞབས་སྤྱི་བོར་བླངས། གདུང་བའི་སྤྱན་ཆབ་གཡོ་ཞིང་སྨོན་ལམ་དཔག་མེད་བཏབ་ནས། སླར་གློ་བོ་ནང་དུ་ཕེབས། པཎ་ཆེན་རིན་པོ་ཆེ་དཔོན་སློབ་ཀུན་ཀྱང་མར་ལམ་ཤུལ་བདེ་བར་བྱང་ངམ་རིངས་སུ་ཕེབས། དེར་དབྱར་ཆོས་ཀྱི་སྒང་དུ་སྣང་བས་རིགས་པའི་བྲོ་གར་སོ་སོར་བསྒྱུར་ཞིང༌། མཁན་ཆེན་སྤོ་ར་བ་འཇིགས་མེད་གྲགས་པ་བཞུགས་པས། སྤྱན་འདྲེན་ཞུས། ཕན་ཚུན་ཕྱག་རྐྱོང་བ་གང་བདེར་གནང་ཞིང༌། ཞབས་ཏོག་བསྙེན་བཀུར་ཡང་དག་པས་ཕེབས་ལམ་གྱི་དུབ་པ་བསལ། དེར་སྡོམ་རིགས་ཀྱི་དྲི་བ་ལས་བརྩམས་པའི་འབེལ་གཏམ་ཡང་སྒོ་དུ་མ་ནས་གནང་ངོ༌། །དེ་མཚམས་ལྷུན་སྡིངས་སུ་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་དང་མཇལ་ནས། ཆོས་ཀྱི་འབེལ་གཏམ་མང་དུ་མཛད་པས་ཐུགས་ལྷག་པར་རངས་ཏེ། དྲུང་ཆེན་པོ་བ་རང་གིས་བླ་མའི་གཙོ་བོར་བཀུར་བའི་ཆོས་རྗེ་རོང་སྟོན་ཤེས་བྱ་ཀུན་རིག་པ་དང༌། ངོར་ཆེན་ཀུན་དགའ་བཟང་པོ་བ་གཉིས་ཀ་དང་ངེད་འཕྲད་ཅིང༌། ཆོས་ཀྱི་དྲི་མལ་མཐའ་ཡས་པ་བྱེད་མྱོང་ནའང༌། འདི་འདྲའི་ཕྱོགས་ཙམ་ཡང་མེད། རང་རེའི་བསམ་པ་ལ་རྗེ་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་བ་ཞིང་བརྗེས་ཕྱིན། བོད་ཡུལ་འདིར་བསྟན་པ་ཡོངས་རྫོགས་ཀྱི་མིག་རྐྱེན་ཁུར་བའི་སྨྲ་བ་པོ་ཅིག་མི་སྲིད་སྙམ་པའི་ཡིད་ཁོང་དུ་བསྡུས་ཡོད་ཀྱང༌། ད་སེམས་སོས་ཞེས་དགེས་པའི་བཀའ་ལུང་དཔག་མེད་སྩལ། དེར་པཎ་ཆེན་ཉིད་ཀྱིས་ཀྱང་དུས་འཁོར་གྱི་བཀའ་འཕྲང་མ་བདེ་བ་ཀུན། ཇ་གྲལ་དུ་གླེང་སློང་གི་ཞུ་མལ་ཁོ་ནས་སྒྲོག་ཁྲོལ་ཏེ། ཕྱིས་མཚན་ནས་སྨོས་དུས་རིགས་ལྡན་པདྨ་དཀར་པོ་ཞེས་ཉེ་ཚེར་གསུང་ཞིང༌། དེར་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དབང་བསྐུར་ཡང་གསན། དེ་ནས་དཔོན་སློབ་རྣམས་ཤར་ཕྱོགས་སུ་ཕེབས་དུས། བྱང་པ་ལ་རྒྱལ་ཁྲིམས་མིག་རྐྱེན་སྲུང་མི་མེད་པས་མངའ་རིས་ཀྱི་རྫས་སྟོབས་ཆེ་བ་མིག་ཏུ་མ་ཚུད་པར། ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་པ་བཞུགས་ནས་ཚ་ལམ་ཙམ་གྱི་སར། ནར་ཁུ་གཡུང་དྲུང་ཟེར་བའི་སྡིག་ཅན་དེས་ཆོམ་པོ་བྱས། དངོས་པོ་གོང་ཁལ་འགའ་རེ་ཕྲོགས་ལྷག་པར་དྲུང་ཆེན་སངས་རྒྱས་སེང་གེ་ལ། བརླ་ལ་མདུང་རྩེ་དམ་པ་ཞིག་ཕོག་ནས་རྨས་སོ། །དེར་དེའི་ཉིན་རང་ཆོས་རྒྱལ་རྣམ་རྒྱལ་གྲགས་པས་གསན་ནས། དེའི་སྲོད་ལ་ཐུགས་དམ་གཏོར་མ་ཟུར་དྲུག་པ་འཕངས་པས་བསྟན་གཤིགས་དེའི་ཁང་པའི་སྟེངས་དུ་མེ་སྒྲ་དང་བཅས་བབས། དེར་དངོས་པོ་ཕྲན་ཚེགས་དེ་རྣམས་ཐུགས་ཀྱིས་བཏང༌། ལམ་སྲངས་ནས་འབྱོན་འདོད་ལ། བྱང་ནས་ཞུ་ནན་བྱས་རེ་ཤིག་འཇད་མཐོང་སྨོན་དུ་བཞུགས་ཤིང༌། དེའི་རིང་རྒྱུད་འབུམ་གཟིགས་རྟོག་དང༌། གྲངས་ཆེན་བཅོ་བརྒྱད་ལ་སྔར་རྒོལ་དུ་ཞལ་བཞེས་ཀྱི་དམ་བཅའ་བཀོད་པའི་གྲུབ་མཐའ་བསྡུས་པ་དེ་ཡང་མཛད། དེར་ཆོས་རྒྱལ་རྣམ་རྒྱལ་གྲགས་པ་ཉིད་ཀྱིས་ཆེ་ཐང་དུ་བཀས་བཅད་ནས། སྐུ་རྒྱལ་བློ་འདས་དང༌། དྲུང་ཆེན་སངས་རྒྱས་སེང་གེ་ལ་ཡང་རྒྱལ་ཀ་ཆེན་པོའི་ཡུས་འདོགས་མཛད། དེ་རྗེས་སྟོན་སེར་གསེར་མདོག་ཅན་དུ་ཕེབས། རྗེ་དོན་ཡོད་དཔལ་བ་དང་ཡབ་སྲས་ཞལ་མཇལ་གནང་མཚམས། ད་ལོ་དབྱར་དེ་དབྱར་མེད་སོང་བའི་གསོབ་བྱེད་དགོས་གསུང༌། ཚོགས་པའི་མཁན་ཆེན་བློ་གྲོས་བསྟན་པས་ཞུས་པའི་ངོར། མདོ་རྩའི་དཀའ་འགྲེལ་ཉི་མའི་ཤིང་རྟའི་ཐུགས་རྩོམ་སྐུ་མཚམས་སེ་བའི་ངང་ནས་གནང་ཞིང༌། འདུལ་བ་ཉིད་སངས་རྒྱས་ཀྱི་བསྟན་པའི་རྩ་བར་དགོངས་པའི་གཅེས་སྤྲས་ཀྱིས་ལས་བརྒྱའི་ཊཱི་ཀ་བ་དན་དཀར་པོའི་རྔ་དབྱངས་བསླབ་བྱ་ཆེན་མོ་སོགས་སྔོན་མེད་ཀྱི་ལེགས་བཤད་དག་གཅིག་ཀྱང་རིམ་གྱིས་ཡི་གེར་འཁོད་པར་མཛད་དོ། །དེར་ལོ་གསར་ཤར་བའི་མེ་ཕོ་སྤྲེའུ་དགུང་ལོ་ཞེ་དགུར་ཕེབས་པའི་དུས། ཐོག་མར་ངོར་དགོན་གསར་བླ་མའི་གདན་སར་མང་ཇ་འགྱེད་བཅས་ཞུ་བ་ལ་ཕེབས་པས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་པའི་དྲུང་གིས་སྔར་ལྟར་དཔེ་མ་མཆིས་པའི་བཀའ་དྲིན་བསྐྱངས་ཤིང༌། དེར་ཟླ་ཕྱེད་ཙམ་གྱི་རིང་ལ་གསང་འདུས་འཇམ་རྡོར་ས་སྐྱ་པའི་ཐུགས་དམ་གྱི་མཐིལ། བླ་མ་གཉན་ལོ་ཙཱ་བའི་ལུགས་ཀྱི་དབང་བསྐུར་རྡུལ་ཚོན་མ་དང༌། དེ་དང་རྗེས་འབྲེལ་གསང་འདུས་སྤྱན་རས་གཟིགས་ཀྱི་དབང༌། རྒྱ་གཞུང་ཐ་དད་ཀྱི་ལུང༌། འཇམ་པའི་རྡོ་རྗེའི་བསྐྱེད་རྫོགས་ཁྱད་པར་བ་དག་གསན། དེར་རྒྱལ་ཚབ་ཀུན་དབང་པས་ཁྱེད་དབུས་ལ་མི་འབྱོན་པའི་རྟེན་འབྲེལ་ཡོད་དོ་གསུང༌། བཅོམ་ལྡན་འདས་མི་བསྐྱོད་པའི་རྒྱ་ནག་གི་སྐུ་རྩེ་ཁྲུ་གང་པ་གཅིག་གི་གནང་སྦྱིན་ཡང་སྩལ། དེ་མཚམས་ཆུ་མིག་ཏུ་ཆེ་ས་བདག་ཆེན་བློ་གྲོས་དབང་ཕྱུག་པའི་དྲུང་དུ་ཕེབས་པས། ཁྱེད་མངའ་རིས་སུ་བཞུགས་རིང་ཐུགས་དམ་རྟོགས་པ་ཁྱད་པ་ཅན་ཞིག་འཁྲུངས་ཡོད་པར་སྣང༌། སྔར་ངེད་རང་རུས་གོག་འདི་ཆེས་པས་རྟོག་པ་མ་ཆུང༌། ད་ནི་ཁྱེད་ཀྱིས་ཕྱག་བྱས་དུས་དཔྲལ་བ་ཚ་ཞུམ་ཞུམ་བྱས་ཡོང་གི་སྣང་ཞེས་ཆེ་བསྟོད་དང༌། བཞུགས་ས་ཡང་གཟིམས་ཆུང་གཅིག་ལ་ཡོལ་གཅོད་མཛད་ནས་གནང་ཞིང༌། ཐོ་རངས་བདག་ཆེན་དྲུང་གསུང་ཕྲ་མོས། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་པ་དང་ཕམ་མཐེང་པ། །ཤེས་རབ་བརྩེགས་དང་མལ་གྱོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ཁོ་དེ་ཚོ་ལོངས་ཇ་སྐོལ། དྲུང་ཆེན་པོ་བའི་དྲུང་འོ་བརྒྱལ་གསུང་བ་ཞིག་ཡོད་ཅེས། པཎ་ཆེན་རིན་པོ་ཆེས་གསུངས་པའི་གསུང་སྒྲོས་མངའ་རིས་སུ་སྐྱོར་མི་མང་པོ་བྱུང་ངོ༌། །དེར་ད་གཙང་རང་དུ་བཞུགས་ལ་ས་སྐྱ་པའི་བསྟན་པའི་རྒྱུན་ལ་ཕན་པའི་འཆད་ཉན་རང་གནང་དགོས། ད་ལོ་ཐོག་མར་ཆོས་གཞིས་འདི་དག་བསྐུལ་ཞིང༌། ངེད་ཤི་མཚམས་ཤི་རྗེས་གང་ཡོད་མཛོད་ལ། ཆུ་མིག་སྟོང་སྐོར་འདི་རྣམས་ཁྱེད་ཀྱིས་འཆད་ཉན་དང༌། གསེར་མདོག་ཅན་གྱི་ཐེས་མཛོད། ཁྱེད་ཐུགས་མི་དོག་པར་ངེད་རང་མ་ཤི་གོང་ནས་ཡི་གེ་ཐེལ་འབྱར་བྱེད་གསུང་བའི་བཀའ་ལུང་ནན་ཆེན་གནང་ཞིང༌། དེའི་ལོ་རྗེ་མུས་ཆེན་དང༌། ཆོས་རྗེ་འཇམ་དབྱངས་ཤེར་རྒྱམ་པའི་སྐུ་བསྟོད་ཐུབ་བསྟན་གསེར་ཁང་མ་དང༌། མཐའ་ཡས་མ་གཉིས་བརྩམས་འཕྲལ་རེ་འདུག་པའི་ལུང་ཡང་སྩལ་ནས། སླར་ཡང་གསེར་མདོག་ཅན་དུ་འོངས། དེ་ནས་དབུས་ཕྱོགས་སུ། རྒྱ་མ་མཁར་རྩེ་བས་གློ་བོ་རང་དུ་འབོད་མི་བྱུང་བ་དང༌། ཁྱད་པར་དུ་སྤྱང་ལུང་རིན་པོ་ཆེ་དགུང་ལོ་བརྒྱ་དང་ལྔ་བཞེས་པ་དེའི་ཞལ་ཞིག་མཐོང་འདོད་རང་གིས་ཅིས་ཀྱང་དབུས་ཕྱོགས་ལ་འགྲོ་རྩིས་རང་གིས་བཞེད་ཆེ་བ་བྱས་ཀྱང༌། གཞིས་ཀ་ནས་དང༌། དཔོན་དྲུང་གཡུང་པ་སོགས་ཀྱིས་ཀྱང་ང་དགོན་པ་གསར་པའི་འགྲམ་བཏིང་ཙམ་ལ་མ་བཞུགས་ན་རྗེས་དོད་པའི་ཚད་གཏན་ནས་མི་སྲིད་པས་ཟེར། ནན་བསྐྱེད་བྱུང༌། དེར་ན་ནིང་ཡང་དབྱར་མེད་དུ་སོང་བས་ཡིད་སྐྲག ད་ལོ་དབྱར་ཁས་ལེན་བྱས་ནས། དགག་དབྱེ་གྲོལ་དང་བསྟུན་འགྲོ་རྩིས་རང་ལ་ཆོས་སྡིངས་ནས་རིན་པོ་ཆེ་པའི་དྲུང་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་ཞིང་བརྗེས་པའི་ཚུལ་འབུལ་མི་བྱུང་བས། ཐུགས་ཁྲལ་མཐའ་མེད་གནང་ཞིང༌། གདུང་རྟེན་གྱི་རྒྱུར་ཟངས་གསེར་མང་དུ་སྩལ། ད་སྟེ་གཉིས་མེད་སེང་གེ་ལ་རྒྱུ་མཚན་མེད་པས་གྲྭ་ཚང་གི་མིང་བཞག་འདིའི་སོ་ཆིས་ལ་བསྡད་པ་དྲག་སྣང་གསུང་ནས། ལོ་བཞིའི་བར་གཙང་ཕྱོགས་རང་དུ་ཞབས་བརྟན་པར་བཞུགས་ཤིང༌། དགུང་ལོ་ཞེ་དགུ་པའི་སྟེང་དེ་ཉིད་དུ། རྒྱ་རྒན་ནང་པས་དོ་དམ་མཛད། སྤན་མི་དམངས་ཀྱིས་ཀ་བ་སུམ་ཅུ་སོ་དྲུག་གི་སའི་ཀུན་ར་རྙིང་པ་འདི་བསྒྲུབས་ཤིང༌། འདི་ཉིད་ཀྱི་གཙང་ཁང་ན་བཞུགས་པའི་བྱམས་མགོན་དོན་ཡོད་དཔལ་བའི་སྐུ་འདྲ་སྐུ་ཚད་མ་འདི་རྟེན་བཞེངས་ཀྱི་ཐོག་མར་མཛད་ཅིང༌། འདི་ཉིད་སྐུ་དངོས་ཇི་ལྟ་བའི་འདྲ་ལེན་གྱིས། དབུའི་གཙུག་ཏོར་གསལ་པོར་འཕགས་པ་ཡང་བཅོས་ཡོད་པས། རབ་གནས་ལ་རྗེ་དོན་ཡོད་དཔལ་བ་རང་གདན་འདྲེན་ཞུས་པས། གཟིགས་མོ་ཡང་ཡང་མཛད་ནས་བཞེད་ཅིང༌། དེར་དབུ་ཞྭ་ཞྭ་སེར་ཅིག་ཞུས་ཡོད་པ་བསལ་བས། དབུའི་གཙུག་ཏོར་གཟིགས་པས། ཕྱག་གིས་ནེམ་མནན་ནས་འན་བུ་ལ་འདི་འདྲ་མི་བདོག་གསུངས་པས་རྗེས་མེད་དུ་གྱུར་ཅེས་དེ་དུས་དངོས་སུ་གཟིགས་པའི་མངའ་རིས་པ་རྣམས་ཀྱིས་གསུངས་པས་མངའ་རིས་ན་གྲགས་ཚོད་ཤིན་ཏུ་ཆེ་ཞིང༌། བཀའ་ལས་ཀྱང་འདི་ལ་རབ་གནས་ཞལ་དྲོ་རང་ཞིག་བྱུང་བས། ཕྱིས་ཀྱི་རྟེན་ཐམས་ཅད་ལ་བར་ཆད་མེད་པའི་རྟེན་འབྲེལ་རབ་འགྲིག་ལ་སོང་ཞེས་གསུང༌། ཞེས་ཐོས་ཤིང༌། ད་ལྟ་ཡང་དགེ་བའི་ལྟས་ལ་དབུ་ཞྭ་རྒྱབ། མི་དགེ་བ་ལ་མདུན་ངོས་བསྐྱུར་ཡོང་ཞིང༌། རྟོག་པ་བཅུག་ན་ཞལ་གྱི་གཟི་མདངས་དང༌། ཞལ་ངོ་ནག་མི་ནག་རང་གིས་ལེགས་ཉེས་འབྱེད་པར་སྣང་ངོ༌། དེར་མེ་མོ་བྱའི་ལོ་དགུང་ལོ་ལྔ་བཅུའི་སྟེང་དུ་དཔྱིད་ཆོས་ལ་གཞིས་ཀ་ནས་སྦྱིན་བདག་གནང༌། འབྲོང་སྒང་ནས་ཞབས་ཏོག་བསྒྲུབས་ཏེ་སྲེག་ཤིང་དུ་མཛད་པས། སྔར་བཞིན་ས་སྐྱ་པཎ་ཆེན་གྱི་ཆོས་ཁྲི་ཉིད་ཀྱི་སྟེང་ནས་དཔྱིད་ཆོས་མཛད། དེར་རྗེས་དབྱར་ཞལ་བཞེས་འདུ་ཁང་རྙིང་པ་ཉིད་དུ་གནང་ཞིང༌། དུས་ཚིགས་ཀྱི་མདོ་འདོན་པ་སོགས་ལ་ཐུགས་བརྩོན་ཆེ་བའི་ཁུར་བཞེས་མཛད་པས། དྲུང་ནས་ཆོས་ཀྱི་བཟང་པོ་བས། རང་རེའི་རྗེའི་དྲུང་ཆེན་པོ་བ་ཀུན་ཀྱང༌། དགེ་ལྡན་པ་ལ་སྐྲུས་པའི་དབྱར་གནས་འདིས་ཐ་ན་གྲྭ་པའི་ཆས་ཀ་འཚོལ་བ་ཚུན་ལ་ཞག་བདུན་ལས་འགྲོ་ས་མེད་པ་འདི་གུ་རང་དོག་ཅེས། དེ་གོང་ས་སྐྱ་པ་ལ་བསྔགས་པ་ལྟ་ཞོག མཚན་ཉིད་པ་རང་ལ་ཡང་འདུལ་བའི་མིག་རྐྱེན་ཅི་ཡང་མ་དམིགས་པ་འདིས་མཚོན་ཏོ། །གཞན་ཡང་གནས་བརྟན་ཚུལ་བློ་བ་ལ། ཕྱིས་པཎ་ཆེན་རིན་པོ་ཆེས་ཞལ་ཀུར་གནང་དུས། སྔོན་རྗེ་དོན་ཡོད་དཔལ་བའི་གྲྭ་པ་རྣམ་རྒྱལ་བཙུགས་ནས། ཁྱི་ཤིག་བསད་པ་ལ་སྡོམ་པ་འཆོར་མི་འཆོར་དེ་ལ། ད་གནས་བརྟན་ནས་ཅི་གསུང༌། གསུངས་པས། ལོས་འཆོར་ལགས། འདུལ་བ་ན་སྲོག་གཅོད་པ་དང་ཞེས་གསུངས་ཤིང་ཁྱི་ཤིག་ལ་སྲོག་ཡོད་པ་ལ་འོས་ཅི་ཡོད། རྒྱུན་དུ་ཞུ་བ་ལྟར་འཆད་ཉན་རྒྱུགས་ལེན་ལས། གྲུབ་མཐའི་ངེས་གཟུང་སྨོས་ཅི། ཐ་སྙད་གང་ལའང་བརྡར་མ་ཐོགས་པ་ཞིག་ལས་མེད། ཕྱིས་པཎ་ཆེན་རིན་པོ་ཆེའི་སྐུ་ཚེའི་སྟོད་ལ། མངའ་རིས་པའི་སློབ་གཉེར་བ་འདྲ་ཡར་སླེབས་དུས་ཐུན་མོང་ཟིན་ཐུན་བསྐྱར་བས། རྗེ་དོན་ཡོད་དཔལ་བའི་གྲྭ་རྒན་ཡོན་ཏན་ཆེ་བ་རང་དུ་བྱས་པ་གཅིག་ན་རེ། ཁྱེད་ཀུན་གྱིས་རིག་པ་སྒྲིམས་ཤིག ངས་བྱམས་མགོན་དོན་ཡོད་དཔལ་བཟང་པོའི་དྲུང་དུ། མི་ལོ་ཆེན་པོ་ཉི་ཤུ་རྩ་གཅིག་བསྡད་དེ། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་བྱ་བ་ལས་མིང་མ་ཐོས། མངོན་པ་སྡེ་བདུན་དང་ཁ་འཆལ་དེ་འདྲ་མིས་ཚོར་རོ་ཟེར་བྱུང་བ་ལ། བློ་གསར་པ་དེ་ཀུན་གྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱ་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱི། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། །ཞེས་མཛད་པ་པོའི་དགྲ་བཅོམ་པ་བདུན་དང་བཅས་པའི་མིང་གསལ་བར་བརྗོད་པས། ཁོང་བགྲེས་པོ་དེ་ན་རེ། འདུག་འདུག་ངོ་མཚར་ཆེའོ་ཟེར་བ་ཡང་བྱུང་ཞེས་གཏམ་ཡོད་དོ། །ས་ཕོ་ཁྱི་ལོ་དགུང་ལོ་ལྔ་བཅུ་ང་གཅིག་སྟེངས་སུ། སྔར་གསང་ཕུར་བདུད་སྡེ་བཅོམ་པའི་ལྟས་ཁྱད་པར་བའི་མཚན་མ་བསྟན་པའི་དབུ་མའི་སྟོང་ཐུན་ཆེ་ཆུང་གཉིས་དང༌། ཕར་ཕྱིན་གྱི་སྤྱི་དོན་ཆེན་མོའི་བརྩམས་ཆོས་ཀྱི་དབུ་བཙུགས་ཏེ། རིམ་གྱིས་མཐར་ཕྱིན་པར་མཛད་ལ། སྔར་མངའ་རིས་སུ་དགུང་ལོ་ཞེ་གཅིག་དུས། གནས་གསུམ་གསལ་བྱེད། ཀུན་མཁྱེན་རོང་པོའི་རྣམ་ཐར། སྡོམ་གསུམ་གྱི་དྲི་བ་སོགས་ཀྱི་ཡིག་མཁན་ཀོང་སྟོན་མགོན་པོ་རྒྱལ་མཚན་ཡིན་ཞིང༌། ཕྱིས་དགུང་ལོ་དོན་བདུན་བར་གྱི་རྩོམ་ཡིག་དྲུང་ནས་ལོ་ཙཱ་བ་ཆོས་རྒྱལ་མཚན་པས་གནང༌། ཁོང་རྒྱ་གར་ལ་གཤེགས་ཕྱིན། བདེ་མཆོག་རྣམ་བཤད། བྱམས་ཆོས་ལམ་རིམ་སོགས་སྐུ་ཚེ་མཐར་ཕྱིན་གྱི་གསུང་རྩོམ་དག་གི་ཡི་གེ་པ་ནི་ད་ལྟའི་ཨ་ཞང་བསོད་ལྷུན་པ་ཉིད་ཡིན་ལ། དྲུང་ཡིག་ཆོས་རྒྱན་པ་ཡང་གློ་བོའི་སྡེ་པ་བཀྲ་ཤིས་མགོན་པས་སྤྱན་ལམ་དུ་ཐོགས་པ་རང་མ་བྱུང་བས། མངའ་རིས་གུང་ཐང་ཚོར་ཕེབས། མངོན་དགའ་ཆོས་སྡེར་མཁས་བཙུན་དཔལ་ལྡན་དར་གྱི་དྲུང་དུ་སྒྲའི་ས་རིས། སྙན་ངག སྡེབ་སྦྱོར། རྒྱ་ཡིག་རྣམས་གྲངས་དུ་མའི་བསླབ་སྦྱངས་ཡང་དག་གནང་རྗེས། ཁོང་པས་ཁྱོད་བློ་གསལ་བར་འདུག་པས་བསྟན་པ་ལ་ཕན་པ་སྲིད། མཚན་ཉིད་ཀྱི་སློབ་གཉེར་ལ་བཀྲ་ཤིས་ལྷུན་པོར་བྱོན་གསུང་བ་ལྟར་བྱོན་ནས་ཕར་ཕྱིན་གྱི་ལུང་འབྲིང་ཙམ་མཛད་སྐབས། མངའ་རིས་གློ་བོའི་གྲྭ་པ་བྲག་དཀར་ཆོས་རྗེ་ཡོན་ཏན་བཟང་པོ་དང༌། དྲུང་བཙུན་ཤེས་རབ་དཔལ་འབྱོར་བས་བློ་བརྐུས་ནས་ས་སྐྱ་བར་ཞལ་བསྒྱུར་ཏེ། པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་ཚོར་ཕེབས། དྲུང་ནས་ཤངས་པ་ལ་ཕར་ཚད་དབུ་གསུམ་གྱི་གཏོང་ཆོས་ཞུས་ནས། ཐོག་མར་ཐུགས་གཉེར་རང་ལོ་སྦྲེལ་མཛད་རྗེས། རིམ་གྱིས་རིག་གནས་ཀྱི་སྐུ་ཡོན་ལ་དཔགས་ནས། པཎ་ཆེན་རིན་པོ་ཆེའི་སྤྱན་ལམ་ཐོགས་ཏེ་རྩོམ་ཡིག་གི་མཐིལ་མ་གནང་བའི་བཀའ་འབུམ་ཕལ་ཆེར་དུ། ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ་ཞེས་འབྱུང་བས་སོ། །ལོ་ཙཱ་བ་འདིས་ཀྱང་ཚད་མའི་བརྒྱུད་འདེབས་ཁ་ཆེ་པཎ་ཆེན་གྱི་གོང་མ། ཝ་གཱིནྡྲ་པཎྜི་ཏ་སྟེ་པཎ་ཆེན་ངག་དབང་ཟེར་བ་ལ། ཝ་བུ་པཎ་ཆེན་དང༌། པཎྜི་ཏ་ཆོས་ཀྱི་ཉིན་བྱེད་ཀྱིས་རྒྱ་གར་གྱི་ལམ་ནས་ཞུ་ཡིག་ཕུལ་བའི་རྒྱ་སྐད་ལ། དྷརྨ་དཱི་པ་ཀ་ར་ཞེས་བོད་སྐད་ཆོས་ཀྱི་ཉིན་བྱེད་ལ་ཆོས་ཀྱི་སྣང་བྱེད་དུ་བྱས་པ། འཇམ་དབྱངས་དཀར་པོའི་ས་བོན། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་ཨ་ཐུང་ཡིན་པ་ལ་འབྲུ་གསུམ་གྱི་ཟླས་ཕྱེ་བའི་ཨཱཿཡིག་ཏུ་བྲིས་པ་སོགས་དཔྱད་རྒྱུ་ཅུང་ཟད་ཅིག་འདུག་ཀྱང༌། སྔོན་ནི་སུས་ཀྱང་གླེང་བརྗོད་མ་མཛད་སྣང་ངོ༌། །དེའི་དཔྱིད་ཆོས་ལ་ཉུག་རྒྱལ་ཁང་དུ་ཕེབས་ཤིང༌། དེར་མངའ་རིས་གློ་བོ་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་པའི་དྲུང་ཞིང་བརྗེས་པའི་མང་ཇ་ཞུ་མི་སླེབས་པས། ལྔ་མཆོད་པ་སོགས་སྔར་གློ་བོར་བཀའ་ཆོས་ཞུས་པའི་གྲྭ་རིགས། བདག་གི་བླ་མ་རྗེ་བཙུན་ཀུན་དགའ་མཆོག་གྲུབ། པཎ་ཆེན་བྱམས་པ་གླིང་པ་དཔལ་ལྡན་ཚུལ་ཁྲིམས་པ་སྐུ་མཆེད། བྲག་དཀར་ཆོས་རྗེ་ཡོན་ཏན་བཟང་པོ་བ། དབུ་མཛད་ཀུན་རྒྱལ་བ་སོགས་དྲག་རིགས་རེ་རེས་ཐོས་མཆོད་ལ་མང་ཇ་རེ་ཞུས་ཤིང༌། དེར་པཎ་ཆེན་རིན་པོ་ཆེ་དང༌། དགོན་པ་ཤར་ན་རྗེ་དོན་ཡོད་དཔལ་བ་བཞུགས་པའི་ཡབ་སྲས་གཉིས་ཀའི་དྲུང་དུ་བསྔོ་རྟེན་སོ་སོ་དང་བཅས་པ་ཟླ་ཕྱེད་ཙམ་བསྒྲུབས་རྗེས། པཎ་ཆེན་རིན་པོ་ཆེའི་གསུང་གིས། ངེད་ཀྱིས་ཐོས་མཆོད་ལ། རྗེ་རྡོ་རྗེ་འཆང་གི་བཀའ་འབུམ་གྱི་ལུང་ཞིག་སྒྲོག་གསུང༌། ཉུག་པའི་ཕྱག་དཔེའི་སྟེང་ནས་པོད་བཞི་མའི་ལུང་ཞག་རེ་ལ་པོ་ཏི་ཕྱེད་ཕྱེད་ཞག་བརྒྱད་ལ་རྫོགས་པར་གནང་ཞིང༌། སྔར་སྨྲོས་པའི་མངའ་རིས་པའི་ཆེ་བཙུན་དེ་རྣམས་ཀུན་གྱིས་གསན་ནོ། །དབྱར་ཞལ་བཞེས་གསེར་མདོག་ཅན་དུ་མཛད་ཅིང༌། འདིའི་ལོ་མངོན་པ་ཀུན་ལས་བཏུས་ཀྱི་དཀའ་འགྲེལ་གྱི་ཐུགས་རྩོམ་ཡང་གནང༌། དེའི་གྲུབ་མཐའ་བསྡུས་པ་དང༌། རབ་བྱེད་གསུམ་གྱི་ཊཱི་ཀ་ཡང་ཕྱིས་མཛད་དོ། །དེ་ལྟར་གཙང་ཕྱོགས་སུ་ལུག་སྤྲེ་བྱ་ཁྱི་སྟེ་ལོ་ངོ་བཞི་གདན་ཆགས། གཙང་ཕྱོགས་ཀྱི་ཕྲིན་ལས་ཀྱི་རྨངས་གཞི་ཐིངས་ནས། སླར་གླང་ཐང་ནས་སྤྱན་སྔ་བློ་གྲོས་རྒྱལ་མཚན་པའི་ཆོས་འཁོར་རྩེའི་གྲྭ་སྡུད་བྱས་པའི། གྲྭ་པ་འདི་ཕྱོགས་ཀྱི་དྲག་བསྡུས་རང་འདི་དག་རབ་བྱུང་གནང་བའི་ཆེད་དུ་དེ་ནས་ཞབས་མ་བསྐྱོད་ན། ངེད་རྣམ་པ་ཆེ་ཕྲ་ཀུན་གྱི་བསམ་པ་གཏན་མི་གང་བ་ཡོད་པས་ཞེས་ནན་ཞུས་རང་གནང་བའི་དབང་ལས། དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་བ་གནང་སྐད་དོ། །འདི་སྐབས་རྣམ་ཐར་རྗེ་དབོན་མར། གསེར་འཕྱང་མེ་མོ་བྱ་ལོ་ཕེབས་གསུང་བ་ནི་ཐུགས་རྟོག་མ་ཆུག་པ་ཡིན་ཏེ། དེ་ལྟར་ན་ལོ་བཞི་གཙང་དུ་བཞུགས་ཞེས་གོང་དུ་བྲིས་པ་ལ་ལོ་གཅིག་མི་ཚང་བས་སོ། །དེ་ནས་ས་ཕོ་ཁྱི་ལོ་སྨིན་དྲུག་གི་ཟླ་བ་ངོ་དཀར་ཙམ་ལ་གཙང་ཕྱོགས་ནས་ཞབས་ཟུང་གི་འཁོར་ལོ་བསྐྱོད་བདེ་བར་བསྐུལ་ཏེ། རིན་སྤུངས་ནས་དཔོན་སློབ་ཐམས་ཅད་ལ་གསོལ་ཕོགས། ལམ་ཆས་རྒྱ་ཆེར་བཏབ་ནས། སྡེ་སྣོད་འཛིན་པ་བརྒྱ་ཕྲག་ལྔ་ལྷག་ཙམ་གྱིས་མདུན་ནས་བདར་བཞིན་དུ། ངུར་སྨྲིག་གི་ཇོ་མོ་སྒྲོལ་མའི་དྲུང་དུ་སྙན་དར། དཀར་མེ། གསེར་ཆབ་ཞུས། དཔོན་སློབ་ཡོངས་ཀྱིས་ལྷན་ཅིག་གསོལ་བཏབ་གནང་ནས། རིམ་གྱིས་དཔལ་བདེ་དང༌། གོང་དཀར། ལུམ་པ་རྣམས་ཀྱི་ཞག་ཕོག་དང་བསྟུན་པའི་ཞབས་ཏོག་བསྒྲུབ་པའི་ངང་ནས། དྲང་སོང་སྲིན་པོ་རིའི་བདེ་མཆོག་མཇལ་བ་ལ་ཕེབས་ཤིང༌། དེའི་ནུབ་པཎ་ཆེན་རིན་པོ་ཆེའི་ཞལ་སྔ་ནས། བདེ་མཆོག་ལྷ་ཁང་ཉིད་དུ་གཟིམས་པས། སྲོད་ཀྱི་ཆ་ལ་བདེ་མཆོག་ལྷ་དཔའ་བོ་གཅིག་པ་དེ་ཉིད་ཞལ་བཞི་ཕྱག་བཅུ་གཉིས་པའི་སྐུར་གཟིགས་ཤིང༌། དེའི་གླང་ལྤགས་ནམ་མཁའ་ལ་གདུགས་བསྐོར་བ་ལྟར་གཟིགས་ནས། པཎ་ཆེན་ཉིད་ཀྱང་ཐུགས་དམ་ཟིལ་ཆེ་བའི་ངང་ནས། རེ་ཞིག་ཕྱག་གི་བཞུགས་སྟངས་གཟིགས་སྣང་ལྟར་ལ་ཡུན་རིང་དུ་བཞུགས་པ་དྲུང་ཆེན་སངས་རྒྱས་སེང་གེ་བས་མཐོང་ལ། རྒྱུ་མཚན་གཏན་ཚིགས་དང་འབྲེལ་བ་ནི། དྲུང་ཡིག་ཆོས་རྒྱན་པས་དགོངས་ཏེ་དྲུང་བཙུན་ཤེས་རབ་དཔལ་འབྱོར་བ་ལ་གསུངས་པ་ལས་བདག་གིས་ཐོས་ཤིང༌། འདི་ཐད་རྣམ་ཐར་གསུམ་ཀ་ན་མཐུན་པར་སྲིན་པོ་རིར་བདེ་མཆོག་གི་གཟིགས་སྣང་བྱུང་ཞེས་ཐ་དད་ན་བཀོད་ཡོད་དོ། །དེ་ནས་རིམ་གྱིས་འཕྲང་པོར་ཕེབས། ཟླ་གཅིག་གི་གསོལ་ཕོགས་ཕུལ་རིང་ཆོས་ར་རིགས་ལུང་སྨར་བ་གནང༌། དེ་མཚམས་ཤེལ་གྲོང་ནས་ཟླ་ཕྱེད་ཕོགས་ཤིག་ཕུལ་བ་ལ་ལམ་ཆས་སུ་མཛད་ནས། ཆོས་འཁོར་ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་གསེར་ཆབ་འབུལ་བ་སོགས་དང༌། དཔོན་སློབ་ཡོངས་ཀྱིས་སྨོན་ལམ་རྒྱ་ཆེར་གནང་རྗེས། གྲྭ་པ་བྱིང་རྣམས་གཞུང་ལམ་བསྲངས་རྒྱ་མ་ཁྲི་ཁང་དུ་རྫོང་བ་མཛད། པཎ་ཆེན་རིན་པོ་ཆེ་དཔོན་སློབ་དྲག་བསྡུས་རང་ཞིག་སྤྱང་ལུང་དུ་ཕེབས། སྤྱང་ལུང་རིན་པོ་ཆེའི་ཐུགས་ལྗགས་སྤྱན་གསུམ་བྱོན་པ་མཇལ་བ་གནང་ཞིང༌། ལྷག་པར་སྔར་སྤྱང་ལུང་རིན་པོ་ཆེ་ཞལ་བཞུགས་དུས་ཕྱག་ནས་འབྱར་བའི་སྐུ་འདྲ་སྐུ་ཚད་མ་བླ་མ་དངོས་བྱོན་དེ་སྟེང་གི་གཡབས་ལྷོ་བསྟན་ན་ཡོད་པའི་དྲུང་དུ་ཕེབས་ནས་མཇལ་བའི་མོད་ལ། སྐུ་འདྲ་རིན་པོ་ཆེ་དེའི་སྤྱན་གཉིས་ལས་འོད་ཟེར་སྣ་ལྔ་ཉི་མའི་མཐའི་འོད་འཕྲེང་ལྟ་བུ་འཕྲོ་བ་དེར་འདུས་ཡོངས་ཀྱིས་མཐོང་ཞིང༌། དེ་དུས་དྲིན་ཅན་སྤྱང་ལུང་པ་གཞོན་ནུ་ཆོས་གྲུབ་པའི་ཞལ་སྔ་ནས་དགུང་ལོ་བཅོ་ལྔ་བཞེས་པ་ཞིག་ཡོད་གསུང་ཞིང༌། པཎ་ཆེན་རིན་པོ་ཆེ་དང་ཞལ་མཇལ་བའི་སྔོན་མ་རང་དེ་ཡིན་ནའང་དེའི་ལོ་བཀའ་འབྲེལ་ནི་མ་ཐོབ། ཕྱག་དབང་ཙམ་ཀ་ཡིན་ཞེས་དངོས་སུ་གསུང་ངོ༌། །སྦྱངས་གནས་ཕྲ་བའི་ཡོན་ཏན་དཔག་དཀའི་དངོས། །ཆེར་རློམ་རྒྱང་མིག་སྤྱོད་པས་མཐོང་མིན་ཀྱང༌། །ཤིན་ཏུ་ཟབ་མོའི་རྣམ་དཔྱོད་གསལ་ལྡན་པ། །གཏིང་མཐའ་མེད་པའི་བློ་གྲོས་ལེགས་བྱས་ཞེས། །བརྩང་དྲིས་བརྟགས་པས་མཁས་པ་ཕལ་གྱི་གཏིང༌། །ཡོངས་སུ་མི་རྟོགས་གངས་ཅན་ལྗོངས་འདིར་སུ། །གང་ནས་སྨྲས་ཀྱང་དེ་ཉིད་ལ་སྦྱངས་ཚུལ། །བློ་གྲོས་མི་ཟད་སྤོབས་པ་བརྩེགས་པར་གྲགས། །དུས་འཁོར་རིན་ཆེན་གཞལ་མེད་ཁང་བཟངས་རྩེར། །བློ་ཆུང་ཕལ་གྱིས་བགྲོད་པའི་སྤོབས་མེད་ལ། །རིགས་ལྡན་ཡེ་ཤེས་གཟིགས་པའི་ཡུལ་འཛིན་ཁྱོད། །དཀའ་བ་མེད་པར་ཚུལ་དེར་བྱང་ཆུབ་གྱུར། །ཐོས་ཙམ་མཁྱེན་པའི་རང་བཞིན་ཁྱེད་ལ་ཡང༌། །མ་ཐོས་སྒྲིབ་བྱེད་སྙེམས་བྱེད་འདི་མཚར་ཏོ། །ཡུད་ཀྱིས་ཉེར་དགོངས་ཐེ་ཚོམ་ཕྲ་བའི་ཆ། །ཁྱེད་ཐུགས་ལ་འཇུག་གཞན་ངོར་སྟོན་མིན་ནམ། །བཟོད་པའི་རང་མཚན་བཟོད་འབྲས་ཡིད་འཕྲོག་སྐུ། །དྲང་པོའི་རང་བབས་དྲང་པོར་སྩོལ་བའི་གསུང༌། །གདོད་ནས་རབ་ཞི་གདོད་ནས་དག་པའི་ཐུགས། །ཡོན་ཏན་རྒྱན་ལྡན་ཡོན་ཏན་འོད་ལྟར་འཁུམས། །བསྟན་དང་འགྲོ་བའི་དོན་བྱེད་གང་གི་ཐུགས། །ཡོངས་སུ་བསྐུལ་བས་འབད་མེད་ཆོས་སྟོན་གསུང༌། །དད་པའི་ཤིང་རྟ་འདྲེན་བྱེད་ཡིད་འཕྲོག་སྐུ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལྟ་ན་སྡུག །ཡིད་དམ་ཡོངས་གྲུབ་གཟིགས་པའི་དཔལ་གང་གིས། །གཞན་དབང་མཛེས་པའི་གར་བསྒྱུར་ངོ་མཚར་གནས། །ཀུན་བརྟགས་གདུལ་བྱའི་ངོར་ཡང་བརྩེ་བ་ཅན། །ཡེ་ཤེས་རབ་བཀྲའི་སྤྱན་ལྔ་ལྷུན་གྱིས་གྲུབ། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ཡིད་དམ་གྱིས་རྗེས་སུ་གཟུང་བ་དང་མངོན་པར་མཁྱེན་པའི་གནས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་དྲུག་པའོ།།  །།དེར་རྒྱ་མའི་གཙུག་ལག་ཁང་དེར་གཞི་བྱེད་ཀྱི་ཚོགས་པ་མ་ལུས་པ་ལ་ཟླ་ཕོགས་བཟང་བ་ཞིག་གི་བསྙེན་བཀུར་ཕུལ་ནས། ཆོས་ར་རིགས་ལུང་སོགས་ལྷག་པར་སྨར་བར་གནང་ཞིང༌། དེར་སྐུ་འཆག་པ་ལ་སྔོན་རྒྱ་མ་སངས་རྒྱས་དབོན་གྱི་གཙུག་ལག་ཁང་དེ་ཉིད་དུ་ཞབས་སྐོར་གནང་བའི་ཚེ། རེ་ཤིག་ཅིག་ནས་དྲུང་བཙུན་ཤེས་རབ་དཔལ་འབྱོར་བས་ཞབས་ཕྱི་ལ་སྐོར་བ་གནང་བས། སྐོར་བ་ལན་གསུམ་ཙམ་སོང་དུས། ག་རེ་གསུང་ནས། གཙུག་ལག་ཁང་སྔོན་གྱི་ཐོག་དཔངས་ཕལ་ཐོག་དགུ་ཙམ་ཡོད་པ་དེ་ལ་ཕྱག་བརྐྱངས་ནས་དེའི་ཤིང་བད་ཡོ་ལ་ཕྱག་རེག་སྟེ། འདི་ལྟར་ག་བད་རེ་རེའི་ནང་ན་ཡང་སངས་རྒྱས་ཀྱི་སྐུ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་རེ་རེ་དང༌། མཆོད་པ་ཆ་ཚང་བ་བཞུགས་པས་གསུང༌། སྟོན་པའི་གསེར་སྐུ་འཁྱིད་གང་པ་དང༌། སྔོན་གྱི་ཏིང་རྙིང་པ་འདྲ་ལ་ཕྱག་གཡོན་པའི་མཐིལ་དུ་བཞག་ནས། གཡས་པའི་མཐེབ་མཛུབ་ཀྱིས་སྒྲ་རྗེས་སུ་བསྐུལ་བར་མཛད་པ་དངོས་སུ་གཟིགས་པ་ལས། ཇི་སྲིད་ནས་བསམས་པས་སྐུའི་རྣམ་པར་འཕྲུལ་པ་བསྟན་པར་ཡིད་ཆེས་པའི་དད་པས་སྙིང་བརླན་པར་གྱུར་ཏེ། རང་གི་མཆེད་པོ་མཆོག་ཏུ་གྱུར་པ་དྲུང་ཡིག་ཆོས་རྒྱན་ལ་བཤད་པས། ཁོང་ན་རེ། རང་རེའི་བླ་མ་འདིའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་འདི་སུ་ཞིག་གིས་བརྗོད་པར་སྤོབས། རེས་རྩོམ་ཡིག་དྲུང་དུ་བྱས་དུས། ཤོག་ལོགས་རེ་ཙམ་ཕྱག་ཐོགས་མེད་པར་ཞལ་པད་གནང་བ་དེ་འབྲི་བའི་རིང༌། བདག་གི་སྣང་ངོར་མནལ་བའི་རྣམ་པ་རེ་གནང་བས། ད་ཚིག་མཚམས་ཇི་ལྟར་ཡོད་བསམ་ནས་མནལ་སད་ཕྱིར་སྨྱུག་མས་ཐག་ཐག་བསྐུལ་བས། ཡང་སྔར་གྱི་དེ་རང་གི་ཐད་ནས་ཤ་རེ་བཀའ་སྩལ་ཞིང༌། དེ་ལྟ་བུའི་སྒྲིབ་མེད་དག་པའི་ཐུགས་དང་ལྡན་ཡང༌། གཞན་ངོར་ཐུགས་རྩོམ་ཆེ་བ་ཀུན་ལ་གལ་པོ་ཆེའི་ཆེད་དུ་གནང་ནས། རྗེ་བཙུན་འཇམ་དཀར་གྱི་བྲིས་ཐང་སྨན་ལྷ་དོན་གྲུབ་པའི་གཟབས་བྲིས་མ་ཆུང་ཆུང་ཞིག་ཡོད་པའི་དྲུང་དུ་མཆོད་པ་གསར་པ་རེ་བཤམས། པཎ་ཆེན་ཉིད་ཀྱང་རེ་ཤིག་དབུ་གཏུམས་ནས་ཐུགས་དམ་བཟླས་བརྗོད་ཀྱི་ཚུལ་རེ་དང༌། ཤ་ཤ་དྷ་ར་དང༌། རི་བོང་འཛིན་པ་ལྟར་དཀར་སོགས་སྐད་གཉིས་སྤེལ་བའི་འཇམ་དཀར་གྱི་བསྟོད་པ་དེ་གསུང་ནས། གང་ཡིན་པའི་ཐུགས་རྩོམ་ལ་འཇུག་པ་ཡིན་ནོ་གསུང་ཞིང༌། ཆོས་རྗེ་དྲུང་བཙུན་པ་ནི། ངས་བསམས་ན་མཆེད་པོ་ལོ་ཙཱ་བ་རང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བཟུང་བའི་ཉན་ཐོས་མཆོག་གི་ཚུལ་འཛིན་པར་ཀ་འདུག དེང་སང་སྡེ་པ་ཀུན་གྱི་ཡིག་མཁན་འདི་དག་ཉིན་རེ་བཞིན་དང༌། ཡི་གེའི་སྤོར་རྩོམ་གྱིས་དུས་འདའ་བར་འདུག་སྟེ། ཚིག་རེ་ནས་ལེན་པའི་སྡུག་བརྩིར་འདི་ལ། བསྟན་བཅོས་ཆེན་པོ་མཐའ་དག་ནི་ཐུགས་རྩོམ་ཤོག་ལོགས་རེ་ལན་རེ་ལས་སྐྱོར་མི་དགོས་པ་ཡ་མཚན་རྨད་དུ་བྱུང་བར་གོ །ཞེས་ལན་བརྒྱར་གསུངས་པ་ཐོས་སོ། །དེར་རྒྱ་མ་ནས་གླང་ཐང་དུ་ཕེབས། དབྱར་སྔ་མ་ནས་ཞལ་བཞེས་གནང་ཞིང༌། སྔར་པཎ་ཆེན་རིན་པོ་ཆེ་མངའ་རིས་སུ་ལོ་གསུམ་བཞུགས་རིང་བསྟུད་མར་སེར་བས་ལོ་ཏོག་བཅོམ་པས་སྔགས་པ་མཐུ་བོ་ཆེས་སེར་སྲུང་ལ་འབད་དགོས་པ་དེ་ལ། ད་ལོ་པཎ་ཆེན་རིན་པོ་ཆེ་བཞུགས་ཕྱིན་ལོ་གཉེར་གྱིས་གང་བྱེད་ཅེས་ཡུལ་མི་ཀུན་ངག་འཆམ་ནས་གཏད་མེད་དུ་བཞག་པས་ལོ་དགྲའི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་བར། དེ་ལོ་ལས་ལོ་ལེགས་པ་མི་དྲན་པ་བྱུང་ངོ༌། །དེར་དགེ་འདུན་ཚོགས་ཀྱི་དབུ་ལ་པཎ་ཆེན་རང་ཡང་ཕེབས་ནས། སྤྱན་སྔ་བློ་གྲོས་རྒྱལ་མཚན་པའི་དྲུང་དུ་ཐུབ་པ་དགོངས་གསལ་གྱི་བཤད་ལུང་ཞང་མདོ་སྡེ་དཔལ་བའི་དགོངས་འགྲེལ་དང་སྦྱར་བ་དང༌། ལོགས་སུ་པཎ་ཆེན་རིན་པོ་ཆེ་རང་གི་གསང་འདུས་ཀྱི་འགྲེལ་བཤད། བུ་སྟོན་རིན་པོ་ཆེས་མཛད་པའི་མཐའ་དྲུག་རབ་གསལ་གྱི་ལུང་གསན་ནོ། །དབྱར་རིང་སྤྱན་སྔ་བློ་གྲོས་པས་མཁན་པོ་དང༌། པཎ་ཆེན་རིན་པོ་ཆེའི་དྲུང་གིས་སློབ་དཔོན་གནང་ནས། ཐུས་བཙུན་གཏོས་ཆེ་བ་རང་ལ་རབ་བྱུང་གནང་ཞིང༌། མཁས་པ་ཆེན་པོ་ལྕང་རྭ་བའི་དྲུང་ཡང་དེ་ལོ་རབ་བྱུང་གནང་ཏེ་མཚན་བློ་གྲོས་བཟང་པོར་བཏགས་པས་ཤེས་སོ། །དེར་ཚོགས་པ་རྣམས་དང་སྐྱེ་བོ་གྲངས་མེད་པ་ལ། འཕགས་པ་བརྒྱད་སྟོང་པའི་བཤད་ལུང་གཟབ་རྒྱས་གནང་ཞིང༌། དེ་དུས་གནང་བའི་བརྒྱད་སྟོང་པའི་བཤད་ཚོམས་དོན་བསྡུའི་གསུང་རྒྱུན་སྣར་ཐང་པ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཡི་གེར་བཀོད་པའི་དཔེ་དངོས་ཁོང་རང་གི་ཕྱག་ནས་དྲུང་བཙུན་བཟང་པོ་བརྟན་པའི་ཕྱག་ཏུ་གནང་བ་ཁོང་གིས་བདག་ལ་སྩལ་ཀྱང་ད་ལྟ་མངའ་རིས་སུ་ལུས། དེ་ནས་དཔེ་གཞན་མ་འཕེལ་བས་ཡིད་ལྷག་པར་འཕྲེང་ངོ༌། །དེར་གྲྭ་གསར་སློབ་གཉེར་བ་རྣམས་ཆོས་འཁོར་རྩེར་སློབ་གྲྭ་གསར་འཛུགས་གནང་ཞིང༌། དབྱར་གྱི་དགག་དབྱེ་ཐོན་རྗེས་གླང་ཐང་པའི་ཆེ་བཙུན་གྲོང་ཆེན་མ་ལུས་པས་རང་རང་གི་ཁྱིམ་དུ་སྤྱན་དྲངས་ནས་བསྙེན་བཀུར་དང་འབུལ་བ་རྒྱ་ཆེར་ཕུལ་ཞིང༌། དེ་སྐབས་གྲོག་མཁར་ནང་སོ་ལ་བར་བརྒྱུད་མཛད། སྟག་ལུང་ངག་དབང་གྲགས་པས་སྤྱན་འདྲེན་གནང༌། རིན་ཆེན་སྒང་དུ་གྲགས་པའི་སྟག་ལུང་པའི་དགོན་གཞིས་ཉན་པོའི་མདུན་དེར་མཇལ། བཀའ་འབྲེལ་གྱི་ཐོག་མར་རྗེ་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་བའི་ཞལ་གཟིགས་ཀྱི་དབྱངས་ཅན་མ་དཀར་མོའི་རྗེས་གནང་དེ་གསན་པའི་ཕྱགས་ཕྱིར་བདག་གི་བླ་མ་དཔལ་ལྡན་ཚུལ་ཁྲིམས་པས་ཀྱང་གསན་ཞིང༌། དྲུང་ཡིག་ཆོས་རྒྱན་པ་ཡང་ཡོད་ཅེས་གསུང་ངོ༌། །དེ་སྟག་ལུང་ངག་དབང་གྲགས་པ་དང་མཇལ་བའི་སྔོན་མ་རང་ཡིན། དེར་སྟག་ལུང་ངག་དབང་གྲགས་པས་གོས་བེམ་ཧ་ཧཱུྃ་རི་མོ་མེ་ཏོག་ཟླུམ་འཛིངས་མ་ཁྱད་དུ་འཕགས་པའི་ན་བཟའ་གཅིག་གིས་གཙོས་པའི་གནང་སྦྱིན་ཡང་དཔག་མེད་སྩལ་ཞིང༌། བཀའ་ལས། ད་ལོ་ཁྱེད་ཀྱི་དབྱར་རིང་འཕགས་པ་བརྒྱད་སྟོང་པའི་ལུང་མཛད་དུས་སྟེང་གི་ནམ་མཁའ་ལ་འཇའ་འོད་ཉིས་རིམ་རྣ་ཆ་དགུ་འཕྲེང་གིས་བསྐོར་བའི་ཡ་མཚན་དང་རྗེས་འབྲེལ་ནམ་མཁའ་ལ་བལྟས་དུས། ལྷ་རྫས་ཀྱི་མེ་ཏོག་དཀར་པོའི་ཆར་པ་སལ་མ་སིལ་མ་བབས་པ། དེའི་རིང་ལམ་ལ་འགྲོ་མི་ཚོང་པ་ཀུན་གྱིས་ཀྱང་མཐོང་བར་སྣང་བས་ངེད་ལ་ཟེར་མི་ཡང་ཡང་བྱུང་བས་ཡིད་ལྷག་བསམ་དག་པ་བྱུང་བས་ན་སྤྱན་འདྲེན་ཞུས་པ་ཡིན་ཞེས་ད་ལྟའི་བར་དུ་སྟག་ལུང་ཐང་ན་གཏམ་དུ་སྒྲོག་པར་བྱེད་པ་ལས་སོ། །དེའི་དོན་དེ་གཙང་ཕྱོགས་སུ་ཕེབས་ནས། དེ་ཕྱིན་ཆོས་གྲྭ་ཆེན་པོར་ཆོས་སྒྲིགས་ཀྱི་བཅའ་ཁྲིམས་དགུན་སྨལ་པོའི་ཟླ་བ་ནས་རྟ་ཟླའི་བར། ཕར་ཕྱིན་དང་མངོན་པ་གོང་འོག་རེ་མོས་བྱས་ཚར་རེ་ཐུགས་བཤད་གནང་ཞིང༌། དབོ་དང་ནགས་པ་ཟླ་བ་ལ་དཔྱིད་ཆོས་ལ། དབུ་མ་རྩ་འཇུག་རྫོགས་པ་རེ་གསུངས། སྣྲོན་གྱི་ཟླ་བའི་ཡར་ངོའི་བཅོ་ལྔ་ལ་གསོ་སྦྱོང་དང༌། དབྱར་གནས་ཀྱི་སྦྱོར་བ་མཛད། མར་ངོའི་དགའ་བ་དང་པོ་ལ་དབྱར་གནས་པར་ཞལ་གྱིས་བཞེས་ནས། འདུལ་བ་དང་ཚད་མའི་མཐའ་གཅོད་རྒྱ་ཆེར་གསུང་བར་མཛད་དོ། །དེ་ལྟར་སྤྱི་ཆོས་ཀྱི་ཆོས་ཚོམས་རྩོལ་བའི་ངང་ནས་སྒོས་ཆོས་རང་རང་གི་བློ་ཚོད་དང་བསྟུན་པའི་ཕར་ཚད་སྤྱི་ཊཱིཀ ཡན་ལག་རྒྱས་བཤད། དོན་བདུན་ཅུ། རྟགས་རིགས། བློ་རིགས། ཕར་ཚད་སོ་སོའི་ཐལ་ཕྲེང༌། ཐུན་མོང་ཟིན་ཐུན་སྦྱོར་བ་རྩི་བའི་བར་དང༌། དེ་ལས་བློ་ཚོད་གོང་ཞུགས་ལ་ས་སྐྱར་ཐ་སྙད་བཞག་པའི་གྲངས་ཆེན་བཅོ་བརྒྱད་དུ་གྲགས་པའི་གཞུང་ཆེན་དག་གི་བཤད་འཐེམས། འབྲུག་ཉེར་སྦྱོར་བས་བརྒྱན་པ་ཡང༌། པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ཟུར་འཆད་གང་ལ་ཡང་མ་བལྟོས་པར་རྩོལ་བར་མཛད་དེ། དཔེར་ན་ངེད་ཀྱི་ཨ་ཇོ་གློ་བོ་དཔོན་དྲུང་རྣམ་སྲས་པར་གྲགས་པས། པཎ་ཆེན་དང་མཇལ་བའི་སྐབས། གློ་བོ་ནང་གི་ཞིབ་དཔྱོད་དྲིས་མལ་གནང་དུས། བཀའ་ལས། ཆོས་རྗེ་བྱམས་པ་གླིང་པ་དཔལ་ལྡན་ཚུལ་ཁྲིམས་པ་དེས། ངེད་རང་གི་མདུན་དུ་གྲངས་ཆེན་བཅོ་བརྒྱད་ཀྱི་གཞུང་ཚིག་འབྲུ་སྣ་གཅིག་ལ་ཡང་ལྷག་ཆད་མེད་པར་སྤྱི་ཊཱིཀ་རང་རེའི་ངག་ལས་རྫོགས་ཤིང༌། ཚིག་གཅིག་ལ་ཡང་ཟུར་མ་ཉམས་པར་བཤར་སྦྱང་བྱས། ད་ལྟར་རབ་འབྱམས་པ་གྲགས་པ་ཅན་མང་དག་འདི་ཚོ་ན་ཡོད་ཀྱང་འགྲན་དཔེ་མེད། སྔགས་ཀྱི་ནི་ཐ་ན་བྲིས་ཐིག་ཚུན་སྔར་ནས་ཤེས་ཚར་བའི་བྱང་ཆུབ་པར་འདུག་པས། རང་རེའི་དུས་འཁོར་དབང་མོ་ཆེའི་རྡུལ་ཚོན་ཡང་ཁོང་གིས་བཞེངས། དེ་དུས་ལག་པ་གཉིས་ཀས་ས་ཚོན་འབྲི་བ། སྨན་ཐང་ནང་པ་དོན་གྲུབ་པས་གཟིགས་པ་འདི་འདྲའི་གདོད་བྱས་ན། ངེད་ཀྱི་པིར་གྱིས་འབྲི་བ་བརྫུན་གསོབ་ཏུ་སྣང༌། ངེད་ལ་དངོས་སུ་ཟེར་བ་ན་ཡང༌། མཚན་ཉིད་པ་སྐད་འདི་ཆགས་སྡང་སྤུན་འཚག་ཆེ་བར་སྣང་བས། ཁོང་གིས་བསླབས་ཤེས་ཡོ་ངེས་རྫོགས་སྐད་སྒྲོག་པ་སྣང་ངོ༌། །སྒྲ་སྙན་ངག་སྡེབ་སྦྱོར་རྣམས་ཀྱང་ངེད་རང་གི་ལག་ཚར་ཡིན། ཕྱིས་སློབ་དཔོན་མི་ཉག་པས་ཁོང་ལ་རང་རེའི་ལག་ན་ཡོད་པའི་སྒྲ་ཊཱིཀ་ཆེན་མོའི་སྟེང་ནས་ས་རིས་གཏོང་བ་སྐད་ཀྱིས་གྲགས་ཀྱང༌། དེ་སུས་སུ་ལ་སློབ་པ་ཡིན་མ་ངེས། རྩིས་ཀྱང་མཐར་ཕྱིན་པ་ལོབས་འདུག མངའ་རིས་སུ་མཁས་པ་རྩིས་ཕྲུག་བྱ་བའི་ཕ་ལས་བསླབས་ཟེར། ལྷ་རིས་ཀྱང་རྒྱབ་ཏུ་རྩོལ་མེད་དུ་འབྲི་ཤེས་པའི་གྲགས་པ་ཐོས། ཁོང་འདིའི་སློབ་གཉེར་རྫོགས་པ་ནས་བྱམས་གླིང་དབུ་ཆེ་བའི་གྲོས་བཏོན་ཡིན། ངོར་ཚོར་ལོ་གསུམ་ཙམ་འགྲོ་དགོས་པར་སྣང༌། ངེད་ལ་ཞུར་བྱུང་བས་དེ་ཁ་ལེགས་ཁྱེད་རང་གིས་མ་ཤེས་པ་ནི་བསླབ་རྒྱུ་མེད། མ་ཐོབ་པའི་དབང་ལུང་འདྲ་ཡོད་བྱས་ཕྱིས་དེ་ཀ་བྱུང་འདུག ན་ནིང་ངེད་ལ་ཡི་གེ་བསྐུར་བྱུང་བའི་ནང་ན། ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་བློར་ཆུད་ཟེར་བར་འདུག དེང་སང་ས་སྐྱའི་བཀའ་འབུམ་བློ་ལ་ཡོད་པ་ཁོང་ཙམ་ཀ་ཡིན། ངེད་ཀྱང་བསམ་པ་རྫོགས་པས་ཆེ་བཀུར་གྱི་ཡིག་ལན་བྱས་ཀྱང༌། ད་དེ་ལུང་ཆུང་དེར་ཕངས་པ་ཡོད་དེ། བྱ་བ་སྔོན་གྱི་ལས་ཀྱི་རང་ཡིན་པར་འདུག་གོ །གསུང་ཞེས་དངོས་ཀྱིས་ངེད་དང་སྒྲོས་བྱུང་བ་ལས་སོ། །དེ་དུས་གནང་བའི་བཀའ་ཤོག་གི་ནང་ན་ཡང་འདི་ལྟར། དཔལ་ལྡན་ཤཱཀྱ་སེང་གེ་དེའི། །གསུང་རབ་མཐའ་ཡས་ཡི་གེའི་གཟུགས། །རྣམ་དཔྱོད་གླེགས་བུར་རབ་བསྡུས་ནས། །ཚུལ་ཁྲིམས་སྐེ་རགས་མཛེས་པ་ཅན། །རྡོ་རྗེ་འཆང་གི་གསང་བ་ལ། །བློ་གྲོས་གོམས་པ་འདོར་མཛད་ཁྱོད། །མཁས་པ་མཁས་པར་ཡོངས་ཤེས་པའི། །ཡོན་ཏན་རྒྱན་ཕྲེང་དཔག་དཀའ་བ། །སོགས་ཆབ་ཤོག་བཀའ་འབུམ་ནང་ན་འདི་ལས་བསྟོད་བཀུར་ཆེ་བ་མ་གསུངས་པས་མཚོན་ནོ། །དེ་ལྟར་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་ཞལ་ལུང་ལས། བློ་གྲོས་ཡོངས་སུ་སྨིན་པའི་མཁས་པ་བགྲངས་བར་མི་དཔོགས་པ་ཙམ་གྱིས། སྟོད་མངའ་རིས། སྨད་མདོ་ཁམས། བར་དབུས་གཙང་རུ་བཞིའི་ཁྱོན་མ་ལུས་པ་ཁྱབ་པའི་རྣམ་དཀར་གྱི་ཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱ་ཆེར་འཕེལ་ཞིང༌། དེ་དུས་སྲོད་ཀྱི་ཆ་ལ་བསྡུས་སྦྱོར་ཟུར་རྣོ་བ་འགའ་རེའི་ཞལ་སྤོར་གནང་ནས། ཉིན་རངས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་དོན་འཆད་ཉན་བྱས་པས། ད་ལྟའི་ཁ་འཆལ་ཨན་ཙམ་འདི་ལ་སངས་རྒྱས་བྱང་སེམས་ཀྱིས་མི་ཁྲེལ་ལས་ཆེ་ཡང་གསུང་ཞིང༌། ཡི་གེར་འཁོད་པའི་གསུང་རབ་ཀྱི་ནང་ན་ཡང༌། ཁ་བ་ཅན་དུ་ཕྱིས་གྲགས་པའི། །རྫས་དང་ལྡོག་པའི་བསྟན་བཅོས་ནི། །འཛིན་བྱང་ཀུན་ཆུབ་སྨོས་ཅི་འཚལ། །ཐོས་པར་གྱུར་ཚེ་རྣ་བ་དགབ། །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ནས་སྔར་གོང་དུ་བརྗོད་པ་ལྟར། རང་གཞུང་བརྟུལ་ཕོད་པའི་རིང་ལུགས་རྗེས་སུ་སྐྱོང་བར་འདོད་ནས། དགུང་ལོ་ང་གཉིས་བཞེས་པའི་ས་མོ་ཕག་གི་ལོ་དེ་ཉིད་ལ་ཕར་ཕྱིན་གྱི་སྤྱི་དོན་ཆུང་བའི་ཐུགས་རྩོམ་གྱི་དབུ་ཚུགས་ནས། དེའི་ལོ་ཕྱི་མ་ལྕགས་ཕོ་བྱི་བའི་ལོ་མཐར་ཕྱིན་ཞིང༌། འདི་སྐབས་བདག་གི་གནས་ཀྱི་སློབ་དཔོན་མཁས་པ་དོན་ཡོད་གྲུབ་པ་ཡང་ཞབས་དྲུང་དུ་ཕེབས་པ་གནང་ངོ༌། །དེར་དགུང་ལོ་ང་བཞིར་ཕེབས་པ་ལྕགས་མོ་གླང་གི་ལོ་ལ། ཆུ་མིག་བདག་ཆེན་ཆོས་དབྱིངས་སུ་བཞུད་པའི་དགོངས་རྫོགས་ཀྱི་རིམ་པའི་ཁུར་ལེན། སྐུ་གདུང་ཞུགས་འབུལ་བར་གྱི་བདག་གཉེར་མ་ལུས་པ་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ལྷུམས་ཞུགས་གནང་ནས། དགོངས་རྫོགས་དངོས་གཞི་ལ་ངོར་དང༌། ཐུབ་བསྟན་རྣམ་རྒྱལ་གཉིས་ཀའི་ཚོགས་པ་མཆོད་ཞིང་དུ་སྤྱན་འདྲེན་གནང་ཞིང༌། དེ་དུས་ངོར་དགོན་གསར་གྱི་མཁན་སྟེངས་ན་མཁས་གྲུབ་དཔལ་ལྡན་རྡོ་རྗེ་བ་བཞུགས་པའི་དུས་ཡིན་པས། དེར་ཕྱག་གི་བཀུར་སྟི་སོགས་ཚུལ་བཞིན་གནང་ཞིང༌། ཐུབ་བསྟན་མཁན་པོར་མཁས་པ་ཆེན་པོ་གོ་བོ་རབ་འབྱམས་པ་ཉིད་བཞུགས་པས་དེར་ཆུ་མིག་ཏུ་དགོན་གསུམ་ཀའི་དགེ་འདུན་རྣམས་བསགས། བདག་ཆེན་དྲུང་གི་ཕྱག་རྫས་རྟེན་མཆོད་པར་འོས་པ་རྣམས་ངོར་དང༌། རྗེས་བྱོན་གྱི་དཔོན་སློབ་རྣམས་ཀྱི་ཕྱག་ཏུ་བཏང་ཞིང༌། སྔོན་བདག་ཆེན་ཞལ་བཞུགས་དུས་གནང་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་མ་དེང་སང་ཀ་དྲུག་མར་བཞུགས་པ་འདི་དང༌། ལམ་འབྲས་ལྷ་ཁང་གི་དར་ནག་ལ་བྲིས་པའི་དར་གྱི་འཁོར་ཆེན་འཇིགས་བྱེད་རྣམས་ཀྱི་དཀྱིལ་ཐང་དང་གྲས་མཐུན་གྱི་རྡོ་རྗེ་འཆང་རྣམས་ལས་གཞན་ཕྱག་དཔེ་དབང་རྫས་སོགས་སྣ་གཅིག་མ་ལུས་པར་ཚོགས་འགྱེད་གནང་བས། ཁོང་ལ་ལ་དག་ཆོས་རྗེ་ཆེན་པོ་བའི་དྲུང་མཚན་ཉིད་པ་སང་སང་དུ་སོང་བས་གསང་སྔགས་ཀྱི་ཆས་ལ་ཐུགས་རྩིས་མི་གནང་བ་ཡིན་ཡོད་ཟེར་མི་ཡང་བྱུང་སྐད་དོ། །དེ་དུས་ཀྱི་འབུལ་ཡིག་གི་དབུར། འཁོན་གྱི་རིགས་བརྒྱུད་འོད་དཀར་མ་ཉམས་ཤིང༌། །མཁྱེན་པའི་ཆ་ཤས་མང་པོའི་མཛོད་བཟུང་ནས། །ཐུགས་རྗེའི་བསིལ་ཟེར་ཕྱོགས་བརྒྱར་སྤྲོ་མཁས་པ། །བློ་གྲོས་ཆོས་ཀྱི་དབང་ཕྱུག་འདི་ན་ཤར། །ཞེས་སྤེལ་ལེགས་ཀྱི་སྙན་ངག་ཀྱང་པཎ་ཆེན་ཉིད་ཀྱིས་གནང་ཞིང༌། དེར་བཀའ་ལས། རང་རེའི་ཕ་སྒོ་མ་སྒོ་སློབ་དཔོན་སྒོ། །སྒོ་གསུམ་མཆོད་པའི་སྐུ་དྲིན་ཅན། །ཟེར་བ་དེ་རང་ཡིན་ནོ་གསུང༌། །དུས་ཆེན་ལ་ཡང་མང་ཇ་འབད་མེད་སྩོལ་བའི་རྒྱུན་རྗེ་ཀུན་དགའ་རྒྱལ་མཚན་པའི་དུས་ཀྱང་ཡོད་མོད། ཕྱིས་ནན་གྱིས་བཅག་ནས་མིང་མི་གྲག་གོ །དེ་ནས་དགུང་ལོ་ལྔ་བཅུ་ང་ལྔ་པའི་སྟེངས་སུ་རིགས་གཏེར་གྱི་ཊཱི་ཀའི་ཐུགས་རྩོམ་གནང་ཞིང༌། འདི་བསྐུལ་བ་པོ་གསང་ཕུའི་ཆེན་པོ་ཀུན་དགའ་དཔལ་འབྱོར་བས་མཛད་ཅིང༌། འདི་ལ་ཀོང་སྟོན་བྱང་ཆུབ་སེམས་དཔའ་དབང་ཕྱུག་གྲུབ་པ་ཡང་ཐུགས་ལྷག་པར་མཉེས་ཤིང༌། ཞལ་ནས། ཚད་མ་རིགས་གཏེར་འཆད་ན་དྲུང་ཆེན་པོ་བས་མཛད་པའི་སྡེ་བདུན་ངག་རོལ་འདི་དགོས་པར་འདུག ཅེས་ཡང་ཡང་གསུང་བ་པཎ་ཆེན་རིན་པོ་ཆེས་ཀྱང་སྙན་དུ་གསན་ནས། ཕྱིས་ཆོས་རྗེ་ཀོང་སྟོན་ཐུབ་བསྟན་གདན་སར་ཕེབས་དུས་ཀྱང་ཁྲི་སྟོན་ལ། ཆོས་རྗེ་ཀོང་པོ་རབ་འབྱམས་པ་འདི་ལ་དགེས་པར་འདུག་ཟེར་གསུང༌། སྡེ་བདུན་ངག་རོལ་ཞིག་འབུལ་བ་གནང་ངོ༌། །ཆུ་ཕོ་སྟག་ལོ་འདི་ལ་སྡེ་པ་གཙང་ཆེན་པ་དང༌། ཧོར་ཤཱཀྱ་བ་སོགས་སྟོབས་ཀྱི་འཁོར་ལོ་སྒྱུར་བ་དེ་རྣམས་ཀྱི་བླ་མར་བཀུར་ཞིང༌། ཕྱག་དང་འདུད་པ་སྔོན་དུ་འགྲོ་བས་ཞབས་ཀྱི་པདྨོ་འདེགས་པར་མཛད་དོ། །དེའི་ཕྱི་ལོ་ཆུ་མོ་ཡོས་ལོ་ཤར་བའི་སྐབས། དབུས་ནས་མཁན་ཆེན་ཉི་མའི་དྲུང་དང༌། ནུབ་ཆོས་ལུང་ནས་ཀྱང་མཁན་ཆེན་རཏྣ་ཀ་རས་ཞུ་གསོལ་མཛད་ནས། སྔར་དགུང་ལོ་ཞེ་བརྒྱད་སྐབས་ཀྱི་དྲིས་ལན་ལེགས་བཤད་གསེར་གྱི་ཐུར་མར་མཚན་གསོལ་བའི་ལན་འདེབས་ཀྱི་བསྟན་བཅོས་ཀྱི་ཐུགས་རྩོམ་ཡང་འབྲི་བ་གནང་ལ། སྔར་བསྟན་པའི་མེས་པོར་དགོངས་ནས་ཀུན་མཁྱེན་སངས་རྒྱས་འཕེལ་བའི་དྲུང་ཚོར་ཐོག་མའི་དྲི་བ་ཕུལ་བ་ལ། མཛད་དཀའི་དབང་ལས་བཏང་སྙོམས་སུ་གནང་ནས་ཐུགས་ཁ་ཨེན་མ་ཁེངས་པའི་ཚུལ་ཙམ། གསེར་ཐུར་ཉིད་ནས་དཔེས་དོན་གོ་བར་རྙེད། རྟ་ཐུལ་གྱིས་ནི་ཚངས་ཆེན་ལ། །འབྱུང་ཆེན་གང་དུ་འགག་དྲིས་པས། མེས་པོར་རློམ་པའི་བསྙེམས་པ་ཡིས། །བདེན་གཏམ་རླུང་ལ་བསྐུར་ཞེས་ཐོས། །ཞེས་པས་མཚོན་པའོ། །གནད་ཀྱི་དོན་ཡང༌། ཚད་ཐུབ་འགྲེལ་ཆེན་བཞི་དང་གཞུང་ཉིད་དུ། །ཚིག་ཟུར་ཇི་བཞིན་མ་ཕྱིན་འདིར་དཔྱད་ཀྱི། །ཚངས་པར་རློམས་པའི་བཅོལ་ཆུང་བགྲང་ཡས་དག །དཔྱད་ཡུལ་མིན་པས་བདེ་བར་གཉིད་བྱོས་ཤིག །ཅེས་ཀྱང་གསུངས་སོ། །དེ་དུས་དྲུང་བཙུན་བཟང་པོ་བརྟན་པ་སོགས་མངའ་རིས་པ་འགས་སྟོན་བསོད་སྙོམས་ལ་ཕྱིན་དུས། སྟག་ཚང་ཆོས་འཁོར་ན་སྒྲ་པ་ཤེར་རིན་པ་སྐུ་ཚེ་མཐར་ཕྱིན་པའི་སྐབས་དང་མཇལ་བས། དེང་སང་ཆོས་རྗེ་ཆེན་པོ་བ་ཅི་མཛད་ཀྱི་སྣང་གསུང་བ་ལ། སྔར་གྱི་སྡོམ་གསུམ་གྱི་དྲིས་ལན་དེ་མཛད་ཀྱི་སྣང་ཞུས་པས། ཁོང་གི་གསུང་གིས། རང་རེའི་དེའི་དཔེ་ཞིག་བཙལ་བས་མ་རྙེད། མི་འདྲའི་ངག་ནས། རིན་ཆེན་ཕྲེང་བར་གསུངས་པ་ཡི། །ཟབ་མོ་དཀྲོལ་བ་ཅི་ལ་ཟེར། །བྱ་བ་འདི་ལ་ངེད་སྒྲ་པར་ཐ་སྙད་བཏགས་པའི་དབང་ལས་འདྲི་མི་མང་བ་བྱུང་ལ། འགྱུར་ཁྱད་དྲིས་པ་ཡིན། དོན་དུ་བཀོལ་བ་བྱ་དགོས་རྒྱུ་ཡིན་སྨྲས། འཇམ་དབྱངས་ཆེན་པོའི་ཐུགས་དགོངས་ལ། ཁོང་རང་གི་ཐུགས་ཁ་ཁེངས་པའི་མཁས་པ་ཞིག་གིས་དྲིས་པ་ཇི་ལྟའི་ལན་འདེབས་ཡོང་དགོས་པར་སྣང་ཡང༌། དེང་སང་སུས་བྱེད་ཡིན། ད་འདྲི་བའི་གནས་ཤིན་ཏུ་བརླིང་བ་གནང་འདུག་པས་ལེན་འདེབས་དཀའ་བ་ཡོད་པར་སྣང་གསུང་བའི་ཚུལ། པཎ་ཆེན་རིན་པོ་ཆེའི་དྲུང་དུ་རྒྱུ་མཚན་ཕུལ་བས། ག་རེ་དེར་དྲི་བ་འདི་ཕུལ་ན་ཡོང་རྒྱུ་ལ་གསུང་ཞེས་གྲག་གོ །མདོར་ན་སྡོམ་གསུམ་གྱི་དྲིས་ལན་ཕྱོགས་ནས་ཕུལ་བ་བཅུ་གཅིག གསེར་ཐུར་ཉིད་དང་བཅུ་གཉིས། དྲིས་ལན་ལ་ཡང་ལེན་དུ་སྤེལ་བ་བཞི་བདག་གི་མིག་གིས་མཐོང་སྟེ། ཚིག་ཟུར་མ་ཉམས་པར་ཡིད་ལ་གནས་སོ། །དེར་གློ་བོ་ནས་ཆོས་རྒྱལ་བཀྲ་ཤིས་མགོན་པས་ཐོག་མར་རིན་པོ་ཆེའི་ཁུ་བས་གསེར་རྐྱང་དུ་ཚར་གསུམ་བྲིས་ཤིང༌། སླར་པར་དུ་རྐོ་བའི་སྦྱིན་གནས་ཀྱང་གནང་ངོ༌། །ཕྱིས་སྟག་ལུང་ངག་དབང་གྲགས་པའི་གཟིགས་ལམ་དུ་གསེར་ཐུར་ཕེབས་སྐབས། དྲུང་ཆེན་པོ་བའི་སྡོམ་གསུམ་གྱི་དྲི་བ་དེ་ལེགས་སྣང་ཡང༌། དྲིས་ལེན་དེ་མ་ལེགས་སྣང་ཞེས་ས་བཀར་གྱི་ཆགས་སྡང་གི་བཀའ་སྩོལ་བྱོན་ཞེས་ཀྱང་གྲགས་སོ། །འཇམ་དབྱངས་མི་གཟུགས་འཇམ་པའི་དབྱངས་གང་གིས། །སྐྱེ་ནས་སྐྱེ་བ་ཉི་ཤུ་རྩ་ལྔའི་བར། །རྗེས་བཟུང་རྗེས་དཔག་ཚད་མའི་བློ་གྲོས་ཅན། །ས་འཛིན་སྐྱ་བའི་ས་སྐྱ་པཎ་ཆེན་རྒྱལ། །རྒྱལ་བའི་བསྟན་པ་ལས་ལོག་ཚིག་དང་དོན། །དོན་བཞིན་གསུང་རབ་དཔང་བཞག་མཁས་པའི་འཕྲུལ། །འཕྲུལ་ཆེན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དག །དག་པའི་ཐུགས་སུ་ཤར་བའི་དཔྱོད་ལྡན་སུ། །རང་གཞན་སྤྱི་དང་བྱེ་བྲག་མ་འདྲེས་པར། །ཚིག་དོན་སིལ་བུར་ཕྱེ་ནས་སྟོན་པའི་ངག །སྡེབས་ལེགས་དོན་བཟང་ལེགས་བཤད་དཔེ་བྲལ་བའི། །བསྟན་བཅོས་རབ་དབྱེར་བཏགས་ལ་ཕྱག་བགྱིའོ། །དངོས་བསྟན་གསལ་དང་དངུལ་དཀར་མེ་ལོང་གཟུགས། །མཐོང་བས་ཡིད་འདྲེན་ཡོངས་ཀྱི་ཡིད་འཇོ་བ། །སྦས་བཤད་གཏིང་ཟབ་རྒྱ་མཚོའི་ནོར་བུ་ལྟའི། །དགོངས་དོན་དབྱིངས་དེ་སྔོན་ཆད་སུ་ཡིས་ཤེས། །སྨྲོས་ཤིག་སྨྲ་འདོད་ལྕེ་བདེ་འཁྱོག་པོ་ཅན། སྐད་གཉིས་བསྡེབས་ལྟར་རང་མཚན་སིལ་བུ་ལས། །དབུ་ཞབས་འགའ་མེད་གནད་འདོམས་སྙིང་པོའི་ཚིག །གཟུང་བདེ་འཆད་ཤེས་སྔོན་དང་ད་ལྟ་སུ། །དཔྱོད་ལྡན་གཟུ་བོའི་སྤྱན་སྔར་ཚུར་སྤྱོན་དང༌། །ཡོན་ཏན་རྒྱན་ཕྲེང་ལྟ་བའི་མིག་མཆིས་ན། །བཀའ་དང་བཀའ་ཡི་དགོངས་འགྲེལ་དཔང་བཞག་པར། །ཡིན་མིན་ལེགས་པར་གཞིགས་ཚེ་གསལ་བར་མཐོང༌། །གནད་དྲིས་གནད་འདོམས་གནད་ནས་གཞལ་བའི་ཚེ། །རང་གཞུང་རང་བཞིན་རང་གི་བཞེད་དོན་རྟོགས། །གཞན་ཟེར་གཞན་བཞེད་གཞན་དང་མ་འདྲེས་པར། །བསྟན་བཞིན་བསྟན་བཅོས་བསྟན་པའི་སྙིང་པོ་གྲུབ། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། མཁས་པའི་མཛད་པའི་མིག་འཕྲུལ་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་བདུན་པའོ།།  །།དེར་སླར་ཡང་སྡོམ་གསུམ་ས་བཅད་ཁ་སྐོང་གི་ཐུགས་རྩོམ་ཕྲན་འགའ་ཡང་གནང་ཞིང༌། ས་འབྲི་ཤན་འབྱེད་པའི་བཀའ་དྲིན་བླ་ན་མ་མཆིས་པའི་སྤོབས་པ་མཆོག་ལ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་ཆེད་དུ་བརྗོད་པར་ཡང་མཛད་དོ། །རྔོག་ལོའི་རྣམ་ཐར་མཁས་པ་དུས་མཚུངས་ཀྱི་ཡི་གེ་ཡང་དེ་ལོ་ཀ་མཛད་ནས་མངའ་རིས་ལ་གནང༌། དེའི་དབྱར་གནས་གྲོལ་ཁའི་གུང་ཚིགས་རན་ཙམ་ལ་དགོན་པ་ཤར་ནས། རྗེ་དོན་ཡོད་དཔལ་བའི་གསོལ་དཔོན་ཚེ་ཚེ་ཟེར་བ་ཞིག་ཡོད་པ་དེ་སྤྱན་འདྲེན་ལ་བྱུང་ནས་ཕེབས་ཤིང༌། ཡབ་སྲས་ཞལ་མཇལ་བས་མཉེས་ཚོར་དཔག་མེད་གནང༌། ཕ་ལ་བུ་སྐྱེས་ཟེར་བ་དེ་འདི་ལ་ཟེར་བ་ལགས་སོ། །བ་ལ་མཛོ་སྐྱེས་ཟེར་བ་ཡང་འདི་ལ་ཟེར་བ་ལགས་སོ། །ཨ་ལ་ལ་གསུང་མངའ་རིས་ནས་ཕུལ་བའི་རས་ཀྱི་སྐུ་ཆོས་རྙིང་པ་ཞིག་ལ་ཕོད་གཟུགས་གནང་ནས་འཆམས་མཛད། དེར་བཞུགས་གདན་ལ་བཞུགས་ནས། འོ་ད་དྲུང་ཆེན་པོ་ནས་མཉེས་པའི་སྒོག་སྐྱ་ཡང་ཡོད། འུ་སུ་ཡང་ཡོད་ལ་འཛིམ་བུ་ཡང་ཡོད་དོ་གསུང༌། ཟས་སྣ་མང་པོ་བསགས་པའི་གདན་བཞེས་ཤིག་ཞུས། དེ་གྲོལ་རྗེས། ད་རང་རེ་ཕ་སྦད་བཀའ་གྲོས་དགོས་པར་སྣང་གསུང་ནས་རས་ཡོལ་རྙིང་པ་དེས་བཅད། གསུང་ཆུང་ཆུང་གིས། ད་ཕོ་ལོ་བརྒྱད་ཅུ་གྱ་གཉིས་ལོན་པས་འཆི་རན་པ་ལགས། ངེད་ཤི་བ་དང་ཁོང་བྱམས་ཆོས་པ་བོས་ལ། རོ་འདི་ཕོ་ཚིར་སྲེགས་མཛོད། རྒྱབ་འདི་ན་ཇ་སིགས་གཉིས་ཡོད་པ་ལ་མང་ཇ་མཛོད། ཁྱེད་ལ་མི་ཀུན་ས་སྐྱ་པ་མིན་ཟེར་མི་འདུག་ཟེར་བས་ཆོས་རྒྱལ་མ་རེ་ཚོགས་སུ་ཐོན་མཛོད་གསུང༌། ད་བཀའ་བགྲོས་གྲོལ་བ་ཡིན་པས་དགོངས་ཆོས་ལ་གཤེགས་མཛོད་ཅིག་གསུང་ནས། སླར་ལམ་མི་འཆག་ལ་བྱ་རྒོད་ཕུང་པོའི་ཆོས་ཁྲིར་ཕེབས། དེར་གང་བློ་མ་སོགས་བཏོན་རྗེས་རང༌། ག་རེ་དེ་རིང་འདི་ལྟར་བཀའ་ལུང་འབྱོན་གྱིན་འདུག ན་ནིང་ཤེད་ཀྱང་དགོངས་མོའི་ཆོས་སྤྱོད་ཚུགས་ཙམ་ལ་ཕེབས་བྱུང་ནས། རང་རེས་ཁྲི་ཁ་ནས་ལངས་ཕྱག་བྱས། འདིར་བཞུགས་ནས་གྲྭ་པ་སྔར་བཀའ་འབྲེལ་མ་ཐོབ་པའི་གསར་བུ་རྣམས་ལ་སྒྲོལ་མའི་ལུང་ཞིག་ཐུགས་རྗེས་འཛིན་དགོས་ཞུས་པས། ངེད་དེར་མི་སྡོད་འདི་ནས་བྱེད་གསུང༌། འདུ་ཁང་རྙིང་པའི་སྐས་ལ་ཐེགས་ནས་གཡབ་ཀའི་སྟེངས་ནས་ཚོགས་པ་ཞལ་བསྟན་ནས། འོ་སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་བཤུམས་ཟེར་བར་གདའ། དེའི་སྤྱན་ཆབ་ལས་འཕགས་མ་ལྷ་མོ་སྒྲོལ་མ་འཁྲུངས་པ་ལགས་སོ་གསུང༌། ཕྱག་འཚལ་ཉེར་གཅིག་གི་ལུང་གནང་དུས་ཁྱེད་ཚོ་བཞད་ཆ་བྱེད་པར་སྣང་ཡང༌། ངེད་དོགས་པ་ཆེན་པོ་ཟོས་བྱུང༌། དེ་ལོ་གྲྭ་པ་དུ་མ་དགོས་མེད་དུ་ཆུས་ཁྱེར་སོང༌། ད་ཡང་ཅི་ཆ་འཇིགས་རང་འཇིགས་སོ། །གྲུབ་པའི་སྤྱོད་པ་ལ་ཅི་ཡང་འཆར། མཚར་པོ་སྣང༌། ལར་རྒན་པོ་བྱིས་པ་འདྲ་ན་བཞེད། དེ་རང་ཡིན་གསུང་ནས་སྤྱི་ཆོས་སྩལ་བས། བདག་གི་བླ་མ་རྗེ་བཙུན་ཀུན་དགའ་མཆོག་གྲུབ་དང༌། དྲུང་བཙུན་ཤེས་རབ་དཔལ་འབྱོར་བ་སོགས་ཀྱིས་ལུང་བསྟན་ལ་ཚད་མར་གཟུང་ནས་དགོན་པའི་འདུ་ཤེས་ཀྱིས་གསོལ་ཇ་ཡང་ཡང་ཞུ་བ་དང་མཇལ་བ་ལ་བྱོན་ཞིང༌། བཀའ་ཆོས་ནི་ལུང་འདྲ་བའི་སད་སུད་དང༌། ལོ་རྒྱུས་དང༌། སྒྲུང་བརྒྱུད་འདྲ་དང༌། ཆོས་མགུར་འདྲ་གསུང་བ་ལས། དེ་དུས་ནི་ཆེར་མི་གནང་ཞིང༌། སྔ་ཐོག་གི་གྲྭ་བགྲེས་རྗེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་བ་དང༌། སློབ་དཔོན་ཤངས་པ་སངས་རྒྱས་བློ་གྲོས་པ་ཡན་གྱི་བསྙེན་རྫོགས་བསྒྲུབས་པའི་མཁན་པོ་གནང་ཞིང༌། འོ་འན་བུའི་བསྙེན་རྫོགས་འདི་ཚོགས་པའི་རྒྱལ་པོ་ཆོས་ལུང་ཚོགས་པ་ནས་བརྒྱུད་པ་ལགས་སོ། །འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན་པ་ལ་སོགས་པ་ལ་ཐོས་པ་སོགས་གསུངས་པའི་ངོམ་ངོམ་རང་གནང་ཞེས་མངའ་རིས་ཀྱི་གྲྭ་རྒན་རྣམས་གླེང་བ་ཐོས་ཤིང༌། ཡང་གཏིང་སྐྱེས་པའི་རྗེ་དྲུང་སྐུ་མཆེད་རྣམ་པ་གསུམ་པོ་ཐུགས་གཉེར་ལ་ཐོག་མར་ཕེབས་སྐབས། པཎ་ཆེན་རིན་པོ་ཆེའི་སྐུ་མཚམས་བསྡམས་པའི་ཞབས་ཤིག་མ་གྲོལ་བར། བླ་བྲང་དུ་དྲུང་ཆེན་སངས་རྒྱས་སེང་གེ་དང༌། ཀོང་སྟོན་མགོན་པོ་རྒྱལ་མཚན་པས་གཞི་ལེན་ཞུས། དེར་པཎ་ཆེན་རིན་པོ་ཆེའི་བཀའ་ལུང་ལ། ངེད་ད་དུང་ཞག་འགའ་མཚམས་མི་གྲོལ་བ་འདུག་པས། དེ་བར་རྗེ་དོན་ཡོད་དཔལ་བའི་ཞབས་དྲུང་དུ་ཕྱག་འབུལ་དང་བཀའ་ཆོས་ཀྱི་འབྲེལ་པ་ཞུ་བ་སོགས་ཀྱིས་རྟེན་འབྲེལ་ལེགས་ཤིང་བར་ཆད་སེལ་བ་ཡིན་གསུང་ནས། དེ་དུས་རྗེ་དོན་ཡོད་དཔལ་བ་སྤན་ནོར་བུ་གླིང་ན་བཞུགས་པའི་དྲུང་དུ་སྙན་གསན་འབེབས་མི་བརྫངས་པས། གཏིང་སྐྱེས་པའི་ཞལ་ངོ་རྣམ་པ་གསུམ་ཙམ་དུས་གཅིག་རང་ལ་ཕེབས་པ་ཧ་ཆེ་བ་ཡིན། འདིར་གྲོང་ཁྱིམ་དུ་སྤྱན་དྲངས་ན་ཁོང་རྣམས་དད་པ་ལོག་ཡོད་པས། ཨ་ཕོ་རྒད་པོ་དགོན་པ་ཤར་དུ་འགྲོ་གསུང་ཕེབས་ནས། པཎ་ཆེན་རིན་པོ་ཆེ་སྐུ་མཚམས་མ་གྲོལ་གོང་དུ་གསང་ཆོས་ཞིག་བྱེད་པ་ལགས་སོ་གསུང༌། ཀྱཻ་རྡོ་རྗེའི་རས་བྲིས་ལ་བརྟེན་པའི་དབང་བསྐུར་ཞིག་གནང༌། དེའི་དངོས་གཞིའི་སྐབས་སུ་ཆུ་དབང་དུས་བུམ་པ་ཕྱག་གིས་བཟུང་ནས། འན་བུའི་བླ་མ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དབང་གནང་དུས་འདི་ལྟར་མཛད་གསུང་སྐུ་སྒེག་དང་བརྗིད་བསྟན་ནས་གནང་ཞིང༌། ཡང་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་འདི་ལྟར་དུ་གནང་གསུང༌། སྐུ་གཟུགས་ཅི་བདེར་མཛད་ནས་བུམ་དབང་ལན་རེ་དང་ཆུ་དབང་ལན་གཉིས་གནང༌། དེ་དུས་དབང་དེ་གནང་བའི་ཞིང་གཞན་སྦྱིན་བདག་འདྲ་ལ་ཚེ་དབང་རེ་ཙམ་གནང་ཞོར་ལ་གྲྭ་རྒན་འགས་ཐོབ་པ་ཙམ་ལས་དབང་རྗེས་གནང་སོགས་ཐོབ་པ་གཏན་མེད། འཕྲལ་གྱི་བྱམས་པའི་མཚན་བརྒྱ་དང༌། བྱམས་སྨོན་གྱི་ལུང་གཉིས་ཕལ་ཆེར་གྱིས་ཆོས་འབྲེལ་དུ་ཐོབ་པ་ཅིག་ཡོད་ཅེས་ཐོས་སོ། །དེར་ཡོས་ལོ་དེ་ཉིད་ཀྱི་བསྟན་བཅོས་པའི་ལོ་འཕོས་པའི་རྒྱལ་ཟླའི་ཚེས་བཅོ་ལྔའི་ཉིན། གུང་ཚིགས་རན་ཙམ་ལ་པཎ་ཆེན་རིན་པོ་ཆེ་བྱ་རྒོད་ཕུང་པོའི་ཆོས་ཁྲིའི་ཁ་ནས་བཞེངས། བླ་བྲང་དུ་ཕེབས་པའི་ཞལ་བསྒྱུར་ཙམ་ན། དགོན་པ་ཤར་ནས་དགེ་བཤེས་བསམ་གཏན་པ་སླེབས་བྱུང་ནས། ད་ལྟ་རང་ཕེབས་དགོས་པ་འདུག་ཞུ་ཡིན་འདུག་པས། དྲུང་ཡིག་ཆོས་རྒྱན་པ་ལ་ཁྱོད་སོང་ལས། ཁ་ཐགས་དཀར་པོ་ཅིག་མགྱོགས་པར་ཁྱེར་ཤོག་གསུང༌། དྲུང་བཙུན་ཤེས་རབ་དཔལ་འབྱོར་བ་ལ། ཁྱོད་རང་ངའི་གདིང་བ་དང་ཟླ་ཁམས་འདི་ཁུར་ལ་འདེད་གསུང་ཞབས་བསྐྱོད་པ་མྱུར་བར་ཕེབས་པས། རྗེ་དོན་ཡོད་དཔལ་སྐུ་བསྲངས་སྤྱན་ཟིམ་མེ་འདུག དེར་པཎ་ཆེན་རིན་པོ་ཆེའི་དྲུང་གིས་གསུང་དཔངས་ལྷག་པར་མཐོ་བས། བདག་དྲུང་དུ་སླེབས་ཡོད་པས་དགོངས་ཀྱི་ཨེ་འདུག་ཞུ་བ་གནང་སོང་བས། སྤྱན་ཁྲོལ་ལེ་བཞད་ཡལ་མཛད་ནས་ཕྱག་མཛུབ་ཀེར་གནང་བྱུང་བས། པཎ་ཆེན་རིན་པོ་ཆེའི་སྐུ་ཆོས་ཀྱིས་ལྗིབས་ནས་ཕྱག་གིས་བཟུང་སྟེ། དབུ་དཔྲལ་དུ་བཞག་ནས་སྨོན་ལམ་གྱི་རྣམ་པ་ཞིག་གནང་བའི་རིང་ལ་ཞིང་བརྗེས་སོང༌། དེ་མཚམས་དྲུང་ཡིག་ཆོས་རྒྱན་པ་སླེབས་བྱུང་ནས་འགང་དཀར་དེ་འབུལ་བ་གནྡ་སོང་བས། པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་ཕྱག་གིས་རྗེ་དོན་ཡོད་དཔལ་བའི་ཞལ་གདོང་ལ་ཕུལ་ནས། རྒྱུད་བླ་མའི་རྡོ་རྗེའི་གནས་བདུན་དེ་ཚར་གསུམ་གསུང༌། ད་ངེད་ཀྱིས་གྲབས་འདྲ་དང༌། གཞིས་ཀ་དང་ཤངས་ཚོར་མི་རྣ་འདྲ་རྫོང་བ་ལ་འགྲོ། བསྙུང་བའི་ཚུལ་ཙམ་མེད་པའི་ཞིང་བརྗེས་པ་འདི་ཡ་རང་ཆ་འདུག་གོ་གསུང་ནས་ཕེབས་ཤིང༌། དེར་བླ་བྲང་དུ་ཕེབས་འཕྲལ་དྲུང་ནས་ཆོས་ཀྱི་པ་དང༌། དྲུང་ནས་སངས་བློ་བ་གཉིས་དེ་མ་ཐག་སྐུ་གདུང་གི་དྲུང་དུ་མཆོད་འབུལ། བྱམས་ཆོས་སྒྲོག་པ་ལ་རྫོང་བ་གནང་རྗེས། སྔར་གྱི་བཀའ་བཞིན་དུ་སྐུ་གདུང་ཞུགས་འབུལ་བ་ལ་སྲང་དགོན་གསར་ནས་སྲད་པ་ཀུན་བློ་ཡང་སྤྱན་འདྲེན་ལ་གནང༌། དེར་དེ་ཉིན་ནས་ཐོག་མར་སྐུ་རིམ་དུ་མིང་བཏགས་པའི་མང་ཇ་བཙུགས་རྗེས་ཤངས་མཐོང་སྨོན་གཞིས་ཀ་སོགས་ནས། སྐུ་ངོ་རྣམ་པས་གདུང་མཇལ་གནང་བ་གྲུབ་པ་དང་བསྟུན་གསང་བརྟོལ་གྱི་མང་ཇ་འགྱེད་ཆས་བླ་བྲང་ནས་གནང༌། དགོངས་རྫོགས་གཙོ་བོར་བླ་མའི་གདན་ས་ཡིན་པས་གསུང༌། ངོར་ཚོར་ཚྭ་ར་མང་ཇ་དང་འགྱེད་ཕུན་སུམ་ཚོགས་པ་ཞུ་བ་ལ་དྲུང་ཆེན་སངས་རྒྱས་སེང་གེ་བའི་ཕྱགས་ཕྱིར་ངོར་པ་རང་གི་ཟུར་འཆད་པ་སློབ་དཔོན་བསོད་ནམས་སངས་རྒྱས་པའི་དབོན་པོ་ཀུན་དགའ་བཟང་པོ་དང༌། ཕྱིས་རྒྱ་བར་ནང་པའི་མཆོད་གནས་ལ་རྒྱུན་བཞུགས་ཀྱི་དབོན་པོ་དབང་ཕྱུག་པ་གཉིས་ཀྱིས་གཙོས་པའི་ནང་ཟན་མི་སྣ་རགས་བསྡུས་རྫོང་བ་གནང༌། དེ་དུས་ངོར་གདན་སར་ཆོས་རྗེ་གོ་བོ་རབ་འབྱམས་པ་བསྐོས་ཕྲལ་ཡིན་ཞིང༌། དེའི་བསྔོ་བའི་སྐབས། ཚེ་ལས་འདས་པ་དོན་ཡོད་དཔལ་བ་ལ་དགོངས་སུ་གསོལ། གསུངས་པས། དྲུང་ཆེན་སངས་རྒྱས་སེང་གེ་བ་བསྔོ་བ་ཞུ་མི་ཡིན་པ་སྡོད་མ་ཟུག་པར་ཧར་ལངས་བྱས་ནས་ཤར་ལ་ལམ་མི་འཆག་ལ་ཐེགས་ཤིང༌། ངོར་རང་གི་ཚོགས་པ་ཀུན་ཀྱང་ཐུགས་མ་རངས་པ་དང་གཞི་བྱེད་ཡོ་ཞལ་སྐྱེངས་པར་བྱུང༌། དེའི་རྗེས་ཀྱི་བྱ་བ་རྣམས་དབོན་པོ་རྣམ་གཉིས་ཀྱིས་བསྒྲུབས་ནས་བྱོན། དེ་གོང་རྗེ་རྡོ་རྗེ་འཆང་ཆེན་གྱི་དུས་ཆེན་ས་གའི་ཉེར་ལྔའི་སྟེངས་སུ་ངོར་ཚོར་ལོ་རེ་བཞིན་མང་ཇ་རེ་དང༌། གཟིམས་མལ་སྐུ་འདྲའི་དྲུང་དུ་དར་ཆེན་གྱི་སྣམ་སྦྱར་རེ་འབུལ་བ་གནང་ནས། ད་ལྟ་ཡང༌། དགེ་སློང་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་དད་པས་ཕུལ་གསུང་བའི་ཡི་གེ་སྦྱར་བ་ཡོད་ཅིང༌། དེ་ཕྱིན་དྲུང་ཆེན་སངས་རྒྱས་སེངྒེ་བ་གཏན་འགྲོ་མ་འདོད་པར། མང་ཇ་ཡོད་ན་འདི་ཀར་དྲོངས་ཟེར་མ་ཉན་པས། དུས་ཆེན་ལ་ཚོགས་སུ་མང་ཇ་གནང་སྟེ་བསྔོ་བའི་སྐབས་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་བཀའ་དྲིན་མཉམ་མེད་རྗེ་བཙུན་ཀུན་དགའ་ཞེས་པ་ནས། གསུང་འདར་སྤྱན་ཆབ་ཀྱིས་སྤྱན་གང་སྟེ། བསྔོ་བའི་ཞབས་མེད་པ་རང་ཞིག་ཡོད་པ་སྣང་ཞེས་གསུང་ཞིང༌། སྔར་གྱི་ངོར་དུ་མང་ཇ་སྐོལ་སྐབས་ཀྱི་སྒྲོས་རྣམས་དབོན་པོ་རྣམ་གཉིས་ལ་དངོས་སུ་ཡང་ཐོས་སོ། །དེ་ནས་པཎ་ཆེན་རིན་པོ་ཆེའི་བཀའ་ལུང་ལ། ད་གཟིམས་མལ་སྐུ་འདྲའི་ན་བཟའ་དེ་སྐྱེལ་མི་མི་འབྱོར་སྣང་བས་སྐུ་ཚབ་ཅིག་འདིར་བཞེངས་དགོས་པ་འདུག་གསུང་ནས། ད་ལྟའི་བར་དུ་བཀྲ་ཤིས་བརྩེགས་པའི་རྟེན་གཙོ་ལ་བཞུགས་པའི་ཆོས་རྗེ་རྡོ་རྗེ་འཆང་གི་སྐུ་འདྲ་འདི་ཟངས་གསེར་ལས་བསྒྲུབས་ནས། ལོ་རེ་བཞིན་གོས་ཆེན་ཁ་དོག་མི་གཅིག་པའི་སྣམ་བེམ་རེ་འབུལ་བ་གནང་བ་ད་ལྟ་ཡང་སྐུ་ལ་ཡོད་པས་རྟོགས་སོ། །དེར་རྗེ་དོན་ཡོད་དཔལ་བའི་རྩ་བའི་གྲྭ་ས་ཡིན་པས་གསུང༌། བྱང་གི་བཟང་ལྡན་ཆོས་སྡེ་དང༌། གཞན་འབྲས་ཡུལ་སྐྱེད་ཚལ། ཤངས་ཀྱི་གྲྭ་ཚང་ཆེན་མོ་བ་སོགས་གཙང་ཕྱོགས་དང༌། ལྷག་པར་གསང་ཕུ། ནཱ་ལེནྡྲ། གླང་ཐང་སོགས་སུ་མང་ཇ་འགྱེད་བཟང་པོའི་དགོངས་རྫོགས་སྒྲུབ་མི་ཡང་དགུང་ཞག་གི་ཁོངས་སུ་བརྫངས་ཤིང༌། དགུང་ཞག་གསུམ་པའི་སྟེངས་སུ་སྐུ་གདུང་བཞུ་འབུལ་གནང༌། དེ་སྐབས་གྲུབ་ཐོབ་ཀྱི་གསུང་ཡིན་པས་ཏིག་ཏིག་ནི་མེད། སྔོན་མི་ལ་རས་པས་ཞལ་ཆེམས་ཀྱི་ཡི་གེ་འདྲ་བ་ཞིག་ཀ་ཨེ་ཡོད་ཡིན་ནའང་བཀའ་བཅག་ཏུ་མི་རུང་བས། སྐུ་རྒྱབ་ཕྱོགས་ཀྱི་ས་བང་དེའི་ནང་ན་ཅི་འདུག་ལྟོས་ཤོག་གསུང་ནས། དྲུང་ཆེན་སངས་རྒྱས་སེང་གེ་བ་དང༌། དགེ་བཤེས་བསམ་གཏན་པ་གནང༌། ཁོང་གཉིས་པོས་གཟིགས་དུས་ཇ་སིགས་བཟང་མ་གཉིས་དང༌། གོས་ཡུག་གསེར་ཞོ་བཞི། དར་ཁ་འགའ་རེ་འདུག་པ་ཕུལ་བའི་མོད་ལ། པཎ་ཆེན་རིན་པོ་ཆེ་སྤྱན་ཆབ་གཡོས། དེར་ཚོགས་ཀུན་ལུས་འཇིག་པ་ཙམ་གྱི་ཟུག་རྔུའི་ངེས་འབྱུང་སྐྱེས་ཞེས། དྲུང་བཙུན་ཤེས་རབ་དཔལ་འབྱོར་བའི་གསུང་ལས་ཐོས། དེར་སྔར་གྱི་བཀའ་ལྟར་ཇ་རྣམས་མང་ཇ་གནང༌། གོས་ཆེན་དེ་སྐུ་གདུང་བཞུ་མི་ལ་འབུལ་བ་མཛད་ཅིང༌། གདུང་ཚྭ་ཨ་མོ་གྷ་ཤྲཱིའི་རྟགས་ཅན་གསེར་གྱི་ན་བཟའ་སྟོང་རྭ་ཙམ་བཏབ་ནས་ཕྱོགས་བཅུར་མོས་རྟེན་དུ་བཀྱེ། སྐུ་གདུང་བྱིན་རྟེན་བཞེངས་ཅིག་ཨེ་འགྲུབ་ལྟ་གསུང་ནས་ཕྱག་རྟགས་ཀྱིས་སྤྲས་ཏེ་མཆོད་ཡུལ་དུ་བཞུགས་སོ། །སྣ་ཚོགས་སྨྲ་བ་ལྷུར་ལེན་ཁ་བའི་ལྗོངས། །འོན་ཐོས་ངོ་ཐོན་སྒྲོག་པའི་གངས་ཅན་པ། །སྤྱང་གླང་སྤྲེའུའི་ཟློས་གར་བསྟན་འཛིན་རྣམས། །ཅི་སྨྲ་ཁུངས་ཀྱིས་འཕོངས་པའི་མཚར་གཏམ་གླེང༌། །སེང་གེའི་ཕྲུ་གུར་གླང་པོ་སྐྱེས་ལྟའི་ཚུལ། །གང་ཡིན་མིན་མཚོན་གྲུབ་མཐའི་བཞེད་དོན་མཁན། །ཟོལ་སྦྱོར་གཅམ་བུའི་རང་སྣང་ཡིད་བདེ་བ། །མ་རྟགས་གཅིག་པུར་ཉམས་དགའ་བླུན་མོའི་གཤིས། །དྲེགས་ལྡན་མཁས་པས་དཔྱད་ཚེ་སྙན་རྒྱུད་ཅེས། །མདོ་རྒྱུད་རྒྱང་དུ་འཕངས་པའི་ལོག་ཤེས་ཀྱིས། །རྒྱན་དྲུག་ལས་བཟློག་ལེགས་བཤད་ཡུས་པོ་ཆེ། །མཁྱེན་ཡངས་སུ་ཡི་ཡིད་ལ་ཚད་མར་འཛིན། །རང་ཚིག་ཙམ་ལའང་ཞིབ་མོར་དཔྱོད་པའི་སྲོལ། །རིང་དུ་དོར་ནས་སྣ་ཚོགས་གཟིགས་པའི་སྤྱན། །རྒྱང་མཐོང་མདུན་གནས་མ་མཐོང་གད་མོའི་གནས། །གོང་དུ་གང་སྨྲས་སོམས་ཤིག་མཁས་འདོད་རྣམས། །དབུ་ཞབས་ཆོལ་བསྒྲིགས་འདིར་མཚོན་མ་དམིགས་པའི། །སྲང་མདའི་ངག་ཚིག་བསྒྲིགས་པའི་བསྟན་བཅོས་ལས། །བཟློག་སྟེ་རྒྱལ་བའི་དགོངས་འགྲེལ་ཇི་ལྟའི་གཞུང༌། །ཡི་གེར་བཀོད་ལ་དེང་སང་སུ་ཡིད་ཆེས། །སྙིགས་མའི་དུས་ཀྱི་འགྱུར་བས་ཐུགས་ཕྱུང་ནས། །བསྟན་འཛིན་དམ་པའི་ཚོགས་ཀྱང་ཞིང་གཞན་གཤེགས། །ལྷག་པར་བྱམས་མགོན་གཉིས་པ་ཨ་མོ་གྷ། །རང་གནས་དགའ་ལྡན་ཕོ་བྲང་གང་དེར་བཞུད། །དམ་པའི་རྗེས་སུ་སྐྱེས་བུ་དམ་པའི་སྲོལ། །ཆོས་ཀྱི་རྗེས་འབྲང་ཆོས་ལས་སྐྱེས་པའི་སྲས། །འགྲན་བྲལ་གང་གིས་འགྲན་པའི་སྲོལ་མེད་པའི། །དགོངས་པའི་དབྱིངས་བཞིན་དགོངས་པ་ཡོངས་སུ་བཀང༌། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། བྱམས་མགོན་དོན་ཡོད་དཔལ་བ་དབྱིངས་དགའ་ལྡན་དམ་པར་གཤེགས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།།  །།དེར་དཔྱིད་སོས་ཀྱང་དེ་ལོ་ཆོས་དབར་སོགས་མ་བཏེག་པར། དགོངས་པའི་མཐིལ་དེ་འདིས་རང་རྫོགས་པ་ཡོད་གསུངས་ནས་དེ་ལོའི་དཔྱིད་ཆོས་དེ་ལྷག་པར་འཆད་ཉན་འཕེལ་བའི་ཁུར་ལེན་གནང་རྗེས། ཤིང་ཕོ་འབྲུག་གི་ལོ་དཔྱིད་མཚམས་རིང་མོ་ལ་དཔོན་སློབ་ལྔ་བརྒྱ་ཙམ་གཞུའི་བྱང་ལམ་ལ་མཛད་ཕེབས། དེ་དུས་རྗེ་དུས་ཞབས་པ་ཞིང་བརྗེས་ཚར་བའི་ནང་རྟེན་སོགས་ལ་སྙན་དར་སྦྲོན་པ་སོགས་གནང་ཞིང༌། རུ་དགོན་གསར་གྱི་མཁན་པོ་ལ་སྐུ་ཞང་ཀུན་དགའ་སྙིང་པོ་བཞུགས་པ་སྣ་དཀར་རྩེར་གདན་འདྲེན་བྱས། གཞི་ལ་མི་བཞུགས་པས། ཕྱིས་པཎ་ཆེན་རིན་པོ་ཆེ་དང་མ་མཇལ་གསུང་ནས་ཐུགས་ཁྲལ་ལྷག་པར་ཆེ་བ་གནང་ཞེས་པར་མཁན་ཆོས་ལེགས་པའི་ངག་ལས་ཐོས་སོ། །དེ་ནས་གནམ་རྩེ་ལྡན་དུ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་སྔོན་མ་རང་མཇལ་སྐབས་མཐོང་བཀུར་བསམ་གྱིས་མི་ཁྱབ་པར་གནང༌། པཎ་ཆེན་རིན་པོ་ཆེས་དབུ་མཛད་རྗེས་ཀྱི་ཚོགས་པ་ལྔ་བརྒྱ་པོས་ཞག་བདུན་གྱི་རིང་ལ། ཀརྨ་པ་རོལ་པའི་རྡོ་རྗེས་མཛད་པའི་དབུ་མའི་གཏན་ཚིགས་ཆེན་པོའི་གཞིའི་ཁྲིད་གསན་དུས། སློབ་དཔོན་ཉང་རམ་པའི་གསུང་གིས། ག་རེ་ངེད་ཀྱི་བསམ་པ་ལ་ཀརྨ་པ་ཟེར། མ་ཎི་པདྨའི་ལུང་རེས་མི་ནོར་ཡོ་སྡུད་པའི་སྨྲ་བསམ་བརྗོད་མེད་ཡིན་སྙམ་པ་མཐོལ་ལོ་བཤགས། འདི་ན་ནི་ཡ་ཆ་འདུག་གོ་ཟེར་ཐུགས་མཐོང་སྐྱེས་པའི་གསུང་སྒྲིབ་མེད་དུ་བྱོན་ཞེས། མངའ་རིས་པ་སློབ་དཔོན་དཀོན་མཆོག་བཟང་པོ་ཆུང་བས་བཤད་ཅིང༌། དེ་ནས་བྱང་ལམ་ལ་གནང༌། ཐང་འབྲོག་ཏུ་ཕེབས་དུས། སྟག་ལུང་ངག་དབང་གྲགས་པ་སྐུ་མཚམས་གནང་བའི་སྐབས་དེ་ཡིན་པས། པཎ་ཆེན་རིན་པོ་ཆེ་སྐུ་རྐྱང་ལས་གྲྭ་པ་བྱིན་ལ་མཇལ་ཀ་མ་བྱུང་ཞིང༌། བཀའ་ལས་ཕར་སྟག་ལུང་ཚོར་རྟེན་མཇལ་སོགས་མཛོད། དཔོན་སློབ་ཡོངས་ལ་ཇ་བུར་གང་བཟང་གི་བསྙེན་བཀུར་གྱིས་ཟེར་བའི་ལོན་ཆ་སོང་ཡོད་གསུང་ཞིང༌། དེར་པཎ་ཆེན་རིན་པོ་ཆེ་དང་གསུང་སྒྲོས་གནང་བའི་འཕྲོས་ལ། ངེད་རང་གི་ཉན་པོའི་འགྲམས་རིན་ཆེན་སྒང་གི་ལོགས་ཀྱི་རི་བྲག་ཁ་ལྷོར་བསྟན་དེར་རྣམ་སྲས་བསྒྲུབས་པས་ཐོ་རངས་ཅིག་སྒ་ཞིག་ལ་སྙེ་མ་བཅིངས་པ་དང༌། བྲེ་ཞིག་ཏུ་རྩམ་པ་སྤུངས་པ་གཅིག་འདོམས་ཟེར་བས་རྩམ་པ་དེ་འདམས། ཕྱིས་བསམ་དུས་འདམས་རིགས་སྣང༌། ད་ལྟ་བོང་ཚོང་བའི་ལྷོ་པ་ཀུན་ཁྱེ་ཙམ་མི་ཐོགས་ཀྱང༌། ཆག་ལ་བུད་ཡོང་བ་འདི་དངོས་གྲུབ་ཏུ་འདུག གཞན་སྒལ་དེང༌། ཚོང་བྱས་ནས་བསྒྲུབ་དགོས་ཟེར་ལེར་སྣང་གསུང་བས། དེར་པཎ་ཆེན་རིན་པོ་ཆེས་བདག་ལ་བཀའ་དྲིན་ལྷག་པར་ཆེ་བའི་གནས་ཀྱི་སློབ་དཔོན་ཞིག་ཡོད་པ་ཞིང་བརྗེས། དེའི་དགོངས་རྫོགས་ལ། རྟེན་བཞེངས་རྒྱ་ཆེ་ཙམ་ཞིག་འགྲུབ་ན་བསམ་པ་ཡིན་ཀྱང༌། ངེད་རང་མཚན་ཉིད་པ་ནི་སྒོ་དབུལ་བས་མ་འགྲུབ་དོགས་ལགས་པས། འདི་ནས་དངོས་གྲུབ་ཀྱི་དོན་དུ་རྣམ་སྲས་ཀྱི་རྗེས་གནང་ཞིག་གནང་དགོས་ཞུ་བ་གནང་བས། སྟག་ལུང་ངག་དབང་གྲགས་པའི་གསུང་གིས། ཁྱེད་རང་གིས་སྔར་སྐུ་ན་གཞོན་དུས་སྐྱོར་མོ་ལུང་ཚོར་རྣམ་སྲས་རིགས་ཆེན་བརྒྱད་སོགས་གསན་རྒྱ་ཆེན་པོ་འདུག ངེད་རྣམས་ལ་སེར་པོ་རྟ་བདག་བརྒྱད་པོ་འདི་ལས་མེད། ད་ལྟ་འདི་ན་དབང་ཆས་མེད་པས་ངེད་ཀྱི་ཡི་གེ་བྱེད། སྟག་ལུང་མཆོད་ཁང་པ་ལ་ཕར་ལམ་རྗེས་གནང་ཞིག་ཞུས་མཛོད། སྤྱིར་ཡང་འཇིག་རྟེན་ཁ་གཏམ་ལ། ཚེ་བསྒྲུབ་བླ་མ་བགྲེས་ལ་ཞུས། །ནོར་བསྒྲུབ་བླ་མ་ཕྱུག་ལ་ཞུས། །ཟེར་བ་ཡིན་པས་ཁོང་ཇ་གོས་དར་གྱི་དཀྱིལ་ན་ཉལ་ཡོད་པས་རྟེན་འབྲེལ་ལེགས་ཞེས་བཀའ་གནང་བའི་ལུགས་ལྟར་སྟག་ལུང་མཆོད་ཁང་དུ་ཆོས་རྗེ་བཀྲ་ཤིས་དཔལ་བ་ལ་རྣམ་སྲས་ཀྱི་རྗེས་གནང་གསན། དེའི་ཕྱགས་ཕྱིར་ངོ་གྲོ་རབ་འབྱམས་པ་དབང་ཕྱུག་དཔལ་བ་ཡང་ཡོད་པས་ཁོང་གི་གཟིགས་སྣང་ལ། རྟེན་བསྐྱེད་པའི་སྐབས་རྣམ་སྲས་འཁོར་ས་གསུམ་དང་བཅས་པའི་ཕོ་བྲང་བློ་འདས་ཀྱི་གསལ་སྣང་བྱུང་ཞིང༌། རྗེས་གནང་རྫོགས་རྗེས། ད་རྣམ་སྲས་ཀྱི་རྟེན་ཅིག་སྐྱོར་མོ་ལུང་ཚོ་ནས་རྟེན་འབྲེལ་འགྲིག་པར་གདའ་ལགས་གསུང་བ་བཞིན། ཡར་ལམ་འགའ་ཁང་གདན་ས་པས་རྣམ་སྲས་ཀྱི་འཕྱར་དར་སེར་པོ་འདི་ཕུལ་བས་ཐུགས་ལྷག་པར་མཉེས་ཏེ། རྟེན་འབྲེལ་ལེགས་པར་འགྲིགས་པར་དགོངས་ཞེས་ཁུང་དང་སྦྲེལ་བར་ཐོས་པ་ལགས་སོ། །སྟག་ལུང་ནས་རྒྱ་མ་ཚོང་འདུས་སུ་རྨའི་རིགས་ལས་སི་ཏུའི་ལུང་དང་ལས་ཀས་མངོན་པར་མཐོ་བ་ནང་སོ་རྣམ་རྒྱལ་བ་ཡབ་ཡུམ་སྲས་བཅས་ཀྱིས་དཔོན་སློབ་རྣམས་དབྱར་གནས་ཀྱི་ཞབས་ཏོག་བསྒྲུབས་ནས། ཆོས་རྭ་རིགས་ལུང་ཡང་དེ་ཉིད་དུ་གནང༌། དགག་དབྱེ་གྲུབ་ནས་མཁར་རྩེ་གླང་ཐང་དུ་རིམ་གྱིས་ཕེབས། སྤྱན་སྔ་བློ་གྲོས་པའི་དྲུང་དང༌། མཁན་སློབ་དགུང་བསྒྲིགས་གནང་ནས་སྔར་གྱི་ཁ་སྐོང་དུ་དམིགས་པའི་མཐུས་བཙུན་སྟོབས་ཆེ་བ་རབ་བྱུང་གྲུབ་རྗེས་ཆོས་འཁོར་རྩེར་སློབ་གྲྭ་གསར་པའི་རྒྱུན་ལ་འདྲེ་བ་གནང་ཞིང༌། གླང་ཐང་ན་པཎ་ཆེན་རིན་པོ་ཆེ་གདན་ཆགས་པའི་སྐབས་དེར། དྲིན་ཅན་སྤྱང་ལུང་པ་དགུང་ལོ་ཉེར་གཅིག་བཞེས་པ་གསང་ཕུ་ན་ཐུགས་སྦྱོང་ལ་བཞུགས་པས། གསན་འཕྲལ་རྐང་བཙུགས་ཕེབས་པས། ལྷ་ས་ནས་སྒོ་ལ་ལ་གནང་ཅི་མྱུར་རང་མཛད་པས། གསོལ་གྲོ་ཐོན་རྗེས་ཕྱག་ན་རྡོ་རྗེ་འབྱུང་པོ་ཀུན་འདུལ་གྱི་རྗེས་གནང་ཞིག་གནང་བའི་དབང་མི་རྣམས་ཀྱང་གཟིམས་ཁང་སྒོར་འགྲིག་ཙམ་ལ་སླེབས་ནས། དྲུང་ཡིག་ཆོས་རྒྱན་པ་ལ་རྒྱུ་མཚན་ཕུལ་བས་དེ་འཕྲལ་ཤོག་གསུང་ནས་ཕེབས། ཕྱག་མཇལ་ལ་གསང་ཕུར་མངའ་རིས་པ་འདྲས་འགྱེད་ལ་བྱུང་བའི་གུ་གུལ་ཉག་གང་ཙམ་ཡོད་པ་ཕུལ་བས། པཎ་ཆེན་རིན་པོ་ཆེའི་བཀའ་ལུང་ལ་རང་རེའི་སྤྱང་ལུང་དབོན་ཆུང་གདོན་སྟེངས་སུ་ཤོར་ཆོག་པ་ཞིག་ཡོད་པ་སྣང་ངོ་གསུང་ནས། སྔར་ནས་ཆོས་རྗེ་དྭགས་པོའི་ལོ་རྒྱུས་རྒྱས་བཤད་དང་བཅས་ནས་རྗེས་གནང་གནང༌། འདི་དྲིན་ཅན་སྤྱང་ལུང་པས། པཎ་ཆེན་རིན་པོ་ཆེ་ལ་བཀའ་ཆོས་གསན་པའི་ཐོག་མ་རང་ཡིན། དེར་རྒྱ་མ་པའི་ཞལ་ངོ་རྣམས་དང༌། མདུན་གྲོང་ནང་སོ་སོགས་འགའ་ལ་ནཻ་གུ་གཅིག་གནང་བའི་དབུ་གཙུག་ཙམ་འདུག་པ། དྲུང་ཡིག་ཆོས་རྒྱན་པ་ལ་ཞུ་བ་བསྐུར་བས། ད་ལྟ་སློབ་གཉེར་སྐབས་ཡིན་པས་གཏན་ནས་མི་ཡོང་གསུང་མ་གནང་བས། ཐུགས་ཀྱིས་མ་བཟོད་པར་དེར་ཉིན་རང་བཤུམས་པས། དེའི་དགོངས་ཇའི་དུས་སྐུ་མདུན་དུ་ཤོག་གསུང་ཕྱིན་པས་ན་ནིང་ཆོས་སྡིངས་སུ་ཡོང་དུས་སྤྱང་ལུང་གདན་ས་པ་གཞོན་ནུ་དཀོན་མཆོག་པའི་གསུང་གིས། དབོན་པོ་གཉིས་པོ་གཞོན་པ་འདིས་ཕན་ཐོགས་ཞེས་སྤྱང་ལུང་རིན་པོ་ཆེས་ལུང་བསྟན་ཡོད་གསུང་བ་རང་རེའི་སྤྱང་ལུང་རིན་པོ་ཆེ་དེ། དུས་གསུམ་སྒྲིབ་མེད་ཀྱི་སྤྱན་ལྡན་ཡིན་པས། ཁྱེད་རང་གི་འགྲོ་དོན་ཡོང་བ་ཡང་དཔེ་བས་སྐྱོར་གསུང་ནས། སྔར་ཁོང་ལ་གསུང་བ་རྣམས་བསྐྱར་ཆོས་གནང་བས་ས་ཐོབ་པ་ཙམ་གྱི་དགའ་བ་བྱུང༌། དེའི་ཉིན་མན་ངག་བྱེད་སྟོང་རའི་དམིགས་པ་ཉིན་རེ་ལ་ཚར་སྟོང་རྭ་ཅན་བསྒོམ་པ་འཆག་མེད་ཡིན་གསུང་བ་དངོས་ལས་ཐོས་སོ། །དེར་དགུན་ཆོས་ལ་རྒྱ་མར་ཕེབས་དགོས་པའི་སྙན་ཞུས་ཕུལ་ཞིང༌། ཞལ་བཞེས་ཀྱང་གནང་ཚར་བ་ལ། གཙང་ཕྱོགས་སུ་དུས་མི་བདེ་བའི་ཐུགས་གཡེངས་ཆེན་པོའི་དབང་གིས་གཞིས་ཀ་རིན་སྤུངས་ནས་སྤྱན་འདྲེན་དོས་དྲག་པའི་སྟབས་ཀྱིས་མགྱོགས་མྱུར་རོང་ཆུང་གི་འཕྲང་ལ་བྱས་ཕེབས་ཤིང༌། འབྲས་ཡུལ་རྫོང་དཀར་དུ་བསྟན་པའི་མེས་པོ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་བ་དང་མཇལ། རྒྱང་རིང་མོ་ནས་གཞིར་བཞུགས་པའི་དགེ་འདུན་ཚོགས་ཀྱིས་བསུ་བའི་བཀོད་པ་རྒྱ་ཆེན་པོས་སྤྱན་དྲངས་ཤིང༌། བསྟན་པའི་རིང་ལུགས་མི་ཉམས་པའི་ཆེད་དུ་བསླབ་ཕྱག་གི་བཀུར་སྟི་ཕུལ་བ་ན། ཕྱག་ལན་སོགས་གུས་པའི་དག་སྣང་མ་ལོག་པར་སྩོལ་བར་མཛད་ཅིང༌། དེར་བྱམས་ཆེན་རབ་འབྱམས་པ་དགེས་པ་མཆོག་ཏུ་འཁྲུངས་ཏེ། རང་རེའི་གྲྭ་པ་ར་རྒན་མ་ཆར་པས་བརྡུངས་པ་འདྲ་བ་རྣམས་གྲལ་གྱི་མཐར་ལ་ཕུད་ལ། དྲུང་ཆེན་པོ་བའི་གྲྭ་པ་སེང་ཆེན་འགྱིང་བ་འདྲ་བ་དེ་རྣམས་གྲལ་གྱི་གུང་ལ་སྒྲིགས་ཤིག་ཅེས་གསུང༌། དཔངས་མཐོ་བའི་གྲལ་བསྒྲིགས་རྣམས་ཀྱང་བཀས་ཁྱབ་པར་མཛད་ཅིང༌། བྱེས་ཀྱི་དཔོན་སློབ་མ་ལུས་པས་འཇམ་དབྱངས་ཀྱི་བསྟོད་པ་གང་བློ་མའི་ལུང་ཆོས་འབྲེལ་དུ་གསན་ཞེས། དེ་དུས་གྲལ་ལ་ཡོད་པའི་བྱམས་ཆེན་རབ་འབྱམས་རྗེའི་དངོས་སློབ་ཆོས་ཟོམ་རབ་འབྱམས་པ་གཞོན་ནུ་བློ་གྲོས་པ་དང༌། པཎ་ཆེན་གྱི་ཞབས་ཕྱི་ལ་ཡོད་པའི་དེ་དུས་ཀྱི་གྲྭ་རྒན་ཀུན་ངག་མཐུན་པར་བརྗོད་པའི་ངག་སྒྲོས་དག་ངེས་ཡིན་ནོ། །དེར་གསེར་མདོག་ཅན་དུ་འབྲུག་ལོའི་དགུན་ཆོས་ལེགས་པར་གནང་ནས། དཔྱིད་སོས་ཤིང་མོ་སྦྲུལ་ལོ་ཤར་བ་ན་དཔྱིད་ཆོས་ཆུ་མིག་ཏུ་གནང༌། སྣར་ཐང་སྟོང་དཔོན་ཤེས་རབ་བཟང་པོ་བས་ཀྱང་ཟླ་ཕོགས་ཤིག་ཕུལ་ཞིང༌། དེར་ཚོགས་པའི་སྐྱ་བཙུན་སྟོང་རྭ་ཙམ་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་སྩལ་བའི་མྱ་ངན་མེད་པའི་སྒྲོལ་མའི་རྗེས་གནང་གི་སྐབས་གཙང་ཁང་ན་མི་སུ་ཡང་མེད་པ་ལ། ཨོཾ་ཏཱ་རེ་ཞེས་ཡི་གེ་བཅུ་པའི་སྒྲ་གསང་འཁར་རྔ་དཀྲོལ་བ་ཙམ་དེར་དུས་ཡོངས་ཀྱིས་ཐོས་པ་བྱུང་བས། ཆུ་མིག་གི་རྗེ་བཙུན་སྒྲོལ་མས་གསུང་བྱོན་ཞེས་གྲགས་པའི་གཡེད་ཆེ་བ་བྱུང་ཞེས། རྡོ་རིངས་ཀུན་སྤངས་རིན་པོ་ཆེའི་གསུང་ལས་ཐོས་སོ། །དེ་ནས་ཀྱང་དབྱར་གནས་ལ་གསེར་མདོག་ཅན་དུ་ཕེབས་ནས་དབྱར་ཞལ་བཞེས་དང༌། དགུང་ལོ་ང་བརྒྱད་པའི་དུས་འདིར། མངོན་པ་མཛོད་ཀྱི་མཐའ་བཅད་བྱེ་བྲག་བཤད་མཚོའི་ཐུགས་རྩོམ་དབུ་འཛུགས་པ་གནང་ཞིང༌། དེ་དུས་རྗེ་བཙུན་རིན་པོ་ཆེ་ཁོག་ལུང་པ་བཞུགས་ས་བླ་བྲང་མདུན་གྱི་ཕུག་མོ་ཆེར་གནང་ནས། ཕར་ཕྱིན་སྐྱོར་རན་དུས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། ཨོཾ་ཤུ་ནྱ་ཏ་སོགས་རྗེས། བཤར་སྦྱངས་གནང་བ་པཎ་ཆེན་རིན་པོ་ཆེས་གསན་པས། ཕར་ཕྱིན་སྔགས་ལུགས་པར་མཚན་བཏགས་ཤིང༌། དེར་ཐུགས་སྦྱོང་མཐར་ཕྱིན་ནས་ས་སྐྱར་གྲྭ་སྐོར་ལ་ཕེབས་དུས། རིགས་གཏེར་རང་འགྲེལ་ཞིག་ཡོད་དམ་ཞེས་རང་རེའི་ལས་ཆེན་ཀུན་ཤེས་པས་གསུངས་པས། སྔར་བློ་ལ་ནི་མེད། དཔེ་ཡོད་ན་གཟུང་བས་ཆོག་ཞུས་པས། ད་གྲྭ་སྐོར་དུས་ཐུག་འདུག་པས་གཟུང་ཀྱང་མི་ཟིན། དཔེ་རང་ངེད་ཀྱིས་གཡར་ཆོག ཅིས་ཀྱང་འཛིན་ན་མཚན་མོ་ཡང་དཔེ་འཛིན་མཛོད་ཅེས། མར་ནག་དམ་པེ་གང་དང༌། རང་འགྲེལ་བཙུན་མོ་པར་ཞིག་གཡར་པོ་སྩལ་བ་བསྣམས་ནས་གནས་ཚང་དུ་བྱོན། མར་མེ་བཏེག་ནས་གླེགས་བམ་ཞལ་ཕྱེ་བས་ཐུགས་ལ་ཡོད་པ་འདྲ་བ་ཞིག་འདུག ངས་ནི་སྔར་དཔེ་ཡང་མ་མཐོང་དགོངས། དེ་ནུབ་ཞལ་བལྟབ་བསྡད། སང་དེ་གྲྭ་གཡོག་ལ་བསམ་གྲུབ་རྩེ་པ་དགེ་འདུན་རྒྱལ་མཚན་ཟེར་བ་ཡོད་པ་གནོན་དུ་བཅུག་པས། ཚིག་འབྲུ་གཅིག་ཀྱང་མ་ཆད་པར་གཙང་སངས་ཐོན། དེར་ཞག་བདུན་ཙམ་ནས་ལས་ཆེན་པ་ལ་རྒྱུགས་ཕུལ་བས་ཧ་ལས་ལས་མཛད། གྲྭ་སྐོར་ཐོངས་རྗེས། པཎ་ཆེན་རིན་པོ་ཆེ་ལ་རྒྱུ་མཚན་ཕུལ་དུས། ན་ནིང་ནས་ཁྱེད་ཀྱི་སྐྱེ་བ་སྔ་མ་དེ་རིགས་གཏེར་རང་འགྲེལ་ལ་སྦྱངས་པའི་བག་ཆགས་ཀྱི་ལས་འཕྲོ་ཞིག་ཡོད་པར་གོ །ད་ཚེ་མཇུག་ལ་བསྒྲུབ་པ་ཅིག་བྱས་ན་རྗེ་བཙུན་མི་ལའི་རྣམ་ཐར་འཁྱོངས་པ་ཞིག་ཡོང་བར་སྣང་གསུང་བ་ཐུགས་ལ་བཞག མངའ་རིས་སུ་མི་ལོ་ཆེན་པོ་བཞི་བཅུའི་བར་འཚོ་བ་བྱེ་མའི་བཅུད་ལེན་འབའ་ཞིག་ལ་བརྟེན་ནས་བསྒྲུབ་པ་མཐར་ཕྱིན་ཞིང༌། རྗེ་བཙུན་ཆེན་པོ་མི་ལ་རས་ཆེན་གྱིས་ཟྭའི་དཀའ་ཐུབ་ལོ་དགུ་ཀ་ཡིན་དུས། དཀའ་སྤྱད་ཞེ་དམ་མི་ལ་ལས་ཆེས་ཆེ་བར་དངོས་སུ་གྲུབ། པཎ་ཆེན་རིན་པོ་ཆེའི་ཞབས་ཟིན་ལ་བསྒྲུབ་པའི་རྣམ་ཐར་འདི་ལས་ལྷག་པའི་ཞལ་སློབ་གཅིག་ཀྱང་མ་དམིགས་སོ། །དེར་ཤིང་མོ་སྦྲུལ་ལོ་ནས་བརྩམས་ཏེ་མ་ཕམ་བྱམས་པའི་སྐུ་བཞེངས་པའི་ལས་ར་བཙུགས། པཎ་ཆེན་ཉིད་ཀྱི་བཀའ་སྲུང་གི་མཐུས་ནེ་པཱ་ལེའི་ལྷ་བཟོ་བ་བཞིས་ལེགས་པར་བསྒྲུབས་ཏེ། མེ་ཕོ་རྟ་མེ་མོ་ལུག་ཚུན་ལ་ལེགས་པར་མཐར་ཕྱིན་ཏེ། དགུང་ལོ་ང་དགུ་དང་དྲུག་ཅུའི་སྟེངས་སུ་བསྒྲུབས་ཤིང༌། བྱམས་སྐུའི་ཞབས་རྡོ་རྗེ་སྐྱིལ་ཀྲུང་ནས་བརྩམས་དབུའི་གཙུག་ཏོར་མཆོད་རྟེན་དང་བཅས་པ་ལ་པཎ་ཆེན་རིན་པོ་ཆེའི་ཕྱག་ཁྲུ་བཅུ་བཞི་ལྷག་ཙམ། པདྨ་ལ་ཕྱག་ཁྲུ་ཕྱེད་དང་གསུམ་དང་བཅས་པའི་ཚད་དུ་གནང་ཞིང༌། དེ་ཡང་ཐོག་མར་བཟོ་བོའི་མིང་ལ་ཀཱིརྟི་པཱ་ལ་ཟེར་བའི་ཚུལ་ལས། ངམ་རིང་བྱམས་ཆེན་བསྒྲུབ་པའི་ལྷ་བཟོ་དེར་དགོངས་ནས། རྗེ་བཙུན་བྱམས་པའི་སྐུ་བརྙན་བཞེངས་པའི་ཐུགས་བཞེད་ལྷག་པར་འཁྲུངས་པ་ལས། ཕྱིས་གཞིག་མལ་གནང་སྐབས་མིང་གཅིག་པ་ཙམ་ལས་ལག་གི་འདུ་བྱེད་སྔར་གྱི་ཡུལ་དུ་མ་གྱུར་པས་བྱམས་པའི་སྐུ་ཚད་འདི་ལས་ལྷག་པར་དགོངས་ཀྱང༌། ཐུགས་ཀྱི་བཞེད་མཚོ་འདུ་བྱེད་པས་བསྐྲུན་པར་མ་ནུས་ཤིང༌། བཟོའི་དབྱིབས་ཀྱི་ཁྱད་པར་དུ་མ་བཞག་ཀྱང༌། དགའ་ལྡན་ནས་ཡེ་ཤེས་ཆེན་པོའི་གཟིས་བྱིན་ཕབ་པས། ཞལ་གྱི་དཀྱིལ་འཁོར་ལྟ་བས་མི་ངོམས་པའི་མཚན་དཔེའི་དཔལ་འབར་ཞིང༌། ལྷག་པར་རྟེན་རྫོངས་འབུལ་བའི་དབུ་བཙུགས་པའི་སྐབས་དེར། རྒྱ་གར་ནས་པུ་ཀཾ་གི་དགེ་སློང་ཨཱ་ནནྡ་མ་ཏི་བྱ་བས་བྱང་ཆུབ་ཀྱི་ཤིང་ལོ། རྡོ་རྗེ་གདན་སོགས་ཀྱི་ས་རྡོ་རྣམས་སྒོ་སྐྱེལ་དུ་འབུལ་དུ་བྱོན་ཞིང༌། དེར་བྷིཀྵུ་ཁོང་སྐྱེལ་མི་དང་བཅས་ཇོ་བོ་མཇལ་བ་ལ་ཐེགས་པས། མར་ལམ་འབྲས་ཡུལ་ནོར་བུ་གླིང་དུ་གཤེགས་ནས། ཆོས་གོས་གསུམ་དང་ལྷུང་བཟེད་ཇོ་བོ་ཤཱཀྱ་མུ་ནེ་ལ་ཕུལ་ཞེས་གྲག་གོ །ཡང་རྣམ་ཐར་རྡོར་རྒྱལ་མའི་རྩ་འགྲེལ་གཉིས་ཀའི་ཚིག་ཟུར་ལས་ཐོན་པ་ལྟར། བྱམས་པའི་དབུའི་ཁྲ་ཚོམས་སུ་བཀོད་པའི་ཆུ་ཤེལ་ནང་དུ་སྟོན་པ་ཤཱཀྱའི་རྒྱལ་པོ་སྤྲུལ་པའི་སྐུ་རང་ཤར་དུ་འཁྲུངས་པའི་ཡ་མཚན་རླབས་པོ་ཆེ་དང༌། ནང་བཞུགས་ཀྱི་དཀར་ཆག་ལ་གསལ་བ་ལྟར་བློས་དཔག་པར་མི་ནུས་པའི་རྟེན་རྫོངས། འཛམ་བུའི་གླིང་གི་དཔལ་ཀུན་བསྡུད་ནས་བཞུགས་པ་ལྟར་ཡིན་ཞིང༌། བྱམས་སྐུ་དང་ལྷན་དུ། དགའ་ལྡན་ཆོས་ཀྱི་ལྷ་ཁང་ཀ་བ་བཅུ་དྲུག་གི་ས། ཀ་ཆེན་བཞིས་བཏེག་པ་འདིའི་འགྲམ་ཡང་འདིངས་པར་མཛད་ནས་སྤན་པ་མི་མངས་རྣམས་ཀྱིས་བློས་བླངས་པའི་ཞབས་ཏོག་ཡང་དག་གུས་ཞེན་དང་དད་མོས་རྩེ་གཅིག་པས་བསྒྲུབས་ཤིང༌། བཀྲ་ཤིས་བརྩེགས་པའི་གཟིམ་ཁང་རྩེ་དེ་ཉིད་དང༌། གྲྭ་ཁང་ཡང་ཕལ་ཆེར་ཐེབས། གྲྭ་པའི་ཚོགས་ཀུན་ཀྱང་ཉིན་པར་སྒོ་གསུམ་དགེ་བས་འཁོལ་བའི་གཡེང་བ་དེས་བྲེལ་བའི་ངང་ཉིད་ལས། སླར་ཆོས་བརྗོད་རིགས་ལུང་སྟོང་ཆོས་སོགས་གང་ལ་ཡང་ཐོ་མི་ཕོག་པའི་བློ་བསྐྱེད་སོགས་ལྷག་པར་ཆེ་བ་ལ་བསམས་ན། སངས་རྒྱས་མཆོག་གི་མཛད་པའི་འཕྲུལ། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱའི་ཚུལ་ཉིད་དུ་གྱུར་པའི་དབང་དང༌། གཙུག་ལག་ཁང་གི་ལྕམ་ཤིང་སོགས་ཀྱང༌། མི་མ་ཡིན་པའི་འགྲོ་བ་དྲེགས་ལྡན་མཐའ་དག་གིས་གུས་པས་བསྟབས་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང༌། ཀ་གདུང་སོགས་མི་བརྒྱར་ལོངས་ཀྱིས་བསྒུལ་བསྐྱོད་དཀའ་བ་དག་ཀྱང༌། ཨར་ལས་པ་མི་ཉི་ཤུ་ཙམ་གྱིས་བདེ་བར་ཕྲག་པའི་ཁར་ལེན་ནུས་ཤིང༌། ངལ་བ་དང་ཆད་པ་སྐད་ཅིག་མེད་ཅིང་ལེགས་པར་འདྲོངས་པ་སོགས། བསམ་ཤིང་ཡིད་ལ་ངོ་མཚར་བའི་དད་པའི་མཆོག་ལྷག་པར་སྐྱེ་བ་ཉིད་ཡིན་པར་གོར་མ་ཆག་གོ །དེར་ལུག་ལོ་ལ་བྱམས་པའི་སྐུ་དང༌། གཙུག་ལག་ཁང་གི་ཁྱོན་ཆེ་ལོང་ལེགས་པར་གྲུབ་པའི་རབ་གནས་དགེས་པ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཞེངས་ནས། དགེ་སློང་རྡོ་རྗེ་འཛིན་པའི་ཞབས་འབྲིང་པའི་ཚོགས་དང་བཅས་པས་བཀྲ་ཤིས་མངའ་གསོལ་བརྟན་བཞུགས་ཞལ་བསྲོའི་བར་གྱི་ཆོ་གའི་ལེགས་བྱས་ཡང་དག་ཕུན་ཚོགས་སྩལ། དེའི་སྔ་སོར་སྡེ་པ་གཙང་ཆེན་དྲུང་དང༌། ཧོར་ཤཱཀྱ་པ་སོགས་ཀྱིས་དབང་ཡོན་དུ་ཕུལ་བའི་ཆུ་དབར་ཆོས་རྫོང༌། བདག་ཆེན་རིན་པོ་ཆེ་ཆུ་མིག་པ་བློ་གྲོས་དབང་ཕྱུག་པས་སྩལ་བའི་ཆོས་གཞིས། སླར་ཡང་དབང་ལྡན་ཆོས་འཁོར་སོགས་ཉང་སྟོད་སྐོར་ནས་ཀྱང་བོད་འབྲོག་གི་ཆོས་གཞིས་གསར་དུ་བྱུང་བ་ཀུན་ལ་གཞི་གནང༌། གཙོ་བོར་སྟོད་མངའ་རིས། སྨད་མདོ་ཁམས་བར་གྱི་དད་མོས་ཅན་མཐའ་དག་གིས་གུས་པས་བསྟབས་པའི་དངོས་པོ་ཆེ་ཆུང་མ་ངེས་པ་དང༌། ཐ་ན་ནས་འབྲུ་ཕྲ་བ་ཙམ་ཡང་ལོག་འཚོར་མི་འགྱུར་བའི་དགེ་ཚོགས་ཀྱི་ལེགས་འཕེལ། ཉེར་གནས་ཡིད་བཞིན་ནོར་བུ་རིན་པོ་ཆེ་དྲུང་ཆེན་སངས་རྒྱས་སེང་གེ་བས་ཕྱག་བཞེས་ཀྱིས་ཐོ་བ་གནང་ནས། དབྱར་དགུན་གྱི་ཐུག་ཚུལ་སོགས་ཀྱང་སྒྲིགས་སུ་འཁྱོན་པ་གནང་ཞིང༌། བཅའ་ཡིག་རྣམས་སུ་འཁོད་པ་ལྟར་སྒྲིགས་རྣམ་གཞག་སྤྱི་དང༌། ཆོས་ཀྱི་སྒྲིགས་སྤྱི་བསྐྱུར་དང༌། གླིང་བསྲེས་དག་ཀྱང་གསང་ཕུའི་རྒྱུན་གྱི་ཐ་སྙད་མ་ཆག་པ་རེ་གནང་ངོ༌། །དེར་མེ་ལུག་དགུང་ལོ་དྲུག་ཅུའི་སྟེངས་སུ་ཕེབས་པའི་སྐབས་ཀྱི་སྟོན། སྤྱི་བསོད་པ་རྣམས་ཀྱི་ནས་ཕུང་ལ་ཕྱག་ནས་ཞུས་པས་རྒྱས་པར་གནང་ཞིང༌། དེ་མཚམས་དབོན་པོ་རིན་ཆེན་བཀྲ་ཤིས་པ་བར་སྒོར་ཕྱགས་ཕྱིར་འབྲངས་པ་ལ་དངོས་ཀྱི་བཀའ་ལུང་ལ། ཁྱེད་རང་རྣམ་པ་ནས་ཁལ་བཅུ་གསུམ་ཙམ་རེ་དང་བྲེ་ཁ་རེ་ཨེ་ཡོང་ལྟོས་གསུང་བའི་བཀའ་ལུང་བསྒྱུར་བས། ཁོང་རྣམས་ཀྱི་ནས་ཀྱི་བྱུང་ཁུངས་བསྒྲིགས་པས། མི་རེ་ལ་ཁལ་བཅུ་རེ་ལས་ཐོབ་མི་ཐོབ་ལས་མ་བྱུང་བས། ཡུན་རིང་བར་དུ་བསོད་སྙོམས་ནས་བགོད་རྔོ་མ་ཐོགས་པར་ལུས། དེར་རྒན་པ་འགས་གྲོས་ཐག་བཅད་ནས། ད་བཀའ་ལུང་བཞིན་རང་བགོས་བྱས་ནས། སྤྱི་ཟོ་ལ་བཤར་བས་གྲྭ་པ་མི་རེ་ལ་ཁལ་བཅུ་གསུམ་དང་བྲེ་ལྔ་དྲུག་རེ་ཁྱེད་པས་ཀུན་མཚར་དུ་འཛིན་ཅིང༌། མི་ཟད་ནམ་མཁའི་མཛོད་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ཁྱད་པར་ཅན་གྱིས་དབུལ་བའི་ཡུལ་ལས་ཡོངས་སུ་སྐྱོབས་པའི་བཀའ་དྲིན་མཛད་པ་ནི་ཡོངས་ལ་གསལ་ཏོ། །དེར་ས་ཕོ་སྤྲེའུའི་ལོ་དགུང་ལོ་རེ་གཅིག་གི་སྟེང་དུ་ཕེབས་སྐབས་ཚད་མའི་ཊཱི་ཀ་ཐུགས་རྩོམ་མཛད་ནས་སྔ་ཕྱིར་གཏོང་ཆོས་ལ་སྩལ་ཞིང༌། བཀའ་ལས་ཕར་ཕྱིན་རོང་ཊཱིཀ་དང༌། རྗེ་དོན་ཡོད་དཔལ་བའི་ཚད་མའི་ཊཱི་ཀ་གཉིས་རང་རེས་དེ་སྔ་ཡན་ལ་ཚར་ལྔ་བཅུ་ལྷག་རེ་ལྕེ་ཐོག་ནས་སོང་ཡོད་དོ་གསུང་ཞིང༌། དེ་ཕྱིན་ཀུན་བཟང་རོལ་མཚོ་ཉིད་གནང་ངོ༌། །ཊཱི་ཀ་འདི་ལ་ཕྱིས་ཀྱི་མཁས་པ་རབ་འབྱམས་གཞུང་ལུགས་བརྒྱ་པར་གྲགས་པ་སྟེ་ཆོས་རྗེ་དངོས་གྲུབ་དཔལ་འབར་བ་དང༌། ལྕགས་ཟངས་རབ་འབྱམས་པ་བསོད་ནམས་དཔལ་ལྡན་པ་གཉིས་ཀ་ཞལ་མཐུན་པར་ཤཱཀ་ཊིཀ་ཏུ་མཚན་གསོལ་ནས་ཆེ་བསྟོད་བསྔགས་གསུམ་བརྗོད་པ་དང་བཅས་འདི་སྟེངས་ནས་འཆད་ཉན་གནང་ངེས་ཡིན་ནོ་ཞེས་ཀྱང་གྲག་གོ །དེའི་ཕྱི་ལོ་དགུང་ལོ་རེ་གཉིས་ས་མོ་བྱ་ལོའི་སྐབས་སུ་སྔར་གྱི་མཚན་ལྟས་ལྟར་གཞན་ངོར་སྤྱན་མི་གསལ་བའི་ཚུལ་བསྟན་ཞིང༌། དེ་ཡང་ཐད་སོར་གཟིགས་པས་མི་ངོ་བདེ་བླག་ཏུ་མི་དགོངས་པར་སྤྱན་ཚབ་པས་བརྡའ་སྦྱོར་འབུལ་དགོས་ཤིང༌། ཡང་སྐུའི་མདུན་ངོས་ཀྱི་དངོས་སྤྱད་ཕྲ་བ་ཡང་གཟིགས་པ་ཞིག་ཡོད་པས། དེ་སྐབས་བཀྲ་ཤིས་བརྩེགས་པའི་ཉི་གྲིབ་མཚམས་ན་བཞུགས་པ་གནང་བ་ལ། རྒྱ་བར་མདའ་དཔོན་པས་སྐུ་དྲུང་དུ་བྱོན། སྒོ་གསེང་ནས་ག་ལེར་བལྟས་པས། པཎ་ཆེན་རིན་པོ་ཆེ་ཉི་ཤུར་ལ་བཞུགས་པའི་སྐུ་པང་ན་ན་བཟའ་ལ་སྤུ་ཡོད་པ་ཕྱིར་ཕྱག་གིས་གསོལ་བ་གནང་གིན་འདུག་པ་མཐོང་རྗེས། ནང་དུ་ཐལ་འོངས་ཕྱག་ཕུལ་བས་དེ་སུ་ཡིན་གསུང་བ་ལ། ཁོང་གིས་ཡོན་མཆོད་ཐུགས་སྣང་དག་པའི་ཤགས་ཀ་ཕུལ་ཏེ། བདག་སྤུ་ལས་ཕྲ་བ་དེ་ཡིན་ཞུས་ཟེར་རོ། །དེ་ལོ་ལུགས་གཉིས་རྣམ་འབྱེད་ཀྱི་འགྲེལ་པ་དེའི་ཐུགས་རྩོམ་དང༌། སྔ་ཕྱིར་དབུ་མའི་ལྟ་ཁྲིད་ཆེ་ཆུང༌། བྱང་ཆུབ་སེམས་འགྲེལ། ཆོས་དབྱིངས་བསྟོད་པ་རྣམས་ཀྱི་འགྲེལ་བཤད། སྤྲིངས་ཡིག་བདུད་རྩིའི་ཐིགས་པའི་འགྲེལ་པ་དང༌། སྤྲིངས་ཡིག་ཚངས་པའི་འཁོར་ལོའི་ངེས་དོན་ལ་བདུད་རྩི་ཐིགས་པ་སོགས་ཀྱང་རིམ་པར་གནང༌། དེ་སྐབས་དྲུང་ནས་ཆོས་ཀྱི་བཟང་པོ་བས་གསོལ་ཇ་ལ་སྤྱན་འདྲེན་ཞུས་པས། པཎ་ཆེན་རིན་པོ་ཆེ་གཞན་ངོར་སྤྱན་མི་གསལ་བའི་ཚུལ་གྱིས་ཕེབས་བཞུད་ལ་གོ་ནང་ཡོད་ཚུལ་དྲུང་ནས་ཆོས་ཀྱི་བཟང་པོ་པས་གཟིགས་པས། ཕ་ང་འདི་འདྲ་མ་མཐོང་ཙམ་ལ་གུམ་པར་མ་ནུས་ཨང༌། ཞེས་ཐུགས་ལྷག་པར་འབྱུང་བའི་ཉན་སྐད་གནང་ཞིང༌། དེར་གསོལ་ཇ་གྲུབ་རྗེས་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་ཕེབས། དྲུང་ནས་ཆོས་ཀྱི་བཟང་པོ་བ་གཞན་བསྙུང་བའི་རྣམ་པ་གང་ཡང་མེད་པར་དེ་ནུབ་རང་འོད་ཀྱི་སྦུ་གུའི་འཕོ་བ་མཛད་ནས་གཤེགས་པས། གདུགས་དང་བླ་རེ་རས་ཁྲའི་འཁོར་ལོ་མ་ཆུང་ཆུང་མ་ཅིག་དབུ་ཐོག་ན་ཡོད་པ་བ་ཐག་དཀར་དམར་བབ་ལའི་རྒྱ་ཐག་འདྲ་བས་སྦྲེལ་བ་དེ་དུས་ཀྱི་ཕྱག་གཡོག་མཐིལ་མ་ཡིན་པའི་མངའ་རིས་པའི་རབ་འབྱམས་པ་ཐར་པ་བཟང་པོས་དངོས་སུ་མཐོང་བ་ལས་ཐོས་སོ། །དྲུང་ནས་ཆོས་ཀྱི་བཟང་པོ་བ་འཕྲལ་པཎ་ཆེན་རིན་པོ་ཆེ་ལ་ཞུ་ཕོད་ཆེ་ཞིང༌། པཎ་ཆེན་དྲུང་གིས་ཀྱང་འཇོག་མལ་དང་ཆེ་བཀུར་དཔག་མེད་གནང༌། བཀའ་ཆོས་ཀྱང་ཀུན་མཁྱེན་རོང་པོའི་རྣམ་ཐར་གྱི་ལུང་ཙམ་ལས་མ་གསན་པ་ཡིན་ཞེས་དེ་དུས་ཀྱི་གྲྭ་རྒན་རྣམས་གསུང་ངོ༌། །འདི་དུས་ཉིན་གཅིག་སྔ་ཆོས་བྱ་རྒོད་ཕུང་པོར་གསུངས་ནས་གསོལ་གྲོ་ལ་བླ་བྲང་དུ་ཕེབས་ཕྱག་གཡོག་ལ་དྲུང་བཙུན་ཤེས་རབ་དཔལ་འབྱོར་པ་ཡོད་པས། ཁོང་གིས་བཞུགས་གདིང་དང་གསེག་ཀ་ལི་ཁུར་ནས་ཕྱིན་པས། པཎ་ཆེན་རིན་པོ་ཆེས་སྤྱན་གྱིས་མི་གཟིགས་པའི་ཚུལ་གྱིས་བླ་བྲང་གདོང་གི་ཤིང་སྦྱར་པའི་སྡོང་པོ་དེ་ལ་དབུ་དཔྲལ་བརྡབས་ནས་སོང་བས། ཁོང་ཞེད་དྲགས་ནས་ཉེན་སྐད་ཀྱང་ཁ་ནས་ཤོར་བས། པཎ་ཆེན་རིན་པོ་ཆེའི་དྲུང་ཕྱག་གཡས་པ་ཡུག་ཡུག་མཛད་ནས། ཨའུ་རྩི་གསུངས་པ་ན་ཤིང་སྡོང་དེ་ལ་ཕྱག་ཐགས་ཐོགས་ཅི་ཡང་མེད་པ་ཁོང་གིས་མངོན་སུམ་དུ་གཟིགས་པས། ཀུན་རྫོབ་འཁྲུལ་པའི་སྣང་བ་མཐའ་དག་རང་བཞིན་མེད་པ་ཆུ་ཟླ་ལྟར་རང་ངོ་སྟོང་པར་གཟིགས་པའི་ལྟད་མོ་དང་རྗེས་འབྲེལ། མི་ཕྱེད་པའི་དད་པས་སྙིང་བརླན་ནས། དེ་ཉིན་མན་ཤཱཀ་དབང་མ་བརྒྱ་རྩ་རེ་འདོན་པའི་དམ་བཅའ་ནམ་གཤེགས་བར་མ་ཆག་ཅིང༌། དེར་སློབ་མ་མཐིལ་ཕྱིན་དམ་ཚིག་གཙང་མ་རྣམས་ལ་དངོས་སུ་བཀའ་ལུང་བྱོན་པ་ལ་ཡང༌། ངེད་རང་གི་ལམ་དུས་དེ་ཤཱཀ་དབང་མ་འདོན་པ་འདི་རང་ཡིན་གསུང་ཞིང༌། ཕྱིས་དྲུང་བཙུན་ཤེས་རབ་དཔལ་འབྱོར་བ་གཤེགས་པའི་སྐུ་གདུང་ཞུགས་འབུལ་བྱས་དུས། དབུ་ཐོད་ལ་ཤཱཀ་དབང་མའི་ཡི་གེས་བསྐོར་བ་འཁྲུངས་ཏེ། ལམ་ཐམས་ཅད་བླ་མའི་མོས་གུས་ཀྱིས་རྫོགས་པ་ཞིག་ཡིན་ལ། དྲུང་བཙུན་རིན་པོ་ཆེ་པ་འདི་ལ། བདག་གིས་མའི་ལྟོར་གནས་པ་ནས་བཟུང་སྟེ། ལོ་ཉི་ཤུ་རྩ་དྲུག་འགྲོ་བའི་བར་ཞབས་བརྟེན་ནས། པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་དབང་རྗེས་གནང་གྲངས་མེད་པ་ཐོབ་བོ། །དེ་ལྟར་དེ་ལྟ་བུའི་ཚུལ་རང་གི་མཆེད་གྲོགས་མཆོག་དྲུང་ཡིག་ཆོས་རྒྱན་པ་ལ་བཤད་པས། ཁོང་ན་རེ། དེ་ཀ་ཡིན་ན་ནིང་ཅིག་གཞིས་ཀར་སྡེ་བདག་དོན་ཡོད་རྡོ་རྗེ་ལ་གཤེད་དམར་གྱི་དབང་བསྐུར་ཞིག་གནང་དུས། འཕྲལ་གྱི་གཟིམས་ཆུང་བ་ལ་གཡག་སྡེ་དཔེ་ལུང་བའི་དཔོན་ཆུང་དེ་བསྐོས་འདུག་ཅིང༌། ཁོང་གིས་སྔར་གཡག་སྡེ་སེ་པའི་ཞལ་ངོ༌། བོ་དོང་པ་ཡིན་པའི་མཁས་མཆོག་ཡོན་ཏན་རྒྱ་མཚོ་ཟེར་བ་དེ་ཀུན་གྱིས་ཕྱག་གཡོག་བྱས་འདུག་ཅིང༌། ཁོང་དབང་བཀའ་གང་གནང་ལ་སྤྲོས་སྤྲོས་ཀྱིས་ཆོ་ག་སོགས་མཛད་པའི་མིག་རྒྱུགས་བྱས་ནས། སྡེ་པའི་དྲུང་དུ་པཎ་ཆེན་རིན་པོ་ཆེ་མདོའི་མཁྱེན་རབ་ནི་འཇམ་དབྱངས་དངོས་ཡིན་ངེས་སུ་འདུག སྔགས་རང་མི་མཁྱེན་པ་འདྲ། དབང་གནང་བ་ལ་ས་ཆོག་གི་གར་སོགས་ཀྱང་མཛད་རྒྱུ་མི་སྣང་ཞུས་པས་བདེན་དགོངས་སྡེ་པའི་དྲུང་གིས་ཀྱང་ཅོ་འདྲིའི་ཚུལ་དུ། ཞབས་དྲུང་འདི་ནས་དབང་ལ་ས་ཆོག་སོགས་མི་མཛད་ཡོད་ལགས་སམ་ཞུ་ཡིན་འདུག་པ་ལ། པཎ་ཆེན་རིན་པོ་ཆེའི་བཀའ་ལུང་ལ། ས་ཆོག་སོགས་སྤྱིར་བཏང་དང་དམིགས་བསལ་བྱེད་དགོས་པས། ཕོ་བྲང་འདི་ཀུན་སྔར་བླ་མ་གོང་མ་མང་པོས་བྱིན་གྱིས་བརླབས་པར་འདུག་པས་མི་དགོས་པར་འདུག ས་ཆོག་གི་གར་སོགས་སྔར་རང་རེ་ལོ་གཞོན་པའི་དུས་ཁམས་སུ་འགྲོ་སྙམ། གསང་ཕུ་བྲག་ནག་དང་མཚུར་བུ་གཉིས་སུ་མཁས་པར་སྦྱངས་ཤིང༌། ལྷག་པར་ཀམ་དགོན་དུ་གུར་ལ་མཁས་པའི་མཚན་གཞིར་ཐོགས་པ་ལགས། དེ་བས་དབང་བསྐུར་བ་ལ་འདི་གལ་ཆེ་བར་སྣང་གསུང༌། སྐུ་མདུན་གྱི་རྡོ་རྗེ་དྲིལ་བུ་གཉིས་ཕྱག་གིས་བཞེས་ནས་མདུན་གྱི་བར་སྣང་ལ་བཞག་སོང༌། དེ་དགོངས་པ་མཛོད་གསུང༌། ཡང་ཕྱག་གིས་སྔར་ཤུལ་དུ་འཇོག་པ་གནང་སོང་བས། སྡེ་པའི་དྲུང་ཐུགས་མོས་པ་ཐུན་མོང་མ་ཡིན་པར་སྐྱེས། དབུ་དཔྲལ་ཞལ་བ་ལ་རྡེབས་ཤིང་ཕྱག་བརྒྱ་ཙམ་གནང་རྗེས། ཞབས་དབུར་བཀོད་དེ་ཡུན་རིང་ཅིག་སྨོན་ལམ་གནང་ནས། ངེད་ལ་ཤོག་གསུང་བའི་སྤྱན་བརྡའ་གནང་ནས་ཕྱིར་ཕེབས་པའི་ཕྱགས་ཕྱི་བྱས་ཕྱིན་པས། དཔེ་ལུང་པའི་ཁ་འཆལ་དེས་འཇིགས་ལ་དགའ་སྤྲོ་ཆེ་བ་དུས་མཉམ་ཅིག་བྱུང༌། ད་རང་རེས་བསོད་ནམས་བསགས་འདུག་པས་སྙིང་ནས་དགའ་བ་བསྒོམས་ཤིག གྲུབ་རྟགས་འདི་འདྲ་བྱུང་བ་མི་ལ་ཤོང་རིའི་རང་རེ་མཛུབ་མཐུད་བླ་མའི་སྐུ་ཚེའི་དགག་བྱ་ཡོང་གསུང་ནས། མཛུབ་མོ་མཐུད་པ་ཡིན་པས་ད་རེས་ལས་སོ་སྒོར་མ་བཏོན། ད་ཁ་སྡོམས་ཟེར་ནས་སྨྲས་བརྗོད་སྤངས་ཞེས་བདག་གིས་ཡང་ཡང་དངོས་ལས་ཐོས་སོ། །དེའི་ཕྱི་ལོ་ལྕགས་ཕོ་ཁྱི་ལོ་ཤར་འཕྲལ་མཁར་ཁ་བའི་མིག་འབྱེད་པས་སྤྱན་དབྱེའི་ཚུལ་ཕུལ་བས། དཀའ་ཚེགས་གང་ཡང་མེད་པར་གསེར་ཐུར་བསྒྲིལ་ཐེངས་གཅིག་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚུལ་སྟོན་པ་གནང་ཞིང༌། དེར་སྤྱན་འབྱེད་པས་ཕྱག་བཙལ་ནས་དར་སྔོན་པོ་ཞིག་ཕྱར་ཏེ་དགོངས་ལགས་སམ་ཞུས་པས་ཤེས་བྱུང༌། ནམ་མཁའི་མདོག་ཏུ་སྣང༌། ག་རེ་དྲུང་ནས་ཆོས་ཀྱི་བཟང་པོ་བ་དེ་བཞུགས་ན་ཨང་ཁོང་དེ་ལ་དགེས་པ་མཐའ་དབུས་མེད་པ་ཅིག་འཁྲུང་བ་སྣང་བས་གསུང༌། ཞེས་དྲུང་ཡིག་ཆོས་རྒྱན་ལས་བརྒྱུད་པའི་གསུང་སྒྲོས་སོ། །འདི་ལྟར་ཚུལ་སྟོན་པ་ཡང་སྔོན་བག་སྟོན་པའི་དུས་ཀྱང་སྤྱན་ཡ་གཅིག་མི་གསལ་ཞིང༌། དེའི་རྒྱུ་མཚན་ཡང་བག་སྟོན་ཉིད་ཀྱི་གསུང་ལས། སྔོན་ང་རྟར་སྐྱེས་དུས་རྟ་རོགས་ལ་ཕྲ་བ་བརྒྱབ་པས་མིག་སྣང་བའི་ལས་ཀྱི་མཐའ་ཡིན་གསུང་བ་ལྟར་དང༌། སྔར་ཚེ་བསྒྲུབ་གནང་ངོ་ཅོག་ལ་དྲུག་ཅུ་རེ་གཅིག་གཉིས་དོག་པའི་ལུང་བསྟན་གྱི་དབང་ལས་ཡིན་པར་སྣང༌། དེར་སྤྱན་གསལ་གྱི་ཞལ་དཀར་རྒྱ་ཆེར་འབུལ་མི་བྱུང་ཞིང༌། སྔར་ལས་གསལ་བའི་ཚུལ་གྱི་ཕྱག་དཔེའི་མཆན་ཕྲ་མོའི་ཡི་གེ་ཡང་བདེ་བླག་ཏུ་གཟིགས་ཚུལ་གནང༌། དེ་ནས་ཁྱི་ལོའི་དཔྱིད་མཚམས་ལ་རིན་སྤུངས་སུ་སྤྱན་དྲངས་ནས། སྡེ་བདག་སྐུ་མཆེད་རྣམས་ཀྱིས་དབང་དང་བྱིན་རླབས་དཔག་མེད་གསན་ཞིང༌། རོང་དང་ཤངས་སོགས་ནས་དད་འདུས་ཀྱི་དགེ་བསྙེན་དགེ་ཚུལ་དགེ་སློང་ཞུ་མི་མང་བ་དང༌། སེམས་བསྐྱེད་དབུ་སེམས་གཉིས་ཀ་ཡང་ཞུ་མིའི་ངོར་སྩལ། ཀྱེ་རྡོ་རྗེ་རས་བྲིས་ལ་བརྟེན་པའི་དབང་ཆ་གསུམ་ཙམ་རྣམས་གནང་ཞིང༌། སྐལ་བཟང་དམ་ཚིག་ཅན་དེ་དག་གིས་ཞུས་པའི་ངོར། ཁྱོད་བླ་མ་མཆོག་གི་སྤྲུལ་སྐུ། །ང་རང་ལུས་རྩ་ཡི་འཁོར་ལོ། །ཆོས་བུམ་པའི་དབང་བསྐུར་སྩལ་བས། །དོན་བསྐྱེད་རིམ་ལྷ་ཡི་དཀྱིལ་འཁོར། །དུས་དེ་རིང་འགག་མེད་དུ་ཤར་རོ། །སྐབས་འདིར་ཡང་བཀའ་དྲིན་ཆེའོ། །ཞེས་སོགས་ཀྱི་གསུང་མགུར་ཡང་གནང་ཞིང༌། དེར་བུ་རམ་བསྒར་མ་རང་ཡང་དྲེལ་ཁལ་གཉིས་ཀྱི་སྐུ་འཁྱོས་དང་བཅས་ནས་སླར་གསེར་མདོག་ཅན་དུ་ཕེབས། མང་ཇ་བུར་འགྱེད་སོགས་ཀྱིས་གྲྭ་པ་རྣམས་ཡིད་ཚིམ་པའི་བཀའ་དྲིན་སྩལ་ཏོ། །མ་ཕམ་ཞལ་གྱི་དཀྱིལ་འཁོར་མདངས་གསལ་བ། །བརྒྱུད་པར་བཅས་པའི་སྤྱན་ཡངས་ལ་འཁྱུད་དེ། །བྱམས་ཆོས་ལུས་སྒྲུབ་གཟུགས་བརྙན་གསལ་བའི་ཚིག །དེང་འདིར་སྔོན་མེད་ལེགས་བཤད་རྒྱ་ཆེར་སྤེལ། །བྱམས་སྐུའི་རི་བོ་རིན་ཆེན་ལས་བསྒྲུབས་པ། །གསེར་མདོག་གཟི་འོད་འཕྲོ་བའི་དཔལ་གང་ནི། །དཀའ་བ་མེད་པར་དགའ་ལྡན་ལྷ་གནས་ནས། །ངང་གིས་བྱོན་ཏེ་གནས་འདིར་བཞུགས་པ་བཞིན། །བྱམས་མགོན་གཉིས་པ་དོན་ཡོད་དཔལ་བཟང་པོའི། །སྐུ་གདུང་ཁ་བའི་འོད་ཆགས་དུམ་བུ་དག །རིན་ཆེན་དར་གོས་ཀྱིས་ཀླུབས་ཆོས་སྐུའི་རྟེན། །བྱེ་བ་ཕྲག་བརྒྱར་སྤེལ་ནས་དེ་ནང་བཞུགས། །ལྷ་གནས་ཡིད་འཕྲོག་བྱམས་པའི་གཙུག་ལག་ཁང༌། །མི་དང་མི་མིན་དད་པའི་འཕྲུལ་ལས་བསྒྲུབས། །ལྷ་བཅས་འགྲོ་བའི་ཕྱག་དང་མཆོད་པའི་ཞིང༌། །ངོ་མཚར་དཔག་ཡས་ཐུགས་རྗེའི་དཔལ་གྱིས་བསྐྲུན། །རྒྱ་གར་ཡུལ་ནས་ཉན་ཐོས་དགེ་སློང་གང༌། །སློང་བའི་སྣོད་དུ་བྱང་ཆུབ་ཤིང་ལོའི་ཚོགས། །མ་སྦགས་གཙང་སྤྲའི་བཀུར་སྟིས་སྤྱན་དྲངས་ཏེ། །བྱམས་པའི་སྐུ་ལ་ཆེད་དུ་འབུལ་བར་མཛད། །བྱམས་པའི་རང་བཞིན་གཡག་རོང་ཨ་མོ་གྷ། །བྱམས་པས་རྗེས་སྤྲུལ་པཎ་ཆེན་ཆོས་ཀྱི་རྗེ། །བྱམས་ཆོས་བསྟན་པའི་བདག་པོ་བརྒྱུད་པར་བཅས། །བྱམས་པའི་ཐུགས་ཀྱིས་འགྲོ་བའི་སྐྱབས་མགོན་གྱུར། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། བྱམས་པའི་སྐུའི་སྣང་བརྙན་རྗེས་སུ་བསྒྲུབས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་དགུ་པའོ།།  །།དེར་པཎ་ཆེན་རིན་པོ་ཆེ་སློབ་མའི་ཚོགས་ཀྱི་ཞབས་འབྲིངས་དང་བཅས་པས་སྟག་གྲུ་ཁ་ནས་འུ་ཡུག་ལ་གནང༌། དེ་ནས་སྟག་པའི་རུ་བ་སོགས་ལ་བརྒྱུད་དེ་བྱང་ལམ་ལ་མཛད་ནས། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་གཙོ་བོ་མཁར་རྩེར་ཕེབས་ཤིང༌། དེར་དཔོན་སློབ་བྱེད་པ་རྣམས་སྐུ་ངལ་བསྟེན་ཆེད་བཅག་མལ་ཙམ་གནང་ནས་སྐལ་ལྡན་ཤིང་རྟའི་ཕོ་བྲང་རྒྱ་མ་ཁྲི་ཁང་དུ་ཕེབས་ནས། ཟླ་བ་གཉིས་ཀྱི་རིང་ཙམ་བཞུགས། ཆོས་རྭ་རིགས་ལུང་ལྷག་པར་སྨར་ཞིང༌། རྒྱ་མའི་ཞལ་ངོ་རྣམ་པས་གཙོ་མཛད་ལ། ནཱ་རོ་ཕྱག་ཆེན། ལྷན་ཅིག་སྐྱེས་སྦྱོར། ནཻ་གུ་དབང་དང་རྗེས་འབྲེལ་གྱི་ཤངས་པའི་གསེར་ཆོས་བཞི་ཚང་མ་རྣམས་གནང་ལ། བྱེད་པའི་ཆེ་བཙུན་གཅིག་ཀྱང་མ་ཚུད་ལ། དྲིན་ཅན་སྤྱང་ལུང་པས་དེར་གནང་བ་ཀུན་གསན་ཞིང༌། པཎ་ཆེན་རིན་པོ་ཆེའི་ཞལ་ནས། འདི་རྣམས་སྤྱང་ལུང་རིན་པོ་ཆེ་ནས་བརྒྱུད་པ་ཡིན་ཞེས་ཆེད་དུ་སྩལ་ཞིང༌། དྲིན་ཅན་སྤྱང་ལུང་པ་སྐུ་རྐྱང་ལ་མཆོག་དབང་སྔོན་དུ་འགྲོ་བའི་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཀྱང་གནང་སྟེ། པཎ་ཆེན་རིན་པོ་ཆེས་སྦྱོར་དྲུག་གནང་བའི་ཐོག་མ་རང་འདི་ཡིན་གསུང་ངོ༌། །དེར་གཞི་བྱེད་ཀྱི་ཚོགས་པ་ཀུན་ལ། རྗེ་རོང་སྟོན་ཆེན་པོ་ནས་གསན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་ཡང་ཚོགས་སུ་སྩལ་ཞིང༌། པཎ་ཆེན་རིན་པོ་ཆེས་མཁན་པོ་དང༌། སྤྱན་སྔ་གྲུབ་རྒྱལ་བས་སློབ་དཔོན་མཛད་ནས་རྒྱ་མར་གྲྭ་ཚང་གསར་འཛུགས་ཀྱི་ཐུས་བཙུན་སྟོབས་ཆེ་བའི་རབ་བྱུང་བསྒྲུབ་པ་དེར་བཞུགས་རིང་གནང་ཞིང༌། ཁྱད་པར་དེ་དུས་རྒྱ་མ་བའི་ཞལ་ངོ་ཆོས་མཛད་མ་ཆོས་གྲུབ་དཔལ་མོ་འཚོའི་དྲུང་གིས་པཎ་ཆེན་རིན་པོ་ཆེའི་དྲུང་དུ་མཁན་པོ་ཞུས། ལས་ཀྱི་སློབ་དཔོན་སྤྱན་སྔ་གྲུབ་པའི་རྒྱལ་པོ། གསང་རྟོན་རྗེ་བཙུན་ཀུན་དགའ་རྒྱལ་མཚན། ཚངས་སྤྱོད་ཉེར་གནས་ཀྱི་སློབ་དཔོན་རྗེ་བྲག་དམར་བ། དུས་སྒོ་བ་དྲུང་དབང་བཟང་པ། གྲོགས་དན་པ་ཆོས་རྗེ་བསམ་གཏན་པ། ལས་གྲྭའི་ཁ་སྐོང་བྱེད་ཀྱི་སློབ་དཔོན་པ་རྣམ་བཞིས་མཛད་ནས། དགེ་སློང་མའི་སྡོམ་པ་བཞེས་ཏེ་རྒྱ་མ་དགེ་སློང་མར་མཚན་ཐོབ་བོ། །དེ་ནས་གླང་ཐང་དུ་ཕེབས་དབྱར་ཞལ་བཞེས་གནང༌། གཞི་བྱེད་ཀྱི་གྲྭ་པ་བློ་ཚོད་མཐོ་བ་འགའ་ཞིག་བསྡུས་པ་སུམ་བརྒྱ་ཙམ་ལ་ལམ་འབྲས་ངོར་ལུགས་ཚོགས་ཆོས་སུ་གསུངས་ཤིང་རྒྱ་ནའི་ཞལ་ངོ་རྣམས་དང༌། ལྷག་པར་དྲིན་ཅན་སྤྱང་ལུང་པ་ལ། ཁྱེད་ཆོས་སྡིངས་པའི་ཕ་ཆོས་རང་དེ་འདི་ཡིན་གསུང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལས་བརྒྱུད་པའི་ལམ་འབྲས་ཆ་ལག་ཡོངས་སུ་རྫོགས་པར་སྩལ། དེ་ལོ་ཆར་ལྷག་པར་དཀོན་པས། ཡབ་པ་སྒོ་མོ་སོགས་ཀྱི་ནུས་ཆེ་ཆེའི་རྟོགས་ལྡན་ཀུན་གྱིས་ཆར་འབེབ་ཅི་བྱས་ཀྱང་ཆར་མ་ཕེབས་པར་ཞིང་པའི་རེ་ཐག་ཆད་པའི་སྐབས་དེར། གླང་ཐང་གི་འཁྲིས་ཀྱི་ཆུ་མིག་དེར་གཞི་བྱེད་ཀྱི་དགེ་འདུན་ཡོ་བསགས། མང་ཇ་ཉིས་སྦྲེལ་རིང་སྤྲིན་ཆེན་པོའི་མདོ་ཀློག་པ་དང༌། སྒྲོལ་མའི་འུར་འདོན་གནང་ནས། ཁྲུས་གསོལ་རྒྱ་ཆེར་མཛད་པས། ནམ་མཁའ་ལ་སྤྲིན་སོགས་ཅང་མ་བྱུང་བས་གྲྭ་པ་ཀུན་ཐུགས་མཛངས་པའི་ཚུལ་དུ་སྣང་ལ། གྲོང་ཁྱིམ་པ་ཀུན་ངེས་པར་ཆར་འབེབས་མཁན་གཞན་དང་ཡེ་མི་འདྲ་བས་ཐུགས་རྗེ་བསླུ་བ་མེད་ཅེས་མགྲིན་གཅིག་ཏུ་སྒྲོག་གོ །དེར་དེ་ནུབ་ཐུགས་དམ་ལ་བཞུགས་དུས། དྲུང་ཡིག་ཆོས་རྒྱན་པ་ལ་ག་རེ། ནམ་མཁའ་ལ་སྤྲིན་ཅི་སྣང་ལྟོས་གསུང་དུས། སྤྲིན་ཡེ་མི་སྣང་ཆར་འབབ་པའི་གཤིས་སུ་མི་འདུག་ཞུས་པས། འོ་ན་ད་དུང་ཡང་སྒྲོལ་མ་ལ་ཡོན་ཆབ་ཤིག་ཤོམས་ཤིག་གསུང་ནས། སློབ་དཔོན་ཙནྡྲ་གོ་མིའི་ཐུགས་དམ་ཡིན་ངེས་ཀྱི་སྒྲོལ་མ་རྒྱ་གར་མ། གློ་བོ་སྡེ་པ་ཨ་སེང་པས་ཕུལ་བ། ཞབས་ལ་ལཉྫའི་ཡི་གེར་དགེ་བསྙེན་ཟླ་བའི་ཡི་དམ་དུ་བཞེངས་ཟེར་བ་ཞིག་སྐུ་དང་འབྲལ་མེད་གར་ཕེབས་ཏུ་སྣོམས་པའི་འཕགས་མའི་དྲུང་ལ་ཆེད་ཀྱིས་མཆོད་ཤོམས་གནང་ནས་གསོལ་བཏབ་མཛད་པའི་སྐད་ཅིག་དེ་ལ། ཕྱོགས་བཅུ་ནས་གློ་བུར་དུ་ཆར་སྤྲིན་འདུས་ཏེ། འབྲུག་སྒྲ་ཟབ་མོའི་སྒྲ་འབྱིན་པ་དང་ལྷན་ཅིག་ཆར་ཆེན་ཕབ་ཅིང༌། དེ་ནུབ་རང་ལ་གཉའ་ཤིང་གི་དཔངས་ཙམ་གྱི་སའི་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་ཚིམ་པར་གྱུར་པས་སང་སྔ་ཆོས་ཀྱི་ཆོས་ཁྲི་ཁར་ཕེབས། གང་བློ་མ་གནང་སྐབས་ཉིད་ནས་ཡུལ་འཁོར་གྱི་གྲོང་པ་མ་ལུས་པ་དགའ་སྟོན་གྱི་ཕྱག་འཚལ་བ་ལ་ལྷགས་ཏེ། མར་ཀྲོག་ཕུལ་བ་སྐུ་མདུན་དུ་གངས་འཕྱུར་བ་ཙམ་བྱུང་ཞིང༌། རྒན་པ་འགའ་རེ་འདི་འདྲའི་སྐྱིད་སྩལ་བས་ངེད་རང་གི་རྟ་འབུལ་བ་ཞུ་ཞེས་སྨྲེང་བ་ལས་མཚོན་པའི་ཡིད་དགའ་བའི་དཔལ་གྱིས་ཁྱབ་པར་གྱུར་ཅིང༌། བཀའ་ལས་ཀྱང༌། རྗེ་བཙུན་སྒྲོལ་མའི་སྐུ་འདི་ལ་དེང་སང་ཚུན་ལ་བྱིན་རླབས་ཆར་འབེབས་མར་མཚན་གསོལ་ཏོ། །ཞེས་གསུང་ཞིང༌། ཕྱིས་པཎ་ཆེན་རིན་པོ་ཆེ་ཞི་བའི་དབྱིངས་སུ་བཞུད་རྗེས་རྗེ་དབོན་ཤཱཀྱ་རྒྱལ་མཚན་པས། སྟག་ལུང་ཆོས་རྗེ་རྣམ་རྒྱལ་གྲགས་པ་ལ། གླང་ཐང་པ་དང་སྟག་ལུང་པའི་རྩོད་གླེང་ཞིག་གི་ཆེད་དུ་ཕུལ་ཏེ། དེང་སང་སྟག་ལུང་ན་བཞུགས་སྣང་བས་བདག་གིས་ཕྱག་མཆོད་སྨོན་ལམ་གྱི་སྐལ་བ་ཐོབ་བོ། །དེ་ལྟར་ན་དབྱར་གྱི་དགག་དབྱེ་དང་དུས་མཚུངས་སུ་སྤྱན་སྔ་བློ་གྲོས་རྒྱལ་མཚན་པའི་ནང་རྟེན་གསེར་སྐུ་རྡོ་རྗེ་འཆང་ཇོ་ཚད་མ་དེ་ཉིད་ཀྱི་རབ་གནས་རྒྱས་པར་མཛད་རྗེས། ད་མི་ལ་ཡང་རབ་གནས་ཤིག་དགོས་པ་ཡོད་གསུང་ནས། པཎ་ཆེན་རིན་པོ་ཆེས་བཀའ་བཀོད་དྭང་ལེན་ཐམས་ཅད་མཛད་ནས། པཎ་ཆེན་རིན་པོ་ཆེ་རང་གིས་མཁན་པོ། གླང་ཐང་སྤྱན་སྔ་གྲུབ་རྒྱལ་བས་ལས་སློབ། རྗེ་ཀུན་དགའ་རྒྱལ་མཚན་པས་གསང་སྟོན་དང༌། ཆེན་པོ་ར་ཆུང་པ་ཡོན་ཏན་ཆོས་འཕེལ་བས་དུས་སྒོ་བ། རྗེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་བས་གྲོགས་དན་པ། སློབ་དཔོན་དྲུང་ནས་གྲགས་པ་བྱང་ཆུབ། ཉང་སྟོད་རབ་འབྱམས་པ་ལྷུན་གྲུབ་དཔལ་བཟང་པོ། ཤངས་སྟོན་སངས་རྒྱས་བློ་གྲོས། མངོན་པ་བ་གྲགས་པ་བཟང་པོ་སྟེ་བཞི་དང༌། རིགས་གཏེར་སློབ་དཔོན་པ་ཀུན་དགའ་བསམ་གཏན་དང༌། རྒྱ་མ་སློབ་དཔོན་དབང་ཕྱུག་བཟང་པོ་བ་སྟེ། གཞི་བྱེད་ཀྱི་སློབ་དཔོན་དེ་རྣམས་ཀྱིས་གྲངས་ཀྱི་ཁ་སྐོང་གནང་ནས་བདག་གི་དྲིན་ཅན་རྩ་བའི་བླ་མ་མཆོག་དཔལ་སྤྱང་ལུང་པ་གཞོན་ནུ་ཆོས་གྲུབ་པའི་ཞལ་སྔ་ནས་ལ་བསྙེན་པར་རྫོགས་པའི་བཀའ་དྲིན་སྩལ། ལས་གྲྭ་རྣམ་པ་ལ་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ཇ་བུར་བཟང་པོའི་བསྙེན་བཀུར་དང༌། བསྙེན་པར་རྫོགས་པའི་རབ་སྟོན་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་སྐུ་ལ་བཅར་བའི་སྣམ་སྦྱར་ཞིག་གིས་དབུ་བྱས་པའི་གནང་སྦྱིན་ཡང་དག་པ་སྩལ་ནས། ངེད་ལ་རིན་པོ་ཆེ་ཆོས་སྡིངས་པས་འཁོར་བ་མེད་པའི་བཀའ་དྲིན་གྱིས་བསྐྱངས་པའི་དྲིན་གསོབ་དུ་དམིགས་པ་ལགས་སོ་ཞེས་དཔལ་གྱི་མགུར་ནས་བཀའ་སྩལ་དུ་མཛད་དོ། །ཡང་དུས་དེར་ལས་གྲྭ་བཟང་བས་ཞེས་བསྙེན་རྫོགས་ཞུ་མི་མང་དུ་བྱུང་ཞིང་དེར་དགག་དབྱེ་གྲོལ་རྗེས། གྲྭ་པ་བསོད་སྙོམས་དགོས་པ་རྣམས་ཀྱིས་འཕེན་ཡུལ་གྱི་ལུང་པ་ཕུ་ཞབས་ལ་རྙེད་པ་བླངས་པས། ཀུན་ཁ་འཆམ་པར་རང་རེའི་ཆོས་རྗེའི་གྲྭ་པར་སྣང་ཞེས་བསོད་སྙོམས་འབད་མེད་དུ་ཕུལ་ཞིང༌། འགའ་རེའི་ལབ་བརྗོད་ལ་གླང་ཐང་པའི་སྐྱ་བཙུན་སངས་རྒྱས་རབ་བདུན་གྱིས་མ་ཐུལ་བ་འདི་ཀུན་ཆོས་རྗེ་ཆེན་པོ་བའི་དྲུང་གིས་བལ་ཆུར་སྦངས་པ་འདྲ་བ་ཅིག་ལ་བཏང་སོང་ཞེས་སྨྲ་མཁན་ཡང་བྱུང་ཟེར་རོ། །དེ་དུས་མངའ་རིས་པའི་སློབ་གཉེར་བ་འགས། གུང་ཐང་གི་གྲོང་དེར་བསོད་སྙོམས་ལ་ཕྱིན། ཁོང་རྣམ་པ་ལ་གདིང་ལྷུང་སོགས་རབ་བྱུང་གི་ཆས་བཟང་པོ་ཡོད་པས། དེའི་སྦྱིན་བདག་ཅིག་གིས་རི་བོ་དགེ་ལྡན་པར་འདུག་བསམ་དད་མོས་ཀྱིས་ཁྱིམ་དུ་སྤྱན་དྲངས་གདན་ནོན་ཞུས་རྗེས། དེ་རིང་འདི་ཀར་བཞུགས་ཟེར། དེར་དགོངས་ཕྱོགས་ཁོས་གསོལ་ཇ་ཁྱེར་ནས་ཡོང་དུས། རུང་ཆུ་ཨ་དགོས་བྱས་པས། ཧ་ནི་མ་གོ་ཡང་ལགས་ལགས་བྱས་པས། ཁོས་ཆུ་གྲང་ཅིག་རྐྱེན་ལ་གཏོར་སོང༌། དེ་ནས་དགོངས་ཁ་ཁྱེད་རྣམས་འོད་དམར་ཨེ་སྲུང་ཟེར་བས། རྒྱུ་མཚན་ཅི་ཡང་མ་ངེས་པར་ཡང་ལགས་ལགས་བྱས་པས། ཁོས་ལགས་ལགས་དང་ཁྱེད་རང་རྣམ་པ་དང་མཇལ་མྱོང་འདུག་གོ་ཟེར་བས་ཞེད་དེ་སང་སྔ་བར་ལངས་ཕྱིན་པས། གླང་ཐང་དུ་སླེབས་འཕྲལ་དོ་གལ་ཆེན་པོ་རང་ཡོད་པ་སྐད་ཀྱིས་པཎ་ཆེན་རིན་པོ་ཆེ་ལ་རྒྱུ་མཚན་ཕུལ་བས། ལྷག་པར་བཞད་ཅིང་དེ་ལ་ཞེད་མི་དགོས། འདུལ་བའི་བརྡའ་ཆད་ཅིག་ཡིན་གསུང་ཞིང༌། ཕྱིས་ཀྱང་འདིས་སྐྱོར་ཟློས་ཡང་ཡང་གནང་བ་ཞིག་བྱུང་ཟེར། གཞན་གྲྭ་པ་འཕན་ཆས་བཟང་བ་བསོད་སྙོམས་མི་དགོས་པ་འགས་བྱང་རྭ་བསྒྲེང་སོགས་ཀྱི་གནས་སྐོར་ལ་བྱོན། ཡང་རྐང་པ་བཟང་བ་འགའ་རེ་དབུས་སྟོད་ལ་ཇ་སློང་ལ་ཕྱིན་ཞེས་གྲགས་ཤིང༌། དེ་སྐབས་པཎ་ཆེན་རིན་པོ་ཆེས་སྟག་ལུང་དུ་ཕེབས་ནས། སྟག་ལུང་ངག་དབང་གྲགས་པ་ལ་དོ་ཧ་སྐོར་གསུམ་པར་པུ་བ་བློ་གྲོས་སེང་གེའི་ཊཱི་ཀའི་སྟེང་ནས་ཟབ་བཤད་དང༌། ཕྱག་ཆེན་ལྔ་ལྡན་དང་ཡི་གེ་བཞི་པའི་ཁྲིད། རྒྱབ་ཆོས་སུ་གྲུབ་པ་སྡེ་བདུན། ཨ་མ་ན་སིའི་ཆོས་སྐོར་མཻ་ཏྲི་པ་ལས་བརྒྱུད་པའི་རྒྱ་གཞུང་ཉེར་བཞིའི་ལུང༌། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་སྒྲུབ་སྐོར་མ་ལུས་པ་དང་སྟག་ལུང་པའི་དཀའ་བརྒྱུད་གསེར་འཕྲེང་གི་ལུང་རྣམས་གསན། འདི་སྐབས་རྗེ་དྲུང་ཀུན་དགའ་རྒྱལ་མཚན་པ་དང༌། རྗེ་བྲག་དམར་བ་གཉིས་ཀྱང་ཕྱགས་ཕྱིར་ཡོད་ཅིང་སྟག་ལུང་ངག་དབང་གྲགས་པ་ལ་དཀའ་འགྲེལ་གསན་ནོ། །དེར་སྟག་ལུང་ངག་དབང་གྲགས་པས་ས་སྡེ་ལ་གཙོ་བོར་དྲི་མལ་གནང༌། གཞན་ཡང་འདུལ་མངོན་སོགས་ནས་རིག་གནས་ཕྲ་མོའི་བར་ལ་ཉིན་རེ་བཞིན་དུ་གང་དྲི་བ་གནང་བའི་ཚིག་དེས་ཇ་གྲལ་དེ་འཁྱོངས་པས་ཐུགས་གཏིང་ནས་དགེས། ག་རེ་ཡོན་གནས་ཀྱི་མཆོག་དམ་པ་རང་ཞིག་འདུག་གོ་གསུང༌། གོས་དར། གསེར་བརྟུལ་མ་ཞོ་བརྒྱད་ཅུ་རྣམས་ཀྱི་གནང་སྦྱིན་མཛད། སྟག་ལུང་གི་གྲྭ་ནང་གླིང་པ་ཀུན་ལ་ཡང་འདི་འདྲའི་དགེ་བའི་བཤེས་གཉེན་ལ་རྙེད་པ་དར་ཁ་རེ་ཐེངས་ན་ཡང་འཁོར་བ་མཐའ་ཅན་རང་དུ་སྣང་ངོ་གསུངས་པས། གོས་དར་བསམ་གྱིས་མི་ཁྱབ་པ་རི་སྤུངས་པ་ཙམ་གྱི་འབུལ་བ་དང༌། གསེར་བརྟུལ་མ་རང་འབུལ་མི་མང་པོ་བྱུང་བས། ཚུར་ལམ་གླང་ཐང་དུ་ཕེབས་ཕྲལ་སྟག་ལུང་པའི་ལྟོ་དཀར་གོང་མ་བ་དར་ཡུལ་ནས་བོས་ཏེ། ཐུགས་དམ་དུ་འཕགས་པ་བརྒྱད་སྟོང་པ་ཕྲེང་བ་ཅན་རྔོག་འགྱུར་དེ་ཡི་གེ་གཟབས་བྲིས་རང་གིས་རྒྱ་ཤོག་ལ་བཞེངས་པ་གནང་ནས། དྲུང་ཡིག་ཆོས་རྒྱན་པ་རང་གིས་ཆེད་དུ་གཏང་བའི་ཞུས་དག་ཀྱང་མཛད་པའི་དཔེ་བྲལ་དེ་བསྒྲུབས་ཤིང༌། དགུན་ཆོས་ལ་ནཱ་ལེནྡྲར་ཕེབས། རྫོང་ཆུང་དུ་བཞུགས་གནས་གནང༌། བྱེད་པའི་ཚོགས་པ་རྣམས་ཀྱིས་ཆོས་ཁྲི་ཁར་རིགས་ལུང་བཙུགས། གཞི་བྱེད་ཀྱི་ཚོགས་པ་ཡོངས་ལ་ཐུབ་པ་དགོངས་གསལ་དང༌། སྡོམ་གསུམ་རབ་དབྱེའི་སྤྱི་ཆོས་སྔ་ཕྱི་ལ་གསུངས་ཤིང༌། འདུ་ཁང་དུ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གནང༌། དེར་ནཱ་ལེནྡྲ་པ་ཚོས་གདན་སའི་ཞུ་འབུལ་ནན་བསྐྱེད་མཛད་ཀྱང་ཞལ་བཞེས་མ་གནང་ཞིང༌། དྲིན་ཅན་སྤྱང་ལུང་པ་དང༌། ཀྲོག་མཁར་ནང་སོ་རྡོར་མགོན་པ་མདུན་གྲོང་པའི་སྐུ་ངོ་རྣམ་པས་གསོལ་བ་བཏབ་པས་ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ཚེ་དབང་ཚེ་ཁྲིད་རྣམས་གནང་བ་ལ། བྱེད་པའི་རྗེ་ཀུན་དགའ་རྒྱལ་མཚན་པ་དང༌། རྗེ་བྲག་དམར་ཀུན་དགའ་ཚེ་འཕེལ་བ། དྲུང་ནས་རྣམ་པ་བཞི་རྣམས་ལ་ཡང་གནང༌། དེར་རག་མའི་ནང་ལ་གནང་ནས་བདེ་ཆེན་གྱི་ཕུག་ལ་བྱས། རུ་དགོན་སར་ནས་བརྒྱུད་ཕེབས་དུས་ཆིབས་བརྡབས་ཀྱི་རྣམ་པ་ཞིག་གིས། ཡར་ལམ་པཎ་ཆེན་རིན་པོ་ཆེའི་ཕྱག་གཡོན་པ་ཞག་འགའ་མ་བདེ་བའི་ཚུལ་བསྟན་ཏོ། །དེར་གསེར་མདོག་ཅན་དུ་ཕེབས་འཕྲལ་ལྕགས་མོ་ཕག་གི་ལོ་དགུང་གྲངས་དྲུག་ཅུ་རེ་བཞིར་ཕེབས་པའི་དུས་དེར་བྱམས་སྐུའི་ལྡེམ་གཡས་གཡོན་འཇམ་དབྱངས་དང་སྤྱན་རས་གཟིགས་གཉིས་ཀྱི་བཟོ་དང༌། ལྷག་པར་དྲུང་ནས་སློབ་དཔོན་པ་ཚོ་ལ་ངོམ་ངོམ་མཛད་དབུས་ཕྱོགས་ཀྱི་གོས་དར་སྤུས་གཙང་གི་འབུལ་བ་ཡོ་ཕྱོགས་གཅིག་ཏུ་སོག་པ་གནང་ནས། ངེད་རང་གིས་ན་ནིང་མར་ཅིག་ཐོག་མར་ངོ་དྲོ་བའི་ཁ་ཏ་བྱས་ཁོང་རང་གཟིགས་བཀོད་རྣམ་སྲས་འཁོར་ས་གསུམ་མ་དེའི་བྲིས་སྐུ་དེ་བཞེངས། དྲུང་ཇོ་གདན་པ་རྣམ་པའི་ཕྱག་བཟོ་གནང་འདུ་བྱས་པའི་རྣམ་སྲས་ཀྱི་ཕོ་བྲང་དེ་ཡང་བསྒྲུབས། རྔ་ཆུང་ལྡེ་རི་རི་བརྡུང་བའི་གྲུབ་འབྲས་ཡིན་སྣང་བས། ད་སྟེ་སྟོན་པའི་སྐུ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་གོས་སྐུ་ཅིག་བཞེངས་གསུང་ནས། སྤྲུལ་སྐུ་སྨན་ཐང་པ་ཡབ་སྲས་མཆེད་བཅས་ཀྱིས་སྐྱ་རིས་བཏབ་པའི་ཉིན་མེ་ཏོག་གི་ཆར་སིམ་པ་ཞིག་བབས་ཤིང༌། འདི་སྐབས་གོས་ཆེན་མི་ཤ་ཁ་ཞིག་ཚོལ་བ་ལ་རིན་སྤུངས་སེང་གེ་རྩེ་སོགས་གཙང་གི་སྡེ་དཔོན་མཐའ་དག་དང༌། དབུས་ཀྱི་ཡང་ཐུགས་འབྲེལ་ཡོད་པ་ཀུན་ཏུ་བང་ཆེན་གནང་ཡང་རྙེད་དཀའ་བ་ཙམ་བྱུང་རྗེས། གོས་ཆེན་མི་ཤ་ཁ་ཧོར་དུས་རང་ལ་ཕོ་བ་རིས་ཡོད་པ་ཅིག་བྱུང་ནས་སྟོན་པའི་མཆོག་ཟུང་སྟེ། ཤཱ་རིའི་བུ་དང་མཽའུ་གལ། འཕགས་པའི་ཉན་ཐོས་རྣམས་ཀྱི་སྐུ་ཤ་ལ་འབུལ་བ་གནང་ཞིང༌། དེར་སློབ་དཔོན་ཉང་རམ་པས་ཉིན་གཅིག་བླ་བྲང་དུ་ཕེབས་ཞོར་ཅིག་ལ། གོས་སྐུ་འཚེམས་སར་ཕེབས་པས། ཤཱ་རིའི་བུ་དང་མཽའུ་གལ་གྱི་བུ་གྲུབ་ནས། ཁོང་རྣམས་ཚད་ཚད་གནང་བ་གཟིགས་འཕྲལ་ལ། ད་རང་རེའི་གྲྭ་ས་འདིར་གྲྭ་པ་ཚེག་ངོ་བ་མང་པོ་རང་ཞིག་འཚོགས་པའི་རྟེན་འབྲེལ་ཞིག་བྱུང་འདུག་གོ་གསུངས་པས། ཁོང་དེར་ཚོགས་ཡོད་བཞད་ཆ་བྱས་མོད། ཕྱིས་བརྟགས་དུས་འབྲུམ་པའི་སྐབས་ནད་ལྗོན་ཆེ་བ་དང་ལྕི་བ་རང་ཞིག་གིས་གྲྭ་པ་རྣམས་ལ་འཚེ་བ་མངོན་སུམ་དུ་གྲུབ་བོ། །དེར་རྡོ་རྗེ་གོས་སྐུའི་བཞུགས་གནས་ཀྱི་གྱེང་ཁར་དུ་མཛད་ནས་གོས་སྐུ་ལེགས་པར་གྲུབ་པའི་ཞལ་དྲོའི་རབ་གནས་ལ་ཤངས་འབྲོང་སྒང་ནས་སྡེ་པའི་བསྙེན་བཀུར་དང༌། བླ་བྲང་ནས་སྤན་པ་མི་མང་ལ་གྲོ་འགྱེད་བཟང་བ་རང་ཞིག་སྩལ་ཞིང༌། བྱ་རྒོད་ཕུང་པོའི་ཆོས་ཁྲིའི་སྟེངས་ནས་ལྷག་གནས་ཀྱི་མེ་ཏོག་འཐོར་བ་གནང་དུས། ནམ་མཁའ་ལ་འཇའ་སྤྲིན་ལེགས་པ་དང༌། མེ་ཏོག་གི་ཆར་ཆེན་པོ་བབས་ཤིང༌། དེའི་ཉིན་རྒྱ་བར་མདའ་དཔོན་མ་མི་དམངས་བྱིན་གྱི་ཁྲོམ་གནོན་ལ་ཡོད་དུས་ཁོང་གིས་བརྡའ་སྦྱོར་བྱས་ནས། ཤཱཀྱ་ཐུབ་པ་ཟེར་བའི་གྲགས་ཚོད་ཅན་དེ་འདི་འདྲ་ཞིག་ཡོད་སྣང་བས་གཟིགས་ཤིག ལར་པཎ་ཆེན་རིན་པོ་ཆེ་རྒྱལ་བ་བྱམས་པ་དངོས་འདིས་བཀའ་བཀོད་གནང༌། སྤྲུལ་སྐུ་སྨན་ཐང་པ་ཡབ་སྲས་འཇམ་དབྱངས་དངོས་བྱོན་རྣམ་པས་ཕྱག་བཟོ་གནང་བ་ལ། ད་ལྟ་བརྟགས་དུས་ཤཱཀྱ་ཐུབ་པའི་ལྟོ་སྣོད་ཕྱག་ཏུ་ཡོད་པ་དེ་ཆད་འདུག་པས། རང་རེ་སྤན་པའི་མི་དམངས་རྣམས་ལ་ཨེ་དགའ་འམ་བྱས་པས། རྣམ་རྟོག་ཟོས་པ་འགའ་རེ་བྱུང་བའི་གཏམ་རིམ་གྱིས་པཎ་ཆེན་རིན་པོ་ཆེའི་སྙན་དུ་དགོངས་ནས། ག་རེ་བླུན་པོ་གང་ལབ་ཁུངས་ཅི་ཡོང༌། ལར་རང་སངས་རྒྱས་ཏིང་ངེ་འཛིན་ལ་བཞུགས་པའི་ཕྱག་ཏུ་བཞེས་སྣོད་ཅི་ཡོད། ལྷ་སའི་ཇོ་བོ་རིན་པོ་ཆེའི་ཕྱག་ཏུ་ལྷུང་བཟེད་ཕུལ་བའི་རྟེན་འབྲེལ་ལས། རང་རེ་ཡོ་ཟས་ཕྱིར་ཐོས་བསམ་བསྒོམ་གསུམ་ཡོ་རང་ཤོར་བ་འདི་བྱུང་བ་ཡིན་ནོ། །གསུང་ཞེས་ནང་པ་སྨན་ཐང་པའི་ངག་ལས་ཐོས་སོ། །དེ་ནས་དགུན་བཞུགས་ལ་འཇམ་དབྱངས་སྤྱན་རས་གཟིགས་ཏེ་ལྡེམ་གཉིས་ལ་ཡང་རབ་གནས་ཕུལ་ནས། བྱམས་པའི་སྐུའི་གཡས་གཡོན་དུ་བཞུགས་སུ་གསོལ་ཞིང༌། དེ་གཉིས་ཀྱི་སྐུ་ཚད་ལ་པཎ་ཆེན་རིན་པོ་ཆེའི་ཕྱག་ཁྲུ་དྲུག་ལྷག་པ་པད་གདན་དང་བཅས་པ་ཡོད་གྲགས་ཤིང༌། དེ་ལོ་ཡན་ལ་འདུ་ཁང་གསར་པ་ཀ་བ་སུམ་ཅུ་སོ་དྲུག་གིས། ཀ་ཆེན་ཉི་ཤུ་རྩ་བཞིས་བཏེག་པ་ཡང་ལེགས་པར་གྲུབ་བོ། །རབ་སྦྱངས་མཁྱེན་པའི་ཤིང་རྟའི་ཁ་ལོ་པས། །ཉེར་དྲངས་ཡོངས་རྫོགས་བསྟན་པའི་ཉིན་བྱེད་ནི། །གདུལ་བྱ་གླིང་བཞི་མུན་སེལ་དབང་པོའི་ཚུལ། །རང་རང་སྐལ་བའི་པད་ཚལ་འབྱེད་པར་མཛད། །རབ་བརྩེའི་དཀྱིལ་འཁོར་རྒྱས་པ་དག་པའི་ཐུགས། །ཀུན་ལ་སྙོམས་པའི་ཕན་དགོངས་བསིལ་ཟེར་ཅན། །རིང་ནས་དད་པའི་ཀུ་མུད་རྒྱས་པའི་གཉེན། །མ་འདྲིས་ལུས་ཅན་ཡོངས་ཀྱི་བློ་མིག་གསལ། །རྒྱུ་སྐར་བྱེ་བས་བསྐོར་བའི་ཟླ་བ་བཞིན། །བདག་ཉིད་ཆེན་པོ་སློབ་མའི་ཚོགས་དང་བཅས། །ཀློང་ཡངས་དབུས་གཙང་དག་པའི་ཞིང་ཁམས་འདིར། །འགག་མེད་ཡོངས་ཀྱི་གཙུག་ན་ས་ལེར་བཞུགས། །གང་དག་དྭང་བའི་ཡིད་མཚོ་རྙོག་བྲལ་བར། །ཁྱོད་སྐུ་སྲས་བཅས་ཆུ་མཚོར་རྒྱུ་སྐར་དཔེ། །ཡངས་དོག་སྤངས་པའི་སྣང་བའི་གཟུགས་བརྙན་ནི། །ཕྱི་ནང་རྟེན་ཅིང་འབྲེལ་འབྱུང་ངོ་མཚར་རྨད། །རབ་བཀྲ་ཆོས་ཀྱི་སྤྱན་ཡངས་གཟིགས་པའི་ཡུལ། །རབ་འབྱམས་རྒྱལ་བའི་གསུང་མཛོད་མ་ལུས་པའི། །རབ་ཕྲའི་གནས་ལའང་ཐགས་ཐོགས་མ་མཆིས་པས། །རབ་མཆོག་མཁྱེན་པའི་རྩེར་སོན་ཁྱོད་ཞབས་མཆོད། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། བསྔགས་པར་འོས་པའི་ཆ་ཤས་འགའ་ཞིག་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་ཉི་ཤུ་པའོ།།  །།དེ་ནས་དགུང་ལོ་དྲུག་ཅུ་རེ་ལྔའི་སྟེངས་སུ་ཕེབས་པ་ཆུ་ཕོ་བྱི་བ་ལ་གཙུག་ལག་ཁང་དང་འདུ་ཁང་སོགས་ཀྱི་གྱང་རིས་རྣམས་སྨན་ཐང་པ་ཡབ་སྲས་རྣམས་ཀྱིས་བསྒྲུབས་ཏེ། མདོ་བཀོད་དང་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔ། སྨན་བླའི་བདེ་གཤེགས་འཁོར་བཅས་སོགས་སངས་རྒྱས་བྱང་སེམས་འབའ་ཞིག་ལས། ཕྱིས་ཇི་ལྟར་འབྱུང་ཡང་མི་ངེས་སོ་གསུང༌། བླ་མའི་སྐུ་སོགས་ཀྱི་རྣམ་པ་གང་ཡང་འབྲི་བ་བཀས་མ་གནང་ཞིང༌། དེ་ལོ་མངའ་རིས་ཀྱི་དབུ་ལེགས་ནས་ཆོས་རྗེ་ཡོན་ཏན་གྲགས་པས་གསེར་ཞོ་གསུམ་གྱི་མཎྜལ་དང་བཅས་གསོལ་བ་བཏབ་ནས། བྱམས་མགོན་དོན་ཡོད་དཔལ་བཟང་པོའི་རྣམ་ཐར་དེའི་ཐུགས་རྩོམ་དང༌། ཕྱིས་གླང་ཐང་སྤྱན་སྔ་སྐུ་མཆེད་ཀྱི་རྣམ་ཐར་ཐུགས་རྩོམ་ཡང་གནང་ངོ༌། །དེའི་ཕྱི་ལོ་གླང་ལོ་ལ་གྱང་རིས་རྣམས་ཀྱང་ཆེ་ལོང་གྲུབ་ཅིང༌། འདི་སྐབས་རྗེ་དབུས་སྨྱོན་པ་ཤངས་ནས་མཇལ་བ་ལ་ཕེབས། ཞག་བདུན་སྒུགས་སྡོད་གནང་ཡང་སློབ་མའི་སྣོད་བརྟག་ཕྱིར་མཇལ་ཁ་མ་གནང་ཞིང༌། བཀའ་ལུང་སོགས་ཀྱང་བསྒྱུར་ལེན་གང་ཡང་མ་གནང་བར་བུ་རམ་བསྒར་མ་ཆེན་པོ་ཞིག་གསོལ་དཔོན་བློ་གྲོས་སེང་གེ་ལ་སྐྱོལ་ཤོག་གི་བཀའ་ལུང་གནང་བས། ཁོང་ཞེད་ནས་འགྲོ་མ་ནུས་པར་དགེ་རྒན་ཤཱཀྱ་ཁམས་གསར་ཐོབ་ཐོབ་ཅིག་ཡོད་པས་དེ་བཏང་བས། དེར་དབུས་སྨྱོན་པ་བྱ་རྒོད་ཕུང་པོ་ན་མ་ཎི་བསྐུལ་གྱིན་བཞུགས་སྣང་བའི་ཕྱག་ཏུ་ཕུལ་བས། དེ་འཕྲལ་རང་རྗེ་དབུས་སྨྱོན་པ་རང་གི་ཞལ་དུ་ཤོང་ཚད་ཅིག་བརྫངས་རྗེས། དེ་ན་ཡོད་པའི་ཁྲོམ་ཡོ་ལ་གནང་ནས། བསྒར་མ་ཟོ་ལ་ལོག་རྒྱུག ཨོཾ་ཀྱང་མ་ཎི་པདྨེ་ཧཱུྃ། གསུང་ནས་རྐང་དུང་སྐད་ཆེ་བ་གསུམ་བུས་ནས་གཤེགས་སོང་ཞིང༌། རྐང་དུང་གི་སྐད་པཎ་ཆེན་རིན་པོ་ཆེའི་སྙན་དུ་དགོངས་རེས་བཞིན་རྟོགས་ལྡན་གྲགས་པ་ཅན་ཞིག་ཡོང་རེད་ལན་གསུམ་བཏུད་མར་གསུང༌། འདི་དུས་པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་ན་རྗེ་ཁོག་ལུང་པ་བཞུགས་པའི་གསུང་སྒྲོས་ཡིན། དེ་མཚམས་སྟོན་སེར་འདུ་ཁང་གི་རབ་གནས་གནང་ཞིང༌། བཀའ་ལས། དགེ་འདུན་འདུ་བའི་འདུ་ཁང་གི་རབ་གནས་ཚུལ་ལྡན་མང་ཐོས་རྣམས་ཚོགས་ནས་མཐུན་པའི་གསོ་སྦྱོང་གི་དགའ་བ་ཉམས་སུ་མྱོང་བ་ཞིག་ཡིན་པས། རང་རེ་ཡང་བྱམས་པའི་སྐུ་དང་གོས་སྐུ་ལྷ་ཁང་སོགས་ཀྱི་རབ་གནས་ལ་ཆོས་འཁོར་ཨེན་ཙམ་ཞིག་ཨེ་འགྲུབ་ལྟ་དགོས་ཞེས་བཀའ་ལུང་འབུས་ཙམ་རབ་གནས་དེར་བཞུགས་ཀུན་ལ་གསུང་ཞིང༌། རབ་གནས་གྲུབ་ཉིན་ཆོས་རྗེ་བློ་གྲོས་རྒྱལ་མཚན་པའི་དྲུང་དཔོན་སློབ་རྣམས་ངོར་ནས་ཕེབས་པ་ལ་རྟེན་འབྲེལ་ལེགས་གསུངས་ནས། འདུ་ཁང་ཉིད་དུ་བཞུགས་གདན་གྱི་བཀོད་ཤོམས་གནང་ནས་མཇལ་འཕྲད་སོགས་མཛད་ཅེས། དེ་དུས་ཕྱགས་ཕྱིར་ཡོད་པའི་མངའ་རིས་པ་འགའ་ལས་ཐོས་ཤིང༌། ཆོས་རྗེ་བློ་གྲོས་རྒྱལ་མཚན་པའི་དྲུང་གིས་མངའ་རིས་རང་དུ་མདོ་ཕྱོགས་ཀྱི་གསན་སྦྱོང་ཕར་ཕྱིན་འདུལ་བ་སོགས་ལ་གནང་ཚར་བའི་གསེར་མདོག་ཅན་ཚོར་ཚད་མ་རང་གི་གསན་སྦྱོངས་ལ་ཞབས་གཏད་ཡིན་པའི་ཐུགས་འདུན་གནང་ནས། ཐོག་མར་ཚད་མའི་རྟགས་རིགས་བློ་རིགས་ཀྱི་ཞལ་རྒྱུན་བཞེས་ཤིང་དེ་དུས་ཀྱི་གཏོབ་ཆོས་གྲོགས་ལྡན་རྣམས་མངའ་རིས་པ་ནང་མཐུན་གྱི་དགོངས་པས་མཁས་པ་དོན་ཡོད་པས་ཕྱག་གཡོག་བསྒྲུབ། དེར་དབྱར་གནས་འདུལ་གྲྭར་ཆོས་རྗེ་བློ་གྲོས་རྒྱལ་མཚན་པས་ཀྱང་ཕེབས་ནས། སྔར་མངའ་རིས་སུ་ཐུགས་གཉེར་གནང་བའི་གྲྭ་ཚང་ཆེན་མོ་བའི་ངག་སྒྲོས་སྟེངས་ནས་བཤད་པ་མཛད་དུས། ནང་པ་རྗེ་རོང་ཆོས་མཛད་པ་ཡང་འདུལ་གྲྭ་ལ་ཡོད་པས། ཁོང་གིས་ཤགས་ཀ་ཕུལ་ནས། ལྷ་ཡུལ་དུ་འདྲེ་སྐད་དེ་འདྲ་མི་གནང་བ་ཞུ། ཉི་ཤུ་དགུ་ལ་གསོ་སྦྱོང་བཅུ་བཞི་པ་བྱེད་པ་ནི། གཞན་དག་འབལ་མོ་དང་ལྷན་ཅིག་གསོ་སྦྱོང་དག་མིན་མ་དག་མིན་བྱེད་པའི་གཏམ་སྐད་ལགས་ཞུས་པས། ཆོས་རྗེ་བློ་གྲོས་རྒྱལ་མཚན་པའི་དྲུང་འཕྲལ་དཔོན་པོ་བློ་མ་གཞི་མཐུན་པའི་ངར་པོ་ཡོད་པས། སྐུ་སྐེད་ནས་བ་སོའི་ཡུ་བ་བྱས་པའི་ཕྱག་ཤན་ཆུང་ཆུང་ཅིག་བཏོན་ཏེ། འདུལ་བ་ཉག་གཅིག་ལ་ཁྱེད་ལས་ངའི་བླ་མ་དཔལ་འབྱོར་བཟང་པོ་མི་མཁས་རིའི་དབུ་བསྙུང་བཞེས་པས། དེར་བཞུགས་ཡོ་ཐུགས་ལྷག་པར་མཛངས་པ་རང་ཞིག་གི་ངང་ལ་གྱེས། དེར་དེའི་སྔ་དྲོའི་སྟེངས་སུ་མཁས་པ་དོན་ཡོད་པས་པཎ་ཆེན་རིན་པོ་ཆེའི་དྲུང་དུ་བྱོན་ནས་གསོལ་བའི་ཕྱགས་ཕྱི་གནང༌། གསོལ་བ་གྲུབ་འཕྲལ་གསོལ་རྟིང་མའི་གསོལ་ཇའི་སྟེང་དུ། ནང་པ་རྗེ་རོང་པ་ཡང་བྱོན་བྱུང་བས་མདང་གི་སྐྱོར་ཟློས་བྱས། ཁྱེད་མངའ་རིས་ཀྱི་ཆུ་ཀུ་ཅོ་འདོན་ས་ནས་ཡོངས་པ་ཚོ་ལ་ཞེད་དོ་ཟེར་བ་ལ། པཎ་ཆེན་རིན་པོ་ཆེའི་དྲུང་གིས་བཀའ་བཀྱོན་མཛད། རང་ཕལ་པ་ནང་གི་ཁ་འཆལ་ཡུལ་གཉེན་པོ་ལ་སྤོབ་ཏོལ་བྱེད་པ་ཧ་རང་ཆེ། ངས་རྒྱལ་ཁམས་ཆུ་བཞིན་བསྐོར་ཡང་དཔོན་གཡོག་གི་ཤན་ཕྱེད་པ་གློ་བོ་སྨོན་ཐང་རང་གཅིག་པོར་འདུག་གོ །མཁས་བཙུན་དཔལ་འབྱོར་བ་ཟེར་བ་དེ་ཀུན་པའི་ཐུགས་ལ་འདུལ་བ་ལུང་བཞུགས་ཟེར་བས། ཆོས་རྗེ་པ་གསུང་བ་ཡང་མང་མོད། རང་རེའི་འདི་ན་མདོ་རྩའི་འགོ་ཞབས་གཙང་སིང་ངེ་བ་ཡང་བློ་ལ་ཐོན་པ་ཡང་དཀའ་བར་འདུག་གོ །འོན་ཀྱང་སྔོན་སློབ་དཔོན་མི་ཉག་པའི་བློ་ལ་འདུལ་བ་རྒྱ་ཆེར་འགྲེལ་བྱང་པོ་ཡོད་པས་ང་རྒྱལ། ངེད་རང་ལ་དྲུང་པ་ཆོས་རྗེར་འབོད་པས། འདུལ་བ་རང་ལ་ང་རང་མཁས་སྙམ་ནས་ཉན་དུས། དྲུང་པ་ཆོས་རྗེའི་བཤད་པ་དེ་ཐོས་ཙ་ན་ངའི་བློའི་རྒྱ་ཆེར་འགྲེལ་དེ་ཡི་གེ་ནག་ཐམ་ཐམ་དེར་རེད་ཟེར། ད་གཟོད་ངེད་རང་ལ་དག་པ་འདྲོངས་པ་ཡིན་ནོ། །དཔེ་དེ་བཞིན་ལུང་སྡེ་བཞི་ཡང་ཡི་གེར་ཀ་བཞུགས་ལས་ཆེ་ནའང༌། རྒྱལ་བའི་བཀའ་དྲི་མ་མེད་པ་ཐུགས་ལ་མངའ་བ་ངོ་མཚར་ཏོ། །གསུང་ཞེས་མཁས་པ་ཆེན་པོ་དོན་ཡོད་པ་ལས་དངོས་སུ་ཐོས་སོ། །དེར་ནཻ་གུའི་ཁྲིད་ཀྱི་གསོལ་བཏབ་དང༌། ད་ལྟའི་ནཻ་གུའི་བརྒྱུད་འདེབས་འདི་ཡང་ཆོས་རྗེ་བློ་གྲོས་རྒྱལ་མཚན་པས་ཀ་དེ་དུས་གསོལ་བ་བཏབ་ནས་གནང་བ་ཡིན་ནོ། །ཁྲིད་ལ་རྗེ་དྲུང་གཏིང་སྐྱེས་ནས་སྐུ་མཆེད་གསུམ་དང༌། རྗེ་བྲག་དམར་བ། སློབ་དཔོན་རྣམ་པ་བཞི་སོགས་དྲག་པ་ཀུན་ཡོད་ཅིང༌། ཁྲིད་གྲོལ་རྗེས་ནཻ་གུའི་དབང་རྣམས་གསོལ་བཏབ་གནང་བས་པཎ་ཆེན་རིན་པོ་ཆེའི་ཞལ་ཀུར་གྱི་ཚུལ་གྱིས། ནཻ་གུ་དབང་ལ་ཚོགས་འཁོར་བཟང་པོ་དང༌། གསེར་གྱི་མཎྜལ་དགོས་ཟེར་བ་ནི་འདུག་གསུངས་པས། དེ་ཉིན་ཆོས་རྗེ་བློ་གྲོས་རྒྱལ་མཚན་པ་ལ་ཉ་རི་དགའ་བདེ་བས་བཞེས་སྤྲོ་སྣ་ཚང་དང༌། ཤ་སྐམ་གཙང་ཁོག་པ་མང་པོ་ཕུལ་བ་རྣམས་དང༌། གསེར་ཐིག་པོ་ཞོ་བཅུ་གསུམ་འགོད་པ་ཅིག་རྣམས་བཀོད་ནས། བསྐྱར་ཞུས་ཕུལ་བས་ཞལ་གྱིས་བཞེས། སྒྱུ་ལུས་དབང་མོ་ཆེ་དང་ཆོས་དྲུག་སོ་སོའི་བཀའ་དྲུག་ཙམ་སྩལ་ཞིང༌། ཚོགས་འཁོར་ནི་མ་གནང༌། མཚོན་བྱེད་བུར་རྡོག་རེ་བཀྱེ་ཞེས་གཏམ་དུ་སྒྲོག་གོ །དབང་ལ་རྗེ་བློ་གྲོས་རྒྱལ་མཚན་པ། རྗེ་ཀུན་དགའ་བཀྲ་ཤིས། འཕན་ཡུལ་གྱི་དགའ་མོ་ཆོས་མཛད་པ། པུ་རངས་པ་དཔལ་ལྡན་བློ་གྲོས། གློ་བོ་བ་ཡིན་པའི་དབུས་ཕྲུག་ཏུ་མིང་གྲགས་པ། དྲིལ་བུ་བསམ་སྡིངས་པའི་བླ་མ་རྟོགས་ལྡན་པ། སྤན་རྒྱ་རྒན་པའི་མི་ངོར་བྱེད་པའི་བཀའ་བཅུ་པ་ཆོས་དཔལ། དྲུང་ཡིག་ཆོས་རྒྱན་པ་རྣམས་ཡིན་ཟེར་ཞིང༌། གཙང་དབུས་གཉིས་སུ་སྔ་ཕྱིར་ནཻ་གུའི་ཁྲིད་གྲངས་མེད་སྩལ་ཀྱང༌། ཁྱི་ལོ་རྒྱ་མར་ལན་གཅིག་དང༌། དེ་དུས་ལས་དབང་བཀའ་ནི་གཏན་མ་གནང་ཞིང༌། གཙང་དུ་ཤངས་པའི་གསེར་ཆོས་ལྷག་མ་བཞི་ཡང་མ་གནང་ངོ༌། །དེས་ན་རྗེ་བྲག་དམར་བས་ནཻ་གུའི་བཀའ་བྱིན་རླབས་རྣམས་ལྕགས་སུ་ཆོས་རྗེ་མོན་རྫོང་པ་ལ་གསན་དུ་ཕེབས་ཤིང༌། རྗེ་སེམས་དཔའ་བྲག་དཀར་བས་རྣལ་འབྱོར་གྱི་དབང་ཕྱུག་ཛྙཱ་ན་སཱ་ག་ར་ལས་གསན་དགོས་པ་བྱུང་བས་མཚོན་ནོ། །ནཻ་གུའི་ཆོས་རྣམས་གྲོལ་རྗེས། ཆོས་རྗེ་བློ་གྲོས་རྒྱལ་མཚན་པས་གསོལ་བཏབ་གནང་ནས། དུས་འཁོར་གྱི་དབང་སོགས་གནང་བའི་སྤྱི་བཤད། རྗེ་དུས་ཞབས་པའི་གསུང་སྒྲོས་དཔེ་རིས་རྣམས་ཀུན་མཁྱེན་བུའི་ངེས་དོན་སྙེ་མའི་སྟེངས་སུ་སྦྱར་བའི་རྒྱས་བཤད་གནང༌། དཀྱིལ་འཁོར་བྲི་བ་ལ་དགོངས་པས། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་པ་ངོར་ན་བཞུགས་པ་ལ་རྗེ་བློ་གྲོས་རྒྱལ་མཚན་པས་བཀའ་ཤོག་གནང་ནས་འབོད་མི་དང་ཆིབས་སུ་ཡང་གནང་ནས་ཕེབས། དེ་ཕྱིན་དུས་འཁོར་གྱི་ས་རིས་སྐོར་མགོ་སོགས་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་པས་མཛད། དེར་ཤིང་ཕོ་སྟག་གི་ལོ་ཤར་བ་པཎ་ཆེན་རིན་པོ་ཆེ་དགུང་ལོ་རེ་བདུན་ཕེབས་སྐབས་དེར། རྗེ་བློ་གྲོས་པའི་དྲུང་ཞྭ་ལུ་རི་ཕུག་ཏུ་ཆོས་རྗེ་མཁྱེན་རབ་པ་ལ་ཡོ་གའི་དབང་གསན་པ་ལ་གློ་བུར་དུ་ཕེབས་རྗེས། དུས་འཁོར་གྱི་རྡུལ་མཚོན་འདུ་ཁང་གསར་པར་བདག་གི་ཡོངས་སུ་འཛིན་པའི་བཤེས་གཉེན་མཁས་པའི་མཁས་པ་མཁས་མཆོག་དཔལ་ལྡན་ཚུལ་ཁྲིམས་པའི་ཞལ་སྔ་ནས་ཀྱིས་ཕྱག་གཉིས་ཀའི་འཕྲུལ་གྱིས་ལེགས་པར་འབྲི་བ་གནང་བས། སྤྲུལ་སྐུ་བི་ཤྭ་ཀརྨའི་ངོ་བོར་གྱུར་པ་ནང་པ་སྨན་བླ་དོན་གྲུབ་པ་ཡང་ཐུགས་ཧ་ལས་པར་གྱུར་ཀྱང༌། མཚན་ཉིད་སྐད་ཀྱི་ཆགས་སྡང་མཁན་རྣམས་ཀྱིས་འཕྱས་འདོགས་པའི་ངག་ཚིག་སྒྲོག་པ་བྱུང་ངོ༌། །དེ་དུས་དུས་འཁོར་བདག་པོ་ཆེན་པོའི་དབང་གི་མཐར་ཐུག་པ། རྒྱུད་འགྲེལ་ཡོངས་རྫོགས། གཞན་སེམས་འགྲེལ་གཉིས་དང་བཅས་པའི་བཤད་པ་མཐའ་ཆོད་གནང་རྗེས། ཉུང་བསྡུས་ལ་སྦྱོར་བ་ཡན་ལག་དྲུག་པ་གནང་བས། སློབ་དཔོན་ཚལ་པ་རིན་ཆེན་རྒྱལ་མཚན་པའི་དྲུང་སྔ་བར་བཞེངས་ནས་པཎ་ཆེན་རིན་པོ་ཆེའི་དྲུང་དུ་ཕེབས། ག་རེ་ངེད་ལ་མི་ཤིས་པ་ཨེ་ཡིན། དུ་བས་ནང་ཆུང་གང་བ་བྱུང་བས། བྱིན་རླབས་ཞུར་འོངས། ཞུས་པས། པཎ་ཆེན་རིན་པོ་ཆེས་བཞད་མོ་གནང༌། ངེད་རང་མཚན་ཉིད་པ་སྐམ་པོ་རང་ཡིན། དེ་ཐུགས་དམ་ལགས་མོད་གསུངས་པས། ཡ་ཅི་སོ་མ་སོང་བའི་ཟར་ཟིར་ཞིག་ནི་འདུག་ཅེས། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་དངོས་ཀྱི་གསུང་ལས་རྣ་བར་སོན་པའོ། །དེ་ནས་རྗེ་བྲག་དམར་བས་ཞུ་བའི་གཙོ་བོ་གནང་བས། གསང་འདུས་འཕགས་སྐོར་གྱི་དབང་རྒྱུད་རིམ་ལྔའི་ཕྱག་ཁྲིད་རྣམས་ཀྱང་སྩལ་ལོ། །དེ་ལོ་དཔྱིད་ཆོས་སྲེད་ཁ་སྦེད་བཏེག་ཅིང༌། དེར་དཔོན་ས་བདག་ཆེན་མའི་དྲུང་ལ་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་གནང་ནས། རྣར་ཐང་པས་ཟླ་ཕྱེད་ཕོག་ཅིག་ཕུལ། ཆུ་མིག་ཏུ་བཞུགས། དེའི་རིང་སྒྲོལ་མ་ཉེར་གཅིག རྣམ་དག་གཙུག་གི་ནོར་བུའི་ལུགས་ཀྱི་དབང་རྗེས་གནང་ཚོགས་ལ་སྩོལ་བར་མཛད་ནས། དབྱར་གནས་ལ་གསེར་མདོག་ཅན་དུ་ཕེབས་པས། སླར་རྣལ་འབྱོར་དབང་ཕྱུག་དབུས་སྨྱོན་རུས་པའི་རྒྱན་ཅན་ཞབས་དྲུང་དུ་བྱོན། ལས་ཅན་གྱི་གདུལ་བྱར་གཟིགས། ལམ་འབྲས་ཞག་བདུན་མ་དང༌། རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པ་སོགས་སྩལ། དེ་དུས་རྗེ་དབུས་སྨྱོན་པས་ཨ་ཡ་སྤྲང་པོའི་ཁང་པར་གནས་ཚང་གནང༌། དེར་ཆོས་ཀྱི་ཡོན་དུ་ཇ་ཉག་རེ་ལ་ཇ་སིགས་རེའི་གཟུགས་བཅོས་པའི་སིག་མ་བཅུ་གསུམ། ལྷ་ས་ཞོའི་གསེར་ཞོ་བཅུ་གསུམ་སོགས། བཅུ་གསུམ་མཚན་པ་བཅུ་གསུམ་གྱི་འབུལ་བ་མཛད་ཅེས། རི་དྭགས་ཀྲྀཥྞ་ས་རའི་པགས་པ་ཞིག་བཏིང་བའི་ཁར་རྗེ་གྲུབ་ཐོབ་དབུས་སྨྱོན་པ་རང་གི་དབུ་རལ་བཀྲམས། དེའི་སྟེང་དུ་པཎ་ཆེན་རིན་པོ་ཆེའི་ཞབས་གཉིས་བཞག་ནས། ཡུན་རིང་དུ་སྨོན་ལམ་འདེབས་པ་གནང་ཞིང༌། བརྟག་གཉིས་ཀྱི་བསྡུས་དོན། དབུ་མའི་ལྟ་ཁྲིད། རྣམ་ཐར་བསྟོད་པ་དགེ་ལེགས་ཀུན་འབྱུང་མ་ཡང་བསྐུལ་བར་མཛད། པཎ་ཆེན་རིན་པོ་ཆེས་དབུས་སྨྱོན་རྡོ་རྗེ་བདུད་འདུལ་ཞེས་མཚན་དུ་གསོལ་ཞིང༌། ཕྱིར་ལམ་སྨྱུག་ལའི་མི་གཅོད་གནང་བས་བར་ཆོད་ཀྱི་གཡུལ་ལས་ཡོངས་སུ་རྒྱལ་ཏེ་གྲགས་པས་འཛམ་གླིང་མ་ལུས་པ་ཁྱབ་པར་གྱུར་ལ། ཕྱིས་པཎ་ཆེན་རིན་པོ་ཆེའི་ཞལ་སློབ་ཆེ་ཕྲ་ཡོངས་ཀྱིས་བླ་མར་བཀུར་ཞིང་ཞབས་ཀྱི་པདྨོ་སྤྱི་བོས་མཆོད་པར་བགྱིད་དོ། །སླར་པཎ་ཆེན་རིན་པོ་ཆེ་དགུང་ལོ་བདུན་ཅུ་དོན་ལྔའི་སྐབས་སུ་ཕེབས་དུས་ཀྱང་གླང་ཐང་ཚོར་མཇལ་བ་ལ་ཕེབས། ལམ་སྐོར་ཕྱི་མ་བརྒྱད་གསན་ཞིང༌། བསྡུས་དོན་གྱི་ཡི་གེ་ཡང་ཞུས། དེ་དུས་དྲུང་ཆེན་སངས་རྒྱས་སེང་གེ་བ་དང་དྲུང་ཡིག་ཆོས་རྒྱན་པ་སོགས་ཕྱག་གཡོག་ཀུན་ལ་བྱིན་རླབས་ཞུ་བ་གནང་ཞེས་བརྫུན་མེད་ལས་ཐོས་སོ། །ཚུལ་གནས་ཐོས་པའི་ལང་ཚོ་རྒྱས་པའི་བཞིན། །ཆོས་ཅན་དག་པའི་དབྱིངས་ཀྱི་མཛའ་བོ་པ། །ལེགས་བཤད་གཏམ་གྱི་སྐྱེས་ལ་མངོན་སུམ་དུ། །དགའ་བའི་མཛུབ་མདངས་མི་གཡོ་སྲིད་འདིར་སུ། །ཆེན་པོའི་ཁེངས་པས་སློབ་གནས་སྤངས་པའི་དཔེ། །རྒྱ་ཆེན་ཡི་གེའི་ངལ་བས་ཡིད་གཡེངས་པ། །སྣ་ཚོགས་རང་གཞན་བརྗོད་ཚིག་འཁྲུལ་པའི་བློའི། །མུན་པའི་ཀློང་དེ་མཁས་པའི་སྒྲོན་མེས་བསལ། །ཡིག་འབྲུའི་ཚོགས་པས་སེམས་མགུ་དྲེགས་ལྡན་རྣམས། །ལུང་རིགས་གཞལ་བྱས་དཔྱད་ཚེ་སྨྲ་བ་བྲལ། །ཅི་ལབ་ཁུངས་ཀྱིས་ཕོངས་པའི་ཟོལ་སྦྱོར་ནི། །བསྒྲུབས་ལ་གཞོལ་བར་འདོད་པའི་ཚིག་གིས་སྒྲིབ། །དཔྱོད་ལྡན་རིགས་པའི་མཚོན་ཆའི་འཁོར་ལོ་པ། །ལུང་ཚིག་བརྩོན་པའི་ཆོས་གྲྭ་ཆེར་བཞུགས་ནས། །རྣམ་འགྱུར་མི་འདྲའི་རང་གཞན་གྲུབ་མཐའི་སྲོལ། །དགག་བསྒྲུབ་ཚུལ་བརྒྱ་ཤེས་དེ་མཁས་པ་ཡིན། །བསྒྲུབ་དང་སུན་འབྱིན་རིགས་པའི་ང་རོ་པ། །གསང་སྔགས་བཟླས་པའི་ནུས་མཐུ་མངོན་གྱུར་པ། །གནས་དོན་ཕྱག་རྒྱ་ཆེ་ལ་དབང་བསྒྱུར་བ། །ཁྱེད་ལ་མཚན་དུ་ཇི་ལྟར་སྦྱོར་མ་ཤེས། །རྒྱ་ཆེན་གཙུག་ལག་རྒྱལ་བའི་སྐུ་གཟུགས་དག །དཔེ་བྲལ་བསྒྲུབས་པའི་མཛད་པས་སྐྱེ་དགུ་ཚིམ། །གསུང་གི་བདུད་རྩིས་མཁས་རྣམས་ཡིད་མགུ་ཞིང༌། །རྟོགས་པའི་གཟི་ཡིས་གྲུབ་བརྙེས་རལ་པའི་རྩེར། །ཁྱོད་ཞབས་བཀོད་པའི་ཟིལ་ཆེན་ཨེ་མ་ཧོ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། མཁས་པ་དང་གྲུབ་པའི་དཔལ་འཛིན་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་དུ་བྱེད་པ་ཉི་ཤུ་རྩ་གཅིག་པའོ།།  །།དེར་དགུང་ལོ་རེ་བརྒྱད་ཀྱི་སྟེངས་སུ་སོན་པ་ཤིང་མོ་ཡོས་ཀྱི་ལོ་གསར་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དགོངས་པའི་དབང་ལས། སྟག་ལོ་ནང་དུ་སྡེ་སྣོད་འཛིན་པའི་བཤད་གྲྭ་མ་ལུས་པར་སྙན་གསན་གྱི་ཞུ་འཕྲིན་ཡི་གེར་བཀོད་པའི་བྱ་མ་རྟའི་ཚོགས། ཤར་ནུབ་ལྷོ་བྱང་དབུས་དང་ལྔར་འབྱེད་པ་གནང་ཞིང༌། སླར་ཡང་ཡོས་ལོ་དེ་ཉིད་ཀྱི་རྟ་ཟླའི་གྲལ་ཚེས་དཀར་བ་ནས་དབུ་འཛུགས་པར་དགོངས་ཀྱང༌། རྒྱུ་སྐར་གྱི་དབང་དང་གསོ་སྦྱོང་གི་དུས་མཚམས་ལ་བརྟེན་གནམ་གང་གི་ཉིན་ནས་དབུ་ལེགས་པར་བཙུགས་ཏེ། དེ་ཡང་ཐོག་མའི་ཉི་མ་དེ་ཉིད་ལ་གཞི་བཞུགས་ཕྱོགས་ནས་འདུས་པ་དང་བཅས་པའི་དགེ་སློང་གི་དགེ་འདུན་སྡེ་སྣོད་འཛིན་པ་ཚུལ་ལྡན་མང་ཐོས་དེ་དག་གི་གྲལ་དབུར་གདན་སེང་གེའི་ཁྲིར་བརྟེན་པར་བཞུགས་ཏེ། དུས་བཟང་གི་གསོ་སྦྱོང་གི་རིམ་པ་སྔོན་ཆད་ཡོངས་སུ་གྲགས་པ་སྤྱི་ལས་ཁྱད་པར་དུ་གྱུར་པ། གང་འདུལ་བ་ཉིད་ཀྱི་ལག་ལེན་ལས་འོངས་པའི་ལེགས་པར་ཕྱེ་བའི་སྲོལ། གངས་ཅན་གྱི་འདུལ་བ་འཛིན་པ་ཆེན་པོ་དག་གི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་བཀྲ་ཤིས་པའི་གསོ་སྦྱོང་གིས་དགེ་མཚན་གྱི་མཛད་པ་ཁྱད་པར་ཅན་གྱི་སྒོ་དབྱེ་བར་སྣང༌། དེ་ནས་ཆོ་འཕྲུལ་གྱི་ཡར་ཚེས་ནས་བཟུང་སྟེ། ཞག་ཉེར་གཅིག་གི་རིང་ལ་དཀོན་མཆོག་གི་རྟེན་བྱམས་སྐུས་གཙོ་མཛད་པའི་སྤྱན་སྔར་དར་གྱི་ལྷབ་ལྷུབ་ཕྱེ་མའི་ཕུར་མ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་གྱི་ཁྱད་པར་བཅུ་ཕྲག་རེ་དང༌། མེ་ཏོག་དང་དྲི་དང༌། ཁལ་ལྔ་བཅུ་ཙམ་གྱི་ཞལ་ཟས་ཟུང་གིས་ཐོག་དྲངས་པའི་ལྔ་བརྒྱ་ཙམ་དང༌། དཀར་མེའི་ཕྲེང་བ་ཉིན་མཚན་འཁོར་ཡུག་ཏུ་བརྒྱ་རྩ་རེ་དང༌། མཚན་ཐོག་ཐག་མར་མེའི་རྒྱལ་མཚན་བརྒྱ་ཕྲག་གཉིས་དང༌། གཞན་ཡང་རོལ་མོའི་བྱེ་བྲག་སྣ་ཚོགས་རྣམས་ཀྱིས་བཀུར་སྟི་དང༌། བླ་མ་དང༌། རི་མོ་དང༌། ཞེ་ས་དང་ཕུ་དུད། དུས་སོ་སོ་བ་རྣམས་སུ་མཆོད་འབུལ་དུ་བགྱིས་ཤིང༌། འདུས་པའི་དགེ་འདུན་གྱི་ཚོགས་རྣམས་ལ་སྤྱི་ཟོའི་ནས་ཁལ་སྤུས་དག་མ་གཉིས་རེའི་ཕོགས་དང༌། དབུ་གཞུང་ཐོན་གསུམ་གྱི་བསྙེན་བཀུར་བཟང་པོ་དང༌། མང་ཇ་ཞག་ཉི་ཤུ་རྩ་གཅིག་ལ་ཟུར་ཆོས་པ་དང༌། གཞུང་ལུགས་རབ་འབྱམས་སྨྲ་བ་བརྒྱ་ཕྲག་ལྷག་ཙམ་ལ་གསོལ་ཇ་གང་བཟང་རེའི་སྦྱོར་སྟེངས་སུ། ནང་རེ་བཞིན་ཆོས་ཀྱི་བགྲོས་པ་སྒོ་དུ་མ་ནས་གླེང་བ་དང༌། ཚོགས་སུ་མང་ཇ་ཟུང་དུ་སྦྲེལ་བ་ལ་མང་ཇ་སྔོན་མ་ལ་ཁལ་བཅུ་དང༌། ཕྱི་མ་ལ་ཁལ་ལྔ་བཏབ་པ་དང་བཅས་པའི་བསྙེན་བཀུར་སྔོན་དུ་འགྲོ་བས། དེར་འདུས་པའི་ཚོགས་གྲངས་སུ་བགྱིས་པ་སྟོང་བརྒྱད་བརྒྱ་ཙམ་དང༌། ཟུར་ཆོས་དང་གཞུང་ལུགས་རབ་འབྱམས་སྨྲ་བ་བརྒྱ་ཕྲག་ཙམ་དང༌། རིགས་གྲྭ་དང་ལུང་གྲྭ་ཆེན་མོར་གཏོགས་པ་སུམ་བརྒྱ་ཙམ་དང༌། དེ་ལྷག་གཞུང་འཛིན་གྱི་མཐར་བརྟེན་ནས་བྱོན་པ་རིགས་གྲྭ་ལུང་གྲྭ་སོ་སོར་མ་ཕྱེ་བ་རང་རང་རྣམ་པར་དཔྱོད་པས་ཕྱེ་བའི་བཤད་པ་བགྲོས་གླེང་རྣམས་གང་དགར་མཛད་ཅིང༌། ཁྲོམ་ཚོགས་ཚོམ་བུ་རིགས་སུ་བཞུགས། ཚོགས་སུ་ལུང་རིགས་བརྡ་སྤྲོད་ལ་བློའི་སྤོབས་པ་ཐོབ་པ་ཤ་སྟག་གིས་ཉིན་ཐོག་ཐག་བཤད་པའི་ཚུལ་རྒྱ་ཆེན་པོས་དུས་འདའ་བ་དང༌། མཚན་ཐོག་ཐག་བགྲོ་གླེང་ལ་བཞེངས་ནས་མཐའ་གཅོད་པའི་རིགས་པའི་འཕེན་ལེན་འཁོར་ཡུག་ཏུ་གནང་བའི་དབང་པོའི་ཚུལ་ཉིད་དུ། གྲལ་དབུ་ལ་པཎ་ཆེན་རིན་པོ་ཆེ་ཉིད་འབྲེལ་མེད་དུ་བཞུགས་ཤིང༌། ཡར་ཚེས་ཀྱི་གྲལ་ཚེས་གསུམ་པ་ལ་སྤན་རྒྱ་རྒན་ནང་པས་ཐོག་མའི་འཛུགས་སྟོན་ལེགས་པར་ཞུས་ཤིང༌། དེའི་ཕྱི་ཉིན་ནས་བརྩམས་ཏེ། ཚེས་བཅུའི་བར་དུ་སྡེ་སྣོད་འཛིན་པའི་བཤེས་གཉེན་རྣམ་དཔྱོད་ཀྱི་ཟུར་ཐོན་པ་དག་ཆོས་ཀྱི་ཁྲི་བཤམས་པ་གདུགས་དང་རྒྱལ་མཚན་བསྒྲེང་བའི་སྟེངས་སུ་འཁོད་དེ། ཉི་མ་དང་པོ་ལ་སྡེ་བདུན་མདོ་དང་བཅས་པའི་བཤད་པ་དྲི་མ་ཅན་དུ་དགག་ཡུལ་སོ་སོ་ནས་ཚིག་འབྲུ་གཞན་གཞུང་ཇི་ལྟར་བར་བཤད་ནས། དེ་ཉིད་སུན་འབྱིན་པའི་གཏན་ཚིགས་ཀྱི་སྒྲུབ་པ་རོ་གསང་མཐོན་པོའི་འཇོག་ལུགས་གཟེངས་སུ་མཐོ་བའི་བཤད་པ་སྤྲོ་བར་མཛད་ཅིང༌། དེ་ཕྱི་ཉིན་རང་གཞུང་གི་བཤད་བྱ་སྙིང་པོར་ཁས་ལེན་པའི་ངག་ཚིག སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཚད་མ་རིགས་པའི་གཏེར་རྩ་འགྲེལ་དུ་བཀོད་པའི་གཞུང་གི་ཆ་འབའ་ཞིག་པ་བཏུས་པ་རྩ་དམ་དུ་འགོད་པའི་བཤད་ཚོམས་དང༌། ཉི་མ་གསུམ་པ་དང་བཞི་པ་ལ་འདུལ་བ་མདོ་རྩ་དང༌། ཀརྨ་ཤ་ཏཾ་གྱི་རྒྱས་བཤད་རང་བཞེད་དུ་བསྐྱར་ནས། ནང་སེལ་ཕྲ་བའི་ཆ་ལ་རང་གཞན་གྱི་དབྱེ་འབྱེད་ཙམ་གྱི་བཤད་འཕྲོས་སྤེལ་ཞིང༌། ཉི་མ་ལྔ་པའི་ཉིན་དམ་པའི་ཆོས་མངོན་པ་མཛོད་ལ་ཁ་བ་ཅན་དུ་ཕྱིས་ལོག་པར་སྒྲོ་འདོགས་པ་མ་བྱུང་ཡང༌། སྔོན་དུས་བཤད་ཉན་ལྷག་པར་དར་བས་སྒྲོ་སྐུར་དུ་གྱུར་པ་དག་གི་བརྗོད་གླེང་ཙམ་གྱིས་མཚོན་ནས། རང་ལུགས་དཔྱིས་ཕྱིན་པའི་ལུང་རིགས་རྣམ་དཔྱད་འདི་ལྟར་ཡིན་ཞེས་བསྒྲགས། ཉི་མ་དྲུག་པ་ལ་དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སྔོན་དང་ཕྱིས་གང་དུ་ཡང་ལོག་པར་བཤད་པ་ཤིན་ཏུ་ཉུང་ཡང༌། འགྲེལ་པ་འགྲེལ་བཤད་བྱིངས་ཆེས་པའི་སྟོབས་ཀྱིས་བཤད་པ་ཟུར་ཐོན་བཤད་ཤེས་པ་བོད་གཞན་གྱི་རྣམ་བཤད་རྣམས་ན་མི་སྣང་བས། གྲུབ་མཐའ་ཟུར་ཕྱིན་པར་འཆད་པའི་རྣམ་བཤད་རྒྱས་པར་འགྲེལ་པར་མཛད་ཅིང༌། ཉི་མ་བདུན་པའི་ཉིན་དབུ་མ་ཐལ་རང་གི་གཞུང་འགྲེལ་གྱི་ཚོགས་རྣམས་ཐད་སོར་བཞག་ནས། ངེས་དོན་བག་ཆགས་ཡོད་པ་རྣམས་ལ་འཆད་ཤེས་པ་སླ་བ་ལྟ་བུ་སྣང་ཡང༌། ཕྱིས་ཁ་བའི་ལྗོངས་འདིར་ངེས་དོན་འཁྱོག་པོར་འདྲེན་པའི་གླེགས་བམ་གྱི་ཚོགས་ཤིན་ཏུ་ཁུར་ལྕི་བས་ནོན་པའི་ལྷད་ཅན་གྱི་ཆ་ལ། གཞུང་དངོས་ཉིད་དཔང་པོར་བཞག་པའི་གནམ་ཐིག་དྲང་པོར་བཏབ་ནས། རྟོག་བཅོས་ཀྱི་རས་མ་འདོར་ཚུལ་ཉིད་ལ་མཐིལ་ཕྱིན་པའི་ལུང་རིགས་རྒྱས་བཤད་འཐེམས་ཆེ་བ་གནང༌། ཉི་མ་བརྒྱད་པ་ལ་སེང་གེ་རྩེ་ཚོ་ནས་བར་སྟོན་བསྒྲུབས་སྟེངས། བྱམས་ཆོས་རྣམ་པ་ལྔའི་ཚིག་དང༌། ངེས་དོན་གྱི་འགྲེལ་ཚུལ་ཐོགས་མེད་ཀྱིས་བཀྲལ་བ་འདི། ཆོས་བདག་པོ་ཉིད་ཀྱིས་བཀྲལ་བའི་བཤད་པ་ཡིན་ཀྱང༌། ཕྱིས་ཀྱི་གངས་ཅན་པས་དབུ་མ་ཐལ་འགྱུར་བ་ཉིད་མཆོག་ཏུ་གྲུབ་པའི་བསམ་སྦྱོར་གྱིས། བྱམས་པའི་ཆོས་འཁྲུལ་པའི་འདམ་དུ་བྱིང་བ་གྱེན་དུ་འདེགས་པའི་ལུང་རིགས་ཚད་ལྡན་གྱི་ཤིང་རྟ་ཆེན་པོའི་གཞུང་ཚུགས་ཀྱི་ཟབ་བཤད་མཐིལ་ཕྱིན་པ་གནང༌། ཉི་མ་དགུ་པའི་ཉིན་རྗེ་བཙུན་ས་སྐྱ་པའི་སྔགས་གཞུང་རྣམས་ཀྱི་ངེས་གནས་མ་ལུས་པ་དགེས་པ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པར་དྲངས་པའི་སྤྱི་བཤད་ཆེ་ལོང་ཙམ་ཆོས་ཀྱི་ཁྲིར་འཁོད་པ་དག་ཅིག་གིས་ཉིན་རེར་སྤེལ་ནས། སླར་གཞན་གྱིས་ཆེད་དུ་བཞག་པའི་དྲང་ངེས་རྣམ་པར་འབྱེད་ཚུལ་ལས་བཟློག་སྟེ། ཤིང་རྟ་ཆེན་པོའི་སྲོལ་གཉིས་འགལ་མེད་དུ་སྒྲུབ་པའི་ལེགས་བཤད། རྒྱལ་བའི་བསྟན་པའི་སྲོག་གི་བདུད་རྩི་གྲུབ་པ་སྔོན་དང༌། ད་ལྟའི་ཕྱོགས་རེའི་མིག་ཅན་དག་གི་བློའི་ཡུལ་དུ་ཅུང་ཟད་ཀྱང་མི་འཆར་བའི་གནད་སྒྲིལ་ཁྱད་པར་བ་དག་དང༌། དེ་ལས་གཞན་ཡང་བཀའ་འཁོར་ལོ་གསུམ་གྱི་བཞུགས་ཚུལ། སྔོན་དང་ད་ལྟའི་མདོ་སྔགས་གཞུང་ལུགས་སྨྲ་བ་སོ་སོའི་བཞེད་ཚུལ་རགས་ཙམ་བསྡུས་ནས། ཞིབ་ལེན་ངག་འདོན་ཉུང་ངུ་རྣམས་གསལ་དུ་ཕྱེ་བའི་བཤད་པ་སྤུས་གཙང་བ་བཀའི་བསྡུ་བ་སང་སང་པོར་སྒྲོག་པ་དང༌། ཡང་བཤེས་གཉེན་བློ་གསལ་བ་སྤོབས་པ་ཆུ་བོའི་གཞུང་ལྟ་བུར་གྱུར་ཅིང༌། ངག་ལྕེ་བདེ་བ་དག་གིས་བསྟན་བཅོས་ལུས་གྲུབ་ཡི་གེར་འཁོད་ཟིན་པའི་རྗོད་བྱེད་ཀྱི་ཚིག་དབུ་ཞབས་གཙང་སིང་བར་ཚོགས་ཀྱི་དབུས་དེར་བཤོར་བ་སོགས་དམ་པའི་ཆོས་ཀྱི་དཔལ་སྦོམ་ཆེན་པོ་ཡང་དག་པའི་རོལ་རྩེད་ཀྱང་བསྒྱུར་བར་མཛད་ལ། དེ་སྐབས་ངལ་བསོའི་ཇ་མཚམས་སོ་སོར་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་སྟོན་པའི་ཆོ་འཕྲུལ་བསྟན་པའི་མདོ་ཚིག་ཚེས་གང་དང་གང་ལ་བབ་པ་དེ་གསུངས་ཤིང༌། ཚེས་བཅུ་མན་གྱི་ཉི་མ་ལྷག་དེ་དག་ལ་ལུང་རིགས་ཀྱི་འགལ་འབྲེལ་དང༌། གཞན་གྲུབ་མཐའི་སྐྱོང་ཚུལ་སོ་སོའི་དབང་ལས་ཁུངས་དང་འབྲེལ་བ་དང༌། དེ་ལས་གཞན་གྱིས་ཀྱང་རིགས་པའི་འགལ་སྤོང་རང་རང་གི་བློའི་འཕྲུལ་ལས་འོངས་པ་དག་རྩོད་པའི་ངག་སྒོར་བྱུང་སྟེ། རིགས་པ་ཡང་དག་པར་མཚོན་པའི་ཐལ་བའི་འགྱུར་བ་བརྗོད་པའི་ལུས་གང་དང་ལྷན་ཅིག་ཏུ་སྐད་སང་སང་པོས་སྒྲོག་པའི་ཐ་སྙད་བགྲོ་གླེང་དུ་སྨྲ་བས་དུས་འདའ་བར་གྱུར་ཏོ། །དེར་སེང་གེ་རྩེ་ནས་བར་སྟོན་ཞུ་བ་དང་དུས་མཚུངས་གྲལ་ཚེས་བཅོ་ལྔ་ཉ་གང་བའི་ཆ་ཤས་རྫོགས་པའི་ཉིན། མཐུན་པའི་གསོ་སྦྱོང་ལ་བསླབ་པ་གསུམ་གྱི་དཔལ་འཛིན་པའི་འདུས་པའི་ཚུལ་ལྡན་དགེ་འདུན་གྱི་ཚོགས་དེ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། དུས་བཟང་གི་མདོ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཆེ་བ་ལེགས་པར་བརྗོད་ནས། སླར་ཡང་དགེ་སློང་གི་ཚོགས་གང་དག་མཆིས་པ་དེ་དག་གི་དབུས་དེར་སོ་སོར་ཐར་པའི་མདོའི་རྩོད་པ་ཞི་བར་བྱེད་པ་ཡན་ལ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས། ངང་པའི་སྒྲ་དང་སེང་གེའི་ང་རོར་ཡོངས་སུ་སྒྲོག་པར་མཛད་ཅིང༌། ཚེས་བཅུ་དྲུག་ནས་བཟུང་སྟེ་ཕྱོགས་ཀྱི་མཁས་པ་རང་རང་གི་དད་མོས་ཀྱི་སྒོ་ནས་ཞུ་ཕུལ་བའི། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འབྲེལ་པ་རང་རང་གི་བློའི་ཡུལ་དུ་འཇུག་པའི་མཆོད་སྦྱིན་ཡང་རིམ་གྱིས་སྩོལ་བཞིན་པའི་ངང་ནས། དུས་ཀྱི་མཐར་སོན་པ་ཉེར་གཅིག་གི་ཉིན་འགྲུབ་སྦྱོར་ལྷག་པར་དགེ་བ་ལ། གཞིས་ཀ་རིན་སྤུངས་ནས་ལེགས་སྟོན་གྱི་མཐའ་རྟེན་གྱི་སྟོན་ཆེན་ཞུས་པའི་དགོངས་ཇ་བླ་བྲང་ནང་ནས་སྩལ་བའི་སྟེང་དུ་རྙེད་པའི་ཡོན། ཆོས་རྗེ་རྣམ་པ་བཞི། ཕྱོགས་བྱོན་གྱི་ཟུར་འཆད་རྣམ་པ། ཚོགས་ཀྱི་དབུ་མཛད་ཆེན་མོ་སྟེ་སུམ་ཅུར་ཉེ་བ་ལ་གསེར་ནས་ཇ་རྣམས་ཀྱི་ཞོ་རེ། ཆོས་རྗེ་རྣམ་པ་བཞི་ལ་མཎྜལ་གྱི་རྒྱན་བཟང་པོ་རེ། གློ་བོ་ཆོས་རྗེ་དང༌། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ་ལ་རྒྱའི་རྡོ་རྗེ་དྲིལ་བུ་ཁྱད་འཕགས་རེ་རེ། རྟེན་ཁེབས་རེ། ཆོས་རྗེ་བྲག་དཀར་བ་ལ་རྟེན་ཁེབས། གདུང་རྟེན་རྒྱ་གར་མ། ཁ་ཆེའི་སྤོས་ཕོར། ཆོས་རྗེ་ཀུན་དགའ་བཀྲ་ཤིས་པ་ལ་རྟེན་ཁེབས། ཏིང་ཤགས་ཛ་ལནྡྷ་ར་མ། དངུལ་གྱི་རིལ་བ་སྤྱི་བླུགས། ཕྱོགས་ནས་སྤྱན་དྲངས་པའི་སློབ་དཔོན་རྣམ་པ་བརྒྱད་ལ་གདན་ཡུག་རེ། ན་བཟའ་སྣ་རེ། རྟེན་ཁེབས་རེ་དང་བཅས་པ་ལྷག་པར་ཕུལ། ཕྱོགས་ནས་བྱོན་པའི་དགེ་འདུན་གྱི་སྡེ་མཚན་སོ་སོ་ལ་ཚོགས་ཟངས་ཆེ་བ་རེ། ཟངས་མའི་བཅུ་རེ། ཇ་ཞོ་རེ། གསང་ཕུ་བ་ལ་དེ་སྟེངས་སུ་སློབ་དཔོན་པ་ལ་ན་བཟའ་ཆ་ཚང༌། གཎྜི། སིལ་སྙན། ཆོས་འཁོར་རྩེ་བ་ལ་གཎྜི་བྱིན་རླབས་ཅན། སེང་གེའི་ཁྲི་ལ་འཁོད་ནས་བཤད་པ་མཛད་པ་རྣམས་ལ་ནས་ཞོ་རེ། ལུང་རིགས་ཀྱི་གྲྭ་ཆེན་མོ་ནས་ཉིས་སྡེབས་སུ་བཞེངས་པ་རྣམས་ལ་ནས་ཞོ་ཕྱེད་རེ། གཞིར་བཞུགས་ཀྱི་དགེ་འདུན་རྣམས་ལ་སེང་གེ་རྩེ་ནས་ཟླ་ཕོགས་རེ་ཆུ་མིག་ཏུ་འབུལ་རྒྱུ་ལ་འདུམ་པར་མཛད་དོ། །ཐོག་མཐའ་བར་གྱི་སྟོན་ཆེན་གསུམ་པོ་ལ་མཚན་བརྗོད་འབུམ་ཐེར་རེའི་རྒྱུ་ཚོགས་གར་འགྲོ་ལ་ཆ་བཞག་ནས་བསྒྲུབས་སོ། །དེའི་ཚེ་གཏན་ཚིགས་སུ་གཞལ་བ་ཡང་བཞེད་ལུགས་རྣམས་གྲངས་མང་བར་སྣང་ཡང༌། དཔལ་ལྡན་ས་སྐྱ་པའི་རྗེས་སུ་འབྲངས་ནས། ཤིང་མོ་ཡོས་ཀྱི་ལོ་འདི་ཡན་ལ་སྟོན་པ་སྐུ་བལྟམས་ནས་ལོ་སུམ་སྟོང་དང་བདུན་བརྒྱ་ཐམ་པ་ལོན། མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་འབུམ་ཊཱིཀ་ལས་གསུངས་པ་དེའི་དབང་དུ་བྱས་པའི་ལུང་གི་དུས་ཀྱི་མངོན་པའི་དུས་ལྔ་བརྒྱ་པ་ཕྲག་གཅིག་ཐལ་ནས། མདོ་སྡེའི་དུས་ཀྱི་མགོ་ཚུགས་ནས་ལོ་བརྒྱ་དང་ཉི་ཤུ་ཙམ་གྱི་དུས་སུ། མདོ་སྡེའི་ལྷག་འབྱུང་འགྱུར་སུམ་བརྒྱ་བརྒྱད་ཅུ་ཙམ་དང༌། འདུལ་བའི་དུས་ལྔ་བརྒྱ་པ་ཕྲག་གཅིག་དང༌། རྟགས་ཙམ་འཛིན་པའི་ལྔ་བརྒྱ་པ་ཕྲག་གཅིག་ལྷག་མར་འབྱུང་ལ། དུས་ཀྱི་འཁོར་ལོའི་ལུགས་ཀྱི་དངོས་བསྟན་དེ་ཉིད་ལ་དབྲི་བསྣན་མེད་པར་བྱས་པའི་ཚེ། ལོ་ཙཱ་བ་ནམ་མཁའ་བཟང་པོས་བྱས་པའི་ཡི་གེ་ན། གདེངས་ཅན་རི་བོ་ལག་མིག་ལ། །ཁྲོ་མོ་ལ་སོགས་འདས་ལོ་བསྲེ། །དེ་ནི་དོན་གྲུབ་བལྟམས་པ་ནས། །ད་ལྟའི་བར་གྱི་འདས་པའི་ལོ། །ཞེས་འབྱུང་ལ། དེ་གཞིར་བྱས་ནས་སྔར་ལུགས་གསུམ་གསལ་བའི་མེ་ལོང་དུ། ས་མོ་གླང་གི་ལོ་ཡན་དུ། འབྱུང་བ་དུས་དང་མེ་མིག་ལ། །ཀུན་དགའ་ལ་སོགས་འདས་ལོ་བསྲེ། །དེ་ནི་དོན་གྲུབ་བལྟམས་པ་ནས། །ད་ལྟའི་བར་གྱི་འདས་པའི་ལོ། །ཞེས་གསུངས་པ་དེ་སྟེངས་སུ་ལོ་ཉི་ཤུ་རྩ་དྲུག་བསྲེས་པས། འབྲས་བུའི་དུས་ཀྱི་ལྔ་བརྒྱ་པ་ཕྲག་གསུམ་དང༌། སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་པ་དང་པོ་ཐལ་ནས། ལྔ་བརྒྱ་པ་ཕྲག་གཉིས་པའི་ནང་ན་ཡོད་པས་འབྱུང་འགྱུར་ལ་སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་པ་ཕྲག་གཅིག་དང་བརྒྱ་ལྷག་ཙམ་དང༌། ལུང་གི་དུས་ཀྱི་ལྔ་བརྒྱ་པ་ཕྲག་ཐམས་ཅད་ལྷག་མར་གནས་ཞེས། ཆོས་འཁོར་དེབ་ཐེར་མཛངས་པ་དགའ་བྱེད་ཉིད་དུ་ཇི་ལྟར་འགོད་པར་མཛད་པ་ལྟར་འདིར་བཀོད་པ་ཡིན་ནོ། །གང་བློས་བརྟགས་པའི་ཚིག་དོན་ཡང་མོ་གང༌། །གང་ཡང་ཁུངས་བྲལ་རྟོག་གེའི་རིགས་པ་གང༌། །གང་དག་བློ་ཆུང་ཡུས་པའི་ཐལ་འགྱུར་གང༌། །གང་གི་མདུན་སར་སྲང་མདའི་རྩ་སྐྱ་གང༌། །ཡང་ཡང་ལེགས་སྦྱངས་ཞི་དུལ་སྨྲ་བ་ཡང༌། །ཡང་དག་མཁས་པའི་གྲངས་སུ་སྒྲོག་པ་ཡང༌། །ཡང་ནས་ཡང་དུ་ཆོས་ཀྱི་བགྲོ་བ་ཡང༌། ཡངས་ཤིང་དྭངས་པའི་གཙུག་ལག་ཁང་དེ་ཡང༌། །རྣམ་མང་འདུས་པའི་ཚོགས་ཀྱི་གཟི་འོད་རྣམས། །རྣམ་དཀར་མཛད་པའི་ལེགས་བྱས་བརྒྱ་ཕྲག་རྣམས། །རྣམ་འགྱུར་མཁས་པའི་བློ་གསལ་སྨྲ་མཁས་རྣམས། །རྣམ་གསལ་བྱེ་བའི་དཔེ་བྲལ་བརྗོད་འདས་རྣམས། །ཕྱོགས་བྲལ་སངས་རྒྱས་བསྟན་པའི་རིམ་གྲོ་བ། །ཕྱོགས་མེད་ཡངས་པའི་འདུ་གནས་ཉམས་དགའ་བ། །ཕྱོགས་བཅུའི་དགེ་བའི་བཤེས་ཀྱི་སྲིད་ཞུ་བ། །ཕྱོགས་འཛིན་དུག་ཆུས་མྱོས་པའི་ཡིད་བློང་བ། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་ངོ་མཚར་གནས། །གནས་མཆོག་བཀོད་པའི་ཁྱད་པར་སྟོན་སྣ་ཚོགས། །སྣ་ཚོགས་བསྙེན་བཀུར་མང་པོའི་མཆོད་པའི་གནས། །གནས་དེར་སྤྱན་དྲངས་མང་ཐོས་གྱུར་སྣ་ཚོགས། །བློ་འདས་གཞལ་བའི་ཡུལ་མིན་འདི་འདྲའི་བློ། །བློ་ཆེན་བྱེ་བས་བསྐལ་བརྒྱར་མི་དཔོག་བློ། །བློ་ཡི་ཁྱོན་དུ་ཆུད་མིན་གང་གི་བློ། །བློ་གྲོས་མཆོག་གིས་དུས་འདིར་བསྐྲུན་པའི་བློ། །རྒྱ་ཆེན་ཚོགས་གཉིས་ཟུང་འབྲེལ་མཁྱེན་པའི་རྒྱ། །རྒྱ་ཆེར་གྱུར་པའི་མཁའ་ཀློང་ཇི་ལྟའི་རྒྱ། །རྒྱ་ཁྱོན་ས་ཆེན་ཡུལ་ལས་འདས་པའི་རྒྱ། །རྒྱ་བོད་གང་དུ་མི་སྲིད་མཛད་པའི་རྒྱ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་བའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་ཉེར་གཉིས་པའོ།།  །།དེར་ཆོས་འཁོར་ལེགས་པར་གྲུབ་རྗེས། དཔྱིད་ཆོས་སྟེངས་སུ་སེང་གེ་རྩེ་ནས་ཀྱི་ཕོགས་འབུལ་དང་སྒོ་འབྲེལ། ཆོས་འཁོར་གྱི་དགའ་སྟོན་ལ་དམིགས་པ་ཡིན་གསུང༌། གཞིར་བཞུགས་ཀྱི་དགེ་འདུན་ཡོངས་ལ་མང་ཇ་ཚར། པཎ་ཆེན་རིན་པོ་ཆེའི་དྲུང་དུ་ན་བཟའ་ཆ་ཚང༌། ཇ་སིགས། གོས་ཕྱི་ནང་སོགས་དྲུང་ནས་རྣམ་པ་བཞི་ལ་ཡང་སྐུ་ཟླམ་རེ་དང་དབུ་ཞྭ། བཞུགས་གདིང་རེ་རེ། དྲུང་ཡིག་ཆོས་རྒྱན་དང༌། དྲུང་ཆེན་སངས་རྒྱས་སེང་གེ་ལ་རིང་ཤག་གོས་སྟོད་མ་རེ་དང༌། གཟན་རེ་སོགས་ཡང་དག་པའི་འབུལ་འདེགས་གནང་ཞིང༌། དཔྱིད་མཚམས་རིང་མོའི་དུས། རྣམ་སྲས་ཀྱིས་ཇ་པ་ཁམས་པའི་གཟུགས་སུ་སྤྲུལ་ནས་ཇ་སྡུམ་དཔེ་བྲལ་གྱི་འབུལ་བ་ཡོངས་ཀྱི་གཟིགས་མཐོང་དུ་ཕུལ་ཞིང༌། བཀའ་ལས། ད་རང་རེའི་བསམ་སྒོ་ཕལ་པའི་ཕྲིན་ལས་ལེགས་ཚོགས་འགྲུབ་པའི་གཏང་རག་ཏུ། ད་ལོའི་དབྱར་འདི་མགོན་ཁང་ཞིག་ཀྱང་བཞེངས་གསུངས་ནས། གུར་ཞལ་འཁོར་བཅས་ཀྱི་རྟེན་བཟོའི་དབུ་འཛུགས་པ་གནང་ཉིན། བལ་པོ་ཕམ་མཐིང་ཚུན་འཁོར་བའི་རྣལ་འབྱོར་པ་གཅིག་གིས་རུས་པའི་རྒྱན་དྲུག་ཁྱད་འཕགས་ཤིག་ཕུལ་ཞིང༌། རྟེན་འབྲེལ་ལྷག་པར་འགྲིག་ཅེས་དགྱེས་པ་གནང་རྗེས་བལ་པོ་ལྷ་བཟོ་བ་གཅིག་ཀྱང་ཞབས་དྲུང་དུ་བྱུང་བས་ཆོས་སྐྱོང་གི་ནང་བཞུགས་ཀྱི་བཅའ་ཚུལ་ནས་བཤད་པའི་བསྒྲུབ་དགོས་ཀུན་ལྷུན་གྲུབ་ཏུ་བྱུང་ནས། བར་ཆད་ཀྱི་མཚན་མ་ཅི་ཡང་མེད་པར་ལེགས་པར་གྲུབ་སྟེ་རབ་གནས་གནང་དུས། ཕྱག་གཡོག་རྣམས་ལ་རོལ་མོའི་སྒྲ་དབྱངས་ཟབ་པ་རང་ཞིག་གྱིས། ཞེས་བཀས་བསྐུལ་ནས། ཡེ་ཤེས་པ་སྤྱན་འདྲེན་གནང་བས་མགོན་ཁང་གི་ནང་དེར་རླུང་སོགས་ཡོང་བའི་བུག་པ་གང་ཡང་མེད་ཀྱང༌། བླ་རེའི་དར་ཤམ་བསྐྱོད་པས་མར་མེ་ཡང་གཡོ་བར་ནུས་པའི་རླུང་རེག་བྱ་ལྷག་པར་ཚ་བ། དབྱར་གྱི་ཉི་ཁྱིམ་གྱི་དུས་ཀྱི་ཚ་རེག་ལྟ་བུ་ཞིག་བྱུང་ནས། དེར་འཁོད་པ་ཡོ་ལུས་རྔུལ་ཞིང་ཡིད་ལྷག་པར་ཟིལ་ཆེ་བའི་ཏིང་ངེ་འཛིན་དང་ལྷན་ཅིག་རབ་ཏུ་གནས་པའི་གཟི་བྱིན་ཕེབས་ཤིང༌། དེ་ཕྱིན་བྲམ་ཟེའི་གཟུགས་ཅན་དེའི་སྐུ་ལ། སྔར་མེད་པའི་སྨེ་བ་ནག་པོའི་ཕྲེང་བ་སྟར་ལ་བརྒྱུས་པ་དང༌། སྐུའི་ཞལ་གདོང་རྔུལ་རིས་དང་ལྡན་པ་ལྟར་མི་བཟོད་པའི་ཟིལ་ཆེན་རྒྱས་པ་འདི་བྱོན་པ་ཡིན་ལ། དེ་ནས་དེའི་དབྱར་གཞུག་དེ་རང་ལ་ཤངས་ནས་རྣལ་འབྱོར་དབུ་ལེགས་གྲུབ་ཆེན་བསོད་ནམས་རྒྱལ་མཚན་པ་བྱོན་ཏེ། པཎ་ཆེན་རིན་པོ་ཆེའི་དྲུང་དུ་བདག་གི་ཉམས་སྣང་ལ་ཁ་སང་རབ་གནས་གནང་བའི་ཉིན་མོ་དཔལ་ལྡན་ས་སྐྱའི་བཀའ་སྲུང་སྡེ་ཚོགས་གསེར་མདོག་ཅན་དུ་འགྲོ་ཟེར་སོང་བ་ལ། སླར་དཀར་བདུད་ལྕམ་དྲལ་དང༌། དུར་ཁྲོད་བདག་པོ་གཉིས་ངེད་ལ་སྡོད་རྟེན་ཅིག་མ་བཞེངས་འདུག་པས་ལོག་ཡོང་ཟེར་བྱུང་བས། རང་རེའི་མགོན་ཁང་དུ་དཀར་བདུད་དང༌། དུར་ཁྲོད་བདག་པོ་ཞིག་ཀྱང་འབྲི་དགོས་པ་འདུག་ཞུས་པས། དེ་ཀ་བགྱི་གསུང་ནས། སྨན་ཐང་པ་ནང་པ་ལྷུན་གྲུབ་པས་ཕྱག་བྲིས་སུ་མཛད་ནས། དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་ཕྲེང་ཅན། དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་རྣམས་གྱང་རིས་སུ་གནང་ངོ༌། །དེའི་ཕྱི་ལོ་མེ་ཕོ་འབྲུག་ལོ་ལ་ཡང་ཚོགས་པ་ཕལ་ཆེ་བ་ལ་གསུང་ངག་རིན་པོ་ཆེ་གནང་ཞིང༌། དེ་གྲོལ་རྗེས་ཆོས་རྗེ་འཕྲང་པོ་བ་བྱོན་ནས། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་སྤྱང་ལུང་རིན་པོ་ཆེ་ལ་བརྒྱུད་པའི་ལམ་འབྲས་ཞུ་བ་རང་ལ་དབུས་ནས་ཞབས་གཏད་ཕེབས་ཚུལ་ཕུལ་བས། བཀའ་ལུང་ལ་ཐེག་ཆེན་ལུགས་ཀྱི་ལམ་འབྲས་ཡོངས་རྫོགས་ཆ་ལག་ཚུན་རང་ཆོས་སྡིངས་སུ་སྤྱང་ལུང་རིན་པོ་ཆེ་ལ་ཐོབ། དེ་ཕྱིན་ལམ་དུས་ཐུན་བཞི་འཆག་མེད་བྱས་ཤིང༌། དེ་དུས་ཚིག་འདོན་དེ་དཔལ་ལྡན་བླ་མ་དམ་པས་མཛད་པའི་ཀྱེ་རྡོར་མངོན་རྟོགས་དེ་རང་ཡིན་པས། ངོར་ཚོར་ལམ་འབྲས་རྗེས་ནས་ཞུས་དུས། རྗེ་རྡོ་རྗེ་འཆང་ལ་ངེད་ཀྱི་ད་ལྟ་ཁ་བཏོན་གྱི་ཀྱཻ་རྡོར་མངོན་རྟོགས་འདི་བླ་མ་དམ་པའི་ལུགས་ཡིན་པས། ངོར་ཚོར་ཡོངས་གྲགས་བགྱིད་པའི་མངོན་རྟོགས་བྱ་བྲལ་མ་འདི་གསར་འཛིན་དགོས་ལགས་སམ་ཞུས་པས། དྲུང་ཆེན་པོ་བ་རང་སྔར་ཁྱུད་དེས་རང་ཆོག ངེད་རང་གི་རྒྱུན་གྱི་ཉམས་ལེན་ཡང་ཆོས་རྗེ་བླ་མ་དམ་པས་མཛད་པ་འདི་སྟེང་རང་ནས་ལགས་གསུང་དངོས་ཀྱི་བཀའ་སྩལ་གནང་བ་ཡིན། སྐྱེས་བུ་མཆོག་དེ་ཀུན་གྱི་ཐུགས་ལ་མཚན་འཛིན་མི་མངའ་ཡང༌། ངེད་ད་ལྟ་གཙང་ཕྱོགས་སུ་གྲྭ་ས་གསར་འཛུགས་བཏབ་པ་འདི་ལ། མདོ་ཀུན་མཁྱེན་རོང་སྟོན་དང༌། སྔགས་ངོར་པ་རྡོ་རྗེ་འཆང་རང་གི་གསུང་རྒྱུན་ཕྱག་བཞེས་མ་ཉམས་པ་རང་ཞིག་བྱེད་དགོས་པའི་ལུགས་གཉིས་ཀའི་དམ་ཚིག་ཁྲེལ་གཞུང་ཆེ་བར་ཡོད་པས། གསེར་མདོག་ཅན་ཚོའི་བཅའ་ཡིག་ཏུའང་འཁོད། རང་རེ་རང་གི་ཐེལ་ཚེ་ཡང་འབྱར་ཟིན་པས་ས་འདིར་ངོར་ལུགས་ལས་གཏན་འཆད་མི་སྤོབས་ཤིང༌། སྔར་རྒྱ་མར་ཆོས་སྡིངས་དབོན་པོ་ལ་ནི་སྤྱང་ལུང་རིན་པོ་ཆེ་བའི་ཕྲིན་ལས་རྒྱུན་ཆད་དོགས་རང་རེས་གྲོས་བཏབ་བྱས་ནས་རྫོགས་པར་བཤད་པ། དེ་དུས་ཀྱང་གཞི་བྱེད་ཀྱི་གསོལ་བ་འདེབས་མི་མང་བ་བྱུང་ཀྱང་གཅིག་ལའང་བཤད་པ་མེད་གསུང་ནས་ཟླ་ཕྱེད་ཙམ་བཀའ་མ་གནང༌། དེ་རྗེས་ཆོས་རྗེ་རབ་མདོ་པ་རང་གིས་ཡང་ཡང་ནན་ཞུས་མཛད་པས་ཁོང་རང་དཔོན་སློབ་རྣམ་པ་རང་ལ་གཞུང་རྐྱང་གི་དམིགས་པ་ཡོད་ཙམ་ཞིག་གསང་ཐབས་སུ་མྱུར་བར་གནང་རྗེས། ས་སྐྱ་བཀའ་འབུམ་གྱི་ལུང་ཞིག་ཆེད་གཏད་ཞུས་པས། དྲུང་ཡིག་ཆོས་རྒྱན་པས་སྤྱན་ཆབ་མཛད་ནས་བཀྲ་ཤིས་བརྩེགས་པར་སྩལ་དུས། དེའི་ལོའི་ཆོས་ཁྲིམས་ལ་ད་ལྟའི་ས་སྐྱ་ལས་ཆེན་ཡེ་ཤེས་ལྷུན་གྲུབ་པ་འདི་ཡོད་དུས། བཀའ་ལུང་ལ། ཆོས་རྗེ་འཕྲང་པོ་བས་ས་སྐྱ་བཀའ་འབུམ་གྱི་ལུང་དགོས་ཟེར་བྱུང་བས། ཡང་ཡང་མི་ཡོང་ཁྱེད་རང་ཡང་ཉོན་གསུང་བ་ལ། བདག་ཆོས་ཁྲིམས་ཀྱི་གཡེང་བས་མི་འགྲུབ་ཅིང༌། ཁ་སང་གྲངས་ཆེན་བཅོ་བརྒྱད་ཀྱི་ལུང་ང་ལ་བཀའ་ལུང་ཐུགས་ལ་བཏགས། ས་སྐྱ་བཀའ་འབུམ་རང་གི་མཁོ་ཞིག་མི་འདུག་ལགས་ཞུས་པས། ག་རེས་ས་སྐྱར་སྡོད་དགོས་པ་ཡོད། དེ་དུས་ཕྱོགས་ཤིག་ནས་ས་སྐྱ་བཀའ་འབུམ་གྱི་ལུང་ཞུ་བའི་མི་ཡོད་པས་ཉོན་གསུངས་ནས་གསན་ཞིང༌། ཕྱིས་བདག་གིས་པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་ས་སྐྱ་བཀའ་འབུམ་གྱི་ལུང་ཁོང་ལ་བཞུགས་པའི་ཁུངས་ཆོད་ནས་སྙན་བཅག་འབུལ་མི་བརྫངས་པས། སྔར་གྱི་ལོ་རྒྱུས་གསུངས་སྤྱན་ཆབ་བསིལ་ཞིང༌། པཎ་ཆེན་ཤཱཀྱ་མཆོག་ལྡན་ཁྱེད་ཀྱིས་དུས་གསུམ་ས་ལེ་རང་གཟིགས་ཨ་གསུང་དགེས་བཞིན་དུ་ལུང་རྫོགས་པར་ཐོབ་ཅིང༌། དངོས་སུ་མཇལ་དུས་ངེད་ཀྱི་གདན་ས་ཆེན་པོ་ས་སྐྱར་མི་ལོ་བཞི་བཅུ་ཞེ་བགྲངས་ཤིག་བསྡད་ཀྱང༌། ས་སྐྱ་བཀའ་འབུམ་གྱི་ཤོག་སྡེབས་གཅིག་ཀྱང་དགོས་ཟེར་མི་མ་བྱུང༌། འདི་པཎ་ཆེན་རིན་པོ་ཆེ་རང་གིས་ལེགས་པར་དགོངས་པའི་མ་འོངས་ལུང་བསྟན་ཡིན་པས་གསུང༌། སྤྱན་རབ་རིབ་དང་ཆབ་ཀློག་ཀྱང་ལྷག་པར་ངན་པར་འདུག་ནའང༌། ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་དང༌། གྲངས་ཆེན་བཅོ་བརྒྱད་ཀྱི་ལུང་རྫོགས་པར་ནོས་སོ། །དེ་ནས་མེ་མོ་སྦྲུལ་ལོ་ཤར་བའི་དགུང་ལོ་བདུན་བཅུའི་སྟེང་དུ་ཕེབས་སྐབས། དཔྱིད་མཚམས་ལ་དབུས་ཕྱོགས་ལ་ཕེབས་ཤིང༌། གཞིར་དྲུང་ཆེན་སངས་རྒྱས་སེང་གེ་བཅར་བཞུགས་གནང་ནས་དབྱར་རིང་ལ་ལྷ་ཁང་གསར་མའི་རི་མོ་རྣམས་ཀྱི་ཞབས་མ་ལུས་པ་ཡོངས་སུ་རྫོགས་པར་བསྒྲུབས་ཤིང༌། དྲུང་ནས་རྣམ་པ་བཞིས་ཀྱང་པཎ་ཆེན་རིན་པོ་ཆེ་དབུས་ནས་ནམ་ཕེབས་བར་དུས་ཆོས་མ་ཆག་པར་རང་རང་གིས་ཆེད་གཉེར་གནང༌། གསོ་སྦྱོང་གི་མདོ་འདོན་པ་སོགས་དྲུང་ནས་ལྷ་བཙུན་པའི་དྲུང་གིས་མཛད། དེར་པཎ་ཆེན་རིན་པོ་ཆེས་དབྱར་རིང་གླང་ཐང་གི་གཞིར་བཞུགས་དང༌། གནས་སྒོའི་བྱེད་པའི་བགྲེས་པ་འགའ་རེས། ཕྱོགས་ཀྱི་ཆོས་ཉན་རྣམས་ཀྱིས་གསོལ་བ་བཏབ་ནས་གསུང་ངག་དང་རྗེས་འབྲེལ་དབྱར་ཞལ་གྱིས་བཞེས་པ་གནང་ཞིང༌། དགག་དབྱེའི་རྗེས་ལ་རྒྱ་མར་སྤྱན་དྲངས། རབ་བྱུང་བསྙེན་རྫོགས་མང་དུ་གནང་ཞིང༌། འདི་ལོ་ཡང་དྲིན་ཅན་སྤྱན་ལུང་པས་ལམ་འབྲས་ཚོགས་སུ་གསུངས་པ་དང༌། ལོགས་སུ་ཆོས་སྐྱོང་གུར་ཞལ་གྱི་བཀའ་རྗེས་གནང་སྒྲུབ་སྐོར་དང༌། དགའ་མོ་ཆོས་མཛད་པས་ཞུས་པའི་ཟླ་ལ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ལྔ་ལྡན། ཡི་གེ་བཞི་པ་སོགས་ཀྱི་ཁྲིད་གསན་གསུང་ཞིང༌། སྔོན་དེ་མྱུར་བར་ལམ་གཅོད་གནང་ནས་གསེར་མདོག་ཅན་དུ་ཕེབས་ཞེས་གྲག་གོ །དེ་ནས་ཕྱི་ལོ་ས་ཕོ་རྟ་ལོའི་འགོ་ལ་ཕར་ཕྱིན་ཊཱི་ཀ་འཇུག་སྒོ་གསུམ་པའི་ཐུགས་རྩོམ་གནང་ཞིང༌། དེ་གྲུབ་ནས་དབྱར་དབང་བསྐུར་རྡོ་རྗེ་ཕྲེང་བ་ཟླ་གཅིག་དང་ཞག་ལྔའི་རིང་ལ་རྫོགས་པར་མཛད་ཅིང༌། དེ་སྐབས་རྗེ་ཀུན་དགའ་རྒྱལ་མཚན་པ་སྐུ་མཆེད་རྣམས་དང༌། རྗེ་བྲག་དམར་བ། སློབ་དཔོན་རྣམ་པ་བཞི་སོགས་བུ་ཆེན་དྲག་རིགས་རྣམས་དང༌། ཚོགས་པ་བྱིན་གྲངས་ལྔ་བརྒྱ་ཙམ་ལ་འདུ་ཁང་གསར་པར་གནང་ཞིང༌། མི་ནག་པ་འདར་པ་མི་བསྐྱོད་པ་ཡབ་སྲས། སྤྲུལ་སྐུ་སྨན་ཐང་པ་དང༌། རྟོགས་ལྡན་སངས་རྒྱས་རྣལ་འབྱོར་པ་ཙམ་ལས། གཞན་དགེ་འདུན་འབའ་ཞིག་ཡིན་ཞིང་དེར་དབང་ཐོག་མའི་ཉིན་ཡེ་ཤེས་དབབ་དུས། མངའ་རིས་དབུ་ལེགས་པ་ཨ་བ་གྲགས་ཟེར་བ་ཞིག་ལུས་གར་སྟབས་སུ་འཕར་རྗེས་འདུ་ཁང་གི་ཕྱིར་ཐོན། དེར་དབང་གི་སྒང་ཡིན་པས་རྗེས་ལ་འགྲོ་མི་ཡང་མ་བྱུང་ཞིང༌། ཁོང་བྱང་གི་ཆུ་ལ་ཡང་ཐགས་ཐོགས་མེད་པར་ཐང་ལྟར་ཕྱིན་ནས་དེ་ནུབ་ཆུ་དབར་དུ་སླེབས། གྲུ་ཀོ་སོགས་གང་ཡང་མ་དམིགས་པའི་མཚར་བའི་གཏམ་དང༌། ཡང་དེ་དུས་རྡོ་རྗེ་ཕྲེང་བ་སང་འཛུགས་རྒྱུའི་བཀའ་བགྲོས་ལ་དྲུང་ནས་སློབ་དཔོན་རྣམ་པས་པཎ་ཆེན་ཞབས་དྲུང་དུ་ཕེབས་ནས་བཀའ་བགྲོས་ཐག་བཅད། རང་སར་ཕེབས། དེར་དྲུང་ནས་ལྷ་བཙུན་པས་ད་ལྟའི་རབ་གསལ་ཟླ་མགོན་པ་ལ། ཁྱེད་རང་པཎ་ཆེན་ལ་ཞབས་དབང་ཞིག་ཞུས་ལ། ཟླ་བ་གཅིག་ཙམ་ཁྲིམས་རོགས་ཞིག་ཁྲིད་དཔེ་མཚམས་ལ་སོང་གསུང་བ་བཞིན། པཎ་ཆེན་གྱི་སྤྱན་སྔར་ཕེབས་པས། ཅི་ལ་ཡོང་གསུང༌། ཞབས་དབང་ཞིག་ཞུ་བ་ལ་ཡོང་ཞུས་པས། ན་བ་བཞིན་ནི་མིན་ནམ་གསུང༌། ན་བ་མིན་ལགས་དྲུང་ནས་ཀྱི་བཀའ་ལུང་འདི་བཞིན་བྱུང་བས་ཡིན་ཞུས་པས། དབང་རྡོ་རྗེ་ཕྲེང་བ་ཙམ་གྱི་དགག་དགོས་བཤོལ་བའི་དཔེ་ཆའི་བློ་འཛིན་དེས་གར་སླེབས། ཁྱེད་རང་ཞེད་མི་དགོས་ངས་སློབ་དཔོན་པ་ལ་དཀྲོལ་བས་ཆོག སང་དེ་ད་ཙམ་སོང་དུས་རྡོ་རྗེ་འཕྲེང་བ་བསྐུར་དགོས་པ་ཡིན་ནོ་གསུང་ཞིང༌། ཕྱིས་དེ་ཇི་ལྟ་བར་རབ་གསལ་ཟླ་མགོན་པ་དགུང་ལོ་བདུན་ཅུ་དོན་གཅིག་བཞེས་པ། པཎ་ཆེན་རིན་པོ་ཆེས་རྡོ་རྗེ་ཕྲེང་བ་གནང་བའི་དགུང་ལོའི་ཚོད་དེ་རང་ལ་བདག་གིས་སྤྱན་དྲངས་ནས་དཀྱིལ་འཁོར་བཞི་བཅུ་ཞེ་ལྔ་མའི་དབང་བསྐུར་ཞུས། ཁོང་གི་སྐུ་ཚེ་ལ་དབང་གཅིག་པོ་དེ་ཀ་ཡིན་ཞིང༌། དབང་མི་ལྔ་བརྒྱ་པོའི་ནང་ནས་དབུས་སུ་པཎ་ཆེན་རྡོར་རྒྱལ་བས་དབང་ཚར་འགའ་གནང་བ་མ་གཏོགས་གཞན་གནང་མི་གཅིག་ཀྱང་མ་བྱུང་སྐད་དོ། །མཁས་གྲུབ་ལྕང་རྭ་བ་འདི་སྐབས་ཆོས་འཁོར་རྩེ་ན་འཆད་ཉན་ལ་བཞུགས་པས། ཕྱིས་གཏིང་སྐྱེས་སུ་རྗེ་ཀུན་དགའ་བཀྲ་ཤིས་པའི་དྲུང་དུ་གསོལ་བཏབ་གནང༌། འབུལ་བར་ཞལ་གྱིས་བཞེས་ཀྱང་ཕྱག་ཐོག་ཏུ་མ་ཁེལ་འདུག་གོ །དེ་ནས་པཎ་ཆེན་རིན་པོ་ཆེ། དགུང་ལོ་དོན་གཉིས་སུ་ཕེབས་པ་ས་མོ་ལུག་གི་ལོའི་དཔྱིད་སོས་དེ། རྒྱ་གར་ཧ་རི་པུཉྩ་ཞེས་པ་ཉན་ཐོས་ཀྱི་དགེ་འདུན་ཁྲི་ཁྲག་ཚོགས་པའི་གནས་ནས་པཎྜི་ཏ་ཆོས་ཀྱི་ཉིན་བྱེད་དང༌། འཕགས་པའི་རིགས་སུ་མཚན་བཏགས་པ་གཉིས་རྒྱ་ནག་ནས་བརྒྱུད་དེ་ཞབས་དྲུང་དུ་ཕེབས། ལེགས་སྦྱར་གི་སྐད་དུ་མཆོག་གི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་ཞུས་ཏེ། མངའ་རིས་གློ་བོར་བྱོན། དེ་དུས་གློ་བོ་ན་རྒྱ་གར་གྱི་པཎྜི་ཏ་སི་རོ་མ་ཎི་བྱོན་འདུག་ཅིང༌། ཁོང་གི་ཕྱག་ན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་རང་འགྲེལ་གྱི་རྒྱ་དཔེ་འདུག་པ་གློ་བོ་སྡེ་པ་བཀྲ་ཤིས་མགོན་གྱིས་སྦྱིན་བདག་གནང་ནས་བསྒྱུར་དགོངས་ནས། རྒྱལ་རྩེར་གུར་པའི་སློབ་དཔོན་སྟེང་ན་གློ་བོ་རང་གི་སྟེངས་ཆེན་མཁན་པོ་བྱས་པའི་ཆོས་རྗེ་དཀོན་མཆོག་ཆོས་སྐྱབས་པར་གྲགས་པ། མི་ཉག་གྲགས་རྡོར་བའི་སྒྲའི་བུ་ཆེན་དེས་ཁས་བླངས་ནས་བྱོན་པས་ཕྱོགས་ཀྱང་མ་མཚོན་པར་འདུག་པའི་སྐབས་དེར་འདུག་པས། པཎྜི་ཏ་རྣམ་པ་གཉིས་ཀྱིས་སྡེ་པ་བཀྲ་ཤིས་མགོན་ལ། ཁྱེད་རང་གློ་བོ་ཡིན་པའི་ལོ་ཙཱ་བ་དྷརྨ་དྷྭ་ཛ་བསྒྱུར་དུ་བཅུག་ན་ཁོང་གིས་ལེགས་པར་ཤེས་པ་འདུག་ཞུས་པས་འབོད་མི་དང༌། པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཡང་རྫོང་དགོས་པའི་ཚུལ་ཕུལ་ཡང༌། བ་ལྷའི་རང་འགྲེལ་སྔོན་གྱི་པཎྜི་ཏ་ལོ་ཀོཏྟ་རའི་ཕྱག་ན་ཡང་འདུག་པ་རྒྱ་དཔེའི་སྟེང་ནས་ངེད་ཀྱིས་ཀྱང་མཐོང༌། ད་ལྟའི་དེ་ཡང་དེ་ཀ་ཡིན་ཚོད་དུ་འདུག་ནའང༌། སྔོན་གྱི་སྒྲ་བསྒྱུར་ཆེན་པོས་འབད་ནས་བསྒྱུར་བ་ལ་ཉན་བཤད་མེད་པའི་གསར་འགྱུར་དེས་གང་བྱེད་གསུང༌། དྲུང་ཡིག་ཆོས་རྒྱན་པ་ཡང་བཀས་མ་གྲོལ་ཞེས་གཏམ་དུ་གླེང་ངོ༌། །པཎྜི་ཏ་དེ་ཉིད་གློ་བོ་ནས་བརྒྱུད་དེ་རྒྱ་གར་དུ་གཤེགས་ཤིང༌། ལམ་དུ་པཎྜི་ཏ་འཕགས་པའི་རིགས་ཞེས་མཚན་ཡོད་པ་དེ་གཤེགས་ནས། པཎྜི་ཏ་ཆོས་ཀྱི་ཉིན་བྱེད་ཀྱིས་ཞུ་ཡིག་རྒྱ་གར་གྱི་ཡི་གེ་བྲིས་ནས། ཛོ་ཀི་ཨ་མྲྀ་ཏ་ནཱ་ཐ་ཟེར་བ་ལོ་ལྔ་བརྒྱ་ལོན་ཞིང༌། ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕྱིན་པ་དེ་ལ་བསྐུར་ནས་གསེར་མདོག་ཅན་དུ་ཕུལ་བ་ཡིན་ནོ། །དེའི་ཕྱི་ལོ་དགུང་ལོ་དོན་གསུམ་བཞེས་པ་ས་མོ་ལུག་གི་ལོ་ཡང་གསང་འདུས་བདེ་མཆོག་དུས་འཁོར་སོགས་ཀྱི་བསྐྱེད་རྫོགས་ཀྱི་བཤད་པ་མཐིལ་ཕྱིན་གནང་ཞིང༌། ལྷག་པར་གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རྡུལ་ཚོན་དུ་བཞེངས་ནས་དབང་ཚར་བཅད་པའི་དབང་ལན་གྲངས་དཔག་མེད་རང་སྩལ། གཏིང་སྐྱེས་སུ་རྗེ་ཀུན་དགའ་བཀྲ་ཤིས་པ་ལ་ཡང་དབང་བསྐུར་ནོན་ངེས་བྱོན་གསུངས་པས། ཐུགས་བྲེལ་འགས་གཡེངས་ནས་འགོར་ཤིན་ཏུ་ཆེ་བ་བྱུང་བས་འདིའི་དབང་རྫོགས་ནས་སང་དཀྱིལ་འཁོར་ལ་གཤེགས་གསོལ་འབུལ་རྒྱུའི་དོ་ནུབ་རྗེ་ཀུན་བཀྲ་པས་མནལ་ལམ་བཟུང་ནས་ཕེབས་པས་དཀྱིལ་འཁོར་གཙོ་བོ་དང་བླ་མ་དབྱེར་མེད་ལ་དབང་གསན། སང་སླེབས་པ་གྱིས་ཞེས་པའི་བཀའ་ལུང་གནང་ཞིང༌། དེའི་ཉིན་དྲུང་ཡིག་ཆོས་རྒྱན་པས། ད་རང་དབང་མི་རྫོགས་འདུག་ཅིང་ཞག་འགའ་དེ་ནི་སྒུག་སྡོད་ལ་བདག་འཇུག་རེ་སྐུ་དྲིན་སྐྱོང་བ་གནང༌། ད་དེ་ཡར་ཕྱོགས་ཀྱང་ཕྲིན་ལས་སྣ་མང་བས་མ་བྱོན་དོགས་དང༌། ད་ལན་གྱི་བཀའ་ཆོས་གསོལ་བ་འདེབས་པའི་གཙོ་བོ་ཆོས་རྗེ་བྲག་དམར་བ་ཡང་ཆོས་སྡེའི་དུས་ཆོས་སོགས་ལ་ཕེབས་དུས་ཐུག་སྣང་བས། དཀྱིལ་འཁོར་གཤེགས་གསོལ་གནང་ནས་འཇམ་དཔལ་ཞལ་ལུང་གྲོལ་ཐིག་སོགས་ཞལ་བཞེས་ཀྱི་བཀའ་ཆོས་རྣམས་ཐུགས་ལ་འདོགས་པ་ལེགས་པ་འདྲ་ཞུས་པས། ཁོང་ལ་མདང་ཡང་དཀྱིལ་འཁོར་འདིར་དབང་བསྐུར་ཡོད་ཅིང༌། དེ་རིང་དགོངས་ཕྱོགས་བྱོན་ཡོང་གསུང་བའི་བཀའ་ལུང་སྔ་དྲོ་གནང་བའི་དགོངས་ཀྱི་ཆ་ལ་ཕེབས་ཞེས་ཐོས་སོ། །དེ་ལོ་ནཱ་རོ། ནཻ་གུ། སྙིང་པོ་དོན་གསུམ། སྨར་ཁྲིད་རྣམས་ཞུ་མི་སོ་སོ་ལ་རིམ་ཅན་དུ་གནང་ཞིང༌། ཡང་དེ་སྐབས་མུ་རྫི་རྟོགས་ལྡན་ཀུན་དགའ་ལེགས་བཟང་པ་ཡང་དཔོན་སློབ་འགའ་ཞིག་མཇལ་བ་ལ་ཕེབས་པས་ཞེན་པ་བཞི་བྲལ་གྱི་ཁྲིད་དང༌། ཁོང་གིས་གསོལ་བ་བཏབ་ནས་དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་ཡང་ཐུགས་རྩོམ་བཀའ་དྲིན་དུ་མཛད་དོ། །དེ་དུས་འགྲོ་མགོན་གཞོན་ནུ་ཆོས་བཟང་པས་ཀྱང་བཀའ་འབྲེལ་གསན་པས་ཐུགས་ལྷག་པར་མོས་པས་དད་པའི་ས་ལ་བཞུགས་པ་ཡིན་ནོ། །དེ་དུས་ནཻ་གུའི་ཁྲིད་སྐབས་ཤིག་གི་དུས། རྟ་དཔོན་ཤཱཀྱ་བཟང་ལ་འོད་གསལ་གྱི་ཉམས་ཤར་ནས། གསེར་མདོག་ཅན་གྱི་གླིང་མ་ལུས་པའི་དངོས་གནས་ཤེས་པ་བྱུང་ཞིང༌། འདི་དུས་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་དངོས་ཀྱི་བཀའ་ལུང་ལ། དེ་རིང་ནི་གློ་བོ་ན་རང་རེ་ལ་ཙནྡན་གྱི་སྐུ་འབུལ་མི་ཡོང་བ་ཡོད་གསུང་བའི་ཉིན། ཙནྡན་དཀར་དམར་ལས་བིརྺ་པ་དང༌། ས་སྐྱ་པ་ཆེན་པོ། ས་སྐྱ་པཎ་ཆེན་གསུམ་གཟབས་བརྐོས་བྱས་ནས་འབུལ་མི་སླེབས་བྱུང་ཟེར་རོ། །དེ་ནས་སྡེ་བདག་སྒར་པ་མི་དབང་དོན་ཡོད་རྡོ་རྗེས་བསམ་གྲུབ་རྩེར་སྤྱན་འདྲེན་དུས་གཤེད་དམར་སྤྲོས་མེད་ཀྱི་ཁྲིད་གསན་པའི་སྐྱོར་དཔོན་དུ་རྗེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་བ་ལ་བཀའ་ལུང་གནང་བས། ད་དབྱར་ཆོས་འདི་བྱིས་པ་རྣམས་ལ་བསྡུས་སྦྱོར་གཏོང་དགོས་པས་མི་ཁོམ་ཞུས་ནས་མ་ཕེབས་ཤིང༌། པཎ་ཆེན་གྱི་ཐུགས་རྩེ་སྡེ་པའི་བླ་མ་ལ་སྦྱོར་གཏོད་གནང་བའི་ལེགས་སྦྱོར་དུ་དགོངས་པ་ཡིན་ཞེས་དེ་དུས་ཀྱི་ཞབས་འབྲིང་བ་དག་སྒྲོག་གོ །དེ་ནས་གསེར་མདོག་ཅན་དུ་ཕེབས་ནས་ཀྱཻ་རྡོ་རྗེ་རྒྱུད་གསུམ་གྱི་བཤད་པ་བཀའ་དང་རྗེས་འབྲེལ་རྗེ་རྡོ་རྗེ་འཆང་གིས་མཛད་པའི་ཀྱཻ་རྡོ་རྗེའི་རྣམ་བཤད་ཟླ་ཟེར་ལ་ཞིབ་བཤད་རང་ཞིག་ཀ་དྲུག་མར་གསུངས་ཤིང༌། རྡོ་རིངས་ཀུན་སྤངས་རིན་པོ་ཆེས་གསོལ་བ་བཏབ་ནས་ཕྲང་མོ་ཆེ་པའི་བརྒལ་ལན་ཡང་གནང༌། རྡོ་རིངས་ཀུན་སྤངས་རིན་པོ་ཆེ་ལ་དཔལ་མགོན་གདོང་བཞི་པའི་རྗེས་གནང་མཛད་དུས། པཎ་ཆེན་རིན་པོ་ཆེའི་སྐུ་རྒྱབ་ན་བྲམ་གཟུགས་ནམ་མཁའི་མདོག་ཅན་ཞིག་བཞུགས་པ་ཡང་ཞལ་གཟིགས་ཞེས་དངོས་ལས་ཐོས་སོ། །ཡང་ཀུན་སྤངས་རིན་པོ་ཆེའི་གསུང་སྒྲོས་ནང་བསྟན་དུ་གནང་བ་ལ། པཎ་ཆེན་རིན་པོ་ཆེ་སྲིད་ཞི་མཉམ་པ་ཉིད་ཀྱི་ཐུགས་ཅན་དེ་ཉིད་ཀྱང་རང་རེའི་གཞན་སྣང་དུ་སྤྲུལ་སྐུ་ཞྭ་དམར་ནག་གི་ཕྱོགས་འཛིན་ཆེ་བ་རང་གིས་ཚུལ་སྟོན་པ་གནང་འདུག་པས་དེའི་རྟེན་འབྲེལ་ཡིན་པ་འདྲ། ལྕགས་ཕོ་སྤྲེའུའི་ལོ་སྤྲུལ་སྐུ་ཞྭ་དམར་བས་གསེར་མདོག་ཅན་གྱི་གོས་སྐུ་ལ་རབ་གནས་ཀྱི་མེ་ཏོག་སྡེ་པ་སྒར་པས་ནན་གྱི་ཞུ་བ་གནང་ནས་མཛད་ཕྱིན། སྔར་གྱི་གོས་སྐུའི་གཟི་བྱིན་དེ་གཏན་ནས་མེད་པའི་རླུང་ཚུབ་སོགས་ཀྱིས་བསྐྱོད་ཐུབ་ལ་མེ་ཏོག་གི་ཆར་ཆེན་པོ་འབབ་པའི་རྒྱུན་ཡང་མེད་དེས་ཀུན་སློང་མརྗོད་མིན་པར་བྱུང་བ་ཡང་རྗེ་ཞྭ་དམར་ཅོད་པཎ་འཛིན་པ། སྤྲུལ་སྐུ་ཞྭ་ནག་པ་དང་ཐུགས་འགྲས་ཨེན་ཙམ་གྱི་ཕྱི་ནང་གི་རྟེན་འབྲེལ་ཡིན་ངེས་གསུང༌། བདག་གསེར་མདོག་ཅན་དུ་ཡོད་དུས་དྲུང་ནས་རྣམ་པ་བཞི་ཀ་འཛོམས་པ་ལ་གསུང་བ་ཐོས་ཤིང༌། ཞྭ་དམར་པ་སྡེ་པའི་དྲུང་གིས་ནན་བསྐྱེད་གནང༌། གསེར་མདོག་ཅན་ཚོར་སྤྱན་འདྲེན་ཞུ་དགོས་བྱུང་སྐབས། ཆོས་རྗེ་ཞྭ་ལུ་ལོ་ཆེན་པ་ཡང་ཞྭ་དམར་ཅོད་པཎ་འཛིན་པའི་ཕྱགས་ཕྱིར་ཡོད་པས་སྔར་ཞྭ་ལུ་གནས་བརྟན་ས་དྷུ་དྷྭ་ཛ་པས་སྙན་པ་བརྗོད་པའི་དབང་ལས་སེམས་ལྷག་པར་དད་པ་ཡོད་པས། དེ་དུས་བཀའ་འབྲེལ་ཞིག་ཞུས་པས། ངེད་རང་མཚན་ཉིད་པ་སྐམ་པོས་འདི་ལས་མི་ཤེས་གསུང༌། གང་བློ་མའི་ལུང་ཞིག་ཐུགས་ནས་གནང་གསུང་བ་ས་སྐྱ་བདག་ཆེན་རབ་མཛེས་པའི་དྲུང་དང་ཞལ་འཕྲོས་མཛད་སྐབས། བདག་ཆེན་དྲུང་གིས་འོ་ན་ཆོས་འབྲེལ་གཡས་ཆུང་བར་འདུག་ཞུས་པས། ཆོས་རྗེ་ཞྭ་ལུ་ལོ་ཆེན་པའི་གསུང་ནས། ག་རེ་འཇམ་དབྱངས་དངོས་བྱོན་ལ་འཇམ་དབྱངས་དངོས་ཀྱི་བསྟོད་པའི་ལུང་ཐོབ་པ་ལས་ལྷག་པའི་ཆོས་འབྲེལ་གང་ཡོད་གསུང་ཞེས་ཞྭ་ལུ་ལོ་ཆེན་པའི་དབོན་པོ་བའི་ངག་ལས་ཐོས་སོ། །དགུང་ལོ་དོན་གསུམ་བཞེས་པའི་ལོ་ལ་ཡང་ལམ་འབྲས་ཀྱི་ཚོགས་ཆོས་རྒྱ་ཆེར་གནང་ཞིང༌། གཞན་ཡང་སྔགས་ཆོས་ཕྲན་ཡང་བདེ་མཆོག་ལཱུ་ཧི་པའི་དབང་དང་བསྐྱེད་རྫོགས། བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་དང་འབྲེལ་བར་དྲིལ་བུ་རིམ་ལྔའི་ཁྲིད། བདེ་མཆོག་དཀར་པོའི་བྱིན་རླབས་ཁྲིད་དང་བཅས་པ་རྗེ་བྲག་དཀར་དམར་གྱིས་ཞུ་བ་པོ་གནང་ནས་རིམ་པར་སྩལ་ཞིང༌། རྗེ་སེམས་དཔའ་བྲག་དཀར་བའི་དྲུང་གཏིང་སྐྱེས་ཚོར་དགོངས་དབྱིངས་བག་ཙམ་འཛེར་བག་བྱུང་བའི་དབང་ལས་ཕེབས་སྐབས་ཤིག་བཞུགས་ས་བླ་བྲང་གི་ཀ་དྲུག་མ་རང་དུ་གནང་ནས། བདེ་མཆོག་ནག་པོ་པའི་དབང་སོགས་བཀའ་ཆོས་ཟབ་མོ་རྣམས་དང༌། ད་ལྟའི་ཆོས་ཕྲན་བརྒྱ་རྩའི་ནང་གི་བརྗེད་བྱང་ཞུས་པའི་བཀའ་ཆོས་ཕལ་ཆེར་ཀྱང་ཆིག་བརྒྱུད་དུ་གསན་ཞིང༌། བདེ་མཆོག་ནག་པོ་པའི་དཀྱིལ་ཐང་ཆེད་དུ་གཏད་ནས་ངས་བྲིས། དེའི་སྟེང་ནས་དབང་བསྐུར་ཡང་མཛད་ཅེས་དཔོན་དར་དངོས་ལས་ཐོས་ཤིང༌། རྗེ་སེམས་དཔའ་ཆེན་པོ་བྲག་དཀར་བས་ཕྱིས་གསེར་མདོག་ཅན་དུ་ཕེབས། ལམ་འབྲས་ཐོག་མ་རང་དེ་ཚོགས་ལ་གནང་དུས་གཏིང་སྐྱེས་པ་རང་གི་སྤྱི་ཁང་ན་བཞུགས་སྐབས་ཕྱག་གཡོན་པའི་སྲིན་མཛུབ་ལས་མཚལ་ཁྲག་རང་རྡོལ་དུ་བྱུང་བས། རྒྱ་རྒན་པའི་ཆོས་མཛད་པས་དངོས་སུ་མཐོང་བས་ནན་བསྐྱེད་གསོལ་བ་བཏབ་ནས། བླ་བྲང་དུ་སླར་རང་རེ་རང་ལ་དབང་བསྐུར་གནང་དུས། དབོན་དར་གྱིས་ཆེད་གཏད་རང་བྲིས་པའི་བདེ་མཆོག་ནག་པོ་པའི་དཀྱིལ་ཐང་གཡར་པོ་དགོས་ཞུར་གནང་བ། རྗེ་དབོན་ཤཱཀྱ་རྒྱལ་མཚན་པས་ཀྱང་དགོངས་ནས་ནན་ཞུས་གནང་སྟེ། དེར་ད་གསུམ་དགོས་པས་གསུང༌། ཉུག་པ་དབུ་མཛད་དཀོན་མཆོག་རྒྱལ་མཚན་པ་དང་དབང་མི་གསུམ་རང་ལ་ཐོག་མར་སྩལ་ཞིང༌། ཕྱིས་སྤོས་ཁང་པའི་མཁན་ཐོག་རང་དུ་གདན་ཆགས་སྐབས་མཁན་རིན་པོ་ཆེའི་ཞལ་སྔ་ནས་སེམས་དཔའ་ཆེན་པོའི་དྲུང་དུ་གསེར་མདོག་ཅན་དུ་གསུང་ངག་གསན་ནས་ཚུར་ཕེབས་སྐབས། བཀྲ་ཤིས་བརྩེགས་པར་སྐུ་རྐྱང་ལ་བདེ་མཆོག་ནག་པོ་པའི་དབང་གནང་བ་བདག་གིས་ངེས་ཏེ་འབད་དེ་ཞུས་སོ། །པཎ་ཆེན་རིན་པོ་ཆེས་ཀྱང་རྗེ་སེམས་དཔའ་ཆེན་པོ་ལ་དཀྱིལ་ཐང་ཚུན་གསར་དུ་བཞེངས་པ་མཛད་སྩལ་བ་དེ་ལས་གཞན་གཅིག་ཀྱང་མ་གནང་ཞིང༌། རྗེ་རིན་པོ་ཆེ་བྲག་དམར་བའི་དྲུང་གིས་ཀྱང་པཎ་ཆེན་རིན་པོ་ཆེ་ཉིད་ལ་གསན་དེས་དགོངས་པ་ཐུགས་ལ་བཞག་ནས། སྡོམ་གསུམ་རིན་ཆེན་སྤུངས་པར་མ་བརྒྱུད་བདེ་མཆོག་གི་སྐབས་སུ་བརྒྱུད་པ་ཡང་རྡོ་རྗེ་འཆང༌། སྟག་ལུང་བཀའ་བཞི་པ་རིན་ཆེན་བཀྲ་ཤིས། པཎ་ཆེན་རིན་པོ་ཆེ་ལས་ཞེས་བཀོད་ཀྱང༌། རྗེས་ནས་གཏན་གསན་མ་ཐུབ་པར་ཕྱིས་ཞྭ་ལུ་མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས་པ་ལས་གསན་པ་ཡིན་ནོ། །དམ་པའི་ཆོས་བཞིན་སྤྱོད་པའི་བཀའ་སྲུང་ཆེ། །དམ་ཚིག་ཅན་གྱི་ཆོས་སྐྱོང་འཁོར་བཅས་རྣམས། །དམ་ཅན་མ་ལུས་འདུས་པའི་ཕོ་བྲང་ན། །དམ་བཅས་ཚུལ་བཞིན་དགོངས་པའི་དབྱིངས་ན་བཞུགས། །རྣམ་མང་སྐྱེ་དགུའི་ཚོགས་རྣམས་ཚིམ་མཛད་པའི། །རྣམ་དཀར་འཕྲིན་ལས་ཡོངས་ལ་མངོན་གྱུར་ཅིང༌། །རྣམ་གྲངས་དུ་མའི་མཛད་པའི་ལེགས་བྱས་ནི། །རྣམ་དག་རྒྱལ་བའི་བསྟན་པ་རྒྱས་ཕྱིར་ལགས། །གྲགས་པ་བསམ་ཡས་འཛམ་གླིང་ས་ཡི་ཁྱོན། །གྲགས་པའི་རྔ་ཆེན་སྒྲ་ཡིས་ཁྱབ་བྱས་ནས། །གྲགས་པ་དོན་མཐུན་ཆོས་ཅན་དག་པ་ཡི། །གྲགས་པའི་བ་དན་དཀར་པོ་སྤེལ་བར་མཛད། །རྒྱ་གར་གནས་ལྔ་རིག་པའི་པཎྜི་ཏས། །རྒྱ་ཡིག་ལེགས་སྦྱར་སྐད་དུ་བཀོད་པའི་ཕྲེང༌། །རྒྱ་གར་ཡུལ་ནས་འོངས་པའི་རྣལ་འབྱོར་པས། །རྒྱ་གར་འཁོར་ཚེ་གང་གི་དྲུང་དུ་ཕུལ། །ཆོས་ལས་བརྩམས་པའི་ཉིན་མཚན་མཛད་པའི་ཚོགས། །ཆོས་བཞིན་སྤྱོད་པའི་འཁོར་འབངས་སློབ་མར་བཅས། །ཆོས་ཀྱི་རྗེས་འབྲངས་དད་པའི་ས་ཐོབ་དག །ཆོས་ཀྱི་རྒྱལ་པོ་གང་གི་ཞབས་པད་མཆོད། །ངག་གི་དབང་པོས་རྗེས་བཟུང་མཁས་པའི་ཕུལ། །ངག་དབང་གསུང་གིས་འགྲོ་བློའི་མུན་སེལ་བ། །ངག་ཚིག་སྡེབས་ལེགས་ཡོངས་ཀྱི་ཡིད་འདྲེན་པའི། །ངག་གི་དབང་ཕྱུག་འཇམ་དབྱངས་བླ་མ་རྒྱལ། །མཁྱེན་རབ་མཐར་ཕྱིན་ཤེས་བྱའི་གནས་རྣམས་ལ། །མཁྱེན་པའི་དཔལ་གྱི་མི་ཤེས་མུན་སེལ་གང༌། །མཁྱེན་ལྡན་ལོ་ཆེན་མཆོག་གི་ཉེར་དགོངས་ནས། །མཁྱེན་ཡངས་ས་ལོ་དེ་ལ་ལེགས་པར་བསྙད། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ཐུན་མོང་མ་ཡིན་པའི་ཡོན་ཏན་ལས་བསྒྲགས་པའི་རབ་ཏུ་བྱེད་པ་ཉེར་གསུམ་པའོ།།  །།དེ་ནས་དགུང་ལོ་དོན་བཞིར་ཕེབས་པ་ལྕགས་མོ་བྱ་ལོའི་དཔྱིད་ཆོས་ཡན་ལ། མདོ་ཕྱོགས་ཀྱི་དབུ་ཚད་ཆོས་འབྱུང་ཙམ་མ་གཏོགས་པའི་གསུང་རྩོམ་ཕལ་ཆེར་གྲུབ་ཅིང༌། ཡི་གེ་རང་གི་སྟེང་ནས་ལུང་བཤད་རྫོགས་པར་སྩལ། རྟོག་གེའི་སྙིང་པོ་གློ་བོ་ཆོས་རྗེ་བློ་གྲོས་རྒྱལ་མཚན་པས་པར་གྱི་སྦྱིན་བདག་མཛད། ཀུན་བཟང་རོལ་མཚོ་གུ་གེ་ཆོས་རྗེ་རྣམ་རྒྱལ་བས་སྦྱིན་བདག་གནང་བས་མཚོན་པའི་ལུང་སྙིང༌། ཀུན་ལས་བཏུས་ཀྱི་དཀའ་འགྲེལ། འདུལ་བའི་བསླབ་བྱ་ཆེན་མོ། དབུ་མའི་སྟོང་ཐུན། ལུགས་གཉིས་རྣམ་འབྱེད་རྩ་འགྲེལ་གྱིས་མཚོན་པའི་པར་རྣམས་ཀྱང་རང་རང་གི་དད་བརྩོན་གྱིས་ལེགས་པར་བསྒྲུབ་ཏེ། དཔེར་ན་དབུ་མའི་སྟོང་ཐུན་ཆེན་མོ་བྱ་ཡུལ་དུ་གཏིང་སྐྱེས་རབ་འབྱམས་པ། དྲུང་ནས་སྡེ་བདུན་པ་དབང་ཕྱུག་རྒྱལ་མཚན་པས་བསྒྲུབས་པའི་པར་བྱང་འབྱུང་བ་ལྟར་དང༌། པར་ཕལ་ཆེར་གྱི་པར་བྱང་ཡང་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་གསུང་རྩོམ་དུ་གནང་བ་ཡིན་ཏེ། རྟོག་གེའི་སྙིང་པོའི་འཇུག་ན་སྒྲུབ་པ་དང་ནི་སུན་འབྱིན་གྱི། །གནས་རྣམས་ལེགས་པར་ཐུགས་ཆུད་ནས། །ཚུལ་བཞིན་འདོམས་མཛད་ཚད་མ་ཡི། །མཁན་པོ་ཡང་དག་རྫོགས་སངས་རྒྱས། །དེ་ནས་ཕྱོགས་ཀྱི་གླང་པོ་ཡིས། །དོན་དེ་འཇམ་དཔལ་དབྱངས་ལ་གསན། །ཕྱོགས་གླང་གཞུང་བརླིང་རྟོགས་དཀའ་བ། །གསལ་བར་འཆད་མཁས་གྲགས་པའི་མཚན། །གཞུང་རྩོམ་གཞན་ལ་མ་གྲགས་པ། །རྔོག་ལོས་གསལ་བར་བཤད་ཅེས་གསུང༌། །བོད་ཀྱི་རྒན་པོའི་ལུགས་དོར་བ། །ས་སྐྱའི་འཇིགས་མེད་དཔའ་བོས་བཤད། །སྔོན་མས་གསལ་བར་མ་བྲིས་ཤིང༌། །ཕྱིས་འབྱུང་གཏམ་གྱིས་མ་སྦགས་པར། །རྟོག་གེའི་མཚོ་ནས་བརྡ་ཆད་ཀྱི། །སྙིང་པོ་བསྡུས་པའི་དཔག་བསམ་འདི། །གང་གི་རྣམ་དཔྱོད་སྐྱེད་ཚལ་དུ། །དགེ་བར་གཤིན་ཞིང་ཤིས་གྱུར་པ། །རྗེ་བཙུན་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོའི་བཀའ་དང་དེ་ཉིད་ཀྱི། །འབྱོར་པའི་བང་མཛོད་ནས་བྱོན་པའི། །ཞེས་སྔོན་དང་ད་ལྟའི་གནས་མ་ལུས་པའི་གནས་དོན་བདེ་བླག་ཏུ་རྟོགས་པར་བྱེད་པ་ཤ་སྟག་འབྱུང་ངོ༌། །གཞན་ཕྱོགས་གླང་ཆོས་གྲགས་ཀྱི་རྟོགས་བརྗོད། གཞི་གསུམ་ཆོ་ག ཕྱྭ་པས་གསེར་ཐུར་ལ་དྲིས་པའི་ལན་འདེབས་སོགས་གསུང་རྩོམ་ཕྲ་མོའི་པར་ཀྱང་མང་དུ་སྤེལ་ལོ། །དངོས་བསྟན་བསྟན་བཅོས་སུ་མ་འཁོད་པར་གཞུང་ཚིག་རང་གི་སྟེངས་སུ་བཀའ་སྩལ་གྱི་བཤད་པས་གཏན་ལ་ཕབ་པའི་ཚུལ་རྣམ་ཐར་གཉིས་སུ་ཟུར་ཙམ་ཡང་མ་སྨོས་འདུག་ལ། རྣམ་ཐར་མ་ཏི་མར་གྲངས་སུ་བཏབ་པ་ནི་འདི་ལྟར། འཕགས་པ་བརྒྱད་སྟོང་པ་སློབ་དཔོན་སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་དང་བཅས་པ། སྡུད་པ། འདུལ་བ་མེ་ཏོག་ཕྲེང་རྒྱུད་རྗེ་རོང་སྟོན་ཆེན་པོའི་ཊཱི་ཀའི་སྟེངས་དང༌། ཡང་དེ་ཉིད་ཀྱིས་མཛད་པའི་དབུ་མའི་སྟོང་ཐུན། བསླབ་སྤྱོད་གཉིས། དཔའ་བོའི་སྐྱེ་རབས། ཐེག་བསྡུས། མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད་རྣམས་ཀྱི་འགྲེལ་པ། དབུ་མ་ཚིག་གསལ། ཡེ་ཤེས་སྙིང་པོའི་བདེན་གཉིས། ཇོ་བོའི་ལམ་སྒྲོན། གཏམ་བྱ་རིན་ཆེན་ཕྲེང་བ། བཤེས་སྤྲིང༌། ཕྱྭ་བསྡུས། རིགས་གཏེར་རང་འགྲེལ། རྨ་བྱ་བྱང་བརྩོན་གྱི་དབུ་མའི་སྟོང་ཐུན། ཐུབ་པ་དགོངས་གསལ། འདུལ་བའི་གླེང་འབུམ་དང༌། བུ་སྟོན་ཆོས་འབྱུང་རྣམས་ལ་ཡང་ཞུ་བ་པོ་སོ་སོའི་ངོར་བཤད་ལུང་ཡང་དག་སྩལ་ལོ་ཞེས་འབྱུང་ངོ༌། །བྱ་ལོ་འདི་ལ་བླ་མའི་སྐུའི་དཀྱིལ་འཁོར་མེ་ལོང་ལ་གཟུགས་བརྙན་ཤར་བ་ཇི་ལྟ་བའི་སྐུ་འདྲ་ཡིད་བཞིན་ནོར་བུ་ཡང་བསྒྲུབ་པར་མཛད་ཅིང༌། འདིའི་ནང་བཞུགས་སོགས་ཀྱི་ངེས་གནས་དྲུང་ཡིག་ཆོས་རྒྱན་པས་ཡི་གེར་འགོད་པ་གནང་བ་ལས་ཤེས་པར་བྱའོ། །དེ་ནས་ཆུ་ཕོ་ཁྱི་ལོ་དགུང་ལོ་དོན་ལྔར་ཕེབས་སྐབས། སྒྲ་པ་གྲགས་པ་བློ་གྲོས་པ་དཔལ་སྡིངས་ནས་འབྲས་ཡུལ་དུ། བྱང་པ་བདག་མོ་ཚེ་རིང་མས་སྤྱན་དྲངས་པའི་ཡར་ལམ་མཇལ་དུ་ཕེབས་པ་ལ་དྲི་མལ་གནང་བས། སྒྲའི་ཕྱོགས་ལ་ཕུལ་དུ་ཕྱིན་པའི་མཁྱེན་པ་མངའ་བར་ལེགས་པར་དགོངས་ནས། པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ཀྱང་ལུང་དང་མཐུན་པ་ཙནྡྲ་པའི་ས་རིས་ཁོང་ལ་གསན་པར་བཞེད་དེ་བཀའ་སྩལ་གནང་བས་སྒྲའི་གླེགས་བམ་གཉིས་ཕྱག་ཏུ་བཞག་ནས། འབྲས་ཡུལ་ནས་བྱུང་བའི་འབུལ་ནོར་རྣམས་སྐྱེལ་བ་དང༌། སླར་ཡང་སྒྲའི་དཔེ་ཉེར་མཁོ་འདྲ་ལེན་པ་ལ་འབྱོན་ཞུས་པས། མི་གནང་བ་ལས་དྲུང་ནས་རང་སྐུ་ན་ཚོད་བགྲེས་པ་ཚུན་ལམ་ལ་འོ་བརྒྱལ་ཞིང༌། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། ཡིན་པས་བར་ཆད་དུ་ཡང་འགྱུར་སྲིད་པས་གཏན་མི་ལེགས་གསུང་ཀྱང༌། དངོས་པོ་རྣམས་ཐུགས་ཀྱིས་མ་དཔོགས་པས་སྐྱེལ་མ་ལ་བྱོན། དེར་ཆིབས་དཔོན་ཤཱཀ་བཟང་ཆིབས་སྐྱེལ་དང༌། སླར་ཆིབས་བསུ་ལ་གནང་ཞིང༌། སྒྲ་པ་སྒྲགས་བློ་བས་ཁོང་རང་གི་ཕྱག་རྫས་རྣམས་ཐེལ་འབྱར་ཡང་དག་གི་ཉེར་ཅག་མཛད་རྗེས། སང་ཤར་ལ་འབྱོན་རྒྱུའི་དོ་ནུབ་སྐས་ལ་འབྱོལ་བས་རྐྱེན་བྱས་གློ་བུར་དུ་གཤེགས་ནས། ཆིབས་སླར་ལོག ཚུར་ཕུལ་བས་ཐུགས་ཁྲལ་ཆེར་གནང་ཞིང༌། ཚོགས་སུ་མང་སྐོལ་དང་བསྔོ་བ་རྒྱས་པར་གནང་ཞེས་ཐོས་སོ། །དེ་མཚམས་དབྱར་ཆོས་རྒྱལ་ལྷུན་པོ་ནས་རྒྱལ་བའི་དབང་པོ་ཀརྨ་པས་བཀའ་ཤོག་གནང༌། དེར་ཉི་མ་དབུས་གཙང་གི་ཕྱོགས་ལ་རྟ་ཁ་བསྒྱུར་ཡོན་པ་ཡིན་པས། བསྟན་པ་ལ་ཕན་པའི་གྲོས་འདྲི་འདྲ་སྣང་བ་ལ་དབུས་ཕྱོགས་སུ་མྱུར་བར་འབྱོན་པ་དང༌། དབུ་ཚད་ཀྱི་ཆོས་འབྱུང་དེ་རྩོམ་ལ་བསྐུར་མཛོད་གསུང་བའི་བཀའ་ལུང་ཕེབས་དོན་ལ། དབུས་ལ་ལན་རྗེས་མ་དཔོན་སློབ་ཉུང་བསྡུས་རང་ཕེབས་པའི་སྐབས། ཆོས་འཁོར་ལྷ་སར་རྒྱལ་དབང་ཀརྨ་པ་དང་མཇལ་ནས། ལུགས་གཉིས་ཀའི་ངེས་གསང་དཔག་མེད་གནང་རྗེས། གླང་ཐང་དང་རྒྱ་མ་རྣམས་སུ་ཡུལ་ཙམ་ཞབས་ཀྱིས་བཅགས། སྐལ་ལྡན་རྣམས་ལ་དབང་དང་བྱིན་རླབས་སྒོ་དུ་མས་རྒྱུད་སྨིན་ཅིང་གྲོལ་བར་མཛད། ལྷག་པར་དགའ་མོ་ཆོས་མཛད་པས་སྔ་རེས་ཕེབས་སྐབས་ལམ་ཟབ་བསག་སྦྱངས་ཞུས་ནས་ནམ་མཇལ་མཎྜལ་འབུལ་བ་མ་ཆག་པའི་གདུང་ཤུགས་འབུལ་བ་གནང་བ་ལ། དེ་རེས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་གླང་རི་ཐང་གི་གཟིམས་ཁང་གསར་པ་དགེ་འཕེལ་དུ་སྩལ་བས་གྲོ་ཡུན་ཅིག་ཡང་དག་པའི་ཏིང་ངེ་འཛིན་བཟང་པོ་ལ་འབྱམས་ཤིང༌། པཎ་ཆེན་རིན་པོ་ཆེའི་བཀའ་ལས་ཀྱང༌། འོ་ཟབ་མོའི་ལམ་གྱིས་བྱིན་གྱིས་བརླབས་པའི་ཚེ། །རྗེ་བཙུན་བླ་མ་འཇམ་པའི་དབྱངས་སུ་གཟིགས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟེར་བའི་དཔེ་དེ་དེ་རིང་གི་འདི་རེད་དོ་ཞེས། དྲིན་ཅན་སྤྱང་ལུང་པ་དངོས་ཀྱིས་གསན་ནས་བདག་ལ་བཀའ་ལུང་དུ་གནང་ངོ༌། །དེ་རྗེས་ཆོས་རྗེ་སྟོང་རྭ་བ་ཤཱཀྱ་བཟང་པོ་བས་གསོལ་འདེབས་སུ་གནང་ནས། དྲིན་ཅན་སྤྱང་ལུང་པའི་དྲུང་སོགས་དབང་ཆ་གཅིག་ལ་ཀྱེ་རྡོ་རྗེ་རྒྱུ་ལམ། ལམ་ཟབ་བིར་སྲུངས། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་སྩལ་རྗེས། རྒྱ་མ་དགེ་སློང་མའི་དྲུང་གིས་ཞུས་ནས་སྙིང་པོ་དོན་གསུམ་གྱི་ཁྲིད་གནང་ཞིང༌། འཕོ་བའི་སྐབས་སྟོང་རྭ་བ་ལ་དངོས་སུ་འཕོ་བ་འཐེབས་ཙམ་གྱིས་བརྒྱལ་ཐབས་སུ་གནས་པ་ལ། དྲུང་ཡིག་ཆོས་རྒྱན་པས་དབུ་གཙུག་ནས་བརྡུང་བ་གནང་ཞིང༌། སྙན་ལ་ཞལ་གཏད་དེ་འབོད་པ་གནང་བས་ཇི་ཞིག་ནས་ཐུགས་དྲན་རྙེད་བྱུང་ཞེས་དངོས་སུ་གཟིགས་པའི་གསུང་སྒྲོས་དྲིན་ཅན་སྤྱང་ལུང་པའི་ཞལ་ལས་ཐོས་སོ། །འདི་དབུས་ཕྱོགས་སུ་བཀའ་ཆོས་གནང་བའི་རྗེས་མར་སྣང་ངོ༌། །དེར་དྲོ་སའི་ལ་རྩེ་བར་སྐྱེལ་ཐུང་ལ་ཞལ་སློབ་དྲག་པ་ཡོད་ཕེབས་ཤིང༌། དེར་དགའ་མོ་ཆོས་མཛད་པས་བདག་ཉིན་རེ་བཞིན་ཇ་འཐུང་བ་ལ་ཇ་མཆོད་བདག་རང་གི་བླ་མ་རྣམ་གསུམ་གྱི་མཚན་ཐོན་པ་ཞིག་ཞུ་ཞེས་གསོལ་བ་བཏབ་པས། ད་ལྟའི་ཇ་མཆོད་རྣམ་ཤེས་མ་འདི་དེ་ཕྲལ་ཇ་གྲལ་དེར་དྲུང་ཡིག་ཆོས་རྒྱན་པ་ལ་ཞལ་སྤྲོར་གནང་ཞིང༌། ཐོག་མ་ལ་ངག་དབང་གྲགས་པའི་ཞལ་དུ། དེ་ནས་པཎ་ཆེན་མཁས་པའི་ཞལ་དུ། དེ་ནས་ཐར་པའི་རྒྱལ་མཚན་ཞལ་དུ་གསུང་བ་ཡོད། དྲིན་ཅན་སྤྱང་ལུང་པས་གསན་པའི་བཀའི་བདུད་རྩིའི་མཐའ་ཡང་འདི་ཉིད་ཡིན་ནོ། །ཞེས་བྱ་མཆོད་མཛད་རེས་ཀྱིས་གསུང་ངོ༌། །ཡར་ལམ་དབྱར་གྱི་ཆུ་འགོ་རྒྱས་པའི་དུས་ཀྱི་ཆུ་ལུད་པ་ཞིག་དང་ཐུག་སྟེ། ཁལ་གྱིས་ལམ་མ་བགྲོད་པར་མཚོམས་སྐབས། པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་ཕེབས། དེར་རམ་པ་སོགས་ཀྱི་ལ་བསྐོར་བ་མིན་པ་མི་ཐར་ངེས་པའི་ཚུལ་ཕུལ་བས། ཨའུ་རྩི་འདེངས་གསུང་ནས་ཕེབས་མ་ཁད་རང་ཆུ་ཐོག་སོ་གསུམ་རེ་གློ་བུར་དུ་བྲི་ནས་སྒལ་ཚས་ཀྱི་སྣེ་ཙམ་ཡང་མ་བངས་པར་འཕྲང་ལ་ཕེབས་སྐབས་འཕྲལ། སྔར་ལྟར་ཆུ་སྔར་ཤུལ་དུ་འཕེལ་བའི་གྲུབ་རྟགས་གནང༌། དེར་གསེར་མདོག་ཅན་དུ་དབྱར་གནས་མཛད་ཅིང༌། མཚན་བརྗོད་ཀྱི་ཊཱི་ཀའི་བཤད་པ་སོགས་བཀའ་ཆོས་ཕྲན་བུ་འགའ་དང༌། མི་ཉུང་བསྡུས་ལ་སྦྱོར་དྲུག་གི་ཁྲིད་ཅིག་སྩལ་ཟེར་རོ། །དེ་ནས་དགུང་ལོ་དོན་དྲུག་བཞེས་པའི་དུས། ཚེས་བཅོ་ལྔ་ཞིག་གི་ཉིན་རྣམ་སྲས་སེར་ཆེན་གྱི་རྗེས་གནང་གནང་གྲབ་ལ། རྗེ་དབོན་ཤཱཀྱ་རྒྱལ་མཚན་པའི་དྲུང་དང༌། ད་ལྟའི་ཨ་ཞང་བསོད་ལྷུན་པ་སོགས་དབུས་ནས་ཕེབས་པས། དེ་འཕྲལ་མཇལ་ཀ་གནང་ཞིང༌། དེའི་ཉིན་རྣམ་སྲས་རྗེས་གནང་ཡང་གནང་བས། དྲུང་ཆེན་དཔལ་དར་བས་པཎ་ཆེན་རིན་པོ་ཆེའི་དྲུང་དུ་རྗེ་དབོན་པས་ཐོག་མར་རྣམ་སྲས་གསན་པའི་རྟེན་འབྲེལ་གྱིས་རྣམ་སྲས་བྲན་དུ་འཁོལ་བ་ཞིག་ཡོད་ལགས་སམ་ཞུས་པས། ཅི་ཆ་དབོན་ཆུང་རྣམ་སྲས་ཕྱི་ལ་ཁྲིད་པ་ཞིག་ནི་ཡོད་རེ་གསུངས་པས། དེ་དུས་ཁོང་དག་གི་བློ་ཡུལ་དུ་རྣམ་སྲས་ཕྱི་བཞིན་དུ་བྱོན་པའི་གོ་བ་བྱས་ཀྱང༌། ད་ལྟ་བསམ་དུས་ནོར་ལྷ་ཕྱིར་ཁྲིད་གསུང་བར་སྣང་བས། གསེར་མདོག་ཅན་བླ་བྲང་གི་ཁྱད་ནོར་རྣམས་དབུས་ཀྱི་གླང་ཐང་གི་ཕྱོགས་སུ་ཕྱིར་སྐྱེལ་གནང་བའི་མ་འོང་ལུང་བསྟན་དུ་སེམས་སོ། །དེར་གནས་ཀྱི་སློབ་དཔོན་དྲུང་ནས་ལྷ་བཙུན་པའི་དྲུང་དུ་བཅོལ་དམ་གནང་བས་སྔར་དབུས་སུ་ཡང་ཆེན་པོར་འཕྱུར་བའི་དྲུང་བསྡུས་ར་སོགས་བརྡ་སྦྱར་ཙམ་གནང་བའི་སྣེ་མཐུད་པའི་ཐུགས་གཉེར་མུ་མཐུད་གནང་ཞིང༌། ལོ་དེའི་དཔྱིད་ཆོས་ལ་དཔོན་ས་བདག་མོ་ཆེན་པོས་ཆོས་དབར་གནས་གསར་དུ་བཏེགས་པས་རྗེ་དབོན་ཤཱཀྱ་རྒྱལ་མཚན་པས་གཙོ་མཛད་མངའ་རིས་པ་ཧོར་རབ་འབྱམས་པ་སོགས་ལ་ཆོས་དབར་སར་དུ་འབྲུམ་པ་བྱུང་ནའང༌། ཉེས་སྐྱོན་གཅིག་ཀྱང་མ་བྱུང་བར་ལེགས་པར་ཐར་བ་འབའ་ཞིག་བྱུང་ངོ༌། །དེར་གྲྭ་པ་བྱིངས་གསེར་མདོག་ཅན་དུ་ལོག