ཆོས་ཚན་བརྒྱ་དང་བརྒྱད་པ་ཞེས་བྱ་བའི་བསྟན་བཅོས། ག ༽

དེའི་ཡེ་ཤེས་ཀྱིས་མྱོང་བའོ། །ལུས་ཀྱི་ཡེ་ཤེས་མ་བཤད་དོ། །ཅེ་ན་མ་བཤད་པ་མ་ཡིན་ཏེ། ཏོག་ཙེ་ཞབས་ཀྱིས། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་བཤད་པ་དེ་རྣམ་པར་ཤེས་པའི་ཚོགས་དྲུག་ཀ་ལ་སྦྱོར་རྒྱུ་ཡིན་པས་སོ། །སྤྱིར་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ལ་ཡུལ་སྣ་ཚོགས་སུ་སྣང་བ་དེ་ཡི་ཚེ་རྣལ་འབྱོར་གྱི་སྟོབས་ཀྱིས་རྣམ་རྟོག་གི་རྒྱུ་བ་བཀག་པ་ན་ཡུལ་གཟུགས་སོགས་ཀྱི་ངོ་བོ་ཡེ་ཤེས་ཀྱིས་མྱོང་བ་ལ་དབང་པོ་སོ་སོར་མྱོང་བ་ཐ་སྙད་བྱེད་པ་ཡིན་ཏེ། ཇི་སྐད་དུ། ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གི་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་བཤད་པ་དང་ཆ་མཐུན་ལ། མན་ངག་གི་གཞུང་ལས་ཀྱང༌། ཡུལ་སྣ་ཚོགས་ཀྱི་བདུད་རྩི་རྟེན་པ་ཞེས་བཤད་དོ། །འདི་ཡང་རྣལ་འབྱོར་པ་སྟོང་ཉམས་ཤས་ཆེ་བའི་ཚེ་རྣམ་ཤེས་ཡུལ་ལ་འཇུག་ཏུ་བཅུག་པ་དེའི་ཚེ། མ་རིག་པའི་སྣང་བ་ལས་ལོག་པའི་ཆོས་ཅན་ཞེས་བྱ། སྣང་བ་དེ་ལ་ཡིད་རྟོག་པའི་འཛིན་པ་དང་བྲལ་བ་དེའི་ཚེ་ཡིད་ཀུན་བཏགས་དང་བྲལ་བའི་ཆོས་ཉིད་ཅེས་བྱ་ལ། དེ་འདྲ་དེ་ལ་ནི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་སྟེར་བ་དང་མྱོང་བ་ཞེས་བྱ་བའི་ཐ་སྙད་མཛད་ལ། རྒྱུད་བླ་མའི་བསྟན་བཅོས་ལས་ཀྱང༌། འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་ཞེས་སོགས་གསུངས་སོ། །འདི་ནི་ཞར་ལ་འོངས་པ་སྟེ། རྣལ་འབྱོར་པ་ལ་ཡུལ་སྣང་ཐམས་ཅད་སྒོམ་དུ་འཆར་ཞེས་པ་ཡང་འདི་ལས་གཞན་མེད་དོ། །གསུམ་པ་སྦྱངས་པའི་འབྲས་བུ་ནི། སྐྱེད་རྫོགས་ཟུང་དུ་འབྲེལ་བའི་རྣལ་འབྱོར་པས་འབྲས་བུ་རྡོ་རྗེ་འཛིན་པའི་ས་ཚེ་གཅིག་ལ་མངོན་དུ་བྱས་པ་ནི། སྐུ་བཞི་དང་ཡེ་ཤེས་ལྔ་དུས་གཅིག་ལ་ལྷུན་གྱི་གྲུབ་པ་སྟེ། ལྡོག་པས་ཕྱེ་ན་འགྲོས་བཞི་དབུ་མར་ཐིམ་པས་རྡོ་རྗེའི་ལུས་འཇའ་ཚོན་ལྟ་བུར་སྣང་བ་ནི་སྤྲུལ་པའི་སྐུ། དེ་དང་དབྱེར་མེད་ཀྱི་བདེ་བ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ། སྟོབས་སོགས་ཡོན་ཏན་གྱི་ཆ་ནི་ཆོས་ཀྱི་སྐུ། དེ་རང་བཞིན་རྣམ་དག་གི་ཆ་ནི་ངོ་བོ་ཉིད་ཀྱི་སྐུའམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །སྐུ་དེ་བཞི་ནི་གནས་ཚུལ་ལ་གོ་རིམ་བཞིན་དུ། སོ་སོར་རྟོག་པ་དང༌། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་ལ། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ཀྱི་ཆ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཉིད་དུ་ལྷུན་གྱིས་གྲུབ་པའོ། །དེ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་བདུན་ལྡན་དུ་ཐ་སྙད་བྱས་པ་དེ། གང་ན་བཞུགས་པའི་གནས་ནི་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་ལ། དེ་ལ་ཡང་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་ཆ་སོ་སོར་ཕྱེ་ན། དང་པོས་མ་ཁྱབ་པའི་ནམ་མཁའི་ཁམས་ནི་མི་སྲིད་ལ། ཕྱི་མ་ནི་ཞིང་སྦྱངས་པ་མཐར་ཐུག་པའི་ལག་རྗེས་ཏེ། འདི་ལ་ཕར་ཕྱིན་པ་དག་བྱང་སེམས་ས་བཅུ་པ་པ་ཐོག་མར་གང་དུ་སངས་རྒྱ་བའི་གནས་ཞེས་མ་དག་པའི་ཞིང་ཁམས་ལས་ལོགས་ཤིག་ཏུ་ཡོད་པ་ལྟ་བུར་འཆད་མོད། ཐུན་མོང་མ་ཡིན་པའི་སྐབས་འདིར་ནི་མིའི་རྟེན་ཅན་གྱི་སྒྲུབ་པ་པོ་ཚེ་གཅིག་ལ་སངས་རྒྱ་བའི་གནས་གང་ཡིན་ཀྱང་རུང་འོག་མིན་ཁོ་ན་སྟེ། སངས་རྒྱས་དེའི་རང་སྣང་ལ་མ་དག་པའི་སྣོད་བཅུད་གང་གི་ཡང་སྣང་བ་མི་འཆར་བའི་ཕྱིར། དེའི་དུས་ཀྱི་གཙོ་བོ་ལོངས་སྐུ་འཇའ་ཚོན་ལྟ་བུ་དེ་ནི་རྫོགས་རིམ་ལ་གོམ་པ་མཐར་ཐུག་པའི་ལག་རྗེས་ཡིན་ལ། འཁོར་གྱི་ལྷ་དང་སྣོད་ཀྱི་ཞིང་ཁམས་དག་པའི་སྣང་བ་འབའ་ཞིག་ཏུ་འཆར་བ་ནི་གཙོ་བོར་སྐྱེད་རིམ་གྱི་ལག་རྗེས་ཡིན་མོད། ལག་རྗེས་དེ་ཚེ་གཅིག་ལ་མངོན་དུ་བྱེད་པ་ནི་རྫོགས་རིམ་ལ་རག་ལས་ཏེ། དེ་མེད་པར་འབྲས་དུས་ཀྱི་ལོངས་སྐུ་ཚེ་གཅིག་ལ་མི་འགྲུབ་པའི་ཕྱིར། དེ་བཞིན་དུ་སྐྱེད་རིམ་གྱི་གྲུབ་མཐའ་ཚེ་གཅིག་ལ་སྙོགས་པ་ཡང་དེ་དང་འདྲ་སྟེ། རྫོགས་རིམ་གྱིས་མ་སྒྲུབས་པའི་ས་དང་ལམ་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ས་ལམ་དུ་མི་རུང་བའི་ཕྱིར། འོ་ན་མ་དག་པའི་ཞིང་ཉིད་འོག་མིན་གྱི་ཞིང་ཡིན་པའམ། དེ་དེར་གནས་གྱུར་པ་གང་ཡིན་པར་ཁས་ལེན་ཞེ་ན། དེ་ལྟར་ཁ་ཚོན་གཅོད་པ་དེ་ནི་རང་སེམས་ཀྱི་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་ཡོད་པར་ཁས་ལེན་པ་དག་ལ་དཀའ་བའི་གནས་སུ་འགྱུར་བ་ཡིན་གྱི། ཐེག་པ་ཆེན་པོའི་གྲུབ་མཐའ་མ་ནོར་བར་ཤེས་པ་དག་ལ་དོགས་པའི་གནས་མེད་དེ། གཟུང་འཛིན་གཉིས་སྣང་གི་རྟོག་པ་རགས་པ་དང་བག་ཆགས་དྲུང་ཕྱུང་བ་དག་ལ་ནི་གཉིས་སྣང་ཕྲ་རགས་དེ་ལྟར་འཆར་བ་མེད་པའི་ཕྱིར། འོ་ན་རྣལ་འབྱོར་པ་རང་ལ་གང་དང་ཅི་སྣང་བ་ཐམས་ཅད་རང་གི་སེམས་ལས་གཞན་དུ་མེད་ན། རང་ཉིད་སངས་རྒྱས་པའི་ཚེ་སྣང་བ་ཐམས་ཅད་སངས་རྒྱས་པར་ཁས་ལེན་ནམ་ཞེ་ན། དེ་ལྟར་ཁས་ལེན་པ་ཁོ་ན་ཡིན་ཏེ། སྒྲུབ་པ་པོ་རང་གི་སེམས་ལ་སངས་རྒྱས་མ་རྒྱས་གཉིས་སུ་འབྱེད་མི་ནུས་པའི་ཕྱིར་དང༌། སེམས་ཞེས་པ་དེ་ཡང་ཡེ་ཤེས་ལས་གཞན་མེད་པས་རྣལ་འབྱོར་པ་རང་གི་ཀུན་གཞི་རྒྱུ་རྒྱུད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་དེ་ཡི་ཚེ། མ་རིག་པའི་བག་ཆགས་ཀྱི་དབང་ལས་བྱུང་བའི་གཟུང་འཛིན་གྱི་སེམས་ནི་རང་ཞི་དང་རང་དག་ཏུ་སོང་ལ། དག་པ་ཡེ་ཤེས་ཀྱི་སྣང་བ་ནི་མེ་ལོང་ཡེ་ཤེས་དེ་ལས་གཞན་དུ་མེད་པའི་ཕྱིར། འོ་ན་སངས་རྒྱས་ལ་སེམས་ཅན་གྱི་སྣང་བ་མི་འཆར་བའམ། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་སུ་ཁས་ལེན་པར་ནུས་ཞེ་ན། སེམས་ཅན་གྱི་ཆ་ཤས་སུ་བཞག་པའི་ཀུན་རྫོབ་ཀྱི་སྣང་བ་ནི་དེ་ལ་མི་འཆར་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་ལས་མ་འདས་པའི་ཕྱིར། དེ་ན་དེ་ལ་དགོངས་ནས་དག་པའི་སྣང་བ་འཆར་པའི་སྐབས་སུ་དེ་ཙམ་ན་སངས་རྒྱས་དང་སེམས་ཅན་རྒྱུད་ཐ་དད་མེད་ཅེས་མན་ངག་ལས་བཤད་དོ། །སེམས་ཅན་གྱི་ཤེས་རྒྱུད་དོན་དམ་པ་ཡེ་ཤེས་ཀྱི་ཆ་དེ་སངས་རྒྱས་ལ་སྣང་ཞིང༌། སྣང་བ་དེ་སངས་རྒྱས་ཡིན་ཀྱང་ཐམས་ཅད་སངས་རྒྱས་སུ་ཐལ་བ་མེད་དེ། སྣང་བ་དེ་ལས་ལོགས་ཤིག་ན་དོན་དམ་པའི་སེམས་ཅན་ཡོད་པ་ཁས་ལེན་དགོས་པས་སོ། །ཀུན་རྫོབ་ཀྱི་ཆོས་ཇི་སྙེད་པ་དེར་སྣང་བ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་པར་བཤད་པ་དང་འདི་མི་མཚུངས་ཏེ། དོན་དམ་པའི་སེམས་ཅན་དང་སངས་རྒྱས་ནི་ཀུན་རྫོབ་ཏུ་གློ་བུར་དུ་དྲི་མས་སོ་སོར་ཕྱེ་བའི་ཕྱིར། དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས་གཞན་སེམས་ཤེས་པའི་མངོན་ཤེས་དེས་གཞན་སེམས་ཀྱི་གཟུགས་བརྙན་ཤེས་པ་ཡིན་གྱི། དངོས་ཤེས་པ་མ་ཡིན་པར་བཤད་པ་དང༌། ལུང་དེ་ཁུངས་སུ་མཛད་ནས་རྣམ་འགྲེལ་མཛད་པས་རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་མཛོད་པ་བཞིན་ནོ། །རྒྱུད་གཞན་སོ་སོ་བ་འདི་ཡང་རང་རང་གི་ཤེས་རྒྱུད་དྲི་མས་མ་དག་པ་དེ་སྲིད་དུ་ཡིན་གྱི། རྣམ་པར་དག་པའི་ཚེ་ནི་མ་ཡིན་ཏེ། ཆོས་ཀྱི་སྐུའི་ཡེ་ཤེས་ཇི་སྙེད་པ་རྫས་གཅིག་ཏུ་འདྲེས་པར་བཤད་པའི་ཕྱིར། ཡང་འགྲོས་བཞི་དབུ་མར་ཐིམ་པས་ལོངས་སྐུ་འཇའ་ཚོན་ལྟ་བུ་འགྲུབ་པར་བཤད་པ་དེ་ཡང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་དང༌། བདག་མེད་པ་གཉིས་ཀྱི་ལྟ་བ་དང༌། སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་པའི་བསྐྱེད་རིམ་གྱི་རྟོགས་པ་བརྟན་པོ་སྔོན་དུ་སོང་བའི་དབང་དུ་བྱས་པ་ཡིན་ཏེ། དེ་སྔོན་དུ་སོང་བ་མེད་ཀྱང་རླུང་དང་གཏུམ་མོའི་ནུས་པས་འཇའ་ཚོན་ལྟ་བུའི་ལུས་གྲུབ་པ་ནི་མུ་སྟེགས་བྱེད་ལའང་བཤད་པའི་ཕྱིར་དང༌། ལུས་འོད་ཀྱི་རང་བཞིན་དུ་གཅིག་པ་ནི་བསྐལ་བ་དང་པོའི་མི་དང་བསམ་གཏན་གཉིས་པ་སོགས་ཀྱི་ལྷ་ལའང་བཤད་པས་སོ། །གཉིས་པ་དད་པའི་རྗེས་འབྲང་གི་དབང་དུ་བྱས་པའི་སྒོམ་ཚུལ་ནི། གོང་དུ་བཤད་པ་དེ་ལྟ་བུའི་རྣམ་དབྱེ་ཞིབ་མོ་མ་བསླབས་ཤིང་མི་ཤེས་ཀྱང༌། དད་པ་དང་སྐལ་བར་ལྡན་པའི་སློབ་མས་བླ་མའི་མན་ངག་གི་ཚིག་ཙམ་ཇི་ལྟར་བསྟན་པ་དེ་ཉིད་བརྩོན་འགྲུས་ཀྱིས་གོམས་པར་བྱས་པས་རང་གི་ལུས་དང་སྣོད་བཅུད་ཇི་སྙེད་པ་ལྷ་དང་དག་པའི་གཞལ་ཡས་ཁང་དུ་གསལ་བར་སྣང་བ་ནི་སྲིད་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་དོན་ཀེང་རུས་དང་ཟད་པར་ས་ལ་སོགས་པ་སྒོམ་པས་ཀྱང་དོན་དེ་ལ་གསལ་སྣང་འབྱུང་བ་དང༌། ཡེ་ཤེས་ཀྱི་ཚོགས་སོག་སྔོན་དུ་མ་སོང་བའི་མུ་སྟེགས་ཀྱི་སྐྱེད་རིམ་ལ་ཡང་གོམས་བྱའི་དོན་གསལ་བར་སྣང་བ་ཡོད་པ་ཉིད་དུ་བཤད་ན་གཞན་ལྟ་ཅི་སྨོས། དེ་ལྟར་སྣང་བ་དེ་ཡི་ཚེ་རྟོགས་པ་དེ་བླ་མས་མ་ནོར་བ་ཉིད་དུ་ངོ་སྤྲོད་དགོས་པ་ཡིན་ཏེ། ལྷ་ཡེ་ཤེས་སུ་ངོ་མ་སྤྲད་ན་གཟུགས་སྒྲ་སོགས་བེམས་པོའི་སྣང་བ་ལྷར་ཤར་བ་དེ་བེམས་པོའི་ངོ་བོ་ཉིད་དུ་ལོག་པར་རྟོག་སྲིད་པ་དང༌། ཡེ་ཤེས་ཉམས་སུ་མྱོང་བ་དེ་སྟོང་པ་ཉིད་དུ་ངོ་མ་སྤྲད་ན་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་སྲིད་པའི་ཕྱིར། དཔེར་ན་གྲངས་ཅན་གྱིས་བདག་ཤེས་རིག་གི་སྐྱེས་བུ་དེ་གཟུང་འཛིན་གཉིས་མེད་དུ་འདོད་པ་བཞིན་ནོ། །དེ་ལྟར་རྟོག་པ་དེ་ལ་ནི་སྒོམ་པས་ཉམས་མྱོང་གི་ལྟ་བ་གསར་དུ་བསྐྱེད་མི་དགོས་ཀྱང༌། ཀུན་ཏུ་རྨོངས་པ་མ་རིག་པའི་གཉེན་པོར་ཐོས་བསམ་གྱི་ལྟ་བ་སྟོན་དགོས་པར་བཞེད་དོ། །དེ་ནས་རང་གི་འདོད་པ་ལ་ངེས་པ་འདྲེན་པའི་ཕྱིར་གཞན་གྱི་བཤད་པའི་སྲོལ་ཅུང་ཟད་བརྗོད་པ་ནི། གངས་ཅན་དུ་ཕྱིས་བྱོན་པའི་སྔགས་ཀྱི་བཤད་སྲོལ་མཛད་པ་དག་ནི་འདི་སྐད་དུ། ལུགས་འདི་ནི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་ལམ་ནས་འདྲེན་དགོས་པའི་ཕྱིར་ན། ཀུན་གཞི་རྒྱུ་རྒྱུད་སྦྱང་གཞིར་འཇོག་པ་མི་འཐད། ཕྱི་རོལ་དོན་ཚད་མས་མི་འགྲུབ་པ་