དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད། ཁ ༽

རང་གི་ངོ་བོ་གསུམ་གསུམ་གྱི་སྒོ་ནས་འཆད་དོ། །མིག་ལ་བརྟེན་ཅིང༌། གཟུགས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པ་ཙམ་ནི་དེའི་འཁོར་གྱི་སེམས་བྱུང་རྣམས་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། བརྟེན་ཚུལ་དང༌། དམིགས་ཚུལ་དང༌། རིག་ཚུལ་གསུམ་ཀ་མི་འདྲ་སྟེ། གཅིག་ནི་དངོས་སུ་བརྟེན་པ་ཡིན་ལ། ཅིག་ཤོས་ནི་བརྒྱུད་ནས་དང༌། གཅིག་གིས་ནི་གསལ་བར་དམིགས་པ་ཡིན་ལ། ཅིག་ཤོས་རྣམས་ཀྱིས་ནི་མི་གསལ་བར་དམིགས་པ་དང༌། གཅིག་གིས་ནི་སྐྱེས་མཆེད་ཀྱི་ངོ་བོ་ཙམ་རིག་ནས་དེ་ལ་ངེས་པ་འདྲེན་ཞིང༌། ཅིག་ཤོས་ཀྱིས་ནི་ངོ་བོ་ལ་དམིགས་ནས་ཁྱད་པར་སོ་སོ་བ་ཁོ་ན་ལ་ངེས་པ་འདྲེན་པས་སོ། །གཞན་དག་གི་ལྟར་ན་འཁོར་རྣམས་གཙོ་བོར་ཐལ་བ་ཟློག་ཏུ་མེད་དོ། །ཁོ་བོ་ཅག་ལྟར་ན་ནི། དབང་པོའི་ཁམས་དྲུག་དང་སྐྱེ་མཆེད་དྲུག་འཆད་པ་ན་རྣམ་པར་ཤེས་པའི་ཁམས་དྲུག་པོ་ཁོ་ནའི་རྟེན་དུ་བཤད་ཀྱི། དེའི་དེར་མ་བཤད་པ་དང༌། ཡུལ་གྱི་ཁམས་དྲུག་ཀྱང་ཅིག་ཤོས་ཀྱི་དམིགས་པར་མ་བཤད་པས། དེ་ལ་བརྟེན་པ་དང༌། དམིགས་ཀྱང་དེ་དག་སེམས་བྱུང་རྣམས་ཀྱི་དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་དུ་འགྱུར་བ་མ་ཡིན་ནོ། །གཉིས་པ་ཁམས་ཀྱི་རྣམ་པར་བཞག་པ་ལ་གཉིས་ཏེ། ཕུང་པོ་གང་ལ་ཁམས་གང་དུ་བཞག་པ་དང༌། ཆོས་ཁམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གཟུགས་ཀྱི་ཕུང་པོ་ལ་ཁམས་གང་དུ་གཞག་པ་དང༌། ཕུང་པོ་གསུམ་ལ་ཁམས་གང་དུ་གཞག་པ་དང༌། རྣམ་ཤེས་ཀྱི་ཕུང་པོ་ལ་གང་དུ་གཞག་པའོ། །གཉིས་པ་ཆོས་ཁམས་བྱེ་བྲག་ཏུ་བཤད་པ་ལ། འདུས་མ་བྱས་བསྟན་པ་དང༌། ཆོས་ཁམས་ཀྱི་གྲངས་བསྡུ་བའོ། །དང་པོ་བསྟན་པ་དང༌། བཤད་པའོ། །དེ་ལའང་དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །མཚན་ཉིད་བཤད་པ་ལ་བཞི་སྟེ། དགག་བྱ་ཀུན་བརྟགས་དང་བྲལ་བའི་དངོས་པོ་དེ་བཞིན་ཉིད། དགག་བྱ་ཐོགས་བཅས་ཀྱི་གཟུགས་དང་བྲལ་བའི་དངོས་པོ་ནམ་མཁའ་དང༌། དགག་བྱ་འདུས་བྱས་ཙམ་བཀག་པའི་དངོས་པོ་བརྟགས་མིན་དང༌། དགག་བྱ་ཟག་བཅས་བཀག་པའི་དངོས་པོ་བརྟགས་འགོག་གོ །བརྟགས་འགོག་ལའང༌། དགག་བྱ་ཉོན་མོངས་པ་འགོག་པ་སོ་སོར་བརྟགས་འགོག་དང༌། འགྱུར་བར་བྱེད་པའི་ཚོར་བ་འགོག་པ་མི་གཡོ་བའི་འགོག་པ་དང༌། འགྱུར་བར་མི་བྱེད་པའི་ཚོར་བ་འགོག་པ་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་འགོག་པའོ། །འདིར་བཤད་པའི་འདུས་མ་བྱས་བརྒྱད་ཀ་དངོས་པོར་བཤད་པའི་ཕྱིར། གཞན་དག་དེ་བཞིན་ཉིད་དང༌། ནམ་མཁའ་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་རྣམས་མེད་དགག་ཁོ་ནར་འདོད་པ་ནི་མ་ཤེས་པའོ། །དེ་ཡང་དེ་བཞིན་ཉིད་མེད་དགག་ཏུ་བཤད་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་མི་རུང་བ་དང༌། འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུར་མི་རུང་བའི་ཉེས་པ་ཡོད་དོ། །དེ་ཡང་བྱམས་པ་དང་ཐོགས་མེད་ཀྱི་གཞུང་དུ། འཕགས་པའི་མཉམ་གཞག་གི་ཡེ་ཤེས་རྣམས་རང་རིག་པའི་ཡེ་ཤེས་ཁོ་ནར་བཤད་པའི་ཕྱིར་དང༌། འབྲས་བུ་ལ་ཕན་པའི་ནུས་པ་མེད་པ་རྒྱུར་མི་རུང་བའི་ཕྱིར་དང༌། གང་མེད་པར་དགག་པ་ཡིན་ན་ལྡོག་པ་དང་གཞན་སེལ་ཡིན་དགོས་པའི་ཕྱིར། བདེན་པར་མེད་དགོས་ལ། དེ་བཞིན་ཉིད་ནི་བདེན་པར་གྲུབ་པའི་ཕྱིར་རོ། །ནམ་མཁའ་ཡང་ཐོགས་བཅས་ཀྱི་གཟུགས་བཀག་ཙམ་ལ་བཤད་པ་མ་ཡིན་ཏེ། དེས་ཁྱད་པར་དུ་བྱས་པའི་དངོས་པོ་ཞིག་ལ་འཆད་པར་ཁོ་རང་གི་ངོས་འཛིན་ན་གསལ་བའི་ཕྱིར། འགོག་བདེན་ཡང་དོན་དམ་པའི་བདེན་པར་གཞག་དགོས་པས་མེད་དགག་ཏུ་མི་རིགས་ལ། བརྟགས་མིན་གྱི་འགོག་པ་ཡང་དངོས་པོ་མ་ཡིན་ན། དགག་བྱ་སྐྱེ་བ་ལ་གེགས་བྱེད་པར་མི་རིགས་པའི་ཕྱིར། ཡང་གཞན་དག འདུ་ཤེས་དང་ཚོར་བ་འགོག་པ་དང༌། དེའི་སྙོམས་འཇུག་གི་ཁྱད་པར་མེད་དགག་ཡིན་མིན་གྱི་སྒོ་ནས་མ་ཕྱེ་ན་དེའི་ཁྱད་པར་མི་རྙེད་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། སྔར་བཤད་ཟིན་པ་ལྟར། དེ་དང་དེ་བཀག་པས་ཁྱད་པར་དུ་བྱས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཆད་དགོས་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་གོང་དུ་བཤད་པའི་ཕུང་པོ་ལྔའི་ནང་ན་འདི་མེད་པའི་ཕྱིར་དང༌། འདི་རྣམ་བརྟགས་ཀྱི་ཆོས་གསུམ་པོ་གང་གི་ཡང་ནང་དུ་མ་འདུས་པའི་ཕྱིར། གོང་དུ་བཤད་པའི་ཆོས་ཁམས་ཀྱི་མཚན་ཉིད་དེ་ཡང་འདི་ལ་མེད་དོ། །དེས་ན་འདིར་བཤད་པ་ནི། ཆོས་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་གསུམ་ཀ་ཆོས་ཁམས་ཀྱི་ནང་དུ་བསྡུས་ནས་བཤད་པའི་ལུགས་ཡིན་པས། རྣམ་རྫུན་པའི་ལུགས་སུ་སྦྱོར་དགོས་པ་ཡིན་ཏེ། དེར་མ་སླེབ་ན། ཆོས་འདི་པའི་ལུགས་ཀྱིས་དེ་བཞིན་ཉིད་གཞག་ཏུ་མེད་པའི་ཕྱིར་རོ། །གསུམ་པ་སྐྱེ་མཆེད་ཀྱི་རྣམ་གཞག་ལ། གཟུགས་ཅན་གྱི་སྐྱེ་མཆེད་གང་ཡིན་པ་དང༌། ཡིད་ཀྱི་སྐྱེ་མཆེད་གང་ཡིན་པ་དང༌། ཆོས་ཀྱི་སྐྱེ་མཆེད་གང་ཡིན་པའོ། །ཁམས་འདི་དག་ལྡོག་པའི་སྒོ་ནས་སྐྱེ་མཆེད་དུ་འཇོག་པས་མི་འགལ་ལ། མ་འོངས་པའི་ཕུང་པོ་མཐའ་དག་ཁམས་དང་སྐྱེ་མཆེད་དུ་འཇོག་པ་ནི་ཅུང་ཟད་དཀའ་བའི་གནས་སོ། །གསུམ་པ་ཆོས་གསུམ་ཀའི་དོན་བསྡུ་བ་ནི། དེ་ཉིད་ཀྱི་ཕྱིར་སོགས་ཏེ། འདི་ནི་ཤེས་བྱ་ཐམས་ཅད་ཆོས་གསུམ་དུ་བསྡུས་པའི་དབང་དུ་བྱས་པ་ཡིན་ཏེ། ཀུན་བརྟགས་དང༌། ཆོས་ཉིད་ཀྱི་ཆོས་གསུམ་ཀ་ཆོས་ཁམས་ཀྱི་ནང་དུ་བསྡུས་ནས་འཆད་པའི་ཕྱིར་རོ། །གཉིས་པ་ཞར་བྱུང་ལ། ས་བོན་གྱི་དོན་ལ་བརྟེན་ནས་མུ་བཞི་དང་སྦྱར་བ་དང༌། རྟེན་དབང༌། ཡུལ་གསུམ་གྱི་བྱེད་པས་ས་མཚུངས་རྩི་བའོ། །དང་པོ་ལ་གཉིས་ཏེ། དབང་པོ་གཟུགས་ཅན་ལ་མུ་བཞི་རྩི་བ་དང༌། ཡིད་ལ་རྩི་བའོ། །དང་པོའི་སྐབས་སུ། མིག་ཅེས་པ་ནི། རྣམ་སྨིན་གྱི་ངོ་བོར་གྲུབ་པ་དང༌། ཁམས་ཞེས་པ་ཀུན་གཞིའི་སྟེང་གི་ས་བོན་ལ་བཤད་ནས་མུ་བཞི་རྩི་བ་ཡིན་གྱི། རྣམ་བརྟགས་ཀྱི་མིག་སོགས་མངོན་གྱུར་བ་ཁོ་ནའི་སྟེང་ནས་རྩི་བ་མ་ཡིན་ཏེ། གཞན་དུ་ན་དགྲ་བཅོམ་པ་ཐ་མའི་མིག་ཀྱང་མིག་ཤེས་ད་ལྟར་བ་འཛིན་པས་ཁམས་སུ་འགྲུབ་པའི་ཕྱིར་དང༌། གཟུགས་མེད་ཁམས་དང༌། སྒོ་ངའི་ནང་སོགས་ན་ཉེར་སྤྱོད་ད་ལྟར་བ་འཛིན་པ་མེད་པའི་ཕྱིར། མིག་གི་ཁམས་མ་ཡིན་པར་འགྱུར་རོ། །གཉིས་མིན་གྱི་མུ་རྩི་བའི་སྐབས་ལས་ནི། མཐར་ཐུག་ཐེག་པ་གསུམ་དང༌། གཟུགས་མེད་དུ་སྐྱེས་པའི་འཕགས་པ་ཐེག་ཆེན་ལམ་དུ་མི་འཇུག་པར་བཤད་དོ། །ཡིད་ཀྱི་མུ་བཞི་རྩི་བའི་སྐབས་སུ། དགྲ་བཅོམ་ཐ་མའི་ཡིད་ཡིད་ཁམས་མ་ཡིན་པར་བཤད་པ་དེས་ལྷག་མེད་ཀྱི་དབྱིངས་སུ་རིག་པ་རྒྱུན་ཆད་པར་བསྟན་པ་ཡིན་ནོ། །ཞེས་ཟེར་བ་དེ་ནི་མ་ཤེས་པ་ཡིན་ཏེ། དེར་དེ་མེད་ན་གཉིས་མིན་གྱི་མཚན་གཞིར་འོང་དོན་མེད་པའི་ཕྱིར་དང༌། རིག་པ་ཡོད་པ་གཞིར་བྱས་པ་ལ་ཕུང་གསུམ་རྩི་བ་ཡིན་གྱི། གཞན་དུ་མུ་བཞི་རྩི་བ་ལ་གོ་རྒྱུ་མེད་པའི་ཕྱིར། དེ་ལྟར་ན། ལྷག་མེད་ཀྱི་དབྱིངས་ན་ཡིད་ཀྱི་རྣམ་ཤེས་མེད་པར་སྟོན་པ་ཡིན་ཏེ། དེར་དེའི་རྟེན་མེད་པར་བཤད་པའི་ཕྱིར་རོ། །དེར་ཡིད་མེད་པར་བཤད་པས། རིག་པ་མེད་པར་འགྲུབ་ན་འགོག་པ་ལ་སྙོམས་པར་ཞུགས་པའི་རྒྱུད་ལ་ཡིད་མེད་པའི་ཕྱིར། རིག་པ་མེད་པར་ཐལ་ལོ། །མི་མཚུངས་ཏེ། དེ་ན་ཀུན་གཞིའི་རྣམ་ཤེས་ཡོད་པས་སོ་ཞེ་ན། ཅིག་ཤོས་ལ་ཡང་ཀུན་གཞིའི་ཡེ་ཤེས་ཡོད་པའི་ཕྱིར། ཡིད་མེད་ཀྱང་རིག་པ་ཡོད་པར་གྲུབ་བོ། །གཉིས་པ་ལ་གཉིས་ཏེ། དབང་པོ་གཟུགས་ཅན་ལ་བརྟེན་པའི་དང༌། ཡིད་ལ་བརྟེན་པའི་འོ། །དང་པོ་ལ་གཉིས་ཏེ། མིག་ལ་དང༌། རྣ་བ་ལ་བརྟེན་པའི་དང༌། ལྷག་མ་གསུམ་ལ་བརྟེན་པའི་ས་མཚུངས་སོ། །དང་པོ་ལ་གཉིས་ཏེ། འདོད་པའི་རྟེན་ཅན་ལ་རྩི་བ་དང༌། གཟུགས་ཀྱི་རྟེན་ཅན་དེ་དང་མཐུན་པར་སྦྱར་བའོ། །དང་པོ་ལ་གཉིས་ཏེ། མིག་གི་དབང་པོ་ལ་རྩི་བ་དང༌། རྣ་བའི་དབང་པོ་དེ་དང་འདྲ་བར་བསྟན་པའོ། །ལྷག་མ་གསུམ་ལ་གཉིས་ཏེ། འདོད་པའི་རྟེན་ལ་རྩི་བ་དང༌། གཟུགས་ཀྱི་རྟེན་ལ་རྩི་བའོ། །དེ་ལ་གཉིས་ཏེ། ལུས་ཀྱི་དབང་པོ་ལ་རྩི་བ་དང༌། ལྷག་མ་གཉིས་ལ་མི་རྩི་བའི་འཐད་པའོ། །ཡིད་ཀྱི་ས་མཚུངས་ལ་གཉིས་ཏེ། ཁམས་གསུམ་པའི་ཡིད་ཀྱིས་ཤེས་བྱ་ཇི་ལྟར་ཤེས་པ་དང༌། ཟག་པ་མེད་པའི་ཡིད་ཀྱིས་ཤེས་བྱ་ཇི་ལྟར་ཤེས་པའོ། །དང་པོ་ལ། འདོད་པའི་ཡིད་ཀྱིས་ཤེས་ཚུལ་དང༌། དེས་གཟུགས་ཀྱི་ཡིད་ཀྱང་མཚོན་པ་དང༌། གཟུགས་མེད་པའི་ཡིད་ཀྱིས་ཤེས་པའི་ཚུལ་ལོ། །འདིར་མིག་སོགས་དབང་པོ་རྣམས་ཀྱིས་གཟུགས་སོགས་ཡུལ་ལྔ་པོ་མཐོང་བར་བཤད་པ་ནི། སྤྱིར་དབང་པོ་ལྔ་ཡང་ཤེས་པར་ཁས་ལེན་པས་མི་འགལ་མོད། འོན་ཀྱང་དབང་པོས་ཤེས་པ་མཚོན་ནས་བསྟན་པ་ཡིན་ཏེ། སེམས་ཅན་དུ་སྣང་བའི་རྣམ་རིག་དང༌། རྣམ་རིག་ཏུ་སྣང་བའི་རྣམ་རིག་གཉིས་སོ་སོར་དབྱེ་དགོས་པའི་ཕྱིར་དང༌། དབང་པོ་གཟུགས་ཅན་པས་ཡུལ་མཐོང་བའི་རྣམ་གཞག་མདོ་སྡེ་པ་ཡན་ཆད་ལ་མེད་པའི་ཕྱིར་རོ། །འདིར་ཡིད་ཀྱི་ཞེས་པ་ཡང༌། ཡིད་ཀྱི་རྣམ་ཤེས་ལ་ཟེར་བ་ཡིན་གྱི། ཡིད་ཀྱི་དབང་པོ་མ་ཡིན་ཏེ། ཉོན་ཡིད་ནི། ཡུལ། རྟེན། དབང་པོ་གསུམ་ཀ་ས་མཚུངས་པ་ཡིན་ལ། ཀུན་རྫོབ་པའི་ཡིད་ཀྱང་དྲུག་པོ་འདས་མ་ཐག་པ་ལ་བཤད་ལ། དེའི་ཤེས་ཚུལ་འདི་ནི་མི་སྣང་བའི་ཕྱིར། ཡང་གཟུགས་མེད་ཀྱི་ཤེས་པས་ཟག་མེད་ཀྱི་ཤེས་ཚུལ་ཀྱང༌། དེར་སྐྱེས་པའི་འཕགས་པའི་དབང་དུ་བྱས་པ་ཡིན་ཏེ། དེའི་སོ་སོའི་སྐྱེ་བོས་ནི་མངོན་སུམ་དང་རྗེས་དཔག་གང་གི་སྒོ་ནས་ཀྱང་ཤེས་པ་མེད་པའི་ཕྱིར། ཡང་ན་འདིའི་ཟག་མེད་ནམ་མཁའ་དང༌། བརྟགས་མིན་གྱི་འགོག་པ་ལྟ་བུ་ལ་བྱས་ནའང་འགྲིག་སྟེ། ཤེས་མཁན་དེ་གཟུགས་མེད་པའི་སས་བསྡུས་ཀྱི་ཡིད་ལ་འཆད་དགོས་པས་སོ། །མཛོད་ལས་ཀྱང༌། གཟུགས་མེད་དངོས་གཞིའི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས། ཞེས་གསུངས་སོ། །ཁམས་གསུམ་པའི་ཆོས་རྣམས་ཟག་པ་མེད་པའི་ཡིད་ཀྱིས་ཤེས་པར་བཤད་པའང༌། རྗེས་ཐོབ་ལ་འཆད་མོད་ཀྱང༌། ཅུང་ཟད་བཤད་དཀའ་བ་ཡིན་ཏེ། རྗེས་ཐོབ་ཀྱི་ཡེ་ཤེས་ལ་དེ་དངོས་སུ་སྣང་བ་མེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི། མདོ་སྡེའི་རྒྱན་ལས། དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་དྲི་མེད་པས། །གཉིས་སུ་མེད་པའི་དོན་གྱིས་མཐོང༌། །ཞེས་པ་ལྟར་རོ། །དྲུག་པ་གོ་རིམ་ལ་གསུམ་སྟེ། ཕུང་པོའི་དང༌། ཁམས་ཀྱི་དང༌། སྐྱེ་མཆེད་ཀྱིའོ། །དང་པོ་ལ་གསུམ་སྟེ། གནས་དང༌། གནས་པའི་དང༌། རྟེན་དང༌། བརྟེན་པའི་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གོ་རིམ་མོ། །ཁམས་ཀྱི་གོ་རིམ་ལ། བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། རྟེན་དབང་པོའི་ཁམས་ཀྱི་དང༌། དམིགས་པ་ཡུལ་གྱི་དང༌། བརྟེན་པ་རྣམ་པར་ཤེས་པའི་ཁམས་ཀྱི་གོ་རིམ་མོ། །བདུན་པ་སྒྲ་དོན་ལ་གསུམ་སྟེ། ཕུང་པོའི་དང༌། ཁམས་ཀྱི་དང༌། སྐྱེ་མཆེད་ཀྱིའོ། །དང་པོ་ལ་གསུམ་སྟེ། སྤུངས་པའི་དོན་དུ་བཤད་པ་དང༌། རྒྱས་པའི་དོན་དུ་བཤད་པ་དང༌། ཕྲག་པའི་དོན་དུ་བཤད་པའོ། །ཁམས་ཀྱི་སྒྲ་དོན་ལ་གསུམ་སྟེ། རྒྱུའི་དབང་དུ་བྱས་པ་དང༌། མཚན་ཉིད་དང༌། རྒྱུ་འབྲས་འཛིན་པའི་དབང་དུ་བྱས་པ། ཆོས་ཐམས་ཅད་བསྡུས་པའི་དབང་དུ་བྱས་པའོ། །བརྒྱད་པ་ཕུང་པོའི་དབྱེ་བ་ལ་གསུམ་སྟེ། བཤད་བྱའི་མདོ་བཀོད་པའི་སྒོ་ནས་དྲིས་པ་དང༌། དེའི་དོན་བཤད་པའི་སྒོ་ནས་ལན་ནོ། །གཉིས་པ་ནི། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། བདག་ཏུ་སྣང་ཡང་བདག་མེད་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ནི་ལྦུ་བ་རྡོས་པ་ལྟ་བུ་སྟེ། གཙང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། རོ་བྲོ་བ་ཆུང་བ་ཉིད་ཀྱི་ཕྱིར་རོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ་སྟེ། མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །འདུ་བྱེད་རྣམས་ནི་ཆུ་ཤིང་གི་ཕུང་པོ་ལྟ་བུ་སྟེ། སྙིང་པོ་མེད་པའི་ཕྱིར་རོ། །འདིར་ཁམས་སྐྱེ་མཆེད་ཀྱི་དཔེ་དོན་མ་བྱུང་བ་ནི་ཡི་གེ་ཉམས་པ་ཡིན་ནོ་ཞེས་ཁ་ཅིག་གསུང་ངོ༌། །མདོ་སྡེའི་དོན། གཞུང་འདིར་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པར་བཤད། བྱང་ཆུབ་སེམས་འགྲེལ་དུ་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པར་བཤད། འཇུག་འགྲེལ་དུ་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་ནས། ཉན་ཐོས་ལ་གསུངས་པར་བཤད་དོ། །གཉིས་པ་རྣམ་པའི་རབ་དབྱེ་ལ་མཚན་གཞི་དང༌། མཚན་ཉིད་དང༌། མཚོན་པ་དང༌། དོན་བསྡུ་བའི་དབང་དུ་བྱས་པ་དང་བཞིའོ། །དང་པོ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྡོམ་དུ་ན་ཞེས་སོགས་ཏེ། རྫས་ཡོད་སོགས་བཞི། ཤེས་བྱ་སོགས་གསུམ། གཟུགས་ཅན་སོགས་དྲུག ཟག་བཅས་སོགས་བཅུ་གཉིས། བྱུང་སོགས་བརྒྱད། འདས་སོགས་བཅུ་དྲུག རྐྱེན་སོགས་བཅུ་གཅིག་སྟེ། སྡེ་ཚན་བདུན་དུ་བསྡུས་པའི་ནང་ཚན་སོ་སོའི་དབྱེ་བ་དྲུག་ཅུ་པོ་རྣམས་བཤད་པར་བྱ་བ་ཡིན་ནོ། །ཚུལ་ཇི་ལྟར་དུ་ཞེ་ན། ཇི་ལྟར་ཞེས་པ་མཚན་ཉིད་གང་གིས་དེར་འཇོག་པ་དང༌། དུ་ཞིག་ཅེས་པ་སོ་སོའི་མཚན་གཞིའི་གྲངས་ཇི་ཙམ་ཡོད་པ་དང༌། ཅི་ཕྱིར་ཞེས་པ་མཚན་གཞི་དང༌། མཚན་ཉིད་ལ། མཚོན་བྱ་དེ་དང་དེའི་ཐ་སྙད་གདགས་པའི་དགོས་པ་རྣམས་འཆད་དོ། །དེ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། བདག་མེད་ཀྱང་རྫས་ཡོད་ལ་སོགས་པའི་ཆོས་རྣམས་ཀྱི་རྣམ་པར་བཞག་པ་ཁས་ལེན་པའི་ཚུལ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བདུན་ཏེ། ཆོས་ཐ་དད་པའི་སྒོ་ནས་དབྱེ་བ་དང༌། ཡུལ་ཅན་ཐ་དད་པའི་སྒོ་ནས་དང༌། དངོས་པོ་ཐ་དད་པའི་སྒོ་ནས་དང༌། སྤང་གཉེན་གྱི་སྒོ་ནས་དང༌། དུས་ཀྱི་སྒོ་ནས་དང༌། བླང་དོར་གྱི་སྒོ་ནས་དང༌། ཆོས་ཀྱི་ངོ་བོ་ཐ་དད་པའི་སྒོ་ནས་དང༌། དེའི་ཁྱད་པར་ཐ་དད་པའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། རྫས་བཏགས་སུ་དབྱེ་བ་དང༌། བདེན་པ་གཉིས་སུ་དབྱེ་བའོ། །དང་པོ་ལ་གཉིས་ལས། དྲི་བའི་སྒོ་ནས་མདོར་བསྟན། ལན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་གསུམ་པོ་རྣམས་ཇི་ལྟར་ན་སྟེ། རྒྱུ་མཚན་གང་གིས་རྫས་སུ་ཡོད། རྫས་སུ་ཡོད་པའི་མཚན་གཞི་རྣམས་ནི་དུ་ཞིག་ཡོད། མཚན་གཞི་དེ་ལ་དགོས་པ་ཅིའི་ཕྱིར་དུ་རྫས་སུ་ཡོད་པའི་ཐ་སྙད་བྱས་པར་བརྟག་ཅེ་ན། འོག་མ་རྣམས་ལ་ཡང་འཆད་ཚུལ་འདི་བཞིན་ནོ། །བཞི་པོ་འདི་དག་གི་སྐབས་སུ་ཀུན་བརྟགས་ཀྱི་ཆོས་གསུམ་པོ་ཐམས་ཅད་བཏགས་ཡོད་དང༌། རྣམ་བརྟགས་ཀྱི་ཐམས་ཅད་རྫས་ཡོད་དང༌། ཡང་ཀུན་བརྟགས་དང༌། རྣམ་བརྟགས་ཀྱི་ཕུང་པོ་ཐམས་ཅད་ཀུན་རྫོབ་དང༌། ཆོས་ཉིད་ཀྱི་ཆོས་གསུམ་པོ་ཐམས་ཅད་དོན་དམ་ཡིན་པ་ལ་དགོངས་ནས། མཚན་གཞི་འཆད་པ་ན་ཐམས་ཅད་ཀྱང་ཞེས་གསུངས་སོ། །གཉིས་པ་ལ། ཤེས་བྱ་དང༌། རྣམ་པར་ཤེས་བྱ་དང༌། མངོན་པར་ཤེས་བྱ་གསུམ་མོ། །དང་པོ་ལ། ཤེས་བྱ་གཞི་ལྔའི་དབང་དུ་བྱས་པ་དང༌། ཡུལ་ཅན་སོ་སོའི་ཡུལ་གྱི་དབང་དུ་བྱས་པའོ། །གཉིས་པ་ལ་ཐེག་པ་ཐུན་མོང་གི་དབང་དུ་བྱས་པ་དང༌། ཐེག་པ་ཆེན་པོའི་དབང་དུ་བྱས་པའོ། །དང་པོ་ལ། སློབ་པའི་དབང་དུ་བྱས་པ་དང༌། མི་སློབ་པའི་དབང་དུ་བྱས་པའོ། །དང་པོ་ལ། སོ་སྐྱེ་དང་ཐུན་མོང་བ་དང༌། འཕགས་པ་དང་ཐུན་མོང་བའོ། །དང་པོ་ལ། ཐོས་བྱུང་དང༌། བསམ་བྱུང་དང༌། འཇིག་རྟེན་པའི་སྒོམ་བྱུང་གི་དབང་དུ་བྱས་པ་གསུམ། གཉིས་པ་ལ་དོན་དམ་ཤེས་པ། གཞན་གྱི་སེམས་ཤེས་པ། ཆོས་ཤེས་དང༌། རྗེས་ཤེས་ཀྱི་དབང་དུ་བྱས་པ། བདེན་པ་བཞི་ཤེས་པའི་དབང་དུ་བྱས་པ་རྣམས་སོ། །རྣམ་པར་ཤེས་བྱ་ལ་ཡུལ་ཅན་རྣམ་ཤེས་བརྒྱད་ཀྱི་སྒོ་ནས་བཤད་པ་དང༌། བརྒྱད་པོ་ཉིད་ཀྱི་ཆོས་སོ། །དང་པོ་ལ་དགེ་མི་དགེའི་དབང་དུ་བྱས་པ། ལུང་མ་བསྟན་གྱི་དབང་དུ་བྱས་པའོ། །དང་པོ་ལ་རྟོག་མེད་ཀྱི་དབང་དུ་བྱས་པ། རྟོག་བཅས་ཀྱི་དབང་དུ་བྱས་པ། གཉིས་པ་ལ་མ་སྒྲིབ་པ་དང༌། བསྒྲིབས་པའི་དབང་དུ་བྱས་པ། གཉིས་པ་ལ་རྒྱུ་དང་འབྲས་བུའི་ཁྱད་པར། དོར་བླང་གི་ཁྱད་པར། ཤེས་པར་དཀའ་བའི་ཁྱད་པར་རོ། །འདིར་ཕྲ་བ་ནི་ཀུན་གཞིའི་སྟེང་གི་མ་རིག་པའི་རྣམ་ཤེས་ལ་སོགས་པ་བདུན་པོའོ། །བདུན་གྱི་སྡོམ་ནི། མ་རིག་སྣ་ཚོགས་ལྷན་ཅིག་འབྱུང༌། །གཉེན་པོའི་བག་ཆགས་མཚམས་སྦྱོར་གྲོལ། །ཞེས་པའོ། །མངོན་པར་ཤེས་པར་བྱ་བ་ལ་གཉིས་ཏེ། ལུས་ངག་ཡིད་གསུམ་གྱི་ལས་དག་པ་གསུམ་གྱི་སྒོ་ནས་དག་པ་བཤད་པ་དང༌། དེས་བྱ་བ་བྱེད་པའོ། །དེ་ལ་གཉིས་ཏེ། རྟག་ཆད་ཀྱི་ལྟ་བ་སྤོང་བའི་བྱ་བ་དང༌། དབུ་མའི་ལམ་ལ་འགོད་པའི་བྱ་བའོ། །གསུམ་པ་དངོས་པོ་ཐ་དད་པའི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། གཟུགས་ཅན་ཡིན་མིན་དང༌། གཏན་དུ་ཡོད་མེད་དང༌། ཐོགས་བཅས་ཡིན་མིན་ནོ། །དང་པོ་ལ་གཉིས་ལས། གཟུགས་ཅན་ལ་མཚན་ཉིད་དང༌། མཚན་གཞི་དང༌། དགོས་པའོ། །དང་པོ་ལ་མཚན་ཉིད་དངོས་དང༌། དབྱེ་བའོ། །དང་པོ་ལ་བརྒྱད་དེ། གཟུགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་གཟུགས་ཅན་དང༌། གཟུགས་གཞན་དང་ལྡན་པའི་ཕྱིར་དང༌། རྒྱུན་འབྲེལ་པར་འབྱུང་བའི་ཕྱིར་དང༌། ཡུལ་གནོད་པར་གནས་པའི་ཕྱིར་གཉིས་དང༌། ཡུལ་ལས་རྟག་ཏུ་རུང་བའི་ཕྱིར་གསུམ་དང༌། གཟུགས་དང་འབྲེལ་པའི་ཕྱིར་གཉིས་དང༌། གཟུགས་ཅན་དང་འདྲ་བའི་ཕྱིར་གསུམ་དང༌། རགས་པར་གནས་པའི་ཕྱིར་གཅིག་རྣམས་སོ། །དབྱེ་བ་ལ་གཉིས་ཏེ། རང་རྒྱུད་པ་དང༌། བསྟན་པ་ཙམ་མོ། །དང་པོ་ལ་གཉིས་ཏེ། རྒྱུའི་སྒོ་ནས་དབྱེ་བ་དང༌། རྒྱུད་ཀྱི་སྒོ་ནས་སོ། །དང་པོ་ལ་གཉིས་ཏེ། འདོད་པ་ལ་སྲེད་པ་ལས་བྱུང་བ་དང༌། ལུས་ལ་སྲེད་པ་ལས་བྱུང་བའོ། །གཉིས་པ་ལ་གསུམ་སྟེ། སོ་སོ་སྐྱེ་བོ་དང༌། འཕགས་པ་སློབ་པ་དང༌། མི་སློབ་པའི་དབྱེ་བས་སོ། །གཏན་ཡོད་ལ་མཚན་ཉིད་དང༌། མཚན་གཞི་དང༌། དགོས་པའོ། །དང་པོ་ལ། དངོས་དང༌། དེའི་དབྱེ་བ་གཟུགས་ཅན་དང་འདྲ་བར་བསྟན་པའོ། །གཏན་མེད་ལ་ཡང་དེ་བཞིན་ནོ། །ཐོགས་བཅས་ལ་མཚན་ཉིད་སོགས་གསུམ་ལས། དང་པོ་ལ་གསུམ་སྟེ། སྲིད་པའི་མཚན་ཉིད། ངེས་པའི་མཚན་ཉིད། བཏགས་པའི་མཚན་ཉིད་དོ། །གཉིས་པ་ལ། རང་བཞིན་ཆ་ཕྲ་བ་མ་ཡིན་པ་དང༌། བྲི་བ་ཆ་ཕྲ་བ་མ་ཡིན་པ་དང༌། སེམས་དབང་སྒྱུར་བ་ཆ་ཕྲ་བ་མ་ཡིན་པའོ། །འདིར་རྣམ་བརྟགས་ཀྱི་གཟུགས་ཅན་སོགས་གསུམ་ནི་དེ་དང་དེའི་གོ་ཆོད་པ་མ་ཡིན་པའི་ཕྱིར། ཐོགས་མེད་སོགས་གསུམ་མཚན་ཉིད་པ་དང༌། གཞན་གསུམ་ནི་བཏགས་པ་བར་གཞག་གོ །བཞི་པ་སྤང་གཉེན་གྱི་དབྱེ་བ་ལ་དྲུག་སྟེ། ཟག་བཅས་ཟག་མེད་དང༌། འཐབ་བཅས་འཐབ་མེད་དང༌། ཟག་ཟིང་ཡོད་མེད་དང༌། ཞེན་རྟེན་འབྱུང་རྟེན་དང༌། འདུས་བྱས་འདུས་མ་བྱས་དང༌། འཇིག་རྟེན་པ་དང་དེ་ལས་འདས་པའོ། །དང་པོ་ལ་གཉིས་ལས། ཟག་བཅས་ལ་མཚན་ཉིད་སོགས་གསུམ་ལས། དང་པོ་ལ། བཅས་པའི་དོན་ངོ་བོ་ཉིད་ལ་གཞག་པ་དང༌། དེ་དང་འབྲེལ་པ་ལ་དང༌། དེའི་དབང་དུ་གྱུར་པ་དང་དེའི་ས་བོན་དང་ལྡན་པ་ལ་དང༌། དེའི་མངོན་སུམ་གྱི་དམིགས་པར་གྱུར་པ་ལ་དང༌། དེའི་རྒྱུ་ལས་བྱུང་བ་ལ་དེར་གཞག་པ་རྣམས་སོ། །ཟག་མེད་ཀྱི་འཆད་ཚུལ་ཀྱང་དེ་བཞིན་ནོ། །གཉིས་པ་ལ་གཉིས་ལས། འཐབ་བཅས་ཀྱི་འཆད་ཚུལ་ཀྱང་ཟག་བཅས་ཇི་ལྟ་བ་བཞིན་ལས། ཁྱད་པར་ནི། འཐབ་པའི་རྒྱུ་དང༌། ངོ་བོ་གཉིས་ཀྱི་སྒོ་ནས་འཆད་དོ། །ཟག་ཟིང་ཡོད་མེད་ཀྱང༌། ཟང་ཟིང་གི་ངོ་བོ་དང༌། དེ་དང་བཅས་པའི་དོན་གཉིས་ཀྱིས། མཚན་ཉིད་སོགས་གསུམ་གྱིས་འཆད་དོ། །ཞེན་རྟེན་འབྱུང་རྟེན་གཉིས་ཀྱང་དེ་བཞིན་ནོ། །འདིར་འགྲེལ་པ་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཉོན་མོངས་པའི་གནས་ངན་ལེན་དང་ལྡན་དུ་ཟིན་ཀྱང༌། ཟག་པ་མེད་པ་ཉིད་དུ་རྣམ་པར་གཞག་སྟེ། སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་བལྟས་པས། དེའི་གཉེན་པོ་ལ་བརྟེན་པའི་ཕྱིར་རོ། །ཞེས་གསུངས་པ་དེའི་དོན་ནི། གཞན་དག་དེ་ཟག་མེད་དུ་འཇོག་པའི་ཤེས་བྱེད་ཡིན་གསུང་ཡང༌། ཟག་མེད་ལ་འཕགས་པས་ཁྱབ་པ་ནི། ཆོས་མངོན་པའི་སྤྱི་ལུགས་ཡིན་ལ། དེ་ལྟ་ན་ཡང་ཟག་མེད་རྗེས་མཐུན་པ་དང༌། རྣམ་གྲངས་ཀྱི་ཟག་མེད་དུ་འཇོག་པ་ཡིན་གྱི། གཞན་དུ་ན་ལམ་གྱི་བདེན་པ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་ཇི་ལྟར་ཟག་པ་དང་བཅས་ཤེ་ན། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་སྟེ། སྙོམས་འཇུག་དག་པ་བ་བཞིན་ནོ། །ལྔ་པ་ལ་དངོས་དང༌། ཞར་བྱུང་གཉིས་ལས། དང་པོ་ལ་མཚན་ཉིད་སོགས་གསུམ་གྱིས་གཉིས་པོ་སོ་སོར་འཆད་དོ། །གཉིས་པ་ལ། དྲི་བ་དང༌། ལན་ནོ། །དང་པོ་ནི། ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་སྟེ། ཟག་མེད་ཀྱི་ཕུང་པོ་རྣམ་གཉིས་ལས་གང་ཡིན། དང་པོ་ལྟར་ན་ནི་གོང་དུ་བཤད་པའི་ཕུང་པོ་ལྔ་པོ་གང་རུང་དུ་ཐལ་བར་འགྱུར་ཏེ། འདུས་བྱས་ཀྱི་ཆོས་ཇི་སྙེད་པ་ནི་དེ་ཙམ་དུ་བསྡུས་ནས་བཤད་པའི་ཕྱིར། གཉིས་པ་ལྟར་ན། འདིར་བཤད་པའི་འདུས་བྱས་ཀྱི་མཚན་ཉིད་དེ་དག་མ་ཚང་བར་འགྱུར་རོ་ཞེ་ན། ལན་ལ། དམ་བཅའ་དང༌། དེའི་འཐད་པ་དང༌། མདོ་དང་འགལ་བ་སྤང་བའོ། །དང་པོ་ནི། དེ་རྣམས་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཞེས་བྱའོ། །གཉིས་པ་ནི། ཅིའི་ཕྱིར་ཞེ་ན། ཟག་པ་མེད་པའི་ཕུང་པོའམ། ཉེར་ལེན་མ་ཡིན་པའི་འམ། ཀུན་བརྟགས་སོགས་གསུམ་གྱི་ཟླས་ཕྱེ་བའི་ཆོས་ཉིད་ཀྱི་ཕུང་པོ་ལྔ་ཆོས་ཅན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཉེར་ལེན་གྱི་ཕུང་པོ་ལྔས་བསྡུས་པར་འཆད་པའི་སྐབས་འདིར་འདུས་བྱས་མ་ཡིན་ཏེ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེའི་གོ་དོན་ཡང༌། གོང་དུ། དུ་དང་ཅི་ཕྱིར་ཉེར་ལེན་དང༌། །ཞེས་ཟག་བཅས་ཁོ་ནའི་དབང་དུ་བྱས་ནས་ཕུང་པོ་ལྔ་བཤད་པ་དང༌། ཡང་ཆོས་གསུམ་གྱི་བསྡུ་བ་འཆད་པ་ན། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་མ་གཏོགས་འདུས་བྱས་ཐམས་ཅད་ཕུང་པོས་བསྡུས་པར་བཤད་པ་ལ་འཕྲོས་ནས། ཟག་མེད་ཀྱི་ཕུང་པོ་རྣམས་འདུས་མ་བྱས་སམ། ཕུང་པོས་མ་བསྡུས་པ་གང་རུང་དུ་ཐལ་ལོ་སྙམ་པའི་དོགས་པ་བྱུང་བའོ། །དེ་ལ་ལན་ནི། ཆོས་གསུམ་གྱི་བསྡུ་བ་འཆད་པའི་སྐབས་ཀྱི་འདུས་མ་བྱས་ཀྱི་འཇོག་མཚམས་ནི། ལས་ཉོན་གྱིས་འདུས་མ་བྱས་པ་ཡིན་ལ། དེའི་ཚེ་ཟག་མེད་ཀྱི་ཕུང་པོ་ཆོས་ཁམས་ཀྱི་ནང་དུ་བསྡུས་ནས་བཤད་ཅེས་པའོ། །དེའི་རྒྱུ་མཚན་ཡང་ཆོས་ཉིད་ཀྱི་དབང་དུ་བྱས་པའི་ཆོས་གསུམ་ཀ་ཡིད་ཁམས་ཀྱི་དབང་བསྒྱུར་བྱ་ཡིན་པར་གྱུར་པའི་ཆོས་ཁམས་དེ་མ་ཡིན་ཀྱང༌། ཟག་མེད་ཀྱི་དབང་པོ་གསུམ་གྱི་དབང་བསྒྱུར་བྱར་གྱུར་པའི་ཆོས་ཁམས་དེར་ཁས་ལེན་དགོས་པ་ཡིན་ནོ། །ཡང་དེ་ཆོས་ཅན། འདུས་བྱས་ཙམ་གྱི་མཚན་ཉིད་འཆད་པའི་སྐབས་འདིར། འདུས་མ་བྱས་ཀྱང་མ་ཡིན་ཏེ། ཇི་ལྟར་འདོད་པ་བཞིན་དུ་བྱེད་པས། མྱང་འདས་ལ་མངོན་དུ་ཕྱོགས་པ་དང༌། འཁོར་བ་ལ་རྒྱབ་ཀྱིས་བལྟ་བའི་དངོས་པོ་ཉིད་ཀྱི་ཕྱིར། གསུམ་པ་ནི། འོ་ན་ཟག་མེད་ཀྱི་ཕུང་པོ་དེ་གཉིས་མིན་དུ་བཤད་ན། བཅོམ་ལྡན་འདས་ཀྱིས་མདོ་ལས། འདུས་བྱས་དང༌། འདུས་མ་བྱས་ཞེས་བྱ་བ་འདི་ནི་རྣམ་པ་གཉིས་སོ། །ཞེས་གྲངས་ངེས་པར་བཤད་པ་དང་འགལ་ལོ་ཞེ་ན། འགལ་བ་མ་ཡིན་ཏེ། སྐྱེ་འཇིག་གནས་གསུམ་ཚང་བའི་དོན་གང་གིས་འདུས་བྱས་སུ་གྱུར་པའི་དོན་དེས་ཟག་མེད་ཀྱི་ཕུང་པོ་འདུས་མ་བྱས་མ་ཡིན་ཏེ། འདུས་བྱས་ཡིན་ལ། ལས་ཉོན་གྱིས་འདུས་མ་བྱས་པའི་དོན་གང་གིས། འདུས་མ་བྱས་སུ་གྱུར་པའི་དོན་དེ་ཉིད་ཀྱིས་ཟག་མེད་ཀྱི་ཕུང་པོ་འདུས་བྱས་མ་ཡིན་པ་སྟེ། འདུས་མ་བྱས་སུ་བཞག་པའི་ཕྱིར་རོ། །ཚུལ་འདི་ནི་འདི་ལྟར་ལྟའོ་ཞེས་པ་ལས་ཉོན་གྱིས་འདུས་མ་བྱས་པ་དང༌། རྒྱུ་རྐྱེན་གྱིས་འདུས་བྱས་པ་མི་འགལ་ལོ་ཞེས་པའོ། །བསྟན་བཅོས་འདིར། གཞུང་ཤིང་ལ་ཆོས་གསུམ་ཀ་ཟག་བཅས་ཀྱི་དབང་དུ་བྱས་ནས་བཤད་ཅིང་རྣམ་པའི་རབ་དབྱེ་འཆད་པའི་སྐབས་སུ་ཟག་མེད་ཀྱི་ཆོས་གསུམ་ཆོས་ཁམས་ཀྱི་ནང་དུ་བསྡུས་པའི་ཚུལ་ཞིག་དོགས་གཅོད་ཀྱི་ཚུལ་དུ་བཤད་པ་ཡིན་གྱི། ཆོས་གསུམ་གྱི་མཚན་ཉིད་དང༌། རྣམ་གཞག་དང་གྲངས་ངེས་འཆད་པའི་སྐབས་སུ། ཟག་མེད་ཀྱི་ཕུང་པོ་དེར་བསྡུས་པ་མེད་དོ། །དྲུག་པ་ལ་གཉིས་ལས། འཇིག་རྟེན་པའི་མཚན་ཉིད་ལ། མ་དག་པའི་དང༌། དག་པ་འཇིག་རྟེན་པ་གང་རུང་གི་སྒོ་ནས་དེར་བཞག་པའོ། །འཇིག་རྟེན་ལས་འདས་པ་ལ་མཚན་ཉིད་ནི། མཉམ་གཞག་རྣམ་པར་མི་རྟོག་པ་དང༌། དེའི་རྗེས་ལས་ཐོབ་པ་གང་རུང་གི་སྒོ་ནས་བཞག་གོ །འདི་དག་ཏུ། ཟག་མེད་དང་འདས་ལམ་གྱི་མཚན་གཞིར། ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོ་བཤད་ནས། ཟག་པ་མེད་པའི་ཁམས་དང་སྐྱེ་མཆེད་མི་འཆད་པ་ནི་ཟག་མེད་ཀྱི་གཟུགས་ཀྱི་ཕུང་པོ་རྣམས་ཁམས་དང་སྐྱེ་མཆེད་ཀྱི་ཚེ། ཆོས་ཀྱི་ཁམས་སམ་སྐྱེ་མཆེད་དུ་འདུས་པའི་དོན་ཡིན་ལ། ཟག་མེད་ཀྱི་ཚོར་འདུ་གཉིས་ནི་དེར་མ་འདུས་པའི་དོགས་པ་མེད་དོ། །ཟག་པ་མེད་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཇི་ལྟར་ཡོད་ཅེ་ན། རྒྱུད་བླ་མའི་བསྟན་བཅོས་ལས། འབྱུང་མེད་གཟུགས་དོན་བལྟ་དང༌། །ཞེས་སོགས་གསུངས་པ་ལྟར། ཟག་པ་མེད་པའི་དབང་པོ་དྲུག་ལ་བརྟེན་པའི་ཤེས་པ་ལ་རྣམ་པར་ཤེས་པའི་མིང་གིས་བཏགས་པའོ། །འོ་ན་དེའི་ཡུལ་དྲུག་པོ་ཆོས་ཁམས་སུ་འདུས་ན་དེའི་ཡུལ་ཅན་དྲུག་ཀ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་འཇོག་དགོས་ལ། དེ་ལྟ་ན་ཟག་བཅས་ཀྱི་རྣམ་པར་ཤེས་པའི་ཚོགས་དྲུག་ཀ་ཡིད་ཀྱི་རྣམ་ཤེས་སུ་ཐལ་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མི་ཐལ་བའི་ཤེས་བྱེད་ཀྱང༌། ཟག་མེད་ཀྱི་གཟུགས་ཕུང་ཆོས་ཀྱི་ཁམས་སུ་འཇོག་པ་ལ་ཐུག་ལ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཟག་མེད་སོགས་ཀྱི་མཚན་གཞི་ནི་ཕུང་པོ་རྣམས་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཞེས་གསུངས་སོ། །ལྔ་པ་བླང་དོར་གྱི་སྒོ་ནས་དབྱེ་བ་ལ་བཞི་སྟེ། བྱུང་མ་བྱུང་དང༌། འཛིན་གཟུང་དང༌། ཕྱིར་བལྟས་ནང་བལྟས་དང༌། ཉོན་མོངས་པ་ཅན་ཡིན་མིན་ནོ། །དང་པོ་ལ་གཉིས་ལས། བྱུང་བ་ལ། རྣམ་གཞག་དངོས་དང༌། དེའི་དབྱེ་བའོ། །དེ་ལ་བཅུ་སྟེ། ལུས་ཀྱི་དབང་དུ་བྱས་པ། དབང་པོའི་དབང་དུ་བྱས་པ་གསུམ་དང༌། འགྲོ་བའི་དབང་དུ་བྱས་པ་བཞི་དང༌། ཡུལ་གྱི་དབང་དུ་བྱས་པ་གཅིག་དང༌། རྒྱུའི་སྒོ་ནས་གཉིས་དང༌། ཡིད་ཀྱི་ཡུལ་གྱི་དབང་དུ་བྱས་པ་གསུམ་དང༌། ཚེ་རབས་དང་སྐད་ཅིག་གི་སྒོ་ནས། དུས་ཀྱི་དབང་དུ་བྱས་པ་གཉིས་དང༌། གནོད་བྱ་གནོད་བྱེད་དང༌། དུས་སྐབས་མི་མཐུན་པ་ལ་བརྟེན་པ་གཉིས་ཀྱི་གནས་སྐབས་ཀྱི་དབང་དུ་བྱས་པ་དང༌། སེམས་ཅན་ལ་བརྟེན་པ་དང་སྣོད་ལ་བརྟེན་པ་གཉིས་ཀྱིས་རྫས་ཀྱི་དབང་དུ་བྱས་པ་གཉིས་དང༌། སྔོན་དུས་དང༌། འཆི་སྲིད་དང༌། སྐྱེ་སྲིད་དང༌། བར་སྲིད་དང་བཞིས་སྲིད་པ་བཞིའི་དབང་དུ་བྱས་པའོ། །དང་པོ་ལ། དངོས་པོ་གྲུབ་པའི་དབང་དུ་བྱས་པ། དེ་ཉིད་རྒྱུན་ལྡན་དུ་བྱུང་བའི་དབང་དུ་བྱས་པ། དེའི་ཁྱད་པར་རྒྱས་པའི་དབང་དུ་བྱས་པའོ། །འགྲོ་བའི་དབང་དུ་བྱས་པ་བཞི་ནི། ངན་སོང་དང༌། མཐོ་རིས་སྤྱི་དང༌། དེའི་ཁྱད་པར་དང༌། དེ་ལས་གཞན་པ་དང་བཞིའོ། །གཉིས་པ་ལ་གཉིས་ལས། འཛིན་པ་ལ་རྣམ་གཞག་དངོས་དང༌། འཛིན་པའི་དབྱེ་བའོ། །དེ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། འཛིན་པ་མཚན་ཉིད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། དབང་པོས་ཇི་ལྟར་འཛིན་པ་དང༌། རྣམ་ཤེས་ཀྱིས་ཇི་ལྟར་འཛིན་པའོ། །དང་པོ་ལ། མིག་རྣ་ཡིད་གསུམ་གྱིས་དང༌། རྣ་ལྕེ་ལུས་གསུམ་གྱིས་ཇི་ལྟར་འཛིན་པའོ། །གཉིས་པ་ལའང༌། སྒོ་ལྔའི་རྣམ་ཤེས་ཀྱིས་དང༌། ཡིད་ཀྱིས་ཇི་ལྟར་འཛིན་པའོ། །གཉིས་པ་ནི། ཚོགས་ནི་ཞེས་སོགས་ཏེ། མཐར་ཐུག་གཟུང་འཛིན་གཉིས་ཁས་མི་ལེན་པའི་དོན་ཏེ། གཉིས་མེད་ཀྱི་ཡེ་ཤེས་བདེན་པར་ཁས་ལེན་པའི་ཕྱིར། གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ནི་ཀུན་བརྟགས་ཀྱི་ཆ་རྣམས་ཏེ། ཤེས་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ལས། ཕྱིར་བལྟས་ལ་སྔར་ལྟར་གསུམ་ལས། མཚན་ཉིད་ལ་གཉིས་ཏེ། དམིགས་བསལ་དང༌། རང་གི་ངོ་བོའོ། །འདིར་ཕྱི་བལྟས་ཀྱི་འཇོག་བྱེད་ནི་མཉམ་པར་མ་བཞག་པའི་སས་བསྡུས་ཤིང༌། ཐར་པ་ལ་བློ་ཁ་མ་ཕྱོགས་པ་རྣམས་སོ། །བཞི་པ་ཉོན་མོངས་ཅན་ཡིན་མིན་ལ་གཉིས་ཏེ། ཡིན་པ་དང༌། མ་ཡིན་པའོ། །དང་པོ་ལ་གསུམ་ལས། མཚན་ཉིད་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །གཉིས་པ་ལ། གཙོ་བོ་རྣམ་ཤེས་ཀྱི་སྒོ་ནས་དང༌། རང་གི་ངོ་བོའི་སྒོ་ནས་དང༌། ཁམས་དང་སའི་སྒོ་ནས་ལུང་མ་བསྟན་དུ་བཞག་པའོ། །དྲུག་པ་ཆོས་ཀྱི་ངོ་བོ་ཐ་དད་པའི་སྒོ་ནས་དབྱེ་བ་ལ་དྲུག་སྟེ། གཏམ་གྱི་གཞི་གསུམ་གྱི་སྒོ་ནས་དབྱེ་བ་དང༌། གཉེན་པོ་སྒོམ་པ་དང་ཤེས་ནས་སྤང་བར་བྱ་བའི་སྒོ་ནས་དབྱེ་བ་དང༌། ངེས་པར་འབྱུང་བ་ཡིན་མིན་གྱི་སྒོ་ནས་དབྱེ་བ་དང༌། རྣམ་པར་དག་པ་ཐ་དད་པའི་སྒོ་ནས་དབྱེ་བ་དང༌། ཆོས་རྣམས་ཀྱི་གནས་ལུགས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གསུམ་ལས། འདས་པའི་མཚན་ཉིད་ལ། དངོས་དང༌། དེའི་ཆོས་སོ། །དང་པོ་ལ་གཉིས་ཏེ། རང་གི་ངོ་བོ་ཞིག་པ་དང༌། བྱེད་པ་ཞིག་པའོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དེའི་ཆོས་ལ་གཉིས་ཏེ། རང་གི་ངོ་བོ་ཞིག་པ་ལ་བརྟེན་པའི་ཆོས་དང༌། བྱེད་པ་ཞིག་པ་ལ་བརྟེན་པའི་ཆོས་སོ། །གཉིས་པ་མ་འོངས་པའི་མཚན་ཉིད་ལ། དངོས་དང༌། དེ་ལ་བརྟེན་པའི་ཆོས་སོ། །དང་པོ་ལ་གཉིས་ཏེ། རྒྱུ་ཡོད་ལ་ངོ་བོ་མ་སྐྱེས་པ་དང༌། དོན་བྱེད་ནུས་པར་མ་བྱུང་བ་གཉིས་ཀྱི་སྒོ་ནས་བསྟན་པ་དང༌། དེ་གཉིས་སོ་སོར་བཤད་པའོ། །གཉིས་པ་ཆོས་ལ། རྒྱུ་ཡོད་ལ་ངོ་བོ་མ་སྐྱེས་པ་ལ་བརྟེན་པའི་ཆོས་དང༌། དོན་བྱེད་ནུས་པར་མ་བྱུང་བ་ལ་བརྟེན་པའི་ཆོས་གཉིས་སོ། །གསུམ་པ་ད་ལྟར་བྱུང་བའི་མཚན་ཉིད་ལ་གཉིས་ཏེ། དངོས་དང་དེ་ལ་བརྟེན་པའི་ཆོས་སོ། །དང་པོ་ལ། བསྟན་བཤད་གཉིས་ཀྱིས་ངོ་བོ་སྐྱེས་ལ་མ་འགགས་པ་ཡིན་པ་དང༌། བླང་དོར་གྱི་དོན་བྱེད་ནུས་པར་གནས་པའོ། །གཉིས་པ་ཆོས་ལ་གཉིས་ཏེ། ངོ་བོ་སྐྱེས་ལ་མ་འགགས་པ་ལ་བརྟེན་པའི་ཆོས་དང༌། བླང་དོར་གྱི་དོན་བྱེད་པ་ལ་བརྟེན་པའི་ཆོས་སོ། །ཞར་བྱུང་ལ་གཉིས་ཏེ། དམ་བཅའ་དང༌། འཐད་པའོ། །དང་པོ་ལ་དུས་གསུམ་གཏམ་གྱི་གཞི་ཡིན་པའི་དང༌། མྱང་འདས་དེ་མ་ཡིན་པའི་དམ་བཅའོ། །གཉིས་པ་ལ་དེ་དེ་མ་ཡིན་པའི་ཤེས་བྱེད་དང༌། དེས་ཅིག་ཤོས་ཤུགས་ལ་གོ་ནུས་པའོ། །འདིར་སོ་སོར་རང་གིས་རིག་ཅེས་པས་མྱང་འདས་ཀྱི་ངོ་བོ་ཤེས་པར་བསྟན། བརྗོད་དུ་མེད་པ་ཞེས་པས་ནི་གཟུང་འཛིན་དང་བྲལ་བར་བསྟན། ཐ་སྙད་ཀྱི་གནས་མ་ཡིན་པས་ནི་སྒྲ་རྟོག་གི་ཡུལ་ལས་འདས་པར་བསྟན་ནོ། །འོ་ན་ཅི་དེ་མ་ཡིན་ན་བདེན་པར་གྲུབ་པ་གང་ཞེ་ན། མཉམ་གཞག་ཏུ་སྤྲོས་པ་མེད་ཀྱང་རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཚུལ་ལོ། །གཉིས་པ་སྤང་གཉེན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། རང་རྒྱུད་པ་དང༌། ཚུལ་བསྟན་པའོ། །དང་པོ་ལ་དགེ་སོགས་གསུམ་ལས། དེ་ལའང་གཉིས་ཏེ། དགེ་བར་འཇོག་བྱེད་དངོས་དང༌། མཚན་ཉིད་སོ་སོའི་བཤད་པའོ། །དེ་ལ་གཉིས་ཏེ། གནས་སྐབས་ཅན་བཤད་པ་དང༌། དེའི་གནས་སྐབས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ལ། འདུས་བྱས་ཀྱི་དགེ་བ་དང༌། འདུས་མ་བྱས་ཀྱི་དགེ་བའོ། །དང་པོ་ལ། ངོ་བོ་ཉིད། འབྲེལ། སློང་བ་བཞིའོ། །གནས་སྐབས་ཀྱི་དབྱེ་བ་ལ་གསུམ་སྟེ། འདུས་བྱས་ཀྱི་དགེ་བའི་དང༌། འདུས་མ་བྱས་ཀྱི་དགེ་བའི་དང༌། དེ་ལ་བརྟེན་ནས་ཐོབ་པའི་འདུས་བྱས་ཀྱི་དགེ་བའི་འོ། །དང་པོ་ལ་དབྱེ་བ་དང༌། བྱེད་པའོ། །དང་པོ་ལ་རྟེན་ཁྱད་པར་ཅན་རྙེད་པ་དང༌། དེས་དགེ་བ་ལ་ངང་གིས་སྦྱོར་བ་གཉིས་ཀྱི་སྒོ་ནས་སྐྱེ་བས་ཐོབ་པའི་དགེ་བ་དང༌། སྦྱོར་བའི་དབྱེ་བ་དང༌། དོན་བསྡུ་བ་གཉིས་ཀྱིས་སྦྱོར་བ་ལས་བྱུང་བའི་དགེ་བ་བཤད་པའོ། །བྱེད་པའི་ཁྱད་པར་ལ་བཞི་སྟེ། མདུན་དུ་བྱ་བས་དང༌། ཕན་འདོགས་པས་དང༌། ཡོངས་སུ་འཛིན་པས་དང༌། གཉེན་པོས་དགེ་བའོ། །འདུས་མ་བྱས་ཀྱི་དགེ་བ་ལ་གཉིས་ཏེ། ཐུན་མོང་གི་འགོག་པ་དང༌། ཐུན་མོང་མ་ཡིན་པའི་འགོག་པའོ། །དང་པོ་ལ། ཉོན་མོངས་འགོག་པ་དང༌། དེའི་རྒྱུ་ཚོར་བ་འགོག་པ་དང༌། རྟེན་ཕུང་པོ་འགོག་པའོ། །མི་དགེ་བ་ལ་གཉིས་ཏེ། འཇོག་བྱེད་དངོས་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། གནས་སྐབས་ཅན་དང༌། དེའི་གནས་སྐབས་སོ། །དང་པོ་ལ་གཉིས་ཏེ། མི་དགེ་བ་མཚན་ཉིད་པ་དང༌། བཏགས་པ་བའོ། །གནས་སྐབས་ལ་གཉིས་ཏེ། མཚན་ཉིད་པ་དང༌། བཏགས་པ་བའོ། །དང་པོ་ལ། དབྱེ་བ་དང༌། བྱེད་པའོ། །དང་པོ་ལ། སྐྱེས་ཐོབ་དང༌། སྦྱོར་བྱུང་གཉིས་སོ། །བྱེད་པ་ལ་མདུན་དུ་བྱ་བ་སོགས་གསུམ་མོ། །འདིར་དོན་དམ་པའི་དགེ་བས་ནི་དེའི་གོ་ཆོད་པ་ཡིན་ཏེ། དོན་དམ་པ་ཞེས་པ་ནི། རང་ལུགས་མཐར་ཐུག་པ་ཡིན་ཅིང༌། དེར་དགེ་བ་ཁས་ལེན་པའི་ཕྱིར་ཏེ། ཡོངས་གྲུབ་ནི་དགེ་བ་ཐམས་ཅད་ཀྱི་མཆོག་ཏུ་ཐེག་བསྡུས་ལས་བཤད་པའི་ཕྱིར། དོན་དམ་པར་མི་དགེ་བས་ནི་དེའི་གོ་མི་ཆོད་དེ། གང་མི་དགེ་བ་ཡིན་ན་ཀུན་རྫོབ་ཀྱི་བདེན་པ་དང༌། གཟུང་འཛིན་གང་རུང་ལས་མ་འདས་པས། དོན་དམ་ལ་སྤྱོད་པའི་སྐབས་སུ་དེ་ཁས་མི་ལེན་པའི་ཕྱིར། མི་དགེ་བ་ལ་ཀུན་བརྟགས་ཀྱི་སོགས་གསུམ་དུ་ཕྱེ་བ་དེའི་ཚེ་ན་ཆོས་ཉིད་ཀྱི་མི་དགེ་བ་ནི་དེའི་ཆོས་ཉིད་ལ་བྱ་དགོས་པ་ཡིན་ལ། དེ་ཡང་དོན་དམ་པའི་དགེ་བ་ལས་མ་འདས་སོ། །དེ་ལྟར་ན་འདིར་དགེ་བའི་དབྱེ་བ་འཆད་པ་ན། རྣམ་བརྟགས་དང༌། ཆོས་ཉིད་ཀྱི་ཆ་གཉིས་ཀ་བཤད་ལ། གཉིས་པོ་ལ་དེ་ལྟར་ན། བཤད་པ་ནི། ཆོས་ཉིད་ཡིན་ན་མི་དགེ་བ་དང༌། ལུང་དུ་མ་བསྟན་པར་འགལ་བ་འཇུག་གོ །དེ་བས་ན་དགེ་བ་འཇོག་པ་ལ་འཕགས་པའི་གཟིགས་པ་དབང་བཙན་ཞིང༌། མི་དགེ་བ་འཇོག་པ་ལ་བྱིས་པའི་མཐོང་བ་དབང་བཙན་པ་ཡིན་ཏེ། བདེན་པ་གཉིས་སོ་སོར་འཇོག་པ་ལ་དེ་དང་དེ་དབང་བཙན་པའི་ཕྱིར་རོ། །ཆོས་ཉིད་མེད་དགག་གི་ཆ་ནི་འདིར་དོན་དམ་པའི་དགེ་བར་མི་གཞག་སྟེ། ཡོངས་གྲུབ་ཏུ་ཁས་མི་ལེན་པའི་ཕྱིར་རོ། །དགེ་བ་ཡིན་པ་ལ་སོགས་རྒྱུའི་དགེ་བས་མ་ཁྱབ་སྟེ། རྣམ་མཁྱེན་བཞིན་ནོ། །གསུམ་པ་ལུང་མ་བསྟན་ལ་གཉིས་ཏེ། འཇོག་བྱེད་དངོས་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་གཉིས་ཏེ། གནས་སྐབས་ཅན་དང༌། གནས་སྐབས་ཀྱི་ཆོས་སོ། །དང་པོ་ལ་གཉིས་ཏེ། འདུས་བྱས་ཀྱི་དང༌། འདུས་མ་བྱས་ཀྱིའོ། །དང་པོ་ནི་བཞིའོ། །གཉིས་པ་ནི་གཅིག་གོ །གཉིས་པ་གནས་སྐབས་ཀྱི་ཆོས་ལ་གཉིས་ཏེ། སྦྱོར་བའི་སྒོ་ནས་དབྱེ་བ་དང༌། བྱ་བའི་སྒོ་ནས་དབྱེ་བ་དང༌། དང་པོ་ལ་སྐྱེས་ཐོབ་དང༌། སྦྱོར་བྱུང་ངོ༌། །གཉིས་པ་ལ། མདུན་དུ་བྱ་བ་དང༌། ཕན་འདོགས་པ་དང༌། ཉེ་བར་སྤྱད་པ་དང༌། ཡོངས་སུ་འཛིན་པ་དང༌། གཉེན་པོ་དང༌། ཉེ་བར་ཞི་བ་དང༌། རྒྱུ་མཐུན་པ་རྣམས་སོ། །གཉིས་པ་ཚུལ་བསྟན་པ་ཙམ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་མཚན་གཞི་དང༌། དེ་སྒྲུབ་པའོ། །དེ་དག་གིས་ནི་དབང་ཐོབ་པའི་བྱང་སེམས་དང༌། རྫོགས་པའི་སངས་རྒྱས་ཀྱིས་གཞན་ངོར་ཆོས་གསུམ་གྱི་སྣང་བ་གང་བསྟན་པ་དེ་ཐམས་ཅད་སེམས་ཅན་གཞན་སྣང་གིས་བསྡུས་པར་བསྟན་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། དགེ་སོགས་གསུམ་པོ་རེ་རེ་ཡང༌། ཀུན་བརྟགས་དང༌། རྣམ་བརྟགས་དང༌། ཆོས་ཉིད་གསུམ་ལས་མ་འདས་ལ། སངས་རྒྱས་སོགས་རང་རྒྱུད་ཀྱིས་བསྡུས་པའི་ཡང་དག་མིན་རྟོག་མེད་པས་རྣམ་བརྟགས་ཀྱི་ཆོས་གསུམ་མེད་ལ། དེའི་ཕྱིར་ཀུན་བརྟགས་ཀྱི་དེ་གསུམ་མི་འབྱུང་ཞིང༌། ཆོས་ཉིད་ཀྱི་དེ་གསུམ་ནི་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར། ཆོས་འགལ་བ་གསུམ་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །གསུམ་པ་ངེས་འབྱུང་ཡིན་མིན་གྱི་སྒོ་ནས་དབྱེ་བ་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གསུམ་སྟེ། འདོད་ལྡན་དང༌། གཟུགས་ལྡན་དང༌། གཟུགས་མེད་དང་ལྡན་པའོ། །ཞར་བྱུང་ལ་གཉིས་ཏེ། གསུམ་པོའི་མཚན་ཉིད་རྟོགས་པའི་ཆེད་དུ་ཆགས་བྲལ་ལྔར་དབྱེ་བ་དང༌། བཅུར་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སྤང་བྱ་འཇིག་ཚོགས་ཀྱི་སྒོ་ནས་ཕྱེ་བ་དང༌། གཉེན་པོ་ལམ་གྱི་སྒོ་ནས་ཕྱེ་བའོ། །དང་པོ་ལ་གཉིས་ཏེ། སློབ་པས་སྤངས་པ་དང༌། མི་སློབ་པས་སྤངས་པའོ། །གཉིས་པ་ལ་གསུམ་སྟེ། མཐོང་བའི་ལམ་དང༌། འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱི་སྒོ་ནས་ཕྱེ་བའོ། །བཅུར་དབྱེ་བ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། མཚན་ཉིད་རྒྱས་པར་བཤད་པའོ། །དེ་ལའང་གཉིས་ཏེ། མི་འཕྲོད་པའི་དོན་ཙམ་ལས་ཆགས་བྲལ་གྱི་དབྱེ་བར་གཞག་པ་དང༌། གཉེན་པོའི་སྒོ་ནས་དེར་གཞག་པའོ། །རང་བཞིན་གྱིས་མི་མཁོ་བའི་སྒོ་ནས་ཆགས་བྲལ་དུ་གཞག་པ་གཅིག་དང༌། རང་གི་འདོད་པ་ཚིམ་པའི་སྒོ་ནས་གཞག་པ་གསུམ་དང༌། ཕན་ཡོན་དང་ཉེས་དམིགས་ལ་རྨོངས་པའི་སྒོ་ནས་ཆགས་བྲལ་དུ་གཞག་པ་གཅིག་གོ །གཉིས་པ་གཉེན་པོའི་སྒོ་ནས་ཕྱེ་བ་ལ། དངོས། རྗེས། སྦྱོར་བ་གསུམ་གྱི་སྒོ་ནས་ངོ་བོའི་དབྱེ་བ་དང༌། གོང་མ་ཡོད་མེད་ཀྱི་སྒོ་ནས་ཁྱད་པར་གྱི་དབྱེ་བའོ། །བཞི་པ་རྣམ་དག་ཐ་དད་ཀྱི་དབྱེ་བ་ལ་གསུམ་སྟེ། སློབ་མི་སློབ་གཉིས་ཀ་མ་ཡིན་པ་གསུམ་མོ། །དེ་རེ་རེའང་མཚན་ཉིད་དང༌། མཚན་གཞི་དང༌། དགོས་པ་གསུམ་གསུམ་གྱིས་སྟོན་ནོ། །ཚོགས་སྦྱོར་གཉིས་ལའང་སློབ་པའི་མཚན་ཉིད་ཚང་བས་དེར་ཐལ་ལོ་སྙམ་ན། ཐར་པ་ནི་མྱང་ངན་ལས་འདས་པ་ཡིན་ལ། དེ་ཡང་འགོག་པའི་བདེན་པ་ཡིན་ཞིང༌། དེ་ལ་བརྩོན་པ་མཚན་ཉིད་པ་ནི་ལམ་གྱི་བདེན་པ་ལས་མ་འདས་པའི་ཕྱིར་སྐྱོན་མེད་དོ། །ལྔ་པ་སྤང་བྱ་ཡིན་མིན་གྱི་དབྱེ་བ་ལ་གསུམ་སྟེ། མཐོང་སྤང་དང༌། སྒོམ་སྤང་དང༌། སྤང་བྱ་མ་ཡིན་པའོ། །དེ་རེ་རེ་ལའང་མཚན་ཉིད་སོགས་གསུམ་ལས། དང་པོའི་མཚན་ཉིད་ལ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་དང༌། ཚེའིའོ། །དང་པོ་ལ། གཙོ་བོ་དང་དེའི་རྗེས་སུ་འབྲང་བ་གཉིས་སོ། །གཉིས་པ་སྒོམ་སྤང་ལ་ཡང་དེ་བཞིན་དུ་བཤད་པར་བྱའོ། །འགྲེལ་པ་ལས། འདིར་ཟག་པ་དང་བཅས་པ་སྨོས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་བསྡུས་པར་རིག་པར་བྱ་སྟེ། ཞེས་གསུངས། འདི་ལ་ཁ་ཅིག་ན་རེ། འདིས་ངེས་འབྱེད་ཆ་མཐུན་སྒོམ་སྤངས་སུ་བསྟན་པ་ཡིན་ནོ་ཞེས་གསུང་ཡང༌། རིགས་པ་མ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་དེ་ཡི་རྒྱུ་ཡིན་ན། །ཇི་ལྟར་དེ་ཡི་གེགས་ཞེས་བྱ། །དུས་སུ་ཕྱིན་པའི་སློང་མོ་པས། །སྦྱིན་པའི་གེགས་བྱས་ཡོད་མ་ཡིན། །ཞེས་གསུངས་སོ། །དེས་ན་གཞུང་གི་དོན་ནི། མཐོང་སྤང་མ་ཡིན་པའི་ཟག་བཅས་ཐམས་ཅད་སྒོམ་སྤངས་སུ་སྟོན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཉོན་མོངས་པ་ཅན་གྱི་ལྟ་བ་ལྷན་སྐྱེས་རྣམས་དང༌། ལྟ་བ་དེའི་གནས་དང༌། ཡུལ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་གང་ཡིན་པ་དང༌། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དང༌། བདེ་འགྲོའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྒོམ་སྤངས་སུ་སྟོན་པའོ། །དེ་ཡང་བསྡུ་བར། ངན་འགྲོ་མྱོང་འགྱུར་གྱི་ལས་རྣམས་མཐོང་སྤངས་དང༌། བདེ་འགྲོ་མྱོང་འགྱུར་གྱི་ལས་རྣམས་སྒོམ་སྤངས་སུ་བཤད་པ་དང་ཡང་མཐུན་ནོ། །དེ་ལས་གཞན་དུ་ཟག་བཅས་གང་ཡིན་ལ་སྤང་བྱ་གཉིས་པོ་གང་རུང་གིས་ཁྱབ་པ་ནི་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཟག་བཅས་བཞིན་ནོ། །དེ་འདྲ་མེད་ན་འཕགས་པ་རྣམས་ལ་འཇིག་རྟེན་པའི་དགེ་བ་དག་པ་བ་མེད་པར་འགྱུར་ལ། དེ་མེད་ན་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་ལས་སོགས་པ་མེད་པར་འགྱུར་རོ། །འགྲེལ་པའི་དོན་ནི་ངེས་འབྱེད་ཆ་མཐུན་སྤྱིར་ཟག་བཅས་ཡིན་ཀྱང་སྒོམ་སྤངས་སུ་མི་འཆད་ཅེས་པའི་དོན་ཡིན་ཏེ། འགྲེལ་ཚིག་དེ་ཉིད་ལ་ལེགས་པར་བལྟས་པས་དོན་དེ་གོ་བའི་ཕྱིར། འོ་ན་སྤང་བྱ་མ་ཡིན་པའི་མཚན་གཞི་འཆད་པ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ། ཞེས་འབྱུང་བ་ཅི་ཞེ་ན། དེས་ཀྱང་ངེས་ཆ་ཟག་བཅས་སུ་བསྟན་པ་ཡིན་ཏེ། གཞུང་དེ་ཟག་མེད་ཀྱི་མཚན་གཞི་ངོས་འཛིན་པའི་སྐབས་ཡིན་པའི་ཕྱིར། དེས་ན་ངེས་ཆ་མ་གཏོགས་ཞེས་པ་གཞུང་གོང་འོག་གཉིས་ཀ་དང་སྦྱར་ནས་འཆད་དགོས་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། ངེས་འབྱེད་ཆ་མཐུན་རྣམ་གྲངས་པའི་ཟག་མེད་དུ་བཤད་པ་དང༌། དོན་ལ་ཟག་བཅས་སུ་གནས་པའི་བཤད་པ་གཉིས་ཡོད་པའི་རྒྱུ་མཚན་གྱིས་སོ། །འདིར་ཟག་མེད་ཀྱི་མཚན་གཞི་འཛིན་པའི་གཞུང་དུ་ཁམས་བཅུ་དང་ཞེས་འདོན་པ་ནི་མ་དག་པ་ཡིན་ཏེ། སྔར་ཟག་མེད་ཀྱི་མཚན་གཞི་འཛིན་པའི་གཞུང་ན། ཁམས་གསུམ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་དང༌། རྣམ་པར་ཤེས་པའི་ཚོགས་ལྔ་ནི་རང་བཞིན་གྱིས་ཕྱིར་བལྟས་ཡིན་པས་ཆ་ལམ་དུ་འགྱུར་བ་མི་སྲིད་པའི་ཕྱིར་ཟག་མེད་མེད་དོ། །འགྲེལ་པར། གཟུགས་སྒྲ་གཉིས་ལ་ཟག་མེད་ཡོད་པའི་ཤེས་བྱེད་མི་སློབ་པའི་ལུས་ངག་གི་ལས་སོ། །ཞེས་གསུངས་པ་ཡང་བརྟག་དགོས་པ་ཡིན་ཏེ། གཟུགས་སྒྲའི་ཁམས་སུ་གྱུར་པའི་ལུས་ངག་གི་ལས་ནི། དེའི་རྣམ་པར་རིག་བྱེད་ལས་གཞན་མི་སྲིད་ལ། དེ་དགེ་བར་གཞག་པ་ལ་ནི། ཇི་སྐད་དུ་དབྱིག་གཉེན་ཞབས་ཀྱིས། གཟུགས་དགེ་མི་དགེར་སྨྲ་བ་ནི་ཤཱཀྱའི་སྲས་ཀྱི་མ་ཡིན། །ཞེས་བཀག་པའི་ཕྱིར། དེ་བས་ན་དགེ་སོགས་གསུམ་གྱི་མཚན་གཞི་འཆད་པ་ན། ཁམས་བཅུ་ཞེས་བཤད་པ་ནི། ཀུན་བརྟགས་ལ་དགོངས་པ་ཡིན་ལ། འདིར་ནི་ཀུན་བརྟགས་ཀྱི་ཟག་མེད་མི་འཆད་པས་མི་མཚུངས་སོ། །ཡང་འདིར་མཐོང་སྤངས་དང་སྒོམ་སྤངས་གཉིས་ཀའི་མཚན་གཞི་འཆད་པ་ན། ཤེས་སྒྲིབ་མ་བཤད་པའི་དགོངས་པ་བརྟག་དགོས་ཤིང༌། ཁ་ཅིག་མཐོང་སྤང་ལས་ལྡོག་པ་ཞེས་པས་སྒོམ་སྤང་ཤེས་སྒྲིབ་བཤད་པ་ཡིན་ཅིང༌། མཐོང་སྤང་ལ་དེ་མི་སྲིད་དོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་མངོན་པར་རྟོགས་པའི་རྒྱན་དང་འགལ་ལ། དེ་དང་འགལ་བ་ནི་འཕགས་པ་ཐོགས་མེད་ལ་མི་རུང་བས་སོ། །དྲུག་པ་གནས་ལུགས་ཀྱི་དབྱེ་བ་ལ་གཉིས་ཏེ། རྟེན་འབྲེལ་ལས་བརྩམས་པའི་དྲི་བ་དང༌། ལན་ནོ། །དང་པོ་ནི། ཇི་ལྟར་ན་འཇོག་བྱེད་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན། འཇོག་བྱེད་དེ་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་དུ་ཞིག་དགོས་པ་ཅིའི་ཕྱིར་མཚན་ཉིད་དེས། མཚན་གཞི་དེ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐ་སྙད་བྱ་རུང་དུ་བལྟ་ཞེ་ན། ལན་ལ། རྟེན་འབྲེལ་གྱི་ཆོས་གསུམ་མདོར་བསྟན་པ་དང༌། མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། མཚན་གཞི་དང༌། མཚོན་པའི་དགོས་པའོ། །དང་པོ་ནི། རྟེན་འབྲེལ་སྤྱིའི་མཚན་ཉིད་དང༌། ཡན་ལག་སོ་སོར་རྣམ་པར་དབྱེ་བ་དང༌། ཡན་ལག་མདོར་བསྡུ་བ་དང༌། ཡན་ལག་སྔ་མ་རྣམས་ཕྱི་མའི་རྐྱེན་ཉིད་དུ་རྣམ་པར་གཞག་པ་དང༌། ཡན་ལག་གི་བྱེད་ལས་རྣམ་པར་གཞག་པ་དང༌། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྤྱིའི་སྒྲ་དོན་དང༌། ཟབ་པ་རྟོགས་དཀའ་བའི་ཚུལ་དང༌། སྤྱིར་རྟེན་གྱི་རབ་ཏུ་དབྱེ་བ་དང༌། ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པར་ཡིད་ལ་བྱེད་པའི་སྒོ་ནས་ཀྱང་ཆོས་ཅན། རྟེན་འབྲེལ་དུ་བལྟ་བར་བྱ་སྟེ། རྟེན་འབྲེལ་སྤྱི་དང་ཀུན་བྱང་གི་རྟེན་འབྲེལ་སོ་སོའི་དོན་ལྡོག་རྟོགས་པར་བྱ་དགོས་པའི་ཕྱིར། མཚན་གཞི་ནི། ཆོས་ཀྱི་ཕྱོགས་གཅིག་འདུས་མ་བྱས་མ་གཏོགས་པའོ། །གསུམ་པ་ནི། མཚན་ཉིད་དེས་འདུས་བྱས་རྣམས་རྟེན་འབྲེལ་ཙམ་དུ་མཚོན་པ་ཆོས་ཅན། དགོས་པ་ཡོད་དེ། བདག་དང་སོགས་སོ། །མདོར་ན་གཡོ་བ་མེད་པ་སོགས། རྐྱེན་གསུམ་ལས་སྐྱེས་པ་དེ་འདིར་རྟེན་འབྲེལ་གྱི་མཚན་ཉིད། འདིར་འདུས་མ་བྱས་མཐའ་དག་དང༌། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་རྟེན་འབྲེལ་དུ་མ་གཞག་སྟེ། མཚན་ཉིད་དེ་མ་ཚང་བའི་ཕྱིར། དེ་ཡང་དེ་ལས་སྐྱེས་ན། འདས་པ་དང༌། ད་ལྟར་བ་གང་རུང་དུ་ཐལ་བར་འགྱུར་ཏེ། སྐྱེས་ཟིན་པའི་ཕྱིར་རོ། །དེས་ན་ཇི་སྐད་དུ། འདིར་ནི་འབྱུང་བ་རྒྱུ་ཡིན་ལ། །བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་གསུངས་པ་ལྟར། བསྟན་བཅོས་འདིར་ནི་བྱུང་བའི་སྒོ་ནས་བཤད་པ་ཡིན་ནོ། །འདིར་དངོས་སུ་བཤད་པ་ནི། རྣམ་བརྟགས་ཀྱི་རྟེན་འབྲེལ་གྱི་དབང་དུ་བྱས་ལ། ཆོས་ཉིད་ཀྱི་དང༌། རྣམ་བྱང་གི་རྟེན་འབྲེལ་གཉིས་དོན་གཅིག་ཅིང༌། དེ་འདྲ་དེ་འདིར་མཚན་མཚོན་གཞི་གསུམ་གྱི་སྒོ་ནས་བཤད་པ་དེའི་ཁོངས་སུ་མི་གཏོགས་ཤིང༌། འདུས་མ་བྱས་ཀྱི་རྟེན་འབྲེལ་ལོ། །རྣམ་རིག་པའི་ལུགས་འདི་ལ། རྟེན་འབྲེལ་ལ་དངོས་པོ་དང་འདུས་བྱས་ཀྱི་ཁྱབ་ཀྱང༌། དེ་གཉིས་ལ་འདིར་བསྟན་གྱི་རྟེན་འབྲེལ་གྱིས་མ་ཁྱབ་སྟེ། འདུས་བྱས་ཡིན་ན་རྒྱུ་རྐྱེན་ལས་སྐྱེས་མི་དགོས་ཀྱང༌། སྐྱེ་འཇིག་གནས་གསུམ་དང༌། གཞན་དུ་འགྱུར་བ་ཞེས་བྱ་བའི་མཚན་ཉིད་བཞི་དང་ལྡན་དགོས་ལ། ཆོས་ཉིད་ལ་ནི་དེ་གསུམ་མ་ཚང་བས་འདུས་མ་བྱས་པ་དང༌། རྣམ་བྱང་གི་རྟེན་འབྲེལ་རྣམས་ཀྱང་ལས་ཉོན་གྱིས་འདུས་མ་བྱས་པའི་ཕྱིར། འདིར་མ་གཏོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཞུང་གི་དོན་དང༌། གཞན་ལ་གསལ་བར་མ་གྲགས་པའི་སྤྱི་དོན་འགའ་ཞིག་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་མཚན་ཉིད་རྒྱས་པར་བཤད་པ་དང༌། སྒོམ་པའི་ཚུལ་ལོ། །དང་པོ་ལ་ལྔ་སྟེ། སྤྱིའི་མཚན་ཉིད་དང༌། རང་གི་མཚན་ཉིད་དང༌། སྤྱིའི་སྒྲ་དོན་དང༌། རྟོགས་དཀའ་བའི་མཚན་ཉིད་དང༌། མཚན་གཞིའི་དབྱེ་བའོ། །དང་པོ་ནི། ཟག་བཅས་ཀྱི་དངོས་པོ་སྐྱེས་ཟིན་པ་འདི་རྣམས་ཆོས་ཅན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ཞེས་བརྗོད་དེ། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་གཞན་གྱིས་བློ་སྔོན་དུ་བཏང་བ་མེད་པ་རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར། འདི་ལ་དགོངས་ནས། འདི་ཡོད་པས་འདི་འབྱུང༌། ཞེས་རྟེན་འབྲེལ་གྱི་མདོ་ལས་གསུངས་སོ། །དེ་ཆོས་ཅན། མི་རྟག་པའི་རྐྱེན་ལས་བྱུང་བ་ཞེས་བྱ་སྟེ། རྒྱུ་རྟག་པ་ལས་མ་བྱུང་བའི་ཕྱིར། དེ་ལ་དགོངས་ནས། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་གསུངས་སོ། །དེ་ཆོས་ཅན། ནུས་པའི་རྐྱེན་ལས་བྱུང་བ་ཞེས་བྱ་སྟེ། རྒྱུ་རིགས་མི་མཐུན་ལས་བྱུང་བ་མ་ཡིན་པར་དེ་ལས་བྱུང་བའི་ཕྱིར་རོ། །འདི་ལ་དགོངས་ནས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་གསུངས་སོ། །མཚན་ཉིད་འདི་ནི་ལོག་རྟོག་སེལ་བའི་དབང་དུ་བྱས་ལ། རིགས་མི་མཐུན་སེལ་བ་ལ་ནི་རྒྱུ་རྐྱེན་ལས་སྐྱེས་པ་ཙམ་གྱིས་ཆོག་གོ །གཉིས་པ་རང་གི་མཚན་ཉིད་ལ། འཇོག་བྱེད་ཁ་བསྐང་བ་དང༌། དབྱེ་བ་དང༌། བྱེད་ལས་དང༌། དོན་བསྡུ་བ་དང་བཞིའོ། །དང་པོ་ནི། རང་རྒྱུ་ལས་དང་ཉོན་མོངས་པ་ལས་བྱུང་བའོ། །གཉིས་པ་ནི། དབྱེ་བ་དངོས་དང༌། གྲངས་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། མ་རིག་པ་དང་སོགས་སོ། །གཉིས་པ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཡན་ལག་མདོར་བསྡུ་བས་ཇི་ལྟ་བུ་ཞེས་སོགས་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་གྱི་ཡན་ལག་ཆོས་ཅན། བཅུ་གཉིས་སུ་གྲངས་ངེས་ཏེ། རིང་བའི་རྒྱུ་འབྲས་དང༌། ཉེ་བའི་རྒྱུ་འབྲས་གཉིས་སུ་ངེས་ལ། དེར་འཇོག་པ་ལ་བཅུ་གཉིས་དགོས་ཤིང༌། དེ་བས་ལྷག་པ་མི་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རིང་བའི་རྒྱུ་འབྲས་བཤད་པ་དང༌། ཉེ་བའི་རྒྱུ་འབྲས་བཤད་པའོ། །དང་པོ་ལ་གཉིས་ཏེ། འཕེན་པའི་ཡན་ལག་དང༌། འཕངས་པའི་ཡན་ལག་གོ །དང་པོ་ལ། གང་ལ་བརྟེན་ཏེ་འཕེན་པ་ནི་མ་རིག་པའོ། །གང་གིས་འཕེན་པ་ནི་འདུ་བྱེད་དོ། །ཇི་ལྟར་འཕེན་པ་ནི་རྒྱུ་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པའོ། །གཉིས་པ་ལ་གཉིས་ཏེ། ལུས་ཐོབ་པ་དང༌། ལོངས་སྤྱོད་ལ་ལོངས་སྤྱོད་པ་གཉིས་སོ། །དང་པོ་ལ་ལུས་མ་ཐོབ་པ་གསར་དུ་ཐོབ་པ་ནི་མིང་དང་གཟུགས་ཡིན་ལ། ཐོབ་པ་ཡོངས་སུ་རྫོགས་པ་ནི་སྐྱེ་མཆེད་དྲུག་གོ །གཉིས་པ་ལ་ཡུལ་གྱི་ལོངས་སྤྱོད་ལ་ལོངས་སྤྱོད་པ་ནི་རིག་པ་ཡིན་ལ། ལས་ཀྱི་རྣམ་པར་སྨིན་པ་ལ་ལོངས་སྤྱོད་པ་ནི་ཚོར་བའོ། །གཉིས་པ་ཉེ་བའི་རྒྱུ་འབྲས་ལ་གཉིས་ཏེ། འགྲུབ་པར་བྱེད་པའི་ཡན་ལག་དང༌། གྲུབ་པའི་ཡན་ལག་གོ །དང་པོ་ལ། གང་ལ་བརྟེན་ཏེ་གྲུབ་པ་ནི་སྲེད་པའོ། །གང་གིས་འགྲུབ་པ་ནི་ལེན་པའོ། །ཇི་ལྟར་འགྲུབ་པ་ནི་སྲིད་པའོ། །གྲུབ་པའི་ཡན་ལག་ལ། རྟེན་ནི་སྐྱེ་བའོ། །བརྟེན་པ་ནི་རྒ་ཤིའོ། །དེ་ཡང་འཕེན་བྱེད་ཀྱི་རྒྱུ་དང༌། འཕངས་པའི་འབྲས་བུ་གཉིས་ལ་ནི་རིང་བའི་རྒྱུ་འབྲས་ཞེས་བྱ་སྟེ། འཕངས་པའི་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ། འཕེན་བྱེད་ཀྱི་བག་ཆགས་འཇོག་བྱེད་མཚན་ཉིད་པ་དེ། འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར། འོ་ན་དེ་དེའི་སྐྱེད་བྱེད་མ་ཡིན་པར་འགྱུར། དེ་ལྟར་ན་རྣམ་སྨིན་གྱི་རྒྱུ་མ་ཡིན་པར་འགྱུར་རོ་ཞེ་ན། རྣམ་སྨིན་འཕེན་བྱེད་དུ་འདོད་ཀྱི། སྐྱེད་བྱེད་དུ་མི་འདོད་པས་ཉེས་པ་མེད་དོ། །འོ་ན་སྐྱེད་བྱེད་དེ་གང་ཞེ་ན། འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེའོ། །དེས་དེ་ཇི་ལྟར་དུ་བསྐྱེད་ཅེ་ན། རྣམ་སྨིན་གྱི་སྔ་རོལ་དུ་གྲུབ་ཟིན་པ་དེ་ནས་བཟུང་སྟེ། ཇི་སྲིད་རྣམ་སྨིན་མ་རྫོགས་ཀྱི་བར་དེ་སྲིད་དུ་རྣམ་སྨིན་དང་ལྷན་ཅིག་འགྲོགས་པའི་སྒོ་ནས་དངོས་སུ་ཕན་གདགས་བྱ་དང་འདོགས་བྱེད་ཀྱི་ཚུལ་གྱིས་སྐྱེད་པར་བྱེད་པའོ། །དེ་ཡང་ཇི་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ནུས་པ་མ་རྫོགས་པ་དེ་སྲིད་དུ་རྣམ་སྨིན་མི་རྫོགས་ལ། དེ་ཟད་པ་ན་དེ་ཡང་རྫོགས་པ་ནི་སྐྱེད་བྱེད་ཀྱི་ནུས་པ་ཟད་པ་ཡིན་ཏེ། སྣུམ་ཟད་པ་ན། མར་མེ་ཤི་བ་བཞིན་ནོ། །ནུས་པ་རྫོགས་པའི་ཚད་ཀྱང་འཕེན་བྱེད་དངོས་ཀྱིས་ཇི་ཙམ་འཕངས་པ་དེ་ཙམ་དུ་འགྲོ་བ་ཡིན་ཏེ། མདའ་འཕངས་པ་ན་འཕེན་བྱེད་ཀྱི་ཤུགས་ཀྱིས་ཇི་ཙམ་དུ་འཕངས་པ་དེ་ཙམ་དུ་འགྲོ་བར་བྱེད་ཀྱི་དེ་ལས་ཕ་རོལ་ཏུ་མི་འགྲོ་བ་བཞིན་ནོ། །དེས་ན་རྣམ་སྨིན་གྱི་རྒྱུའི་མིང་ཅན་ལ་གཉིས་ཏེ། འཕེན་བྱེད་ཀྱི་རྒྱུ་དང༌། སྐྱེད་བྱེད་ཀྱི་རྒྱུ་ཞེས་བྱ་བ་གཉིས་སམ། ཡང་ན་འཕེན་བྱེད་ཀྱི་བག་ཆགས་འཇོག་བྱེད་དང༌། དེས་གཞག་པའི་བག་ཆགས་གཉིས་སོ། །དེ་གཉིས་ལས་འཕེན་བྱེད་ཀྱི་རྒྱུ་དང༌། རྣམ་སྨིན་གྱི་རྒྱུའི་གཙོ་བོར་གང་བཟུང་ཞེ་ན། ཀུན་གཞི་ཁས་མི་ལེན་པ་དག་ལ་ནི་དང་པོ་གཙོ་ཆེ་བ་ཡིན་ཏེ། ལུགས་དེ་ལ་འཕེན་བྱེད་ལས་མ་གཏོགས་པའི་འཕངས་པ་ལྟར་སྐྱེད་བྱེད་ཀྱི་རྒྱུ་དང༌། འཕེན་བྱེད་ཀྱིས་གཞག་པའི་བག་ཆགས་ཁས་མི་ལེན་པའི་ཕྱིར་རོ། །འདིར་ནི་ཕྱི་མ་གཙོ་ཆེ་བ་ཡིན་ཏེ། བག་ཆགས་དེ་ཉིད་རྒྱུ་རྐྱེན་དུ་གཞག་པའི་ཕྱིར་དང༌། ཀུན་གཞིའི་སྒྲུབ་བྱེད་ཀྱི་རིགས་པ་རྣམས་ཀྱིས་གྲུབ་པའི་འབྲས་བུ་ཡང་འདི་ཉིད་ཡིན་པའི་ཕྱིར་དང༌། འཕེན་བྱེད་ཀྱིས་འཕངས་ཀྱང་ས་བོན་འདས་ལམ་གྱིས་བཅོམ་ན་རྣམ་སྨིན་མི་འབྱིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྣམ་སྨིན་སྐྱེད་བྱེད་ཡིན་པ་ཙམ་གྱིས་རྣམ་སྨིན་གྱི་རྒྱུར་གཞག་ནུས་པ་མ་ཡིན་ཏེ། འགྲུབ་བྱེད་ཀྱི་རྒྱུ་བཞིན་ནོ། །དེའི་ཕྱིར་མ་རིག་པ་དང༌། འདུ་བྱེད་གཉིས་ནི་རྣམ་སྨིན་འཕེན་བྱེད་དང༌། དེའི་བག་ཆགས་འཇོག་བྱེད་ཡིན་ལ། རྒྱུ་དུས་ཀྱི་རྣམ་པར་ཤེས་པ་ནི་རྣམ་སྨིན་སྐྱེད་བྱེད་ཀྱི་རྒྱུའོ། །དེས་དེ་བསྐྱེད་པའི་བྱ་བ་དུས་ནམ་གྱི་ཚེ་བྱེད་ཅེ་ན། འགྲུབ་བྱེད་ཀྱིས་གསོས་བཏབ་པ་དེའི་ཚེ་བྱེད་པ་ཡིན་ཏེ། རྣམ་སྨིན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་དེ་ན་བྱེད་དགོས་པའི་ཕྱིར། དཔེར་ན་ཞིང་ལ་ས་བོན་བཏབ་ཀྱང༌། ཇི་སྲིད་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་མ་རྙེད་པ་དེ་སྲིད་དུ་མྱུ་གུ་སྐྱེད་པའི་བྱ་བ་མི་བྱེད་ལ། རྙེད་ནས་བྱེད་པ་བཞིན་ནོ། །དེའི་ཚེ་འཕེན་བྱེད་ཀྱིས་འཕངས་པའི་བག་ཆགས་ནི་རྣམ་སྨིན་གྱི་ངོ་བོ་སྐྱེད་བྱེད་དང༌། རྣམ་སྨིན་གྱི་རྒྱུར་འཇོག་ལ། དེ་དང་ལྷན་ཅིག་པའི་འགྲུབ་བྱེད་རྣམས་ནི་རྣམ་སྨིན་གྱི་ཁྱད་པར་འགྲུབ་བྱེད་ཡིན་པའི་ཕྱིར། རྣམ་སྨིན་གྱི་ཁྱད་པར་དེའི་སྐལ་མཉམ་གྱི་རྒྱུ་དང༌། དེ་ཡང་དེའི་རྒྱུ་མཐུན་གྱི་འབྲས་བུར་བཞག་གོ །གྲུབ་པའི་འབྲས་བུ་དང་འགྲུབ་བྱེད་ཀྱི་རྒྱུ་གཉིས་ལ་ནི་ཉེ་བའི་རྒྱུ་འབྲས་ཞེས་བྱ་སྟེ། གྲུབ་པའི་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་འགྲུབ་བྱེད་ཀྱི་རྒྱུ་མ་འགགས་པར་ཡོད་པའི་ཕྱིར། འོ་ན་འཕེན་བྱེད་ལ་འཕེན་པའི་རྒྱུ་དང༌། སྐྱེད་པའི་རྒྱུ་གཉིས་ཡོད་པ་ལྟར། འགྲུབ་བྱེད་ཀྱི་རྒྱུ་ལ་ཡང་དེ་ལྟར་འཆད་དམ་ཞེ་ན། བཤད་པར་བྱ་སྟེ། འགྲུབ་བྱེད་ཀྱི་བག་ཆགས་འཇོག་བྱེད་དང༌། དེས་གཞག་པའི་བག་ཆགས་སོ། །དང་པོ་ནི་སྲེད་ལེན་དང༌། གཉིས་པ་ནི་སྲིད་པའོ། །བག་ཆགས་དེ་གྲུབ་པའི་འབྲས་བུ་དངོས་སུ་སྐྱེད་བྱེད་ཡིན་མོད། བག་ཆགས་འཇོག་བྱེད་གཉིས་ཀྱང་གྲུབ་པའི་འབྲས་བུ་སྐྱེད་བྱེད་དུ་ཁས་ལེན་ནམ་ཞེ་ན། འདིར་ནི་དེར་ཁས་བླངས་པས་ཆོག་པ་ཡིན་ཏེ། ཉེ་བའི་རྒྱུ་འབྲས་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། སྲིད་པའི་སྐབས་སུ་ལེན་པ་མ་འགགས་པར་ཡོད་པའི་ཕྱིར་ཏེ། ལས་ཀྱི་བག་ཆགས་སྲིད་པར་འཇོག་པ་ནི་ལེན་པ་དང་ཕན་ཚུན་རྒྱུའི་རྐྱེན་དུ་གྱུར་པ་ལ་རག་ལས་པའི་ཕྱིར། འདིར་བོད་སྔ་མ་རྣམས་ན་རེ། འཕེན་བྱེད་རྒྱུ་འབྲས་ཀྱི་སྐབས་སུ་འགྲུབ་བྱེད་རྒྱུ་འབྲས་ཡོད་པར་དོན་གྱིས་གོ་མོད། དངོས་སུ་མ་བཤད་པ་ནི་རིང་བའི་རྒྱུ་འབྲས་འཆད་པའི་སྐབས་ཡིན་པ་དང༌། ཅིག་ཤོས་ལ་ཡང་དེ་ཡོད་པར་དོན་གྱིས་གོ་མོད། དངོས་སུ་མ་བསྟན་པ་ནི་ཉེ་བའི་རྒྱུ་འབྲས་འཆད་པའི་ཕྱིར་རོ། །ཞེས་གསུང་བ་ནི་འཕངས་པའི་འབྲས་བུ་ངོས་མ་ཟིན་པའི་གཏམ་ཡིན་པ་དང༌། དེ་ལྟར་བཤད་ན། མཛོད་དུ། བར་མའི་རྗེས་སུ་དཔག་པ་ལས། །ཞེས་བཤད་པ་དང་འདྲ་བར་རྒྱུ་འབྲས་ཆ་གཉིས་སུ་སོང་བས་ལུགས་འདི་ལ་འགྲིག་པ་མ་ཡིན་ནོ། །འོ་ན་ཅི་འཕངས་པའི་འབྲས་བུ་དང༌། གྲུབ་པའི་འབྲས་བུ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ངོ་བོའི་སྒོ་ནས་མུ་བཞི་སྟེ། འཕངས་པའི་འབྲས་བུ་ཁོ་ན་ཡིན་ལ་གྲུབ་པའི་འབྲས་བུ་མ་ཡིན་པ་ནི། འཕེན་བྱེད་ཀྱིས་འཕངས་ཤིང༌། ད་ལྟར་གྲུབ་མ་ཟིན་པའི་རྣམ་སྨིན་གྱི་ངོ་བོ་འབྱུང་རུང་དེའོ། །གྲུབ་པའི་འབྲས་བུ་ཁོ་ན་ཡིན་ལ། ཅིག་ཤོས་མ་ཡིན་པ་ནི། མཐོ་རིས་ཀྱི་རྟེན་ལ་མི་དགེ་བའི་རྒྱུ་མཐུན་གྱི་འབྲས་བུ་གྲུབ་པ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི། འཕེན་འགྲུབ་གཉིས་ཀས་བསྒྲུབས་པའི་རྣམ་སྨིན་གྱི་ངོ་བོ་གང་ཡིན་པ་དེའོ། །གཉིས་ཀ་མ་ཡིན་པ་ནི་གྲུབ་ཟིན་པའི་རྣམ་སྨིན་གྱི་ཚོགས་པ་ན་ཡོད་པའི་ལས་དང་ཉོན་མོངས་པ་རྣམས་སོ། །འོ་ན་རྟེན་འབྲེལ་ཚར་གཅིག་པོ་དེ་འཕངས་པའི་འབྲས་བུ་མངོན་དུ་འགྱུར་བ་ལ་ཚར་གཅིག་པོ་དེའི་སྲེད་ལེན་སྔོན་དུ་འགྲོ་དགོས་ན་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། ལན་ལ་རྣམ་གྲངས་གཉིས་ཏེ། འཕེན་བྱེད་ཀྱིས་ཇི་ལྟར་འཕངས་པའི་བག་ཆགས་དང་ཤུགས་ལས་སྲེད་པ་འབྱུང་བའི་ལན་དང༌། རྣམ་སྨིན་དངོས་སུ་གྱུར་པའི་ཚོར་བ་ལས་སྲེད་པ་སྐྱེས་ནས་དེས་རྣམ་སྨིན་གྱི་རྒྱུན་འཛིན་པར་བྱེད་པའི་ལན་ནོ། །དང་པོ་ནི། གཞུང་ལས། བག་ཆགས་དང་ཤུགས་ཀྱིས་ཀྱང་རྐྱེན་དུ་ལྟའོ། །ཞེས་གསུངས་པ་ལྟར། འཕེན་བྱེད་དངོས་ཀྱིས་ཀུན་གཞིའི་སྟེང་དུ་མིང་གཟུགས་ནས་ཚོར་བའི་བར་ཇི་ལྟར་འཕངས་པའི་ནུས་པ་དེ་ལས་ནུས་པ་དེ་གསོས་འདེབས་བྱེད་ཀྱི་སྲེད་པ་འབྱུང་བ་ཡིན་ཏེ། དཔེར་ན་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པའི་སས་བསྡུས་ཀྱི་ཀུན་གཞིའི་སྟེང་དུ། བསམ་གཏན་དང་པོའི་རྣམ་སྨིན་གྱི་ཚོར་བ་འབྱུང་རུང་གི་བག་ཆགས་བཞག་པ་དེ་ལས་དངོས་གཞིའི་ཚོར་བ་འབྱུང༌། དེའི་རྐྱེན་གྱིས་དེ་ཉིད་ལ་སྲེད་པ་འབྱུང་ཞིང༌། སྲེད་པ་དེས་སྔོན་ཇི་ལྟར་འཕངས་པའི་རྣམ་སྨིན་མ་འོངས་པ་དེ་འགྲུབ་པར་བྱེད་པ་ལྟ་བུའོ། །རྣམ་གྲངས་གཉིས་པ་ནི། མིའི་རྟེན་ལ་མིང་གཟུགས་ནས་ཚོར་བའི་བར་རྣམ་སྨིན་གྱི་ངོ་བོ་གྲུབ་ཟིན་པ་དེའི་ཚེ། དེ་དང་ལྷན་ཅིག་ན་རྣམ་སྨིན་དེ་ཉིད་འཕེན་པར་བྱེད་པའི་ལས་ཀྱི་བག་ཆགས་ཀྱང་རྣམ་སྨིན་གྱི་རྒྱུན་སྐྱེད་བྱེད་དུ་ཡོད་པ་ཡིན་ལ། དེའི་ཚེ་རྣམ་སྨིན་གྱི་ངོ་བོ་ལ་ཆགས་པའི་སྲེད་ལེན་སྐྱེས་ནས། དེས་བག་ཆགས་དེ་ནུས་པ་མཐུ་ཅན་དུ་བྱས་ནས་རྣམ་སྨིན་གྱི་ངོ་བོ་དེ་འཛིན་ཞིང༌། དེའི་རྒྱུན་སྐྱེ་བར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་ལན་འདི་ནི་གཞུང་ལས། ཚོར་བ་ཅིའི་ལས་ཅན་ཞེ་ན། སྐྱེ་བ་དང་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་དང༌། སྲེད་པའི་རྐྱེན་ཀྱང་ཡིན་ནོ། །ཞེས་པས་བསྟན་ནོ། །མདོར་ན་ལུགས་གཞན་ལས་རྟེན་འབྲེལ་ཚར་གཅིག་སྐྱེ་བ་ལེན་ཐེབས་གཉིས་བཤད་ཀྱང༌། འདིར་གཅིག་ཁོ་ན་ལས་གཞན་མ་བཤད་དེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་འབྱུང་བའི་ཐད་དེར་སྐྱེ་བ་སྔ་ཕྱི་འཕོ་བའི་མཚམས་ཤིག་བཤད་ན་བཅུ་གཉིས་པོ་འཕེན་འགྲུབ་ཡན་ལག་བཞིར་བསྡུ་བའི་ཐབས་མེད་པའི་ཕྱིར། དེ་ལྟར་ཚར་གཅིག་པོ་དེ་ཚེ་དུ་ལ་རྫོགས་པ་ཡིན་ཞེ་ན། མྱུར་ན་ཚེ་གཉིས་ཁོ་ན་དང༌། ཇི་ལྟར་བུལ་ཡང་ཚེ་གསུམ་ལས་ལྷག་པ་མི་དགོས་སོ། །རྗེ་བཙུན་རེད་མདའ་པའི་གསུང་གིས་ཚེ་གསུམ་ཁོ་ན་ངེས་པར་དགོས་སོ་ཞེས་གསུངས་པ་དང༌། སྲེད་པ་དང་ལེན་པ་གཉིས་ས་མི་མཚུངས་པ་ཁོ་ནར་བཤད་ནས། དེའི་ཤེས་བྱེད་ཀྱང་སྲེད་པས་ད་ལྟར་གྱི་ཕུང་པོ་ལ་སྲེད་པ་དང༌། ལེན་པས་མ་འོངས་པའི་ཕུང་པོ་ལ་སྲེད་པར་བྱེད་པ་ཡིན་པའི་ཕྱིར་ཞེས་དང༌། མིང་གཟུགས་ནས་ཚོར་བའི་བར་གྱི་རྣམ་སྨིན་གང་ལ་བརྟེན་པའི་ཚེ་དེ་དང༌། སྐྱེ་རྒ་གཉིས་གང་ལ་བརྟེན་པའི་ཚེ་གཉིས་པོ་སྐྱེ་བ་སྔ་ཕྱི་རིམ་ཅན་དུ་འབྱུང་བར་འདོད་པ་སོགས་ནོངས་པ་དུ་མ་ཞིག་མཛད་པ་ལ་གཞན་དག་གིས་ལེགས་བཤད་དུ་བསམས་ནས་བླངས་པ་དག་ནི་དོར་བར་བྱ་དགོས་ཏེ། གཞུང་གཞན་གྱི་བཤད་པ་དང་བསྲེས་པའི་ཕྱིར་དང༌། སྲེད་ལེན་ས་མི་མཚུངས་ན་གཉིས་ཀས་རྣམ་སྨིན་གཅིག་འགྲུབ་པ་མི་སྲིད་པར་ཐལ་བའི་ཕྱིར་དང༌། རྣམ་སྨིན་གཅིག་འགྲུབ་པ་ལ་གཉིས་ཀ་མི་སྲིད་པས་ཁྱབ་པར་ཐལ་བའི་ཕྱིར་རོ། །གོང་དུ་རང་ལུགས་ཇི་སྐད་བཤད་པའི་དོན་དེ་དག དབྱིག་གཉེན་ཞབས་ཀྱིས་རྟེན་འབྲེལ་གྱི་མདོ་འགྲེལ་ལས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། གང་གིས་འཕེན་དང་ཇི་ལྟར་གང༌། །དེ་འགྲུབ་བྱེད་པ་དེ་ལ་ཡང༌། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །གཉིས་ཀྱི་ཡན་ལག་གཅིག་གིས་དང༌། །རྣམ་པ་བཞི་དང་གཉིས་ཀྱིས་དང༌། །གཅིག་གིས་གཅིག་གིས་གཅིག་གིས་ནི། །དོན་མཐུན་དག་ཏུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོས་པའི་ཕྱིར། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །འཕངས་པ་བཞིན་དུ་སྐྱེས་པ་ཡི། །ཚོར་བས་བསྐྱེད་པའི་སྲེད་པ་ལས། །ལེན་པ་འབྱུང་བས་དེ་ཡི་ལས། །བསྒོས་པ་མངོན་དུ་གྱུར་པ་ཡིན། །གྲུབ་པ་སྐྱེ་ཡིན་དེ་ལ་ཡང༌། །རྒ་སོགས་ཉེས་དམིགས་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་འབྱུང་བ་མེད། །ཅེས་གསུངས་སོ། །གཉིས་པ་བྱེད་པ་ལ་གཉིས་ཏེ། སྲིད་ཚད་ཀྱི་རྐྱེན་དང༌། ངེས་པའི་རྐྱེན་ནོ། །དང་པོ་ལ་དྲི་བ་དང༌། ལན་ནོ། །གཉིས་པ་ལ་ཡན་ལག་སྔ་མ་སྔ་མ་རྣམས་ཀྱིས་ཕྱི་མ་ཕྱི་མ་རྣམས་ཀྱི་རྐྱེན་བཞི་པོ་གང་རུང་བྱེད་པའི་ཆ་ནས་ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པར་རིག་པར་བྱ་སྟེ། བག་ཆགས་ཏེ་རྒྱུའི་རྐྱེན་དང༌། ཤུགས་ཏེ་དེ་མ་ཐག་པའི་རྐྱེན་དང༌། ཡིད་ལ་བྱེད་པ་སྟེ་དམིགས་པའི་རྐྱེན་དང༌། ལྷན་ཅིག་འབྱུང་བ་སྟེ་བདག་པོའི་རྐྱེན་བྱེད་པ་གང་རུང་གི་སྒོ་ནས་དེར་བཞག་པའི་ཕྱིར། དེ་ཡང་ཅི་རིགས་སུ་སྦྱར་དགོས་ཏེ། སྔ་མས་ཕྱི་མ་ལ་རྐྱེན་བཞི་ཀ་བྱེད་པའི་ངེས་པ་མེད་པའི་ཕྱིར་རོ། །སློབ་དཔོན་སྔ་མ་རྣམས་ན་རེ། རིག་པས་རིག་པ་ལ་རྐྱེན་བཞི་ཀ་དང༌། རིག་པས་བེམ་པོ་ལ་བདག་རྐྱེན་གཅིག་པུ་དང༌། བེམ་པོས་བེམ་པོ་ལ་རྒྱུ་རྐྱེན་དང༌། བདག་རྐྱེན་གཉིས་དང༌། བེམ་པོས་རིག་པ་ལ་དམིགས་རྐྱེན་དང༌། བདག་རྐྱེན་གཉིས་བྱེད་པ་ཡིན་ནོ་ཞེས་གསུང་ཡང༌། རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐའ་མ་ཡིན་ཏེ། བེམ་པོས་རྐྱེན་བྱེད་ཚུལ་ཁས་མི་ལེན་པའི་ཕྱིར་དང༌། སེམས་བྱུང་སྔ་མས་ཕྱི་མའི་དེ་མ་ཐག་རྐྱེན་མེད་པར། དོན་གསང་ལས་བཤད་པ་ལྟར་ཁས་ལེན་དགོས་པའི་ཕྱིར་དང༌། བེམ་པོར་གྱུར་པའི་དམིགས་རྐྱེན་རྫས་གཞན་ཁས་བླངས་ན། གཟུང་འཛིན་རྫས་གཞན་ལས་མ་འདས་པའི་ཕྱིར་རོ། །དེས་ན་བག་ཆགས་ཞེས་པ་ནི་ཉོན་མོངས་པ་དང༌། ལས་དང༌། རྣམ་སྨིན་གསུམ་ཀའི་བག་ཆགས་ཀུན་གཞིའི་སྟེང་དུ་བཞག་པ་དེ་ཉིད་ཡིན་ལ། དེ་ནི་སྤྱིར་གཟུང་འཛིན་གཉིས་སུ་སྣང་བ་ཐམས་ཅད་ཀྱི་རྒྱུའི་རྐྱེན་ཡིན་པའི་ཕྱིར། ཡན་ལག་སྔ་མ་སྔ་མའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་ཡན་ལག་ཕྱི་མ་ཕྱི་མ་རྣམས་ཀྱི་རྒྱུའི་རྐྱེན་དུ་འགྱུར་བ་ཡིན་ཏེ། དཔེར་ན་ཚོར་བའི་བག་ཆགས་དེ་སྲེད་པའི་རྒྱུ་རྐྱེན་དུ་འགྱུར་བ་བཞིན་ནོ། །སྐྱེད་བྱེད་ཀྱི་རྒྱུ་ནི་འདི་ཁོ་ན་ཡིན་ལ། འདི་དང་རང་གི་བསྐྱེད་བྱ་གཉིས་རྒྱུན་ལྷན་ཅིག་ཏུ་འགྲོགས་ནས་ཕན་ཚུན་དུ་གཅིག་ཅིག་ཤོས་ཀྱི་རྒྱུའི་རྐྱེན་དུ་སོང་བའི་སྒོ་ནས། ཇི་སྲིད་འཕེན་བྱེད་ཀྱི་ཤུགས་ཀྱིས་འཕངས་པ་དེ་སྲིད་དུ་རྒྱུན་མ་ཆད་པར་འབྱུང་བ་ཡིན་ནོ། །ཤུགས་ཞེས་བྱ་བ་ནི། འཕེན་བྱེད་ཀྱི་རྒྱུ་ལ་ཟེར་བ་ཡིན་ལ། དེ་ཡང་ལས་དང་ཉོན་མོངས་པ་གཉིས་ཀྱིས་ཀུན་གཞིའི་སྟེང་དུ་རྣམ་སྨིན་འཕངས་པའོ། །དེའི་ཚེ་ན། བག་ཆགས་འཇོག་བྱེད་དེ་ཤུགས་ཀྱིས་མ་འོངས་པ་ན་རྣམ་སྨིན་གྱི་འབྲས་བུ་འབྱུང་བའོ། །དེའི་ཕྱིར་མ་རིག་པ་དང་ལས་ཀྱི་ཤུགས་ཀྱིས་མིང་གཟུགས་ནས་ཚོར་བའི་བར་འབྱུང་བ་ལྟ་བུའོ། །འདི་དེ་མ་ཐག་རྐྱེན་ལ་སྦྱར་བ་ནི། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་འབྱུང་བ་ལ་འགྲིག་ཙམ་ཡིན་ཀྱང༌། དོན་ཇི་ལྟ་བ་བཞིན་གྱི་གོ་བ་འགངས་ཆེ་ས་ནས་མ་ལོངས་སོ། །ཡིད་ལ་བྱེད་པ་ནི། སྤྱིར་སེམས་ཡུལ་ལ་འཇུག་པར་བྱེད་པའི་སེམས་བྱུང་ཞིག་ཡིན་ལ། དེའི་དབང་གིས་སེམས་དེ་དང་དེ་ལ་དོན་གྱི་རྣམ་པ་སྣང་བ་ཙམ་ཞིག་ལ་བྱ་བ་ཡིན་ཏེ། དཔེར་ན། དོན་སྣང་སྔ་མའི་བག་ཆགས་སད་པ་ལ་བརྟེན་ནས་ཤེས་པ་ཕྱི་མ་ལ་དོན་གྱི་རྣམ་པ་སྣང་བ་ལྟ་བུའོ། །འདི་ཡང་རང་གི་དེ་མ་ཐག་རྐྱེན་གྱི་སྟེང་གི་ས་བོན། མིག་ཤེས་ཀྱི་དམིགས་རྐྱེན་དུ་འདོད་པ་ལྟ་བུའི་བསམ་པ་དང་སྦྱར་ན། དམིགས་རྐྱེན་ལ་འགྲིག་ཙམ་ཡིན་ཀྱང༌། དོན་གྱི་གོ་བ་རྒྱ་ཆེ་ས་ནས་མ་ལོངས་སོ། །ལྷན་ཅིག་འབྱུང་བ་ཞེས་པ་ཡང༌། ལྷན་ཅིག་འབྱུང་བའི་རྒྱུ་ལ་བཤད་ན་འགྲིག་པ་ཡིན་ལ། བདག་རྐྱེན་ཀྱང་དེའི་ཆ་ཤས་ལ་སྲིད་པ་ཙམ་མོ། །མདོར་ན་བག་ཆགས་དང༌། ཤུགས་ཞེས་པ་ནི་འཕེན་བྱེད་ཀྱི་རྒྱུའི་དབང་དུ་བྱས་པ་གཉིས་པ་དེ་ཡིན་ལ། དེ་ཡང་གཅིག་ནི་འབྲས་བུའི་དུས་སུ་འགགས་ཟིན་ལ། གཅིག་ནི་མཉམ་དུ་འཇུག་པའོ། །ཡིད་ལ་བྱེད་པ་དང༌། ལྷན་ཅིག་འབྱུང་བ་གཉིས་ནི་འགྲུབ་བྱེད་ཀྱི་རྒྱུའི་དབང་དུ་བྱས་པ་སྟེ། གཅིག་ནི་ཕན་གདགས་བྱའི་དུས་སུ་འགགས་ཟིན་ལ། ཅིག་ཤོས་ནི་དེ་དང་ལྷན་ཅིག་ཏུ་འཇུག་པའོ། །འོ་ན་སྐྱེ་བས་རྒ་ཤི་ལ་འཕེན་འགྲུབ་ཀྱི་རྐྱེན་བཞི་བྱེད་ཚུལ་ཇི་ལྟ་བུ་ཞེ་ན། སྐྱེ་བའི་བག་ཆགས་ཀུན་གཞིའི་སྟེང་དུ་བཞག་པ་དེས་རྒ་ཤིའི་རྒྱུའི་བྱེད་པ་དང༌། སྐྱེ་བའི་ཤུགས་ཀྱིས་རྒ་ཤི་འབྱུང་བ་དང༌། དེའི་བག་ཆགས་དེའི་སྟེང་ན་ཡོད་པ་དེ་སད་པ་ལས་རྒ་ཤིའི་དུས་ཀྱི་སྣང་བ་རྣམས་འཆར་བ་དང༌། རྒ་ཤི་ནི་སྐྱེ་བའི་གནས་སྐབས་ལ་བཏགས་པ་ཡིན་པས་ལྷན་ཅིག་འབྱུང་བའི་རྒྱུར་འགྱུར་བ་ལྟ་བུའོ། །གཉིས་པ་ལ་མ་རིག་པའི་བྱེད་པ་སོགས་བཅུ་གཉིས་སོ། །དང་པོ་ལ་གཉིས་ཏེ། སེམས་ཅན་ལ་བྱ་བ་བྱེད་པའི་ལས་དང༌། ཆོས་ལ་བྱ་བ་བྱེད་པའི་ལས་སོ། །དང་པོ་ལ་གང་ལ་རྨོངས་པར་བྱེད་པ་དང༌། སུ་ཞིག་དང༌། ཇི་ལྟར་བྱེད་པ་གསུམ་མོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སེམས་ཅན་དང༌། ཆོས་ཀྱི་དབྱེ་བས་གཉིས་དང༌། དང་པོ་ལ་གསུམ་གསུམ་དུ་སྦྱར་རོ། །རྒ་ཤི་ནི་རྒ་བའི་ལས་དང༌། ཤི་བའི་ལས་གཉིས་ཀྱིས་འཆད་དོ། །འདིར་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་རྐྱེན་བྱེད་པར་བཤད་པ་ལ་མངོན་གྱུར་བ་སྔ་མས་ཕྱི་མའི་རྐྱེན་བྱེད་པར་མ་ངེས་ཏེ། བག་ཆགས་དང་ཤུགས་ཀྱིས་རྐྱེན་བྱེད་པ་ནི་སྔ་མའི་ས་བོན་གྱིས་ཕྱི་མའི་རྐྱེན་བྱེད་པ་ལ་འཆད་དགོས་པའི་ཕྱིར། གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། ཉོན་མོངས་པའི་དང༌། ལས་ཀྱི་དང༌། ཚེའི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །རྣམ་བཤད་མཛད་པ་གཞན་དག་ན་རེ། ཡན་ལག་བཅུ་གཉིས་པོ་ཉོན་མོངས་པ་གསུམ་དུ་བསྡུས་པ་འདིར་ནི། རྟེན་འབྲེལ་ཚར་གཅིག་ལ་རྒྱུ་འབྲས་ཆ་གཉིས་ཀྱི་རྣམ་གཞག་མཛད་པ་ཡིན་ལ། འཕེན་འགྲུབ་ཡན་ལག་བཞིར་བསྡུས་པས་ནི་རྒྱུ་འབྲས་ཆ་གཅིག་གི་རྣམ་གཞག་མཛད་པའོ། །དེ་ཡང་ཆ་གཅིག་གི་ཚོར་བ་ལས་སྲེད་པ་འབྱུང་བ་མེད་ལ། ཆ་གཉིས་པའི་དེ་ལས་དེ་འབྱུང་བ་ཡིན་ནོ། །ཞེས་གསུང་མོད། སྤྱིར་དབུས་མཐའ་ལས་རྒྱུ་འབྲས་ཆ་གཉིས་ཀྱི་རྣམ་གཞག་མཛད་པས། ཀུན་གཞིའི་རྣམ་པར་བཞག་པའི་ཚེ། ཆ་གཉིས་ཀྱི་རྣམ་གཞག་ཁས་ལེན་དུ་མི་རུང་བ་མ་ཡིན་ཀྱང༌། ཉོན་མོངས་པ་གསུམ་དུ་བསྡུས་པས་ཆ་གཉིས་སུ་མི་འགྲུབ་སྟེ། མིང་གཟུགས་ནས་ཚོར་བའི་བར་ཚེའི་ཀུན་ནས་ཉོན་མོངས་པར་བསྡུས་ཀྱང༌། མ་འོངས་པ་ན་འབྱུང་རུང་ལ་འཆད་ཀྱི་ད་ལྟ་གྲུབ་ཟིན་པ་ལ་འཆད་དགོས་མ་ཡིན་པའི་ཕྱིར། ཆ་གཅིག་པའི་ཚོར་བ་ལས་སྲེད་པ་མི་འབྱུང་ན། ཡན་ལག་གི་ལས་རྣམ་པར་བཞག་པ་དང་འགལ་བ་དང༌། བཅུ་གཉིས་པོ་བཞིར་བསྡུས་པ་མ་ཡིན་པར་ཐལ་བ་དང༌། ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས་པར་ཐལ་བའི་ཉེས་པ་རྣམས་འཇུག་གོ །གསུམ་པ་སྤྱིའི་སྒྲ་དོན་ལ། བཅུ་གཅིག་པོ་ལྔར་འདུ་སྟེ། རྒྱུ་ལ་སྒྲོ་སྐུར་སྤང་བ་དང༌། རང་གི་ངོ་བོ་ལ་སྒྲོ་འདོགས་པ་སྤང་བ་དང༌། རྐྱེན་ལ་སྒྲོ་སྐུར་སྤང་བ་དང༌། ཁྱད་པར་ལ་སྒྲོ་འདོགས་པ་སྤང་བ་དང༌། རྒྱུ་ལས་འབྲས་བུ་འགྲུབ་པའི་ཚུལ་ལ་སྒྲོ་སྐུར་སྤང་བའོ། །དེ་ལ་གཉིས་ཏེ། སྐུར་འདེབས་སྤང་བ་དང༌། སྒྲོ་འདོགས་སྤང་བའོ། །དེ་ལའང་གཉིས་ཏེ། འཆོལ་བར་དང༌། ངེས་མ་ངེས་སུ་སྒྲོ་འདོགས་པ་སྤང་བའོ། །བཞི་པ་རྟོགས་པར་དཀའ་བའི་མཚན་ཉིད་ལ་གཉིས་ཏེ། ཟབ་པ་ལྔས་མདོར་བསྟན་པ་དང༌། འགལ་བར་དམིགས་པ་ལྔས་རྒྱས་པར་བཤད་པའོ། །དེ་ལ་ལྔ་སྟེ། འགགས་པས་ཟབ་པའི་དོན་དང༌། སྐྱེ་བས་ཟབ་པའི་དོན་དང༌། མཚན་ཉིད་ཀྱིས་ཟབ་པའི་དོན་དང༌། རྒྱུས་ཟབ་པའི་དོན་དང༌། འབྱུང་བས་ཟབ་པའི་དོན་བཤད་པའོ། །མཚན་གཞིའི་དབྱེ་བ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་གྱི་དབྱེ་བ་དང༌། རྣམ་བྱང་གི་རྟེན་འབྲེལ་གྱི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། འབྲས་བུ་གཙོ་བོར་བྱས་པའི་དང༌། རྒྱུ་གཙོ་བོར་བྱས་པའི་དབྱེ་བའོ། །དང་པོ་ལ། བརྟེན་པ་དང་རྟེན་གྱི་སྒོ་ནས་ནང་གི་རྟེན་འབྲེལ་དང༌། ཡང་དེ་གཉིས་ཀྱི་སྒོ་ནས་ཕྱིའི་རྟེན་འབྲེལ་ལོ། །རྒྱུ་གཙོ་བོར་བྱས་པའི་དབྱེ་བ་ལ་གཉིས་ཏེ། སྐྱེས་པ་གནས་པའི་རྒྱུ་དང༌། མ་སྐྱེས་པ་སྐྱེད་པའི་རྒྱུའོ། །རྣམ་བྱང་གི་ལ་གཉིས་ཏེ། རྟེན་དང༌། བརྟེན་པའོ། །གཉིས་པ་སྒོམ་པའི་ཚུལ་ལ། དྲི་བ་དང༌། ལན་ནོ། །དེ་ལ་སྒོམ་ཚུལ་གྱི་རྣམ་པ་དང༌། དེའི་མིང་བསྡུས་ནས་བསྟན་པའོ། །དང་པོ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ལུགས་དང་མཐུན་པར་བསྒོམས་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་མཁས་པར་འགྱུར་ཏེ། ལས་དང༌། ཉོན་མོངས་པ་གཉིས་ཀྱི་འབྲས་བུ་མེད་པ་དང༌། འབྲས་བུ་རིགས་མི་མཐུན་པ་འབྱིན་པའི་ལོག་པར་རྟོག་པ་ལྡོག་པའི་ཕྱིར། སྐྱེ་བ་གང་ལས་བྱུང་ན་སྲིད་པ་ལས་བྱུང་ངོ་ཞེས་སོགས་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ལུགས་དང་མི་མཐུན་པར་བསྒོམས་པས་ནི་ཀུན་འབྱུང་གི་བདེན་པ་ལ་མཁས་པར་འགྱུར་ཏེ། སྡུག་བསྔལ་རྒྱུ་མེད་དང༌། མི་མཐུན་པའི་རྒྱུ་ལས་བྱུང་བར་སྨྲ་བའི་ལོག་རྟོག་སེལ་བའི་ཕྱིར། དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་སོགས་རྣམ་པར་བྱང་བའི་རྟེན་འབྲེལ་ལུགས་དང་མཐུན་པ་དང༌། རྒ་ཤི་འགག་པ་གང་ལས་བྱུང༌། །སྐྱེ་བ་འགགས་པ་ལས་བྱུང་ངོ༌། །ཞེས་རྣམ་བྱང་གི་རྟེན་འབྲེལ་ལུགས་དང་མི་མཐུན་པར་བསྒོམས་པས་ནི། གོ་རིམ་བཞིན་དུ་འགོག་ལམ་གཉིས་ལ་མཁས་པར་འགྱུར་ཏེ། ལམ་ལ་འབྲས་བུ་མེད་པ་དང༌། འགོག་པའི་བདེན་པ་རྒྱུ་མེད་དུ་འཛིན་པའི་ལོག་པར་རྟོག་པ་སེལ་བའི་ཕྱིར། འདིར་མ་རིག་པ་འགགས་པས་ཞེས་པས་ནི་དེ་འགོག་པར་བྱེད་པའི་ལམ་ཡང་མཚོན་པ་ཡིན་ལ། འདུ་བྱེད་འགག་པར་འགྱུར་རོ་ཞེས་པས་ནི། དེ་འགགས་པའི་འགོག་པའང་མཚོན་པར་ནུས་སོ། །གཉིས་པ་སྤྱི་དོན་ལ། ཐོགས་མེད་ཞབས་ཀྱིས་བཞེད་པའི་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་གཉིས་ཀྱི་ཁྱད་པར་བཤད་པ་དང༌། ཡན་ལག་དང་ས་མཚུངས་ཀྱི་ཁྱད་པར་འགའ་ཞིག་ལ་དོགས་པ་བཅད་པའོ། །དང་པོ་ལ། དབྱེ་གཞི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལ་གཉིས་ཏེ། ཀུན་གཞིའི་སྟེང་ན་ངོ་བོ་དབྱེར་མེད་ཀྱི་ཚུལ་དུ་གནས་པ་དང༌། དེ་ལས་བྱུང་བའི་ཚུལ་གྱིས་སྣ་ཚོགས་སུ་སྣང་བའོ། །དང་པོ་ནི། སྡུག་ཀུན་གཉིས་ཀ་ཀུན་གཞིའི་སྟེང་ན་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པའི་ཚུལ་གྱིས་གནས་པ་ཡིན་ཏེ། ཀུན་འབྱུང་གི་བདེན་པ་ནི་ས་བོན་གྱི་ཚུལ་དུ་གནས། སྡུག་བསྔལ་གྱི་བདེན་པ་ནི་ངོ་བོའི་སྒོ་ནས་གནས་པས་སོ། །དེ་ཡང་དང་པོ་ལ་ས་བོན་གྱི་ཆ་དང༌། གཉིས་པ་ལ་རྣམ་སྨིན་གྱི་ཆ་ཞེས་བྱའོ། །བོད་སྔ་མ་རྣམས་ས་བོན་གྱི་ཆ་དེ། ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པས། རིག་པ་མ་ཡིན་ནོ་ཞེས་འཆད་པ་དེ་ནི། བྱེ་མདོ་གཉིས་ཀྱི་གྲུབ་པའི་མཐའ་ལ་འགྲིག་ཀྱང་འདིར་མ་ཡིན་ཏེ། འདིར་དངོས་པོ་ལ་རིག་པས་མ་ཁྱབ་ན། རྣམ་བདེན་རྫུན་གཉིས་ཀའི་གྲུབ་མཐའ་ལས་ཉམས་པའི་ཕྱིར་དང༌། དེས་ན་དེས་གཞན་གྱི་རྒྱུའི་རྐྱེན་བྱེད་པའི་ཆ་ནས་ས་བོན་ཞེས་བྱ་ལ། དེ་ཉིད་གཞན་གྱི་འབྲས་བུ་ཡིན་པའི་ཆ་ལ་རྣམ་པར་སྨིན་པ་ཞེས་བྱའོ། །འོ་ན་རྒྱུ་འབྲས་ཆ་གཅིག་གི་འཕེན་འགྲུབ་བཞི་ཀ་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་གི་སྟེང་དུ་གནས་པ་ཡིན་ནམ་ཞེ་ན། འཕེན་བྱེད་དང་འགྲུབ་བྱེད་དངོས་གཉིས་ནི་དེར་གནས་པ་མ་ཡིན་ཏེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར་དང༌། དེ་དང་རྣམ་ཤེས་གཉིས་པོ་ཕན་ཚུན་དུ་གཅིག་གཅིག་གི་རྒྱུའི་རྐྱེན་དུ་འཇོག་པའི་ཕྱིར། དེ་གཉིས་ཀྱིས་བཞག་པའི་བག་ཆགས་དང༌། དེའི་རྣམ་སྨིན་གཉིས་ནི་ཀུན་གཞི་གཅིག་ལ་དུས་གཅིག་ཏུ་གནས་སུ་རུང་བ་ཡིན་ཏེ། སྐྱེ་བ་དང༌། རྒ་ཤི་གཉིས་གང་ལ་འདོགས་པའི་གཞི་མིང་གཟུགས་ནས་ཚོར་བའི་བར་བཞི་པོ་དེ་དང༌། དེ་འཕེན་འགྲུབ་ཀྱི་རྒྱུར་གྱུར་པའི་ལས་ཀྱི་བག་ཆགས་གཉིས་པོ་ལྷན་ཅིག་ཏུ་གནས་ནས། དེས་དེ་བསྐྱེད་པ་དང༌། འཕེལ་བ་ལ་སོགས་པའི་རྒྱུའི་རྐྱེན་བྱེད་པ་བཞིན་ནོ། །འོ་ན་འཕེན་འགྲུབ་ཀྱི་རྒྱུ་གཉིས་དང༌། དེའི་རྣམ་སྨིན་གྱི་འབྲས་བུ་སྐྱེ་བ་སྔ་ཕྱིར་འབྱུང་དགོས་པ་མ་ཡིན་ནམ་ཞེ་ན། འཕེན་བྱེད་ཀྱི་བག་ཆགས་འཇོག་བྱེད་དེ་དང་དེ་ལྟར་དགོས་པ་ཡིན་ཀྱང༌། དེས་བཞག་པའི་བག་ཆགས་དང་འགྲུབ་བྱེད་ཀྱི་རྐྱེན་གཉིས་དང་ནི་དེ་ལྟར་དགོས་པ་མ་ཡིན་ཏེ། ད་ལྟར་ལས་གཅིག་གི་རྣམ་སྨིན་ལ་ལོངས་སྤྱོད་བཞིན་པའི་སྐབས་འདིར། རྣམ་སྨིན་དེ་འཕེན་འགྲུབ་ཀྱི་ལས་ཀྱི་བག་ཆགས་དང་ལྷན་ཅིག་ཏུ་མི་གནས་ན་ལས་དེའི་རྣམ་སྨིན་རྒྱུན་ཆད་པར་འགྱུར་བས་སོ། །དཔེར་ན། མྱུ་གུ་དང་ལྷན་ཅིག་ཏུ་དུས་མཉམ་པར་ས་བོན་གྱི་ནུས་པ་མེད་ན་མྱུ་གུ་བསྐྱེད་པའི་བྱ་བ་རྒྱུན་ཆད་པས། མྱུ་གུ་སྐམས་པར་འགྱུར་བ་བཞིན་ནོ། །དེའི་ཕྱིར་རྣམ་སྨིན་གྱི་འབྲས་བུ་དང༌། དེའི་ངོ་བོ་དང༌། ཁྱད་པར་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཚོགས་པ་གཅིག་ན་ཡོད་པ་ཞེས་བྱ་བ་འདི་གྲུབ་ལ། དེ་ལྟར་གྲུབ་པ་དེའི་ཚེ་རྣམ་སྨིན་གྲུབ་ཟིན་ནས་ཀྱང༌། དེ་སྐྱེད་པར་བྱེད་པའི་རྣམ་སྨིན་གྱི་རྒྱུ་དང༌། དེ་འགྲུབ་པར་བྱེད་པའི་འགྲུབ་བྱེད་ཀྱི་རྒྱུ་གཉིས་ཀ འབྲས་བུ་དང་ལྷན་ཅིག་ཏུ་རྒྱུན་ཆགས་པར་འབྱུང་བ་ཞེས་བྱ་བ་དེ་གྲུབ་ལ། དེ་ལྟར་གྲུབ་པ་དེའི་ཚེ་རྒྱུ་འབྲས་ཆ་གཅིག་གི་རྣམ་སྨིན་གྱི་ཆར་གྱུར་པའི་ཚོར་བའི་རྐྱེན་གྱིས་རྣམ་སྨིན་འགྲུབ་བྱེད་ཀྱི་སྲེད་པ་འབྱུང་ཞིང༌། དེའི་རྐྱེན་གྱིས་ལེན་པ་དང༌། དེས་འཕེན་བྱེད་ཀྱི་ལས་ཀྱི་ནུས་པ་རང་དང་ལྷན་ཅིག་ན་ཡོད་པ་དེ་ཕུང་པོའི་རྒྱུན་འཛིན་ནུས་ཀྱི་སྲིད་པར་བྱེད་ཅིང༌། དེའི་རྐྱེན་གྱིས་རྣམ་སྨིན་གྱི་རྒྱུན་སྐྱེ་བར་བྱེད་དོ་ཞེས་བྱ་བ་འདི་གྲུབ་བོ། །དེ་ལྟར་གྲུབ་པ་དེ་ཡང་འཕངས་པའི་ཡན་ལག་ཏུ་བཞག་པའི་ཚོར་བའི་རྐྱེན་གྱིས། འགྲུབ་བྱེད་ཀྱི་ཡན་ལག་ཏུ་གྱུར་པའི་སྲེད་པ་འབྱུང་བ་ཞེས་བྱ་བ་དེ་ཡིན་ལ། དེ་ལྟ་བུའི་ཚུལ་གྱིས་ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བའི་རིམ་པ་དེ་ནི་གཞུང་གི་དངོས་བསྟན་དུ་འབྱུང་བ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། ཚོར་བ་ཅིའི་ལས་ཅན་ཞེ་ན། སྐྱེ་བ་དང་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་དང༌། སྲེད་པའི་རྐྱེན་ཀྱང་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ལུས་རྟེན་གཅིག་ལ་བརྟེན་པའི་རྣམ་པར་སྨིན་པའི་ཤེས་པ་དང༌། དེའི་རྐྱེན་དུ་གྱུར་པའི་ལས་ཉོན་གཉིས་རྒྱུད་གཅིག་ལ་གནས་ནས། ཕན་ཚུན་གཅིག་གཅིག་གི་རྒྱུའི་རྐྱེན་དུ་རྣམ་པར་བཞག་པ་དེ་ལ་ནི། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཞེས་བྱ་ལ། དེ་ཉིད་ཐོགས་མེད་སྐུ་མཆེད་ཀྱི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་འཇོག་མཚམས་ཀྱི་རྩ་བ་ཡིན་ཞིང༌། ཇི་སྲིད་ལུགས་འདི་མ་གོ་བ་དེ་སྲིད་དུ་རྣམ་པར་འཁྱམས་པར་གྱུར་ཏོ། །གཉིས་པ་དེ་ལས་བྱུང་བའི་རྟེན་འབྲེལ་ནི། ཇི་སྐད་བཤད་པའི་ཚུལ་དེ་ལྟར་སྡུག་ཀུན་གཉིས་ཀ་ཀུན་གཞིའི་སྟེང་ན་ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པའི་ཚུལ་གྱིས་གནས་ཀྱང༌། ཚོར་བ་བཏང་སྙོམས་ཀྱི་རང་བཞིན་ཅན་དུ་གནས་པས་བདེ་སྡུག་སོ་སོར་མྱོང་བའི་རྟེན་འབྲེལ་མ་ཡིན་ལ། ཀུན་གཞི་དེ་ལས་རྣམ་རིག་ཏུ་སྣང་བའི་རྣམ་རིག་ཅེས་ཀྱང་བྱ་ལ། འཇུག་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་བ་དེ་མངོན་དུ་གྱུར་པའི་ཚེ། རྣམ་རིག་དེ་ལ་བདེ་འགྲོ་དང༌། ངན་འགྲོ་བའི་འགྲོ་བ་སྣ་ཚོགས་སུ་སྣང་བ་ཡིན་ནོ། །རྣམ་གཞག་དེ་ལ་རྣམ་སྨིན་མངོན་དུ་གྱུར་པའི་ཚེ། དེའི་རྒྱུ་ཀུན་འབྱུང་གི་བདེན་པ་འདས་ནས་ཡུན་རིང་དུ་ལོན་པའི་ཕྱིར། དེའི་ཚོགས་པ་ན་མེད་ཅིང༌། རྟེན་དེ་ལ་ཉོན་མོངས་པའི་དབང་གིས་ལས་གསར་པ་སོག་པར་བྱེད་ཅིང༌། དེས་རྣམ་སྨིན་གྱི་ཕུང་པོ་གཞན་འཕེན་ཞིང་འགྲུབ་པར་བྱེད་པའོ། །དེ་ལྟ་བུའི་རྣམ་པར་བཞག་པ་དེ་ལ་ནི་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཞེས་བྱ་ལ། རྣམ་པར་བཞག་པ་དེ་ཙམ་ཞིག་ནི། ཀུན་གཞིའི་རྣམ་པར་བཞག་པ་དང་མ་བཞག་པའི་ལུགས་གཉིས་ཀ་ལ་གསལ་བས། ལུགས་འདི་ལ་ཐུན་མོང་མ་ཡིན་པར་གྱུར་པའི་རྣམ་པར་བཞག་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་ཐེག་པ་ཆེན་པོ་བསྡུས་པ་ལས། མདོར་བསྡུ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་གཉིས་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ནོ། །དེ་ལ་གང་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་དེ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཏེ། ངོ་བོ་ཉིད་སྣ་ཚོགས་པ་རྣམ་པར་དབྱེ་བའི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་གང་ཡིན་པ་དེ་ནི། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཏེ། བདེ་འགྲོ་དང༌། ངན་འགྲོ་དག་ཏུ་སྡུག་པ་དང་མི་སྡུག་པའི་ལུས་རྣམ་པར་དབྱེ་བ་སྣ་ཚོགས་ཀྱི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྨོངས་པ་ཁ་ཅིག་ནི། རང་བཞིན་གྱི་རྒྱུ་ལས་བྱུང་བར་རྟོག ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག ཁ་ཅིག་ནི་དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག ཁ་ཅིག་ནི་བདག་གི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག ཁ་ཅིག་ནི་རྒྱུ་མེད་པ་དང་རྐྱེན་མེད་པ་ཉིད་དུ་རྟོག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པ་ལ་རྨོངས་པ་དག་ནི། བདག་ལས་བྱེད་པ་པོ་དང་ཟ་བ་པོར་རྟོག་སྟེ། དཔེར་ན་དམུས་ལོང་མང་པོ་ཞིག་ཡོད་དེ་དེ་དག་ཀྱང་གླང་པོ་ཆེ་མ་མཐོང་བ་ཤ་སྟག་ཅིག་སྟེ། ཞེས་པ་ནས། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ། དེས་ཁམས་གསུམ་པའི་ལུས་ཐམས་ཅད་དང་འགྲོ་བ་ཐམས་ཅད་བསྡུས་སོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་ཅི་ཀུན་གཞིའི་སྟེང་གི་ས་བོན་ལས་འབྲས་བུ་བདེ་སྡུག་སྣ་ཚོགས་པ་དག་འབྱུང་ན། ནུས་པ་དེ་གཅིག་གམ་སྣ་ཚོགས་པ་ཡིན་ཞེ་ན། ནུས་པ་སྣ་ཚོགས་པ་མ་ཡིན་ཀྱང༌། འབྲས་བུ་སྣ་ཚོགས་འབྱུང་བ་མི་འགལ་བའི་ཚུལ་ཡང༌། ཇི་སྐད་དུ་ཐེག་བསྡུས་ལས། བག་ཆགས་ཐ་དད་པ་མ་ཡིན་ཞིང༌། སྣ་ཚོགས་པ་མ་ཡིན་པ། ཆོས་ཐ་དད་པ། སྣ་ཚོགས་པ་དག་གི་རྒྱུར་ཇི་ལྟར་རུང་ཞེ་ན། དཔེར་ན་ཚིག་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་བ་གང་གི་ཚེ། ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ། རས་ལ་ཚོན་རྣམས་ཀྱི་དབྱེ་བ་ཐ་དད་པ་རྣམ་པ་སྣ་ཚོགས་དུ་མ་སྟོན་པ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་བག་ཆགས་སྣ་ཚོགས་ཀྱིས་བསྒོས་པ་ཡང༌། བག་ཆགས་ཀྱི་དུས་ན་སྣ་ཚོགས་མ་ཡིན་ཡང༌། འབྲས་བུ་མངོན་པར་འགྲུབ་པའི་ཚོན་གྱི་སྣོད་དུ་མངོན་པར་ཕྱོགས་ན། ཆོས་སྣ་ཚོགས་ཚད་མེད་པ་དག་སྟོན་ཏེ། འདི་ནི་ཐེག་པ་ཆེན་པོ་ལ་ཕྲ་བ་མཆོག་ཏུ་ཟབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཡན་ལག་གི་ཁྱད་པར་འགའ་ཞིག་ལ་དང༌། ས་མཚུངས་ཀྱི་ཁྱད་པར་འགའ་ཞིག་ལ་དོགས་པ་བཅད་པའོ། །དང་པོ་འཕེན་བྱེད་ཀྱི་རྒྱུ་ནི་གཉིས་ཏེ། བག་ཆགས་འཇོག་བྱེད་དང༌། དེས་བཞག་པའི་བག་ཆགས་སོ། །འཕངས་པའི་འབྲས་བུ་ནི་གཉིས་ཏེ། འཕངས་ཤིང་མ་གྲུབ་པའི་གནས་སྐབས་དང༌། ཇི་ལྟར་འཕངས་པ་བཞིན་གྲུབ་པའི་གནས་སྐབས་སོ། །དང་པོ་ནི། འཕངས་པའི་ཡན་ལག་ཁོ་ན་ཡིན་གྱི། གྲུབ་པའི་ཡན་ལག་མ་ཡིན་ལ། གཉིས་པ་ནི། འཕངས་པའི་ཡན་ལག་དང་གྲུབ་པའི་ཡན་ལག་གཉིས་ཀའི་གཞི་མཐུན་ནོ། །ཡང་དང་པོ་ནི། རྣམ་སྨིན་ཁོ་ན་ཡིན་གྱི་རྒྱུ་མཐུན་མ་ཡིན། གཉིས་པ་ནི། གཉིས་ཀའི་གཞི་མཐུན་ནོ། །དེས་བཞག་པའི་བག་ཆགས་ལ་ཡང་གཉིས་ཏེ། རྣམ་སྨིན་གྱི་རྒྱུན་སྔར་མ་རྙེད་པ་གསར་དུ་རྙེད་པར་བྱེད་པའི་རྒྱུ་དང༌། རྙེད་ཟིན་གྱི་རྒྱུན་འཕེལ་བར་བྱེད་པའི་རྣམ་སྨིན་གྱི་རྒྱུ་གཉིས་སོ། །དང་པོ་ནི། རྒྱུ་དུས་ཀྱི་ཀུན་གཞི་ཁོ་ནའི་སྟེང་ན་ཡོད་ཅིང༌། གཉིས་པ་ནི་འབྲས་དུས་ཀྱི་ཀུན་གཞི་ཁོ་ནའི་སྟེང་ན་ཡོད་དོ། །འགྲུབ་བྱེད་ལ་གཉིས་ཏེ། འགྲུབ་བྱེད་ཀྱི་བག་ཆགས་འཇོག་བྱེད་དང༌། དེས་བཞག་པའི་བག་ཆགས་གཉིས་སོ། །དེ་ལའང་གཉིས་ཏེ། རྣམ་སྨིན་གྱི་ཁྱད་པར་མ་གྲུབ་པ་གྲུབ་པར་བྱེད་པའི་དང༌། གྲུབ་ཟིན་གྱི་རྒྱུན་འཕེལ་བར་བྱེད་པའི་འོ། །དང་པོ་རྒྱུ་དུས་ཀྱི་དང༌། གཉིས་པ་འབྲས་དུས་ཀྱི་ཀུན་གཞི་ཁོ་ནའི་སྟེང་ན་གནས་སོ། །གཉིས་པོ་དེ་རྣམ་སྨིན་སྐྱེད་བྱེད་ཡིན་ཀྱང༌། རྣམ་སྨིན་གྱི་རྒྱུ་དངོས་མ་ཡིན་ཏེ། དེའི་རྣམ་སྨིན་གྱི་འབྲས་བུ་སོ་སོར་ངེས་པ་མེད་པའི་ཕྱིར་དང༌། འཕེན་བྱེད་མི་དགེ་བ་ལ་འགྲུབ་བྱེད་དགེ་བས་བྱས་པ་སོགས་སྲིད་པའི་ཕྱིར། དེས་ན་སྐལ་མཉམ་གྱི་རྒྱུའོ། །གྲུབ་པའི་འབྲས་བུ་ནི་མ་འོངས་པའི་ཆ་ནས་འཇོག་པ་མི་སྲིད་ཅིང༌། འཕངས་པའི་འབྲས་བུ་དང་ལྡོག་ཆ་སོ་སོར་འབྱེད་རྒྱུ་ཡོད་ཀྱང་ཚོགས་པ་གཅིག་ན་གནས་པ་ཡིན་ཏེ། གཉིས་པོ་ངོ་བོ་དང་དེའི་ཁྱད་པར་དུ་གཞག་དགོས་པའི་ཕྱིར། འོ་ན་ཅི་མིང་གཟུགས་ནས་ཚོར་བའི་བར་གྱི་རྟེན་འབྲེལ་བཞི་པོ་སོ་སོའི་ངོས་འཛིན་མ་འོངས་པའི་ཆ་ནས་སམ། ད་ལྟར་གྲུབ་ཟིན་པའི་ཆ་ནས་འཇོག་ཅེ་ན། དང་པོ་ལྟར་ཁས་ལེན་པ་ཡིན་ཏེ། གྲུབ་པའི་གནས་སྐབས་ལས་ནི་སྐྱེ་བ་དང་རྒ་ཤིར་འདོགས་པའི་ཕྱིར། དེའི་དོན་ཡང་འདི་ལྟར་འཆད་དགོས་པ་ཡིན་ཏེ། ཡན་ལག་མདོར་བསྡུ་བའི་རྣམ་པར་བཞག་པ་དེ་ནི། རྣལ་འབྱོར་སྤྱོད་པའི་ཐུན་མོང་མ་ཡིན་པའི་ལུགས་དང༌། ཀུན་གཞི་རྣམ་པར་བཞག་པ་ཁོ་ནའི་དབང་དུ་བྱས་པ་ཡིན་པ་དེའི་ཚེ་འཕངས་པའི་ཡན་ལག་མ་འོངས་པ་ཁོ་ན་དང༌། འཕངས་པའི་དོན་འབྱུང་རུང་གི་ས་བོན་བཏབ་པ་ལ་བྱེད་པ་ཡིན་ནོ། །ཡན་ལག་གི་བྱེད་ལས་རྣམ་པར་བཞག་པ་ནི་ཐེག་པ་ཐུན་མོང་གི་ལུགས་དང༌། ཀུན་གཞིའི་རྣམ་པར་བཞག་མ་བཞག་གཉིས་ཀ་ལ་ཁས་ལེན་དུ་རུང་བ་དེའི་ཚེ་ནི། མིང་གཟུགས་སོགས་བཞི་པོའི་འཇོག་མཚམས་ཀྱང༌། རང་རང་གི་འགྲུབ་བྱེད་ཀྱིས་གྲུབ་ཟིན་པའི་དབང་དུ་བྱས་ནས་བཤད་པ་ཡིན་ལ། དེ་ལྟར་བཤད་པ་དེ་འགྲུབ་བྱེད་ཀྱི་རྐྱེན་གྱིས་གསོས་བཏབ་མ་ཟིན་པ་མ་འོངས་པ་ན་འབྱུང་རུང་དག་ལ་ཡང་སྦྱར་ནས་འགྲིག་པས་ཐུན་མོང་བ་ཡིན་ནོ། །འོ་ན་ལུགས་འདིར་གྲུབ་ཟིན་གྱི་མིང་གཟུགས་སོགས་ཀྱི་བྱེད་ལས་དེ་དག་བཅུ་གཉིས་པོའི་སྐབས་གང་དུ་འཇོག་པ་ཡིན་ཞེ་ན། སྐྱེ་བའི་སྐབས་སུ་གཞག་དགོས་པ་ཡིན་ནོ། །བཅུ་གཉིས་ཀྱི་ཐོག་མར་བྱུང་བའི་མ་རིག་པ་ལ་གཉིས་ཏེ། འཕེན་བྱེད་ཀྱི་རྒྱུའི་ཀུན་སློང་དུ་གྱུར་པ་དང༌། དུས་ཀྱི་ཀུན་སློང་དུ་གྱུར་པའོ། །དང་པོ་ལ་གཉིས་ཏེ། ཉོན་ཡིད་འཁོར་དུ་དང༌། ཡིད་ཤེས་འཁོར་དུ་བྱུང་བའོ། །དེ་ལའང་གཉིས་ཏེ། སྒོམ་སྤང་དུ་གྱུར་པ་ལྷན་ཅིག་སྐྱེས་པའི་དང༌། མཐོང་སྤང་དུ་གྱུར་པ་ཀུན་བརྟགས་ཀྱིའོ། །དུས་ཀྱི་ཀུན་སློང་ལ་བདེ་འགྲོ་འཕེན་བྱེད་ཀྱི་ལས་ལ་ནི། དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་གྱི་མ་རིག་པས་བྱས་པ་མི་སྲིད་ལ། ངན་འགྲོ་འཕེན་བྱེད་ཀྱི་ལས་ཀྱི་དུས་ཀྱི་ཀུན་སློང་དེས་བྱས་པར་ངེས་མོད། དེ་ལྟ་ན་ཡང་དེའི་དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་གྱི་ཡིད་ནི་མི་སྲིད་དེ། སྲིད་ན་དེ་མི་དགེ་བར་ཐལ་བས་སོ། །དེའི་ཕྱིར་ཡིད་ཤེས་འཁོར་གྱི་མ་རིག་པ་ཁོ་ནར་ངེས་ལ། དེའི་ནང་ནས་ཀྱང་མཐོང་སྤང་དུ་བཤད་ན་ལེགས་པ་ཡིན་ཏེ། ངན་སོང་གི་ཕུང་ཁམས་སྐྱེ་མཆེད་མཐོང་སྤང་ཡིན་པར་གཞུང་འདིར་གསུངས་པ་དང་མཐུན་པས་སོ། །འོ་ན་བདེ་འགྲོ་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་སྒོམ་སྤངས་སུ་གྱུར་པའི་མ་རིག་པས་བྱེད་པ་ཡོད་ན། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པའི་དོན་ཅི་ཞེ་ན། དེའི་ཚེ་དེས་དེ་མ་སྤངས་ཀྱང་མངོན་དུ་མི་འབྱུང་བ་ལ་དགོངས་པ་ཡིན་ཏེ། མ་རིག་པའི་དངོས་ཀྱི་འགལ་ཟླ་བདེན་པ་མངོན་སུམ་དུ་རྟོགས་པའི་ཕྱིར། ཁམས་གོང་གི་རྟེན་ལ་འདོད་པའི་མཐོང་སྤང་གི་མ་རིག་པ་མ་སྤངས་ཀྱང༌། དེས་ལས་ཀྱི་ཀུན་སློང་མི་བྱེད་པ་བཞིན་ནོ། །རྣམ་པར་ཤེས་པའི་རྟེན་འབྲེལ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་དངོས་ཡིན་ལ། དེ་ལ་ཡང་འཕེན་བྱེད་ཀྱི་ལས་དངོས་དང༌། དེའི་བག་ཆགས་གཉིས་ལས་ཕྱི་མ་ཡིན་ལ། བག་ཆགས་དེ་ཉིད་བག་ཆགས་ཅན་གྱི་རྣམ་པར་ཤེས་པ་དངོས་སུ་ཁས་ལེན་དགོས་པ་ཡིན་ཏེ། དཔེར་ན་ཐོས་པའི་བག་ཆགས་ཞེས་བྱ་བ་ཟག་མེད་ཀྱི་ཡེ་ཤེས་ཉིད་ལ་འདོད་དགོས་པ་བཞིན། རྒྱུ་དུས་ཀྱི་རྣམ་ཤེས་དེ་ཉིད་སྤྱིར་རྣམ་སྨིན་དངོས་ཡིན་ཀྱང་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་རྣམ་སྨིན་ཡིན་གྱི། ཆ་དེར་གཏོགས་པའི་རྣམ་སྨིན་གྱི་རྒྱུ་ཁོ་ནའོ། །འོ་ན་ལུགས་འདི་ལ་འབྲས་དུས་ཀྱི་རྣམ་པར་ཤེས་པ་སྐབས་གང་དུ་གཞག་ཅེ་ན། འཕངས་པའི་ཡན་ལག་བཞི་པོ་འཇོག་པའི་ཚེ། མ་འོངས་པ་འབྱུང་འགྱུར་གྱི་ཆ་ནས། སྐྱེ་རྒ་གཉིས་འཇོག་པའི་ཚེ། གྲུབ་ཟིན་གྱི་ཆ་ནས་འཇོག་པ་དེ་ཉིད་དོ། །མིང་གཟུགས་ནས་ཚོར་བའི་བར་གྱི་རྟེན་འབྲེལ་གྱི་འཇོག་ཚུལ་ཡང༌། གང་འཕངས་པ་དང༌། ཇི་ལྟར་འཕངས་པའི་ཚུལ་གཉིས་མ་ནོར་བར་སོ་སོར་ཤན་ཕྱེད་པའི་སྒོ་ནས་འཇོག་པ་གལ་ཆེ་བ་ཡིན་ཏེ། རྟེན་འབྲེལ་གྱི་ངོ་བོ་ནི། རྣམ་སྨིན་གྱི་ཆ་ནས་འཛིན་དགོས་པས་གང་འཕངས་པ་དེ་ཉིད་ཡིན་ལ། ད་ལྟ་ཇི་ལྟར་གནས་པའི་ཚུལ་ནི། འབྱུང་རུང་ངམ་ས་བོན་གྱི་ཚུལ་དུ་གནས་པས་དེས་ཡན་ལག་ཕྱི་མ་རྣམས་ཀྱི་རྐྱེན་བྱེད་པའི་ཚུལ་ནི་ནུས་པའི་སྒོ་ནས་གཞག་དགོས་པས་སོ། །སྲེད་པ་དང་ལེན་པའི་ཁྱད་པར་ནི། འདོད་ཆགས་དང་འདུན་པའི་ཁྱད་པར་གང་ཡོད་པ་དེ་ཉིད་ཡིན་ཏེ། ད་ལྟར་གྱི་ལོངས་སྤྱོད་ལ་སྲེད་པ་དང༌། མ་འོངས་པའི་ལོངས་སྤྱོད་ཚོལ་བའི་ཁྱད་པར་ལས་སོ། །དེ་ཡང་དཔེར་ན། བསམ་གཏན་དང་པོའི་སྲེད་པས་ནི་དངོས་པོའི་ཚོར་བ་སྐྱེས་ཟིན་པ་ལ་སྲེད་པར་བྱེད་ལ་དེའི་ལེན་པས་ནི། དེ་མ་འོངས་པ་ཚོལ་བར་བྱེད་པ་བཞིན་ནོ། །འདི་གཉིས་ངེས་པར་ས་མཚུངས་དགོས་པ་ཡིན་ཏེ། རྣམ་སྨིན་གྱི་སྐྱེ་བ་གཅིག་འགྲུབ་པ་ལ་སྲེད་ལེན་གཉིས་ངེས་པར་དགོས་པའི་ཕྱིར་དང༌། གང་ལ་སྲེད་པ་སྐྱེས་པ་དེ་ཉིད་ལེན་པ་ཡིན་གྱི། དེ་ལས་གཞན་ལེན་ན། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་བའི་གོ་དོན་མ་ཚང་བའི་ཕྱིར་དང༌། ལེན་པ་མེད་ན་སྲེད་པ་རྐྱང་པས་ལས་གསོས་འདེབས་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་གང་དག་སྲེད་ལེན་གྱི་ཁྱད་པར་ད་ལྟར་བ་དང་མ་འོངས་པའི་ཕུང་པོ་ལ་སོ་སོར་སྲེད་པའི་ཁྱད་པར་གྱི་སྒོ་ནས་བཤད་པ་ལ་འཁྲུལ་ནས། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ་རྟེན་འབྲེལ་ཚར་གཅིག་གི་སྲེད་པས་འདོད་པའི་ཚོར་བ་ལ་སྲེད་པ་དང༌། ལེན་པས་བསམ་གཏན་དང་པོའི་ཚོར་བ་ལེན་པར་འདོད་པ་ནི། ཤིན་ཏུ་ནོངས་པ་ཡིན་པས་དེའི་རྗེས་སུ་ཟློས་པར་མི་བྱའོ། །སྲིད་པ་ནི་སྲེད་ལེན་གྱིས་བཞག་པའི་བག་ཆགས་ཡིན་གྱི། དེ་གཉིས་ཀྱིས་ཀུན་ནས་བསླང་པའི་ལས་དངོས་མ་ཡིན་ཏེ། དེ་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་ཡོད་ལ། འདི་ནི་ཀུན་གཞིའི་ས་བོན་གྱི་གནས་སྐབས་ལ་འཆད་དགོས་པའི་ཕྱིར། དེ་སྐད་དུ་ཡང་དབྱིག་གཉེན་ཞབས་ཀྱིས། རྟེན་འབྲེལ་མདོ་འགྲེལ་ལས། གང་གི་ཚེ་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བརྗོད་པ་དེའི་ཚེ་ནི་བག་ཆགས་ཀྱི་གནས་སྐབས་ལ་སྲིད་པའི་མིང་ཐོབ་པ་ཡིན་ནོ། །གལ་ཏེ་དེའི་བག་ཆགས་དེ་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཡིན་ན། འཇུག་པ་རྙེད་པ་ཡིན་ནོ། །འཇུག་པ་མ་རྙེད་པ་ཡིན་ན་ནི་ལས་ཀྱི་མིང་དང་འདུ་བྱེད་ཀྱི་མིང་ཐོབ་པ་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །དེས་ན་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་དེ་ཉིད་སྲེད་ལེན་གྱིས་ནུས་པ་བརྟན་པར་བྱས་ནས་ཡང་སྲིད་དུ་འཇུག་པ་རྙེད་པ་དེའི་ཚེ་སྲིད་པ་ཞེས་བྱ་ཞིང༌། དེ་ཡང་འཕེན་བྱེད་ཀྱི་ལས་ངེས་པ་རྣམས་ལ་སྔོན་དུས་ཀྱི་སྲིད་པ་ལ་གནས་པ་དེའི་ཚེ། ལས་ཀྱི་སྲིད་པ་ཞེས་བྱ་བ་འདིར་འགྱུར་ཞིང༌། འཕེན་བྱེད་ཀྱི་ལས་མ་ངེས་པ་རྣམས་ནི་འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེ། འཕེན་བྱེད་ཀྱི་བག་ཆགས་དེ་ཉིད་ལས་ཀྱི་སྲིད་པ་འདིར་འགྱུར་རོ། །སྲིད་པ་འདི་ལ་ཡང་གཞོལ་བའི་སྲིད་པ་དང༌། ཞུགས་པའི་སྲིད་པ་ཞེས་བྱ་བ་གཉིས་སུ་ཕྱེ་ནས། དང་པོ་ནི། སྐྱེ་བ་ཕྱི་མའི་བར་སྲིད་ནས་ལྡོག་ལ། གཉིས་པ་ནི་བར་སྲིད་དུ་ཞུགས་ནས་སྐྱེ་སྲིད་ཀྱི་ཚེ་ལྡོག་གོ །མདོར་ན་སྲིད་པ་འདིའི་ངོ་བོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་ཞིང༌། དེ་ལ་གཞོལ་བ་དང་ཞུགས་པའི་དབྱེ་བས་ཚར་གཅིག་པུ་དེའི་རྣམ་སྨིན་གྱི་ཆ་ཡིན་མིན་གཉིས་སྲིད་དོ། །ཞེས་བྱ་བ་འདི་ནི་རྟེན་འབྲེལ་མདོ་འགྲེལ་གྱི་བཤད་པའོ། །སྐྱེ་བ་ཞེས་བྱ་བ་ནི། རྟེན་འབྲེལ་ཚར་གཅིག་པོ་དེའི་འབྲས་དུས་ཀྱི་རྣམ་ཤེས་གྲུབ་པའི་གནས་སྐབས་སོ། །འདི་ལ་བར་སྲིད་དུ་སྐྱེས་པའི་གནས་སྐབས་དང༌། སྐྱེ་སྲིད་དུ་སྐྱེས་པའི་གནས་སྐབས་གཉིས་སོ། །མངོན་པ་འོག་མ་ལྟར་ན་བར་སྲིད་དང༌། སྐྱེ་སྲིད་ཆ་གཅིག་གིས་བསྡུས་པ་ཡིན་པས་སྐྱེས་པའི་ས་མཚམས་བར་སྲིད་ནས་འཇོག་ཀྱང༌། ལུགས་འདིར་ནི་བར་སྲིད་ནས་ཤི་འཕོས་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་དགོས་པས། སྐྱེ་སྲིད་ཚུན་ཆད་ནས་སྐྱེ་བར་འཇོག་གོ །འདི་གང་ལ་འདོགས་པའི་གཞིར་གྱུར་པའི་མིང་གཟུགས་ནས་ཚོར་བའི་བར་གྱི་ས་མཚམས་ཀྱང་དེ་ལྟར་ངེས་པ་ཡིན་ལ། དེའི་ཚེ་བཞི་པོ་དེ་དག་གི་ངོ་བོ་ཡང་འབྲས་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ། །རྒ་ཤི་ནི་གཞུང་འདིར་གྲུབ་པའི་ཡན་ལག་ཏུ་བཞག་ལ། རྟེན་འབྲེལ་གྱི་མདོ་འགྲེལ་ལས་ནི་ཉེས་དམིགས་ཡན་ལག་ཅེས་བྱ་བ་ཡན་ལག་ལྔ་པ་ཞིག་ཏུ་བཤད་དོ། །གཉིས་པ་ས་མཚུངས་ཀྱི་ཁྱད་པར་ལ། ཀུན་ལ་གྲགས་ཟིན་པ་དེ་ཉིད་འདིར་མ་བྲིས་པར། རྟོག་དཔྱོད་ཀྱི་གནས་འགའ་ཞིག་བརྗོད་པར་བྱ་བ་ལ། རྣམ་བཤད་མཛད་པ་སྔ་མ་རྣམས་འདུ་བྱེད་ལ་སོགས་པ་བཅུ་གཅིག་པོ་ས་མཚུངས་པའི་ཤེས་བྱེད་དུ། ས་གཞན་གྱི་འཕེན་བྱེད་དང༌། གསོས་འདེབས་བྱེད་དང༌། རྣམ་སྨིན་རྣམས་ས་གཞན་གྱི་དེ་དང་དེར་འགལ་བའི་ཕྱིར། ཞེས་དང༌། ཁ་ཅིག་རྒྱུ་དུས་ཀྱི་རྣམ་ཤེས་མ་གཏོགས་པ་བཅུ་པོ་ས་མཚུངས་པ་ཡིན་ནོ། །ཞེས་འཆད་པ་དེ་དག་ནི་སྤྱིར་རྒྱུ་འབྲས་ཆ་གཅིག་པའི་རྣམ་གཞག་གོ་བའི་གཏམ་ཡིན་པས་ལེགས་པར་བཤད་པ་ཡིན་མོད། ཞིབ་མོར་ཕྱེ་ན་རྣམ་པར་ཤེས་པ་རྒྱུ་དུས་ཀྱི་ཀུན་གཞི་ལ་འཆད་དགོས་པས། རྣམ་སྨིན་དང་ས་མཚུངས་པའི་ཁྱབ་པ་མེད་པ་དང༌། སྲིད་པ་ཡང་འགྲུབ་བྱེད་ཀྱི་རྒྱུ་ཁོ་ནར་འཆད་པ་དེའི་ཚེ། གོང་དུ་བཤད་པའི་ལུང་དང་རིགས་པས་རྒྱུ་དུས་ཀྱི་ཀུན་གཞི་ཉིད་དུ་འཆད་དགོས་པས་རྣམ་སྨིན་དང་ས་མི་མཚུངས་པ་དང༌། མིང་གཟུགས་ནས་ཚོར་བའི་བར་གྱི་ངོས་འཛིན། ཀུན་གཞིའི་སྟེང་གི་དེ་དང་དེ་འབྱུང་རུང་གི་ནུས་པ་ལ་འཆད་པ། དོན་གསང་རྣམ་པར་བཤད་པ་ལ་སོགས་པ་མང་པོ་དག་གི་ལུགས་ཡིན་ལ། དེར་ཡང་རྒྱུ་དུས་ཀྱི་ཀུན་གཞི་གར་གཏོགས་དེ་ཉིད་དུ་དེའི་ནུས་པ་ཡང་གཏོགས་པར་འདོད་དགོས་པས། རྣམ་སྨིན་དང་ས་མི་མཚུངས་པ་དང༌། ཡང་འདོད་པའི་རྟེན་ལ་ཁམས་གོང་གི་ལས་ཀྱི་བག་ཆགས་གང་ཡོད་ཁམས་གོང་དུ་གཏོགས་པར་ཁས་ལེན་ན་ནི། རྒྱུ་དུས་ཀྱི་ཀུན་གཞིའི་རྣམ་ཤེས་ཀྱང་ཁམས་གོང་མ་ཉིད་དུ་གཏོགས་པར་ཁས་ལེན་དགོས་ལ། དེ་ཡང་དེ་ལྟ་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལུས་རྟེན་གང་དུ་གཏོགས་པ་དེར་གཏོགས་པ་ཡིན་ནོ། །ཞེས་འདོད་པ་དང་འགལ་ལ། མདོར་ན་ཀུན་གཞིའི་སྟེང་ན་ཟག་བཅས་ཀྱི་ས་བོན་གང་ཡོད་པ་དེ་ཐམས་ཅད་རྟེན་ཀུན་གཞི་གང་དུ་གཏོགས་པ་དེ་ཉིད་དུ་གཏོགས་སོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །ཡང་བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བའི་ཚེ། བསམ་གཏན་དང་པོའི་རྟེན་ལ་འདོད་པའི་སས་བསྡུས་ཀྱི་སྲེད་ལེན་སྲིད་པ་གསུམ་མངོན་དུ་འགྱུར་བ་དང༌། དེའི་ཤེས་བྱེད་དུ་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་མངོན་པའི་ང་རྒྱལ་ཅན། ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟས་དམྱལ་བར་སྐྱེས་པ་བཞིན་ནོ། །ཞེས་འཆད་པ་དེ་ཡང་རྣམ་པར་དཔྱད་དགོས་པ་ཡིན་ཏེ། བསམ་གཏན་དང་པོའི་རྟེན་ལ་འདོད་པའི་སས་བསྡུས་ཀྱི་ཚོར་བ་མེད་ན་ནི་དེའི་སྲིད་པ་འབྱུང་བར་མི་རིགས་ཏེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར། ཡོད་ན་དེའི་ལུས་ཚོར་དང༌། སེམས་ཚོར་གཉིས་ལས་གང་ཞིག་ཡིན། ཞེས་བརྟགས་ན་མི་བཟོད་པ་ཡིན་ཏེ། ཁམས་གོང་གི་རྟེན་ལ་འདོད་པའི་སས་བསྡུས་ཀྱི་རྣམ་པར་ཤེས་པའི་ཚོགས་དྲུག་འབྱུང་བ་མེད་པའི་ཕྱིར། དེ་ཡོད་ན་ནི་དེ་ལ་དེའི་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་ན་དོན་འདི་ཡིན་ཏེ། བསམ་གཏན་དང་པོའི་རྟེན་ལ་སྲེད་པ་ཤས་ཆེའི་སྙོམས་འཇུག་ཉོན་མོངས་ཅན་གྱིས་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ལས་ཉམས་ནས་འཆི་བའི་སྲིད་པ་མངོན་དུ་གྱུར་པ་དེའི་ཚེ། འདོད་པའི་ཕུང་པོ་དོན་དུ་གཉེར་བའི་འདུན་པ་སྐྱེ་བར་འགྱུར་ལ། དེ་ལ་ནི་འདོད་པ་ཉེ་བར་ལེན་པ་ཞེས་བྱ་ལ། དེས་འདོད་པར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་ལྡན་པའི་བསམ་གཏན་དང་པོའི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་འདོད་པའི་སྐྱེ་སྲིད་འགྲུབ་བྱེད་ཀྱི་སྲིད་པར་བྱས་པ་ཡིན་ནོ། །དེ་འདྲ་བའི་ལེན་པ་དང་སྲིད་པ་དེ་འདོད་པ་ཁམས་ཀྱི་བར་དོར་ཞུགས་ནས་དེའི་སྐྱེ་བའི་སྲིད་པ་འགྲུབ་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་རྟེན་འབྲེལ་མདོ་འགྲེལ་གྱི་བཤད་པའོ། །དེ་ལྟར་ན་གོང་མའི་རྟེན་ལ་འོག་སའི་ལེན་པ་ངེས་པར་དགོས་ལ། སྲེད་པ་ནི་མི་འབྱུང་ཞིང་ངེས་པར་དགོས་པའང་མ་ཡིན་ལ། སྲིད་པ་ནི་འཆི་བའི་ཚེ་ཁོ་ན་མངོན་དུ་འགྱུར་བའོ། །དེའི་ཕྱིར་གོང་སའི་སྲེད་པས་གོང་ས་ལས་ཉམས་ནས། འོག་སའི་ཉེ་བར་ལེན་པ་འབྱུང་བ་དེ་ལྟ་ན། རྟེན་འབྲེལ་ཚར་གཅིག་གི་སྲེད་ལེན་གཉིས་པོ་ས་མི་མཚུངས་པ་གཅིག་ཀྱང་སྲིད་དོ། །དེ་ཡང་གོང་ས་ནས་འོག་སར་སྐྱེ་བའི་ཚེ་ཁོ་ན་ཡིན་གྱི། གོང་དུ་སྐྱེ་བའི་ཚེ་དང་རང་སར་སྐྱེ་བའི་ཚེ་ནི་མ་ཡིན་ཏེ། དེའི་ཚེ་སྲིད་ལེན་གཉིས་གང་ལ་སྐྱེ་བའི་གཞི་ས་མཚུངས་པ་ངེས་པར་དགོས་པའི་ཕྱིར། ཡང་མ་རིག་པའི་ས་མཚུངས་ཀྱི་སྐབས་སུ་གོང་སའི་རྟེན་ལ་འོག་སར་སྐྱེ་བའི་ལས་སོགས་པ་མེད་ཅེས་མགྲིན་གཅིག་ཏུ་གསུང་བ་དེ་ཡང༌། མངོན་པ་འོག་མའི་ལུགས་ནི་གཏན་མ་ཡིན་ཞིང༌། གོང་མའི་ལུགས་ལ་ཤེས་བྱེད་ཀྱི་ལུང་ཅི་ཡོད་བཙལ་དགོས་ཤིང༌། རིགས་པ་ལ་ནི་ཡིད་བརྟན་མི་སྣང་སྟེ། ས་གོང་མར་སྐྱེས་པ་རྣམས་ནི་འོག་མ་ལ་དམན་པར་མཐོང་བའི་ཕྱིར། ཞེས་ཟེར་བ་དེ་ཉིད་དེའི་རིགས་པ་ཡིན་ལ། དེ་ལྟ་ན་གོང་སའི་རྟེན་ལ་འོག་སར་སྐྱེ་བ་འགྲུབ་བྱེད་ཀྱི་ལས་སོགས་པ་མེད་པར་ཡང་མཚུངས་སོ། །དེའི་ཕྱིར་གོང་མའི་རྟེན་ལ་འོག་མ་འགྲུབ་བྱེད་ཀྱིས་ཉོན་མོངས་པ་ཡོད་ན་འཕེན་བྱེད་ཀྱི་ཉོན་མོངས་པ་ཡང་ཡོད་པར་ཁས་ལེན་ནུས་པ་ཡིན་ནོ། །ཡང་བསམ་གཏན་དང་པོའི་རྟེན་ལ་དང་པོའི་དེ་ཉིད་དུ་འཕེན་བྱེད་ཀྱི་ལས་སོགས་པ་མེད་དོ་ཞེས་ཟེར་བ་ཡང༌། བསམ་གཏན་དང་པོར་འཕེན་བྱེད་ཀྱི་ལས་གང་ཡིན་བསམ་གཏན་དང་པོའི་ཉེར་བསྡོགས་སུ་གཏོགས་དགོས་པ་ལ་བསམས་པ་ཡིན་མོད། དེའི་ཡང་ཤེས་བྱེད་ཀྱི་ལུང་རིགས་བསམ་དགོས་ཤིང༌། བསམ་གཏན་བཞི་པའི་རྟེན་ལ་འདུ་ཤེས་མེད་པའི་སྙོམས་འཇུག་དང་པོར་སྒྲུབ་པ་ཞིག་མཛོད་འགྲེལ་ལས་འཆད་པ་ལྟར་ན། བསམ་གཏན་བཞི་པའི་རྟེན་ལ་བཞི་པ་དེ་ཉིད་དུ་འཕེན་བྱེད་ཀྱི་ལས་སོག་པ་ཡོད་པར་གསལ་ཏེ། རྟེན་དེ་ལ་གཟུགས་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པས་སྙོམས་པར་འཇུག་པ་དག་ཡོད་ལ། དེའི་ཚེ་ངེས་འབྱུང་གི་བསམ་པ་དེ་དེར་སྐྱེ་བ་འཕེན་བྱེད་མ་ཡིན་ན་དེར་འཕེན་བྱེད་ཀྱི་ལས་གཞན་མེད་པའི་ཕྱིར་སྙམ་དུ་དོགས་སོ། །མངོན་པ་འོག་མ་པ་རྣམས་ནི་འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ཀྱང་སྲིད་རྩེར་སྐྱེ་བ་འཕེན་བྱེད་ཀྱི་རྒྱུར་བཞེད་པ་ཡིན་ཏེ། ཇི་སྐད་དུ། དགེ་བའོ་གཉིས་སུ་མྱོང་འགྱུར་དང༌། །ཞེས་བཤད་པས་སོ། །ལན་གྲངས་གཞན་ལ་མྱོང་འགྱུར་ཞེས་པ་ཡང་འཕེན་བྱེད་ལ་ཡིན་གྱི། འགྲུབ་བྱེད་ལ་མ་ཡིན་ནོ། །འདིར་སྨྲས་པ། དེས་དེས་མེད་པར་ཀུན་ལ་གྲགས་གྲགས་སོ། །ལབ་ལབ་མང་པོས་བློ་ལ་ལྗེན་ལྗེན་པ། །སླ་སླའི་དོན་ལ་རྟོག་དཔྱོད་གཏོང་གཏོང་ནས། །དཀའ་དཀའི་དོན་རྣམས་བཏང་སྙོམས་གཞག་གཞག་འདྲ། །གང་བཤད་གང་འདི་འཁྲུལ་པ་ཡིན་ཀྱང་བླ། །དཔྱོད་ཆེན་དཔྱོད་པ་འཇུག་པའི་སྒོ་ཡིན་ཕྱིར། །བློ་གསལ་བློ་ཡི་ཁང་བཟང་ཉམས་དགའ་བར། །རང་ཉིད་རང་གི་བཤད་པས་ངེས་འདོམས་ནས། །གཞན་གྲགས་གཞན་ལ་འགྲམ་ཆུ་མི་ལྡང་བར། །ཆོས་མངོན་ཆོས་ཀྱི་མཛོད་དུ་ལག་བརྐྱང་ནས། །ལེགས་བླངས་ལེགས་པར་བཤད་པའི་གཏམ་ཆེན་པོ། །སྙན་གྲགས་སྙན་གྱི་དོ་ཤལ་འདི་ལོངས་ཤིག །ཅེས་ངལ་བསོ་བའི་ཚིགས་སུ་བཅད་པའོ། །བདུན་པ་ཁྱད་པར་གྱི་སྒོ་ནས་དབྱེ་བ་ལ་བརྒྱད་དེ། རྐྱེན་གྱི་དབྱེ་བ་བཤད་པ་དང༌། རྟེན་མཚུངས་དེ་མཚུངས་བཤད་པ་དང༌། ཟིན་པའི་ཤུགས་ལ་མ་ཟིན་པའི་འཇོག་བྱེད་རྟོགས་པའི་ཚུལ་དང༌། སྤྱིར་དབང་པོའི་རྐང་གྲངས་བཤད་པ་དང༌། སྡུག་བསྔལ་ཉིད་གསུམ་གྱི་འཇོག་བྱེད་བཤད་པ་དང༌། རྣམ་པར་སྨིན་བཅས་བཤད་ནས་དེའི་ལོག་ཕྱོགས་ཤུགས་ལ་གོ་བ་དང༌། རིས་མཐུན་གནས་པའི་རྟེན་ཟས་བཤད་པ་དང༌། ཐོབ་བྱ་གོང་བཅས་དང་གོང་མེད་བཤད་པའོ། །དང་པོ་ལ། རྟེན་གྱི་འཇོག་བྱེད་དངོས་བཤད་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུ་དང༌། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོས་ཀྱང་ཆོས་ཅན། རྐྱེན་དུ་བལྟ་བར་བྱ་སྟེ། ཉེ་བར་ལེན་པའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་གཉིས་ཀྱི་སྒོ་ནས་བཤད་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་ནི་ཉེ་བར་ལེན་པའི་རྒྱུའོ། །འདི་ཡང་རྒྱུ་རྐྱེན་གྱི་སྟེང་གི་བག་ཆགས་དང་གསལ་རིག་གི་ལྡོག་ཆ་སོ་སོར་ཕྱེ་བའོ། །གཞན་གཉིས་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ། །དང་པོ་ནི། རྒྱུའི་གཙོ་བོ་ཡིན་ཞིང༌། ཕྱི་མ་གཉིས་ནི་དེའི་གྲོགས་ཡིན་པའི་ཕྱིར། རྒྱུ་དང་རྐྱེན་དུ་རྣམ་པར་བཞག་གོ །དང་པོ་ནི་ཀུན་གཞིའི་ས་བོན་གྱི་ཆའོ། །ཕྱི་མ་གཉིས་ནི་རྣམ་སྨིན་གྱི་ཆ་ལས་བྱུང་བའོ། །དོན་དུ་སྣང་བའི་ཆ་ལ་དམིགས་པའི་རྐྱེན་དང༌། སེམས་ཅན་དུ་སྣང་བའི་ཆ་ལ་བདག་པོའི་རྐྱེན་དུ་བཞག་གོ །འོ་ན་བསྐྱེད་བྱའི་འབྲས་བུ་གང་ལ་སྐྱེད་བྱེད་ཀྱི་རྐྱེན་བཞི་པོ་དེའི་ནུས་པ་འཇུག་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདིར་བསྐྱེད་བྱའི་འབྲས་བུ་ནི་གཉིས་ཏེ། གཉིས་སྣང་གི་ཤེས་པ་དང༌། གཉིས་མེད་ཀྱི་ཤེས་པའོ། །དང་པོ་ལ་གཉིས་ཏེ། གཟུང་བར་སྣང་བའི་རིག་པ་དང༌། འཛིན་པར་སྣང་བའི་རིག་པའོ། །དང་པོ་ནི་གསུམ་སྟེ། གནས། དོན། ལུས་སུ་སྣང་བའོ། །འཛིན་པའང་གསུམ་གསུམ་སྟེ། ཡིད་དང༌། འཛིན་དང༌། རྣམ་པར་རྟོག་པ་ཞེས་བྱ་བ་རྣམས་སོ། །གཟུང་བར་སྣང་བའི་རྣམ་རིག་གསུམ་པོ་དེ་ལའང༌། དངོས་དང༌། དེས་བཞག་པའི་བག་ཆགས་གཉིས་གཉིས་སོ། །འཛིན་པར་སྣང་བ་གསུམ་པོ་ལའང༌། དངོས་དང༌། དེས་བཞག་པའི་བག་ཆགས་གཉིས་སོ། །མདོར་ན་བག་ཆགས་འཇོག་བྱེད་རྣམས་ནི་དམིགས་བདག་གི་རྐྱེན་གཉིས་པོ་གང་རུང་དུ་འགྱུར་ལ། དེས་བཞག་པའི་བག་ཆགས་རྣམས་ནི་རྒྱུའི་རྐྱེན་ནོ། །བག་ཆགས་སད་བྱེད་ནི་དེ་མ་ཐག་པའི་རྐྱེན་ནོ། །འཇོག་བྱེད་ལ་ཡང་གཉིས་ཏེ། འཛིན་པ་དང༌། གཟུང་བའོ། །འཛིན་པ་གསུམ་པོ་འདི་བསྡུ་ན་དབང་པོ་དྲུག་དང༌། རྣམ་པར་ཤེས་པ་དྲུག་ཏུ་འདུས་སོ། །གཟུང་བ་གསུམ་པོའང་བསྡུ་ན། ཡུལ་དུ་སྣང་བ་དྲུག་ཏུ་འདུས་སོ། །དེ་དག་ལས་བག་ཆགས་སད་པ་ལས་བྱུང་བའི་རྣམ་པར་ཤེས་པ་དྲུག་ནི་ཕན་གདགས་བྱའི་འབྲས་བུའོ། །བག་ཆགས་འཇོག་བྱེད་ཀྱི་ཡུལ་དུ་སྣང་བ་དྲུག་ནི་དམིགས་པའི་རྐྱེན་ནོ། །དབང་པོ་དྲུག་ཏུ་སྣང་བ་ནི་བདག་པོའི་རྐྱེན་ནོ། །བག་ཆགས་སད་བྱེད་ཀྱི་རིག་པ་སྔ་མ་ནི་དེ་མ་ཐག་པའི་རྐྱེན་ནོ། །དེ་དག་དེ་ལ་རྐྱེན་དུ་ཇི་ལྟར་འགྱུར་བའི་ཚུལ་ནི། བག་ཆགས་འཇོག་བྱེད་ཀྱི་ཡུལ་དུ་སྣང་བ་དང༌། དབང་པོར་སྣང་བ་གང་དང་གང་ཡིན་པ་དེས་ཀུན་གཞིའི་སྟེང་དུ་ཡུལ་དང་དབང་པོའི་བག་ཆགས་བཞག་ནས། བག་ཆགས་དེས་དོན་སྣང་གི་ཤེས་པ་ཕྱི་མ་འཕྲལ་དང་འཕྲལ་དུ་བསྐྱེད་པ་ལ་ནི་བག་ཆགས་སད་པ་ཞེས་བྱའོ། །མདོར་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དངོས་སུ་སྐྱེད་བྱེད་ནི། རྒྱུའི་རྐྱེན་ཞེས་བྱ་བའི་མིང་ཅན་ཀུན་གཞིའི་བག་ཆགས་དེ་ཉིད་ཡིན་ལ། བག་ཆགས་དེའི་སྟེང་ན་རྐྱེན་གཉིས་ཀྱིས་བཞག་པའི་ལག་རྗེས་མི་འདྲ་བ་གཉིས་ཡོད་པ་ཡིན་ཏེ། ཡུལ་དུ་སྣང་བ་དང༌། དབང་པོར་སྣང་བའོ། །གསལ་རིག་གི་ཆ་ནི་བག་ཆགས་ཀྱིས་བྱས་པ་ལ་མི་ལྟོས་སོ། །ནུས་པ་གཉིས་པོས་སྣང་ཆ་གཉིས་པོ་དེ་སྐྱེད་པར་བྱེད་ཅིང༌། གཉིས་པོ་དེས་ཡང་བག་ཆགས་ཕྱི་མའི་རྒྱུའི་རྐྱེན་བྱེད་ཅིང༌། དེས་ཀྱང་དེ་ལྟར་བྱས་ནས་བྱ་དང་སྒོ་ངའི་ཚུལ་གྱིས་རྒྱུན་ཆགས་པར་འབྱུང་བ་ཡིན་ནོ། །གངས་ཅན་པ་ཕྱི་མ་དག་གཟུགས་འཛིན་མིག་ཤེས་གཟུགས་ཀྱི་རྣམ་ལྡན་དུ་སྐྱེད་བྱེད་ཀྱི་གཟུགས་ཤིག་ཡོད་པར་ཁས་བླངས་ནས། དེ་དེའི་དམིགས་རྐྱེན་དུ་འཆད་པ་སོགས་ནི་རྣལ་འབྱོར་སྤྱོད་པའི་གཞུང་གིས་སུན་འབྱིན་པའི་ཕྱོགས་སྔ་མ་དངོས་ཡིན་ཞིང༌། ཡང་ལ་ལ་དག་གཟུགས་འཛིན་མིག་ཤེས་ལ་རང་འདྲའི་རྣམ་པ་གཏོད་བྱེད་དེའི་དམིགས་རྐྱེན་གྱི་མཚན་ཉིད་དུ་འཇོག་པ་དང༌། ཁ་ཅིག་དེ་མ་ཐག་རྐྱེན་གྱི་སྟེང་གི་ནུས་པ་དམིགས་རྐྱེན་དུ་འདོད་པ་ཡང་དེ་དང་འདྲ་བས་ཡིད་བརྟེན་པར་མི་བྱའོ། །དེས་ན་འདི་ལྟར་ཡིན་ཏེ། གཟུགས་འཛིན་མིག་ཤེས་སྐྱེད་བྱེད་ཀྱི་བག་ཆགས་དེ་དེའི་རྒྱུ་རྐྱེན་ནམ་ཉེར་ལེན་གྱི་རྒྱུའི་མཚན་ཉིད་དོ། །གཟུགས་འཛིན་མིག་ཤེས་སྐྱེད་བྱེད་ཀྱི་བག་ཆགས་དེ་འཇོག་བྱེད་དམ། བག་ཆགས་དེ་སྨིན་པ་ལས་བྱུང་བའི་རྣམ་རིག་དེ་དེའི་རྐྱེན་གྱི་མཚན་ཉིད་དོ། །དེ་ལ་གསུམ་ལས་ཡུལ་དུ་སྣང་བའི་རྣམ་རིག་ནི་དམིགས་པའི་རྐྱེན་ནོ། །སེམས་ཅན་དུ་སྣང་བའི་རྣམ་རིག་ནི་བདག་པོའི་རྐྱེན་ནོ། །བག་ཆགས་སད་བྱེད་ཀྱི་ཡིད་བྱེད་སྔ་མ་ནི་དེ་མ་ཐག་པའི་རྐྱེན་ནོ། །གཉིས་པོ་དེ་རེ་རེ་ལ་ཡང་གཉིས་གཉིས་ཏེ། གཟུགས་འཛིན་མིག་ཤེས་རང་གི་སྔ་རོལ་དུ་བྱུང་བ་དང༌། དུས་མཉམ་དུ་བྱུང་བ་དང༌། སྔར་བྱུང་བ་དེ་རྣམས་ནི་རྐྱེན་གཉིས་ཀྱི་བག་ཆགས་འཇོག་བྱེད་ཡིན་ལ། དུས་མཉམ་པ་རྣམས་ནི་དེས་བཞག་པའི་བག་ཆགས་སྨིན་པའོ། །ཡང་གཟུགས་འཛིན་མིག་ཤེས་ཀྱི་བག་ཆགས་འཇོག་བྱེད་ཀྱི་རྐྱེན་གཉིས་པོ་དེ་ནི། གཟུགས་འཛིན་མིག་ཤེས་ལ་ལྟོས་ནས་སྐྱེ་མཆེད་དུ་འཇོག་པ་ཡིན་ཏེ། མིག་ཤེས་མ་འོངས་པ་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ། །དེ་དང་དུས་མཉམ་པ་དེ་རྣམས་ནི་དེ་ལ་ལྟོས་ནས་ཁམས་སུ་འཇོག་པ་ཡིན་ཏེ། དེ་ལ་ལྟོས་ནས་དུས་མཉམ་པའི་ཉེར་སྤྱོད་འཛིན་པས་སོ། །ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དུ་ནི་རྐྱེན་གསུམ་ལས་ལོགས་སུ་རྒྱུའི་རྐྱེན་མ་བཤད་ལ། དེའི་ཤེས་བྱེད་ཀྱང༌། རྒྱུ་རྐྱེན་གྱི་ལྡོག་ཆ་སོ་སོར་ཕྱེ་བ་ན་དོན་སྣང་གི་བག་ཆགས་དང་སད་བྱེད་ཀྱི་རྐྱེན་ཏེ་གཉིས་པོ་ལས་མ་གཏོགས་པའི་ས་བོན་རྫས་སྤྱི་མ་མི་སྲིད་པ་ལ་དགོངས་པ་ཡིན་ནོ། །དེ་ལྟ་ན་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དུ་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་གྱི་སྟེང་གི་ནུས་པ་ལ་བདག་རྐྱེན་དབང་པོར་བཤད་པ་ཡོད་ཀྱང༌། དམིགས་རྐྱེན་དུ་བཤད་པ་གཅིག་ཀྱང་མེད་དོ། །དེས་ན་འདི་ལྟར། དོན་སྣང་སྔ་མའི་བག་ཆགས་དེ་མ་ཐག་རྐྱེན་གྱི་སྟེང་ན་ཡོད་པ་དེ་ལ་བདག་རྐྱེན་དབང་པོ་ཞེས་བྱ་ལ། དེའི་དབང་གིས་རང་སྐྱེད་བྱེད་ཀྱི་དམིགས་རྐྱེན་ལ་མ་ལྟོས་པར། དོན་དུ་སྣང་བ་རང་ཤུགས་ཀྱིས་བྱུང་བ་དེ་དོན་སྣང་གི་ཤེས་པ་ད་ལྟར་བའི་དམིགས་རྐྱེན་ནོ། །དེ་ལྟར་བཤད་པ་ན་དུས་མཉམ་པའི་དབང་པོ་རྣམས་ནི་རྟེན་ཡིན་ཀྱང༌། བདག་པོའི་རྐྱེན་མ་ཡིན། དུས་མི་མཉམ་པ་རྣམས་ནི་བདག་པོའི་རྐྱེན་ཡིན་ཀྱང་རྟེན་མ་ཡིན་ཏེ། དེ་དག་སོ་སོའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དམིགས་པའི་རྐྱེན་ལ་ཡང་དེ་བཞིན་ནོ། །ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་པའི་དམིགས་བརྟག་གི་གཞུང་དེས་ནུས་པ་ཆོས་ཅན་དུ་བཟུང་ནས་དམིགས་རྐྱེན་དུ་སྒྲུབ་པ་མ་ཡིན་གྱི། ཕྱི་རོལ་དོན་དུ་སྣང་བ་ཆོས་ཅན་དུ་བཟུང་ནས། ནུས་པ་འཇོག་ཕྱིར་ཞེས་པའི་རྟགས་ཀྱིས། རིམ་གྱིས་ཤེས་པ་ཕྱི་མའི་དམིགས་རྐྱེན་དུ་འགྱུར་བར་སྒྲུབ་པའོ། །དེ་ལྟར་ན་གཞུང་འདིར་འཇུག་ཤེས་མ་སྐྱེས་པ་དངོས་སུ་སྐྱེད་པ་དང༌། སྐྱེས་ཟིན་གྱི་རྒྱུན་གནས་པར་བྱེད་པའི་རྒྱུ་ནི་རྒྱུའི་རྐྱེན་ཁོ་ན་ཡིན་ལ། དེ་དང་དེ་མ་ཐག་རྐྱེན་གྱི་ཁྱད་པར་ནི་སྔ་ལོགས་སུ་འདས་ཟིན་པ་དང༌། རྒྱུན་ལྷན་ཅིག་ཏུ་འཇུག་པའི་ཁྱད་པར་ལས་དང༌། བག་ཆགས་སད་བྱེད་ཀྱི་རྐྱེན་དང༌། བག་ཆགས་ཉིད་ཀྱི་ཁྱད་པར་ལས་དང༌། ཡིད་བྱེད་སྔ་མ་དང་ཀུན་གཞི་ཉིད་ཡིན་པའི་ཁྱད་པར་ལས་སོ། །ཐོགས་མེད་སྐུ་མཆེད་ཀྱི་གཞུང་དུ། གཟུང་འཛིན་གཉིས་ཀྱི་རྣམ་གཞག་ལ། གཟུང་ཆ་རྣམས་ནི་ཀུན་གཞིའི་རྣམ་སྨིན་གྱི་སྟེང་ན་གནས་པ་དང༌། འཛིན་ཆ་རྣམས་ནི་དེ་ལས་བྱུང་བར་འཆད་པ་ཡིན་ཏེ། གནས། དོན། ལུས་སུ་སྣང་བའི་རྣམ་རིག་གསུམ་ནི་ཀུན་གཞིའི་རྣམ་སྨིན་གྱི་ཆ་ནས་བཞག་ལ། འཛིན་ཆ་གསུམ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང༌། སྒོ་ལྔའི་དབང་ཤེས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་གསུམ་ལ། གོ་རིམ་བཞིན་དུ། ཡིད་དང༌། འཛིན་དང༌། རྣམ་པར་རྟོག་ཅེས་བྱ་བའི་མིང་གིས་བཏགས་ནས་བསྟན་པའི་ཕྱིར་རོ། །དེ་ལྟར་སྟོན་པ་ཡང༌། དོན་སྨྲ་བ་དག ཡུལ་ཕྱི་རོལ་གྱི་དོན་ལ། ཡུལ་ཅན་དོན་སྣང་གི་རྣམ་པར་ཤེས་པ་སྐྱེ་བར་འདོད་པ་དང་ཆོས་མཚུངས་སོ། །འོ་ན་ཀུན་གཞིའི་སྟེང་གི་གནས་དོན་ལུས་སུ་སྣང་བ་གསུམ་པོ་དེ་དང༌། འཇུག་ཤེས་ལ་གསུམ་པོ་དེ་ལྟར་སྣང་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། འཇུག་ཤེས་ལ་ནི་གསལ་བར་སྣང་བའི་ཕྱིར་རྣམ་པར་རིག་པ་ཞེས་བྱ་ལ། དེ་ཡང་བག་ཆགས་འཇོག་བྱེད་ཡིན་ཞིང་ཀུན་གཞིའི་སྟེང་གི་གསུམ་པོ་ནི་ཡུལ་ཅན་སུ་ལ་ཡང་མི་གསལ་བའི་ཕྱིར། མ་རིག་པ་ཞེས་བྱའོ། །དེའི་ཤེས་བྱེད་ཀྱང་གསུམ་པོ་དེ་བག་ཆགས་ཀྱི་ངོ་བོར་གནས་པ་ལ་ཐུག་ལ། དེ་ལྟ་ན་རྣམ་སྨིན་དུ་འགལ་ལོ་ཞེས་བརྗོད་པར་མི་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་བག་ཆགས་ཀྱི་ངོ་བོར་གནས་པའི་ཕྱིར་རོ། །ཡང་གངས་ཅན་པ་དག་ལ་ལོག་པར་རྟོག་པ་འདི་ཡོད་དེ། ཕྱོགས་གླང་ཡབ་སྲས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་ཁས་མི་ལེན་ནོ་ཞེས་ཟེར་བ་དང༌། རྒྱུ་འབྲས་སྔ་ཕྱི་བ་ཁོ་ནར་བཞེད་པ་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་དང༌། དུས་མཉམ་ཀྱང་བཞེད་པ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་སོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཁས་མ་བླངས་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའི་རྩ་བ་ཐམས་ཅད་ཉམས་པའི་ཕྱིར་ཏེ། དོན་སྣང་གི་བག་ཆགས་སྨིན་པ་ལས་ཕྱི་རོལ་དོན་གྱི་སྣང་བ་འབྱུང་བ་ཞེས་བྱ་བ་འདི་ཁས་མ་བླངས་ན་ནི་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་དོན་མེད་ལ། དེ་ལྟར་ཁས་ལེན་པ་དེ་ནི་བག་ཆགས་ཁས་བླངས་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཁས་བླངས་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ལ། ལུང་ནི། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །ཞེས་དང༌། སེམས་རྒྱུད་དེར་རུང་བག་ཆགས་ཀྱི། སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་དག་གསལ་བྱེད་པ། །ཞེས་དང༌། བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར། ཞེས་གནས་གྱུར་གསུངས་ལ། ཀུན་གཞི་ཁས་མ་བླངས་པར་དེ་འདྲའི་རྣམ་གཞག་འབྱུང་བའི་ཐབས་མེད་པའི་ཕྱིར་རྒྱུ་འབྲས་དུས་མཉམ་པ་ཞེས་བྱ་བ་ཡང་རགས་པའི་རྣམ་གཞག་ཡིན་གྱི། ཞིབ་མོར་དཔྱད་ན་རིགས་པ་མཁྱེན་པའི་གཞུང་བཞིན་དུ་ཁས་ལེན་དགོས་པ་ཡིན་ཏེ། ཆོས་ཀྱི་གྲགས་པའི་ཞབས་ཀྱིས། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་གཞག་གང་ལ་ཡང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་ཅུང་ཟད་ཀྱང་མི་འགལ་བའི་ཕྱིར། དེ་ཡང་འདི་ལྟར། ཆོས་མངོན་པ་ལས། རྒྱུ་འབྲས་སྔ་ཕྱི་བ་དང༌། དུས་མཉམ་པའི་རྣམ་གཞག་གཉིས་ལས། ཕྱི་མ་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང༌། མཚུངས་ལྡན་གྱི་རྒྱུ་གཉིས་ལ་བཞེད་པ་ཡིན་ལ། དེ་ཡང་རྒྱུ་འབྲས་གཉིས་ཀའི་རྒྱུན་གཞི་གཅིག་ན་ཡོད་པ་ལ་དུས་མཉམ་པའི་དོན་དང༌། འབྲས་བུའི་དུས་སུ་རྒྱུའི་རྒྱུན་འགགས་ནས་མེད་པ་རྣམ་སྨིན་གྱི་རྒྱུ་འབྲས་ལྟ་བུ་ལ་འཆད་པ་ཡིན་ལ། དེའི་ཚེ་བསྐྱེད་བྱ་དང་སྐྱེད་བྱེད་གཉིས་དུས་མཉམ་པར་བཞེད་པ་ནི་མ་ཡིན་ཏེ། རྒྱུའི་དུས་སུ་འབྲས་བུ་གྲུབ་ཟིན་ན་སྐྱེ་བ་དོན་མེད་དང༌། ཐུག་མེད་དུ་ཐལ་བ་སོགས་གྲངས་ཅན་ལ་བརྗོད་པའི་ཉེས་པ་རྣམས་བཟློག་པར་མི་ནུས་པའི་ཕྱིར་དང༌། རྒྱུ་ཡིན་ལ་སྐྱེད་བྱེད་མ་ཡིན་པ་ནི། འཕགས་པ་ཐོགས་མེད་ཀྱི་གཞུང་ན་རྒྱུ་འབྲས་སྔ་ཕྱི་བའི་སྐབས་སུ་རགས་པའི་རྣམ་གཞག་ལ་འཆད་དགོས་པ་ཞིག་ཡོད་ཀྱང༌། རྒྱུ་འབྲས་དུས་མཉམ་གྱི་ཐ་སྙད་བྱེད་པའི་སྐབས་ན་མེད་པའི་ཕྱིར། འོ་ན་ཅི་དུས་མཉམ་ན་སྔ་ཕྱི་བར་འགལ་ལོ་ཞེ་ན། སྐྱོན་མེད་དེ། དུས་མཉམ་པ་ནི་རགས་པའི་རྣམ་གཞག་དང༌། སྔ་ཕྱི་བ་ནི་ཞིབ་མོའི་རྣམ་གཞག་ཡིན་པའི་ཕྱིར་རོ། །དཔེར་ན་ཚོགས་པ་གཅིག་པའི་འབྱུང་བ་བཞི་ལྷན་ཅིག་ཏུ་གནས་ནས་རྒྱུའི་རྒྱུན་སྔ་མས། འབྲས་བུའི་རྒྱུན་ཕྱི་མ་ལ་དང༌། འབྲས་བུའི་རྒྱུན་སྔ་མས་རྒྱུའི་རྒྱུན་ཕྱི་མ་ལ་ཕན་འདོགས་པ་ལ་རྒྱུ་འབྲས་དུས་མཉམ་པ་ཞེས་བྱ་བའི་ཐ་སྙད་རྣམ་བཤད་བྱེད་པ་རྣམས་ཀྱིས་བཏགས་པ་ཡིན་གྱི། དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མའི་སྟེང་ན་རྒྱུ་འབྲས་གཉིས་དུས་མཉམ་པ་ག་ལ་སྲིད། དེས་ན་ཇི་སྐད་དུ། མེད་པ་སྔར་ནུས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་ཐོགས་མེད་ཞབས་ཀྱི་དགོངས་པ་རིགས་པ་མཁྱེན་པས་བཀྲལ་བ་འདི་ཁོ་ན་བཟུང་བར་བྱའོ། །ཐེག་བསྡུས་བཤད་སྦྱར་ལས་ཀྱང༌། ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ནི་བཏགས་པ་བ་སྟེ། དུས་གཅིག་ཏུ་འབྱུང་བ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་རུང་བའི་ཕྱིར་རོ། །ཞེས་གསུངས་སོ། །རྗེ་བཙུན་རེད་མདའ་བའི་གསུང་གིས། ཐོགས་མེད་ཞབས་ཀྱི་དགོངས་པ་རྒྱུ་འབྲས་དུས་མཉམ་ཁོ་ན་ཡིན་པ་ལ། དོན་གསང་རྣམ་པར་བཤད་པས། རྒྱུ་འབྲས་སྔ་ཕྱི་བ་ཡོད་པར་བཤད་པ་ནི་ཤིན་ཏུ་ནོར་བ་ཡིན་ནོ། །ཞེས་གསུང་མོད། རྒྱུ་འབྲས་དུས་མཉམ་ཁོ་ན་ཡིན་པ། དེའི་འཁྲུལ་གཞི་ནི་ཐེག་བསྡུས་ལས། ལྷན་ཅིག་པ་དང་རྒྱུན་ཆགས་འབྱུང༌། །དེས་དང་རྐྱེན་ལ་ལྟོས་པ་དང༌། །རང་གི་འབྲས་བུས་བསྒྲུབས་པའོ། །ཞེས་འབྱུང་བ་དེ་ལ་འཁྲུལ་པར་སྣང་ཡང༌། གཞུང་དེ་ནི་གོང་དུ་རྒྱས་པར་བཤད་ཟིན་པ་ལྟར། བག་ཆགས་འཇོག་བྱེད་ཀྱི་རྒྱུ་དང༌། དེས་བཞག་པའི་བག་ཆགས་གཉིས་ཀྱི་ནང་ནས་ཕྱི་མ་ཁོ་ན་སྐྱེད་བྱེད་དུ་སྟོན་པའི་གཞུང་ཡིན་ལ། དེ་ཡང་ཞིབ་མོར་ཕྱེ་ན། བརྒྱུད་ནས་འཕངས་པ་དང༌། དངོས་སུ་བསྐྱེད་པ་ཞེས་བྱ་བའི་དོན་ཡིན་ལ། དེ་ཡང་སྔ་ཕྱི་པ་ལས་མ་འདས་པའི་ཕྱིར་རོ། །ཟག་བཅས་ཀྱི་རྐྱེན་བཞི་པོའི་ངག་དོན་བསྡུས་ན། འདི་ལྟར། བག་ཆགས་འཇོག་བྱེད་ཀྱི་རྐྱེན་གཉིས་དང༌། དེས་བཞག་པའི་བག་ཆགས་དང༌། དེ་སད་བྱེད་ཀྱི་རྐྱེན་དང༌། བག་ཆགས་སད་པ་ལས་བྱུང་བའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་རིམ་པ་བཞི་འབྱུང་ངོ༌། །དེའི་ཚེ་ན་བག་ཆགས་ནི་རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་ནོ། །བག་ཆགས་འཇོག་བྱེད་ཀྱི་རྣམ་བརྟགས་ཀྱི་དབང་པོ་ལྔ་ནི་བདག་པོའི་རྐྱེན་མཚན་ཉིད་པའོ། །བག་ཆགས་སྨིན་པ་ལས་བྱུང་བའི་རྣམ་བརྟགས་ཀྱི་དབང་པོ་ལྔ་ནི་དུས་མཉམ་པའི་དབང་ཤེས་ཀྱི་རྟེན་ཡིན་ཀྱང༌། དབང་ཤེས་ཕྱི་མའི་བདག་པོའི་རྐྱེན་ནོ། །བག་ཆགས་འཇོག་བྱེད་ཀྱི་དམིགས་རྐྱེན་ནི་དེའི་རྐྱེན་ཡིན་ཀྱང༌། དམིགས་པ་མ་ཡིན་ཏེ། འབྲས་བུ་དབང་ཤེས་ཀྱི་དུས་སུ་འདས་ཟིན་པའི་ཕྱིར། དབང་ཤེས་རང་དང་དུས་མཉམ་པའི་རྣམ་བརྟགས་ཀྱི་གཟུགས་ནི་དབང་ཤེས་རང་གིས་དམིགས་པ་དང༌། ཕྱི་མའི་རྐྱེན་ཡིན་པས་དམིགས་རྐྱེན་མཚན་ཉིད་པའོ། །མདོར་ན་རྣལ་འབྱོར་སྤྱོད་པའི་ལུགས་འདིར་དོན་སྣང་གི་རྣམ་པར་ཤེས་པ་དོན་གྱི་རྣམ་ལྡན་དུ་སྐྱེད་པ་དེ་རང་རང་གི་དམིགས་རྐྱེན་གྱིས་དངོས་སུ་སྐྱེད་པ་གཏན་མ་ཡིན་གྱི། རང་གི་བདག་རྐྱེན་གྱི་ནུས་པ་དེ་མ་ཐག་རྐྱེན་གྱི་སྟེང་དུ་སྨིན་པ་ལས་སྐྱེ་བ་ཡིན་ནོ་ཞེས་འཆད་པ་ནི། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཞེས་པ་དང༌། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེའི་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་ཟག་མེད་ཀྱི་ཤེས་པའི་རྐྱེན་བཞི་ལ་གཉིས་ཏེ། ཕན་གདགས་བྱའི་འབྲས་བུ་དང༌། འདོགས་བྱེད་ཀྱི་རྐྱེན་ནོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་རྣམས་སོ། །རྐྱེན་ལ་བཞི་ལས། རྒྱུའི་རྐྱེན་ནི། གཞི་དུས་ཀྱི་ཀུན་གཞིའི་ཡེ་ཤེས་ཞེས་ཀྱང་བྱ། རང་བཞིན་དུ་གནས་པའི་རིགས་དང༌། ཐོས་པའི་བག་ཆགས་ཞེས་བྱ་བ་དེའོ། །བདག་པོའི་རྐྱེན་ནི། སྤྱིའི་བདག་རྐྱེན་དད་སོགས་དབང་པོ་ལྔ་དང༌། སོ་སོའི་བདག་རྐྱེན་ཟག་པ་མེད་པའི་དབང་པོ་གསུམ་མོ། །དམིགས་པའི་རྐྱེན་ནི། འགྱུར་བ་མེད་པའི་ཡོངས་གྲུབ་དང༌། ཆོས་ཉིད་དེ་བཞིན་ཉིད་ཅེས་བྱ་བ་དེའོ། །དེ་མ་ཐག་པའི་རྐྱེན་ནི་རིག་པ་སྔ་མའོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །གཉིས་པ་མཚན་ཉིད་རྒྱས་པར་བཤད་པ་ལ་བཞི་སྟེ། རྒྱུ་དང༌། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་ནོ། །དང་པོ་ལ་གཉིས་ཏེ། ཀུན་གཞི་རྣམ་པར་བཞག་པའི་དབང་དུ་བྱས་པའི་རྒྱུ་རྐྱེན་དང༌། མ་བཞག་པའི་དབང་དུ་བྱས་པའི་རྒྱུ་རྐྱེན་ནོ། །དང་པོ་ལ་གཉིས་ཏེ། ཟག་བཅས་ཀྱི་དང༌། ཟག་མེད་ཀྱིའོ། །གཉིས་པ་མ་བཞག་པ་ལ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ །དང་པོ་ལ་གཉིས་ཏེ། ངོ་བོ་དང༌། དབྱེ་བའོ། །དབྱེ་བ་ལ་ཉི་ཤུ་ཡོད་པ་དྲུག་ཏུ་འདུ་སྟེ། ཤེས་བྱ་ལ་བྱ་བ་བྱེད་པ་བདུན། ཤེས་པ་ལ་བྱ་བ་བྱེད་པ་ལྔ། རིང་བ་དང༌། ཉེ་བའི་རྐྱེན་བྱེད་པ་གཉིས། ཆོས་དང་གང་ཟག་ལ་བྱ་བ་བྱེད་པ་གཉིས། རྐྱེན་སོ་སོ་དང་ཚོགས་ནས་ཕན་འདོགས་པ་གཉིས། མི་མཐུན་པ་དང་དེ་དང་བྲལ་བའི་དབང་དུ་བྱས་པ་གཉིས་སོ། །བྱེ་བྲག་ལ་གྲོགས་སོགས་ལྔ་ཡོད་པ་གཉིས་སུ་བསྡུ་སྟེ། དུས་མཉམ་པའི་རྒྱུ་དང༌། དུས་ཐ་དད་པའི་རྒྱུའོ། །དང་པོ་ལ་ཐུན་མོང་བ་ལྷན་ཅིག་འབྱུང་རྒྱུ་དང༌། ཐུན་མོང་མ་ཡིན་པ་མཚུངས་ལྡན་གྱི་རྒྱུའོ། །དུས་མི་མཉམ་པའི་རྒྱུ་ལ་གཉིས་ཏེ། འབྲས་བུ་ཕྱི་མ་ཙམ་གྱི་དང༌། ཚེ་ཕྱི་མ་ཕན་ཆད་དུ་ངེས་པའི་རྒྱུའོ། །དང་པོ་ལ། འདྲ་བ་ཁོ་ནའི་རྒྱུ་དང༌། མི་འདྲ་བའི་རྒྱུའོ། །དེ་མ་ཐག་པའི་རྒྱུ་ལ་གཉིས་ཏེ། མཚན་ཉིད་དང༌། མཚན་གཞིའི་ཁྱད་པར་བྱེད་ཆོས་སོ། །འདིར་འགོག་པ་ལ་སྙོམས་པར་ཞུགས་པའི་ལྡང་སེམས་སྐད་ཅིག་དང་པོའི་ལྡང་སེམས་གང་ཡིན་ཞེས་དཔྱོད་པ་ནི་དཀའ་བའི་གནས་མ་ཡིན་ཏེ། སྙོམས་འཇུག་དེའི་སྐབས་ན་ཀུན་གཞིའི་རྣམ་པར་ཤེས་པ་བར་མ་ཆད་པར་ཡོད་པའི་ཕྱིར་རོ། །གསུམ་པ་དམིགས་རྐྱེན་ལ་དབྱེ་བ་བཅུ་གཉིས་པོ་དྲུག་ཏུ་བསྡུ་སྟེ། བརྟེན་པ་རྣམ་ཤེས་ཚོགས་དྲུག་གི་སྒོ་ནས་དབྱེ་བ་དང༌། རྟེན་གང་ཟག་གི་སྒོ་ནས་དབྱེ་བ་དང༌། གང་གིས་དམིགས་པའི་དབང་དུ་བྱས་པ་དང༌། གང་ལ་དམིགས་པའི་དབང་དུ་བྱས་པ་དང༌། ཇི་ལྟར་དམིགས་པའི་དབང་དུ་བྱས་པ་དང༌། དམིགས་བྱེད་ཀྱི་བློ་ལ་ཐོགས་པ་ཡོད་མེད་ཀྱི་དབང་དུ་བྱས་པ་སྟེ། རེ་རེ་ལ་དོན་གཉིས་གཉིས་ཡོད་དོ། །བཞི་པ་བདག་རྐྱེན་གྱི་དབྱེ་བ་ཉི་ཤུ་རྩ་ལྔ་པོ་གཉིས་སུ་བསྡུ་སྟེ། སྤྱིར་བདག་རྐྱེན་ཙམ་གྱི་དབང་དུ་བྱས་པ་དང༌། བྱེ་བྲག་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། རྟེན་བརྟེན་པའི་དབང་དུ་བྱས་པ་དང༌། དུས་ཐ་དད་པའི་དབང་དུ་བྱས་པ་དང༌། དུས་མཉམ་པའི་དབང་དུ་བྱས་པའོ། །གཉིས་པ་དབང་པོ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་དབང་བྱེད་པ་དང༌། རྣམ་བྱང་གི་ཕྱོགས་ལ་དབང་བྱེད་པའོ། །དང་པོ་ལ་བཞི་སྟེ། ཡུལ་འགྲུབ་པ་ལ་དབང་བྱེད་པ་དྲུག་དང༌། སྐྱེ་བ་ལེན་པ་ལ་དབང་བྱེད་པ་གཉིས་དང༌། རིགས་མཐུན་གནས་པ་ལ་དབང་བྱེད་པ་གཅིག་དང༌། འབྲས་བུ་ལ་ལོངས་སྤྱོད་པ་ལ་དབང་བྱེད་པ་ལྔ་རྣམས་སོ། །གཉིས་པ་ལ་འཇིག་རྟེན་པའི་རྣམ་དག་ལ་དབང་བྱེད་པ་ལྔ། འཇིག་རྟེན་ལས་འདས་པའི་རྣམ་དག་ལ་དབང་བྱེད་པ་གསུམ་མོ། །གཉིས་པ་རྟེན་མཚུངས་དང༌། དེ་མཚུངས་ཀྱི་དོན་ལ་མཚན་ཉིད་སོགས་གསུམ་ལས། དང་པོ་ལ། རྟེན་མཚུངས་ཀྱི་དང༌། དེ་མཚུངས་ཀྱིའོ། །གསུམ་པ་ཟིན་པ་ལ་མཚན་ཉིད་སོགས་གསུམ་མོ། །བཞི་པ་དབང་པོ་ལ་གསུམ་ལས། མཚན་ཉིད་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དང༌། རྣམ་བྱང་ལ་དབང་བྱེད་པའོ། །དང་པོ་ལ། སེམས་ཀྱི་རྟེན་དང༌། དེའི་བྱེ་བྲག་དང༌། དེ་གང་གིས་གནས་པ་དང༌། གནས་པ་དེ་འབྲས་བུ་གང་ལ་ལོངས་སྤྱོད་པའོ། །གཉིས་པ་ལ་གཉིས་ཏེ། རྣམ་བྱང་གི་ཚོགས་ལ་དང༌། རྣམ་བྱང་གི་དངོས་པོ་ལ་དབང་བྱེད་པའོ། །ལྔ་པ་སྡུག་བསྔལ་གསུམ་གྱི་དོན་ལ་གསུམ་སྟེ། སྡུག་བསྔལ་གྱི་དང༌། འགྱུར་བའི་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དང་པོ་ལ་གསུམ་ལས། མཚན་ཉིད་ལ་གཉིས་ཏེ། མཚན་གཞི་དང༌། མཚོན་བྱའོ། །འགྱུར་བའི་སྡུག་བསྔལ་གྱི་མཚན་ཉིད་ལ་གཉིས་ཏེ། མཚན་གཞི་དང་མཚོན་བྱའོ། །དང་པོ་ལ། ཡུལ་བདེ་བའི་ཚོར་བ་གནས་དང་བཅས་པ་སྡུག་བསྔལ་དུ་བཞག་པ་དང༌། དེ་ལ་དམིགས་པའི་ཉོན་མོངས་ཀྱང་འགྱུར་བའི་སྡུག་བསྔལ་དུ་བཞག་པའོ། །གསུམ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་ལ། མཚན་གཞི་དང་མཚོན་བྱའོ། །དང་པོ་ལ་གཉིས་ཏེ། ཚོར་བ་སྡུག་བསྔལ་གནས་དང་བཅས་པ་དེའི་མཚན་གཞིར་བསྟན་པ་དང༌། དེ་སྡུག་བསྔལ་དུ་སྒྲུབ་པའོ། །དེ་ལ་གཉིས་ཏེ། འཐད་པ་སྒྲུབ་པ་དང༌། འཐད་པ་དངོས་སོ། །དང་པོ་ལ། རྒྱུ་དང་ལྡན་པ་དང༌། འབྲས་བུ་ལས་མ་གྲོལ་བའོ། །འཐད་པ་དངོས་ལ་ཐ་སྙད་དང་དོན་ནོ། །འདིར་གྲུབ་པ་དང༌། བདེ་བ་གཅིག་ཡིན་པ་ཞེས་པ་ནི་གྲུབ་ཙམ་ནས་བདེ་བའི་ངོ་བོར་སྐྱེས་པ་ལ་བྱ་ལ། དེ་མ་ཡིན་པ་ནི་བདེ་སྡུག་གི་གནས་སྐབས་གཞན་དང་གཞན་དུ་འགྱུར་བ་ལ་བྱའོ། །དྲུག་པ་རྣམ་པར་སྨིན་བཅས་ལ་རྣམ་གཞག་དངོས་དང༌། རྣམ་སྨིན་གྱི་ངོ་བོ་ངོས་བཟུང་བའོ། །གཉིས་པ་ལ་དངོས་དང༌། རྩོད་པ་སྤང་བའོ། །བདུན་པ་ཟས་ལ་མཚན་ཉིད་དང༌། བྱེད་ལས་སོ། །དང་པོ་ལ་བཞི་སྟེ། ལུས་ཀྱི་སྟོབས་གསོ་བའི་ཟས། བདེ་བ་དང་ཡིད་བདེ་བ་གསོ་བའི་ཟས། འདོད་པའི་ཡུལ་ལ་དོན་དུ་གཉེར་བ་གསོ་བའི་ཟས། དབང་པོ་དྲོད་དང་བཅས་པ་གསོ་བའི་ཟས་སོ། །ངག་དོན་ནི། འཇུ་བས་ཀྱང་ཟས་སུ་འགྱུར་བ་ཡོད་དེ། ཁམས་ཀྱི་ཟས་འཇུ་བ་ལས་ཟས་སུ་གྱུར་པའི་ཕྱིར། ཡུལ་གྱིས་ཀྱང་ཟས་སུ་འགྱུར་བ་ཡོད་དེ། ཡུལ་ཡིད་འོང་སྤྱད་པ་ལས་གྱུར་པའི་རེག་པ་ཟས་སུ་འཇོག་པའི་ཕྱིར། རེ་བས་ཀྱང་ཟས་སུ་འགྱུར་བ་ཡོད་དེ། འདོད་པའི་དངོས་པོ་ལ་རེ་བ་ལས་གྱུར་པའི་སེམས་པ་ཟས་སུ་འཇོག་པའི་ཕྱིར། ལེན་པས་ཀྱང་དེར་འགྱུར་ཏེ། ལུས་ལེན་པ་ལས་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ནི་ཟས་སུ་འཇོག་པའི་ཕྱིར། བྱེད་ལས་ནི། མ་དག་པ་འདོད་པའི་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་དང༌། དག་ལ་མ་དག་པ་གཟུགས་གཟུགས་མེད་ན་སྤྱོད་པའི་སོ་སོ་སྐྱེ་བོའམ། འཕགས་པ་སློབ་པ་རྣམས་དང༌། དག་པ་ཉན་རང་དགྲ་བཅོམ་པ་རྣམས་ཀྱི་ལུས་གནས་པར་བྱེད་པ་དང༌། གནས་པར་ཀུན་ཏུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལུས་གནས་པའི་ཚུལ་སྟོན་པའོ། །གོང་བཅས་གོང་མེད་ཀྱང་དེ་བཞིན་དུ་བཤད་དོ། །དེ་ལྟར་མཚན་གཞིའི་དབང་དུ་བྱས་པའི་དབྱེ་བ་བསྟན་ཟིན་ནས། མཚན་ཉིད་ཀྱི་དབྱེ་བ་ལ་གྲངས་ཀྱི་དབྱེ་བ་མདོར་བསྟན་པ་དང༌། གསལ་བའི་དབྱེ་བ་ཕྱེ་སྟེ་བཤད་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་ཆོས་ཅན། རྣམ་པ་གསུམ་སྟེ། ཞེས་པ་གྲངས་མདོར་བསྟན་པའོ། །གཉིས་པ་ནི། དེ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་ཀྱིས་ཆོས་གསུམ་རབ་ཏུ་དབྱེ་བ་དང༌། རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་ཆོས་གསུམ་རབ་ཏུ་དབྱེ་བ་དང༌། ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་ཆོས་གསུམ་རབ་ཏུ་དབྱེ་བའོ། །གསུམ་པ་ལ་གསུམ་ལས། དང་པོ་ཀུན་བརྟགས་ལ་དྲི་བ་དང༌། ལན་གཉིས་ལས། གདགས་གཞི་ཆོས་གསུམ་ལ། བདག་གམ་སེམས་ཅན་ནམ། ཤེད་བུ་ཞེས་པའི་བར་གང་ཀུན་ཏུ་རྣམ་པར་རྟོག་པའི་རྣམ་གཡེང་གི་རྟོག་པས་སྒྲོ་བཏགས་པའི་ཆ་རྣམས་ནི་ཆོས་ཅན། ཀུན་བརྟགས་པའི་ཆོས་གསུམ་ཞེས་བྱ་སྟེ། གདགས་གཞི་རྣམ་བརྟགས་ཀྱི་ཆོས་གསུམ་ལ་གང་ཟག་ཏུ་སྒྲོ་བཏགས་པའི་ཆ་ཡིན་པའི་ཕྱིར། འདི་ལ་གཉིས་ཏེ། རྟོག་པའི་སྣང་ཡུལ་དུ་གྱུར་པ་གང་ཟག་སོགས་ཀྱི་དོན་སྤྱི་དང༌། ཞེན་ཡུལ་དུ་གྱུར་པ་གང་ཟག་གི་བདག་དངོས་སོ། །དང་པོ་ནི་རྣམ་གྲངས་པའི་ཀུན་བརྟགས་དང༌། གཉིས་པ་ནི་ཀུན་བརྟགས་མཚན་ཉིད་པའོ། །དང་པོ་ལ་རང་གི་མཚན་ཉིད་མེད་ཀྱང༌། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་འཇོག་ལ། གཉིས་པ་ལ་ནི། རང་གི་མཚན་ཉིད་ལྟ་ཞོག སྤྱིའི་མཚན་ཉིད་ཀྱང་མི་སྲིད་དོ། །གཞུང་འདིར་དངོས་སུ་གང་ཟག་གི་དབང་དུ་བྱས་པའི་ཀུན་བརྟགས་དེ་བཤད་ནས། དེས་མཚོན་པ་ཆོས་ཀྱི་དབང་དུ་བྱས་པའི་ཀུན་བརྟགས་ནི། འདི་ལྟར། གདགས་གཞི་རྣམ་བརྟགས་ཀྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ། འདི་ནི་གཟུགས་སོ། །ཞེས་པ་ནས། འདི་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཞེས་ངོ་བོ་ཉིད་དུ་སྒྲོ་འདོགས་པའི་རྣམ་གཡེང་གི་རྟོག་པས་སྒྲོ་བཏགས་པའི་ཆ་རྣམས་ནི་ཆོས་ཅན། གོ་རིམ་བཞིན་དུ་རེ་རེ་ནས་ཀུན་བརྟགས་པའི་ཆོས་གསུམ་ཞེས་བྱ་སྟེ། གདགས་གཞི་རྣམ་བརྟགས་ཀྱི་གསུམ་པོ་ལ། འདོགས་བྱེད་རྣམ་གཡེང་གི་རྟོག་པས་ཆོས་སུ་སྒྲོ་བཏགས་པའི་ཆ་ཡིན་པའི་ཕྱིར། འདིའི་སྣང་ཡུལ་ནི་དངོས་པོར་མེད་ལ། ཞེན་ཡུལ་ཡོད་མེད་ནི་རྣམ་བདེན་རྫུན་སོ་སོར་འབྱེད་དགོས་ཏེ། གཟུགས་ཅན་རྣམས་ནི་སྐབས་གང་དུ་ཡང་མེད་ལ། གཟུགས་ཅན་མ་ཡིན་པའི་ཟག་བཅས་ཀྱི་ཆོས་གསུམ་ཀ་རྣམ་བདེན་པས་གཞན་དབང་དུ་ཁས་ལེན་གྱི། ཀུན་བརྟགས་སུ་ཁས་མི་ལེན་ནོ། །རྣམ་རྫུན་པས་ནི་དེ་ཡང་ཀུན་བརྟགས་སུ་ཁས་ལེན་ཏེ། འཛིན་པ་ཀུན་བརྟགས་སུ་ཁས་ལེན་པའི་ཕྱིར། གཉིས་པ་ལ། དྲི་བ་དང༌། ལན་ནོ། །དང་པོ་ནི་རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་ཆོས་གསུམ་དུ་རབ་ཏུ་དབྱེ་བ་གང་ཞེ་ན། ལན་ནི། ཀུན་བརྟགས་ཀྱི་གདགས་གཞིར་གྱུར་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་དག་ཉིད་ཆོས་ཅན། རེ་རེ་ནས་རྣམ་པར་བརྟགས་པའི་ཆོས་གསུམ་ཞེས་བྱ་སྟེ། བག་ཆགས་ཀྱི་དབང་གིས་ཆོས་གསུམ་དེ་དང་དེར་སྣང་བའི་ཡང་དག་མིན་རྟོག་ཡིན་པའི་ཕྱིར་རོ། །སྐབས་འདིར་དེ་དག་ཉིད་དོ་ཞེས་པའི་ངེས་གཟུང་གི་ཚིག་གིས་བསྟན་བཅོས་འདིར་ཁས་ལེན་རྒྱུའི་ཆོས་གསུམ་པོ་དེ་ངོས་བཟུང་བ་ཡིན་ནོ། །གསུམ་པ་ལ་དྲི་བ་ནི། ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་ཆོས་གསུམ་དུ་རབ་ཏུ་དབྱེ་བ་གང་ཞེ་ན། ལན་ནི། གདགས་གཞི་རྣམ་བརྟགས་ཀྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དེ་དག་ཉིད་ལ། བཏགས་ཆོས་གང་ཟག་གི་བདག་སོགས་བཀག་པས་ཁྱད་པར་དུ་བྱས་པའི་བདག་མེད་པ་ནི་ཡོད་པ་ཉིད་དེ་ཆོས་ཅན། རེ་རེ་ནས་ཆོས་ཉིད་ཀྱི་ཆོས་གསུམ་ཞེས་བྱ་སྟེ། དགག་གཞི་གཞན་དབང་གི་སྟེང་དུ་འགོག་བྱེད་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས། དགག་བྱ་ཀུན་བརྟགས་སུ་གྱུར་པའི་ཆོས་དང་གང་ཟག་གང་བཀག་པས་ཁྱད་པར་དུ་བྱས་པའི་ཆོས་ཉིད་ཡིན་པའི་ཕྱིར། ཆོས་ཀྱི་བདག་མེད་ཆོས་ཅན་དུ་བཟུང་ནས་ཀྱང་དེ་བཞིན་དུ་སྦྱར་རོ། །སྤྱིའི་དོན་ནི། གཞུང་འདིར་རྣམ་བརྟགས་ཀྱི་ཆོས་གསུམ་རང་ལུགས་སུ་ཁས་ལེན་པ་ནི། སེམས་ཙམ་རྣམ་བདེན་པའི་སྐབས་ཁོ་ན་ཡིན་ལ། རྣམ་རྫུན་དབུ་མ་པའི་སྐབས་སུ་ནི་ཆོས་ཉིད་ཀྱི་ཆོས་གསུམ་ལས་གཞན་ཁས་མི་ལེན་ནོ། །དེའི་ཕྱིར་རྣམ་རྫུན་པའི་ཐད་དུ་དག་པའི་གཞན་དབང་ཙམ་ཞིག་མ་གཏོགས། མ་དག་གཞན་དབང་གང་ཡིན་གཟུང་འཛིན་ཀུན་བརྟགས་སུ་བཤད་ནས་དངོས་པོར་ཁས་མི་ལེན་པས། གཞན་དབང་ཡོངས་སུ་རྫོགས་པ་མེད་ལ། རྣམ་བདེན་པའི་ཐད་དུ་གང་ཟག་གི་བདག་མེད་དང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་དེ་བཞིན་ཉིད་ཅེས་བོད་རྣམས་ཀྱིས་ཐ་སྙད་བཏགས་པ་དེ་ཙམ་ཞིག་ཁས་ལེན་ཀྱང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནས་འབྱུང་བའི་ཡོངས་གྲུབ་རང་གི་མཚན་ཉིད་ཡོངས་སུ་རྫོགས་པ་དེ་ཁས་མི་ལེན་ནོ། །དེ་ལྟ་བས་ན། འདིར་རྣམ་བདེན་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་ལ། གང་ཟག་གི་བདག་དང་གཟུང་འཛིན་རྫས་གཞན་དུ་སྣང་བའི་རིག་པ་དེ་གཞན་དབང་གི་མཚན་ཉིད་དོ། །མཚན་གཞི་ནི་ཕྱི་རོལ་དོན་སྣང་གི་ཤེས་པ་རྣམས་སོ། །ཀུན་བརྟགས་པའི་མཚན་ཉིད་ནི། གང་ཟག་གི་བདག་དང༌། གཟུང་འཛིན་རྫས་གཞན་དུ་རྟོག་པས་སྒྲོ་བཏགས་པའི་ཆའོ། །མཚན་གཞི་ནི་གང་ཟག་གི་བདག་དང༌། ཕྱི་རོལ་གྱི་དོན་ནོ། །ཡོངས་གྲུབ་ཀྱི་མཚན་ཉིད་ནི། དགག་གཞི་གཞན་དབང་དགག་བྱ་བདག་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་དོ། །མཚན་གཞི་ནི། གང་ཟག་གི་བདག་དང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་པ་ཉིད་དོ། །འདིར་ཉིད་ཅེས་བྱ་བ་དངོས་པོའི་རྐྱེན་ཡིན་པའི་ཕྱིར། སྟོང་ཉིད་དང༌། ཆོས་ཉིད་ཀྱི་དོན་མེད་དགག་ལ་འཆད་པ་དངོས་པོར་སྨྲ་བའི་ལུགས་མ་ཡིན་ནོ། །རྣམ་བདེན་པའི་ལུགས་འདིར་དབུས་མཐའ་ལས་འབྱུང་བའི་རྣམ་རིག་བཞིའི་ནང་ནས། དོན་དུ་སྣང་བ་དང༌། བདག་ཏུ་སྣང་བའི་གཉིས་ནི་གཞི་མེད་ལ་འཁྲུལ་བས། གཞན་སྟོང་སྒྱུ་མ་ལྟ་བུ་ཡིན་ལ། སེམས་ཅན་དུ་སྣང་བ་དང༌། རྣམ་རིག་ཏུ་སྣང་བ་གཉིས་ནི་འཁྲུལ་བར་མི་འདོད་དེ། རང་གཞན་གྱི་དབང་པོ་ལྔ་གྲུབ་པའི་ཕྱིར་དང༌། ཅིག་ཤོས་ནི་རང་གི་གཟུང་རྣམ་ལ་མངོན་སུམ་ཡིན་པའི་ཕྱིར། ལུགས་འདིས་གཞན་དབང་བདེན་གྲུབ་ཁས་ལེན་ན། དེ་དོན་དམ་པའི་བདེན་པར་ཁས་ལེན་ནམ་ཞེ་ན། དེར་ཁས་མི་ལེན་ཏེ། ཡོངས་གྲུབ་ཏུ་མི་འདོད་པའི་ཕྱིར། དེས་ན་ཀུན་རྫོབ་ཀྱི་བདེན་པའོ། །ཀུན་རྫོབ་ཏུ་བདེན་པས་བདེན་པའི་གོ་ཆོད་པར་འདོད་པ་ནི། ཐ་སྙད་པའི་ཚད་མས་ཚད་མའི་གོ་ཆོད་པར་འདོད་པ་མཐའ་དག་གི་ལུགས་ཡིན་ཏེ། ཚད་མའི་འཇུག་ཡུལ་ལ་ནི་མི་སླུ་བའི་དོན་ཚང་དགོས་ལ། དེ་ཡང་བདེན་པའི་དོན་ཡིན་པས་སོ། །རྣམ་བརྟགས་རྣམ་གཞག་ཚུལ་འདི་མ་བསླབས་ན། །ཀུན་བརྟགས་ཀུན་མཁྱེན་གཞུང་བཞིན་ག་ལ་ཤེས། །སེམས་ཙམ་སེམས་ཀྱི་ཕུང་སོགས་གོ་འདོད་ན། །ཆོས་གསུམ་ཆོས་ལུགས་དྲང་པོར་སྨྲས་འདི་སློབས། །གསུམ་པ་མཚོན་པའི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། དབྱེ་བ་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད། དེ་ལ་མཁས་པའི་ཕན་ཡོན་ནོ། །གཉིས་པ་ལ་གཉིས་ཏེ། ཆོས་ཀྱི་དབང་དུ་བྱས་པ་དང༌། གང་ཟག་གི་རྒྱུད་ཀྱི་དབང་དུ་བྱས་པའོ། །དེ་རེ་རེ་ལ་ངོ་བོ་དང༌། ཁྱད་པར་གྱི་དབང་དུ་བྱས་པ་གཉིས་གཉིས་སོ། །དབྱེ་སྒོ་བཞི་པ་དོན་བསྡུ་བའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། རྒྱུའི་སྒོ་ནས་ཕྱེ་བ་གཉིས་དང༌། གང་ཟག་གི་སྒོ་ནས་ཕྱེ་བའོ། །དེ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་དང༌། འཕགས་པའི་དབང་དུ་བྱས་པའོ། །དེ་ལ་གསུམ་སྟེ། སློབ་པ་དང༌། མི་སློབ་པ་སྤྱི་དང༌། མི་སློབ་པ་ཐ་མ་དང༌། དབང་དམ་པའི་ཕ་རོལ་ཏུ་སོན་པའི་དབང་དུ་བྱས་པའོ། །དེ་ལྟར་ལྷག་མཐོང་གི་དམིགས་པ་བཤད་ཟིན་ནས། ཞི་གནས་ཀྱི་དམིགས་པ་ལ་གསུམ་སྟེ། དམིགས་པའི་དབང་དུ་བྱས་པ་བསྡུས་པ་དང༌། རྣམ་པའི་དབང་དུ་བྱས་པ་མཚུངས་ལྡན་དང་ལྡན་པའོ། །དང་པོ་ལ་གསུམ་སྟེ། དབྱེ་བ་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད། དེ་ལ་མཁས་པའི་ཕན་ཡོན་ནོ། །གཉིས