པཎ་ཆེན་རིན་པོ་ཆེའི་ཞབས་ཕྱིར་དྲུང་ནས་ཉང་རམ་པ་དང༌། པཎ་ཆེན་རྡོར་རྒྱལ་བ་གྲྭ་ཤར་དུ་ཡོད་པ་ཅིག་ཀྱང་ཕྱགས་ཕྱིར་ཁྲིད་ནས་རྩེ་ཆེན་དུ་ཕེབས། ཚེ་དབང་སོགས་བཀའ་ཆོས་མང་བ་གནང་ཞིང༌། རྩེ་ཆེན་དུ་གནམ་ལྕགས་ཀྱི་ཐོག་བྱུང་བ་ཡང་ཐུགས་རྗེའི་མཐུས་ཉེས་སྐྱོན་གང་ཡང་མ་བྱུང་ཚུལ་གཟིགས་གསལ་གྱི་ཐུགས་རྒྱུས་སྟེང་ནས་འདི་ཐད་རྣམ་ཐར་རྡོར་རྒྱལ་མར་ཞིབ་ཏུ་བཀོད་འདུག་གོ །དེ་ནས་དབྱར་བཞུགས་དགག་དབྱེ་གྲོལ་རྗེས། རིན་སྤུངས་སུ་རྗེ་ཐམས་ཅད་མཁྱེན་པ་ཞྭ་ནག་ཅོད་པཎ་འཛིན་པ་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་བའི་སྤྱན་སྔར་ཕེབས། ཟླ་གཅིག་ཙམ་གདན་ཆགས་ཤིང༌། ཕྱོགས་རིས་ཀྱི་འདུས་པའི་དགེ་འདུན་ལུང་རིགས་སྨྲ་བ་མ་ལུས་པའི་རྩོད་པའི་དཔང་པོར་བཞུགས་ཤིང༌། རྒྱལ་བའི་དབང་པོ་ཉིད་ཀྱིས་མཛད་པའི་ཚད་མའི་རིགས་གཞུང་རྒྱ་མཚོའི་དཔེ་སྩལ་ནས་དག་བྱེད་མཛོད་ཅེས་བཀའ་བསྒོ་བ་གནང་བས། ཉིན་མཚན་དུ་ཐུགས་གཡེངས་ཆེས་པས་གཟིགས་སྐབས་མ་བྱུང་བར་དེ་དུས་ཕྱགས་ཕྱིར་མཁས་པ་དོན་ཡོད་པ་ཡང་བཞུགས་པས། ཕྱག་དཔེ་སྩལ་ནས་གང་གཞན་ལུགས་འདྲེས་པའམ་ཁྱད་ཐོན་གྱི་ཟུར་ཆ་གང་འདུག་ལ་ཤོག་གཟེར་ཐོབ་ཤོག ཅེས་བཀའ་གནང་བ་ལྟར་མཛད་ནས་ཕུལ་བས། ཞོགས་པའི་ཡུད་ཙམ་གཟིགས་པས་ཞག་འགའི་བར་དུ་རིགས་གཞུང་རྒྱ་མཚོ་ལས་བརྩམས་པའི་བཤད་པ་ཁོ་ནས་དུས་འདའ་བར་མཛད་རྗེས། སྔར་རྒྱལ་དབང་ཀརྨ་པ་ཉིད་ཀྱིས་བཀས་བསྐུལ་བའི་དབུ་ཚད་ཀྱི་ཆོས་འབྱུང་རྣམས་ཕྱག་ཏུ་བཞེས་ནས་འདུས་པའི་དབུས་དེར་རེ་རེ་ནས་དྲི་མལ་གནང་བ་ལ། འཕྲོས་པའི་ཟབ་བཤད་འབའ་ཞིག་པས་ཟླ་བ་ཙམ་གྱི་ཡུན་འདའ་བར་མཛད། འདི་སྐབས་ཀོང་སྟོན་བྱང་ཆུབ་སེམས་དཔའ་དབང་ཕྱུག་གྲུབ་པ་དཔལ་བཟང་པོ་ཡང་ཀརྨ་པ་མཇལ་བ་ལ་བྱོན་ཡོད་པས་དེར་པཎ་ཆེན་རིན་པོ་ཆེས་བཤད་པ་གནང་རེས་བཞིན་སློབ་མ་གུས་ལྡན་སློབ་དཔོན་གྱི་བཤད་འདོམས་ཉན་པའི་ཚུལ་བཞིན་དུ་གསན་ཅེས་རང་གཞན་གྱི་ཆས་བསྡུས་པའི་གྲལ་ལ་འཁོད་པ་ཀུན་གྱིས་སྒྲོག་ཅིང༌། དེ་ནས་སླར་གསེར་མདོག་ཅན་གྱི་ཆོས་གྲྭ་ཉིད་དུ་ཕེབས་ནས་དགུན་ཆོས་ཀྱི་དུས་ཆོས་སྐྱོང་བར་མཛད་སྐད་དོ།།  །།སྔོན་རབ་མཁས་པ་ཡོངས་ཀྱིས་མ་གཟིགས་པའི། །ལེགས་བཤད་གཞུང་ཚིག་ལ་གནས་མངོན་སུམ་པ། །ཆོས་སྤྱན་ཡངས་པས་ཕྲ་རྒྱས་སྤུ་རིས་ཀྱང༌། །མ་འདྲེས་གསལ་བའི་ཡུལ་དུ་ལེགས་པར་དགོངས། །རང་བཞེད་ལུང་དང་རིགས་པའི་དམག་དཔུང་གིས། །གཞན་ཟེར་ལུང་རིགས་ལྟར་སྣང་སུན་ཕྱུང་བ། །ཁྱོད་ཀྱིས་ལེགས་སྨྲས་མཁས་པའི་ཁ་རྒྱན་གྱིས། །བསྟན་བཅོས་གང་དེ་བསྟན་པའི་ནོར་རྫས་ཉིད། །རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་དག །གཞུང་ཚིག་ཡི་གེ་ཉིད་ལ་རབ་དཔྱད་ནས། །འདི་དེའི་དགོངས་པ་འདི་ལྟ་ཉིད་ཡིན་ཞེས། །བདེན་གསུངས་ལྗགས་ལས་དག་གསལ་འདོམས་པར་གསུངས། །ཀརྨ་པར་གྲགས་བདུན་པའི་བཀའ་ཡི་འཕྲིན། །རབ་ཆགས་ཐུགས་རྗེའི་ལྕགས་ཀྱུས་ཡོངས་བསྐུལ་བས། །ཡོངས་རྫོགས་བསྟན་པའི་ཁུར་ཁྱེར་གླང་པོ་ཁྱོད། །སྲིད་དང་ཞི་བའི་ཕུན་ཚོགས་དབུས་དེར་བྱོན། །བཤད་མཁས་གང་གིས་ཆོས་དོན་སྒྲར་བསྙད་ཚེ། །ཉན་མཁས་སྙིང་ལ་ཟིམ་ཆར་བཞིན་དུ་འབབ། །སྨྲ་མཁས་ཡོངས་ཀྱིས་ཆེད་དུ་སྒྲོག་པའི་གཞི། །བརྗོད་མཁས་དོན་བཟང་རྒྱལ་བའི་བཀའ་དང་མཚུངས། །ཁྱོད་གསུང་ལེགས་བཤད་ལྷ་ཡི་རྔ་བོ་ཆེ། །ཐོས་པས་མ་རིག་གཉིད་ལས་རབ་བསླང་ཞིང༌། །རབ་སྙན་ལྷ་རྫས་པི་ཝཾ་གླིང་བུའི་སྒྲ། །ཡུན་རིང་རྣ་བའི་ལམ་ནས་སྙིང་དབུས་བཞུགས། །ཚིག་དང་དོན་དུ་བཅས་པའི་ངེས་གསང་ནི། །རྒྱལ་བའི་ཆོས་རྣམས་ཡོངས་ཀྱི་བཅུད་བསྡུས་པ། །གཅིག་ཤེས་ཀུན་གྲོལ་འཆད་མཁས་འཕྲུལ་གྱི་སྒོ། །དུས་དེར་ལེགས་ལམ་སྒོ་བརྒྱ་དབྱེ་བར་མཛད། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། གཟུར་གནས་ཀྱི་མཁས་པ་དགེས་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའོ།།  །།དེ་ནས་དགུང་ལོ་དོན་བདུན་དུ་ཕེབས་པ་ཤིང་ཕོ་བྱི་བའི་ལོ། གཞན་སྣང་དུ་ཆབ་གཞི་ལ་བརྟེན་པའི་བསྙེལ་བའི་ཚུལ་སྟོན་པ་གནང་སྐབས་སྡེ་བདག་སོ་སོའི་ཕྱག་རྩ་འཛིན་པའི་འཚོ་བྱེད་སྨན་གྲོང་པ་དང༌། བོ་དོང་འཚོ་བྱེད་པ་སོགས་མཁས་པ་རྣམས་ཞབས་དྲུང་དུ་མངགས་ནས་གསོལ་སྨན་ཞུ་བ་སོགས་ཀྱི་འཕྲོད་བསྟེན་གནང་ཡང་ཆེར་སྐུ་ཁམས་ལ་དྭངས་བསྐྱེད་མ་བྱུང་བར་དབུས་ཕྱོགས་སུ་གྲོངས་སྒྲ་ཆེན་པོ་བྱུང་ཞིང་འཚོ་བྱེད་རྣམ་པ་ཡང་སྐུ་ནས་དང་བསྟུན་པའི། ད་སྟེ་གསོལ་བ་ཐེབས་པ་དཀའ་ཞེས་ཡིད་ཁོང་དུ་ཆུད་པ་ལས། སླར་སྐུ་ཚེའི་འདུ་བྱེད་བྱིན་གྱིས་རློབས་པར་མཛད་དེ། གཞན་ངོར་རླུང་སྦྱོར་ལ་བརྟེན་པའི་ཐུགས་ཀའི་ཐད་ནས་ཆབ་ཆུ་རྣམས་མངོན་སུམ་དུ་ཕྱིར་བསལ་ནས། མོད་ལ་སྐུ་ཟོ་མདོག་བདེ་བའི་དཔལ་འཛིན་པ་གནང་བས་ཡོངས་ཀྱི་ཡིད་སོས་ཤིང༌། ཞལ་དཀར་བའི་བསྙུངས་དྭངས་འབུལ་མི་སྟོད་མངའ་རིས་ནས་བཟུང་སྟེ། དབུས་གཙང་གི་བར་གྱི་དཀོན་ནོར་དཔག་མེད་ཀྱི་མེ་ཏོག་དབུལ་བར་བྱས་སོ། །དེར་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་སྤྱན་སྔ་བར་གྱུར་པའི་དྲུང་ནས་ལོ་རྩ་བ་དྷརྨ་དྷྭ་ཛ་ཡང་དེ་ལྟ་བུས་ཐུགས་བསྐུལ་ནས་རྒྱ་གར་རྡོ་རྗེ་གདན་བསྐོར་བ་ལ་གཤེགས་ཏེ། དེ་ཕྱིན་མངའ་རིས་བཞི་སྡེ་པ་གཟིམས་དཔོན་རྣམ་རྒྱལ་བས་སྤྱན་ཚབ་ཀྱི་ཕྱགས་ཕྱི་གནང་ཞིང༌། དྲུང་ཡིག་ཆོས་རྒྱན་པ་རྒྱ་གར་ལ་གཤེགས་ཕྱིན། དུས་འཁོར་གྱི་ཕྱི་ནང་གཞན་གསུམ་དང༌། བདེ་མཆོག་གི་རྣམ་བཤད་དང་པོའི་སངས་རྒྱས་རབ་ཏུ་གྲུབ་པའི་ཞལ་ལོབས་ཀྱི་ཡི་གེ་པ་ཡང་ད་ལྟའི་ཨ་ཞང་པར་གྲགས་པ་འདིས་གནང་བས། བསྟན་བཅོས་འདི་དག་གི་མཇུག་ན་ཡི་གེ་བ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ་ཞེས་འབྱུང་བས་མཚོན་ལ། དེ་དག་གི་སྐབས་སུ་རྗེ་བྲག་དཀར་དམར་གཉིས་ཀྱིས་སྔགས་ཆོས་ཞུ་བ་པོ་གཙོ་བོར་གནང་ནས། རྗེ་བྲག་དམར་བས་འདི་སྐབས་སྡོམ་གསུམ་རིན་ཆེན་སྤུངས་པའི་ཐུགས་རྩོམ་རི་བོ་གསེར་སྡིངས་ཀྱི་ངོགས་ཡངས་དབེན་གནས་ཡང་དགོན་རྩེར་མཛད་ཅིང༌། རྗེ་སེམས་དཔའ་བྲག་དཀར་བས་ཆོས་མཚན་རྒྱ་རྩ་བརྒྱད་ཀྱི་ཞུ་བ་པོ་གནང་ནས་དཔལ་གྱི་མགུར་ལས་ཉེར་འདོམས་སུ་ཡི་གེར་བཀོད་པའི་བཀའི་བསྡུ་བ་ཡང་འདི་ཡན་གྱིས་ཡོངས་སུ་གྲུབ་བོ། །ཤིང་མོ་གླང་ལོ་དགུང་ལོ་དོན་བརྒྱད་བཞེས་སྐབས། སྡེ་པ་སྒར་པའི་དྲུང་སོགས་ས་ཆེན་སྐྱོང་བའི་སྟོབས་ཀྱི་རྒྱལ་པོ་ཆེན་པོ་དག་ལ་དབང་ཁྲིད་དུ་མའི་ཆོས་ཀྱི་བདུད་རྩེ་སྩོལ་ཞིང༌། གདུལ་བྱའི་ཡུལ་དག་ལ་ཡང་མདོ་དང་སྔགས་ཀྱི་ཆོས་ཀྱི་ཆར་ཆེན་པོ་དུས་རྒྱུན་ཆད་མེད་པར་བཀའ་དྲིན་དུ་མཛད་བཞིན་པའི་སྐབས་ནས། འབྲོང་སྒང་བསམ་འགྲུབ་རྩེ། སེང་གེ་རྩེ་རྣམས་སུ་ཟླ་ཕྱེད་ཙམ་དེའི་རིང་ཕེབས་བཞུད་གནང་བ་ལ་ཡང་ཐུགས་མི་ལོངས་པའི་རྣམ་པ་གནང་ཞིང༌། སླར་འཕྲལ་ལ་རང་ལོག་ནས་གསེར་མདོག་ཅན་དུ་ཕེབས་མ་ཐག་བློ་བདེའོ་ཞེས། དུས་རྒྱུན་ལྡན་དུ་བཀའ་ལུང་བྱོན་ཞིང༌། མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེན་གྱི་ངང་ཉིད་ནས་ཐུགས་དམ་གྱི་རིམ་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་སྔ་དགོང་གི་ཐུན་གཏོར་གྱི་བར་ཉིན་གཅིག་ཙམ་ཡང་འཆག་པའི་སྐབས་མི་སྲིད་པར་དུས་འཁོར་མོར་གནང་ཞིང༌། སྲོད་ཆེན་ལ་ཀྲྀཥྞ་ས་རིའི་རྭ་དུང་ཅིག་བུས། གུ་གུལ་གྱི་དུད་པ་ཆེན་པོ་ཅིག་བཏང་བ་ནས། སང་ནམ་མ་ལངས་བར་གཟིམ་ཆུང་དུ་སུ་ཡང་མི་འགྲོ་བ་སྔ་མོ་མན་གྱི་ཕྱག་སྲོལ་ཡིན་ཞིང༌། སྔར་གོས་སྐུ་བཞེངས་མན་ལ་ནུབ་མོ་ཕྱག་རྔ་ཡང་བརྡུང་བ་གནང་ཞེས་སྒྲོག་ལ། ཕྱག་རྔ་ལ་མེ་འབར་བའི་ཆོ་འཕྲུལ་དྲུང་ཆེན་སངས་རྒྱས་སེང་གེས་གཟིགས་ཞེས་རྣམ་ཐར་རྡོར་རྒྱལ་མར་བྲིས་གནང་ཞིང༌། རྒྱུན་དུ་ཌཱ་དྲིལ་ཡུན་རིང་གནང༌། བཀའ་ལས་ཀྱང༌། ཌཱ་མ་རུ་འཁྲོལ་དུས་ན། མཁའ་འགྲོ་མ་གཙོ། མཁའ་འགྲོ་མཚོ། དུར་ཁྲོད་གནས་སུ་ཨེ་འགྲོ་མི་འགྲོ། འགྲོ་ན་ད་འགྲོ་འགྲོ་ན་ད་འགྲོ་ཟེར་བ་ཞིག་དགོས་པས་ཡོང་གི་ཨེ་གནང་གསུང་ཞིང༌། བརྟགས་ན་དེ་ཉིད་ཀྱི་སྒྲ་ཁོ་ནར་འབྱུང་ཟེར་རོ། །དེར་མྱུར་དུ་དགའ་ལྡན་ལ་བསྐྱོད་པར་དགོངས་པའི། བྱ་རྒོད་ཕུང་པོར་འཚོགས་པ་ཀུན་ལ་ཡང༌། ངེད་རང་གིས་དཀོར་དེ་སྔ་མོ་ནས་ཟོས་པས་ཁ་པོ་དེ་འདོན་ལོང་མི་ཡོང་བསམ་པ་བྱུང༌། དོན་གསུམ་ལོན་ནས་ཁ་པོ་དེ་འདོན་བྱས་ནས་ཀྱང་ལོ་ཁ་ཡར་སོང༌། ལོ་བརྒྱ་ཡར་མར་གྱི་མཁས་པ་སོ་སོའི་བཞེད་མ་འདྲེས་པའི་ཤན་འབྱེད་དེ་ཐུབ་རང་དགོས་པ་ཡིན། ཕྱིས་གང་ལབ་འཆོར་ཆས་སུ་བྱས་ངོ་སོར་སྒྲོག དེ་ལས་གཞན་པ་ས་སྐྱ་པ་མ་ཡིན་པ་སྐད་བྱེད་པའི་ཆོས་སྐད་ཟུར་བཞག་ཅིག་ཡོད་སྐད་ཀྱི་སྡང་སྨྲས་བྱེད། ཆོས་སྤྱོད་ཤླཽ་ཀ་ཅིག་འདོན་མི་འདོན་གྱིས་ས་དགེའི་དབྱེ་བྱེད་བྱས་རང་ཚུགས་ཐུབ་པ་ཅིག་དཀོན་སྣང་ངོ༌། །རང་རེས་དུམ་རེ་སྨྲས་ཀྱང་གྲོག་པོ་འདིའི་འབུམ་ཆུང་ཡན་ཆད་དུ་ཀ་ཡིན། ཡིན་ཀྱང་སྔ་མོ་ངེད་རང་གི་འདོད་པ་སུ་གང་གིས་ཀྱང་མ་འཁྱོར་བ་ལ། ད་འཁྱོར་བ་དེ་དགའ་རབ་འཁྱོར་གྱི་འདུག ངེད་རང་གི་ལྟ་གྲུབ་འཕྱུགས་ཟེར་མི་འདུག་ཀྱང༌། དེ་ཙམ་ཅིག་འཕྱུགས་མ་འཕྱུགས་ཀྱི་རྣམ་དཔྱོད་སྤྲོ་རྒྱུ་ཡོད། དོན་དུ་གཏུགས་ན་མནའ་སྐྱེལ་ཕེར་བ་ཡོད་དོ་གསུང་ཞིང༌། རང་རེ་ལོ་འདི་དང་འདི་ལ་གནས་འདི་དང་འདིར་ཕྱིན། བླ་མ་འདི་དང་འདི་ལ་ཆོས་འདི་དང་འདི་ཞུས་ཞེས་སྔར་ཡི་གེར་བཀོད་པའི་དོན་བསྡུ་ལྗེན་པར་གསུང༌། དེ་དུས་ཀྱི་མངའ་རིས་པ་བློ་གསལ་བ་མང་པོ་ལས་ཐོས་ཚོད་གོང་དུ་ཐད་སོར་བྲིས་པའོ། །དེ་ལྟར་ཞིབ་པར་གསུངས་ནས་འདི་འདྲ་ཡང་སེམས་ལ་ངེས་དགོས་ཕྱོགས་གར་ཤེད་དུ་ཕྱིན་དུས། མིས་དྲུང་པ་ཁྱེད་རྣམ་པའི་པཎ་ཆེན་པས་ཆོས་འདི་བླ་མ་སུ་ལ་གསན་ཞིང༌། གང་ནས་གང་དུ་བརྒྱུད་འདྲིར་བྱུང་དུས་བཤད་རྒྱུ་ཡོད་པ་རེ་ཡང་དགོས་ཞེས་ཀྱང་གསུང་ཞིང༌། དེ་ནས་མེ་ཕོ་སྟག་གི་ལོའི་དཔྱིད་སོས་བྱམས་སྐུའི་རྒྱབ་ཡོལ་རྒྱན་དྲུག་གི་བཟོ་མཐར་ཕྱིན་རྗེས། སྤྱི་ཆོས་དུས་བྱ་རྒོད་ཕུང་པོར་བཀའ་ཞལ་ལ། རང་རེའི་འདིར་ཡང་ལམ་འབྲས་བརྒྱུད་པ་རྣམས་བཞེངས་དགོས། གཞན་རྣམ་པས་ས་སྐྱ་པ་མིན་ཞེས་ལབ་ཀྱི་ཡོད་འདུག་གོ །ལར་ལབ་པ་རང་ལ་སྙིང་པོ་ཅི་ཡོད། གློ་བོ་པ་མང་ཇ་སྐོལ་མི་འདྲ་ལ་གླེང་བསླང་བྱས་པས་ཁོང་ལ་ལ་དག་ཆོས་རྗེ་བོ་དོང་པ་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་བ་ཀླུ་དཀར་རྒྱལ་གྱི་སྐྱེ་བ་ཡིན་ལོ། རྒྱུ་མཚན་དྲིས་པས་ཆོས་འཆད་དུས་མེ་ཏོག་གི་ཆར་བབ་པས་ཟེར། གློ་བོ་སྟེང་ཆེན་ན་བོ་དོང་པའི་རྣམ་ཐར་ཞིང་བཀོད་དུ་བྲིས་པ་ཐམས་ཅད་ཆུ་དྲོན་མོས་བཀྲུས་སོ། །ཨ་ཙ་མ་ཆོས་སྤོང་གི་ལས་ཞེ་རང་འཇིགས་སོ། །ལར་རང་སུས་སུའི་བརྒྱུད་པ་འཛིན་དང༌། བླ་མ་སུའི་བྱིན་རླབས་སུ་ལ་ཞུགས་དང༌། བརྒྱུད་པ་སུ་རྣམ་པར་དག་རང་ཆ་ག་ལ་ཡོད་དེ། ཆོས་སྲང་ཁའི་རལ་རུལ་ཡོ་བསྡུས་པའི་ཁ་ཟེག་བོན་གྱེར་ལ་བརྒྱུད་པ་དེད་པས་ཅི་ཕན། བློ་བཟུང་མའི་ཆོས་ལུགས་ལ་རྡོ་རྗེ་འཆང་ལ་བརྒྱུད་པ་སྙེག་པ་ཡིན་ནོ། །ངེད་ལ་ཆོས་དང་ཆོས་བརྒྱུད་གཉིས་ཀ་མི་བར་དུ་ཁྱི་མ་ཚུད་པ་ཡོད་པས། རྡོ་རྗེ་འཆང་ཡན་གྱི་བརྒྱུད་པ་རེ་བཞེངས་པ་ཡིན་གསུང་ནས། སྔོན་ཆོས་རྒྱལ་མེས་དབོན་གྱི་སྐབས་ཀྱི་ལྡེར་བཟོ་ལྟར་སྐུ་རྒྱུ་སྨན་དར་ལས་བསྒྲུབས་ཤིང༌། གྲང་གསེར་གྱིས་བྱིལ་མོར་བྱུགས་པའི་བརྒྱུད་པ་དངོས་བྱོན་རྣམས་རིམ་གྱིས་བཞེངས། མཐར་དྲུང་ཆེན་སངས་རྒྱས་སེང་གེ་བས་ད་ལོ་རྗེ་དྲུང་ཐུགས་ཀྱང་ན་ནིང་ཚོ་དང་མི་འདྲ་བའི་ཐུགས་ངང་ཐུང་ཙམ་དང༌། ཚོགས་སུ་ཡང་ཅལ་ཅོལ་མང་པོ་གསུང་བའི་བློ་མ་བདེ་བས། སྐུའི་རིམ་གྲོ་ལ་དམིགས་ནས་སྔར་ཡང་སྐུ་ཚེ་སྤེལ། ཞལ་གཟིགས་པའི་རྒྱུན་ཡིན་པས་རྗེ་བཙུན་མ་སྒྲོལ་མ་རྣམ་པར་རྒྱལ་མའི་སྐུ་གཅིག་ཀྱང་ཅི་ནས་བཞེངས་དགོས་པར་སྣང་ཟེར་བཞེངས་པའི་ཉིན་གཅིག་ལས་ར་དེར་པཎ་ཆེན་རིན་པོ་ཆེ་ཕེབས་ནས་སྒྲོལ་མའི་སྐུའི་རུས་ཤིང་ལ་ཕྱག་མཛུབ་གཏད་ནས་འདི་གང་རེད་གསུང་བ་ལ། གཟིམ་དཔོན་རྣམ་རྒྱལ་བས་རྒྱུ་མཚན་ཕུལ་བས། སངས་རྒྱས་སེང་གེ་ལ་རྐྱག་གཏད་གང་ཡོད། མི་ཕོ་ལོ་བརྒྱད་ཅུ་ལོན་པ་ལ་ཚེ་སྒྲུབ་དང་ཧ་མ་གོ་བ་ཡིན། ད་སྔར་རྗེ་དོན་ཡོད་དཔལ་བ་མྱ་ངན་ལས་འདས་ལོ་དེ་གཟིམས་མལ་སྐུ་འདྲ་ཞིག་བཞེངས་བསམ་པ་ལ། བཀའ་ལས་རང་རེའི་གཟུགས་བརྙན་སྔར་བཅོས་འདུ་ཁང་རྙིང་པ་ན་ཡོད་པ་དེས་ཆོག ངེད་ལ་དམིགས་པའི་སྐུ་བཞེངས་ན་རྗེ་རྒྱལ་རོང་པ་ཆེན་པོའི་སྐུ་གཅིག་བཞེངས་མཛོད་གསུང་བ་གྲུབ་ཐོབ་ཀྱི་བཀའ་ཡིན་བསམ་ད་ལྟ་བཀྲ་ཤིས་བརྩེགས་པ་ན་ཡོད་པའི་རྗེ་རྡོ་རྗེ་འཆང་གི་གཡས་ཕྱོགས་ན་བཞུགས་པའི་རྗེ་རོང་སྟོན་གྱི་གསེར་སྐུ་འདི་ཡིན། ད་ལོ་རྗེ་དོན་ཡོད་དཔལ་བ་ཡང་ཡང་དྲན། རྨི་ལམ་དུ་ཡང་ཡང་མཇལ། དགའ་ལྡན་ན་མེ་ཏོག་ཡིད་འོང་ཕུབ་ཙམ་འདུག་ཅེས་གསུང་བ་ཡང་བྱུང་བས། ད་སྟེ་རྗེ་དོན་ཡོད་དཔལ་བའི་སྐུར་སྒྱུར་ཅིག་གསུང་ནས་བླ་བྲང་དུ་ཕེབས། དེར་བཟོ་བོས་དྲུང་ཆེན་སངས་རྒྱས་སེང་གེ་ལ་བཀའ་ལུང་བསྒྱུར་ནས་ཇི་ལྟར་ལེགས་དྲིས་པས། ད་ལོ་བན་རྒན་ལབ་ལབ་རང་མང༌། ད་སྟེ་གཉིས་ཀ་བཞེངས་ཟེར་ནས་རྗེ་དོན་ཡོད་དཔལ་བའི་སྐུའི་རུས་ཤིང་ལོགས་སུ་བཙུགས། དེར་གཟིམས་དཔོན་རྣམ་རྒྱལ་བ་ལ་རང་རེས་ཁ་སང་སྨྲས་པའི་རུས་ཤིང་དེ་ངེས་པར་དོན་ཡོད་དཔལ་བའི་སྐུ་རང་དུ་བསྒྱུར་སྨྲོས་ཡང་ཡང་གསུང་བས། ཞེད་ནས་སྒྲོལ་མའི་སྐུ་རབ་གནས་བར་དུ་པཎ་ཆེན་རིན་པོ་ཆེའི་སྤྱན་ལམ་དུ་མི་གཟིགས་པ་བྱས་སོ། །དེར་ནང་རྫོང་སྐབས་ངོར་དུ་ཆོས་རྗེ་གདན་ས་པ་དཀོན་མཆོག་འཕེལ་བའི་དྲུང་དུ་ཞུ་ཡིག་ཕུལ། འདིར་ལམ་འབྲས་བརྒྱུད་པ་ཞིག་བཞེངས་ཡོད་པས་ནང་བཞུགས་ལ་བླ་མ་གོང་མའི་བྱིན་རླབས་རྣམས་གནང་དགོས་ཞུས་པའི་ལན་དུ། རྗེ་རྡོ་རྗེ་འཆང༌། མུས་ཆེན་འཇམ་དབྱངས་པ། རྒྱལ་ཚབ་ཀུན་དཔང་པ་རྣམས་ཀྱི་གདུང་ཚ་གསེར་ཆུ་མ་རྟེན་གྲངས་རེ་ཕུལ་བ་ཡང་རེ་རེ་ལ་རེ་རེ་བཞུགས་ཞེས་དེ་དུས་ནང་བཞུགས་ཀྱི་ཕྱག་གཡོག་པ་དབུ་ལེགས་དགེ་སློང་ཀུན་དགའ་ཆོས་དཔལ་བ་ལས་ཐོས་སོ། །དེར་བརྟེན་མཐར་ཕྱིན་ནས་བླ་བྲེ་ཁྱད་འཕགས་དང༌། རྡོ་རྗེ་འཆང་གི་སྐུ་མདུན་རྒྱ་དྲིལ་དང༌། ཟུར་པོ་ཆེའི་ལི་ཐོད་སྟེགས་བཅས། གཞན་བརྒྱུད་པ་ཀུན་ལ་རྒྱའི་རྡོ་རྗེ་དྲིལ་བུ། མུས་རྡོའི་ཀ་པཱ་ལ་ཁ་གཅོད་དང་བཅས་པ་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པའི་བཀོད་ཤོམས་གནང་དུས། དྲུང་ཆེན་གྱིས་ད་འདི་ལྟར་ལྷ་ཡ་མཚན་ཆེ་བ་ལ། ལོགས་བྲིས་སྨན་ཐང་པས་བྲིས་པ་ཞིག་དགོས་ངེས་ཞུས་དུས། ད་སྟེ་ལོགས་རིས་དང་མི་གྲུབ་པས། རང་རེ་ལ་རྒྱ་མ་བས་ཕུལ་བའི་ལམ་འབྲས་བསི་ཐང་དེ་ཀུན་བླ་མ་སོ་སོའི་རྒྱབ་ཏུ་ཁྲོམ། དེ་བརྒྱུད་པ་ཐེག་ཆེན་ལུགས་ཡིན་པས་བརྒྱུད་པ་གཉིས་ལྡན་ཡག་པོ་རང་ཅིག་ཡོད་གསུངས་ནས་ལོགས་ལ་བཀྲམས་ཤིང༌། དེར་ཀྱེ་རྡོ་རྗེའི་རས་བྲིས་ལ་བརྟེན་པའི་རབ་གནས་མཛད་སྐབས། སྒྲོལ་མའི་སྐུའི་ཕྱག་ཏུ་ལི་བུམ་ཆུང་ཆུང་ཅིག་བཟོ་ཁྱད་དུ་ཕུལ་ནས་ཡོད་པ་ལ་ཕྱག་མཛུབ་བཙུགས། ད་རེས་སྒྲོལ་མའི་ཕྱག་གི་བུམ་པ་བདུད་རྩི་སྟོང་པ་དེ་རེ་བདེན། ཞེས་ཚིག་སྒྲ་དམན་པའི་སྐབས་དེར། ཀོང་པོ་ནས་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་སྟག་ལོ་དེ་ཉིད་ཀྱི་ཟླ་བ་དང་པོའི་ཚེས་བཅུ་བཞི་ལ་ཞིང་བརྗེས། དེ་བར་ཉེ་རིང་ཡོངས་ལ་གསང་བའི་གསང་བརྟོལ་གྱི་མང་ཇ་ཞུ་མི་ཡང་སླེབས་པས་ཐུགས་ལྷག་པར་འབྱུང་ཞིང༌། ཡས་གཏམ་དཔེ་བྲལ་ཤུགས་རིང་དང་བཅས་པས་བསྔོ་བ་གནང༌། དེ་ལོ་དྲུང་ནས་ལྷ་བཙུན་པའི་དྲུང་ཡང་ཞིང་བརྗེས། དབུ་ཐོད་ལོགས་ལ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྐུ་གསལ་བར་བྱོན་པའི་གཟིགས་འབུལ་བྱས་པས། ཐུགས་ལྷག་པར་ཆེས་པའི་བཀའ་སྩལ་གནང་ཞིང༌། སྟོན་བཞུགས་ལ་བལ་པོར་རྟེན་ལི་མ་རྣམས་བཞུགས་པའི་བཀྲ་ཤིས་སྒོ་མངས་བཞེངས་མིའི་བལ་པོ་བཟོ་བོ་རྣམས་འབོད་པ་ལ་ཆིབས་དཔོན་ཤཱཀྱ་བཟང་བ་ལ་བཀའ་ལུང་གནང་བས་ཕྱག་དམ་འཐེམས་པའི་ཆེད་གཉེར་ཆེ་བ་གནང་ཞིང༌། དེ་ལོ་ཕྱོགས་བྱོན་གྱི་སྐུ་དྲག་འགའ་ལ་ཀྱཻ་རྡོ་རྗེའི་རྒྱུ་དབང༌། ལམ་ཟབ། བིར་སྲུང༌། ནཱ་རོ་མཁའ་སྤྱོད་སོགས་ཀྱི་བྱིན་རླབས་དང༌། ཞུ་མི་སོ་སོའི་ངོར་སྙིང་པོ་དོན་གསུམ་གྱི་ཁྲིད་ལན་འགའ་བཟླས་ནས་གསུངས་ཤིང༌། དེར་མེ་མོ་ཡོས་ཀྱི་ལོ་ཤར་བ་པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་བརྒྱད་བཅུའི་མཐར་སོན་པའི་དཔྱིད་སོས་འབོད་མི་གནང་བའི་བལ་པོ་བཟོ་བོ་འདོད་པའི་ལྷས་ལས་མ་ལུས་པའི་དངོས་གྲུབ་ཡོངས་སུ་སྦྱིན་པའི་ལས་གྲྭ་ཚང་བ་ཞིག་ཀྱང་ཞབས་དྲུང་དུ་ལྷགས་ཤིང༌། ཡོས་ལོ་ཟླ་བ་བཞི་པའི་ཚེས་བཅུ་བདུན་གྱི་ཉིན་གཟའ་སྐར་དགེ་བ་ལ་མཆོད་རྟེན་སྒོ་མངས་ཀྱི་རུས་ཤིང་འཛུགས་པ་གནང༌། གཟིགས་རྟོག་ལ་ཕེབས་པའི་ཚེ། ཁྱེད་ཚོའི་མཆོད་རྟེན་གྱི་བུམ་པ་ཆུང་པ་འདྲ་གསུངས་ནས་ཆེར་བསྐྱེད་པ་གནང་ཞིང༌། དེ་ཡང་འདྲ་འབག་ཐོག་མ་འདུ་ཁང་རྙིང་པར་ས་ལ་བཅོས། དེའི་ཕྱིར་དཔོན་དོན་གྱིས་ཤིང་ལས་དེ་ཇི་ལྟ་བར་བསྒྲུབས། དེ་རྗེས་བལ་པོས་ལག་འཕྲུལ་གྱིས་ཟངས་དངུལ་ལ་འཕུལ་བརྡུངས་བྱས་ནས་རིམ་སྤྱོད་དུ་བཞེངས་པ་གནང་ལ། ཟླ་བ་ལྔ་པའི་ཉི་ཤུ་གཅིག་གི་ཉིན་ཆོས་ཁྲི་ཁར་ཕེབས་མ་ཐག་གྲྭ་པ་ཚོ་ཀློག་སྒྲོགས་ལ་ཚོགས་ཡོད་པས། ཆོས་སྒྲོགས་འབད་ལ་གྱིས། རང་རང་སོ་སོ་ལ་མི་དགོས་ནའང་བསྟན་པ་ལ་ཡང་སྐུ་ཆགས་ཡོང་གིན་སྣང་ངོ་གསུང་ཞིང༌། ངེད་ལ་མཚན་མ་ལོད་པོ་རང་ཞིག་བྱུང༌། ཐིབས་གནོན་མི་ཡོང་བར་བྱ་གཏོང་བ་དེ་ཨེ་དྲག་ཡིན་ཞེས་ཀྱང་གསུང་ངོ༌། །འདི་སྐབས་རྣམ་ཐར་རྗེ་དབོན་མར་བྱམས་ཆོས་ལམ་རིམ་གྱི་ལུང་སྩལ་ཞེས་རྗེ་ཀུན་དགའ་རྒྱལ་མཚན་པས་སྔར་མ་གསན་པ་ནས་ཀུན་བཟང་རོལ་མཚོའི་ལུང་ཅིག་གསོལ་བ་བཏབ་ནས་ཚོགས་སུ་གནང༌། དེ་མཚམས། དེ་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་སྐབས་སུ་ཆོས་མཚམས་གནང་ནས། རྩེ་ཆེན་དུ་གྲུབ་ཆེན་ཀུན་བློ་བའི་བཀའ་འབུམ་གསན་པ་ལ་ཐེགས་ཤུལ། ཆོས་རྗེ་ནམ་བྱོན། དེ་རང་དེ་ལྟར་དབྱར་གནས་སྐབས་ཡིན་པས། འདུལ་བ་ནས་ཟས་བཅུ་གཅིག་བཤད་ཀྱང་ཡོད། དགེ་འདུན་ཉི་ཤུ་གཅིག་བཤད་ཀྱང་ཡོད། དེ་གཉིས་ཀ་ལ་གདུལ་བྱ་རེ་རེ་འོང་བར་བྱེད་པ་ཡིན། ངེད་རང་ཚོ་ལ་ཡང་གདུལ་བྱ་ཞིག་ཨེ་ཡོང་བྱེད་པ་ཡིན་མོད། ད་མན་དགེ་འདུན་ཉི་ཤུ་ནས་འཆད་པ་ཡིན་གསུང་ནས། བྱང་སེམས་འཕགས་པ་འདོད་པར་སྐྱེ་བ་ལེན་པ་འདོད་ཉོན་མཚན་ཉིད་པ་དགོས་མི་དགོས་དང༌། ལྷག་མེད་དུ་ཉན་རང་མྱ་ངན་ལས་འདའ་བ་དེ་དགོངས་པ་ཅན་ཡིན་ནམ། ཉན་རང་ལྷག་མེད་དུ་མྱ་ངན་ལས་འདའ་བ་དེ་རང་མིན་པ་འདྲ། དབང་པོའི་ལུས་སུ་བྱིན་གྱིས་བརླབས་འཚང་རྒྱ་བ་དེ་ཡིན་པ་འདྲ། གཞན། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པ་རབ་ཏུ་བསྒྲུབ། །ཅེས་པའི་གཞུང་འཕྲོས་དོན་དང་བཅས་པ་ལ་ཡང་བཤད་པ་འཕྲོས་དོན་དང་བཅས་པ་རང་གིས་ཟླ་འཕྲོ་དེ་ཟླ་བ་གནང་ཞིང༌། སྒོམ་སྡེ་རབ་འབྱམས་པ་རྒྱལ་འོད་ཟེར་བ་དེའི་བློ་ལ་དགེ་འདུན་ཉི་ཤུ་མི་གཅིག་པའི་དཔེ་བཅུ་གཅིག་ཙམ་ཡོད། ཁོང་གི་བསམ་པ་ལ་དགེ་འདུན་ཉི་ཤུ་རང་གི་ཐད་ལ་པཎ་ཆེན་རིན་པོ་ཆེ་ལས་ཀྱང་ང་རང་བློ་ཚོགས་ཆེ་ཞིང་ཞིབ་སྙམ་པའི་ཡིད་ཉེས་པས་སྐྱོ་ནས། དེའི་རིང་མཆི་མ་རང་དབང་མེད་པར་འཛག་པ་ཞིག་བྱུང་ཡང་ཟེར་རོ། །ཟླ་བ་དེའི་ཉི་ཤུ་དགུའི་སྤྱི་ཆོས་ལ་མདངས་གི་གསུང་ཆོས་དེའི་འཕྲོ་ཨེན་ཙམ་གསུང་ནས། རྗེ་རོང་ཆེན་གང་བློ་མའི་རྗེས་ལ་ཕར་ཕྱིན་གསུང་ཙ་ན། ཉན་ཐོས་ཞི་བ་ཚོལ་མ་གསུང༌། རྣམ་འགྲེལ་གསུང་ན། ཕ་རོལ་ཀུན་དུ་རྒྱུ་བ་བྲམ་ཟེའི་བུ། །ཚུ་རོལ་བསྟན་པའི་པད་ཚལ་ལེགས་འོངས་ནས། །ཡང་དག་རིགས་པའི་ལྷ་ལམ་གསལ་པོར་གཟིགས། །སྡེ་བདུན་མཛད་པ་དེ་ལ་ཕྱག་བགྱིའོ། །གསུང༌། དབུ་མ་གསུང་ན། གང་གིས་གཉིས་མེད་ཡེ་ཤེས་གསུང་བའི་ཚོགས། །ཞེས་སོགས་གསུང༌། མངོན་པ་གསུང་བ་ཡིན་ན། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། ཞེས་སོགས་གསུང༌། སྨར་སྟོན་རྒྱམ་རིམ་པ་འདུལ་བ་གསུང་ཙ་ན་གང་བློ་མའི་རྗེས་ལ། འདུལ་བ་རྒྱ་མཚོའི་གཏིང་མཐའ་ཕ་རོལ་བརྙེས་གྱུར་ཅིང༌། །གསུང༌། རྗེ་དོན་ཡོད་དཔལ་བ་རྗེ་རོང་ཆེན་གང་མཛད་ཀྱི་ལད་མོ་རང་མཛད་ཀྱི་སྣང༌། རང་རེའི་འདི་གསང་ཕུ་ཆོས་ཁྲིའི་ཁར་ཐོན་པའི་ཉིན་མོ་ཁ་ནས་གང་ཐོན་བྱས་པས་འདི་བྱུང་བ་ཡིན། ཆོས་རྗེ་གོང་མ་སུའི་ཡང་སྒྲིགས་བཅགས་མིན་གསུང་ངོ༌། །གནམ་གང་གི་ཉིན་ཡང༌། འདོད་པའི་ཕྱོགས་གཅིག་ལ་ཆགས་བྲལ་བྱས་པའི་བྱང་སེམས་འཕགས་པ་དེ་སྤྲུལ་པ་སྒྲུབ་མི་དགོས་པར་སྙིང་རྗེ་དང༌། སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པས་ཆོག་པ་ཡིན་སོགས་རྒྱས་བཤད་གནང་རྗེས། བསམ་ཆུང་རང་འདུག་གོ །བསམ་པ་ཆེ་དགོས། ཏིང་ཤགས་དང་དྲིལ་བུ་སིལ་སིལ་གྱི་ཆོས་དགོས་ཟེར་བ་མང་པོ་འདུག་ཏེ། ཆོས་ཞུས་ནས་དམ་ཚིག་སྲུང་མཁན་མི་འདུག་གོ་གཟོབས་ཤིག ད་རང་རེ་རྣམས་གསོ་སྦྱོང་ལ་འགྲོ་བ་ཡིན་གསུང་སློབ་དཔོན་ཚོ་རང་གྲོགས་ལྡན་ཞིག་གྱིས་ལ་གཎྜི་བྱུང་བ་དང༌། གསོ་སྦྱོང་ལ་འདུས་ཤོག་ཅེས་བཀའ་སྩལ་ནས་ཞལ་རས་ལྷ་ཁང་དུ་ཕེབས། སྐུ་འདྲའི་གཞོགས་གཡས་ཕྱོགས་དེ་སངས་རྒྱས་སེང་གེ་རང་མཐོ་གཞལ་གྱིས་དང་ཞེས་གསུང་ནས། མཐོ་འདི་ཙམ་སྣང་ཞུས་དུས། འོ་ན་བཀྲ་ཤིས་སྒོ་མངས་བཞུགས་ས་ཡོང་བར་འདུག ཏོག་དེ་ཐོག་ལ་རེག་པ་ཞིག་དགོས། ངེད་རང་ཤི་ན་ཡང་རྟེན་བཞེངས་འདི་ཀ་ཡིན་པས། བུམ་པ་དེ་རྣམས་ཀྱང་ཆུང་ན་མི་ཉན། དབང་དུས་ན་སྲེག་ཆོག་བྱས་ཚ་ཚ་བཏབ་པ་ལུགས་དང་མཐུན་ཞིང༌། ཡང་དབང་མ་བྱུང་ན་ངེད་ཀྱི་སྐུ་གདུང་བཞུགས་དགོས་པ་ཞེས་གསུང་འཕྲོ་ལ། དྲུང་ཆེན་སངས་རྒྱས་སེང་གེས་ཞལ་ཏ་གང་མིན་རང་མི་གསུང་བ་ཞུ། ཏོག་ཐོག་ལ་རེག་པའི་དངུལ་མེད་ཞུས་པས། དངུལ་འདི་ཀུན་ཀྱང་བཏང་བས་ཆོག ཁྱེད་རང་དག་བློ་བདེ་མོ་འདུག་སྟེ། དེ་ལས་ཆུང་ན་ནཱ་ལེནྡྲར་དངུལ་གདུང་བཞེངས་མཁན་རྣམས་ལ་ངོ་མི་ཚའམ་གསུང་ནས། གཎྜི་སྒྲ་དབྱངས་དང་རྗེས་འབྲེལ་ཚོགས་སུ་ཆོས་ཀྱི་ཁྲིའི་སྟེངས་སུ་བཞུགས་ཞེས་རྣམ་ཐར་མ་ཏི་མར་འབྱུང་བ་བཞིན། མཁས་པ་སངས་རྒྱས་འོད་ཟེར་བ་དང༌། མངའ་རིས་པ་ཧོར་སྒོམ་རབ་འབྱམས་པ་སྨྲ་མཁན་མང་པོ་གུང་འགྲིགས་པ་བཞིན་ཞིབ་པར་བྲིས་ལ། རྣམ་ཐར་རྡོར་རྒྱལ་མར་ངེད་ཆོས་ཁྲི་འདི་ལ་དྲིན་ལན་མཇལ་དགོས་པས་ཐུགས་དམ་བྱེད་ཅིང་འདི་ཁར་སྡོད། སློབ་དཔོན་ཚོས་གྲོགས་ལྡན་རེ་ཤོད་གཎྜི་དང་བསྟུན་ནས་གསོ་སྦྱོང་ལ་འཚོགས་ཤོག་གསུངས་ནས། དེ་བར་ཁྲི་ཁར་བཞུགས་གཎྜི་མ་བྱུང་ཙམ་ལ་པཎ་ཆེན་རྡོར་རྒྱལ་བས་སྐུ་དྲུང་དུ་བྱོན་པ་དང༌། དེ་སུ་རེད་གསུང༌། གཟིམ་དཔོན་རྣམ་རྒྱལ་བས་སློབ་དཔོན་རྡོར་རྒྱལ་བ་རེད་ཞུས་པས། གཎྜི་སྙན་པོ་ཨེ་སྣང་གསུང༌། སྣང་ལགས་ཞུས་པས། ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཟེར་བ་ཡིན། འདི་དཔལ་འཁོར་བདེ་ཆེན་ནས་ཇ་གནས་ཞིག་གིས་ཕུལ་བའི་གསར་པ་དེ་ཡིན། རྙིང་པ་བྱིན་རླབས་ཅན་དེ་ཆོས་འཁོར་ཆེན་མོའི་དུས་ཆོས་འཁོར་རྩེ་བ་ལ་ཕུལ་ནས་ཡོད་གསུང་པས། ཆོས་འཁོར་རྩེར་གཎྜི་བརྡུངས་ལ་ཤོད་ཅེས་གསུང་བར་གོ་ཞེས་འབྱུང་ངོ༌། །དེར་དགེ་འདུན་གྱི་ཚོགས་ཀྱིས་འདུ་ཁང་ཁྲིག་ཁེངས་པས་ལྷག་པར་མཉེས་ནས། རང་རེས་སྔོན་ཐོག་མ་འདུ་ཁང་རྙིང་པར་དབྱར་གནས་སྔ་མ་བྱས་དུས་དཀར་པོ་བྲག་པའི་རྒན་ཞུགས་གཅིག་དང་བྱས་པ་ལ་ཡང་ཚོགས་ཀྱི་ཁ་སྐོང་རེ་དགོས་པ་བྱུང༌། ད་ལྟ་ཡོས་བཤགས་པ་སོགས་འོར་དིངས་པ་རྣ་བ་འོན་ཡོང་བ་འདྲ་བ་འདི་མཚར་རང་ཆེ། སྔོན་གྱི་དུས་དེར་ནི་དྲུང་ནས་ཆོས་ཀྱི་བཟང་པོ་བ་ལ་ཡང་རྗེས་ཟློས་ལས་བཤགས་ཚིག་ཐུགས་ལ་མི་འདུག་གོ །ངེད་རང་གིས་གློ་བོ་ནས་ཡོང་ལོ་མར་ལམ་དེ་དབྱར་སྒང་ཡིན་པས་དབྱར་མེད་ལ་སོང༌། གཞན་གཅིག་ཀྱང་ཆག་པ་མེད་དོ། །གཞི་གསུམ་གྱི་ལག་ལེན་འདི་མི་ལ་ཡོད་ན་སྨོན་རྒྱུ་དང༌། རང་ལ་ཡོད་ན་ངོམ་རྒྱུ་ཡིན། སངས་རྒྱས་བསྟན་པའི་རྩ་བ་རང་ཡིན་པས་མདོ་སུས་འདོན་ཀྱང་ཡོང༌། གསོ་སྦྱོང་ལ་ཡོང་བ་མ་ཆག་པའི་ཁུར་ལེན་གལ་ཆེའོ། །དེ་རིང་གནམ་གང་ཡིན་པས་སློབ་དཔོན་རྣམ་པ་བླ་བྲང་དུ་ཤཱ་ས་ན་ལ་འབྱོན་དགོས་པས། གྲོགས་ལྡན་རེ་མཛོད་ལས་བྱོན་ཅིག་གསུང་ནས་བཞུགས་ཁྲི་ཁ་དེ་ནས། ཀུན་གྱི་ཐོས་པའི་གསུང་གཟེངས་མཐོ་བ་ཐུགས་ལྷག་པར་དགེས་པའི་ངང་ནས་གསོ་སྦྱོང་ལེགས་པར་གྲུབ་རྗེས། པཎ་ཆེན་རིན་པོ་ཆེས་བླ་བྲང་དུ་ཕེབས། སློབ་དཔོན་པ་སོ་སོས་རང་རང་གི་ཆོས་ཁྲིར་བྱོན་ནས་གཏོང་ཆོས་དེ་སྩལ་ནས་ཤཱ་ས་ནའི་བཟླས་པ་ལ་ཞབས་དྲུང་དུ་ཕེབས་པས། སྔགས་ཐུན་གྲོལ་རྗེས་ཐུགས་དམ་འདོགས་འབུལ་མི་ཞིག་བྱུང་བ་ལ། བཟང་སྤྱོད་བྱམས་སྨོན་བཟླས་པ་ལན་དུ་མ་དང༌། བསྔོ་བ་རྒྱས་པར་གནང༌། ངེད་རང་ལ་ད་ནང་ཡར་རྒྱབ་དཔོན་ཆེན་པས་ཞྭ་གོས་ཆ་ཚང་ཞིག་ཕུལ་བྱུང་བ་དེ་སང་ཚེས་གཅིག་ནས་གྱོན་ཡོང་ངོ་གསུང་ཞིང༌། སློབ་དཔོན་ཚོས་གྲལ་ལས་བཞེངས་ཕྱག་འབུལ་གནང་ནས་ཕྱིར་བྱོན། དེའི་སང་དེ་ཟླ་བ་དྲུག་པའི་ཚེས་གཅིག་ལ་ཡར་རྒྱབ་པས་ཕུལ་བའི་ན་བཟའ་ཡོ་སྐུ་ལ་བཞེས་ནས། བྱ་རྒོད་ཕུང་པོའི་ཆོས་ཁྲི་ཁར་ཕེབས་འཕྲལ་གྲྭ་པ་ཡོ་ལ་གཟིགས་ནས། ངེད་ལ་ལྟད་མོ་ལྟོས་ཤིག སྦྱིན་བདག་དད་པ་ཅན་གྱི་དགེ་བ་ལ་རྗེས་སུ་ཡི་རང་གྱིས་གསུང༌། དེར་ཚོགས་པས་གསུང་སྒྲོགས་གནང༌། པཎ་ཆེན་རིན་པོ་ཆེའི་སྐུ་བསྲངས་ནས་སིམ་མེ་བཞུགས་པ་གནང་འདུག་པ་ལ་དྲུང་ནས་རྡོར་རྒྱལ་བས་གཟིགས་ཏེ། དེར་འཁྲིས་ན་ཡོད་པ་ཀུན་ལ། ཡའི་པཎ་ཆེན་རིན་པོ་ཆེའི་སྐུའི་གཟི་འོད་ལ་ལྟོས་དང༌། ཞལ་གྱི་སྒོ་ཐམས་ཅད་ནས་འོད་ཟེར་འཕྲོ་བ་རང་སྣང་ངོ་ཟེར། ཁོང་ཚོས་ཀྱང་གཞིག་མལ་བཅུག་པས་དེ་བཞིན་དུ་འདུག་ཅིང༌། ཡང་དྲུང་ནས་རྡོར་རྒྱལ་བའི་གསུང་གིས་ངེད་ལ་གསོལ་དཔོན་བློ་གྲོས་སེང་གེ་བ་ཟེར་ཙ་ན། ད་ལོ་བན་རྒན་སྐུ་གཟུགས་ལྷག་པར་བཟང༌། བག་ཚ་ཡང་མཆོད་ཐུབ་ཟེར་བས་བློ་བདེ་གསུང་བའི་གསུང་སྒྲོས་མཛད་ཅེས་མངའ་རིས་པ་གཡུ་རྩེ་རབ་འབྱམས་པའི་ངག་ལས་ཐོས་སོ། །དེར་ཀློག་སྒྲོགས་གྲོལ་རྗེས་གང་བློ་མ་གནང་ནས། ཁ་སང་གནང་བའི་འཕྲོ་སྤྲུལ་པ་བསྒྲུབ་པའི་ཚུལ་དང༌། དེས་གཞན་དོན་སྙིང་རྗེ་དང་སྨོན་ལམ་གྱི་སྒོ་ནས་འབད་མེད་བསྒྲུབ་ཚུལ་འབུས་ཙམ་ཁ་སང་གི་འཕྲོར་གསུངས་ནས། དེང་སང་གི་མཚན་ཉིད་པ་འདི་ཀུན་ཐོས་རྒྱ་རང་ཆུང༌། སློབ་དཔོན་ངན་ངན་རེའི་སར་གྲྭ་པ་ངན་ངན་རེ་བསྟེན་པའི་གང་གི་ཡང་ཧ་མ་གོ་བ་སྣང་བས། རང་རེས་ནི་ས་འདིར་བསྟན་པ་མཁའ་ཁྱབ་རིག་གནས་ཀྱིས་བརྒྱན་པ་བཤད་ཡོད་དོ། །སྔོན་ངེད་རང་གི་པོ་སྟི་རེ་རེ་སློབ་ཕྱིར་ཡང་གྲྭ་ས་རེ་བཤགས་དགོས་པ་བྱུང༌། དེང་སང་ཀུན་ས་གཅིག་ཏུ་བསླབས་ཆོག་པ་ལ་དགའ་བ་བསྒོམས་ཤིག