་པ་ལ་གཉིས་ཏེ། ཆོས་ཅན་གྱིས་བསྡུས་པ་དང༌། ཆོས་ཉིད་ཀྱིས་བསྡུས་པའོ། །དང་པོ་ལ་གསུམ་སྟེ། བསྡུས་པའི་རྒྱུ་མཚན་གཙོ་བོར་བཤད་པ་དང༌། ཚུལ་ཇི་ལྟར་བསྡུས་པ་དང༌། གང་གིས་གང་བསྡུས་པའོ། །དང་པོ་ལ་བདུན་ཏེ། མཚན་ཉིད་ཀྱིས་མཚན་གཞི་བསྡུས་པ་དང༌། ས་བོན་གྱི་རྟེན་དུ་གྱུར་པས་བསྡུས་པ་དང༌། སྤྱིའི་མཚན་ཉིད་གཅིག་པས་བསྡུས་པ་དང༌། གནས་སྐབས་གཅིག་པས་བསྡུས་པ་དང༌། གྲངས་ཀྱི་ཐ་སྙད་ཀྱིས་བསྡུས་པ་དང༌། ཕྱོགས་གཅིག་པས་བསྡུས་པ་དང༌། དུས་གཅིག་པས་བསྡུས་པའོ། །ཚུལ་ཇི་ལྟར་བསྡུས་པ་ལ། སྡུད་བྱེད་གཅིག་གིས་བསྡུས་པ་དང༌། མཐའ་དག་གིས་བསྡུས་པའོ། །གསུམ་པ་གང་གིས་གང་བསྡུས་པ་ལ་གཉིས་ཏེ། ཆོས་སུམ་ཅུ་སོ་ལྔ་པོ་ཉིད་གཅིག་གིས་གཅིག་བསྡུས་ཚུལ་དང༌། ཆོས་གཞན་ཡང་སུམ་ཅུ་རྩ་ལྔ་པོ་དེས་བསྡུས་པའི་ཚུལ་ལོ། །དང་པོ་ལ་གསུམ། ཕུང་པོ་བསྡུ་བྱར་བཞག་པ་དང༌། ཁམས་བསྡུ་བྱར་བཞག་པ་དང༌། སྐྱེ་མཆེད་བསྡུ་བྱར་བཞག་པའོ། །ཆོས་གཞན་བསྡུས་ཚུལ་ལ་གསུམ་སྟེ། བསྡུ་བྱ་དང༌། བསྡུ་བྱེད་དང༌། བསྡུ་ཚུལ་ལོ། །གཉིས་པ་རྣམ་པ་ལ། བདག་མེད་པའི་རྣམ་པ་མཚུངས་ལྡན་དང༌། མི་རྟག་པའི་རྣམ་པ་ལྡན་པའོ། །དང་པོ་ལ་གསུམ་སྟེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དང༌། དེ་ལ་མཁས་པའི་ཕན་ཡོན་ནོ། །གཉིས་པ་ལ་གསུམ་སྟེ། གཟུགས་ཅན་གྱི་དབང་དུ་བྱས་པ་དང༌། གཟུགས་སེམས་ཐུན་མོང་གི་དབང་དུ་བྱས་པ་དང༌། སེམས་དང་སེམས་ལས་བྱུང་བ་ཁོ་ནའི་དབང་དུ་བྱས་པའོ། །དང་པོ་ལ། རྡུལ་ཕྲ་རབ་ཀྱི་དང༌། རྡུལ་ཕྲ་མོའི་དང༌། རགས་པའི་དབང་དུ་བྱས་པ་དང་གསུམ་མོ། །བར་པ་ལ་དུས་དང་དགོས་པ་མཚུངས་པ་གཉིས་སོ། །ཐ་མ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། གཙོ་བོ་སེམས་དང༌། དེའི་འཁོར་གྱི་སེམས་ལས་བྱུང་བའི་ཆོས་རྣམས་ཆོས་ཅན། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་ཡིན་ཏེ། དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་མཐུན་པར་རྟོགས་པའི་ཕྱིར་རོ། །གཉིས་པ་བཤད་པ་ལ། བཤད་གཞི་ངོས་གཟུང་བ་དང༌། དེའི་ཁྱད་པར་གྱི་ཆོས་བཤད་པའོ། །དང་པོ་ནི་མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་ཞེས་བྱ་བའི་ཆོས་དེ་ཡང་ཆོས་ཅན། ཁྱོད་ཆོས་ཅན་གང་གི་སྟེང་དུ་ལྡན་པའི་ཁྱད་གཞི་དེ། གཞན་གྱི་དངོས་པོ་དང་ཡིན་གྱི། བདག་གི་དངོས་པོས་ནི་མ་ཡིན་ཏེ། སེམས་སེམས་བྱུང་རྫས་གཞན་གཉིས་ལ་ཁྱོད་འཇོག་པ་ཡིན་གྱི། རྫས་གཅིག་གི་སྟེང་དུ་ཁྱོད་ཀྱི་གོ་དོན་མི་ཚང་བའི་ཕྱིར། གཉིས་པ་ལ་འཛིན་སྟངས་ཀྱི་ཁྱད་པར་དང༌། དུས་ཀྱི་ཁྱད་པར། ཁམས་དང་སའི་ཁྱད་པར་རོ། །དང་པོ་ནི། འོ་ན་རྫས་གཞན་པའི་རིག་པ་གཉིས་མཚུངས་ལྡན་དུ་ངེས་སམ་ཞེ་ན། མཐུན་པར་རྟོགས་པས་མཚུངས་ལྡན་དུ་འཇོག་པའི་རིག་པ་གཉིས་ཆོས་ཅན། མཐུན་པ་སྟེ་འཛིན་སྟངས་མི་འགལ་བ་གཉིས་ཡིན་གྱི། མི་མཐུན་པ་སྟེ་འཛིན་སྟངས་འགལ་བ་གཉིས་ནི་མ་ཡིན་ཏེ། འཛིན་སྟངས་འགལ་བ་ལ་ཁྱོད་འཇོག་པར་མི་ནུས་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། དུས་འདྲ་བ་གཉིས་ལ་ཡིན་གྱི། མི་འདྲ་བ་གཉིས་ལ་ནི་མ་ཡིན་ཏེ། དུས་སྔ་ཕྱི་བ་ལ་ཁྱོད་འཇོག་པ་མི་རུང་བའི་ཕྱིར། གསུམ་པ་ནི། འོ་ན་འཛིན་སྟངས་དང་དུས་མི་འགལ་བ་ཙམ་གྱིས་ཆོག་གམ་ཞེ་ན། དེ་ཆོས་ཅན། མཐུན་པའི་ཁམས་དང་ས་པ་གཉིས་ཡིན་གྱི། མི་མཐུན་པའི་ཁམས་དང་ས་པ་གཉིས་ནི་མ་ཡིན་ཏེ། དེ་ལ་ཁྱོད་བཞག་པར་མི་ནུས་པའི་ཕྱིར། གཞུང་འདིའི་དངོས་བསྟན་ལ། ས་དང་དུས་མཚུངས་པའི་གཙོ་འཁོར་རྫས་གཞན་འཛིན་སྟངས་མི་འགལ་བ་ཞིག་ཆོས་ཅན་དུ་བཟུང་ནས། མཐུན་པར་རྟོགས་པའི་མཚུངས་ལྡན་དུ་སྒྲུབ་པ་ལ། དམིགས་པ་གཅིག་མཐུན་པར་རྟོགས་པ་གཏན་ཚིགས་སུ་བཀོད་པའོ། །དེ་ལྟར་ན་འདིར་ལྔ་མཚུངས་ཀྱི་བཤད་པ་གསལ་པོ་མེད་ལ། དེ་ལྟ་ན་ཡང་སློབ་དཔོན་བློ་བརྟན་གྱི་བཤད་པ་དང་བསྟུན་ན། གནས་མཚུངས་པ་ནི། ཁམས་དང་ས་མཚུངས་པ་ལ་བྱ་བ་ཡིན་གྱི། བདག་རྐྱེན་དབང་པོ་མཚུངས་པ་ལ་མི་འཆད། རྣམ་པ་མཚུངས་པའི་དོན་དམིགས་པ་གཅིག་པུ་དེ་རྗེན་ཆེར་དུ་འཛིན་པ་མ་ཡིན་པར། དམིགས་པ་གཅིག་པུ་དེའི་རྣམ་པ་ཤར་བར་མཚུངས་པ་ལ་འཆད་པ་ཡིན་གྱི། འཛིན་སྟངས་མཚུངས་པ་ལ་བཤད་ན་ཕན་ཚུན་འཇུག་པ་འཆོལ་བར་ཐལ་བའི་སྐྱོན་ཡོད། རྫས་མཚུངས་པའི་དོན་ཡང༌། མངོན་པ་འོག་མ་ལས་རྫས་རེ་རེ་བར་མཚུངས་པ་ལ་བཤད་ཀྱང༌། འདིར་ནི་རྫས་གཞན་ཡིན་པ་ལ་འཆད་དོ། །གཞུང་འདིའི་དངོས་བསྟན་ལ་ནི། དམིགས་པ་མཐུན་པ་དང༌། རྫས་གཞན་ཡིན་པ་དང༌། འཛིན་སྟངས་མི་འགལ་བ་དང༌། དུས་འདྲ་བ་དང༌། ས་མཚུངས་པ་ལྔ་བཤད་དོ། །ལུགས་འདི་ལ་གཙོ་འཁོར་དུ་འཇོག་པ་ལ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་མཚུངས་ལྡན་རྣམ་པ་ལྔ་དགོས་པར་བཤད་ན་རུང་བ་ཙམ་ཡིན་ཏེ། མཐུན་པར་རྟོགས་པའི་མཚུངས་ལྡན་དུ་འཇོག་པ་ལ་ལྔ་པོ་དེ་ཚང་དགོས་པར་བཤད་པས་སོ། །ཡང་མཐུན་པ་གཉིས་ཤེས་པ་འཛིན་སྟངས་མཚུངས་པ་ལ་ཅིས་ཀྱང་འཆད་དགོས་ན། གཙོ་བོའི་འཛིན་སྟངས་གང་ཡོད་འཁོར་ལ་ཡོད་པ་ལ་འཆད་དགོས་ཀྱི། འཁོར་གྱི་གང་ཡོད་གཙོ་བོ་ལ་ཡོད་པར་འཆད་མི་ནུས་སོ། །མངོན་པ་འོག་མ་ལྟར་ན་ཡང་གཙོ་འཁོར་ལ་རྣམ་པ་ལྔ་མཚུངས་སྲིད་པ་ཡིན་གྱི། གཙོ་བོ་ཡིན་ན་འཁོར་དང་རྣམ་པ་མཚུངས་པས་ཁྱབ་པར་བཤད་པའི་ལུང་མེད་ཅིང༌། གནོད་བྱེད་དང་བཅས་པ་ཡིན་ཏེ། ཇི་སྐད་དུ། རྣམ་པ་ཤེས་རབ། ཅེས་བཤད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་བཅུ་ཡོད་པ་གཉིས་སུ་འདུས་ཏེ། གནས་སྐབས་ཅན་གྱི་དབྱེ་བ་དང༌། དེའི་གནས་སྐབས་ཀྱི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ངེས་པའི་མཚུངས་ལྡན་དང༌། མ་ངེས་པའི་མཚུངས་ལྡན་ནོ། །དང་པོ་ལ། སྤྱིའི་དང༌། བྱེ་བྲག་གིའོ། །གཉིས་པ་གནས་སྐབས་ཀྱི་དབྱེ་བ་ལ་བཞི་སྟེ། ཚོར་བའི་ཁྱད་པར། དུས་ཀྱི་ཁྱད་པར། རྣམ་པའི་ཁྱད་པར། གོམས་པའི་ཁྱད་པར་རོ། །གཉིས་པ་ལ། རྒྱུན་མི་ཆད་པ་དང༌། ཆད་པ་གཉིས། གསུམ་པ་ལ། ཕྱི་ལྟས་ནང་ལྟས་གཉིས། བཞི་པ་ལ་སྔོན་འདྲིས་པ་དང་མ་འདྲིས་པ་གཉིས་སོ། །ཕན་ཡོན་ལ། དངོས་ཀྱི་དང༌། བརྒྱུད་པའི་འོ། །ལྡན་པ་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། ཕན་ཡོན་ནོ། །དང་པོ་ནི། ལྡན་པའི་མཚན་ཉིད་ཀྱིས་ལྡན་པ་མཚོན་ཚུལ་ནི་ཆོས་ཅན། སླར་ཡང་བཤད་མི་དགོས་ཏེ། སྔ་མ་ཐོབ་པ་དང་དོན་གཅིག་པས། དེའི་མཚན་ཉིད་བཤད་པ་ཇི་ལྟ་བ་བཞིན་དེ་དྲན་པས་ཆོག་པའི་ཕྱིར་རོ། །དབྱེ་བ་ལ་གསུམ་སྟེ། ལྡན་པ་གསུམ་དུ་དབྱེ་བ་དང༌། ས་བོན་དང་ལྡན་པའི་དམིགས་བསལ་བཤད་པ་དང༌། གཏན་དུ་ལྡན་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། ལྡན་པའི་རབ་ཏུ་དབྱེ་བ་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། ཀུན་འབྱུང་བ་དང་ལྡན་པ་གསུམ་མདོ་ལས་གསུངས་པའི་ཕྱིར། དང་པོ་ནི། རྐྱེན་དང་ཕྲད་ན་འབྲས་བུ་འབྱུང་རུང་དུ་གནས་པ་ཙམ་ཞིག་ཡིན་ལ། དེའི་ཁྱད་པར་ཡང་ཚེ་འདིའི་འབད་རྩོལ་ལ་མ་ལྟོས་པར། ཁམས་དང་ས་དེར་སྐྱེས་ཙམ་ནས་རང་ཆས་སུ་ཡོད་པའོ། །གཉིས་པ་ནི། དེ་ལྟར་ཡོད་པ་དེ་ཚེ་འདིའི་འབད་རྩོལ་གྱིས་གསོས་བཏབ་པར་གྱུར་པའོ། །དེའི་ཁྱད་པར་ཡང་འབྲས་བུ་མངོན་དུ་གྱུར་པ་ལ་ལྟོས་མི་དགོས་པ་ཞིག་གོ །གསུམ་པ་ནི། འབྲས་བུ་མངོན་དུ་གྱུར་པའོ། །གསུམ་པོ་འགལ་བ་ནི་མ་ཡིན་ཏེ། ཕྱི་མ་ཕྱི་མ་ལ་སྔ་མ་སྔ་མ་ཚང་བས་སོ། །གསུམ་པོའི་དཔེ་ནི། ས་བོན་སྦྱང་པ་ན་ཡོད་པ་དང༌། ཆུ་ལུད་དང་དྲོད་གཤེར་གྱིས་ནུས་པ་བརྟས་པ་དང༌། མྱུ་གུ་མངོན་གྱུར་པ་ལྟ་བུའོ། །མཚན་ཉིད་ལ་གསུམ་སྟེ། ས་བོན་དང་ལྡན་པས་ལྡན་པར་བཤད་པ་དང༌། དབང་དང༌། མངོན་གྱུར་དང་ལྡན་པས་ལྡན་པར་བཤད་པའོ། །དང་པོ་ལ། ས་བོན་གྱི་སྒོ་ནས་ལྡན་ཚུལ་སྤྱིར་བསྟན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་ལ་ས་བོན་གྱི་སྒོ་ནས་ལྡན་མི་ལྡན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། འདོད་པའི་རྟེན་ལ་རྩི་བ་དང༌། གཟུགས་ཀྱི་རྟེན་ལ་རྩི་བ་དང༌། དེ་གཟུགས་མེད་ལ་སྦྱར་བའོ། །དང་པོ་ནི། རྟེན་འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ནི་ཆོས་ཅན། ལྡན་བྱའི་ཆོས་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། རང་ས་འདོད་པའི་སྐྱེ་བས་ཐོབ་པའི་དགེ་བ་རྣམས་དང༌། དང་ཞེས་བྱ་བའི་སྒྲས་བསྡུས་པ་ལུང་མ་བསྟན་སྐྱེས་ཐོབ་རྣམས་དང་ལྡན་པ་ཞེས་བྱ་སྟེ། དེ་རྣམས་ཀྱི་ས་བོན་དང་ལྡན་པའི་ཕྱིར། འདིའི་ཁྱབ་འབྲེལ་ཡང་ཁྱད་པར་ཆོས་དེ་དག་གཞིར་བྱས་པའི་སྟེང་ནས་རྩི་བ་ཡིན་གྱི། སྤྱིར་མ་ཡིན་ཏེ། སྦྱོར་བྱུང་དང་ཟག་མེད་ལ་ཧ་ཅང་ཐལ་བའི་ཕྱིར། དེ་ལྟར་བྱས་ན་འདོད་པའི་རྟེན་ལ་བསམ་གཏན་དང་པོའི་ཉོན་མོངས་དང་ལྡན་པས་ཁྱབ་ལ་ཡོད་པས་མ་ཁྱབ་པ་དང༌། དེའི་སྙོམས་འཇུག་དང་ནི་ལྡན་པས་ཀྱང་མ་ཁྱབ་པའོ། །དེའི་ཕྱིར་ལྡན་ན་ཡོད་པས་མ་ཁྱབ་པ་བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་ལུགས་མ་ཡིན་ནོ། །གཞུང་གི་དངོས་བསྟན་འདི་ནི་འདོད་པའི་རྟེན་ཅན་འཆིང་བ་མཐའ་དག་དང་ལྡན་པའི་དབང་དུ་བྱས་ལ། རྟེན་དེ་ལ་གནས་ཀྱང་འཆིང་བ་ཕྱོགས་གཅིག་དང་བྲལ་བ་དང༌། མཐའ་དག་དང་བྲལ་བ་རྣམས་ཀྱི་ལྡན་ཚུལ་ནི། འོག་ཏུ་ཁམས་གསུམ་པའི་གཉེན་པོ་ཞེས་སོགས་ནས་འཆད་པ་ཡིན་ནོ། །གཉིས་པ་ལ། མི་ལྡན་པའི་སྒོ་དང༌། ལྡན་པའི་སྒོའོ། །དང་པོ་ནི། རྟེན་གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་པའི་སོ་སོ་སྐྱེ་བོ་ནི་ཆོས་ཅན། ལྡན་པར་བྱ་བའི་ཆོས་འདོད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་ཞེས་ཀྱང་བྱ་སྟེ། དེའི་ས་བོན་མ་སྤངས་པར་ཡོད་པའི་ཕྱིར། ཆ་གཅིག་ན་ལྡན་པ་མ་ཡིན་ཞེས་ཀྱང་བྱ་སྟེ། འཇིག་རྟེན་པའི་ལམ་གྱིས་དེའི་ས་བོན་ཉམས་སྨད་པའི་ཕྱིར་རོ། །འདིར་ལྡན་མི་ལྡན་གཉིས་ལས་ལྡན་པ་དབང་བཙན་པ་ཡིན་ཏེ། ཁྱད་གཞི་དེ་དང་དེ་དག་གི་སྟེང་དུ་ས་བོན་དང་ལྡན་པས་ལྡན་པར་འཇོག་མ་ནུས་ན་འཆོལ་བར་འགྱུར་བའི་ཕྱིར། དེ་ལྟ་ན་ཡང་ལྡན་པ་མ་ཡིན་པ་ནི་ཡོད་པ་མ་ཡིན་པའི་དོན་ཏེ། འདོད་པ་ལ་ཆགས་བྲལ་བྱས་ལ་མ་ཉམས་པའི་ཕྱིར་རོ། །གཉིས་པ་ནི། དེ་ཆོས་ཅན། གཟུགས་དང་རབ་ཏུ་ལྡན་པ་དང༌། གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། རང་སའི་སྐྱེ་བས་ཐོབ་པའི་དགེ་བ་རྣམས་དང༌། དང་ཞེས་བྱ་བའི་སྒྲས་བསྡུས་པ་ལུང་མ་བསྟན་སྐྱེས་ཐོབ་རྣམས་ལྡན་པ་ཞེས་བྱ་སྟེ། དེ་དག་གི་ས་བོན་དང་ལྡན་པའི་ཕྱིར། གསུམ་པ་ནི། རྟེན་གཟུགས་མེད་པར་སྐྱེས་པར་གྱུར་པའི་སོ་སོ་སྐྱེ་བོ་ནི་ཆོས་ཅན། འདོད་པ་དང་རབ་ཏུ་ལྡན་པ་དང༌། གཟུགས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་ཞེས་བྱ་སྟེ། དེའི་ས་བོན་མ་སྤངས་པར་ཡོད་པའི་ཕྱིར། སྤྱིར་ལྡན་པ་མ་ཡིན་ཞེས་ཀྱང་བྱ་སྟེ། དེའི་ས་བོན་འཇིག་རྟེན་པའི་ལམ་གྱིས་མགོ་མནན་པའི་ཕྱིར། ཡང་དེ་ཆོས་ཅན། གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། རང་སའི་སྐྱེ་བས་ཐོབ་པའི་དགེ་བ་རྣམས་དང༌། དང་གི་སྒྲས་བསྡུས་པ་ལུང་མ་བསྟན་སྐྱེས་ཐོབ་རྣམས་དང་ལྡན་པ་ཡིན་ཏེ། དེའི་ས་བོན་དང་ལྡན་པའི་ཕྱིར། གཉིས་པ་ལྡན་མི་ལྡན་གྱི་དོན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མི་ལྡན་པའི་དོན་དང༌། ལྡན་པའི་དོན་ནོ། །དང་པོ་ནི། ཁམས་གསུམ་པའི་གཉེན་པོ་ཟག་མེད་ཀྱིས་ཐོབ་པའི་འཕགས་པ་ནི་ཆོས་ཅན། སྤང་བྱའི་རྣམ་པ་མཐོང་སྤང་སོགས་གང་དང༌། ཆུང་འབྲིང་སོགས་གང་གི་གཉེན་པོ་བྱུང་བ་དེ་དང་ལྡན་པ་མ་ཡིན་ཏེ། དེའི་ས་བོན་དང་མི་ལྡན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། སྤང་བྱ་གང་གི་གཉེན་པོ་མ་བྱུང་བ་དེ་དང་ལྡན་པ་ཡིན་ཏེ། དེའི་ས་བོན་དང་ལྡན་པའི་ཕྱིར། གཞུང་དེའི་དོན་ལ་བརྟགས་ན་སོ་སོ་སྐྱེ་བོ་ཡིན་ན་ཁམས་གསུམ་གྱི་ཉོན་མོངས་དང་ལྡན་པས་ཁྱབ་པར་བཤད་ལ། དེ་ལྟར་བཤད་པ་དེའི་ཚེ་ཁམས་གསུམ་གྱི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ལ། འཆིང་བ་མཐའ་དག་དང་ལྡན་པ་སོགས་གསུམ་གྱི་རྣམ་དབྱེ་ཕྱེ་ནས། གང་ལ་ཆགས་བྲལ་བྱས་པའི་ཉོན་མོངས་དེ་དང་མི་ལྡན་པའི་ཤེས་བྱེད་འཆད་པའི་རྣམ་བཤད་དེ་དག་ནི་བློ་གྲོས་ངལ་བར་ཟད་དོ། །གཉིས་པ་དབང་ལྡན་ལ། དེ་ལྡན་པའི་ཆོས་སྦྱོར་བ་ལས་བྱུང་བའི་འཇིག་རྟེན་པ་རྣམས་དང༌། འཇིག་རྟེན་ལས་འདས་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། སོགས་པའི་སྒྲས་བསྡུས་པ་ཚད་མེད་པ་བཞི་དང༌། ལུང་དུ་མ་བསྟན་པ་དེ་དག་ལས་ཀྱང་ཁ་ཅིག་ནི་ཆོས་ཅན། དབང་དང་ལྡན་པས་ལྡན་པར་བཞག་ནུས་ཏེ། རྟེན་གྱི་གང་ཟག་ལ་ཁྱོད་དབང་དང་ལྡན་པས་ཁྱབ་པའི་ཕྱིར། དེ་ལྟར་བཤད་པ་ན། སྦྱོར་ལམ་པའི་རྒྱུད་ལ་འདས་ལམ་དབང་དང་ལྡན་པའམ། ཡང་ན་དེའི་ས་བོན་གྱི་ནུས་པ་བརྟས་པ་མ་ཡིན་པར་ཁས་ལེན་དགོས་སོ། །གསུམ་པ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་དམིགས་བསལ་ལ་ལོག་ལྟས་དགེ་བའི་རྩ་བ་ཆད་པ་ནི་ཆོས་ཅན། དགེ་བའི་ཆོས་རྣམས་ཀྱི་ས་བོན་དང་ལྡན་པ་ཞེས་བྱ་སྟེ། དགེ་རྩ་མཚམས་སྦྱོར་དུ་རུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། འཇིག་རྟེན་པའི་གནོད་བྱེད་ཀྱིས་གནོད་བྱའི་ས་བོན་འཇོམས་ནུས་པ་མི་སྲིད་པའི་རྒྱུ་མཚན་གྱིས་སོ། །དེ་ཆོས་ཅན། སྤྱིར་དེ་དང་ལྡན་པ་མ་ཡིན་ཞེས་བྱ་སྟེ། དེ་ཆད་པའི་ཕྱིར། འདི་ལ་ས་བོན་སྦྱོར་བ་ནི་ནོར་བ་ཡིན་ནོ། །གསུམ་པ་ནི། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་འདོད་ཆེན་པ་རྣམས་ཆོས་ཅན། ཀུན་ནས་ཉོན་མོངས་པ་དང་རྟག་ཏུ་ལྡན་པ་ཡིན་པར་བལྟ་སྟེ། གཏན་དུ་སྟེ་དུས་ནམ་ཡང་ཁྱོད་ལ་ཐར་པའི་རྒྱུ་མེད་པའི་ཕྱིར། རེ་ཞིག་ཡིན་ནམ་སྙམ་ན། གཏན་དུ་ཡིན་ཏེ། ཐར་པའི་རྒྱུ་དང་མི་ལྡན་པའི་ཕྱིར་རོ། །གཞུང་སྔ་མས་དགེ་རྩ་ཆད་པ་བསྟན་ལ། གཞུང་ཕྱི་མས་རིགས་ཆད་པ་བསྟན་ནོ། །དགེ་རྩ་ནི་གཉིས་ཏེ། ཐར་པ་ཆ་མཐུན་གྱི་དང༌། བསོད་ནམས་ཆ་མཐུན་གྱིའོ། །དང་པོ་ནི། ཐར་པར་བསྔོས་པའི་དགེ་རྩ་ལ་བྱ་ལ། གཉིས་པ་ནི་འཁོར་བར་བསྔོས་པའི་དགེ་རྩ་ལ་བྱའོ། །དེ་གཉིས་ཀ་ལོག་ལྟས་འཇོམས་ནུས་པ་སྲིད་པ་ནི་མ་ཡིན་ཏེ། སྤྱིར་ཐར་པ་དང༌། བྱེ་བྲག་རྫོགས་བྱང་དུ་བསྔོས་པའི་དགེ་རྩ་འཇོམས་མི་ནུས་པའི་ཕྱིར། འོ་ན་དགེ་རྩ་ཆད་པའི་དོན་ཅི་ཞེ་ན། ཐར་པ་ཆ་མཐུན་གྱི་དེ་རྒྱུད་ལ་མ་སྐྱེས་ཤིང༌། བསོད་ནམས་ཆ་མཐུན་གྱི་དགེ་རྩ་ལོག་ལྟས་བཅོམ་པའི་དབང་དུ་བྱས་པའོ། །རིགས་ཆད་པའི་དོན་ནི། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་མེད་པ་ལ་ཡིན་གྱི། རང་བཞིན་དུ་གནས་པའི་རིགས་ཆད་པ་ནི་འདིར་ཁས་མི་ལེན་ཏེ། དེ་ནི་ཀུན་གཞིའི་སྟེང་གི་ཆོས་ཉིད་ལ་ངོས་འཛིན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་འཆད་པའི་ཕྱིར། དེ་བས་ན་རང་བཞིན་དུ་གནས་པས་རིགས་ཡོད་ཀྱང༌། དེ་གསོས་འདེབས་བྱེད་ཀྱི་རྒྱས་འགྱུར་གྱི་རིགས་ཆད་པས་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱའོ། །དེ་ཡིན་ན་དགེ་རྩ་ཆད་པས་མ་ཁྱབ་སྟེ། དེ་ལ་བསོད་ནམས་ཆ་མཐུན་གྱི་དགེ་རྩ་ཡོད་སྲིད་པའོ། །ཅིག་ཤོས་ལ་ཡང་དེས་མ་ཁྱབ་སྟེ། དགེ་རྩ་མཚམས་སྦྱོར་བ་སྲིད་པས་སོ། །གཞན་དག་རིགས་ཆད་པ་དང༌། དགེ་རྩ་ཆད་པ་ལ་མུ་བཞི་རྩི་བ་ནི་ནོར་བ་ཡིན་ནོ། །གཉིས་པ་ཕན་ཡོན་ལ་དངོས་ཀྱི་དང༌། བརྒྱུད་པའི་འོ། །དང་པོ་ནི། ཆོས་རྣམས་ཀྱི་ཞེས་སོགས་སོ། །གཉིས་པ་ནི། དེ་ལྟར་ཞེས་སོགས་སོ། །དེ་ནས་ལྡན་པ་སྤྱིའི་དོན་གཞན་གྱིས་མ་བཤད་པ་འགའ་ཞིག་བཤད་པར་བྱ་སྟེ། འདི་ལ་གང་ལྡན་པའི་ཆོས། གང་ལ་ལྡན་པའི་གཞི། ཇི་ལྟར་ལྡན་པའི་ཚུལ་ལོ། །དང་པོ་ལ་བསྡུས་པའི་དབྱེ་བ་གསུམ། ཅུང་ཟད་རྒྱས་པའི་དབྱེ་བ་བདུན། ཤིན་ཏུ་རྒྱས་པའི་དབྱེ་བ་བཅུ་དྲུག་གོ །དང་པོ་ནི། ཉོན་མོངས་ཅན་དང༌། དགེ་བ་དང༌། ལུང་མ་བསྟན་ཏེ་གསུམ་མོ། །གཉིས་པ་ནི། དགེ་བ་ལ་ཟག་བཅས་དང༌། ཟག་མེད་དོ། །དང་པོ་ལ། སྐྱེ་ཐོབ་དང༌། སྦྱོར་བྱུང་ངོ༌། །ཟག་མེད་ལ་སློབ་པ་དང༌། མི་སློབ་པའི་དབྱེ་བས་གཉིས་སོ། །ལུང་མ་བསྟན་ལ་སྐྱེས་ཐོབ་དང༌། སྦྱོར་བྱུང་གཉིས་ཏེ་བདུན་ནོ། །གསུམ་པ་ནི། འདོད་པའི་ཁམས་ན་ཆོས་ལྔ། གཟུགས་ཀྱི་ཁམས་ན་ལྔ། གཟུགས་མེད་ཁམས་ན་བཞི། ཟག་མེད་གཉིས་ཏེ་བཅུ་དྲུག་གོ །འོ་ན་ཉོན་མོངས་པ་དང༌། ཟག་མེད་གཉིས་ལ་སྐྱེས་ཐོབ་དང༌། སྦྱོར་བྱུང་གཉིས་སུ་མི་འབྱེད་པ་ཅི་ཞེ་ན། འདིར་ཟག་མེད་ནི་འཕགས་ལམ་ལ་བྱ་ལ། དེ་ལ་སྦྱོར་བྱུང་གིས་ཁྱབ་པ་དང༌། ཉོན་མོངས་པ་ལ་སྦྱོར་བྱུང་སྲིད་ཀྱང༌། དེ་སྦྱོར་བྱུང་གི་ལྡན་རྩིས་འཆད་མི་དགོས་པའི་ཕྱིར་མ་ཕྱེའོ། །དེའི་ཤེས་བྱེད་ཀྱང་ཉོན་མོངས་པ་དབང་དང་ལྡན་པས་ལྡན་པར་བཞག་མི་དགོས་ཏེ། དེའི་ས་བོན་དང་ལྡན་པ་ཙམ་གྱིས་ལྡན་པར་འཇོག་ནུས་པའི་ཕྱིར། འོ་ན་ཆོས་བཅུ་དྲུག་པོ་དེ་སོ་སོ་ལ་ལྡན་པ་གསུམ་གྱི་ནང་ནས་གང་དང་གང་ཞིག་འཇོག་ཅེ་ན། ས་བོན་དང་ལྡན་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་གསུམ་དང༌། ལུང་མ་བསྟན་སྐྱེས་ཐོབ་གསུམ་སྟེ་དགུ་པོ་དེའི་སྟེང་ནས་རྩི་བ་ཡིན་ཏེ། དགུ་པོ་གང་རུང་གི་ས་བོན་དང་ལྡན་ན་དེ་དང་ལྡན་པས་ཁྱབ་པའི་ཕྱིར། ཟག་མེད་གཉིས་དང་སྦྱོར་བྱུང་ལྔ་ལ་ས་བོན་དང་མི་ལྡན་པའི་ཤེས་བྱེད་ནི། ཟག་མེད་གཉིས་པོའི་ས་བོན་དང་ལྡན་པས་དེ་དང་ལྡན་པར་བཞག་མི་ནུས་པ་ཡིན་ཏེ། དེ་ལས་གཞན་དུ་ན་རང་བཞིན་གནས་རིགས་ལ་གནས་པ་ཐམས་ཅད་འཕགས་པར་ཐལ་བའི་ཕྱིར་རོ། །དགེ་བ་སྦྱོར་བྱུང་གི་ས་བོན་དང་ལྡན་པས་ཀྱང་དགེ་བ་སྦྱོར་བྱུང་དང་ལྡན་པར་བཞག་མི་ནུས་ཏེ། གཞན་དུ་ན་དགེ་རྩ་མ་ཆད་པའི་སོ་སོ་སྐྱེ་བོ་ཐམས་ཅད་འཇིག་རྟེན་པའི་སྙོམས་འཇུག་རྣམས་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ལྡན་པར་ཐལ་བའི་ཕྱིར་རོ། །ལུང་མ་བསྟན་ལ་ཡང་དེ་བཞིན་ནོ། །གཉིས་པ་དབང་ལྡན་གྱི་རྣམ་པར་བཞག་པ་ནི། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་དང༌། ལུང་མ་བསྟན་སྦྱོར་བྱུང་གཉིས་དང༌། ཟག་མེད་གཉིས་ཏེ་བདུན་པོའི་སྟེང་ནས་རྩི་བ་ཡིན་ཏེ། བདུན་པོ་དེ་དབང་དང་ལྡན་པ་ཙམ་གྱིས་བདུན་པོ་དེ་དང་ལྡན་པར་བཞག་ནུས་པའི་ཕྱིར་དང༌། བདུན་པོ་དེ་དང་ལྡན་པར་འཇོག་པ་ལ་ཐ་ནའང་དབང་ལྡན་ཙམ་ཞིག་དགོས་པའི་ཕྱིར། འོན་ཀྱང་ཟག་མེད་དབང་དང་ལྡན་པས་དེ་དང་ལྡན་པར་འཇོག་ནུས་པ་ནི་འཕགས་པའི་གནས་སྐབས་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེར་ཟག་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས་ཤིང་མངོན་དུ་མ་གྱུར་པ་རྣམས་ལ་ལྡན་ཚུལ་དེ་ལྟར་བཞག་དགོས་པའི་ཕྱིར། འོ་ན་ཀུན་གཞིའི་ས་བོན་དང་ལྡན་པས་ཀུན་གཞི་དང་ལྡན་པར་འགྱུར་ཏེ། ལུང་མ་བསྟན་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་པས་དེ་དང་ལྡན་པར་བཞག་ནུས་པའི་ཕྱིར། དེ་ལྟ་ན་འདོད་པའི་རྟེན་ལ་ཁམས་གོང་གི་ཀུན་གཞི་དང་ལྡན་པར་འགྱུར་ཏེ། དེའི་ས་བོན་དང་ལྡན་པའི་ཕྱིར་སྙམ་ན། དེར་ཁམས་གོང་མའི་སས་བསྡུས་ཀྱི་དེའི་ས་བོན་དང་མི་ལྡན་པ་མ་ཡིན་ཏེ། ཀུན་གཞི་དང་དེའི་ས་བོན་ས་མཚུངས་པའི་ཕྱིར་དང༌། ས་བོན་དང་ལྡན་པས་ལྡན་པར་འཇོག་པ་ལ་ས་དེས་བསྡུས་ཀྱི་ས་བོན་དང་ལྡན་པ་དགོས་པའི་ཕྱིར། དེ་བཞིན་དུ་གཟུགས་མེད་ཁམས་ཀྱི་ཀུན་གཞིའི་སྟེང་ན་མིག་སོགས་ཀྱི་ས་བོན་ཡོད་ཀྱང༌། དེ་ཁམས་འོག་མ་གཉིས་པོ་གང་རུང་གི་སས་བསྡུས་པ་མ་ཡིན་ཏེ། དེ་གཟུགས་མེད་པའི་ཁམས་ཀྱི་ཀུན་གཞིས་བསྡུས་པའི་ཕྱིར། འོ་ན་ས་བོན་དེ་གང་དུ་སྨིན་ཞེ་ན། ཁམས་འོག་མ་གཉིས་པོ་གང་རུང་དུ་སྨིན་པ་ཡིན་ཏེ། ཁམས་འཕོས་པ་ན་ཀུན་གཞི་ཡང་འཕོས་པས་དེའི་ཚེ་ས་བོན་དེ་ཁམས་འོག་མའི་སས་བསྡུས་པའི་ཕྱིར། དེ་ལྟ་ན་ས་གཞན་གྱི་འཕེན་བྱེད་གཞན་དུ་འབྱུང་བ་སོགས་ཀྱི་ཉེས་པ་འབྱུང་བ་མ་ཡིན་ནམ་ཞེ་ན། ས་བོན་ནི་སྐྱེད་བྱེད་དུ་འདོད་ཀྱི་འཕེན་བྱེད་དུ་མི་འདོད་པས་ཉེས་པ་མེད་དོ། །འོ་ན་དགེ་རྩ་ཆད་པའི་སོ་སོ་སྐྱེ་བོ་རྣམས་སྐྱེས་ཐོབ་ཀྱི་དགེ་རྩ་དང་ལྡན་པར་འགྱུར་ཏེ། དེའི་ས་བོན་དང་ལྡན་པའི་ཕྱིར། ཞེ་ན། ལྡན་པ་དང་ཆད་པ་མི་འགལ་ཏེ། མངོན་གྱུར་མེད་པས་ཆད་པར་བཞག་པ་ཡིན་ལ། མཚམས་སྦྱོར་དུ་རུང་བས་ས་བོན་དང་ལྡན་པར་བཞག་པ་ཡིན་པས་སོ། །གསུམ་པ་མངོན་གྱུར་དང་ལྡན་པ་ནི་ཆོས་བཅུ་དྲུག་པོ་གང་ཡིན་ཀྱང་རྣམ་སྨིན་ལས་བྱུང་བའི་ཚུལ་གྱིས་མངོན་དུ་གྱུར་པའི་གནས་སྐབས་སོ། །གཉིས་པ་གང་ལ་ལྡན་པའི་གཞི་བཤད་པ་ལ། གང་ཟག་ནི་གཉིས་ཏེ། སོ་སོ་སྐྱེ་བོ་དང༌། འཕགས་པའོ། །དང་པོ་ལ་གཉིས་ཏེ། དགེ་རྩ་མ་ཆད་པ་དང༌། ཆད་པའོ། །དང་པོ་ལ་གཉིས་ཏེ། འཆིང་བ་མཐའ་དག་དང་ལྡན་པ་དང༌། མི་ལྡན་པའོ། །དང་པོ་ལ་གཉིས་ཏེ། བསམ་གཏན་གྱི་ཉེར་བསྡོགས་མ་ཐོབ་པ་དང་ཐོབ་པའོ། །གཉིས་པ་མི་ལྡན་པ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་དང༌། གཟུགས་ལ་འདོད་ཆགས་དང་བྲལ་བའོ། །དང་པོ་ལ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དང༌། ཐོབ་པའོ། །གཉིས་པ་ལ་གཟུགས་མེད་ཀྱི་དངོས་གཞི་མ་ཐོབ་པ་དང༌། ཐོབ་པའོ། །གཉིས་པ་འཕགས་པ་ལ་སློབ་པ་དང་མི་སློབ་པའོ། །དང་པོ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་དབྱེ་བས་གསུམ་མོ། །མི་སློབ་པ་ལ་ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་དབྱེ་བས་གསུམ་ཡོད་ཀྱང༌། ཕྱི་མ་འདིར་མི་གཟུང་ངོ༌། །དགེ་རྩ་ཆད་པ་ལ་གཉིས་ཏེ། དགེ་རྩ་ཙམ་ཆད་པ་དང༌། ཐར་པ་ཆ་མཐུན་གྱི་དགེ་རྩ་ཆད་པའོ། །གསུམ་པ་ལྡན་ཚུལ་ལ། གང་ཟག་གང་ལ་ཆོས་གང་ཇི་ལྟར་ལྡན་པའི་ཚུལ་དང༌། ལྡན་པ་གསུམ་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། རྒྱས་འགྱུར་གྱི་རིགས་ཆད་པའི་གང་ཟག་ལ་ཉོན་མོངས་པ་ཅན་དང༌། ལུང་མ་བསྟན་མ་གཏོགས་ཐར་པ་ཆ་མཐུན་གྱི་དགེ་བའི་ལྡན་ཚུལ་གསུམ་པོ་གང་ཡང་མེད་དེ། དགེ་རྩ་དེ་ནི་རྒྱས་འགྱུར་གྱི་རིགས་ལ་བྱ་ལ། དེ་ཡང་ཇི་སྐད་དུ། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་པ་ལྟར། སྦྱོར་བྱུང་ཁོ་ནར་ངེས་ལ། དེའི་ལྡན་ཚུལ་ལ་ས་བོན་དང་ལྡན་པ་ཙམ་གྱིས་མི་ཆོག་པའི་ཕྱིར། གཉིས་པ་དགེ་རྩ་ཙམ་ཆད་པ་ལ་ནི། དགེ་བ་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་ནོ། །གཉིས་པ་དགེ་རྩ་མ་ཆད་པའི་སོ་སོ་སྐྱེ་བོ་འདོད་པའི་ཉོན་མོངས་པ་མཐའ་དག་དང་ལྡན་པ་བསམ་གཏན་གྱི་ཉེར་བསྡོགས་ཙམ་ཡང་མ་ཐོབ་པ་ལ་ས་བོན་དང་ལྡན་པས་ལྡན་པར་བཞག་ནུས་པ་ནི་ལྔ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་གསུམ་དང༌། འདོད་པའི་སྐྱེས་ཐོབ་གཉིས་སོ། །འོ་ན་འདི་ལ་གཟུགས་གཟུགས་མེད་ཀྱི་སྐྱེས་ཐོབ་ཀྱི་དགེ་བ་དང༌། ལུང་མ་བསྟན་གཉིས་ཀྱི་ས་བོན་དང་ལྡན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ས་དེར་སྐྱེས་བཞིན་པ་མ་ཡིན་པའི་ཕྱིར། འདིར་ས་གཞན་གྱི་ཉོན་མོངས་པའི་ས་བོན་དང་ལྡན་པས་ལྡན་པར་འཇོག་ནུས་ལ། ས་གཞན་གྱི་དགེ་བ་དང༌། མ་སྒྲིབས་པ་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་པས་དེ་དང་ལྡན་པར་བཞག་ནུས་ཀྱང༌། སྐྱེས་ཐོབ་འབྱུང་རུང་གི་ནུས་པ་ཀུན་གཞིའི་སྟེང་ན་ཡོད་པ་དེ་ཡིན་ན། སྐྱེས་ཐོབ་ཀྱི་ས་བོན་ཡིན་པས་མ་ཁྱབ་སྟེ། དེ་ཡིན་ན་ས་དེར་གཏོགས་ཀྱི་ཀུན་གཞི་ཉིད་ཡིན་དགོས་པའི་ཕྱིར། དེ་ལྟར་ན། འདོད་རྟེན་ཅན་བསམ་གཏན་གྱི་ཉེར་བསྡོགས་ཙམ་ཡང་མ་ཐོབ་པ་འདི་ལ། ཁམས་གོང་མའི་དགེ་བ་འབྱུང་རུང་གི་ས་བོན་དང་ནུས་པ་ཡོད་ཀྱང༌། དེ་ཙམ་གྱིས་དེའི་དགེ་བའི་ས་བོན་དང་ལྡན་པར་བཞག་མི་ནུས་ཏེ། དེའི་དགེ་བ་ཟག་བཅས་ཀྱི་ས་བོན་དེ་ཡིན་ན། ས་དེར་གཏོགས་ཀྱི་ཀུན་གཞི་ཉིད་ཡིན་དགོས་པའི་ཕྱིར་ཏེ། རྟེན་དེ་ལ་དེ་སྦྱོར་བྱུང་ནི་མེད། སྐྱེས་ཐོབ་ཀྱི་ས་བོན་ལ་དེས་ཁྱབ་པའི་ཕྱིར། ཉོན་མོངས་པ་ཅན་ལ་མི་མཚུངས་པའི་ཤེས་བྱེད་ནི། དེ་ལ་སྐྱེས་སྦྱོར་གཉིས་སུ་མ་ཕྱེ་ཞིང༌། མི་འབྱེད་པའི་ཤེས་བྱེད་ཀྱང༌། དེ་གཉིས་གང་རུང་དུ་མ་གཏོགས་པའི་ཉོན་མོངས་ཅན་ཡོད་པས་སོ། །དེ་ཡང་དཔེར་ན། འདོད་པའི་རྟེན་ལ་བསམ་གཏན་དང་པོའི་ཉོན་མོངས་མངོན་དུ་གྱུར་པ་དང༌། བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བའི་དུས་ཀྱི་ལེན་པ་ལྟ་བུའོ། །མི་དགེ་བ་ལ་སྐྱེས་ཐོབ་དང་སྦྱོར་བྱུང་མི་སྲིད་པ་ནི་མ་ཡིན་ཏེ། གཉིས་ཀ་མི་དགེ་བའི་དབྱེ་བར་བཤད་པས་སོ། །མངོན་པ་གོང་འོག་གཉིས་ཀ་ལས། ཉོན་མོངས་པ་ལ་ནི་མ་སྤངས་ནས་ལྡན་པ་ཞེས་བྱ་བའི་ཐ་སྙད་གསུངས་ལ། དགེ་བ་དང༌། ལུང་མ་བསྟན་ལ་དེ་ལྟར་གསུངས་པ་མེད་དོ། །ཡང་རྟེན་དེ་ལ་དབང་དང་ལྡན་པས་ལྡན་པར་འཇོག་དགོས་པ་ནི་གཉིས་ཁོ་ན་སྟེ། འདོད་པའི་སྦྱོར་བྱུང་གཉིས་སོ། །གཉིས་པ་བསམ་གཏན་གྱི་ཉེར་བསྡོགས་སྐྱེས་པ་ལ་ས་བོན་དང་ལྡན་པས་ལྡན་པར་འཇོག་ཚུལ་ནི་སྔ་མ་དང་འདྲ་ལ། དབང་དང་ལྡན་པ་ནི། སྔ་མ་གཉིས་པོའི་སྟེང་དུ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་སྟེ་གསུམ་མོ། །གཉིས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལྡན་ཚུལ་ནི་སྔ་མ་དང་འདྲ་ལ། དངོས་གཞི་ཐོབ་པ་ལ་གཟུགས་ལ་ཆགས་པ་དང་མ་བྲལ་བ་དང༌། བྲལ་བ་གཉིས། དང་པོ་ལ། འདོད་པའི་རྟེན་ཅན་དང༌། གཟུགས་ཀྱི་རྟེན་ཅན་གཉིས། དང་པོ་ལ། ས་བོན་དང་ལྡན་པས་ལྡན་པར་འཇོག་ཚུལ་ནི་སྔ་མ་དང་འདྲ་ཞིང༌། དབང་དང་ལྡན་པས་ལྡན་པར་འཇོག་དགོས་པ་ནི་སྔ་མ་གསུམ་པོའི་སྟེང་དུ་གཟུགས་ཀྱི་ལུང་མ་བསྟན་སྦྱོར་བྱུང་དང་ངེས་པར་ལྡན་ཞིང༌། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་ལྡན་པའང་སྲིད་དོ། །བོད་ཀྱི་ཊཱི་ཀ་བྱེད་པ་དག འདི་འདོད་པའི་ཉོན་མོངས་ཀྱི་ས་བོན་དང་ལྡན་མི་ལྡན་གཉིས་ཀ་ཡིན་ཟེར་བ་ནི་ཚིག་དོན་གང་ལ་ཡང་མ་ཞུགས་སོ། །འོ་ན་འདི་ལ་གཟུགས་ཀྱི་ཉོན་མོངས་པ་དབང་དང་ལྡན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ལྡན་པ་ཅིག་སྲིད་མོད། དབང་ལྡན་གྱི་རྐང་གྲངས་སུ་བཤད་མི་དགོས་ཏེ། ས་བོན་དང་ལྡན་པ་ཙམ་གྱིས་ལྡན་པར་བཞག་ཟིན་པས། དབང་དང་ལྡན་པས་ལྡན་པའི་གོ་ཆོད་པ་ནི་མ་སྨོས་ཀྱང་འགྲུབ་པའི་ཕྱིར། གཉིས་པ་གཟུགས་ཀྱི་རྟེན་ཅན་ལ་ས་བོན་དང་ལྡན་པས་ལྡན་པ་ནི་ལྔ་ཁོ་ན་སྟེ། ཁམས་གསུམ་གྱི་ཉོན་མོངས་ཅན་གསུམ་དང༌། སྐྱེས་ཐོབ་གཉིས་སོ། །དབང་དང་ལྡན་པས་ལྡན་པར་བཞག་དགོས་པ་ནི། གཟུགས་ཀྱི་སྦྱོར་བྱུང་གཉིས། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་གསུམ་མོ། །གཉིས་པ་གཟུགས་ལ་ཆགས་པ་དང་བྲལ་བ་ལ། གཟུགས་མེད་དངོས་གཞིའི་སེམས་མ་ཐོབ་པ་དང༌། ཐོབ་པའོ། །དང་པོ་ནི། འདོད་གཟུགས་གང་རུང་གི་རྟེན་ཅན་དུ་ངེས་པས་ལྡན་ཚུལ་སྔ་མ་བཞིན་ནོ། །གཉིས་པ་ལ་འོག་མའི་རྟེན་ཅན་དང༌། གཟུགས་མེད་ཀྱི་རྟེན་ཅན་ནོ། །དང་པོ་ལ། ལྡན་ཚུལ་སྔ་མ་གཉིས་ནི་སྔར་དང་འདྲ་ལ། གཟུགས་མེད་ཀྱི་ཉོན་མོངས་མངོན་དུ་གྱུར་པ་ཡང་སྲིད་དོ། །གཟུགས་མེད་ཀྱི་རྟེན་ཅན་ལ་ལྡན་ཚུལ་ཡང་རྟོགས་པར་སླའོ། །སྐབས་འདིར་གོང་མ་གོང་མའི་རྟེན་ལ། ས་འོག་མའི་ཉོན་མོངས་པ་དབང་དང༌། མངོན་གྱུར་དང་ལྡན་པ་ཡེ་མ་བཤད་པ་ནི། སྔར་རྟེན་འབྲེལ་གྱི་སྐབས་སུ་བཤད་ཟིན་པ་ལྟར་བརྟག་དགོས་ཤིང༌། སྤྱིར་འོག་མའི་སེམས་མངོན་དུ་བྱེད་པ་ནི་དུ་མ་ཞིག་འབྱུང་ངོ༌། །འཕགས་པ་ལ་ལྡན་ཚུལ་ནི། རྟེན་གྱི་དབྱེ་བས་འཕགས་པ་གསུམ་དུ་འགྱུར་ཏེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་རྟེན་ཅན་ནོ། །དང་པོ་ལ་འདོད་པ་ལ་ཆགས་པ་དང་བྲལ་བ་དང༌། མ་བྲལ་བའོ། །དང་པོ་ལ་ལྡན་ཚུལ་ནི། སྔར་གྱི་སོ་སོ་སྐྱེ་བོ་ལ་ཇི་ལྟ་བ་བཞིན་ནོ། །ཁྱད་པར་ནི། མཐོང་སྤངས་སུ་གྱུར་པའི་ཉོན་མོངས་པ་གང་སྤངས་པ་དེ་དང་མི་ལྡན་པ་ཡིན་ནོ། །གཉིས་པ་ཆགས་བྲལ་ལ། གཟུགས་ལ་ཆགས་པ་དང་མ་བྲལ་བ་དང༌། བྲལ་བའོ། །དང་པོ་ལ། བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དང༌། ཐོབ་པའི་དབྱེ་བས་གཉིས་ཡོད་ལ། ལྡན་ཚུལ་ནི། སྔ་མ་སོ་སོ་སྐྱེ་བོའི་སྐབས་བཞིན་ནོ། །འོ་ན་དེ་ལྟ་ན་ཡང༌། འདས་ལམ་གྱིས་འདོད་པ་ལ་ཆགས་བྲལ་བྱས་པ་ཡིན་ན། ཉོན་མོངས་པའི་ས་བོན་དང་མི་ལྡན་པ་ཞེས་བྱ་བ་འདི་ནི་ལྡན་ཚུལ་དང་པོའི་ཁྱད་པར་ཡིན་ལ། འདི་དང་གོང་མ་ལ་ཡང་སློབ་པ་ཟག་མེད་དབང་དང༌། མངོན་གྱུར་དུ་ལྡན་པ་ཡིན་ནོ། །གཉིས་པ་གཟུགས་ལ་ཆགས་བྲལ་བྱས་པ་ལའང༌། གཟུགས་མེད་ལ་ཆགས་བྲལ་བྱས་པ་དང༌། མ་བྱས་པའོ། །དང་པོ་ལ་གཟུགས་མེད་ཀྱི་དངོས་གཞི་ཐོབ་པས་ཁྱབ་ལ། དེའི་ལྡན་ཚུལ་ཡང་སོ་སོ་སྐྱེ་བོའི་སྐབས་དང་འདྲ་ཞིང༌། ཁྱད་པར་ཅུང་ཟད་ཡོད་པའི་ཚུལ་སྔ་མ་བཞིན་ནོ། །གཉིས་པ་ཆགས་བྲལ་བྱས་པ་ནི་དགྲ་བཅོམ་པ་སྟེ། དེ་ལ་ས་བོན་དང་ལྡན་པས་ལྡན་པར་འཇོག་པ་ནི། འདོད་པའི་དགེ་བ་སྐྱེས་ཐོབ་དང༌། ལུང་མ་བསྟན་གཉིས་ཁོ་ནའོ། །གཉིས་པ་དབང་ལྡན་གྱི་ཁྱད་པར་ནི། འདོད་པའི་སྦྱོར་བྱུང་གཉིས་དང༌། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བ་ཡིན་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་ན་གཟུགས་མེད་སྦྱོར་བྱུང་དང༌། མི་སློབ་པ་ཟག་མེད་རྣམས་དབང་དང་ལྡན་ནོ། །གཉིས་པ་གཟུགས་ཀྱི་རྟེན་ཅན་ལ་གཟུགས་ལ་ཆགས་པ་དང་བྲལ་བ་དང༌། མ་བྲལ་བའི་དབྱེ་བས་གཉིས་དང༌། བྲལ་བ་ལ་ཡང༌། གཟུགས་མེད་ལ་ཆགས་པ་དང་བྲལ་བ་དང༌། མ་བྲལ་བའི་དབྱེ་བས་གཉིས་དང༌། གཟུགས་མེད་ཀྱི་རྟེན་ཅན་ལ་ཡང་དེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །འཕགས་པ་ལ་ལྡན་ཚུལ་འཆད་པའི་སྐབས་འདིར། གོང་སའི་རྟེན་ལ་འོག་སའི་དགེ་བ་སྦྱོར་བྱུང་ནི་ཐམས་ཅད་དུ་ལྡན་པ་ཡིན་ཏེ། ས་གོང་མའི་རྟེན་ལ་འོག་མའི་ཡོན་ཏན་ཡར་ལྡན་དུ་འདུས་པའི་ཕྱིར། ས་བོར་བས་སྟོང་པར་བཤད་པ་ཡང་ཟག་བཅས་ཀྱི་ཡིན་གྱི་ཟག་མེད་ཀྱི་མ་ཡིན་ནོ། །རྒྱས་པར་གཞན་དུ་བལྟའོ། །འདིར་སྨྲས་པ། གཞུང་འདིར་རིང་དུ་སྦྱངས་པའི་རྒན་པོ་ཡིས། །མཚན་ཉིད་ཀུན་བཏུས་དོན་སྨྲའི་གཞུང་བཞིན་བཤད། །ཐོགས་མེད་ཞབས་ཀྱིས་ཆོས་གསུམ་མ་ལུས་པ། །མཚན་ཉིད་གསུམ་དུ་བསྡུས་དང་ཅིས་མི་འགལ། །ཀུན་གཞིའི་རྣམ་ཤེས་ཕུང་སོགས་ཆོས་གསུམ་པོའི། །བག་ཆགས་བསྒོ་བའི་གནས་སུ་གང་འདིར་བཤད། །རྣམ་རིག་སྨྲ་བའི་གྲུབ་མཐའི་རྩ་བ་ནི། །དེ་ལས་གཞན་པ་གང་ཞིག་སུ་ཡིས་ཚོལ། །དེ་ལྟར་བཤད་འདི་འགྲེལ་བྱེད་གཞན་དག་གི །ཟེར་ཟློས་ཡི་གེར་བྲིས་ནས་ཞུས་པ་མིན། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་ངེས་དོན་ལ། །རྣམ་པར་བརྟགས་ནས་རང་བློས་སྦྱར་བ་ཡིན། །ཞེས་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་ལས། མཚན་ཉིད་ཀུན་ལས་བཏུས་པ་སྟེ་ལེའུ་དང་པོའི་རྣམ་པར་བཤད་པའོ།།  །།ཕུང་སོགས་ཆོས་གསུམ་བདེན་བཞིའི་ཆོས་ཚུལ་ལ། །འཇུག་པའི་ཐབས་སུ་ཐོག་མར་བསྟན་ཟིན་ནས། །ཐུན་མོང་ཚུལ་དང་བདེན་གཉིས་ཚུལ་ལུགས་ཀྱང༌། །ལེགས་པར་འདོམས་མཛད་དེ་ལ་ཕྱག་བགྱིའོ། །རྒྱུ་འབྲས་ཆོས་ལ་ངེས་པ་བསྐྱེད་པ་དང༌། །འཁྱོག་པོའི་ཤིང་གང་བསྲང་བའི་ཚུལ་བཞིན་དུ། །ལེགས་གསུངས་ཆོས་འཁོར་གཉིས་ཀྱི་ངེས་དོན་ཡང༌། དགོངས་འགྲེལ་མདོ་ཡིས་གང་བཀྲལ་འདིར་བཤད་བྱ། །རྣམ་པར་ངེས་པ་ཀུན་ལས་བཏུས་པ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་པའི་ཆོས་གསུམ་པོ་ཡིད་ལ་བྱེད་པ་གང་གི་སྒོ་ནས་རྣམ་པར་ངེས་པ་ནི་ཆོས་ཅན། བཞིར་གསུངས་པ་ཡིན་ཏེ། རྣམ་པ་གང་གི་སྒོ་ནས་ངེས་པར་བྱ་བ་བདེན་པ་རྣམ་ངེས་དང༌། གཏན་ལ་འབེབས་བྱེད་ཀྱི་ལུང་དང་རིགས་པ་གང་ལ་བརྟེན་ནས་ངེས་པར་བྱ་བ་ཆོས་རྣམ་པར་ངེས་པ་དང༌། གཏན་ལ་ཕབ་པའི་དོན་ཉམས་སུ་ལེན་པ་པོའི་གང་ཟག་དང༌། དེས་དེ་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་ངེས་པར་བྱ་བ་ཐོབ་པ་རྣམ་པར་ངེས་པ་སྟེ་རང་དོན་གྱི་དབང་དུ་བྱས་པ་གསུམ་དང༌། གཞན་དོན་གྱི་དབང་དུ་བྱས་པ་རང་གི་ངེས་པ་བཞིན་གཞན་ལ་སྟོན་པའི་འབེལ་གཏམ་རྣམ་པར་ངེས་པ་རྣམས་སུ་གསུངས་པའི་ཕྱིར། གཉིས་པ་ལ་བཞི་སྟེ། གཏན་ལ་དབབ་བྱ་བདེན་པ་རྣམ་ངེས། འབེབས་བྱེད་ཆོས་རྣམ་ངེས། འབྲས་བུ་ཐོབ་པ་རྣམ་ངེས། གཞན་དོན་འབེལ་གཏམ་རྣམ་ངེས་སོ། །དང་པོ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། བདེན་པ་ཞེས་སོགས་ཏེ། འཕགས་པས་གཟིགས་པ་དང་མཐུན་པར་གནས་པས་ན་བདེན་པ་ཞེས་བྱའོ། །དེ་ཡང་བྱིས་པས་ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་བདེ་བར་མཐོང་ཡང་དེར་མི་གནས་ཀྱི། འཕགས་པས་སྡུག་བསྔལ་དུ་གཟིགས་པ་ལྟར་སྡུག་བསྔལ་དུ་གནས་ཞེས་པ་ལྟ་བུའོ། །དེ་ཡང་བསྡུ་ན། ཀུན་རྫོབ་ཏུ་བདེན་པ་དང༌། དོན་དམ་པར་བདེན་པ་གཉིས་སོ། །དང་པོ་གཉིས་དང༌། ལམ་བདེན་གྱི་ཕྱོགས་གཅིག་ནི་ཀུན་རྫོབ་ཏུ་བདེན་པས་བདེན་པར་བཞག་ལ། དེའི་ཕྱོགས་གཅིག་དང་འགོག་པའི་བདེན་པ་ནི་དོན་དམ་པར་བདེན་པས་བདེན་པའོ། །འདིར་སྡུག་བསྔལ་གྱི་བདེན་པ་དངོས་ནི། ཀུན་གཞིའི་སྟེང་ན་རྣམ་སྨིན་གྱི་ངོ་བོར་གནས་པ་དེ་ཡིན་ལ། དེ་ཡང་ཇི་སྐད་དུ། དེ་ནི་ལེན་པ་དག་དང་གནས། །ཞེས་འབྱུང་བ་ལྟར་ཕྱི་ནང་གི་དབྱེ་བས་གཉིས་སོ། །ཕྱིའི་སྣོད་ཀྱང་ནང་སེམས་ཅན་གྱི་ལས་ཀྱི་དབང་གིས་དེར་སྣང་བ་ཡིན་གྱི། རྡུལ་ཕྲ་རབ་བསགས་པ་ལས་བྱུང་བ་ནི་མ་ཡིན་ཏེ། དེའི་ལུས་རེག་བྱ་ཅན་དུ་མ་གྲུབ་པའི་ཕྱིར་རོ། །རྣམ་སྨིན་དངོས་དེ་ལས་ཕྱི་ནང་གི་འཇིག་རྟེན་དུ་སྣང་བ་གཟུང་འཛིན་གཉིས་ཀྱི་ཚུལ་དུ་བྱུང་བ་འདི་ལ་ནི་རྣམ་རིག་ཏུ་སྣང་བ་ཞེས་བྱ་ཞིང༌། ཀུན་གཞིའི་སྟེང་དུ་སྣང་བ་དེ་གཉིས་ཀྱི་བག་ཆགས་འཇོག་བྱེད་ཡིན་ལ། སྣང་བ་དེ་གཉིས་ནི་ཀུན་རྫོབ་ཏུ་ཡང་བདེན་པ་མ་ཡིན་ཏེ། གཟུང་ཆ་དེ་ནི་ཐ་སྙད་དུ་ཡང་ཚད་མས་མ་གྲུབ་ཅིང༌། དེ་མེད་ན་དེའི་ཡུལ་ཅན་གྱི་འཛིན་པ་ཡང་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཉོན་མོངས་པ་དང༌། དེས་བསླང་བའི་ལས་གཉིས་ཀྱང་ཡུལ་དང་བཅས་པ་ནི་ཀུན་རྫོབ་ཏུ་ཡང་བདེན་པ་མ་ཡིན་ཏེ། དེ་དག་ལོག་པའི་ཀུན་རྫོབ་ཏུ་རྣམ་པར་བཞག་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་ཡུལ་ཡིད་དུ་འོང་མི་འོང་གཉིས་ཀ་བདེན་པར་མེད་ན། དེའི་ཡུལ་ཅན་གྱི་ཆགས་སྡང་གཉིས་ཀ་བདེན་པར་མི་འབྱུང་བ་བཞིན་ནོ། །དེ་ལྟར་ན་གཉིས་སྣང་ཅན་གྱི་ཤེས་པ་ལ་ཇི་ལྟར་སྣང་བའི་སྡུག་ཀུན་གཉིས་འཕགས་པ་རྣམས་ལའང་དེ་ལྟར་དུ་སྣང་བ་དང༌། དེ་ཡང་ཀུན་རྫོབ་ཏུ་བདེན་པར་འདོད་པ་དེ་ནི་དོན་སྨྲ་བ་དག་གི་ལུགས་ཡིན་གྱི། འདིར་མ་ཡིན་ནོ། །འོ་ན་འདིར་འཕགས་པས་གཟིགས་པ་དང་མཐུན་པ་ལྟར་སྡུག་ཀུན་དུ་བདེན་པ་དེ་གང་ཞེ་ན། ཀུན་རྫོབ་ཏུ་ཡང་མི་བདེན་པའི་ལས་ཉོན་གཉིས་ཀྱིས་བཞག་པའི་བག་ཆགས་དང༌། དེའི་རྣམ་པར་སྨིན་པ་དངོས་དེའོ། །ཀུན་རྫོབ་ཀྱི་འཇོག་ཚུལ་ཀུན་རྫོབ་ཏུ་བདེན་པའི་འཇོག་ལུགས་དེ་ལྟར་འཆད་དགོས་པ་ཡིན་ཏེ། ཀུན་རྫོབ་ཏུ་བདེན་པ་ཡང་རང་ལུགས་ཀྱི་རིགས་པས་རྣམ་པར་བརྟགས་ནས་འཇོག་པ་ཡིན་གྱི། བློ་འཁྲུལ་བ་ལ་ཇི་ལྟར་སྣང་བ་དེ་ལྟར་འཇོག་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དབུ་མ་ལ་འཇུག་པར་ལུགས་འདི་ཕྱོགས་སྔ་མར་འཇོག་པ་ན། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་དང༌། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བཤད་པ་འདི་ཡང༌། རྣམ་རྫུན་དབུ་མ་པའི་བདེན་པ་དང་པོ་འཇོག་ལུགས་ཡིན་ལ། རྣམ་བདེན་པ་ལྟར་ན། ཕྱིའི་ཡུལ་ཀུན་རྫོབ་ཏུ་ཡང་མི་བདེན་མོད། ནང་ཡུལ་ཅན་གྱི་ཤེས་པ་ཐ་སྙད་དུ་བདེན་པར་འདོད་དོ། །འོ་ན་ཅི་རྣམ་བདེན་རྫུན་གཉིས་ཀས་གཟུང་བ་ཀུན་རྫོབ་ཏུ་ཡང་བདེན་པར་མི་འདོད་ན། གནས་དོན་ལུས་སུ་སྣང་བའི་རྣམ་རིག་ཅེས་བྱ་བ་དེ་ཡང་ཐ་སྙད་དུ་བདེན་པར་མི་འདོད་དམ་ཞེ་ན། དེ་ལ་གཉིས་ཏེ། ཀུན་གཞིའི་སྟེང་ན་གནས་པ་དང༌། དབུས་མཐའ་ལས། རབ་ཏུ་སྐྱེའོ་དེ་དོན་མེད། །ཅེས་འབྱུང་བ་ལྟར་རྣམ་སྨིན་དངོས་ལས་བྱུང་བ་གཉིས་ལས། སྔ་མ་དེ་བདེན་པར་འདོད་དོ་ཞེས་བཤད་ཟིན་ཏོ། །འོ་ན་དེ་ལྟ་བུའི་སྡུག་ཀུན་གྱི་བདེན་པ་གཉིས་པོ་དེ་ཐ་སྙད་པའི་ཚད་མ་གང་གིས་འགྲུབ་ཅེ་ན། འདིའི་ཐ་སྙད་ནི་ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པས་འགྲུབ་ལ། དོན་ནི་རང་རིག་པའི་མངོན་སུམ་གྱིས་ཀྱང་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། ལུགས་འདི་འགོག་པ་ན། འཇུག་པར། དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །ཞེས་གསུངས་སོ། །འོ་ན་ཀུན་གཞིའི་ངོ་བོར་གནས་པའི་གཟུང་འཛིན་གཉིས་པོ་ཡང་མི་བདེན་པར་འགྱུར་ཏེ། སྤྱིར་གཟུང་འཛིན་བདེན་པ་བ་ཁེགས་པའི་ཕྱིར་ཞེ་ན། སྤྱིར་གཞུང་ལས། ཀུན་གཞིའི་སྟེང་དུ་གཟུང་བར་གནས་པའི་བག་ཆགས་གསུམ་པོ་དེ་གནས་པར་བཤད་ནས། དེ་ལས་ལོགས་སུ་འཛིན་པར་སྣང་བའི་རྣམ་རིག་དངོས་སམ། དེའི་བག་ཆགས་གང་ཡང་གནས་པར་མ་བཤད་ཅིང༌། ཀུན་གཞི་ཉིད་དེའི་ཡུལ་ཅན་དུ་བཤད་དོ། །དེའི་ཤེས་བྱེད་ཀྱང་གཟུང་བར་སྣང་བའི་བག་ཆགས་དེ་སད་བྱེད་ཀྱི་རྐྱེན་ཡིད་བྱེད་སྔ་མས་སད་པ་ན། འཛིན་པར་སྣང་བའི་རྣམ་རིག་དངོས་སུ་སྐྱེ་བའི་དོན་གྱིས་སོ། །དེའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡུལ་ཅན་ཡིན་ཡང་དེས་དེ་རིག་པ་མ་ཡིན་ཞིང༌། དེ་གཉིས་གཟུང་འཛིན་དུའང་མ་བཞག་སྟེ། གཉིས་སུ་སྣང་བ་མེད་པའི་ཕྱིར་རོ། །དེ་ལྟར་ན་རྣམ་རྫུན་པའི་ལུགས་འདིར་གཟུང་འཛིན་གཉིས་མེད་ཀྱང་འཛིན་པས་བཞག་པའི་བག་ཆགས་གཟུང་བར་སྣང་བ་ཉིད་དུ་སྨིན་པ་དེ་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། གནས་དོན་ལུས་སུ་སྣང་བ་ཞེས་ཀྱང་བྱ། དོན་དམ་སེམས་ཅན་དུ་སྣང་བ་ཞེས་ཀྱང་བྱ། གཟུང་འཛིན་གཉིས་སྣང་གི་བག་ཆགས་ཞེས་བྱ་བ་དེ་ཁོ་ན་ཐ་སྙད་དུ་བདེན་པ་དང༌། ཀུན་རྫོབ་ཏུ་བདེན་པ་ཡིན་པ་དེའི་ཕྱིར་ཀུན་རྫོབ་ཏུ་བདེན་པར་གྲུབ་པ་ཞེས་བྱ་ལ། དོན་དམ་པར་བདེན་པ་ནི་མ་ཡིན་ཏེ། གཞན་དུ་ན་སྤང་བྱ་མ་ཡིན་པར་ཐལ་བ་དང༌། དོན་དམ་པའི་བདེན་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་ལུགས་འདིར་བདེན་གཉིས་ཀྱི་འཇོག་མཚམས་གཉིས་ཏེ། ཐ་སྙད་ཀྱི་དང༌། དོན་དམ་པའི་དབང་དུ་བྱས་པའམ། བྱིས་པའི་དང༌། འཕགས་པའི་དབང་དུ་བྱས་པའོ། །དང་པོ་ལ་གཉིས་ཏེ། རྣམ་བདེན་པའི་དང༌། རྣམ་རྫུན་པའི་ལུགས་སོ། །དང་པོ་ལ། ཀུན་བརྟགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །གཞན་དབང་ནི་དོན་དམ་པའི་བདེན་པའོ། །གཉིས་པ་ལ། གཟུང་འཛིན་གཉིས་མངོན་དུ་གྱུར་པ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ་ཀུན་བརྟགས་སོ། །གཉིས་པོ་རྣམ་སྨིན་དང་ས་བོན་གྱི་ཆར་གྱུར་པ་ནི་དོན་དམ་པའི་བདེན་པ་སྟེ་གཞན་གྱི་དབང་ངོ༌། །གཉིས་པ་རྣམ་བདེན་པ་ལྟར་ན་གཟུང་འཛིན་རྫས་གཞན་གྱི་ཆ་དང༌། དེས་སྟོང་པའི་སྟོང་པ་ཉིད་ནི་སོ་སོར་བདེན་པ་གཉིས་ཀྱི་མཚན་གཞིའོ། །རྣམ་རྫུན་པ་ལྟར་ན་སོ་སོའི་མཚན་གཞི་ནི་སྤྱིར་གཟུང་འཛིན་གྱི་སྣང་བ་མཐའ་དག་དང༌། དེ་གཉིས་ཀྱི་སྟོང་པའི་སྟོང་པ་ཉིད་དེ། མདོར་ན་ཀུན་གཞིའི་སྟེང་ན་གཉིས་སྣང་གི་བག་ཆགས་དང༌། གཉིས་མེད་ཀྱི་ཡེ་ཤེས་གཉིས་གདོད་མ་ནས་གྲུབ་པ་འདི་ཁོ་ན་སོ་སོར་བདེན་པ་གཉིས་ཀྱི་མཚན་གཞི་ཡིན་ནོ། །དེ་ཡང་ལུགས་འདི་འགོག་པ་ན། ཇི་སྐད་དུ། གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡི། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཅེས་འབྱུང་བ་ལྟར་རོ། །འོ་ན་བག་ཆགས་དེ་ཐ་སྙད་དུ་བདེན་པ་ཡིན་མོད། རང་ལུགས་ལ་བདེན་པ་ཡིན་ནམ་ཞེ་ན། བག་ཆགས་དེ་རང་གི་ངོ་བོས་སྟོང་པ་ནི་མ་ཡིན་ཏེ། ཡིན་ན་ཀུན་བརྟགས་སུ་ཐལ་བའི་ཕྱིར་རོ། །གཞན་གྱི་ངོ་བོས་སྟོང་པ་ཡིན་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཕྱིར་རོ། །དེའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱ་སྟེ། གནས་དོན་ལུས་སུ་སྣང་ཡང་དེས་སྟོང་པའི་ཕྱིར་རོ། །འོ་ན་འདི་ཀུན་བརྟགས་དང༌། ཡོངས་གྲུབ་གང་དུ་ཡང་མི་རུང་བས་གཞན་གྱི་དབང་ངོ་སྙམ་ན། འདི་ནི་ལེགས་པར་བརྟགས་ན་གང་གིས་དབང་བྱེད་པ་པོའི་གཞན་ཞེས་བྱ་བ་དེ་ཡིན་གྱི། གང་དབང་དུ་བྱས་པའི་བྱ་བ་དེ་མ་ཡིན་པའི་ཕྱིར་གཞན་དབང་དུ་མི་རུང་ངོ༌། །དེ་ལྟ་ན་ཡང་གཞན་དབང་གི་རྒྱུ་ལ་གཞན་དབང་གི་མིང་གིས་བརྟགས་ནས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཞེས་བཤད་དོ། །དོན་འདི་ཞིབ་མོར་མ་བསམས་ན་གངས་ཅན་པ་ཕྱི་མ་དག་རྣམ་རྫུན་པས་ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་མ་འདུས་པའི་གཞན་དབང་ཁས་ལེན་ཞེས་པ་དང༌། དེ་ལེན་པའི་ཕྱིར་གཟུང་འཛིན་གཉིས་སྣང་གི་ཤེས་པ་བདེན་པར་ཁས་ལེན་ཞེས་པ་དང༌། དེས་གཟུང་འཛིན་གྱི་ཤེས་པ་གཉིས་པོ་ཀུན་བརྟགས་སུ་ཁས་མི་ལེན་ནོ་ཞེས་བྱ་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་གཞན་དབང་དུ་ཁས་བླངས་ནས། དེ་རྣལ་འབྱོར་སྤྱོད་པའི་རང་ལུགས་མཐར་ཐུག་ལ་ཡང་དེ་བདེན་གྲུབ་ཏུ་ཁས་ལེན་དགོས་པའི་ལོག་པར་རྟོག་པ་རྣམས་བྱུང་ངོ༌། །གལ་ཏེ་གཟུང་འཛིན་གཉིས་ཀྱི་སྟོང་པ་ཙམ་གྱིས་གཞན་སྟོང་ཡིན་པ་དང༌། དེ་ཙམ་གྱིས་བདེན་པར་མེད་པའི་དོན་གྲུབ་ན་ཡོངས་གྲུབ་ཀྱང་དེར་ཐལ་བར་འགྱུར་ལ། དེ་ལྟ་ན་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་རོ། །ཞེ་ན། མཚུངས་པ་མ་ཡིན་ཏེ། དེ་བཞིན་ཉིད་ནི་སྟོང་པའི་དངོས་པོ་ཡིན་གྱི། སྟོང་གཞི་མ་ཡིན་པའི་ཕྱིར། དེའི་དོན་ཇི་ལྟར་ཞེ་ན། བདེན་པར་སྣང་ཡང་དེར་མེད་པ་ནི་བདེན་མེད་ཀྱི་དོན་ཡིན་ལ། དེ་ལ་རང་སྟོང་དང་གཞན་སྟོང་གཉིས་སུ་འབྱེད་པ་ཡིན་ཞིང༌། དེ་བཞིན་ཉིད་ནི་གང་དུ་སྣང་བ་དེ་ཉིད་དུ་གནས་པ་ཡིན་གྱི། དེས་སྟོང་པ་མ་ཡིན་པའི་ཕྱིར་རོ། །ཡང་འོ་ན་ཀུན་གཞིའི་བག་ཆགས་ཀྱང་གཞན་དབང་དུ་འགྱུར་ཏེ། བག་ཆགས་འཇོག་བྱེད་ཀྱི་དབང་གིས་བྱུང་བའི་ཕྱིར་སྙམ་ན། མཚུངས་པ་མ་ཡིན་ཏེ། ལུགས་འདིར་གཞན་དབང་གང་གིས་འཇོག་པའི་གཞན་དེ། རྒྱུའི་རྐྱེན་ལ་འཇོག་དགོས་པ་ཡིན་ལ། དེ་ཡང་བག་ཆགས་ལས་གཞན་མེད་པའི་ཕྱིར་ཏེ། བག་ཆགས་འཇོག་བྱེད་ནི་བདག་པོའི་རྐྱེན་ནམ་འཕེན་པའི་རྒྱུ། དམིགས་པའི་རྐྱེན་གང་རུང་ལས་མ་འདས་པའི་ཕྱིར། དེས་དབང་དུ་བྱས་པའི་གཞན་དབང་ནི་སྤྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། ཁྱད་པར་རྣམ་རིག་ཏུ་སྣང་བའི་རྣམ་པར་ཤེས་པ་ཞིག་ཡིན་པར་འཆད་དགོས་པ་ཐེག་པ་ཆེན་པོ་བསྡུས་པ་ལས་འབྱུང་བའི་ཕྱིར་རོ། །འོ་ན་ཐེག་བསྡུས་ལས། ཀུན་གཞི་དང་འཇུག་ཤེས་ཕན་ཚུན་རྒྱུའི་རྐྱེན་དུ་བཤད་པ་མ་ཡིན་ནམ་ཞེ་ན། བཤད་པ་དེ་ནི་བདག་པོའི་རྐྱེན་ཡིན་པས་བྱེད་རྒྱུར་འཇོག་ལ་ཀུན་གཞིའི་རྣམ་པར་མ་བཞག་པའི་ཚེ། རྒྱུ་དྲུག་ཀ་རྒྱུའི་རྐྱེན་དུ་བཞག་པ་ཡིན་ནོ། །དེས་ན་རྒྱུ་རྐྱེན་མཚན་ཉིད་པ་ནི་བག་ཆགས་ལས་གཞན་མི་སྲིད་དེ། དེར་འཇོག་པ་ལ་རྒྱུ་འབྲས་གཉིས་པོའི་རྒྱུན་ལྷན་ཅིག་ཏུ་འགྲོགས་ནས་བསྐྱེད་པ་ཞིག་དགོས་པའི་ཕྱིར་ཡང་ལམ་གྱི་བདེན་པ་གང་ཡིན་ཀུན་རྫོབ་ཀྱི་བདེན་པར་འཆད་པ་ནི་ལུགས་འདི་ལ་མི་རུང་སྟེ། གཞན་དུ་ན་ལུང་དང་རིགས་པ་དང་འགལ་བས་སོ། །ལུང་ནི་དབུས་མཐའ་ལས།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*