ཁོང་ལ་ལ་དག་ནི་དེ་རིང་གི་ཆོས་ར་རིགས་ལུང་མི་ཡོང་ལྔ་མཆོད་ཡིན་པས་ཟེར། བླ་མའི་མཆོད་པ་ལ་ཇ་ཕོར་རེ་བཏུངས། དེས་ཟི་བེར་སོང་དུས་བཞི་གདོང་མ་ལ་ས་གསུམ་མའི་དབྱངས་རྟ་རེ་བཅུག་པ་ལ་ཟལ་ངོམས་བྱེད་པར་འདུག་ཀྱང༌། དེ་ཀུན་མཚན་མའི་རྣམ་པར་གཡེང་བ་ཡིན། བླ་མའི་དུས་མཆོད་དེ་བཤད་ཉན་རང་གིས་འཛིན་དགོས། རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟགས་པས་སངས་རྒྱས་མཉེས་པ་དང༌། ཟེར་བ་འདི་མ་བརྗེད་པར་གྱིས། རིན་པོ་ཆེ་གཡག་པ་དང༌། རྗེ་རོང་སྟོན་སོགས་སྐུ་ཚེ་འཆད་ཉན་གྱིས་འདས་པ་དེ་ཀུན་ལ་ཐུགས་དམ་མེད་པ་མིན་མོད། ཚལ་པ་ཤེས་རིན་ལ་ཉེ་གནས་ཀྱིས་ད་རང་སྦྱོར་བ་བརྩི་བརྩི་ལས་ཐུགས་དམ་མཛད་ན་ལེགས་ཞུས་པས། ཁོང་ནས་དེ་ཀ་རང་འདུག་ཡིན་ནའང་རང་རེའི་རིགས་པ་འདི་གཞན་ལ་མི་འདུག་པས་ཟེར་ཐལ་མོ་བརྡབས་བྱུང་ལོ། །སློབ་དཔོན་རིན་རྒྱལ་བས་འཆི་ཁར་ཆོས་ཤེས་པ་བརྗེད་པས་ཕངས་ཟེར་བ་ལ་རང་རེ་ཡང་རྗེས་དཔག་སྐྱེས་ཏེ། ད་ལོ་རང་རེ་གཞུང་ཆེན་ཀུན་གྱི་བརྗེད་བསབས། སྒྲ་ཊཱིཀ་ཆེན་མོ་སོགས་ཀྱང་སྒྲོག་ཏུ་བཅུག་ནས་བག་ཆགས་བཞག་ཡོད། ཕྱིས་ཀྱི་སྡེ་དགོན་མང་པོ་ན་དགེ་འདུན་གྱི་ཚོགས་གྲལ་ལ་བདེ་མལ་ལ། སངས་རྒྱས་ཀྱི་བཀའ་ཚིག་རེ་ཡང་མི་བྱེད་པར་རང་གི་གཏད་འཆལ་འབའ་ཞིག་བོན་གྱེར་བྱེད། དོན་དུ་གཏུགས་ཙ་ན་དེ་ཙམ་བཞག་ནས། ད་སྒྲོལ་མ། བདུད་བཟློག་རེ་ཐུགས་ལ་ཐོགས་ཟེར་བ་རང་འདུག་གོ །རང་རེ་ལ་བདེ་སྡུག་གང་བྱུང་རུང༌། སངས་རྒྱས་ཀྱི་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་དབང་ལས། བཀའ་དྲི་མ་མེད་པ་དེ་རང་དགོས་སོ། །སྔོན་དམ་པ་ཏོག་དཀར་དགའ་ལྡན་ནས་འཛམ་གླིང་དུ་བྱོན་དུས་རྒྱལ་བ་བྱམས་པའི་དབུ་ལ་ཅོད་པཎ་དེ་བཅིངས་ཟེར། གཞན་གདན་ས་དང་བཀོད་པའི་སྤྲོས་སྤྲོས་མ་མཛད་འདུག་གོ །ངེད་ཀྱི་ཆོས་ཁྲི་སྟོང་པར་བཞག་ན་བར་ཆད་བྱུང་དོགས། ཟླ་བ་སྔ་མའི་ཚེས་གཅིག་ནས་ཆོས་ཁྲི་ཁ་འདིར་འོངས། དེ་རིང་གིས་ཟླ་བ་གཅིག་སོང་བས་ངེད་ཆོས་མཚམས་དེ་རིང་ནས་བྱེད་སློབ་དཔོན་རྣམ་པའི་ཆོས་མཚམས་དེ་བྱེད་མི་བྱེད་གྲོས་ཤིག་དགོས་པ་སྣང་བས་གྲོགས་ལྡན་ཐུང་ཙམ་རེ་ཤོག་ལ། བརྡ་བྱུང་འཕྲལ་བླ་བྲང་དུ་བྱོན་གསུངས་ཞེས་ཡོངས་ལ་གསལ་ཞིང༌། རྣམ་ཐར་གཉིས་ན་ཡོད་པ་ལྟར་གྱི་ངག་རྒྱུན་ཡིན་ལ། འདི་ཐད་རྣམ་ཐར་རྡོར་རྒྱལ་མ་ན་སྤྱི་བབས་བྲིས་མ་ཐག་ལྟར་ལགས། རང་རེས་བསྟན་པའི་རྒྱུན་ལ་བསམས་འཆད་ཉན་ལ་འབད་རྩོལ་བྱས་ནས་དམིགས་སུ་གཞལ་བའི་རེ་བ་ཅན་ཡོད་པ་ཀུན་ཀྱང་སྔོན་ལ་འདས། ད་ནི་སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས་རང་ཞིག་གལ་ཆེ་བར་སྣང་ཞེས་ཅོང་དབྱངས་དང་བཅས་གསུངས་པའི་མཐར། སྤྱན་བར་སྣང་ལ་ཁྲོལ་གཟིགས་དང་བསྟུན་ཧའི་ཡ་ཆ་འདུག་གོ་གསུང༌། ཕྱག་སེ་གོལ་ཏོག་ཏོག་གནང་ནས་ད་ནི་ཆོས་ཐུན་དེ་རིང་པ་ཡིན་ནམ། ཆོས་ལ་དུས་ཚོད་མེད་ན་བན་རྒན་འཆལ་པ་ཨེ་ཡིན། ངེད་རང་བསེར་མའི་རྣམ་པ་ཞིག་ཀྱང་འདུག་ཨ། ཞེས་སོགས་གོང་ལྟར་འབྱུང་ངོ༌། །དེར་སློབ་དཔོན་རྣམ་པ་ཚོས་བཀྲ་ཤིས་བརྩེགས་པར་ཞབས་དྲུང་དུ་ཕེབས་སྐབས་སྒོར་གཟིམས་དཔོན་རྣམ་རྒྱལ་བ་དང་མཇལ་བས། ད་ལྟ་བྱ་རྒོད་ཕུང་པོ་ནས་ཕེབས། བཀྲ་ཤིས་རྩེགས་པའི་བཞུགས་གདན་ཁར་ཕེབས་འཕྲལ་བཞུགས་གདན་ལ་བཞུགས་མ་ཐག་པཎ་ཆེན་ཉིད་ཀྱི་ཕྱག་གཡོན་པ་དེ་བརྐྱང་ནས། ཐུབ་པའི་ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། ག་ན་ཕྱག་ཐོང་དང་གསུང་ནས་ཕྱག་འཐེན་གཏོང་མི་ཡོད་པའི་ཉམས་ཤིག་མཛད་ཀྱི་འདུག་པ་དེ་ཀའི་མོད་ལ་བསྙུང་བའི་ཚུལ་ཅུང་ཟད་ཙམ་བསྟན་བྱུང་ཟེར། ནང་དུ་སློབ་དཔོན་རྣམ་པས་ཕེབས་པས། ཕྱག་གཡོན་པས་སྤོས་ཤེལ་གྱི་ཕྱག་ཕྲེང་སྐོར་གཅིག་ལ་འདྲེན་ཚུལ་དང༌། ཕྱག་གཡས་པས་སྤྱན་གཉིས་ཀྱི་སྨིན་མཚམས་བར་ལ་རེག་ནས་དེ་ཝ་པི་ཙུའི་བཟླས་པ་ཞིག་གནང་གིར་འདུག་ཅིང༌། དེ་འཕྲལ་གསོལ་ཇ་ཐོན་བྱུང་བས་ཅི་ཡང་མི་གསུང་བར་ཕྱག་གིས་སློབ་དཔོན་ཚོ་ལ་དྲོངས་ཀྱི་བརྡ་ཆོས་གནང༌། ཇ་གྲོལ་རྗེས་རང་སློབ་དཔོན་ཚོས་བཞེངས་ནས་བྱོན། ཁམས་པ་འཚོ་བྱེད་གསར་པ་ཅིག་གསེར་མདོག་ཅན་ན་ཡོད་པས། གསོལ་སྨན་ཐུན་ཅིག་ཡོད་པ་ཕུལ་བ་བཞེས་པས། སྐུ་འཁྲིས་སེལ་ཕྱིར་གྱི་རྣམ་པས་དབུའི་བསྙུང་བའི་ཚུལ་དེ་འཕྲལ་ལ་ཆག གཞན་བསྙུང་བ་སོགས་གང་ཡང་མེད། ཐུགས་དམ་རིམ་པ་རྣམས་ཀྱང་སྔར་ལྟར་གནང༌། གསོལ་བ་ཡང་བདག་གིར་མི་གནང༌། གསོལ་ཇ་ཨེན་རེ་བཞེས་པ་གནང་ཞིང༌། ཚེས་བཞིའི་དགོངས་མོ་ས་སྐྱ་བདག་ཆེན་ཤཱཀྱ་རྒྱལ་མཚན་པའི་དྲུང༌། མཇལ་བ་ལ་ཞབས་གཏད་ཕེབས། རྒྱུ་མཚན་ཕུལ་བས། ད་སྟེ་ད་རེས་མ་མཇལ་ན་རྗེས་ནས་ཏིག་ཏིག་མི་ཡོང་གསུང་ཚེས་ལྔའི་ཉི་རྩེ་ལ་མཇལ། རྗེ་རོང་སྟོན་ནས་བརྒྱུད་པའི་གྲུབ་རྒྱལ་མའི་ཚེ་བསྒྲུབ་ཁྱད་པར་ཅན་དེ་སྩོལ་བ་གནང་སྐབས་ཀྱང༌། གསུང་ལྡབ་ལྡིབ་བྱེད་ཚིག་འདྲེས་པ་སོགས་གཏན་ནས་མེད་པར་སྔར་ཁོ་ན་བཞིན་བྱུང༌། དེ་རྗེས་བདག་ཆེན་ལ་དེ་རིང་བསམ་གྲུབ་རྩེའི་ཅི་ནས་ཀྱང་ཕེབས་པ་ཞུ་གསུང་ནན་བསྐྱེད་ཀྱི་བཀའ་ལུང་གནང་ནས། གནས་ཚང་དུ་ཕེབས་འཕྲལ་གསོལ་ཇ་ཡང་མ་གནང་བར་ལམ་བསྲང་ནས་བཞུད་ཅིང༌། བདག་ཆེན་དྲུང་ཡང་སྐུ་ཚེ་མཐར་ཕྱིན་ཞིང༌། སྟོན་པའི་ཆོས་ཀྱི་མཐའ་ཀུན་ཏུ་རྒྱུ་རབ་བཟང་ལ་སྩལ་བ་དང་མཚུངས་པར་གྱུར། ཕྱིས་ལེགས་པར་བརྟགས་དུས་ཚེ་སྒྲུབ་འདི་ཆོས་ཀྱི་རྗེས་མཐའ་ཕྱོགས་ལ་གནང་བའི་རྟེན་འབྲེལ་ལས། ཕྱོགས་ཀྱི་ཞབས་ཟིན་བུ་སློབ་མ་ལུས་པ་ཀུན་སྐུ་ཚེ་ལྷག་པར་རིང་ཞིང༌། གསེར་མདོག་ཅན་རང་གི་བླ་མ་སློབ་དཔོན་སྤྱིར་སྐུ་ཚེ་དམན་ཙམ་གྱི་ཆ་ཤས་སུ་མཚོན་ཏོ། །དེ་ནས་བདག་ཆེན་ཕེབས་འཕྲལ་བཀྲ་ཤིས་བརྩེགས་པའི་ཉི་མཐོངས་ལ་བཞུགས་དུས་མེ་ཏོག་ཁ་བ་ལྟར་དཀར་ཟིང་ཟིང་བེར་གྱི་ཁར་བབས་པས་རྗེ་དབོན་པའི་ཕྱག་གིས་བསལ་བས། གངས་ཨེ་རེད་གསུང་ནའང་མེ་ཏོག་ཏུ་འདུག་ཞུ་ནི་མ་ནུས་པར་སིམ་མེ་ལུས། དེར་སྤྱན་དྭངས་པ་རང་ལ་མནལ་འདྲ་བའི་རྣམ་པ་ཞིག་གནང་བས། གཟིམས་དཔོན་རྣམ་རྒྱལ་བས་ཁྲུས་ཆབ་འབུལ་རྒྱུའི་རྣམ་འཇོམས་གནང་བའི་བུམ་ཆུ་གཏོར་བས་མ་བྱེད་གསུང༌། མནལ་མཛད་པས་མི་ཡོང་ཞུས་པས། མིན་གསུང༌། འོ་ན་ཅི་ལགས་ཞུས་པས། འོད་གསལ་ཟེར་བ་དེ་ཡིན་པར་སྣང་ངོ༌། །ངོ་ཤེས་དགོས་པ་ཡིན་གསུང་ཞིང༌། དེར་གཏོར་ཤོམ་ད་ལྟ་རང་གྱིས་ཤིག་གསུང་བའི་ལུགས་ལྟར་བཤམས་ནས་རྒྱས་པར་འབུལ་བ་གནང༌། སྔགས་ཕྱག་རྒྱ་ཏིང་ངེ་འཛིན་ནན་སྦྱོར་དུ་མཛད་རྗེས། སེང་གེའི་ཉལ་སྟབས་ཀྱིས་ཨེན་ཙམ་གཟིམས་པའི་ཚུལ་བསྟན། དེ་ལས་བཞེངས་ནས་བོ་དོང་འཚོ་བྱེད་པས་ཕྱག་རྩ་གཅིག་ཞུས་པས། རྩ་དེ་མ་བསྡུས་སྣང་ངམ་གསུང་བ་ལ། ཆེར་མི་རྟོགས་པ་འདུག་ལགས་ཟེར། ཕྱག་འབུལ་ཞིག་བྱས་ནས་གསོལ་ཇ་སང་ཙམ་ཞིག་བཞེས་ཨེ་སྤྲོ་ཞུ་བ་ལ། དེ་ཀ་བགྱི་གསུང་ནས། གསོལ་ཇ་ཐོན་བྱུང་དུས། གཟིམས་དཔོན་རྣམ་རྒྱལ་བས་གསོལ་དཀར་བཏེག་ནས་ཞལ་ཧུབ་གང་གསོལ་ནས་དེ་བསྡུས་གསུང་སྟེ། སྐུ་བསྲང་ཕྱག་གཉིས་ས་གནོན་མཉམ་གཞག་གནང༌། དགོངས་པ་མངོན་དུ་མཛད་དེ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པའི་དེ་མ་ཐག རྗེ་ཀུན་དགའ་རྒྱལ་མཚན་པས་ཉང་སྟོད་ནས་ལམ་བསྲངས་ཕེབས་པས། དྲུང་ཆེན་སངས་རྒྱས་སེང་གེས་ནང་དུ་སྤྱན་དྲངས། ཕྱག་མཛད་སྐུ་མདུན་དུ་བཞུགས་པས་སྤྱན་ཅེར་གཟིགས་བྱུང༌། བཀའ་ལུང་གཞན་ནི་ཅི་ཡང་མི་གསུང༌། དེར་རྗེ་ཀུན་དགའ་རྒྱལ་མཚན་པས་ཀྱང༌། སྐུ་དྲུང་དུ་བཞུགས་ནས་ཐུགས་དམ་ལམ་དུས་ཤིག་ལེན་པ་གནང་བ་ཡིན། ཞེས་ཐོས་སོ། །ཀྱེ་མ་འཛམ་གླིང་ས་ཡི་ལྗོངས་འདིར་ནི། །ཐུབ་པའི་སྐྱེས་མཆོག་ལན་གཉིས་འདའ་ཚུལ་བསྟན། །རྒྱ་བོད་གདུལ་བྱའི་ཡིད་བདེའི་དཔལ་འཕྲོག་པའི། །བརྩེ་ལྡན་ཁྱོད་ལས་ཁྲོས་པ་སྲིད་འདིར་སུ། །ཐུབ་བསྟན་མཁའ་དབྱིངས་གསལ་བའི་ཀློང་ཡངས་འདིར། །བསྟན་འཛིན་རྒྱུ་སྐར་འཆར་ནུབ་མང་ན་ཡང༌། །ཡོངས་རྫོགས་བསྟན་པའི་ཉི་ཟླ་ཁྱོད་གཤེགས་ནས། །འཛམ་གླིང་གནམ་ས་མ་ལུས་མུན་པས་ཁྱབ། །མགོན་ཁྱོད་མགོན་མེད་འགྲོ་འདི་ཡོངས་དོར་ན། །དགའ་གནས་དགའ་ལྡན་ཞིང་དེར་དགོངས་པའི་ཚེ། །སྒྲ་བསྒྱུར་སྒྲ་ཚད་ཚུལ་རིག་ལོ་ཙཱ་བ། །ཡིད་འབྱུང་ཡིད་སྐྱོའི་ངང་ནས་རྒྱ་གར་བཞུད། །ལྷ་མིའི་གཙུག་རྒྱན་འཇམ་དབྱངས་ཞིང་འཕོ་ལ། །ལྷ་དབང་འཆི་ལྟས་མཐོང་ལྟར་རབ་སྐྲག་སྟེ། །ལྷ་ཡི་བཙུན་པ་ཤཱ་ར་དྭ་ཏིའི་བུ། །ལྷ་མཆོག་ཤཱཀྱའི་རྒྱལ་པོའི་སྔོན་ལ་ཐེགས། །གངས་ཅན་སྐལ་མེད་རྨོངས་པ་སྤྱི་བརྟོལ་ཅན། །སྨྲ་མཁས་མཆོག་གི་ཉི་མ་འདས་ཟིན་གྱི། །ལྟ་ངན་འུག་སྐད་མི་སྲུན་སྲིན་བྱའི་ཚོགས། །འབད་དེ་རང་སྐད་སྒྲོག་ལ་གད་མོ་བྱོས། །སྟོན་པའི་བསྟན་པ་འདུས་ནད་གཟེར་བུ་ཅན། །འཚོ་བྱེད་སྨན་པའི་རྒྱལ་པོས་རིང་སྤངས་པ། །བཤད་བསྒྲུབ་ཟུང་ཟད་སྲོག་གི་ལྷག་མ་ཁྱོད། །འགྲོ་འདིའི་བདེ་སྐྱིད་དག་དང་ལྷན་ཅིག་གུམ། །ཉི་ཚེའི་ཐོས་སྦྱངས་ཡུས་དག་མཁས་པའི་ཚོགས། །བསྟན་པའི་ཚིག་དོན་དཔྱོད་པའི་ཁུར་མེད་ཀྱིས། །སངས་རྒྱས་ལས་ལྷག་བློ་གྲོས་ཆེར་རློམ་དེས། །སྨྲ་བརྗོད་འཆད་རྩོད་རང་དྲན་ལྷུར་ལོང་ཤིག །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ཡོངས་སུ་མྱ་ངན་ལས་འདས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའོ།།  །།དེར་ཐོག་མར་གསང་ཐབས་ཀྱིས་སྐུ་རིམ་དུ་མིང་བཏགས་པའི་མང་སྐོལ་བསྟུད་མར་གནང་རྗེས། གསང་བརྟོལ་དང་རྗེས་འབྲེལ་མི་དབང་ཆེན་པོ་སྒར་པའི་དྲུང་ཡང་ཕེབས་ནས་གདུང་མཇལ་སོགས་གནང་ཞིང༌། སྐུ་གདུང་གི་ཆས་འབུལ་མི་ཀུན་གྱི་སྤྱན་ལམ་དུ་གསང་བའི་གནས་ལྟར་མི་མངོན་པ་དང༌། དབུའི་གཙུག་ཏོར་མཆོག་ཏུ་འཕགས་པ་སོགས་གསལ་བར་རྟོགས་ཤིང༌། གདུང་ལས་འཕྲོ་བའི་འོད་ཟེར་གྱིས་མཆོད་པ་བཤམས་པའི་མར་མེའི་འོད་ཟིལ་གྱིས་གནོན་པ། མཁས་པ་སངས་འོད་པ་དེ་དུས་སྐུ་གདུང་དྲུང་ན་བྱམས་ཆོས་ཀློག་སྒྲོགས་ལ་བཞུགས་པས་དངོས་སུ་གཟིགས་ཤིང༌། དེར་སྡེ་བདག་དྲུང་གིས་བཀས་བཅད། སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་པོ་ཉིད་རིལ་པོ་གཅིག་ཏུ་བཞུགས་པའི་བཞུགས་གནས་དངུལ་གདུང་བཀྲ་ཤིས་སྒོ་མངས་མ་གྲུབ་བར་ཤིང་སྒམ་དུ་དར་ཟབ་དྲི་བཟང་གིས་བཀུར་སྟི་གནང༌། གདུང་འབུལ་ཕྱོགས་བཅུ་ནས་བྱུང་བ་དང༌། གཞིར་བཞུགས་ཀྱི་ཞལ་བཞུགས་མ་ལུས་པས་དགུང་ཞག་སོ་སོ་དང༌། གསང་ཕུ། ནཱ་ལེནྡྲ། གླང་ཐང༌། རྒྱ་མ་ཆོས་སྡིངས་སོགས་བསྒྲུབ་འོས་ཀུན་ཏུ་དགོངས་པའི་དབྱིངས་ཡོངས་སུ་རྫོགས་པར་བྱ་བའི་འཕྲུལ་རྒྱ་ཆེན་གནང་ཞིང༌། གདུང་ཞག་ཁོངས་སུ་བཀྲ་ཤིས་བརྩེགས་པའི་ཆོས་རྗེ་རྡོ་རྗེ་འཆང་དང༌། ཀུན་མཁྱེན་རོང་པོའི་སྐུ་འདྲ་དང་གྲངས་མཉམ་གྱི་གསེར་སྐུ་འདི་བཞེངས་པའི་ལུགས་གཏོང་དུས། དྲུང་ཆེན་སངས་རྒྱས་སེང་གེས་པཎ་ཆེན་ཉིད་ཀྱི་དབུ་སྐྲ་བུབས་གཅིག་ལུགས་ཁར་བཏབ་པས། ལྷ་བཟོ་བའི་བལ་པོ་ཧ་ལས་བཞིན་དངང་སྐྲག་དང་བཅས་བླུག་པས། འདྲང་ཕྱིས་ཀྱང་འཕུལ་མི་དགོས་པ་འདྲ་བའི་འཇའ་འོད་འཁྱིལ་བ་ཞིག་བྱུང་ཞིང༌། སྤྲུལ་སྐུ་སྨན་ཐང་པས་སྔར་པཎ་ཆེན་རིན་པོ་ཆེ་རང་གིས་ཕྱག་བཞེངས་གནང་བའི་རྔོག་ལོའི་རྣམ་ཐར་ཞིང་བཀོད། རྗེ་རོང་སྟོན་ལ་བཤེས་གཉེན་དམ་པ་བཅུ་ཕྲག་བཞིས་བསྐོར་བ། ཀུན་མཁྱེན་དོན་ཡོད་དཔལ་བའི་སྐུ་འདྲ་བཀའ་འབྲེལ་ཞུས་པའི་བླ་མ་མ་ལུས་པས་བསྐོར་བ་རྣམས་དང་དྲས་མཉམ་དེ་བྲིས་སོ། །དེར་དགུང་ཞག་ཀུན་དང་ལྷག་པར་ཚེས་བཅོ་ལྔ་ཡིན་ནོ་ཅོག་ལ་མེ་ཏོག་གི་ཆར་གསལ་བར་བབས་སོ། །དེར་རྒྱལ་བ་གཉིས་པའི་སྐུའི་སྣང་བ་ནུབ་ནས། སླར་དད་མོས་ཀྱི་མིག་རྐྱེན་ནི་སྔར་དགུང་ལོའི་ཐད་སོ་སོའི་རྩོམ་པའི་ཕྲེང་བ་སྤེལ་བ་ལྟར་བཀའི་གླེགས་བམ་འདི་དག་ཉིད་ཡིན་པའི་ཕྱིར། བདག་ཉིད་ཆེན་པོ་སངས་རྒྱས་དངོས་བྱོན་གང་གི་རྗེས་སུ་འབྲང་བའི་ཡིད་དམ་མཆིས་ན་ཐམས་ཅད་མཁྱེན་པ་གང་གི་གསུང་གི་བདུད་རྩི་འདི་རྣམས་ལ་ནན་ཏན་གྱིས་ལྟ་ཞིང་ཀུན་ཆུབ་པར་བྱ་བ་ཉིད་ལས་འབད་པའི་གནས་མེད་དོ། །ཞེས་ངེས་པར་བྱ་བའི་ཕྱིར་ཉུང་ངུའི་ཚིག་ཏུ་བསྡེབས་ནས་བརྗོད་པ་འདི་ལྟར། བློ་གསལ་སྨྲ་བའི་ངག་གི་དཔལ་སྟེར་རིག་གནས་ཕྲ་མོའི་ལེགས་བཤད་ཚོགས། །སྔོན་རབས་ཤེས་བྱེད་བླ་མའི་ཡོན་ཏན་རྒྱན་ཕྲེང་སྤེལ་བའི་རྣམ་ཐར་དང༌། །དེ་དེ་ཇི་བཞིན་བཤེས་གཉེན་དམ་པའི་ཡོན་ཏན་བརྗོད་པའི་བསྟོད་པའི་ཚིག །རང་གི་མཛད་པའི་ངོ་མཚར་སྟོན་པའི་དེབ་གཏེར་བསྟོད་པའི་རབ་བྱེད་བཞི། །རྒྱལ་དང་དེ་སྲས་མཆོག་ལ་བསྔགས་པའི་སྙན་ངག་མཁས་པའི་ཡིད་འཕྲོག་དང༌། །གཞན་གྱིས་བརྩད་ཅིང་དྲིས་པའི་རྒལ་ལན་སྤྲིང་ཡིག་སྣ་ཚོགས་སྤེལ་བའི་སྡེ། །སྔགས་གཞུང་ཟབ་དགུའི་བཅུད་བསྡུས་སྡེབས་ལེགས་རང་གཞན་འབྱེད་པའི་བརྡ་གསང་གང༌། །ལྷག་པའི་ལྷ་མཆོག་བརྙེས་པའི་སྒྲུབ་ཐབས་སྔགས་འབྲུ་ཤེས་བྱེད་སྒོ་དུ་མ། །ཚད་མའི་ཆོས་འབྱུང་དཔྱོད་ལྡན་དགའ་བྱེད་དཀའ་འགྲེལ་རིགས་པའི་སྣང་བ་འཕྲོ། །རྟོག་གེའི་འཁྲུལ་པ་ཡོངས་སུ་འཇོམས་བྱེད་རྟོག་གེའི་སྙིང་པོ་བསྡུས་པའི་བཅུད། །སྡེ་བདུན་རིགས་པའི་གཏེར་གྱི་རོལ་མཚོ་སྡེ་བདུན་བང་མཛོད་ལྡེ་མིག་ཅན། །སེམས་ཙམ་གསལ་བའི་མེ་ལོང་གང་དེར་ཤེས་བྱའི་གཟུགས་བརྙན་མ་ལུས་ཤར། །བཞེད་ཚུལ་རྒྱ་མཚོའི་རླབས་ཀྱི་འཕྲེང་བར་རྒྱ་བོད་མཁས་པའི་འགྲེལ་ཚུལ་བསྟན། །ལུས་དང་ཡན་ལག་རྒྱས་པར་འཆད་བྱེད་ལུང་དོན་རྒྱ་མཚོའི་གཏིང་མཐའ་ཡས། །གཞུང་ཚིག་རེ་རེ་སྦྱོར་བའི་ཊཱི་ཀ་གནད་ཀྱི་སྒྲོན་མེས་གསལ་བར་བྱས། །རང་གཞུང་སྒྲུབ་པའི་ལུང་རིགས་རྒྱ་མཚོ་ལེགས་བཤད་རྦ་ཀློང་གཡོ་བ་ཅན། །ཟུར་འདེབས་ཆུ་ཆེན་རྣམ་པ་བཞི་དེ་ལུང་གི་རྒྱ་མཚོ་ཆེན་པོར་འབབ། །འཇུག་སྒོ་གསུམ་གྱི་མཐར་རྒྱས་འཆད་བྱེད་ལུང་གི་ཆོས་ཀུན་སྙིང་པོའི་མཛོད། །ལོག་རྟོག་ཚིག་འབྲུ་ཕྱེ་མར་ཐག་བྱེད་ཐལ་ངག་དབང་པོའི་རྡོ་རྗེ་འབར། །བྱམས་པའི་ཆོས་ལྔའི་ངེས་དོན་རབ་གསལ་བྱམས་ཆོས་ལམ་གྱི་བང་རིམ་ལས། །ཉེ་བར་འཛེགས་ནས་བརྒྱུད་པའི་བསྟི་གནས་དགའ་ལྡན་བགྲོད་པའི་ལམ་སྒོ་ཕྱེ། །དབུ་མའི་བྱུང་ཚུལ་ཡིད་བཞིན་ལྷུན་པོ་རྩ་འཇུག་ཊཱི་ཀ་ལྟ་ཁྲིད་གཉིས། །ལུགས་གཉིས་རྣམ་འབྱེད་དབུ་མའི་ངེས་གསང་གསལ་བར་འཆར་བྱེད་སྟོང་མཐུན་གཉིས། །གཞན་གཞུང་ནོར་བ་གྲངས་སུ་བགྲང་བྱས་དངོས་གནས་གསལ་བ་སྒོ་བརྒྱ་པ། །ངེས་དོན་བདུད་རྩིའི་ཐིགས་པ་མཆོག་དེ་ཚངས་དབྱངས་འཁོར་ལོ་ཕྱོགས་བཅུར་སྒྲོག །ཉི་ཟླའི་ཤིང་རྟས་ལེགས་པར་དྲངས་པའི་བསླབ་གནས་འཆད་བྱེད་རྒྱས་བསྡུས་དག །གཞི་གསུམ་ཕྱག་བཞེས་བདུད་རྩིའི་གསོས་ཀྱིས་འདུལ་བའི་བསྟན་པའི་སྲོག་ནས་བཟུང༌། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་འཕྲེང་བྱེ་བྲག་བཤད་པའི་རྒྱ་མཚོར་འཁྱིལ། །སྡོམ་གསུམ་ངེས་གནས་གསལ་བྱེད་སྒྲོན་མེས་དཔྱོད་ལྡན་མིག་གི་དགའ་སྟོན་སྤེལ། །ཞེས་ཟུར་གྱིས་མཚན་སྨོས་པའི་ཕར་ཕྱིན་ཐེག་པ་དང་རྗེས་འབྲེལ་ཤོག་བུ་མདའ་ཚད་བཞུགས་ལྔ་བརྒྱ་མའི་གླེགས་བམ་བཅུ་གཉིས། མདོ་སྔགས་སྤེལ་མའི་དབུས་པ་གདོང་འདོན་པོད་གྲངས་བཞི། བསྟོད་ཚོགས་ཆབ་ཤོག་ལ་ས་སྐྱ་གྲས་ཀྱི་པོ་སྟི་གཉིས་ཏེ་པོད་གྲངས་བཅོ་བརྒྱད་པོ་གཏིང་སྐྱེས་ཆོས་རྗེ་སྐུ་མཆེད་རྣམ་པ་གསུམ་གྱིས་རེ་རེ་ཕྱག་བཞེངས་གནང་ཞིང་བདག་གིར་གནང་བ་ནི་བཀའ་དྲིན་ཟླ་མེད་པའི་བསྟན་པའི་ཁུར་བསྣམས་པར་སྣང་ཞིང༌། བདག་གིས་ཀྱང་འབད་ནས་དེ་དག་གི་ལུང་ལེགས་པར་ཐོབ་བོ། །དེར་དངུལ་གདུང་གི་ལས་ཀ་ཡང་མཐར་ཕྱིན་ནས་སྐུ་གདུང་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ཉིད་ཀྱང་སྤྱན་དྲངས་ཏེ་སྔོན་བཀས་བཅད་པའི་དགོངས་དབྱིངས་བཞིན་དུ་བཞུགས་སུ་གསོལ་ཞིང༌། ཆབ་སེར་ལས་བསྒྲུབས་པའི་སྟོན་པ་འཇམ་དབྱངས། བྱམས་པ་རྣམས་ཀྱི་བར་སྐུ་སྟོང་རྭ་རེ་བཏབ་པ་ཡང་སྐུ་གདུང་གི་མཐར་གསེར་དངུལ་གྱི་ན་བཟའ་དང་བཅས་པ་བཞུགས་ཤིང༌། གཞན་གཟུངས་དང༌། སངས་རྒྱས་ཀྱི་རིང་སྲེལ་སོགས་ནང་བཞུགས་དཔག་ཏུ་མེད་པ་དང༌། སྔར་བཀའི་རྗེས་གནང་མཛད་པའི་ལུགས་ལྟར་རྟེན་ལི་མ་ཁྱད་པར་འཕགས་པ་དག་ཀྱང་བཀྲ་ཤིས་སྒོ་མངས་ཀྱི་སྒོ་སོ་སོ་བ་དག་ཏུ་བཀོད་ཅིང༌། ལྷག་པར་བལ་པོ་མ་ཎི་པཱ་ལས་བལ་པོ་ཉིད་ནས་བསྒྲུབས་ཏེ། སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་དང་ལྷན་ཅིག་ཕུལ་བའི་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་བལ་འབུམ་སྡེ་ན་ལེགས་གྲགས་ཆོད་པ་དེ་དངུལ་གདུང་གི་བུམ་སྒོའི་ཐད་ཆེ་ཆུང་གི་སྒོར་བཞུགས་སུ་གསོལ། དེར་ཐུགས་སྲས་ཞལ་སློབ་རྣམས་ཀྱིས་རབ་གནས་བརྟན་བཞུགས་ཀྱང་ཕུལ། ས་སྐྱོང་ཆེན་པོ་མིའི་དབང་པོ་ཁུ་དཔོན་བློན་འབངས་དང་བཅས་པས་ཀྱང་བཀྲ་ཤིས་དགའ་སྟོན་རྒྱ་ཆེར་སྤེལ་ཞེས་ཡོངས་སུ་གྲགས་སོ། །གང་གི་འཕྲིན་ལས་སྲིད་པ་ཇི་སྲིད་པ། །མི་ཉམས་ལྷག་པར་སྤེལ་བའི་ཕན་དགོངས་ཅན། །པཎ་ཆེན་ཞལ་ལས་གདམས་པའི་ཆབ་རྒྱུན་གྱིས། །ཡོངས་སྨིན་ཁྱོད་ཐུགས་རྗེས་སྤྲུལ་འཕགས་པའི་ཚོགས། །ཀུན་དགའ་«་་་་་གཏིང་སྐྱེས་པ་»རྒྱལ་མཚན་ཆོས་ཀྱི་ཁྲི་ལ་བཞུགས། །ཀུན་དགའ་«་་་་་བྲག་དམར་བ་»ཚེ་འཕེལ་ཟབ་ཆོས་འཁོར་ལོ་བསྒྱུར། །བློ་གྲོས་«་་་་་གློ་བོ་པ་»རྒྱལ་མཚན་ཆོས་ཀྱི་རྗེ་བོའི་ཚུལ། །རྣམ་རྒྱལ་«་་་་་གུ་གེ་པ་»དཔལ་བཟང་ཆོ་རིགས་བཙུན་པའི་ངང༌། །ཆོས་«་་་་་མི་ཉག་»གྲགས་དཔལ་བཟང་ཆེ་དགུའི་གཙུག་ན་མཐོ། །རིན་ཆེན་«་་་་་ཚལ་པ་»རྒྱལ་མཚན་མཁས་བཙུན་བཟང་པོར་གྲགས། །སངས་«་་་་་ཕྲ་ཕུ་བ་»རྒྱས་བཟང་པོ་རིགས་པ་སྨྲ་བའི་མཆོག །མཁས་«་་་་་ཁང་གསར་གྲྭ་ཚང་གི་»པ་མགར་ཚ་ཕྱོགས་ཀྱི་བློ་གསལ་སྐྱོང༌། །ལྷ་ཡི་བཙུན་«་་་་་སློབ་དཔོན་པ་»པ་ཉིད་ཀྱི་ཐུགས་མཚོར་ཐིམ། །ལྷུན་གྲུབ་«་་་་་སློབ་དཔོན་ཉང་དམ་པ་»དཔལ་བཟང་གྲུབ་སྤྱོད་ལྷུག་པར་སྟོན། །སངས་རྒྱས་«་་་་་སློབ་དཔོན་ནངས་པ་»བློ་གྲོས་རིགས་པའི་རལ་གྲི་འཕྱར། །གྲགས་«་་་་་སྣར་ཐང་སློབ་དཔོན་»པ་བཟང་པོ་མངོན་པའི་སྡེ་སྣོད་འཛིན། །བསོད་«་་་་་བྲག་དཀར་བ་»ནམས་རྒྱལ་མཚན་ཡོངས་ཀྱིས་སྲིད་ཞུའི་དང༌། །ཀུན་དགའ་«་་་་་གསེར་གླིང་པ་»བཀྲ་ཤིས་སྒྱུ་ལུས་རྨི་ལམ་འབྱོངས། །ངག་དབང་«་་་་་གླང་ཐང་གྲུབ་རྒྱལ་བ་»ཆོས་རྒྱལ་སྤྱན་སྔའི་མཚན་དཀར་ཞེས། །རྗེ་དཔོན་ཤཱཀ་རྒྱན་ངེས་མེད་ཆོས་ལ་དགེས། །ཁྲ་ཆར་«་་་་་པུ་རངས་པ་»མཁན་པོ་ཞི་དུལ་མཐོང་བས་མཛེས། །བྱམས་«་་་་་གློ་བོ་པ་»གླིང་མཁན་པོ་སྨྲ་བ་མཁས་པའི་མཆོག །བྲག་«་་་་་གློ་བོ་པ་»དཀར་མཁན་པོ་ཉིད་ལ་དད་པའི་ཕུལ། །«མངའ་རིས་ཕྱིར་་་་་་»དབུ་ལེགས་མཁན་པོ་ལུགས་གཉིས་ཕ་མཐར་སོན། །«རྗེ་བཙུན་་་་་་»ཀུན་དགའ་མཆོག་གྲུབ་སྟོང་ཉིད་སྙིང་རྗེའི་སྐུ། །གཞོན་«་་་་་སྤྱང་ལུང་པ་»ནུ་ཆོས་གྲུབ་དམན་འགྲོ་ཡོངས་ལ་བརྩེ། །བློ་གྲོས་«་་་་་པུ་རངས་ཆོས་གྲུབ་པ་»རྣམ་རྒྱལ་ཐུགས་རྗེ་ཆེ་ལྡན་པ། །ཤེས་རབ་«་་་་་གློ་བོ་ཀ་རག་པ་»དཔལ་འབྱོར་སྙིང་རྗེའི་ཉམས་ཀྱིས་མྱོས། །རྣམ་འབྱོར་དབུས་སྨྱོན་གྲུབ་«་་་་་ཀུན་དགའ་བཟང་པོ་»པའི་ས་ལ་བཞུགས། །དབུ་«བསོད་ནམས་རྒྱལ་་་་་་»ལེགས་གྲུབ་ཆེན་ཉམས་རྟོགས་མངོན་དུ་གྱུར། །དགའ་མོ་«་་་་་འཕན་ཡུལ་བ་»ཆོས་མཛད་རྟོགས་པའི་དོན་རྒྱུད་འཛིན། །ནམ་«་་་་་ཁོག་ལུང་»མཁའ་རབ་གསལ་བསྒྲུབ་པའི་རྒྱལ་མཚན་འཛུགས། །བློ་གྲོས་བཟང་«་་་་་མཁར་རྩེ་སྤྱང་ར་བ་»པོ་རིག་པའི་ངར་སྒྲ་སྒྲོག །རྡོ་རྗེ་རྒྱལ་«་་་་་ཉང་སྟོད་རྩེ་ཆེན་པ་»པོ་སྐད་གཉིས་ཟུང་སྦྱོར་ངོམས། །དོན་ཡོད་«་་་་་མངལ་བ་གློ་བོ་པ་»གྲུབ་པ་གཞུང་ཚིག་བློ་ནས་བཤོར། །ཡེ་ཤེས་ལྷུན་གྲུབ་«་་་་་ཕུལ་བྱུང་བ་»གདན་སའི་ལས་གཏེར་འཛིན། །རབ་«མང་དཀར་བ་་་་་་»གསལ་ཟླ་མགོན་དབང་བརྒྱའི་ཕྲིན་བསྒྱུར་མཁན། །ཐུགས་«་་་་་མུས་པ་»རྗེ་དཔལ་བ་བཟླས་བརྗོད་དག་ལ་བརྩོན། །དཀོན་མཆོག་«་་་་་མུས་རམ་པ་»གྲགས་པ་ཆོས་སྒོ་སྣ་ཚོགས་འཆད། །རིན་ཆེན་བཀྲ་«བསམ་གྲུབ་རྩེ་པ་་་་་་»ཤིས་རིགས་ལྡན་ཆོས་བརྒྱུད་སྤེལ། །དཀོན་མཆོག་«་་་་་ཕུ་ཆུང་ཀ་བཅུ་ལ་»རྒྱལ་མཚན་འཕྲིན་ལས་མཁའ་དང་མཉམ། །ཤེས་«སྣར་ཐང་མཁན་པོ་་་་་་»རབ་དཔལ་ལྡན་གནས་བརྟན་སྤྲུལ་པར་གྲགས། །«ར་མོ་ཆེ་པ་་་་་་»ཡོན་ཏན་ཆོས་འཕེལ་དབུ་ཚད་སྦྱངས་པའི་དཔེ། །«སྡེ་བདུན་པ་་་་་་»དབང་ཕྱུག་རྒྱལ་མཚན་ཕྲིན་ལས་དར་རྒྱས་ཆེ། །སངས་«་་་་་ཆུ་འདུས་པ་»རྒྱས་འོད་ཟེར་འཆད་ཉན་ངེད་ལ་གཤེགས། །ཕྱོགས་ལས་རྣམ་རྒྱལ་བསྟན་ཕྱིར་འོད་ཞུར་ཡལ། །རྡོ་རིང་ཀུན་སྤངས་ཆོས་སྐྱོང་བྲན་དུ་འཁོལ། །དབང་«་་་་་གློ་བོ་པ་»ཕྱུག་དཔལ་བས་རྣམ་སྲས་འཁོར་བཅས་གཟིགས། །རྭ་བ་«་་་་་འཕྲང་པོ་སེང་གེ་སྒང་པ་»མདོ་པས་ཚོགས་བདག་ལས་ལ་འཁོལ། །དོན་ཡོད་རྡོ་རྗེས་«་་་་་སྡེ་པ་སྒར་པ་»ཀུ་རུ་ཀུལླེ་འགྲུབ། །འཁོན་གྱི་«་་་་་ཤཱཀྱ་རྒྱལ་མཚན་»གདུང་བརྒྱུད་མཁའ་དབྱིངས་ཉི་ལྟར་གསལ། །ཚོགས་པའི་མཁན་བརྒྱུད་གསེར་རིའི་ཕྲེང་ལྟར་«་་་་་མཁན་ཆེན་བློ་བརྟན་པ། མཁན་ཆེན་ལྷུན་གྲུབ་བཀྲ་ཤིས། མཁན་ཆེན་ལེགས་པ་རིན་ཆེན། མཁན་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་ཏེ་མཁན་རབས་དྲུག ཆོས་ལུང་མཁན་ཆེན་སངས་རྒྱས་དཔལ་བཟང་པོ། མཁན་ཆེན་ནམ་མཁའ་ལྷུན་གྲུབ། སྟོད་རྭ་བ་སོགས་པ། »བསྒྲིགས། །གཟུར་«་་་་་གླིང་སྨད་མཁན་པོ་ཀུན་དགའ་དཔལ་འབྱོར་སོགས། »གནས་མཁས་སློབ་ཕྱོགས་བཅུའི་རྒྱུ་སྐར་འདྲ། །ཆེ་དགུའི་བུ་སློབ་བསྟོད་ཚིག་རྔ་ཆེན་སྒྲོག །མཚན་སྨོས་པ་འདི་དག་ནི་མཚོན་བྱེད་ཙམ་སྟེ། གང་གི་ཞལ་སློབ། ཡང་སློབ་རྗེས་འཇུག བརྒྱུད་འཛིན་དང་བཅས་པ་ཇི་སྲིད་སངས་རྒྱས་ཀྱི་བསྟན་པའི་རྒྱུན་དང་ལྷན་ཅིག་ཕྲིན་ལས་མཆོག་གི་བྱ་བ་ཆད་པ་མེད་པར་ཆུའི་རྒྱུན་ལྟ་བུར་གྱུར་པ་ཉིད་དོ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའོ།།  །།དེ་ལྟར་རྣམ་ཐར་སྔ་མ་གསུམ་གདན་བཀོད་དུ་བྱས་མ་ཟློས་ཤིང༌། གང་མ་ཚང་བའི་ཐད་ཁོལ་དུ་ཁ་སྐོང་བགྱིས། རང་རེས་འབད་རྩོལ་དྲག་པོས་པཎ་ཆེན་ཉིད་ཀྱི་ཞབས་ལ་གཏུགས་ཤིང༌། གསུང་གི་བདུད་རྩི་དངོས་སུ་བཞེས་པའི་སློབ་མའི་མཆོག་བཅུ་གཉིས། ཡང་སློབ་བརྒྱུད་པ་འཛིན་པ་བཞི་སྟེ། དགེ་བའི་བཤེས་གཉེན་བཅུ་དྲུག་གི་དྲུང་དུ་གང་ལས་བརྒྱུད་པའི་དབང་ལུང་གདམས་པའི་སྒོ། ཆོས་ཀྱི་རྒྱལ་པོའི་དཔལ་གྱི་མགུར་ལས་བཀའ་སྩལ་པ་ཕལ་ཆེར་ཐོབ་ཅིང༌། དེ་སྐབས་རེ་རེ་ནས་ཀྱང་རྣམ་ཐར་གྱི་ཟུར་མི་འདྲ་བའི་ཆ་ཕྲ་བ་ཐོས་པ་ཀུན་ཀྱང་མ་བརྗེད་པར་བློ་ལ་གཟུངས་སུ་བསྟེན་པ་དག་སོ་སོར་བཀོད། དགུང་ལོ་བརྒྱད་ཅུའི་བར་ལ་ཧོར་ཀོངས་མེད་ཅིང་དབུ་ཞབས་གཏན་མ་ལོག་པ། རྒྱུ་སྐར་འཆར་བའི་གོ་རིམ་ལྟར་བྲིས་པ་འདི་ཡོངས་སུ་རྫོགས་པར་གྲུབ་པའོ།།  །།པཎ་ཆེན་ཉིན་བྱེད་དགའ་ལྡན་ནུབ་རིའི་རྩེར། །དགོངས་པ་བསྐྱོད་པོ་སྲིན་བུ་མེ་ཁྱེར་བདག །མ་ལས་བཙས་པས་སྐལ་མེད་བདག་གི་མིག །ཁྱེད་སྐུ་མཐོང་བའི་ཡུལ་དུ་མ་གྱུར་གྲང༌། །དད་པའི་སློང་མོས་ཐོས་ལྡན་ཕྱུག་པོའི་སྒོར། །ལོ་རྒྱུས་ཟས་ཀྱི་རྙེད་པ་བསླངས་པའི་ཆ། །རྣ་བའི་སྣོད་དུ་ཅུང་ཟད་ཆགས་པ་དག །གདུང་ཤུགས་བཀྲེས་པའི་ཉམས་ཀྱིས་གཅེས་པར་བཟུང༌། །གྲོག་མཁར་སྦྲང་རྩི་དཔེ་བཞིན་ཕྲ་བའི་དངོས། །རྡུལ་ཕྲན་མ་འདྲེས་བསགས་པའི་ཚིག་སྦྱོར་འདི། །ཆ་ཤས་ཡོངས་སུ་གང་བའི་ཟླ་བ་སྟེ། །རྣམ་ཐར་ཡོངས་ཀྱི་ཚིག་དོན་ཀུ་མུཏ་ཕྱེ། །ཤིན་ཏུ་བློ་དམན་ཉམས་ཆུང་བུང་བའི་སྩལ། །རྣམ་དཔྱོད་གཤོག་སྒྲོ་བསྐྱོད་པའི་སྟོབས་ཞན་ཡང༌། །རྣམ་ཐར་པད་ཚལ་རྒྱུ་བའི་རྐང་དྲུག་བདག །ལོ་རྒྱུས་སྦྲང་རྩིའི་བཅུད་ཀྱིས་ལྷག་པར་ཚིམ། །གང་ཡང་རང་གི་བླ་མའི་རྣམ་ཐར་རང་རང་མོས་དད་འདྲེན་བྱེད་གང༌། །གང་ཡང་མཛད་པའི་ལེགས་བྱས་རྒྱ་ཆེན་རྒྱ་མཚོའི་ནོར་བུ་ནོར་མཆོག་གང༌། །གང་ཡང་བརྗོད་པས་ཟད་པར་མི་ནུས་མི་ཟད་གཏེར་གྱི་བུམ་བཟང་གང༌། །གང་ཡང་སྔགས་འོས་ཡོན་ཏན་རྒྱན་ཕྲེང་སྙན་ཚིག་ཕྲེང་དུ་དངར་བ་གང༌། །འདི་ལྟར་དམ་པའི་མཛད་པའི་ཆ། །ལེགས་བརྗོད་བསོད་ནམས་གཟུགས་མཆིས་ན། །ལྷུན་པོའི་སྤོ་ལས་ཡོངས་རྒལ་ཏེ། །གླིང་བཞིའི་ཁྱོན་དུ་ཚུད་པ་མིན། །ཕལ་ཚིག་དཀྱུས་སུ་བྲིས་པ་དང༌། །བློ་དམན་སྐྱེ་བོས་གོ་ཆེད་དེ། །མ་བསྡམས་བླུན་ངོར་བརྗོད་པ་ན། །སྨྲ་པོ་རང་ཉིད་ཕྱུགས་དང་མཚུངས། །སྙན་ངག་སྡེབས་ལེགས་མངོན་བརྗོད་ལང་ཚོ་མ། །རིག་གནས་མཁྱེན་པའི་ཡིད་ཀྱི་འདོད་འཇོ་བ། །རྣར་སྙན་བརྗོད་ཚིག་རབ་གཙང་དག་པའི་ངག །མཁས་མང་ཡིད་ཀྱི་ཤིང་རྟ་འདྲེན་བྱེད་ཡིན། །ཚིག་གྲོགས་མ་ཉམས་དོན་བཟང་ལྗེན་པ་ཅན། །སྨྲ་བ་པོ་གང་བླུན་པོ་ལས་འདས་མོད། །ཡི་གེའི་སྣང་བ་སྤྲོ་བྱེད་རྨོངས་པ་བདག །ནམ་ཡང་རང་ཉམས་མཁས་པའི་ཁེངས་པ་བྲལ། །ཅུང་ཟད་ལས་དཀར་དག་པས་ཡིད་བསྐུལ་ནས། །ཆོས་ཕྱིར་དཀའ་བའི་ཁུར་བསྐྱེད་ཕྱོགས་མཐའ་ཉུལ། །རྙེད་གྲགས་ཁྱད་གསད་ཁྱོད་ཞབས་བསྟེན་པའི་བཤེས། །གང་དག་ཞལ་སྒོར་དབང་ལུང་གདམས་པ་ནོད། །ཕྱོགས་མེད་ཕྱོགས་བྲལ་ཕྱོགས་འཛིན་བཏང་བའི་བློ། །ཕྱོགས་མཐོང་ཕྱོགས་གཅིག་སྨྲ་བའི་ཕྱོགས་བྱོལ་ནས། །ཕྱོགས་བཅུ་ཕྱོགས་ཀྱི་བཤེས་གཉེན་ཕྱོགས་གཏོགས་ལ། །ཕྱོགས་ཙམ་ཕྱོགས་མཚུངས་ཕྱོགས་ལས་རྣམ་པར་རྒྱལ། །ཁྱོད་ཀྱི་གསུང་གི་ཟེགས་མ་ཕྲ་མོ་ཡང༌། །ཁྱོད་ལ་རྗེས་བསམས་འབད་པས་ལེགས་བཙལ་ཏེ། །ཁྱོད་ཀྱི་རྗེས་སློབ་ཡོངས་ལ་ཕན་བསྐྱེད་ཕྱིར། །ཁྱོད་ཀྱི་བསྟན་པའི་ཁུར་ཆེན་སྙིང་ནས་བླངས། །ཀྱེ་མ་སྙིགས་མའི་དབང་གྱུར་པས། །རང་བློས་གཞལ་ནས་ཀླན་ཀ་སྒྲོག །ཕྱོགས་འཛིན་རབ་རིབ་མིག་ལྡོངས་པས། །ཇི་བཞིན་མཐོང་བའི་ཡུལ་མ་གྱུར། །འདི་ན་གྱ་ཚོམ་སྤྱོད་པའི་འགྲོས་ཅན་འཇིག་རྟེན་ལས་སྣང་མཆོར་ཆས་མཁན། །ཆོས་ལྟར་བཅོས་པའི་ཚུལ་གྱིས་རབ་དྲེགས་ཚིགས་སྒྲས་བསྟན་པ་འཛིན་བརྩོན་ཞིང༌། །བསླབ་གསུམ་རྒྱན་གྱིས་ཆོག་པར་མི་འཛིན་འབད་པའི་ལས་རོ་བ། །བསྟན་པའི་མིག་རྐྱེན་དམན་པར་གྱུར་གང་སྙིང་ནས་སྙིང་རྗེའི་ཡུལ་ཉིད་ལགས། །ཤཱཀྱའི་བསྟན་འཛིན་མཆོག་འདིའི་དགོངས་པའི་དབྱིངས། །ཚུལ་ལྡན་མང་ཐོས་སྤོང་བ་ལྷུར་ལེན་པ། །རབ་དུལ་ཞི་ཞིང་གསོང་པོར་སྨྲ་བ་ཅན། །ཆོས་བརྒྱད་བྲལ་གང་ཁྱོད་ཀྱི་རྗེས་སློབ་ཡིན། །ཡོངས་རྫོགས་བསྟན་པའི་གཞུང་ལུགས་མ་ལུས་པ། །གཟིགས་པ་རྒྱ་ཆེན་རང་གཞན་མ་འདྲེས་ཕྱེད། །ལུང་རིགས་དག་པའི་སྒྲོན་མ་འཛིན་པ་ཅན། །ཀློག་པ་པོ་དེ་ཁྱོད་ཀྱིས་བསྔགས་པའི་ཡུལ། །ངེས་འབྱུང་ཡིད་ཅན་ངུར་སྨྲིག་གོས་ཅན་དག །རི་དྭགས་དམན་པ་ཇི་བཞིན་བས་མཐར་གནས། །འཚོ་བ་དག་ཅིང་ཅི་ཡང་མེད་འཆང་བའི། །སྤོང་བ་པ་དེས་ཁྱོད་ཀྱི་ཞབས་པད་བསྟེན། །མདོ་དང་ཚིག་དོན་ཟུང་འབྲེལ་འཆད་པའི་ངག །ཁུངས་ལྡན་བརྒྱུད་པའི་སྲོལ་བརྒྱ་འབྱེད་མཁས་པའི། །ཆོས་འཁོར་སོ་སོའི་གྲངས་ངེས་མ་འདྲེས་པར། །ལེགས་རྟོགས་གང་དེ་ཁྱོད་ཀྱི་བསྟན་འཛིན་ཡིན། །དེ་ལྟར་ཡང་ཡང་རྗེས་ལས་གང་བརྩམས་ནས། །མང་དུ་བརྗོད་ལ་དགེ་ཚོགས་ཅི་མཆིས་པས། །མཐའ་ཡས་འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ནས། །ཆོས་ཀྱི་རྒྱལ་པོ་ཁྱོད་དང་མཚུངས་གྱུར་ཅིག །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ཡོངས་སུ་རྫོགས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་ཉེར་བདུན་པའོ།།  །།དེ་ལྟར་པཎ་ཆེན་རིན་པོ་ཆེའི་སྐུ་ཆེ་བའི་ཡོན་ཏན་ཞིབ་མོར་བྲིས་པའི་རབ་བྱེད་ཉེར་བདུན་པ་འདི་ཡང་མ་བྱོན་པའི་སངས་རྒྱས་གསུམ་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་གདན་སེང་གེའི་ཁྲི་ལ་མངོན་པར་རབ་ཏུ་མཐོ་བ། སྐྱེ་མེད་རང་གསལ་ཆོས་དབྱིངས་གདོད་མའི་མགོན་པོ་མངོན་སུམ་དུ་གཟིགས་པའི་མཁན་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་བཀས་བསྐུལ་བའི་དབང་ལས། སྙོམས་ལས་ཀྱི་བགྱི་བ་ཅུང་ཞིག་བསལ་ཏེ། གང་གི་བཀའ་མི་འགོག་པའི་སླད་དུ། གྲོལ་མཆོག་གིས་ཡི་གེར་བཀོད་པ་འདིས། བདག་སོགས་སེམས་ཅན་ཐམས་ཅད་རྒྱལ་བའི་བསྟན་པའི་གཞུང་ལམ་ལ་རྗེས་སུ་འཇུག་པའི་སྐལ་བ་མཆོག་དང་ལྡན་པར་གྱུར་ཅིག།  །།མངྒ་ལཾ་བྷ་ཝནྷུ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*