དང༌། གནས་གྱུར་ཁས་ལེན་པ་ནི་སེམས་ཙམ་པའི་ཆོས་སྐད་ཡིན་པས་འདིར་མི་འཐད། གཉིས་མེད་ཅེས་བྱ་བ་ཡང་གཟུང་འཛིན་གཉིས་བདེན་པར་མེད་པ་ལ་བྱ་བ་ཡིན་གྱི། གཟུང་འཛིན་གཉིས་མེད་ན་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་འགྱུར་རོ་སྙམ་དུ་བསམས་ནས་གཟུགས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་སྦྱང་གཞིར་འཇོག་ཅིང༌། དེའི་ཚེ་ན་སྦྱང་གཞི་དེ་དག་སྦྱོང་བྱེད་རིགས་ལྔའི་ངོ་བོར་སངས་རྒྱ་བ་མ་ཡིན་གྱི། སྦྱོང་བྱེད་ལས་རྫས་གཞན་དུ་ཡོད་པ་དང༌། ནང་གི་ལུས་སྦྱང་གཞིར་འཇོག་པའི་ཚེ་ཡང་རྣམ་སྨིན་གྱི་ལུས་སངས་རྒྱ་བ་མ་ཡིན་གྱི། རྣལ་འབྱོར་པ་རང་གི་གཉུག་མ་གཞིའི་ལུས་མངོན་དུ་བྱས་ནས། དེ་ཉིད་འཚང་རྒྱ་བ་ཡིན་ཞེས་འདོད་དོ། །འདི་ལ་ནི་གནས་གྱུར་མི་འདོད་པ་དང༌། གཞི་དུས་ཀྱི་རང་བཞིན་གནས་རིགས་དང༌། བདེ་གཤེགས་སྙིང་པོའི་རྣམ་བཞག་འདོད་པ་འགལ། ཆོས་དབྱིངས་ཡེ་ཤེས་མི་འདོད་ན་གསང་སྔགས་ཀྱི་ཀུན་སྤྱོད་མཐའ་དག་གི་སྒྲུབ་ཚུལ་ལས་ཉམས། ཕྱི་རོལ་གྱི་དོན་ཚད་མེད་གྲུབ་ན་བསྐྱེད་རིམ་གྱི་རྟེན་བརྟེན་པ་གསལ་བ་རབ་ཀྱི་མཐར་ཕྱིན་འབྱུང་བ་ཉམས། རྣལ་འབྱོར་པ་རང་གི་གཞི་ལུས་སངས་རྒྱས་སུ་འགྱུར་ན་ཕྱི་རོལ་དོན་གྱི་གཞི་ལུས་གཞལ་ཡས་ཁང་དུ་འགྱུར་བར་མཚུངས། སངས་རྒྱས་རང་སྣང་ལ་མ་དག་པ་འཆར་ན་དེས་སྔགས་ལུགས་ཀྱི་ཞིང་སྦྱངས་བར་འགལ། ཐ་སྙད་དུ་ཡང་ཀུན་གཞི་ཁས་མི་ལེན་ན་ཐེག་ཆེན་ལུགས་ཀྱི་གཉེན་པོས་དྲི་མ་སྦྱོང་ཚུལ་གྱི་རྣམ་བཞག་ཐམས་ཅད་ཉམས། ཕྱི་རོལ་གྱི་དོན་ཁས་ལེན་པ་དང་གཟུང་འཛིན་རྫས་གཞན་མི་འདོད་པ་འགལ། གཟུང་འཛིན་རྫས་གཞན་ཁས་ལེན་གཟུང་བ་ཆོས་ཀྱི་བདག་མི་འདོད་པ་འགལ། དེ་ལ་ཁྱབ་འབྲེལ་མེད་ན་གཟུང་བ་ཆོས་བདག་གི་ངོས་འཛིན་གཟུང་འཛིན་རྫས་གཞན་ལ་འདོད་པ་འགལ། སྦྱང་གཞི་ཁས་ལེན་པ་དང༌། གནས་གྱུར་ཁས་མི་ལེན་པ་འགལ། སྦྱང་གཞིའི་སྟེང་གི་དྲི་མ་སྦྱངས་པས་སངས་རྒྱས་སུ་མི་འགྱུར་ན་ནི་སྦྱང་གཞི་སྦྱངས་པའི་དོན་མ་ཚང༌། འགྱུར་ན་ནི་གནས་གྱུར་མི་འདོད་པ་འགལ། དེ་ལ་གནས་གྱུར་གྱི་དོན་དུ་མི་འཆད་ན་རྒྱུད་བླའི་བསྟན་བཅོས་དང་ཆོས་ཀྱི་དབྱིངས་སུ་བསྟོད་པ་དག་དང་འགལ། ཡང་ཕྱི་རོལ་དོན་དུ་སྣང་བ་འདི་སྣང་མཁན་གྱི་ཤེས་པར་ཁས་མི་ལེན་ན་མདོ་སེམས་གཉིས་ཀའི་སྐབས་སུ་བློ་ཚུལ་གཉིས་སྒྲུབ་པའི་རིགས་པ་གསུངས་པ་དང་འགལ། དེ་དངོས་སྨྲ་བའི་སྐབས་ཡིན་པ་འདིར་མི་འདོད་ན་སྔགས་ཀྱི་སྐབས་འདིར་ཡུལ་སྣང་ཇི་སྙེད་པ་རྣམ་མེད་རྗེན་ཆེར་དུ་ཁས་ལེན་དགོས་པར་འགྱུར། རྣམ་པ་ཤར་ཡང་རྣམ་པ་དེ་གཏོང་བྱེད་ཀྱི་རྒྱུ་ལོགས་ཤིག་ཏུ་ཡོད་ན་མདོ་སྡེ་པ་ལྟར་དོན་ལྐོག་ན་མོ་ཁས་ལེན་དགོས་པར་འགྱུར། གཏོང་བྱེད་ཀྱི་རྒྱུ་མེད་པར་ཁས་ལེན་ན་ཕྱི་རོལ་གྱི་དོན་ཡོད་པ་འགལ། གཟུགས་སུ་སྣང་བ་དེ་དབང་ཤེས་རང་གི་བདག་ཉིད་དུ་གྱུར་བའི་གཟུགས་སུ་ཁས་ལེན་ན་དེ་ལྟ་བུའི་གཟུགས་དེ་སངས་མི་རྒྱ་བར་འདོད་པ་ཉམས་སོ། །དེ་དག་ནི་གངས་ཅན་དུ་ཕྱིས་བྱོན་པའི་ཤིང་རྟའི་སྲོལ་ལ་ཉེས་པར་བརྗོད་པ་ཡིན་ལ། སྔོན་གྱི་གཞུང་ལུགས་ཁས་ལེན་པར་རློམ་བཞིན་དུ། སྦྱང་གཞིའི་རྣམ་བཞག་གསར་བྱུང་དང་མཐུན་པར་བསྲེས་ནས་ཁས་ལེན་པ་དག་ལ་འགལ་བ་བརྗོད་པ་ནི་འདི་ལྟར། དྲི་བཅས་ཆོས་དབྱིངས་ལ་སྦྱང་གཞིར་མི་འདོད་ན་དྲུག་པ་རྡོ་རྗེ་འཆང་གི་སྦྱང་གཞི་དེར་མི་འདོད་པ་འགལ། རྒྱལ་བ་རིགས་ལྔའི་སྦྱང་གཞི་ཆོས་དབྱིངས་སུ་མི་འདོད་ན། སྦྱོང་བྱེད་དང་སྦྱང་འབྲས་རྡོ་རྗེ་སེམས་དཔར་མ་འདུས་པའི་རིགས་ལྔ་ཁས་ལེན་དགོས་པར་འགྱུར། སྦྱང་གཞི་དང་སྦྱང་བྱའི་དྲི་མ་སོ་སོར་མི་འབྱེད་ན། རིགས་དྲུག་པའི་བསྐྱེད་ཆོག་ཏུ་ཆོས་དབྱིངས་སུ་ཞེན་པ་མི་དམིགས་ཏེ་སྟོང་པ་ཞེས་ཟེར་བ་འགལ། ཇི་སྐད་དུ། དབང་པོ་དྲུག་དང་འབྱུང་ཆེན་ལྔ། །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་པས་སྦྱང་གཞི་ཉིད་སྦྱང་བྱར་སྟོན་པ་ཡིན་ན། གུར་ལས། སེམས་ཀྱི་རྡོ་རྗེ་རྣམ་སྦྱང་བྱ། །ཞེས་པས་ཀྱང་དེར་འགྱུར་བས་སེམས་ཀྱི་རྡོ་རྗེ་སྤང་བྱར་ཁས་ལེན་པའི་སྔགས་ཀྱི་རྣལ་འབྱོར་པ་ཡ་མཚན་ནོ། །ཡང་སྣང་བ་སེམས་སུ་ཁས་ལེན་པ་དང༌། སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་ཡོད་པ་ཁས་ལེན་པ་འགལ། དེ་ཡོད་པར་མི་འདོད་ན་གཟུགས་ཅན་གྱི་ཕུང་ཁམས་སོགས་སུ་སྣང་བའི་རྣམ་རིག་སྦྱང་གཞིར་མི་འདོད་པ་འགལ། ཡང་ཆོས་དབྱིངས་སྦྱང་གཞིར་མི་འདོད་པ་དང་གནས་གྱུར་ཁས་ལེན་པ་འགལ། སྦྱང་གཞི་མཚན་ཉིད་པར་གྱུར་པའི་ཀུན་རྫོབ་ཀྱི་བདེན་པ་ཡོད་ན་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པར་ཁས་ལེན་པ་འགལ། ཀུན་རྫོབ་ཆོས་དབྱིངས་སུ་ཁས་ལེན་ན་བདེན་པ་གཉིས་ཀྱི་མཚན་ཉིད་སོ་སོར་ངེས་པ་འགལ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་ན་ཡོད་པ་ལ་དོན་དམ་བདེན་པས་མ་ཁྱབ་པ་འགལ། ཆོས་དབྱིངས་ལ་ཡོད་མེད་དུ་འཛིན་པའི་རྟོག་པ་སྤང་བྱར་བཤད་པའི་རྒྱུ་མཚན་གྱིས་དེ་ཡང་ཡོད་པར་མི་འདོད་ན། སྔགས་དང་ཕར་ཕྱིན་གཉིས་ལ་རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་འཇོག་ལུགས་ཤེས་མི་ཤེས་ཀྱི་ཁྱད་པར་ཡོད་དོ་ཞེས་བཤད་པ་དེ་ཐོས་ཤིང་ངེས་ཤེས་རྙེད་ན་དེ་དང་འགལ། ཀུན་རྫོབ་ཀྱི་བདེན་པ་ཚད་མས་གྲུབ་ན་གཟུང་འཛིན་གཉིས་མེད་པར་འགལ། གཉིས་པོ་ཡོད་ན་ཇི་སྐད་དུ། ཀྱེ་ཡི་རྡོ་རྗེ་དེ་གཉིས་མེད། །ཡེ་ཤེས་ཞེས་བཤད་པ་དང་འགལ། གཉིས་པོ་བདེན་པར་མེད་པ་ཡིན་གྱི། སྤྱིར་མེད་པ་མ་ཡིན་ནོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་གཉིས་སྣང་ཅན་དུ་འགྱུར། ཀུན་རྫོབ་ཀྱི་བདེན་པ་ཐ་སྙད་དུ་ཡང་མེད་ན་ལམ་རིམ་པ་གཉིས་ཀྱི་རྣམ་བཞག་ལས་ཉམས་སོ། །ཤེ་ན། ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་མི་ཆོད་ན་ནི་དམ་བཅའ་ཉམས་ལ། གོ་ཆོད་ན་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱང་འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་མ་སྐྱེད་པའི་མཐོང་བ་རྫུན་པས་གྲུབ་པ་ཞིག་གི་ངོར་ཡོད་པའི་ཕྱིར་ན་ཚད་མས་གྲུབ་པར་འགྱུར་རོ། །ཡང་ཀུན་རྫོབ་ཚད་མས་གྲུབ་ན་མ་དག་པའི་སྣང་བ་ཇི་སྙེད་པ་འཁྲུལ་སྣང་དང་ལས་སྣང་དུ་འཆར་བ་དང་འགལ། ཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་སྣང་བ་དེ་གཉིས་ཚད་མར་ཁས་ལེན་ན་སེམས་ཙམ་ལས་ཀྱང་ཉམས་ན་ཐེག་པ་ཆེན་པོ་མཐའ་དག་ལྟ་ཅི་སྨོས། ཡང་དམ་པའི་བདག་དང་རྒྱུའི་རྒྱུད་དང་དྲི་མ་དང་བཅས་པའི་ཆོས་དབྱིངས་སངས་རྒྱ་བར་འགྱུར་བ་ཉིད་དུ་ཁས་མི་ལེན་པར། ཀུན་རྫོབ་པའི་གང་ཟག་དང་སེམས་ཅན་འཚང་རྒྱ་བ་ཉིད་དུ་ཁས་ལེན་པ་ནི་མུ་སྟེགས་པའི་ལུགས་ཏེ། ཁྱབ་འཇུག་པའི་ལུགས་ཀྱི་འཇུག་པ་བཅུའི་རྣམ་བཞག་བཞིན་ནོ། །ཡང་དེ་ལྟར་ཁས་ལེན་པ་དེ་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་ཁམས་ཀྱི་སྦྱོང་ཚུལ་སྒྲ་ཇི་བཞིན་པར་ཁས་ལེན་པ་ལས་ཀྱང་ཉམས་སོ། །གསུམ་པ་སྦྱོང་བྱེད་ཀྱི་གཉེན་པོ་ས་ལམ་དང་ཇི་ལྟར་སྦྱོང་བའི་ཚུལ་ལ། སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་རྗེ་བཙུན་གྲགས་པའི་དགོངས་པ་བཤད་པའོ། །དང་པོ་ནི། བདེ་མཆོག་ལས། ནང་དུ་རྩ་ཡི་གེ་དང་རྣལ་འབྱོར་མ་སོ་བདུན། ཕྱི་རོལ་ན་ཡུལ་དང་དེ་ན་གནས་པའི་རྣལ་འབྱོར་མ་སོ་བདུན། དེ་གཉིས་ཀ་ལས་གཞན་དཀྱིལ་འཁོར་འཁོར་ལོའི་ལྷ་ངོ་བོའི་སྒོ་ནས་སོ་བདུན། དེ་ལའང་ལུས་དང་ཕྱིའི་དཀྱིལ་འཁོར་གཉིས་ཀ་ལ་སོ་བདུན་རེར་འབྱེད་ལ། དེ་ཐམས་ཅད་སྐྱེད་རིམ་དང་རྫོགས་རིམ་གྱི་དབང་དུ་བྱས་པ་གཉིས་གཉིས་ལས། དང་པོ་ནི་གནས་དང་ཡུལ་དེ་དང་དེ་དག་ན་དཔའ་བོ་དང་རྣལ་འབྱོར་མ་གཟུགས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་ཡིད་ལ་བྱ་བ་དག་ཡིན་ལ། ཕྱི་མ་ནི་ནང་གི་དཀྱིལ་འཁོར་རྣམ་བཞི་དབུ་མར་ཐིམ་པ་ན་ཕྱི་ནང་གཞན་གསུམ་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སུ་རོ་གཅིག་པར་གྱུར་པ་དེ། དེ་ཡང་གཉིས་ཚུལ་ལམ་ལྡོག་པའི་སྒོ་ནས་ཕྱེ་ན་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་དུ་འབྱེད་ལ། སྐྱེད་རྫོགས་ཀྱི་ལྷ་ཇི་སྙེད་པ་བྱང་ཕྱོགས་སོ་བདུན་གྱི་ངོ་བོར་གནས་པ་དང་སྦྱོར་བ་ནི་ལྷ་སོ་སོའི་དག་པར་འཆད་ལ། ཐམས་ཅད་ཡེ་ཤེས་ཆེན་པོར་རོ་གཅིག་པ་ནི་དེ་བཞིན་ཉིད་ཀྱི་དག་པ་དང༌། དེ་ལྟར་ཤེས་ནས་ཉམས་སུ་ལེན་པ་ནི་རང་རིག་པའི་དག་པ་སྟེ། ཉམས་ལེན་གྱི་གཙོ་བོ་ནི་འདི་ཉིད་ཁོ་ནར་བཤད་དོ། །དགྱེས་པ་རྡོ་རྗེ་ལས་ནི་ནང་ན་རྩ་ཡི་གེ་སོགས་སུམ་ཅུ་སོ་གཉིས། ཕྱི་རོལ་ན་ཡུལ་སོ་གཉིས། གཞན་སྦྱོང་བྱེད་ཀྱི་ལྷ་མོ་བཅོ་ལྔར་བཤད་ལ། སྦྱང་གཞིའི་གྲངས་དང་སྦྱོར་ཚུལ་ནི། ཇི་སྐད་དུ། འདི་རྣམས་རྩ་ནི་གཉིས་གཉིས་པའི། །རྣལ་འབྱོར་མ་ནི་རེ་རེར་བརྗོད། །རྐྱང་མ་ཀུན་འདར་རོ་མ་གསུམ། །བདག་མེད་རྣལ་འབྱོར་ལྡན་པར་ཤེས། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པ་ཀུན་གྱིས་ལྷག་མ་སྤང༌། །ཞེས་གསུངས་པ་ལས། རྐང་པ་དང་པོ་གཉིས་པོ་གོ་བར་ཟད་ལ། རྩ་སོ་གཉིས་པ་བདུད་བྲལ་མའི་སྦྱོང་བྱེད་མི་སྟོན་པ་ཅི་སྙམ་ན། དེ་སྦྱོང་བྱེད་ཀྱི་ལྷ་མོ་ལོགས་སུ་བསྟན་ན་ལྷ་མོ་བཅུ་དྲུག་གི་དཀྱིལ་འཁོར་དུ་ཐལ་བར་འགྱུར་བ་ལས། དེ་ལྟར་མི་ཐལ་བའི་ཤེས་བྱེད་ནི། ཟླ་བ་ལ་འཕེལ་ཆ་བཅུ་དྲུག་པ་མེད་པས་དེ་སྦྱོང་བྱེད་ཀྱི་སྟོང་པ་ཉིད་བཅུ་དྲུག་མི་དགོས་པའི་རྒྱུ་མཚན་གྱིས་སོ། །དོན་འདི་དག་གི་ཤུགས་བསྟན་ལ། འདི་དག་ཁམས་ནི་གཉིས་གཉིས་བཞིན། །དཔའ་བོ་རེ་རེ་རྣམས་སུ་བརྗོད། །རྐྱང་མ་ཀུན་འདར་རོ་མ་ལ། །གནས་པའི་ཁམས་ནི་ཧེ་རུ་ཀ །སྟོང་ཆ་བཅུ་དྲུག་མེད་པས་ན། འབད་པས་ལྷག་མ་སྤང་བར་བྱ། འདིར་དངོས་བསྟན་ལ་བདུད་བྲལ་མར་བྱང་ཆུབ་ཀྱི་སེམས་མི་འབབ་པར་བཤད་པས། དེ་འབབ་པའི་རྩ་སོ་གཉིས་སུ་བཤད་པ་དང་འགལ་བར་དོགས་པ་ལས། རྗེ་བཙུན་གྱིས་བདུད་བྲལ་མ་ལ་འབབ་མི་འབབ་ཀྱི་ཆ་གཉིས་སུ་ཕྱེ་ནས། འབབ་པ་བདག་མེད་མའི་དང༌། མི་འབབ་པ་ཧེ་རུ་ཀའི་སྦྱང་གཞིར་དོན་གྱིས་བཞེད་དེ། རྣམ་པར་མི་རྟོག་པ་ནི་བདེ་བ་ཆེན་པོས་སྦྱང་དགོས་པ་སྤྱིའི་ལུགས་ཡིན་པས་སོ། །ཧེ་རུ་ཀ་བཅོ་ལྔ་མ་བཤད་པས་རང་བཟོའོ་སྙམ་ན་མ་ཡིན་ཏེ། ལྷ་མོ་བཅོ་ལྔ་པོ་ཐམས་ཅད་ལ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱི་འཛིན་པའི་མཚོན་བྱེད་རེ་རེ་ཡོད་པར་བཤད་པས་སོ། །གཉིས་པ་ནི། བདེ་དགྱེས་གཉིས་སུ་སྦྱང་གཞི་ཕྱི་ནང་གི་གྲངས་མི་མཐུན་པ་ཅི་ཞེ་ན། རྗེ་བཙུན་གྱིས་ནི་དགྱེས་རྡོར་དུ་བདེ་མཆོག་ལས་བདེ་ཆེན་འཁོར་ལོའི་སྦྱང་གཞིར་བཤད་པའི་རྩ་ལྔ་པོ་སྦས་ཏེ་དངོས་སུ་མ་བཤད། དེའི་རྒྱུ་མཚན་གྱིས་ཕྱི་རོལ་གྱི་ཡུལ་ལྷག་མ་ལྔ་ཡང་དགྱེས་རྡོར་དུ་སྦས་ཏེ་དངོས་སུ་མ་བཤད། དེ་སྦྱོང་བྱེད་རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་ཡང་འདིར་དངོས་སུ་མ་བཤད་ཅེས་དགོངས་པར་མངོན་ནོ། །ཡང་རྗེ་བཙུན་གྱིས་ནི་དགྱེས་རྡོར་གྱི་རྩ་སུམ་ཅུ་རྩ་གཉིས་པོ་དང༌། བདེ་མཆོག་ཏུ་པུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིའི་རྣམ་པ་ཅན་གྱི་ལྷ་མོ་ཉེར་བཞི་དང༌། ཧཱུྃ་རིང་པོ་བརྒྱད་ཀྱི་རྣམ་པ་ཅན་རྣམས་དང་དོན་གཅིག་ཏུ་མཛད་ནས་མི་ཕྱེད་མ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་དེ་ནས་སྐྲ་དང་སོ་སེན་ལ་སོགས་པ་ནས་ལྤགས་པ་དང་དྲི་མའི་བར་གྱི་ཁམས་རྣམས་འབབ་པ་དང༌། རྡོ་རྗེ་བདག་མེད་མའི་སྦྱང་གཞིར་གྱུར་པའི་རྩ་བཞི་པོ་དང༌། སུམ་བསྐོར་མ་སོགས་ཕྱི་མ་བཞི་སྟེ་བརྒྱད་པོ་བདེ་མཆོག་གི་སྒོ་མཚམས་མ་བརྒྱད་དང་སྦྱོར་བར་དོན་གཅིག་པར་བཤད་པ་ལ། ཙོང་ཁ་པ་ཆེན་པོ་ན་རེ། བླ་མ་ཁ་ཅིག་དེ་ལྟར་འཆད་པ་མི་རིགས་ཏེ། སྤྱི་བོ་ལ་སོགས་པའི་གནས་རྣམས་རྩ་མ་ཡིན་པའི་ཕྱིར་དང༌། པུ་ཛ་ལ་སོགས་པའི་ཡི་གེ་རྣམས་ནི་འཁོར་ལོ་ལྔའི་ལྷ་རྣམས་ཀྱི་ས་བོན་དུ་བཤད་པའི་ཕྱིར་དང༌། དེ་དག་དོན་གཅིག་པར་བརྗོད་བྱེད་ཀྱི་ཚད་ལྡན་སུ་ཡང་མེད་པའི་ཕྱིར། ཞེས་གསུང་ངོ༌། །ཉེས་པ་དང་པོས་མི་གནོད་དེ། སྤྱི་བོ་ལ་སོགས་པའི་རང་ལྡོག་ནས་རྩ་མ་ཡིན་ཀྱང་གནས་དེ་དག་ན་ཡོད་པའི་ཡི་གེའི་རྣམ་པ་ཅན་གྱི་རྩ་རྣམས་དང༌། གཟུགས་མ་ལ་སོགས་སྦྱོར་བར་བཤད་པའི་ཕྱིར་དང༌། ཡི་གེའི་རྣམ་པ་ཅན་དུ་བཤད་པ་རྣམས་རྩ་མ་ཡིན་ན། དྲིལ་བུ་ཞབས་ཀྱིས། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པ་ཡང་དག་འཛིན། །དཔའ་བོ་ཉི་ཤུ་རྩ་བཞི་པོ། །ལུས་ཀྱི་ཁམས་སུ་རྣམ་པར་རྟག །ཅེས་བཤད་པ་དང་འགལ་བའི་ཕྱིར། ཉེས་པ་གཉིས་པས་མི་གནོད་དེ། ལུས་ལ་གནས་པའི་ལྷའི་ངོ་བོ་དང༌། ཕྱི་དཀྱིལ་ལ་འགོད་པའི་ལྷའི་ས་བོན་ལ་འགལ་བ་མེད་པར་མ་ཟད། གཞི་མཐུན་པའི་ཕྱིར། རྣལ་འབྱོར་པའི་ལུས་ཀྱི་རྩ་ལྷའི་ས་བོན་དུ་མི་རུང་ཞེས་ཟེར་བ་ནི། ཕྱིའི་རྟེན་བརྟེན་པ་མཐའ་དག་རྣལ་འབྱོར་པ་རང་གི་སེམས་སུ་ངོ་མ་འཕྲོད་པ་དང༌། ལུས་ལ་གནས་པའི་ཡི་གེ་དེ་དག་རྩ་ལས་གྲུབ་པ་མ་ཡིན་ན་གཞན་ཅི་ཞིག་ལས་གྲུབ་པར་འཆད་དགོས་པ་དང༌། ས་བོན་གྱི་ཡི་གེ་རྣམས་རྒྱུ་རྩ་དང་རྡུལ་ཚོན་སོགས་གང་ལས་བསྒྲུབས་ཀྱང་ལྷའི་ངོ་བོར་བསྐྱེད་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར། ཉེས་པ་གསུམ་པས་མི་གནོད་དེ། མཁས་པ་ཆེན་པོ་ཤཱནྟི་པས་དགྱེས་རྡོར་གྱི་འགྲེལ་པ་མུ་ཏིག་འཕྲེང་བར། ཕྲ་གཟུགས་མ་ལ་སོགས་པའི་རྩ་ཉེར་བཞི་སྐྲ་དང་སོ་སེན་སོགས་ཀྱི་ཁམས་ནས་དྲི་མ་དང་ལྤགས་པའི་ཁམས་ཀྱི་བར་ཉེར་བཞི་འབབ་པར་བཤད་པ་དང༌། བདེ་དགྱེས་གཉིས་ཀྱི་རྩའི་གྲངས་མ་མཐུན་པ་ལ་འགལ་སྤོང་ཞིབ་མོ་མཛད་པའི་ཕྱིར་དང༌། ཕན་ཚུན་དོན་མི་གཅིག་ན་རྣལ་འབྱོར་པ་གཅིག་གི་ལུས་ལ་ཁམས་དེ་དག་འབབ་པའི་རྩ་ཉེར་བཞི་པ་ཚན་པ་གཉིས་ཡོད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་སྦྱོང་བྱེད་ཀྱི་གཉེན་པོ་ལམ་རིམ་པ་གཉིས་དང་སྦྱོར་བའི་ཚུལ་བསྟན་ཟིན་ནས། སྦྱང་འབྲས་ས་ལམ་དང་སྦྱོར་བའི་ཚུལ་ལ། སྤྱིར་བཤད་པ་དང༌། རྗེ་བཙུན་གྱིས་བཤད་པའི་གཞུང་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བདེ་མཆོག་ལས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་པོའི་སྟེང་དུ། དཔེ་མེད་པ་དང་ཡེ་ཤེས་ཆེ། །རྡོ་རྗེ་འཛིན་ས་བཅུ་གསུམ་པ། །ཞེས་བཤད་ལ། དགྱེས་རྡོར་ལས། བཅུ་པོའི་སྟེང་དུ་འཐུང་གཅོད་གཉིས་བསྣན་ནས་ས་བཅུ་གཉིས་སུ་བཤད་པ་དང༌། དུས་ཀྱི་འཁོར་ལོ་ལས་ཀྱང༌། འཕོ་ཆེན་བཅུ་གཉིས་ཀྱི་འགག་རིམ་དང་སྦྱར་ནས་ས་བཅུ་གཉིས་ཁོ་ནར་བཤད་པ་རྣམས་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ལ། ཕར་ཕྱིན་ཐེག་པ་དང་སྒོ་བསྟུན་པའི་ཚེ་གནས་ལ་སོགས་པ་བཅུ་རབ་ཏུ་དགའ་བ་ལ་སོགས་པའི་ས་དང་དོན་གཅིག་པར་འཆད་པ་ནི་ཤིན་ཏུ་མང་ཞིང༌། འཐུང་གཅོད་གཉིས་པོ་མོས་སྤྱོད་ཀྱི་ས་དང་ཀུན་ཏུ་འོད་ཀྱི་ས་གཉིས་དང་སྦྱོར་ཞེས་འཆད་པའི་ཚད་ལྡན་དག་ཀྱང་ཡོད་མོད། རྗེ་བཙུན་གྱིས་ནི་མི་ཐུབ་ཟླ་བའི་དགོངས་པས་དཔེ་མེད་པ་དང་ཡེ་ཤེས་ཆེན་པོའི་ས་གཉིས་དང་སྦྱོར་བར་བཞེད་དོ། །འདིར་བརྟགས་པ་ནི། གནས་སོགས་བཅུའི་མིང་ཅན་གྱི་ས་དེ་དང་དེ་ཕར་ཕྱིན་པའི་ས་དེ་དག་གི་ཡོན་ཏན་ཇི་སྙེད་པ་ཡར་ལྡན་གྱི་ཚུལ་དུ་འགྱུར་བ་ཡིན་མོད། དོན་གཅིག་ཏུ་འཆད་ནུས་པ་མ་ཡིན་ཏེ། འདིའི་ཐོབ་བྱེད་ཀྱི་རྒྱུ་དང༌། ཐོབ་པའི་ངོ་བོ་དང༌། ཐོབ་འབྲས་ཀྱི་ཡོན་ཏན་རྣམས་དེ་དག་ལ་མ་ཚང་བའི་ཕྱིར། དཔེར་ན་རིམ་གཉིས་ལ་རྟོགས་པ་བརྟན་པའི་རྣལ་འབྱོར་པས་རིང་བའི་རྒྱུ་སྤྱོད་པ་དང༌། ཉེ་བའི་རྒྱུ་སོ་སོ་བས་གནས་ལ་སོགས་པའི་མིང་གིས་བཤད་པའི་དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པས། གོ་རིམ་བཞིན་དུ་དབུ་མར་ཐིམ་ནས་བདེ་སྟོང་དུ་རོ་གཅིག་པའི་ཡེ་ཤེས་དེ་ལ་རབ་ཏུ་དགའ་བ་ལ་སོགས་པའི་མིང་ཅན་གྱི་ས་དང་གནས་ལ་སོགས་པའི་མིང་གིས་བཤད་པ་བཞིན་ནོ། །དེ་ལྟ་བུའི་རིམ་པས་ས་བཅུ་མངོན་དུ་གྱུར་པའི་ཚེ་དཔེ་མེད་པ་དང་ཡེ་ཤེས་ཆེན་པོའི་ས་གཉིས་ཁྱབ་བྱེད་དུ་སོང་བ་ཡིན་ཏེ། ཕར་ཕྱིན་པ་ལ་མེད་པའི་སའི་ཁྱད་པར་ནི་འདི་གཉིས་ཁོ་ནར་ངེས་པའི་ཕྱིར། ཡང་སྔགས་ལ་མ་རྟེན་པར་ཕར་ཕྱིན་པ་རྐྱང་པས་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་ནུས་པར་འཆད་པའི་ལུགས་གཉིས་ཀ་སྔོན་ནས་ཡོད་པ་ལ། ལུགས་ཕྱི་མ་ས་སྐྱ་པའི་དགོངས་པར་འཆད་མོད། འདིར་བརྟགས་པ་ནི། ཕར་ཕྱིན་ཐེག་པ་པས་ས་བཅུ་པའི་རྒྱུན་མཐའ་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱེད་མི་ནུས་པ་ཡང་མ་ཡིན་ཏེ། དེའི་བར་ཆད་མེད་ལམ་གྱིས་སྤོང་བར་མི་ནུས་པའི་སྤང་བྱ་མི་སྲིད་པའི་ཕྱིར། ཀུན་ཏུ་འོད་སྔགས་ཀྱི་སློབ་ལམ་དུ་འཆད་ནུས་པ་ཡང་མ་ཡིན་ཏེ། དེ་ལྟར་སྟོན་པའི་ཚད་ལྡན་གྱི་ལུང་མེད་པའི་ཕྱིར་དང༌། ཀུན་ཏུ་འོད་ལ་གནས་པའི་མཚན་གཞི་གང་ཡིན་བརྟགས་པས་ཁེགས་པའི་ཕྱིར། དེ་ལྟ་ན་ཡང་སྤྱིར་མིའི་རྟེན་དང༌། བྱེ་བྲག་ཏུ་ཚེ་གཅིག་གིས་སངས་རྒྱ་བ་ནི་སྔགས་ལ་མ་རྟེན་པར་ནུས་པ་མ་ཡིན་ཏེ། ཕར་ཕྱིན་ཐེག་པ་རྐྱང་པས་དེ་ལྟར་བགྲོད་མི་ནུས་པའི་ཕྱིར། ཕར་ཕྱིན་ཐེག་པ་རྐྱང་པའི་ས་བཅུ་པ་པས་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱེད་པ་སྔགས་ཀྱི་ཉེ་རྒྱུ་ལ་ལྟོས་དགོས་པ་མ་ཡིན་ཏེ། འོག་མིན་སྟུག་པོ་བཀོད་པ་དང༌། གཟུགས་ཁམས་པའི་རྟེན་ཅན་གྱི་བྱང་སེམས་ས་བཅུ་པ་པ་ལ་སྔགས་ཀྱི་ཉེ་རྒྱུར་བཤད་པ་རྣམས་མངོན་དུ་བྱེད་པའི་རྒྱུ་ཚོགས་མ་ཚང་བའི་ཕྱིར་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་པ་དེ་མངོན་དུ་བྱེད་པ་ཡང་མིའི་རྟེན་ཅན་ཁོ་ནར་ངེས་པའི་ཕྱིར། ཡང་རྣལ་འབྱོར་དབང་ཕྱུག་གིས་ནི་ས་བཅུ་གསུམ་དུ་ཕྱེ་ནས། བཅུ་གསུམ་པའི་ཕྱེད་མན་ཆད་སློབ་ལམ་དུ་མཛད་ནས། སྔ་མ་དག་དང་ཅུང་ཟད་མི་འདྲ་བར་བཤད་མོད། མན་ངག་པའི་ལུགས་སོ། །གལ་ཏེ་གྲུབ་མཐའ་སྙོགས་པ་སྔགས་ཀྱི་རྫོགས་རིམ་ལ་ངེས་པར་ལྟོས་དགོས་ན། མན་ངག་གི་གཞུང་ལས་བུམ་དབང་ས་དྲུག་ལ་སོགས་པར་བཤད་པའི་དགོངས་པ་གང་ཞེ་ན། གྲུབ་མཐའ་འཁོར་འདས་དབྱེར་མེད་མངོན་དུ་གྱུར་པའི་རྗེས་སུ་སྔགས་ཀྱི་ས་དྲུག་པ་ཚུན་ཆད་མཉམ་བཞག་ཏུ་བསྐྱེད་རིམ་དང༌། རྗེས་ཐོབ་ཏུ་སྤྱོད་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་དགོས་པ་ཡིན་ཏེ། དེ་ལྟར་མ་བྱས་ན་ཡན་ལག་བདུན་དང་ལྡན་པའི་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གདུལ་བྱ་གཞན་སྣང་ལ་སྟོན་པར་མི་ནུས་པའི་ཕྱིར། གསང་དབང་དང་འབྲེལ་བའི་རྫོགས་རིམ་ནི་སྔོན་འཇིག་རྟེན་པ་དང་འདས་པའི་ས་ཀུན་ཏུ་གོམས་པར་བྱེད་དགོས་པ་ཡིན་མོད། གསང་དབང་ས་བཞི་ཞེས་བཤད་པ་ནི། གསང་དབང་གོམས་པའི་ལག་རྗེས་འཇའ་ཚོན་ལྟ་བུའི་ལུས་མཚན་དང་དཔེ་བྱད་ཀྱིས་ཁྱད་པར་དུ་བྱས་པ་ནི་ས་དྲུག་པ་མན་ཆད་དུ་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པར་བྱས་པ་ལ་རག་ལས་པའི་རྒྱུ་མཚན་གྱིས་དེ་ལྟར་བཞག་པའོ། །དེ་བཞིན་དུ་དབང་གསུམ་པའི་ས་གཉིས་ཞེས་པ་ཡང་དབང་གསུམ་པའི་ལམ་སྔོན་ཉིད་ནས་གོམས་པར་བྱེད་དགོས་མོད། རྡོ་རྗེ་འཛིན་པའི་ས་དང་དངོས་སུ་སྦྱོར་བའི་ཉེ་རྒྱུའི་དབང་གསུམ་པའི་ལམ་གྱི་ལག་རྗེས་ཡིན་པ་ལ་དགོངས་ནས་དེ་ལྟར་བཞག་ཅིང༌། ས་གཉིས་པོ་འདི་ལས་སམྦུ་ཊར་བསམ་གྱིས་མི་ཁྱབ་པའི་ས་ཞེས་བཤད་ལ། དེ་སྤྱིར་སྔགས་ཀྱི་ས་དང་པོ་སོགས་ནས་ཡོད་ཀྱང་རྡོ་རྗེ་འཛིན་པའི་དངོས་རྒྱུར་འགྲོ་བ་ནི་གསང་དབང་གི་ས་བཞི་པོ་སྔོན་དུ་སོང་བ་ལ་ལྟོས་པ་ཡིན་ཏེ། ལུས་མཚན་དཔེ་འཇའ་ཚོན་ལྟ་བུ་དང་སེམས་བདེ་སྟོང་དབྱེར་མེད་ལ་བརྟན་པ་ཐོབ་པས་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་དགོས་པའི་ཕྱིར། དབང་བཞི་པའི་ས་ཕྱེད་ནི་ཉེ་རྒྱུ་ལ་བརྟེན་ནས་མངོན་དུ་གྱུར་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཤིག་ཡིན་ལ། ཧེ་རུ་ཀ་ཞལ་ཕྱག་གི་རྣམ་པ་ཅན་དུ་མ་བཞེངས་པའི་གནས་སྐབས་ལ་དགོངས་ནས་སློབ་པའི་སར་བཤད་དོ། །དེའི་ཤེས་བྱེད་སྔགས་ཀྱི་འབྲས་བུའི་མཐར་ཐུག་ལོངས་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་འཆད་པ་ལ་དགོངས་པ་སྟེ། དཔེར་ན་གསང་བ་འདུས་པར་འབྲས་བུའི་མཐར་ཐུག་འོད་གསལ་སློབ་པའི་སར་བཤད་པ་བཞིན་ནོ། །སྔགས་ལུགས་ཀྱི་ས་ཕྱི་མ་གསུམ་པོ་འདི་ཕར་ཕྱིན་ཐེག་པའི་རབ་དགའ་སོགས་བཅུར་མ་འདུས་ཀྱང༌། སྔགས་ཀྱི་གནས་སོགས་བཅུ་དང་འཐུང་གཅོད་གཉིས་སུ་མ་འདུས་པ་ནི་མ་ཡིན་ཏེ། དེ་དག་ཏུ་མ་འདུས་པའི་སྔགས་ཀྱི་སློབ་པའི་ས་མ་བཤད་པའི་ཕྱིར། རབ་དགའ་སོགས་བཅུ་ནི་འདིར་འདུ་བ་མ་ཡིན་ཏེ། ལམ་རིམ་པ་གཉིས་པོ་མཐའ་དག་དེར་མི་འདུ་བའི་ཕྱིར། ཡང་སྔགས་ལ་བརྟེན་ནས་ས་དྲུག་པ་མངོན་དུ་བྱས་པ་ལྟ་བུའི་ཚེ་ན། ཕར་ཕྱིན་ཐེག་པའི་ས་དྲུག་པ་མངོན་དུ་བྱས་པ་ནི་མ་ཡིན་ཏེ། དེ་ལ་ནི་ས་དང་པོ་ཐོབ་རྗེས་སུའང་བསྐལ་པ་མང་པོའི་ཚོགས་སོག་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །གཉིས་པ་ལ་དངོས་དང༌། བྱང་ཕྱོགས་ཀྱི་རྣམ་བཞག་ལ་རྩོད་པ་སྤངས་པས་འཇུག་བསྡུ་བའོ། །དང་པོ་ནི། རྗེ་བཙུན་གྲགས་པའི་ཞབས་ཀྱིས་གསང་སྔགས་བླ་མེད་ཀྱི་ལམ་ལྔ་དང༌། ས་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་རྣམས་བདག་མེད་མ་ལྷ་མོ་བཅོ་ལྔ་དང་སྦྱར་ནས་བསྟོད་པ་མཛད་པའི་གཞུང་གི་དོན་ནི་འདི་ལྟར། ཐོག་མར་རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་དང་སྦྱང་གཞི་སྦས་པའི་རྩ་ལྔ་དགྱེས་རྡོར་ལས་དངོས་སུ་མ་བཤད་ཀྱང་ཁ་བསྐང་ནས། སྦས་པའི་རྩ་ལྔ་སྦྱོང་བྱེད་ལམ་གྱིས་སྦྱངས་པ་ལས་གཙུག་ཏོར་མཆོག་ཏུ་ཐིམ་པ་ནི་ཡབ་ཧེ་རུ་ཀའི་ས་སྟེ་བཅུ་གསུམ་པ་ཡིན་ལ། འཕགས་ལམ་ཡན་ལག་དང་པོ་ལྔ་དང་སྦྱར་རོ། །དེ་ནས་རྩ་གཙོ་མོ་གསུམ་བདུད་བྲལ་མ་དང་བཞི་པོ་ལམ་གྱིས་སྦྱངས་པའི་འབྲས་བུ་ནི་དཀྱིལ་འཁོར་གྱི་གཙོ་མོ་རྡོ་རྗེ་བདག་མེད་མ་སྟེ། སའི་དབང་དུ་བྱས་ན་བཅུ་གཉིས་པ་ཉེ་བའི་འཐུང་གཅོད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། བྱང་ཕྱོགས་ཀྱི་དབང་དུ་བྱས་ན་འཕགས་ལམ་ཡན་ལག་ཕྱི་མ་གསུམ་དང་བྱང་ཆུབ་ཡན་ལག་དང་པོར་བཞག་ལ། དེ་ནས་སུམ་སྐོར་མ་སོགས་རྩ་བཞི་སྦྱངས་པའི་འབྲས་བུས། ལྷ་མོའི་དབང་དུ་བྱས་ན་ས་སྤྱོད་མ་དང་མཁའ་སྤྱོད་མ། སའི་དབང་དུ་བྱས་ན་བཅུ་གཅིག་པ་འཐུང་གཅོད་དང༌། བྱང་ཕྱོགས་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་བར་པ་བཞི་དང་བཅས་པ་ཡིན་ལ། ལྷ་མོ་དེ་གསུམ་གྱི་ས་བོན་ནི་རིམ་པ་ལྟར་དབྱངས་ཡིག་དང་པོ་གསུམ་མོ། །དེ་ནས་མི་ཕྱེད་མ་ལ་སོགས་པའི་རྩ་ཉི་ཤུ་རྩ་བཞི། ལྷ་མོ་བཅུ་གཉིས། ས་བཅུ། བྱང་ཆུབ་ཡན་ལག་ལྷག་མ་རྣམས་དང་སྦྱོར་བའི་ཚེ། སའི་ཐོག་མ་གནས་དང་ཉེ་བའི་གནས་གཉིས་ལ་རྩ་བཞི་བཞི་རེ། ལྷ་མོ་གཉིས་གཉིས་རེ། དྲན་པ་ཉེར་བཞག་བཞི་དང་ཡང་དག་སྤོང་བ་བཞི་རིམ་པར་བཞག་ནས། དེའི་འོག་ཏུ་ས་ལྷག་མ་བརྒྱད་ལ་རེ་རེ་བཞིན་རྩ་གཉིས་གཉིས་ལྷ་མོ་རེ་རེ། རྫུ་འཕྲུལ་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། ལྷག་མར་ལུས་པའི་བྱང་ཆུབ་ཡན་ལག་གཉིས་རྣམས་ལས། ས་རེ་རེ་ལ་གཉིས་གཉིས་རྣམ་པར་བཞག་གོ །གལ་ཏེ་ལྷ་མོ་བཅོ་ལྔ་པོ་རྩ་རྣམས་སྦྱོང་བྱེད་ཀྱི་གཉེན་པོར་བཤད་པ་མ་ཡིན་ནམ། སྦྱངས་འབྲས་སུ་འཇོག་པ་ཅི་ཞེ་ན། འབྲས་བུ་ལམ་དུ་བྱེད་པའི་ཚེ། རྩ་ཁམས་སོ་སོའི་ངོ་བོ་ལྷར་བསྐྱེད་ནས་སྒོམ་པ་བསྐྱེད་རིམ་གྱི་དབང་དུ་བྱས་པ་དང༌། དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པས་དབུ་མར་ཐིམ་པའི་ཚེ་བདེ་སྟོང་གི་ཡེ་ཤེས་གཅིག་ཉིད་ལ་ལྡོག་པས་ལྷ་སོ་སོར་འབྱེད་པ་རྫོགས་རིམ་གྱི་དབང་དུ་བྱས་པ་ཡིན་པས་འགལ་བ་མེད་དོ། །གཉིས་པ་ལ་གཉིས་ཏེ། བྱང་ཆུབ་ཕྱོགས་མཐུན་གྱི་རྣམ་བཞག་ལ་རྩོད་པ་སྤང་བ་དང༌། ཀུན་ཏུ་འོད་སངས་རྒྱས་ཀྱི་སར་བཤད་པ་ལ་རྩོད་པ་སྤངས་ཏེ་མཇུག་བསྡུ་བའོ། །དང་པོ་ནི། བྱང་ཕྱོགས་སོ་བདུན་གྱི་ངོས་འཛིན་ཕར་ཕྱིན་ཐེག་པ་དང་མཐུན་ན་ནི་ས་ལམ་གྱི་རྣམ་བཞག་ཕར་ཕྱིན་ལྟར་འཆད་དགོས་ལ། མི་མཐུན་ན་ནི་དེའི་མིང་གི་བསྟན་པ་ལ་དགོས་པ་ཅི་ཡོད། སྔགས་སུ་བྱང་ཕྱོགས་དང་ས་ལམ་གྱི་སྦྱོར་ཚུལ་ཡང་སྤྱིར་མི་མཐུན་པ་དུ་མ་དང༌། བྱེ་བྲག་ཏུ་བདེ་མཆོག་དང༌། ལམ་འབྲས་དང༌། བདག་མེད་མའི་བསྟོད་པར་བཤད་པ་རྣམས་ཤིན་ཏུ་མ་མཐུན་པས་ཉེས་པར་མི་འགྱུར་རམ་ཞེ་ན། ལན་གོ་རིམ་བཞིན་དུ་བསྟན་པ་ནི། མདོ་སྔགས་གཉིས་སུ་བྱང་ཕྱོགས་ཀྱི་མིང་མཐུན་ཡང་དོན་ཤིན་ཏུ་མི་མཐུན་ཏེ། གསང་སྔགས་བླ་མེད་དུ་ནི་སོ་བདུན་པོའི་ངོས་འཛིན་ལམ་རིམ་པ་གཉིས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་དང༌། ཕར་ཕྱིན་དུ་ཡང་མི་མཐུན་པ་མང་སྟེ། ཐེག་པ་གསུམ་གྱི་དབྱེ་བས་དོན་མི་མཐུན་ཡང་མིང་མཐུན་པ་དང༌། སངས་རྒྱས་ཀྱི་སའི་སོ་བདུན་དང་སློབ་ལམ་གྱི་སོ་བདུན་བཞིན་ནོ། །མདོ་སྔགས་གཉིས་སུ་སོ་བདུན་གྱི་དོན་མི་མཐུན་ཡང་མིང་མཐུན་པར་བཞག་པ་ནི་ཕར་ཕྱིན་པ་དག་སྔགས་ཀྱི་ལམ་རིམ་ལ་ཡིད་ཆེས་པའི་དོན་དུ་ལུང་སྒོ་བསྟུན་གྱི་བཤད་པ་ཞེས་འཆད་པ་པོ་ཀུན་ལ་གྲགས་པ་ཡིན་ཏེ། དཔེར་ན་ཤེར་ཕྱིན་གྱི་རྒྱན་རྩ་འགྲེལ་དུ་ཤེར་ཕྱིན་ལས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་དག་ལ་མངོན་པ་ནས་འབྱུང་བའི་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་གྱི་མིང་གིས་བཏགས་ནས་སྦྱར་བ་བཞིན་ནོ། །ཡང་གཞན་དག་ན་རེ། ལམ་འབྲས་སུ་བཤད་པའི་བྱང་ཕྱོགས་སོ་བདུན་གྱི་གོ་རིམ་དང་ས་མཚམས་ནི་ཕར་ཕྱིན་ཐེག་པ་དང་མ་མཐུན་པས་རྣམ་པར་མ་དག་གོ་ཞེས་ཟེར་བ་ལ། མགོ་མཚུངས་ཀྱི་ལན་ནི། འོ་ན་བདེ་མཆོག་ལས་བཤད་པའི་སོ་བདུན་གྱི་གོ་རིམ་དང་ས་མཚམས་ཀྱང་མ་དག་པར་འགྱུར་ཏེ། དེར་ཡང་བྱང་ཕྱོགས་ཀྱི་ཐོག་མར་རྫུ་འཕྲུལ་རྐང་པ་ལ་མཛད་ནས་ས་དང་པོ་དང་སྦྱར། ཡང་དག་སྤོང་བ་ཀུན་གྱི་ཐ་མར་བཞག་ནས་མཚམས་ཀྱི་ལྷ་མོ་བཞི་དང་སྦྱར། དྲན་པ་ཉེར་བཞག་བཞི་དང་འཕགས་ལམ་ཡན་ལག་གི་ཏིང་ངེ་འཛིན་ལྔ་པོ་སངས་རྒྱས་ཀྱི་སར་བཞག་ནས་བདེ་ཆེན་ལྷ་ལྔ་དང་སྦྱར་ནས་བཤད་པའི་ཕྱིར། འདི་ལ་རྒྱུད་ཀྱི་ཁུངས་ཡོད་དོ་ཞེ་ན། སྔ་མ་ལ་ཅིའི་ཕྱིར་མེད། རྣལ་མའི་ལན་ནི། སྔགས་སུ་སོ་བདུན་པོ་ལམ་རིམ་པ་གཉིས་ཀྱི་དབང་དུ་བྱས་པའི་ཚེ། ལྷ་ངོ་བོ་གཅིག་ལ་ལྡོག་པས་འབྱེད་པ་དང༌། རྫོགས་རིམ་གྱི་དུས་སུ་བདེ་སྟོང་གི་ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པས་སོ་བདུན་དུ་ཕྱེ་ནས། སྒྲུབ་པ་པོ་ལ་ལམ་གྱི་སྐྱེ་ཚུལ་གང་དང་གང་སྦྱོར། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་མན་ངག་གིས་བསྟན་པས་ཇི་ལྟར་བཤད་ཀྱང་འགལ་བ་མེད་དོ། །གཉིས་པ་ལ། ཐུན་མོང་མ་ཡིན་པའི་ས་གསུམ་ལོགས་སུ་བཞག་པ་ལ་རྩོད་པ་སྤང་བ། ཀུན་ཏུ་འོད་སངས་རྒྱས་མཐར་ཕྱིན་གྱི་སར་བཤད་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཙོང་ཁ་པ་ཆེན་པོ་ན་རེ། བླ་མ་གཞན་དག ཕར་ཕྱིན་པ་ལ་མེད་པའི་ས་ཕྱི་མ་གསུམ་ཟུར་དུ་འབྱེད་པ་མི་རིགས་ཏེ། དཔེ་མེད་པ་དང་ཡེ་ཤེས་ཀྱི་ས་ནི་བཅུ་པ་ཆོས་ཀྱི་སྤྲིན་ལས་ཕྱེ་བའི་ཁྱད་པར་གྱི་ལམ་དང༌། བར་ཆད་མེད་པའི་ལམ་དུ་མན་ངག་གི་སྙེ་མ་ལས་བཤད་པ་དང༌། རྡོ་རྗེ་འཛིན་པའི་ས་ནི་ཀུན་ཏུ་འོད་ལས་གཞན་མ་ཡིན་པ་དང༌། དགྱེས་རྡོར་དུ་བཤད་པའི་ས་བཅུ་གཉིས་ཀྱང༌། དེའི་འགྲེལ་པ་ཚད་ལྡན་དག་ལས་ཡོངས་སུ་གྲགས་པ་བཅུ་པོའི་སྟེང་དུ་མོས་སྤྱོད་དང་ཀུན་ཏུ་འོད་ཀྱི་ས་གཉིས་ལས་གཞན་མ་བཤད་པའི་ཕྱིར། ཞེས་གསུང་ངོ༌། །དེ་མི་འཐད་པ་ལ་གཉིས་ཏེ། གཞན་ཕྱོགས་རིགས་པས་མི་འཐད་པ་དང༌། རང་ཕྱོགས་ལུང་དང་མི་འགལ་བའོ། །དང་པོ་ནི། འོ་ན་དཔེ་མེད་པ་དང་ཡེ་ཤེས་ཆེན་པོའི་ས་གཉིས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ས་ཞིག་གམ། ཕར་ཕྱིན་པ་ལ་ཡང་ཡོད། དང་པོ་ལྟར་ན་སྔགས་ལས་བཤད་པའི་ས་ལོགས་ཤིག་པར་གྲུབ་ལ། གཉིས་པ་ལྟར་ན། ཕར་ཕྱིན་ཐེག་པས་སངས་རྒྱ་བ་སྔགས་ལ་མ་ལྟོས་པར་འཚང་རྒྱ་བ་མི་འདོད་བཞིན་དུ་ཧ་ཅང་ཐལ་བ་དང༌། རྒྱུན་མཐའི་ཁྱད་པར་གྱི་ས་དང་བར་ཆད་མེད་པའི་ལམ་ལ་དཔེ་མེད་པ་དང་ཡེ་ཤེས་ཀྱི་སའི་མིང་གིས་འདོགས་པ་ཕར་ཕྱིན་ཐེག་པའི་མདོ་ལུང་གང་ན་ཡང་མེད་པས་བསལ་བ་དང༌། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་རྡོ་རྗེ་ཐེག་པའི་ཁྱད་ཆོས་མ་ཡིན་པར་འགྱུར་ཏེ། རྡོ་རྗེ་ཐེག་པའི་ལམ་ཟབ་པ་དང་ཉེ་བར་བྱེད་པའི་ཆོས་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ནི་ཐུན་མོང་དུ་གྲགས་པའི་ས་བཅུ་ཙམ་པོ་རྫོགས་པའི་མཐར་ཉམས་སུ་ལེན་དགོས་ཤིང༌། ཐུན་མོང་གི་ས་བཅུ་པ་ནི་ལམ་དུ་ཞུགས་རྗེས་ནས་ཀྱང་བསྐལ་པ་གྲངས་མེད་གསུམ་གྱིས་མཐར་ཕྱིན་པར་བྱེད་དགོས་པའི་ཕྱིར། སྔགས་ནས་གནས་སོགས་ཀྱི་མིང་གིས་བཏགས་པའི་ས་རབ་ཏུ་དགའ་བ་སོགས་བཅུ་པོ་ལ་ཕར་ཕྱིན་པའི་ས་བཅུ་ལ་མེད་པའི་ཁྱད་ཆོས་ཤིག་ཡོད་དམ་མེད། ཡོད་ན་ཕར་ཕྱིན་པ་ལས་གྲགས་པའི་ས་ལོགས་སུ་བཤད་ནས། ཚེ་གཅིག་གིས་སངས་རྒྱས་བྱེད་པ་ལ་ས་ལོགས་པ་ཤིག་མེད་མི་རུང་གི་ཡན་ལག་ཏུ་མི་དགོས་ན་གཞན་དགོས་པ་ཅི་ཞིག་ཡོད། གཉིས་པ་ལྟར་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ཐབས་སུ་འགལ། གཉིས་པ་ལུང་གིས་མི་གནོད་པ་ནི། ཀུན་ཏུ་འོད་ལ་རྡོ་རྗེ་འཛིན་པའི་སར་བཤད་པས་སྔགས་ལས་ལུགས་གཞན་མི་དགོས་པར་མི་འགྲུབ་སྟེ། སྔགས་ལུགས་ཀྱི་ས་བཅུ་པོའི་ནང་དུ་དཔེ་མེད་པ་དང་ཡེ་ཤེས་ཀྱི་སའི་ཉམས་ལེན་མཐའ་དག་འདུས་པའི་ཕྱིར། མ་འདུས་ན་སྔགས་ཀྱི་ས་བཅུ་ལ་ཟབ་ཁྱད་ཅི་ཞིག་ཡོད། མན་ངག་སྙེ་མའི་ལུང་དོན་ངེས་པར་འཆད་མི་དགོས་མོད། འཆད་པའི་ཚེའང་བར་ཆད་མེད་པའི་ལམ་དུ་བཤད་པ་ཉིད་ཀྱིས་ས་ལོགས་པར་གྲུབ་སྟེ། ས་བཅུ་པ་ལ་ཙམ་ཁྱད་དུ་ཕྱེ་བ་དེ་སྔགས་ཀྱི་ས་བཅུ་པའི་དབང་དུ་བྱེད་ན་ནི་དེ་ཉིད་ཀྱིས་ས་ལོགས་པར་གྲུབ་ལ། ཕར་ཕྱིན་པའི་དབང་དུ་བྱེད་ན་ནི་ཕར་ཕྱིན་པའི་ས་བཅུ་པའི་ཁ་སྐོང་གཞུང་དེ་ན་མེད་པར་སྔགས་ནས་ཚོལ་ན་ཧ་ཅང་ཐལ་ལོ། །གཉིས་པ་ནི། རང་ཕྱོགས་ཀྱི་བླ་མ་གོང་མའི་རྗེས་འཇུག་ཏུ་ཁས་ལེན་པ་དག་ན་རེ། རྡོ་རྗེ་འཛིན་པའི་ས་ཀུན་ཏུ་འོད་ཀྱི་སར་ཁས་ལེན་པ་དང༌། ཕར་ཕྱིན་ཐེག་པ་རྐྱང་པས་རྡོ་རྗེ་འཛིན་པའི་ས་འགྲུབ་པར་འདོད་པ་ནི་སམྦུ་ཊིའི་རྒྱུད་དང་འགལ་ཞིང༌། བླ་མ་གོང་མའི་བཞེད་པ་དང་མི་མཐུན་ནོ། །དེའི་ཤེས་བྱེད་ནི་རྒྱུད་ལས། ཇི་སྐད་དུ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་དང༌། བདག་མེད་མའི་བསྟོད་འགྲེལ་དུ། གང་ཞིག་རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུ་ལ་ཁྱད་པར་འབྱུང་སྟེ། ཀོ་ཊ་བ་དང་སཱ་ལི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་ཕར་ཕྱིན་པས་གྲངས་མེད་གསུམ་གྱི་མཐར་སྔགས་ཀྱི་ཉེ་ལམ་ལ་མ་རྟེན་ན་ཡང་དག་པའི་སངས་རྒྱས་སུ་བགྲོད་མི་ནུས་པ་ནི་རྗེ་བཙུན་ས་སྐྱ་པའི་དགོངས་པ་བླ་ན་མེད་པའོ། །ཞེས་འཆད་དོ། །འདི་བརྟག་པ་ལ་གཉིས་ཏེ། ལུང་གི་དོན་བཤད་པ་དང༌། དེས་ན་དགོངས་པའི་དོན་བཞག་པའོ། །དང་པོ་ནི། སམྦུ་ཊིའི་ལུང་དེའི་དོན་ནི་འབྲས་བུ་ལམ་བྱེད་དང་བྲལ་བའི་ལམ་རྐྱང་པས་ཐོབ་པའི་སངས་རྒྱས་དེ་ནི་གནས་ཚུལ་ལ་སྤང་རྟོགས་མཐར་ཐུག་པ་ཡིན་ཀྱང༌། གཞན་ངོར་གཟུགས་སྐུའི་སྣང་བ་སྟོན་པ་ན་ཁྲོ་ཆགས་ཀྱི་རྣམ་པ་ཅན་དུ་མི་སྟོན་པར། བདེ་བར་གཤེགས་པ་ཤཱཀྱ་ཐུབ་པ་ལྟ་བུ་ཆགས་བྲལ་གྱི་གཟུགས་སུ་སྟོན་པ་དང༌། ལམ་རིམ་པ་གཉིས་ཀྱིས་ཐོབ་པའི་སངས་རྒྱས་དེ་ནི་གཞན་ངོར་གཟུགས་ཀྱི་སྐུའི་རྣམ་པ་སྟོན་པ་དང༌། ཐོག་མར་སངས་རྒྱས་པའི་ཚེ་བདེ་དགྱེས་ལྟ་བུ་ལོངས་སྐུ་ཡན་ལག་བདུན་ལྡན་དང༌། གཞན་ངོར་ཡང་ཁྲོ་ཆགས་ཀྱི་རྣམ་པ་ཅན་དུ་འཆར་བའོ། །སངས་རྒྱས་ངོ་བོ་གཅིག་ཀྱང་སྔོན་གྱི་སྨོན་ལམ་དང༌། གདུལ་བྱའི་ཁྱད་པར་ལས་སྣང་བ་སོ་སོར་འཆར་བ་ཡིན་གྱི། སངས་རྒྱས་གཅིག་གིས་སྣང་བ་སོ་སོར་སྟོན་མི་ནུས་པ་ནི་མ་ཡིན་ནོ། །བདག་མེད་བསྟོད་འགྲེལ་གྱི་དོན་ཡང་བཤད་མ་ཐག་པ་ལྟར་ཡིན་གྱི། ཀུན་ཏུ་འོད་སངས་རྒྱས་ཀྱི་སར་མི་བཞེད་པ་ནི་མ་ཡིན་ཏེ། དེ་སློབ་པའི་ལམ་དུ་བཞེད་ན་སྔགས་ཀྱི་སློབ་ལམ་ལས་གཞན་དུ་མེད་པས་དཔེ་མེད་པ་དང་ཡེ་ཤེས་ཆེན་པོ་གང་རུང་དུ་ཐལ་བར་འགྱུར་བ་དང༌། ས་བཅུ་གསུམ་གྱི་གྲངས་ངེས་ཉམས་སོ། །གཞན་ཡང་ཕར་ཕྱིན་པ་རྐྱང་པས་ཐོབ་པའི་ཀུན་ཏུ་འོད་ལ་གནས་པ་དེ་མཐར་ཐུག་གི་ཐེག་པའམ་སྔགས་ལ་འཇུག་པར་འདོད། དང་པོ་ལྟར་ན་སངས་མི་རྒྱ་བའི་སེམས་ཅན་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་ཐོག་མར་སྔགས་ལམ་གང་ནས་འཇུག ས་བཅུ་གཉིས་པ་ནས་འཇུག་པར་འདོད་ན་སྔགས་ཀྱི་ས་བཅུ་སྔོན་དུ་མ་སོང་བའི་ས་ཕྱི་མ་གསུམ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་ན་མཚན་ཉིད་ཐེག་པ་ལ་ཡང་རིགས་པ་མཚུངས་པས་ཧ་ཅང་ཐལ་ལོ། །འོ་ན་བསྟོད་འགྲེལ་དུ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །ཞེས་བཤད་པ་དེ་དཔེར་མཛད་ནས། ཀུན་ཏུ་འོད་ཀྱི་ས་སངས་རྒྱས་བཏགས་པ་བར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འཆད་པ་མ་ཡིན་གྱི། སྤྱིར་ཕར་ཕྱིན་ཐེག་པར་སངས་རྒྱས་སུ་བཤད་པ་ཐམས་ཅད་མཚན་ཉིད་པ་མ་ཡིན་པར་སྟོན་པ་སྟེ། གཞན་དུ་ན་བསྟོད་པའི་རྩ་བ་ས་བཅུ་གཉིས་པ་སྔགས་ཀྱི་སངས་རྒྱས་སུ་བཤད་པས། གསང་སྔགས་ཀྱི་སློབ་ལམ་བཅུ་གཉིས་ཕྱེད་དང་བཅས་པ་ལ་དཀའ་བའི་གནས་སུ་འགྱུར་བ་མ་ཡིན་ནམ་ཞེས་རྣམ་པར་བརྟག་དགོས་སོ། །གཉིས་པ་ནི། དེ་ལྟར་བཤད་པ་ན་ཕར་ཕྱིན་ཐེག་པས་ཐོབ་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་སྔགས་ཀྱི་སློབ་ལམ་དུ་བླ་མ་གོང་མ་གང་གིས་ཀྱང་མ་བཤད་པ་དེའི་ཕྱིར། ཕར་ཕྱིན་ཐེག་པ་རྐྱང་པས་ཐོབ་པའི་ཀུན་ཏུ་འོད་ནི་ཆོས་ཀྱི་སྐུ་མཐར་ཕྱིན་པའི་ས་ཡིན་ལ། འབྲས་བུ་ལམ་བྱེད་ཀྱི་ཐེག་པས་མཐར་ཕྱིན་པའི་བཅུ་གསུམ་པ་ནི་གཞན་དོན་མཐར་ཕྱིན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །འདི་ཡང་ལྡོག་པས་འབྱེད་པ་ཡིན་གྱི། ཀུན་ཏུ་འོད་ཀྱི་རྗེས་སུ་ས་གཉིས་སམ་ཕྱེད་དང་བཅས་པའི་གསུམ་སྣོན་དགོས་པ་ནི་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ས་དེ་དག་ནི་སྔགས་ལུགས་ཀྱི་གནས་སོགས་ས་བཅུའི་ནང་དུ་མ་འདུས་པ་མེད་པའི་ཕྱིར་དང༌། ཕར་ཕྱིན་པའི་ས་བཅུ་རྒྱུན་མཐའི་བར་བཅད་མེད་ལམ་གྱིས་སྤོང་མི་ནུས་པའི་མ་རིག་པའི་བག་ཆགས་ཡོད་ན། ལམ་འབྲས་སུ། ཀུན་ཏུ་རྨོངས་པ་མ་རིག་པའི་གཉེན་པོ་ནི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ལྟ་བར་ངེས་པ་དང༌། དེ་འདྲའི་ལྟ་བ་ཡང་ཕར་ཕྱིན་པ་ལས་ཁྱད་པར་དུ་འཕགས་པ་སྔགས་ལ་ཡང་མེད་པར་བཤད་པ་དང་འགལ་བར་དོགས་སོ། །དེ་ལྟར་བཤད་པའི་ལུང་དང་རིགས་པ་མང་པོ་དག་གིས་ནི་ཐེག་པ་ཆེན་པོའི་ལམ་གྱི་སྲོལ་གཉིས་པོ་ཕན་ཚུན་སོ་སོའི་ཐུན་མོང་མ་ཡིན་པའི་ལམ་རིམ་ལ་མི་ལྟོས་པར། རང་རང་གི་གཞུང་ལུགས་ནས་སོ་སོར་བཤད་པའི་ལམ་གྱི་རིམ་པ་ཁོ་ནས་འབྲས་བུའི་གནས་སྐབས་མཐར་ཕྱིན་པའི་གོ་འཕང་ངེས་པར་འགྲུབ་བོ་ཞེས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་གསུང་གིས་ལེགས་པར་བཤད་པ་དེ་འདིར་གྲུབ་པའོ།།  །།འདིར་སྨྲས་པ། དངོས་ཀུན་རང་བཞིན་བརྗོད་པ་ཀུན་བྲལ་བ། །ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་བདེ་བ་ཆེ། །འདི་ལས་གཞན་དུ་རྟེན་འབྲེལ་སྣ་ཚོགས་པ། །ཡོད་མ་མྱོང་དེ་ལམ་གྱི་སྦྱང་གཞིར་ངེས། །ཤེས་བྱའི་ཆོས་ཀུན་གོམས་བྱེད་རྣལ་འབྱོར་པ། །རང་རང་སོ་སོའི་སེམས་སུ་ཐག་བཅད་ནས། །སེམས་ཀྱི་ངོ་བོ་རིམ་གཉིས་རྣལ་འབྱོར་དུ། །འདྲིས་ཤིང་གོམས་པ་སྦྱོང་བྱེད་ལམ་དུ་ངེས། །དྲི་བཅས་ཡེ་ཤེས་དྲི་མེད་རྣལ་འབྱོར་གྱིས། །ལན་བརྒྱར་སྦྱངས་པས་སྒྲིབ་ཀུན་གནས་གྱུར་ཚེ། །འབྲས་བུའི་མཐར་ཐུག་ཀུན་ཏུ་འོད་ས་དང༌། །བཅུ་གསུམ་འཁོར་ལོ་བསྒྱུར་བ་འགྲུབ་གྱུར་ཅིག །ཅེས་སྦྱང་གཞི་དང་སྦྱོང་བྱེད་སྦྱང་འབྲས་གསུམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་གྱི་ལུང་རྣམ་པར་ངེས་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི། སེམས་དཔའ་བྲག་དཀར་བ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུར་བའི་ངོར། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄༅། །སྐྱེ་འཕགས་སྣང་བ་མཐུན་པ་ལ་བརྩད་པ་རྡོ་རྗེའི་གསེང་ལམ་ཆོས་ཚན་བཅུ་བདུན་པ་བཞུགས་སོ།།  ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ཏེ། །བྱིས་པ་རྣམས་ལ་ཐུན་མོང་དུ། །གང་སྣང་རྫོགས་སངས་རྒྱས་ལ་ཡང༌། །སྣང་ཞེས་འདོད་པ་དེ་སྤང་བྱ། །བྱིས་པ་རྣམས་ལ་མངོན་སུམ་དུ། །གང་སྣང་གནས་ལུགས་ཡིན་པ་དང༌། །དོན་དམ་པ་དང་ཆོས་ཀྱི་དབྱིངས། །ཡིན་པར་འགལ་ཕྱིར་དེ་ལ་དེ། །སྣང་བ་མིན་ནོ་སངས་རྒྱས་ལ། །ཆོས་དབྱིངས་ལས་གཞན་མི་སྣང་སྟེ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་པར་བཤད་ཕྱིར་རོ། །ཤེས་པར་བྱེད་ལ་ཀུན་རྫོབ་དང༌། །དོན་དམ་གཉིས་སུ་ཁ་ཚོན་བཅད། །དེ་ཕྱིར་ཤེས་པར་བྱ་བ་ཡང༌། །བདེན་པ་གཉིས་ལས་གཞན་མི་འཆད། །ཤེས་བྱེད་འཁྲུལ་དང་མ་འཁྲུལ་ལས། །ཤེས་བྱ་རྫུན་དང་བདེན་པར་འཇོག །ཤེས་བྱེད་ཀུན་རྫོབ་འཁྲུལ་པའི་དུས། །ཤེས་པར་བྱ་ཡང་རྫུན་ཁོ་ན། །ཤེས་བྱེད་དོན་དམ་མ་འཁྲུལ་བ། །ཉིད་ཕྱིར་དེར་སྣང་བདེན་ཁོ་ན། །དོན་དམ་དུ་ནི་ཡོད་པ་དང༌། །མེད་ལས་དེ་དེར་འཇོག་ནུས་ཀྱི། །ཀུན་རྫོབ་ཏུ་ནི་མེད་པ་དང༌། །ཡོད་ལས་དེ་དེར་འཇོག་མི་ནུས། །ཅི་ཕྱིར་ཞེ་ན་དོན་དམ་པ། །ཤེས་བྱའི་གནས་ལུགས་ལ་ཞུགས་དང༌། །ཀུན་རྫོབ་ཡུལ་གྱི་གནས་ཚུལ་ལས། །ཕྱིན་ཅི་ལོག་ཏུ་ཞུགས་ཕྱིར་རོ། །མ་རིག་པ་དང་རིག་པ་དང༌། །སྒྲིབ་པར་བྱེད་དང་སྒྲིབ་མེད་དང༌། །བི་ཛྙཱ་ན་དང་ཛྙ་ན་དང༌། །ཀུན་རྫོབ་དོན་དམ་མིང་རྣམ་གྲངས། །རྫོགས་སངས་རྒྱས་ལ་ཡེ་ཤེས་ལས། །གཞན་པའི་ཤེས་པ་སྲིད་མ་ཡིན། །དེ་ཕྱིར་ནང་གི་རྣམ་ཤེས་ལས། །བྱུང་བའི་ཡུལ་སྣང་དེ་ལ་མེད། །དེ་ཉིད་ཕྱིར་ན་རྫོགས་སངས་རྒྱས། །གང་བཞུགས་གནས་དེ་འོག་མིན་དང༌། །སྣོད་བཅུད་མ་ལུས་ཡེ་ཤེས་ལས། །གཞན་དུ་ཡོད་པ་མ་ཡིན་ནོ། །རྫོགས་སངས་རྒྱས་ལ་སེམས་ཅན་དུ། །སྣང་བའི་རྣམ་རིག་ཡོད་མིན་ན། །སེམས་ཅན་ཐམས་ཅད་འབད་མེད་དུ། །གྲོལ་བར་ཐལ་བ་མ་ཡིན་ནམ། །ཞེ་ན་རྫོགས་པའི་སངས་རྒྱས་ལ། །གང་སྣང་རྫོགས་སངས་རྒྱས་ཉིད་ཕྱིར། །སངས་རྒྱས་མིན་པའི་སྣང་བ་ནི། །འགའ་ཡང་འཆར་བ་མ་ཡིན་ནོ། །སེམས་ཅན་ཉིད་དུ་སྣང་བ་ནི། །རང་རང་སོ་སོའི་ལས་སྣང་སྟེ། །ལས་ཀྱི་སྣང་བ་དེ་དག་ན། །སེམས་ཅན་ཉིད་དུ་སྣང་བ་མེད། །ལས་སྣང་མ་དག་བློ་ངོ་ན། །སངས་རྒྱས་དང་ནི་སེམས་ཅན་དང༌། །སེམས་ཅན་དག་ཀྱང་རྒྱུད་གཞན་དུ། །སྣང་མོད་འཁྲུལ་སྣང་དག་པའི་ངོར། །རྒྱུད་གཞན་ཉིད་དུ་གྲུབ་པ་མེད། །དེ་ལྟ་མོད་ཀྱི་འཁྲུལ་པའི་བློ། །རྒྱུན་ཆད་གྱུར་པ་མི་སྲིད་ཕྱིར། །སེམས་ཅན་ཐམས་ཅད་འབད་མེད་དུ། །གྲོལ་བར་ཐལ་བ་མ་ཡིན་ནོ། །རྫོགས་སངས་རྒྱས་ལ་རྣལ་འབྱོར་གྱི། །མངོན་སུམ་ལས་གཞན་རིག་པ་མེད། །མངོན་སུམ་དེ་ལ་རང་རིག་པས། །ཁྱབ་ཕྱིར་དེ་ལ་གང་ཤར་བ། །སངས་རྒྱས་ཉིད་ཀྱི་ཡེ་ཤེས་སོ། །དེ་སྐད་འདི་ཡང་སེམས་ཅན་ལ། །གང་སྣང་དེ་ཉིད་ཤེས་ཡིན་པའི། །དཔེ་ཡིས་ཉེ་བར་གཞལ་བྱས་ནས། །རྫོགས་སངས་རྒྱས་ལ་སྣང་ཚུལ་བཤད། །དེ་ཡི་དགེ་བ་སྣོད་བཅུད་ཀྱི། །ཞིང་སྦྱོང་དོན་དུ་བསྔོ་བར་བགྱི། །དེ་ནས་སྣང་བ་རྣམ་གསུམ་གྱི། །གཙོ་བོའི་དོན་ལ་གདེང་ཐོབ་ཤོག།  །། ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དེ་འོག་སོ་སོ་སྐྱེ་བོ་ལ། །ཡུལ་གྱི་སྣང་ཚུལ་སྤྱིར་བཏང་དང༌། །དམིགས་གསལ་གཉིས་ཀྱི་བཤད་པར་བྱ། །དང་པོ་སངས་རྒྱས་གསུང་རབ་ལ། །ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས། །བློ་མ་བསྒྱུར་བའི་སོ་སྐྱེ་ལ། །རྣམ་ཤེས་ལས་གཞན་བློ་མེད་ཅིང༌། །ལས་སྣང་འཁྲུལ་སྣང་རྫུན་སྣང་ལས། །མ་གཏོགས་ཡུལ་སྣང་འཆར་མི་སྲིད། །དེ་ལ་དེ་ལྟར་སྣང་དེ་དང༌། །ཕྱོགས་རེས་མཐུན་པའི་འཕགས་པ་ཡང༌། །ཡོད་དོ་ཅི་ཡི་ཕྱིར་ཞེ་ན། །ཇི་སྲིད་གཟུང་འཛིན་གཉིས་སྣང་གི །བག་ཆགས་མ་སྤངས་དེ་སྲིད་དུ། །དེ་ལྟར་འཆར་བའི་རྒྱུ་ཚོགས་ཚད། །གང་ཤར་དེ་ཉིད་སངས་རྒྱས་ཀྱི། །ལམ་དུ་འགྱུར་བ་མ་ཡིན་ཡང༌། །འཁྲུལ་སྣང་ཉིད་དང་རྗེས་མཐུན་པར། །འཁྲུལ་པའི་བསོད་ནམས་ཚོགས་བསགས་པས། །འཁྲུལ་སྣང་ལོངས་སྤྱོད་རྫོགས་པའི་སྐུར། །རྫོགས་སངས་རྒྱས་པའི་གཟུགས་དེ་ཉིད། །འཁྲུལ་སྣང་བག་ཆགས་ཅན་ཉིད་ལ། །དེ་ལྟར་སྣང་གིས་གཞན་ལ་མིན། །འཁྲུལ་པའི་སྣང་བ་སྒྱུ་མ་དང༌། །སྤྲོས་བྲལ་ཉིད་དུ་ཐག་བཅད་ནས། །འཁྲུལ་མེད་ཡེ་ཤེས་ཚོགས་བསགས་པས། །གནས་ལུགས་ཆོས་སྐུར་རྫོགས་སངས་རྒྱ། །འཕགས་ཆེན་སློབ་པའི་མཉམ་བཞག་ཚེ། །ཞི་ལྷག་ཟུང་དུ་འབྲེལ་བ་ན། །ཀུན་རྫོབ་ལས་སྣང་མི་འཆར་མོད། །སྣང་བཅས་ཉམས་ཀྱི་སྣང་བ་འཆར། །དེ་ལྟར་གང་སྣང་སྣང་བ་པོའི། །ཡེ་ཤེས་ཉིད་ཕྱིར་དོན་དམ་བདེན། །དེ་དག་ཐར་པའི་ལམ་ཉིད་དུ། །བློ་བཟང་རྣམས་ཀྱིས་ཤེས་པར་བྱ། །སྟོང་པ་ཉིད་ལ་སྣང་བཅས་དང༌། །སྣང་མེད་གཉིས་སུ་དབྱེ་བ་དང༌། །མཉམ་པར་བཞག་ལའང་དེ་འཆར་བ། །སྔགས་དང་རྣལ་འབྱོར་སྤྱོད་པའི་གཞུང༌། །མཉམ་པར་བཞག་ཚེ་བློ་མེད་ཅིང༌། །རྫོགས་སངས་རྒྱས་ཚེའང་དེ་ལྟ་ཞེས། །དབུ་མར་འཇུག་དང་སྤྱོད་པ་ལ། །འཇུག་པའི་གཞུང་ཆེན་གཉིས་ལས་བཤད། །ཕར་ཕྱིན་ཐེག་པ་ཁོ་ན་ཡི། །དབང་དུ་བྱས་ཚེ་ལུགས་འདི་ལ། །མི་འཐད་ཅི་ཡང་ཡོད་མིན་ཏེ། །དོན་དམ་བློ་ཡི་ཡུལ་མིན་ཕྱིར། །ཡང་དག་ཀུན་རྫོབ་ཁྱད་བསད་ཅིང༌། །མཉམ་པར་བཞག་ལ་བློ་མེད་ན། །ཚོགས་ཆེན་གཉིས་དང་དེ་འབྲས་ལ། །སྐུར་པ་བཏབ་པར་འགྱུར་ཞེས་ཟེར། །དམ་པའི་དོན་དུ་དེ་མེད་ཀྱང༌། །ཐ་སྙད་བདེན་པའི་དོན་ཡོད་ཕྱིར། །རྟག་ཆད་མཐའ་ལས་གྲོལ་ལོ་ཞེས། །སྨྲས་པ་གཅིག་པུས་དེ་ལན་ཐེབས། །ཆོས་ཀྱི་སྐུ་ལ་བློ་མེད་ཅིང༌། །གཟུགས་སྐུ་གཞན་སྣང་ཁོ་ནའི་ཕྱིར། །འབྲས་བུ་སངས་རྒྱས་ས་དག་གི །རྣམ་བཞག་ཉམས་པར་འགྱུར་ཞེ་ན། །སྔོན་གྱི་སྨོན་ལམ་མཐུ་དང་ནི། །གདུལ་བྱ་རྣམས་ཀྱི་བསོད་ནམས་ལས། །དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ནོར་བུའི་དཔེས་མཚོན་གང་ཡིན་པ། །དེ་དག་གདུལ་བྱའི་སེམས་རྒྱུད་ཀྱིས། །བསྡུས་པར་འདོད་དང་མི་འདོད་པའི། །ལུགས་གཉིས་རྣལ་འབྱོར་སྤྱོད་གཞུང་དང༌། །ངོ་བོ་ཉིད་མེད་སྨྲ་ལས་འབྱུང༌། །དེ་ནས་དམིགས་ཀྱིས་གསལ་བཤད་པ། །ཐོས་དང་བསམ་པའི་ཤེས་རབ་ཀྱི། །རྣམ་བརྟགས་དོན་དམ་བདེན་ཞེས་པ། །རྣམ་གྲངས་དོན་དམ་ཉིད་ཀྱི་ཕྱིར། །ལས་སྣང་རྫུན་པར་མི་འཆད་ཀྱང༌། །ཡུལ་ཅན་རྣམ་པར་རྟོག་ཕྱིར་དང༌། །རིགས་པའི་དཔྱད་པ་མི་བཟོད་ཕྱིར། །ཀུན་རྫོབ་བདེན་ལས་འདའ་མི་སྲིད། །མོས་སྤྱོད་སྒོམ་བྱུང་ཉིད་ཀྱང་དེ། །གཞན་ཡང་གཞི་དུས་ཡེ་ཤེས་དེ། །འཛིན་རྣམ་ཉིད་ཀྱིས་མྱོང་ཞེས་པ། །རྣམ་འགྲེལ་མཛད་པའི་གཞུང་ཆེན་ལས། །གསལ་བར་གསུངས་མོད་རྒྱུད་བླ་མར། །བདེ་གཤེགས་སྙིང་པོ་མཐོང་བ་ལ། །སོ་སོའི་སྐྱེ་བོ་ལ་སོགས་པ། །མིག་དང་མི་ལྡན་རྣམ་པ་བཞི། །བཤད་པ་དེ་མ་ངེས་ལ་དགོངས། །དེ་ལྟར་གང་ཟག་རྣམ་གསུམ་ལ། །ཡུལ་གྱི་སྣང་ཚུལ་མ་ཤེས་ན། །སྔགས་ཀྱི་ཉམས་ལེན་ཐོག་མར་ནི། །ཡེ་ཤེས་ཚོགས་བསོག་ཇི་ལྟར་འཆད། །དེ་ཡང་ཡེ་ཤེས་ཚོགས་བསགས་ནས། །བསྐྱེད་པའི་རིམ་པ་ལ་འཇུག་ཚེ། །ཀུན་རྫོབ་བདེན་ཀུན་རང་སྟོང་དུ། །ཤེས་ཤིང་གོམས་ལས་མ་གཡོས་པར། །རྟེན་དང་བརྟེན་པར་བཅས་པ་ཀུན། །དོན་དམ་བདེན་པ་ཉིད་ལས་བསྒྲུབ། །དེ་ལ་མངོན་ཞེན་འགོག་དོན་དུ། །སྣོད་བཅུད་དམིགས་མེད་ངང་དུ་འཇོག །དམིགས་མེད་འཆད་ཚུལ་གཉིས་བཤད་པ། །མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ནི་ཡེ་ཤེས་ཏེ། །མེད་པ་ནམ་མཁའ་ལྟ་བུའོ། །དང་པོ་ལྟ་བ་དངོས་ཡིན་ཀྱང༌། །ཤེས་བྱ་ཤེས་བྱེད་གཉིས་མེད་ཕྱིར། །གཉིས་པ་དེར་མི་རུང་བ་སྟེ། །གཞན་ནི་རང་སྟོང་ཉིད་དུ་འགལ། །རང་སྟོང་གཏན་ལ་ཕེབས་པས་ནི། །རྨོངས་པ་བཀག་ཙམ་ཉིད་འགྱུར་མོད། །ཡོན་ཏན་རྟེན་གྱུར་སྟོང་ཉིད་ནི། །གཉིས་མེད་ཡེ་ཤེས་ཁོ་ནའོ། །དེ་ལྟར་བཤད་པས་ཕྱི་རབས་ཀྱི། །སྔགས་འཛིན་ཡེ་ཤེས་ཚོགས་སོག་ལ། །རྨོངས་པར་གྱུར་ནས་མི་ཤེས་པའི། །མུན་པ་ཀུན་ལས་གྲོལ་ཕྱིར་བསྔོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བསྐྱེད་དང་རྫོགས་པའི་རིམ་པ་ཀུན། །སྟོང་ཉིད་ངང་ལས་གཡོ་མེད་ཅེས། །འཆད་པའི་རྣམ་གཞག་འདིར་བསམ་བྱ། །དེ་ལ་སྟོང་ཉིད་ངོས་འཛིན་པ། །སྟོང་ཉིད་གོམས་པའི་དགོས་པ་དང༌། །སྟོང་ཉིད་རྟོགས་པའི་ཚད་མ་དག །གང་ཡིན་རིམ་པར་བཤད་བྱ་བ། །ཀླུ་སྒྲུབ་ཞབས་ཀྱི་རིག་ཚོགས་སུ། །ཆོས་ཀུན་རང་རང་གིས་སྟོང་ལས། །གཞན་པའི་སྟོང་ཉིད་གསུངས་པ་མེད། །ངོས་བཟུང་ནམ་མཁའ་ལྟ་བུའོ། །ཐོགས་མེད་མཆེད་ཀྱི་གཞུང་དག་ན། །བྱམས་པའི་གཞུང་ལུགས་ཇི་བཞིན་དུ། །མེད་པར་དགག་དང་མ་ཡིན་པའི། །དབྱེ་བས་རྣམ་པ་གཉིས་སུ་བཤད། །སྲོལ་གཉིས་ལས་བྱུང་སྟོང་པ་ཉིད། །མེད་དགག་ཉིད་དུ་གང་བཤད་དག །བསྒོམ་པ་མངོན་ཞེན་འགོག་ཕྱིར་ཏེ། །ཡོན་ཏན་བསྐྱེད་པའི་གཞིར་མི་བཟུང༌། །ཡོན་ཏན་བསྐྱེད་པའི་གཞིར་བཟུང་བ། །དངོས་པོར་གྱུར་པའི་སྟོང་ཉིད་དེ། །དངོས་པོར་མེད་ལས་འབྲས་མི་འབྱུང༌། །དེ་ཕྱིར་དངོས་མེད་སྟོང་ཉིད་ནི། །སྒྲོ་འདོགས་སེལ་བའི་ཕྱིར་གསུངས་ཏེ། །དངོས་པོར་གྱུར་པའི་སྟོང་ཉིད་ནི། །སྐུར་འདེབས་སེལ་བའི་ཕྱིར་དུའོ། །དེ་ལྟར་མཐའ་གཉིས་ལས་གྲོལ་བའི། །སྟོང་པ་ཉིད་ཀྱི་དངོས་པོ་ནི། །གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་ཉིད་ལ་འཆད་པ་ཡིན། །གསང་སྔགས་རྡོ་རྗེའི་ཐེག་པར་ནི། །སྟོང་པ་ཉིད་ཀྱི་དངོས་པོ་ལས། །གཞན་པའི་ཆོས་མེད་རིམ་གཉིས་པོ། །ཀུན་ཀྱང་སྟོང་པ་ཉིད་དངོས་པོ། །སྟོང་ཉིད་དེ་ཡང་རིགས་པའི་ངོར། །སྤྲོས་པ་ཀུན་ལས་འདས་གྱུར་ཀྱང༌། །སོ་སོ་རང་རིག་ཡེ་ཤེས་ཀྱིས། །མྱོང་ཕྱིར་ཡོན་ཏན་ཀུན་གྱི་གཞི། །དེ་ཉིད་དོན་དམ་པའི་བདེན་པ། །ཉིད་ཕྱིར་སྔགས་ཀྱི་བསོད་ནམས་ཚོགས། །ཀུན་རྫོབ་བདེན་པར་མི་འཇོག་པས། །དེ་འབྲས་སངས་རྒྱས་དོན་དམ་བདེན། །གཟུགས་སྐུ་དོན་དམ་པའི་བདེན་པར། །སྔགས་ལས་བཤད་པ་མེད་ཅེ་ན། །རྣམ་ཤེས་ཡུལ་དུ་གང་ཤར་བའི། །གཟུགས་སྐུ་ཀུན་རྫོབ་བདེན་གྱུར་ཀྱང༌། །ཡེ་ཤེས་ཡུལ་དུ་གང་འཆར་བའི། །གཟུགས་སྒྲ་ལ་སོགས་ཀུན་དོན་དམ། །གཟུགས་ཕུང་སོགས་ཀྱི་ཆར་གྱུར་པའི། །དོན་དམ་འཆད་ལ་མཚར་མི་དགོས། །སྟོང་ཉིད་ཀུན་གྱི་ཆར་གྱུར་པའི། །ཀུན་རྫོབ་བདེན་པ་གཞུང་ལས་བཤད། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། །ཀུན་ཀྱང་རྫོགས་དང་མ་རྫོགས་པ། །གཉིས་སུ་བསྡུས་ནས་སངས་རྒྱས་ཀྱི། །རྒྱལ་ཚབ་ཉིད་ཀྱིས་བཤད་མིན་ནམ། །དེ་ཕྱིར་རྟོག་པའི་ཡུལ་དུ་ནི། །གང་ཤར་ཀུན་རྫོབ་བདེན་པ་དང༌། །ཡེ་ཤེས་དངོས་ཀྱི་ཡུལ་ཉིད་དུ། །གང་ཤར་དམ་པའི་བདེན་པའོ། །འོ་ན་བསྐྱེད་རིམ་རྟོག་པའི་བསྒོམ། །ཡིན་པར་བཤད་པས་གནོད་ཅེ་ན། །རྟོག་པའི་ཡུལ་དུ་གང་ཤར་བ། །བསྐྱེད་པའི་རིམ་པ་དངོས་མིན་ཏེ། །བསྐྱེད་རིམ་དངོས་ཀྱི་རྟེན་བརྟེན་པ། །ཀུན་ཀྱང་རང་མཚན་ཉིད་ཕྱིར་རོ། །རང་མཚན་མིན་པའི་དོན་སྤྱི་ལ། །རང་མཚན་ཉིད་དུ་ཞེན་པ་ཡིས། །འཇུག་པ་བསྐྱེད་རིམ་བསྒོམ་ཡིན་ཕྱིར། །བསྐྱེད་རིམ་དངོས་པོ་སྤྱི་མཚན་ནོ། །ཞེ་ན་བསྐྱེད་རིམ་རྣལ་འབྱོར་པའི། །འཇུག་ཡུལ་རང་མཚན་ཁོ་ནར་ནི། །ཁྱེད་ཀྱང་འཆད་པས་དོན་དེ་གྲུབ། །རང་ཚིག་འགལ་བ་མ་ཡིན་ནམ། །བསྐྱེད་རིམ་གོམས་པར་བྱེད་པའི་བློ། །གསལ་བ་རབ་ཀྱི་མཐར་ཕྱིན་ཚེ། །གང་ལ་རྟོག་བྲལ་མ་འཁྲུལ་པའི། །དོན་དེ་བསྐྱེད་རིམ་དངོས་པོ་དང༌། །ཡུལ་ཅན་རྣལ་འབྱོར་མངོན་སུམ་དང༌། །ཡུལ་ཡང་དོན་དམ་པའི་བདེན་པ། །དང་པོ་མོས་པ་ཡིད་བྱེད་ཚེ། །རྟོག་པས་རྟོག་པའི་བསྒོམ་འགྱུར་ན། །རྫོགས་པའི་རིམ་པའི་བསྒོམ་ཀུན་ཀྱང༌། །དེ་ལྟར་འགྱུར་ཏེ་དེ་ཡི་ཕྱིར། །དེ་ནས་སྟོང་ཉིད་དེ་དག་གི །ཡུལ་ཅན་ཚད་མ་གང་ཞེ་ན། །མེད་པར་དགག་པའི་སྟོང་པ་ཉིད། །སྤྱི་མཚན་ཉིད་ལས་མ་འདས་ཕྱིར། །དེ་འཇལ་བྱེད་པའི་མངོན་སུམ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །རྟོག་པའི་ཡུལ་དུ་གང་གྱུར་པའི། །སྟོང་ཉིད་ཀུན་ཏུ་བཏགས་པའི་ཕྱིར། །ཡོན་ཏན་རྟེན་དུ་མ་རྫོགས་ཤིང༌། །ཀུན་རྫོབ་ཉིད་ཀྱི་བདེན་པའོ། །ཡོན་ཏན་རྟེན་གྱུར་སྟོང་པ་ཉིད། །དེ་འཇལ་བྱེད་པོ་རྣལ་འབྱོར་པའི། །མངོན་སུམ་ཉིད་དང་རང་རིག་པའི། །མངོན་སུམ་ཉིད་དུ་བཤད་པ་ཡིན། །མངོན་སུམ་གང་ཡིན་དེ་གོམས་པས། །གསལ་བ་རབ་ཀྱི་མཐར་ཕྱིན་ཚེ། །སྐུ་དང་ཡེ་ཤེས་བགྲང་ཡས་པ། །སྟོང་ཉིད་དེའི་དངོས་པོར་གཅིག །དེའི་ཚེ་ན་བདེན་པ་གཉིས། །གཅིག་ཏུ་འདྲེས་པར་གྱུར་པ་དང༌། །མི་སློབ་པ་ཡི་ཟུང་འཇུག་ཅེས། །མང་པོར་འཆད་པ་དེ་ཡིན་ནོ། །དངོས་ལ་སྟོང་ཉིད་མི་རུང་ཞེས། །ཟེར་བ་མང་མོད་བྱམས་ཆོས་དང༌། །གསང་སྔགས་ཆོས་ལུགས་མ་ཤེས་པའི། །འཆལ་གཏམ་དབྱངས་སུ་བླང་མི་བྱ། །བྱམས་པའི་ཆོས་སུ་སྟོང་ཉིད་ཀྱི། །ངོས་འཛིན་བློ་བུར་དྲི་མ་ཡིས། །སྟོང་དང་སྟོབས་སོགས་ཡོན་ཏན་གྱིས། །མི་སྟོང་པ་ལ་བཤད་པ་ཡིན། །སྔགས་སུ་རྣམ་ཀུན་མཆོག་ལྡན་པའི། །སྟོང་པ་ཉིད་ལ་གཙོ་བོར་མཛད། །སྟོང་ཉིད་དེ་ཡང་དོན་བྱེད་པར། །ནུས་ལས་གཞན་ལ་བཤད་པ་མེད། །དོན་གང་བྱེད་པར་ནུས་ཞེ་ན། །སངས་རྒྱས་ས་ཡི་ཡོན་ཏན་ཀུན། །བསྐྱེད་ལ་དེ་ལས་གཞན་མི་དགོས། །ཞེས་པ་རྒྱུད་བླའི་བསྟན་ཆོས་དང༌། །བྱང་སེམས་འགྲེལ་པ་སྐོར་གསུམ་པོ། །ཀུན་ན་གསལ་བར་བཞུགས་པ་ཡིན། །དུས་འདིར་ཆོས་ལ་སྒྲིབ་བྱེད་ཀྱི། །མུན་པ་སེལ་བྱེད་ཡེ་ཤེས་ཀྱི། །སྣང་བྱེད་སྒྲོན་མེ་འདི་འཆར་གྱི། །མང་པོའི་བློ་མུན་སེལ་བར་གྱིས། །འགའ་རེ་བྱུང་རྒྱལ་སྨྲས་པ་ལ། །ལེགས་བཤད་ཡིན་ཞེས་ཟེར་བ་ལ། །སྙིང་རྗེ་སྐྱེས་ནས་ཤེས་རབ་ལ། །རྩལ་དུ་བཏོན་ནས་སྨྲས་པ་ལ། །སྐྱོན་ཡོད་མིན་ནོ་ཨ་ལ་ལ།།  །།ཤུ་བྷཾ།།  །།  ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བླ་མེད་རྡོ་རྗེ་ཐེག་པ་ཡི། །ཉམས་ལེན་མཐའ་དག་སྨིན་བྱེད་དང༌། །གྲོལ་བྱེད་ཐབས་སུ་འདུས་པར་གསུངས། །སྨིན་པར་བྱེད་པ་དབང་ཡིན་ཏེ། །གྲོལ་བའི་ཐབས་ནི་རིམ་པ་གཉིས། །དབང་ལ་རང་སྨིན་དོན་དུ་དང༌། །གཞན་སྨིན་དོན་དུ་བསྐུར་བ་གཉིས། །དང་པོ་ལ་ཡང་བསྐྱེད་རིམ་དུ། །སྨིན་པར་བྱེད་དང་རྫོགས་རིམ་སུའོ། །དེ་ལའང་སློབ་མ་ཉིད་དུ་དང༌། །སློབ་དཔོན་ཉིད་དུ་སྨིན་བྱེད་པའོ། །དང་པོ་རིག་པའི་དབང་ལྔ་སྟེ། །ཕྱི་མ་རྡོ་རྗེ་སློབ་དཔོན་དབང༌། །དེ་ཡང་དངོས་དང་མཐའ་གཞན་དུ། །ཐེ་ཚོམ་བསལ་བའི་སྒོ་ནས་བཤད། །དང་པོ་མ་དག་ཕུང་པོ་ལྔ། །རང་སྟོང་ཉིད་དུ་ཐག་བཅད་ནས། །དག་པ་ཡེ་ཤེས་ཕུང་པོ་ལྔ། །ཆོ་ག་གསུམ་གྱིས་ལྷར་བསྐྱེད་ནས། །ཡན་ལག་རྣམ་བཞི་རྫོགས་པའོ། །འདི་ཡང་དང་པོ་རྒྱུ་དུས་སུ། །བླ་མས་ཡིན་གྱིས་སློབ་མས་ནི། །དེ་ལྟར་བསྒོམ་པ་མ་ཡིན་ཏེ། །དབང་བསྐུར་སྔོན་དུ་སོང་མེད་ཕྱིར། །དེ་ཕྱིར་ཐོག་མའི་དབང་བསྐུར་ནི། །རྟེན་ལ་རབ་གནས་བྱ་དང་མཚུངས། །དབང་བསྐུར་ཐོབ་ཟིན་སློབ་མས་ནི། །རང་གིས་རང་ཉིད་ལྷར་བསྐྱེད་སོགས། །ཡན་ལག་བཞི་པོ་རྫོགས་སྒོམ་པས། །བསྐྱེད་པའི་རིམ་ལ་དབང་ཐོབ་འགྱུར། །དྲུག་པ་བརྟུལ་ཞུགས་དབང་གིས་ནི། །སྦྱང་གཞི་ཆོས་དབྱིངས་ཡེ་ཤེས་ལ། །མཚན་མར་འཛིན་པ་དེ་བསལ་ནས། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད། །སྔགས་ཀྱི་བཟླས་པ་ལ་དབང་བྱེད། །བླ་མེད་རྒྱུད་ཀྱི་སློབ་མར་ནི། །སྨིན་གྱུར་དེས་ནི་བྱ་སྤྱོད་ཀྱི། །རྒྱུད་འཆད་པ་ལ་དབང་ཕྱིར་ན། །འོག་མའི་སློབ་དཔོན་དུ་ཡང་འགྱུར། །གཉིས་པ་སློབ་དཔོན་ཉིད་དུ་ནི། །སྨིན་བྱེད་བུམ་པའི་དབང་བསྐུར་ཏེ། །འདིས་ནི་སློབ་མ་སློབ་དཔོན་དུ། །དམ་ཚིག་གསུམ་གྱིས་སྨིན་པར་བྱེད། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པའང་བླ་མེད་འདི་ནས་འཛིན། །དབང་འདིའི་རྟོགས་པ་མཐར་ཕྱིན་ཚེ། །ཇི་སྙེད་བཟུང་བ་དེ་འཐོབ་བོ། །འདི་དང་རྡོ་རྗེ་བརྟུལ་ཞུགས་ཀྱི། །ཁྱད་པར་དམ་ཚིག་གསུམ་གྱི་ནི། །དེ་ཁོ་ན་ཉིད་ཤེས་པ་དང༌། །དེར་དེ་མ་བསྟན་པ་ཡིས་དབྱེ། །སློབ་དཔོན་ཉིད་དུ་སྨིན་བྱེད་པའི། །དབང་ཐོབ་དུས་འདིར་ཀུན་རྫོབ་ཀྱི། །རིགས་ལྔ་སྤྱི་དང་བྱེ་བྲག་གི །སྡོམ་པ་མ་ལུས་ཐོབ་གྱུར་མོད། །ངེས་པའི་དོན་གྱི་སྡོམ་པ་ནི། །འདི་ནས་ཐོག་མར་བཟུང་བ་ཡིན། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་ཡང་དག་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་རྟོགས་ཤེས་གསུངས། །དེ་ཕྱིར་ངེས་པའི་དོན་གྱི་ནི། །སྡོམ་པ་དབང་བསྐུར་བཞི་པོ་ཀུན། །མཐར་ཕྱིན་ཚེ་ན་འཐོབ་པར་བཤད། །བསྐྱེད་རིམ་ཉིད་ཀྱི་དབང་བྱས་པའི། །སློབ་དཔོན་ཉིད་དུ་སྨིན་གྱུར་དེས། །བསྐྱེད་རིམ་ཚུལ་གྱི་བསྙེན་སྒྲུབ་ལ། །བསླབ་སྦྱངས་གདེང་ཐོབ་གྱུར་པའི་ཚེ། །གཞན་སྨིན་བྱེད་པའི་དབང་དེ་ཡང༌། །རྗེས་གནང་ཚུལ་གྱིས་བླང་བར་བྱ། །རྗེས་གནང་དེ་ཡང་དབང་བསྐུར་གྱི། །དབྱེ་བར་གཞུང་ལས་བཤད་པ་མང༌། །རྫོགས་རིམ་ལམ་གྱི་སྣོད་རུང་བའི། །སྨིན་བྱེད་དབང་ལའང་སློབ་མ་དང༌། །སློབ་དཔོན་ཉིད་དུ་སྨིན་བྱེད་པའི། །དབང་གི་དབྱེ་བས་རྣམ་པ་གཉིས། །དང་པོ་གསང་བ་ཤེས་རབ་སྟེ། །གཉིས་པ་ཕྱག་རྒྱ་ཆེན་པོའི་དབང༌། །གཉིས་པོའི་ཁྱད་པར་རྟོགས་བྱ་ཡི། །དེ་ཉིད་བཤད་དང་མ་བཤད་དང༌། །རྟོགས་དང་མ་རྟོགས་པ་ཡིས་འབྱེད། །འདིར་ཡང་གཞན་སྨིན་བྱེད་པ་ཡི། །དབང་བསྐུར་རྗེས་གནང་ཚུལ་གྱིས་ཏེ། །ལུང་བསྟན་པ་དང་དབུགས་ཕྱུང་དང༌། །གཟེངས་བསྟོད་ཚུལ་གྱིས་ཤེས་པར་བྱ། །རིམ་པ་གཉིས་ཀྱི་སློབ་དཔོན་དུ། །སྨིན་བྱེད་དབང་བསྐུར་ཐོབ་གྱུར་ཀྱང༌། །ཇི་སྲིད་རིམ་གཉིས་རང་རྒྱུད་ལ། །སྦྱངས་པར་མ་གྱུར་དེ་སྲིད་དུ། །རིམ་གཉིས་འཆད་པའི་སློབ་དཔོན་ཞེས། །མངོན་པའི་ང་རྒྱལ་བྱར་མི་རུང༌། །འོ་ན་བསྐྱེད་རིམ་སློབ་དཔོན་དུ། །སྨིན་བྱེད་དབང་དེ་གང་ཞེ་ན། །དཀྱིལ་འཁོར་ལྷ་དང་སྔགས་དང་ནི། །སློབ་དཔོན་རང་གི་དེ་ཁོ་ན། །བསྟན་ནས་ཤེས་པ་གང་ཡིན་པའོ། །དེ་ཡང་རྡོ་རྗེ་ཆེ་སོགས་ནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །ཞེས་པའི་བར་གྱིས་བཤད་པ་སྟེ། །ལྷག་མ་འདི་ཡི་དབང་བྱས་མིན། །ཤེས་རབ་བཅུ་དྲུག་ལོན་སོགས་དང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་པ་སོགས། །བསྐྱེད་པའི་རིམ་ལའང་སྦྱར་རུང་མོད། །གཙོ་བོར་རྫོགས་པའི་རིམ་པ་ཡི། །སྡོམ་པ་འཛིན་པའི་དབང་དུ་བྱས། །ཅི་ཕྱིར་ཞེ་ན་གོང་མ་ཡི། །དབང་བསྐུར་གཉིས་པོ་མ་ཐོབ་པར། །དམ་ཚིག་དེ་དག་བུམ་དབང་གི །བླ་མས་ཉམས་སུ་བླང་བྱ་མིན། །བསྐྱེད་རིམ་ཙམ་གྱི་དབང་བྱས་ནས། །རྟོག་པའི་ཡུལ་དུ་གང་གྱུར་པའི། །དམ་ཚིག་དེ་དང་དེ་དག་ཀུན། །ཉམས་སུ་བླང་བར་གསུངས་མོད་ཀྱང༌། །གོང་མའི་དབང་གིས་མ་སྨིན་པར། །མངོན་སུམ་ཡུལ་དུ་གྱུར་པ་ཡིས། །དམ་ཚིག་དེ་དང་དེ་དག་ནི། །བསྟན་བྱར་གསུངས་པ་མ་ཡིན་ནོ། །དེ་ནས་གྲོལ་བྱེད་ལམ་བཤད་པ། །ཐོག་མར་རིམ་པ་གཉིས་པོ་ཡི། །སྣོད་དུ་བྱེད་པའི་དབང་ཐོབ་ནས། །ཇི་སྲིད་དེ་སྦྱངས་མཐར་ཕྱིན་པར། །མ་གྱུར་དེ་སྲིད་དེ་གོམས་བྱ། །བསྐྱེད་པའི་རིམ་པས་སེམས་སྦྱོང་དེ། །སེམས་ཀྱི་གསལ་བ་མཐར་ཕྱིན་ཀྱང༌། །ཇི་སྲིད་ལུས་རྒྱ་མ་གྲོལ་བ། །དེ་སྲིད་ཚེ་འདིར་འཚང་མི་རྒྱ། །རྫོགས་པའི་རིམ་པས་ལུས་སྦྱོང་དེ། །རྡོ་རྗེ་ལུས་ལ་གནད་བསྣུན་པས། །སེམས་ལ་བདེ་སྟོང་ཟུང་འཇུག་འཐོབ། །དེ་ལ་རྫོགས་རིམ་ཡེ་ཤེས་ཟེར། །བསྐྱེད་རིམ་ལམ་གྱི་ཐོག་མར་ནི། །རྣམ་དག་ཡེ་ཤེས་ཚོགས་བསགས་བྱ། །ཐ་མལ་རྣམ་རྟོག་གིས་སྟོང་པའི། །ཡེ་ཤེས་ལྷ་ཡི་སྒྲུབ་གཞིར་བཤད། །ཡེ་ཤེས་གདོད་མ་ནས་གྲུབ་པ། །བློ་ངོར་གསལ་འདེབས་བྱེད་པའི་ཐབས། །སྭ་བྷ་ཝ་སོགས་སྔགས་ཡིན་གྱི། །ཐོས་བསམ་རིགས་པ་དེར་མི་འཆད། །རིགས་པས་དཔྱད་པའི་སྟོང་པ་ནི། །དངོས་མེད་ཉིད་ཕྱིར་ལྷ་དང་སྔགས། །བསྐྱེད་པའི་རྒྱུ་དང་བརྟེན་པའི་གཞིར། །མཁས་ལ་རུང་བ་མ་ཡིན་ནོ། །ཀུན་རྫོབ་ཀྱིས་སྟོང་ཡེ་ཤེས་ལ། །ཡོད་མེད་ལ་སོགས་མཚན་འཛིན་གྱིས། །སྤྲོས་པ་མ་ལུས་འགོག་པའི་ཕྱིར། །རྗེས་སུ་རིགས་པའང་བསམ་པར་བྱ། །རང་སྟོང་རིགས་པ་ཐལ་ཆེས་ནས། །ཅི་ཡང་མི་དམིགས་པར་སོང་ཚེ། །ལྷ་དང་སྔགས་སོགས་སྨོས་ཅི་དགོས། །ཡེ་ཤེས་ཉིད་ཀྱང་དམིགས་མི་འགྱུར། །དེ་ཕྱིར་ལམ་རིམ་ཀུན་གྱི་ནི། །ཐོག་མ་ལྟ་བ་ནས་འཛིན་པས། །གསལ་སྟོང་ཟུང་འཇུག་ཉིད་ཡིན་གྱི། །རང་རང་ངོ་བོས་སྟོང་པ་མིན། །ཡེ་ཤེས་གདོད་ནས་གྲུབ་པ་དང༌། །སྤྲོས་པ་ཀུན་བྲལ་འགལ་ཞེ་ན། །སྤྲོས་པ་ཞེས་བྱ་རྣམ་རྟོག་སྟེ། །ཡེ་ཤེས་རྣམ་པར་རྟོག་མེད་པ། །བསྐྱེད་དང་རྫོགས་པའི་རིམ་པ་ཡིས། །ངོ་བོ་ཉིད་དུ་ལྷུན་གྱི་གྲུབ། །སྐབས་འདིར་སྦྱང་བྱའི་དྲི་མ་ནི། །ཉོན་མོངས་པ་དང་ཐ་མལ་པའི། །རྣམ་པར་རྟོག་པའོ་རྣམ་བྱང་གི །རྟོག་པའང་ཕྱི་ནས་སྤང་བར་བྱ། །སྦྱང་གཞི་རང་བཞིན་གྱིས་དག་ཀྱང༌། །གློ་བུར་དྲི་མ་དང་བཅས་པའི། །སེམས་ཀྱི་རང་བཞིན་འོད་གསལ་ཞེས། །རྒྱུ་རྒྱུད་ཉིད་ལ་བཤད་པ་ཡིན། །སྦྱོང་བྱེད་རྒྱལ་བ་རིགས་ལྔ་ཡི། །རྣམ་པར་སྣང་བའི་རྣམ་རིག་དང༌། །ཉོན་མོངས་ལྔ་དང་རྣམ་རྟོག་གི །ཆོས་དབྱིངས་རང་བཞིན་འོད་གསལ་བ། །སྣང་ཚུལ་དང་ནི་གནས་ཚུལ་གྱི། །རྒྱལ་བ་རིགས་དྲུག་རྣམས་ཞེས་བྱ། །ཉོན་མོངས་པ་ཡི་རྣམ་རྟོག་ནི། །རྒྱས་པར་ཕྱེ་ན་འཇིག་རྟེན་པ། །འཁོར་བར་འཇུག་དང་ལོངས་སྤྱོད་པའི། །རྣམ་པར་རྟོག་པ་ཇི་སྙེད་པ། །དེ་སྙེད་དེ་དང་གྲངས་མཚུངས་པར། །ངོ་བོ་མི་མཐུན་པས་སྦྱོང་ཞིང༌། །རྣམ་པ་མཐུན་པར་འདྲ་མཚུངས་ཀྱི། །སྔགས་ཀྱི་ཀུན་སྤྱོད་བགྲང་ཡས་སོ། །མཚུངས་ན་མི་མཐུན་པར་འགལ་ཞེས། །ཟེར་ན་རྣམ་ཤེས་ཡེ་ཤེས་དང༌། །ཀུན་རྫོབ་དང་ནི་དོན་དམ་དང༌། །འཁོར་དང་མྱ་ངན་འདས་པ་ཡི། །དབྱེ་བ་ཕྱེད་པས་འགལ་མི་འགྱུར། །འཁོར་བ་ཞེས་བྱ་ཉོན་མོངས་ལས། །བྱུང་བའི་སྡུག་བསྔལ་ཕུང་པོ་སྟེ། །དེ་ཡི་འདྲ་འབག་མྱང་འདས་ཀྱི། །ལམ་དུ་བྱེད་ཅེས་འཆད་པ་ནི། །ཉོན་མོངས་མེད་པའི་དགེ་རྩ་ལས། །གང་བྱུང་བདེ་བའི་ཕུང་པོའོ། །ཉོན་མོངས་མེད་དང་ཉོན་མོངས་པའི། །ལམ་གཉིས་འདྲ་བ་མེད་ཅེ་ན། །དུག་གསུམ་མེད་པའི་དགེ་བ་ལ། །ཆགས་ཆེན་ཞེ་སྡང་ཆེན་པོ་དང༌། །གཏི་མུག་ཆེན་པོ་ཞེས་བཤད་ནས། །འཁོར་བའི་སྐྱེ་གནས་བཞི་པོ་དང༌། །མཚུངས་པར་ལྷ་ཡི་སྐྱེ་གནས་བཞི། །འཁོར་བའི་སྲིད་པ་སྤེལ་བ་དང༌། །མཚུངས་པའི་དཀྱིལ་འཁོར་རྒྱལ་མཆོག་དང༌། །འཁོར་བའི་ཚར་གཅོད་རྗེས་འཛིན་དང༌། །ཟས་གོས་སོགས་ལ་ལོངས་སྤྱོད་དང༌། །མཚུངས་པའི་ཀུན་སྤྱོད་མང་པོ་དང༌། །འཁོར་བར་ཉོན་མོངས་ལས་བྱུང་བའི། །འཇིག་རྟེན་ཁམས་ཀྱི་ཆགས་འཇིག་དང༌། །མཚུངས་པར་སྙིང་རྗེ་སྨོན་ལམ་དང༌། །ཡེ་ཤེས་ཁམས་ལས་གྲུབ་པ་ཡི། །བསྲུང་འཁོར་འབྱུང་བཞི་གཞལ་ཡས་ཁང༌། །བཀོད་པའི་ཁྱད་པར་སྣ་ཚོགས་སོ། །དེ་གོམས་བྱེད་པའི་རྣལ་འབྱོར་པ། །སྦྱངས་པ་མཐར་ཕྱིན་གྱུར་དེ་ལ། །འཁོར་བའི་སྣོད་བཅུད་ཆགས་འཇིག་གི །སྣང་བ་ནམ་ཡང་མི་འཆར་ཞིང༌། །དེ་སྦྱོང་བྱེད་པའི་བསྐྱེད་རིམ་གྱི། །སྣང་བ་ཁོ་ནས་རྫོགས་སངས་རྒྱ། །དུས་འདིར་གངས་ཅན་པ་དག་ནི། །མ་དག་སྣང་བ་སོར་བཞག་ནས། །བསྐྱེད་པའི་རིམ་པ་བསྒོམ་འདོད་པ། །འགལ་ལ་མི་འཁྲུལ་ཁས་ལེན་ནམ། །མ་དག་སྣང་བ་གོམས་འདྲིས་ཅན། །རྫོགས་སངས་རྒྱས་ངོར་གཟིགས་སོ་ཞེས། །ཟེར་བས་དག་སྣང་འདྲིས་ཆུང་བ། །མ་དག་སྣང་བས་སུན་ཕྱུང་འགྱུར། །དེ་ནས་རྫོགས་པའི་རིམ་བཤད་པ། །ཁམས་དྲུག་ལྡན་པའི་སྐྱེས་བུ་ཡི། །ལུས་ངག་ཡིད་ནི་རྫོགས་པ་སྟེ། །དེ་ལ་གནད་དུ་བསྣུན་པ་ལས། །བྱུང་བའི་བདེ་སྟོང་ཟུང་འཇུག་ནི། །རིམ་པ་གཉིས་པའི་མྱོང་བྱར་བཞེད། །ཆོས་ཀུན་སྟོང་པ་ཉིད་རྟོགས་པའི། །ལྷ་དང་ཁྱད་པར་ཅི་ཞེ་ན། །འདི་ན་ལ་ལ་ཕར་ཕྱིན་གྱི། །སྤྲོས་བྲལ་ལས་ལྷག་གསང་སྔགས་ལ། །ལྟ་བ་ཡོད་པ་མིན་ཅེས་འཆད། །སྒྲོ་འདོགས་གཅོད་པའི་ལྟ་བ་ནི། །དེ་ལས་ལྷག་པ་མེད་མོད་ཀྱང༌། །ཉམས་སུ་མྱོང་བྱའི་ལྟ་བ་ཡང༌། །གཞན་མེད་གསུངས་ན་རྒྱུད་དང་ནི། །སྲོལ་འབྱེད་གཞུང་དང་རྒྱུད་པ་ཡི། །མན་ངག་ཀུན་དང་འགལ་བར་འགྱུར། །དེས་ན་ཐེག་ཆེན་ལུགས་གཉིས་ཀྱི། །ལྟ་བ་ལ་ནི་སྤྱི་དོན་དང༌། །སྦས་དོན་གཉིས་ཀྱི་བཤད་པ་དང༌། །རང་བཞིན་དང་ནི་ཞུ་བདེ་ཡིས། །ལྷན་སྐྱེས་གཉིས་ཀྱི་བཤད་པ་དང༌། །སྤྲོས་བྲལ་གཏན་ལ་འབེབས་པ་དང༌། །ཕེབས་པའི་ཟུང་འཇུག་ཞེས་བྱ་དང༌། །ཀུན་རྫོབ་དོན་དམ་སོ་སོ་དང༌། །ཅིག་ཏུ་འདྲེས་པ་ཞེས་བྱ་དང༌། །སྟོང་པས་སྤང་བྱ་འཇོམས་པ་དང༌། །བདེ་བས་ཡོན་ཏན་བསྐྱེད་པ་སོགས། །ཁྱད་པར་ཞིབ་མོའི་དབྱེ་བ་རྣམས། །མཁས་པའི་གསུང་ལས་ཤེས་པར་བྱ། །དེ་སྐད་སྦྱར་བའི་དགེ་བ་ཡིས། །སྦྱོང་བྱེད་རིམ་གཉིས་གནད་ཤེས་ནས། །སྦྱངས་གཞི་རིམ་པ་གཉིས་པོ་ཡི། །དྲི་མ་དེང་ནས་དག་གྱུར་ཅིག།  །།ཤུ་བྷཾ།།  ༄། །ཨོཾ་སྭསྟི། རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །རིམ་པ་གཉིས་པོའི་སྣོད་རུང་དུ། །བྱེད་པའི་དབང་བསྐུར་རྣམ་པ་གཉིས། །བྱིས་པ་འཇུག་པའི་དབང་བདུན་གྱིས། །བསྐྱེད་རིམ་རྟེན་དུ་སྨིན་པར་བྱེད། །དབང་བསྐུར་གོང་མ་རྣམ་བཞི་པོས། །རྫོགས་རིམ་སྣོད་དུ་སྨིན་པར་བྱེད། །གོང་མ་དེ་ལའང་རྣམ་གཉིས་ཏེ། །རང་སྨིན་བྱེད་པའི་དབང་བཞི་དང༌། །གཞན་སྨིན་བྱེད་པའི་གོང་མའོ། །བྱིས་པ་འཇུག་པའི་དབང་བདུན་ཡང༌། །རང་ཉིད་སློབ་མར་སྨིན་པ་དང༌། །གཞན་སྨིན་བྱེད་པའི་དབང་བསྐུར་ཏེ། །རྣམ་པ་གཉིས་སུ་བསྡུ་བར་བྱ། །རང་སྨིན་བྱེད་པ་རིག་པ་ཡི། །དབང་ལྔ་དང་མཚུངས་ཆུ་དང་ནི། །ཅོད་པཎ་དར་དཔྱངས་རྡོར་དྲིལ་དང༌། །བརྟུལ་ཞུགས་མིང་དང་དྲུག་ཡིན་ནོ། །སྔ་མ་གཉིས་ཀྱི་ཕུང་ཁམས་དང༌། །དར་དཔྱངས་ཀྱིས་ནི་རླུང་བཅུ་སྦྱོང༌། །རྡོར་དྲིལ་རོ་རྐྱང་བརྟུལ་ཞུགས་མིང༌། །སྐྱེ་མཆེད་ཡུལ་དང་བཅས་རྣམས་སྦྱོང༌། །རྗེས་གནང་འདོགས་རྣམས་དང་བཅས་པ། །གཞན་སྨིན་བྱེད་པའི་དབང་བསྐུར་སྟེ། །རྡོ་རྗེ་སློབ་དཔོན་ཆུང་ངུ་ཡི། །དབང་ཞེས་བྱ་བའི་ཐ་སྙད་བཏགས། །དབང་རྫས་སློབ་མར་བཅས་པ་ནི། །གཞོམ་དུ་མེད་པའི་ཡི་གེ་ལས། །འཁྲུངས་པར་དམིགས་ཕྱིར་དེ་ལས་གཞན། །ལྷར་བསྐྱེད་ཆོ་ག་དགོས་མི་བཞེད། །དབང་བསྐུར་དགོས་པ་ལྷར་བསྐྱེད་པའི། །ཕྱིར་ཡིན་ལྷར་བསྐྱེད་དབང་བསྐུར་གྱི། །སྔོན་དུ་འགྲོ་བ་མ་ཡིན་པར། །ཡན་ལག་བཞིར་རྫོགས་རིམ་པས་ཤེས། །གང་གིས་དབང་བསྐུར་བྱེད་པོ་ནི། །གཙོར་བཅས་རིགས་ལྔ་ཡུམ་དང་བཅས། །སེམས་དཔའ་རྣམ་དྲུག་ཁྲོ་བོ་བཞི། །ཡུམ་དང་བཅས་པ་ཉིད་ཀྱི་སྟེ། །ནུས་ལྡན་མ་རྣམས་མཆོད་པ་དང༌། །གང་གིས་དབང་བསྐུར་བྱེད་པོར་ཡང༌། །འཆད་པ་ཡིན་ཏེ་ཐུགས་དཀྱིལ་ན། །དབང་བསྐུར་བྱེད་པོ་མ་ཡིན་པའི། །ལྷ་འགའ་ཡོད་པ་མ་ཡིན་ནོ། །སློབ་དཔོན་སློབ་མར་བཅས་པ་ཡི། །ཡེ་ཤེས་ཕུང་པོ་སྦྱང་གཞི་དང༌། །མ་དག་ཕུང་ཁམས་སྐྱེ་མཆེད་རྣམས། །སྦྱང་བྱ་རྣམ་དག་དེ་དང་དེ། །དཀྱིལ་འཁོར་འཁོར་ལོའི་ལྷར་ཤར་བ། །སྦྱོང་བྱེད་ཡིན་ནོ་སྦྱང་འབྲས་ནི། །སྦྱང་བྱའི་དྲི་མ་ཀུན་བྲལ་བ། །སྨིན་བྱེད་དབང་ནི་དེ་ལྟ་བུ། །ཡིན་པ་ཉིད་དུ་ངོ་འཕྲོད་པའི། །སློབ་མ་བསྐྱེད་པའི་རིམ་པ་ལ། །རིམ་པར་འཇུག་པའི་སྣོད་ཡིན་ནོ། །དེ་ཚེ་གང་དུ་གནས་པ་ཡི། །གཞལ་ཡས་ཁང་ནི་ཕྱི་རོལ་གྱི། །འཇིག་རྟེན་ཁམས་ནི་མི་དམིགས་པར། །བྱས་འོག་དེ་དང་ཆ་མཚུངས་པའི། །རྟེན་གྱི་དཀྱིལ་འཁོར་རྣམ་བཞི་ནི། །སྒྲུབ་པོ་རང་གི་འབྱུང་བ་བཞི། །གཟུང་དང་འཛིན་པས་རྣམ་དག་པའི། །ཆོས་ཉིད་དེ་ལ་དོན་དམ་གྱི། །འབྱུང་བ་བཞི་ཞེས་མཚན་བཏགས་པ། །རང་ལུས་འདོམས་གང་གྲུ་བཞི་དང༌། །མཚུངས་པར་འབུམ་ཕྲག་བཞི་ཡི་ཚད། །རི་རབ་ཐོད་དང་བཅས་པ་ཡི། །རྣམ་རིག་སྣང་བ་གང་འཆར་བ། །དེ་ཡང་རང་གི་ལུས་ཉིད་ཀྱི། །ཆ་ཤས་གཟུང་འཛིན་གཉིས་བྲལ་ལ། །དམ་པའི་དོན་གྱི་རི་རབ་ཞེས། །དེ་ལ་གནས་པའི་གཞལ་མེད་ཁང༌། །ཡན་ལག་བཅས་པ་ཇི་སྙེད་པ། །སྒྲུབ་པོ་རང་གི་སྐུ་གསུང་ཐུགས། །ཡེ་ཤེས་ཆ་དང་བཅས་པ་རྣམས། །གཟུང་དང་འཛིན་པ་དང་བྲལ་བའི། །རང་རིག་ཉིད་ལ་དེར་སྣང་བའོ། །དེ་བཞིན་རང་གི་གཡས་གཡོན་དང༌། །དབུ་མར་བཅས་པ་རྣམ་དག་པའི། །ཡེ་ཤེས་གཙོ་བོ་ཡུམ་བཅས་དང༌། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །བློ་དང་ལས་ཀྱི་དབང་པོ་ནི། །ཡུལ་བཅས་རྣམས་དང་རླུང་བཅུ་པོ། །རྣམ་དག་དཀྱིལ་འཁོར་ལྷ་ཚོགས་སུ། །ཤར་བ་དེ་ལ་ཐོག་མེད་ནས། །རྣམ་སངས་རྒྱས་པའི་དཀྱིལ་འཁོར་གྱི། །ལྷ་ཚོགས་སྤྱན་དྲངས་གཉིས་མེད་དུ། །སིམ་ནས་སླར་གཤེགས་མེད་དེ་ལ། །སྔོན་གྱི་སྨིན་བྱེད་དབང་བསྐུར་བཞིན། །ནམ་མཁར་གནས་པའི་དཀྱིལ་འཁོར་གྱིས། །དབང་བསྐུར་ནས་ནི་རྒྱས་གདབ་པ། །ལམ་གྱི་ཐུན་བཞིར་ཉམས་ལེན་པོ། །བསྐྱེད་རིམ་གསལ་བ་རབ་ཀྱི་མཐར། །ཕྱིན་པའི་རྣལ་འབྱོར་མངོན་སུམ་དེ། །ཡན་ལག་དྲུག་པ་ཞེས་བྱ་བའི། །རྡོ་རྗེའི་རྣལ་འབྱོར་ཟབ་མོ་དང༌། །ཟུང་དུ་སྦྲེལ་ནས་ལོ་གསུམ་དང༌། །ཕྱོགས་གསུམ་དག་ཏུ་གོམས་གྱུར་པས། །གསལ་བ་རབ་ཀྱི་མཐར་ཕྱིན་ཚེ། །བཅུ་གཉིས་ས་ཡི་དབང་ཕྱུག་པོ། །བཅོམ་ལྡན་དུས་ཀྱི་འཁོར་ལོར་བཞེངས། །འདི་ནི་བསྐྱེད་རྫོགས་ཟུང་འབྲེལ་དུ། །ངེས་པར་དགོས་པའི་ལུགས་ཡིན་ཏེ། །བྱིས་པ་འཇུག་པའི་དབང་བདུན་གྱིས། །ས་བདུན་མཐར་ཕྱིན་མ་གྱུར་ན། །གོང་མའི་དབང་བསྐུར་བཞི་པོ་ཡིས། །དག་པའི་ས་རྣམས་ཇི་ལྟ་བུར། །མངོན་དུ་འགྱུར་ཞེས་དོགས་པའི་གནས། །བཟློག་པའི་དོན་དུ་སྦྱར་བའོ། །བསྐྱེད་རིམ་བརྐྱང་པ་ཐུན་མོང་གི །དངོས་གྲུབ་རྒྱུ་ཞེས་འཆད་པ་ཡང༌། །རྣལ་འབྱོར་ཡན་ལག་དྲུག་པ་དང༌། །ཟུང་དུ་མ་འབྲེལ་བ་ལ་དགོངས། །དེ་ཡིས་ས་བདུན་བགྲོད་པ་ཡང༌། །རྣལ་འབྱོར་དེ་དང་འབྲེལ་དགོས་ཏེ། །གཞན་དུ་ལས་རླུང་སྟོང་དང་ནི། །བརྒྱད་བརྒྱ་ཕྲག་བདུན་ཇི་ལྟར་འགགས། །དེ་མ་འགགས་ན་ས་བདུན་གྱི། །དབང་ཕྱུག་ཉིད་དུ་འགྱུར་མ་ཡིན། །དེ་ལྟར་བསྐྱེད་པའི་རིམ་པ་དང༌། །ཡན་ལག་དྲུག་པོ་ཟུང་འབྲེལ་བས། །ས་བདུན་མཐར་ཕྱིན་གྱུར་རྗེས་སུ། །བསྐྱེད་པའི་རིམ་ལ་མི་ལྟོས་པར། །རྡོ་རྗེའི་རྣལ་འབྱོར་ཁོ་ན་ཡིས། །བཅུ་གཉིས་ས་ཡི་དབང་ཕྱུག་འགྱུར། །དུས་མིན་ལམ་དུ་མིའཇུག་པར། །དུས་ཀྱི་འཁོར་ལོ་བསྐོར་མཛད་པའི། །དུས་དགྲའི་རྡོ་རྗེ་སེམས་དཔའ་ནི། །དུས་འདིར་མངོན་དུ་བྱེད་པར་ཤོག།  །།ཤུ་བྷཾ།།  །། ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས། །བརྩམས་པའི་དོགས་པའི་གནས་འགའ་ཞིག །སྤང་བར་བྱ་བ་འདི་ལྟ་སྟེ། །བྱིས་པ་འཇུག་པའི་དབང་བདུན་པོས། །ས་བདུན་བར་དུ་བསོད་ནམས་ཀྱི། །ཚོགས་ཆེན་རྫོགས་པར་བྱས་འོག་ཏུ། །ལྷག་མ་ས་ཆེན་ལྔ་པོ་ལ། །ཡེ་ཤེས་རྐྱང་པའི་ཚོགས་སོག་པར། །དགོངས་ནས་མན་ངག་གཞུང་དག་ཏུ། །བསྐྱེད་རིམ་རྟོག་པའི་བསྒོམ་ཡིན་པས། །དགོས་པ་མེད་ཅེས་བཤད་པ་ཡོད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་དང༌། །ཟུང་འབྲེལ་དུས་ཀྱི་འཁོར་ལོ་གཉིས། །བསྐྱེད་རིམ་རྐྱང་པས་ས་བདུན་གྱི། །དབང་ཕྱུག་ཉིད་དུ་གྱུར་པ་ངེས། །རྫོགས་སངས་རྒྱས་པའི་ཡན་ལག་གི །བསོད་ནམས་ཚོགས་ཆེན་མ་ལུས་རྫོགས། །ཚོགས་དེས་མི་འགྲུབ་ཐུན་མོང་གི །དངོས་གྲུབ་ཅི་ཡང་ཡོད་མིན་པ། །དེ་ཕྱིར་དབང་བདུན་ཐུན་མོང་གི །དངོས་གྲུབ་རྒྱུ་ཞེས་བཤད་པ་ཡིན། །བསོད་ནམས་ཚོགས་ཆེན་སངས་རྒྱས་རྒྱུར། །མེད་མི་རུང་བ་ཡིན་མོད་ཀྱང༌། །དེ་ཙམ་གྱིས་ནི་འཕོ་བ་ཡི། །བག་ཆགས་དྲུངས་འབྱིན་མི་ནུས་ཕྱིར། །གོང་མའི་དབང་གི་རྗེས་ཐོགས་སུ། །བསྐྱེད་རིམ་དགོས་པ་མེད་ཅེས་གསུངས། །དབང་བདུན་དང་ནི་བསྐྱེད་རིམ་ལ། །གོམས་འདྲིས་གསལ་སྣང་མཆེད་བྱས་ནས། །རྫོགས་རིམ་ཉམས་སུ་ལེན་དོན་དུ། །དབང་བསྐུར་གོང་མ་རྣམ་བཞི་བླང༌། །དེ་ནས་ཡན་ལག་རྣམ་དྲུག་པོ། །ཉིན་མཚན་ཀུན་ཏུ་རྩེ་ཅིག་པས། །ཟླ་བ་དྲུག་ཏུ་གོམས་བྱས་ཚེ། །འགྱུར་མེད་བདེ་བའི་ལམ་སྣ་ཟིན། །དེ་ནས་གཞན་སྨིན་བྱ་ཕྱིར་དུ། །རྡོ་རྗེ་སློབ་དཔོན་བདག་ཆེན་གྱི། །དབང་བསྐུར་བླ་མ་ལས་ཐོབ་དང༌། །དེ་ནས་རང་ཡང་རྒྱུད་དང་ནི། །ལག་ལེན་མན་ངག་ཀུན་འཆད་པའི། །སློབ་དཔོན་ཉིད་དུ་ཐེ་ཚོམ་མེད། །འགྱུར་མེད་བདེ་བ་གཅིག་ཙམ་ཡང༌། །མེད་ན་སློབ་དཔོན་ཆེན་པོའི་དབང༌། །བསྐུར་བྱ་མིན་པར་གྲུབ་པའི་ཕྱིར། །སློབ་དཔོན་ཡིད་ཆེས་གསུམ་ལྡན་ནོ། །རྣལ་འབྱོར་ཡན་ལག་དྲུག་པོ་ནི། །གཉིས་གཉིས་ཟུང་དུ་སྦྲེལ་གྱུར་པ། །རེ་རེས་ཀྱང་ནི་དབང་རྣོན་ལ། །བདེ་སྟོང་ཟུང་དུ་འཇུག་པ་ཐོབ། །དཔེར་ན་འདུག་སྟངས་ལྟ་སྟངས་དང༌། །ཞི་གནས་ནོར་བ་མེད་གྱུར་ན། །ཉིན་གཅིག་ཙམ་གྱིས་སྟོང་གཟུགས་མཐོང༌། །དེ་ཚེ་བདེ་བ་ཤུགས་ལ་འབྱུང༌། །བསམ་གཏན་བསྒོམ་ཚེ་དེ་ཟུང་འཇུག །འདི་ནི་ཞི་ལྷག་ཟུང་འཇུག་སྟེ། །གནས་ལུགས་མངོན་སུམ་མཐོང་བ་ཡིན། །སོ་སྐྱེ་ལ་ཡང་དེ་སྲིད་པ། །མཚོན་བྱེད་དཔེ་ཡི་ཡེ་ཤེས་ཏེ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལ། །རྟོག་བྲལ་མ་འཁྲུལ་པའི་རིག་པ། །ཞི་གནས་སྔོན་དུ་མ་སོང་བའི། །ལྷག་མཐོང་མངོན་སུམ་མེད་སྙམ་ན། །མ་ཡིན་སེམས་གནས་ཐབས་དགུ་པོ། །སྔོན་འགྲོའི་ཚེ་ན་ཕལ་ཆེར་ཐོབ། །བསམ་གཏན་དགོས་མེད་ཐལ་ཅེ་ན། །ཞི་གནས་ལྷག་མཐོང་རེ་རེ་བ། །ཟུང་དུ་འཇུག་པའི་སྔོན་འགྲོ་སྟེ། །གསུམ་པ་རིམ་བཞིན་དབེན་གསུམ་དང༌། །སོར་བསྡུད་བསམ་གཏན་ཞེས་བྱའོ། །སྟོང་གཟུགས་ཞེས་བྱ་བེམ་པོ་ཡི། །སྟོང་ཉིད་མ་ཡིན་གཞི་དུས་ཀྱི། །ཡེ་ཤེས་ཉིད་ཕྱིར་དམ་པའི་དོན། །ཡིན་མོད་ཀུན་རྫོབ་རྣམ་པར་སྣང༌། །སྣང་ཡང་ཀུན་རྫོབ་ཀྱིས་སྟོང་ཕྱིར། །ཀུན་རྫོབ་བདེན་པར་བཞག་མི་རུང༌། །ཡེ་ཤེས་དོན་དམ་མི་བདེན་ན། །ཀུན་རྫོབ་བདེན་པར་ཁས་ལོངས་ཤིག །ཡེ་ཤེས་ཀུན་རྫོབ་ཉིད་ཡིན་ན། །རིག་པ་ཡེ་ཤེས་མ་རིག་ཕྱིར། །མ་རིག་བློ་ཡང་རིག་པར་འགྱུར། །རིགས་པའི་དཔྱད་པ་མི་བཟོད་པས། །ཀུན་རྫོབ་བདེན་པར་འདོད་ཞེ་ན། །དེ་ལྟ་ན་ནི་ཤེས་བྱ་ཀུན། །ཀུན་རྫོབ་བདེན་པར་ཁས་ལོངས་ཤིག །རིགས་པའི་དཔྱད་པ་མ་བཟོད་ཀྱང༌། །སོ་སོ་རང་རིག་ཡེ་ཤེས་ཀྱི། །མྱོང་ཕྱིར་དམ་པའི་བདེན་ཡིན་ཏེ། །རིགས་ཤེས་ཀུན་རྫོབ་བདེན་ཕྱིར་རོ། །སྟོང་གཟུགས་མཐོང་བའི་ཤེས་པ་དེ། །གཟུགས་མིན་གཟུགས་སུ་མཐོང་བའི་ཕྱིར། །འཁྲུལ་ཞེས་ཟེར་ན་མཐོང་བྱེད་སེམས། །མིག་ཤེས་ཡིན་ན་དེར་ཐལ་ཀྱང༌། །ཡེ་ཤེས་ཡིན་ཕྱིར་ཐལ་བ་མེད། །དུ་བར་སྣང་ཡང་དུ་བ་ཡི། །དོན་མི་བྱེད་ཕྱིར་ལོག་པ་ཡི། །ཀུན་རྫོབ་བདེན་པར་འགྱུར་ཞེ་ན། །ཟད་པར་ས་སོགས་རྫུ་འཕྲུལ་གྱི། །ཏིང་འཛིན་ཡུལ་དུ་གང་འགྱུར་དང༌། །གཟུགས་མེད་གཟུགས་ལ་བལྟ་སོགས་ཀྱི། །རྣམ་ཐར་ཀུན་ཡང་དེར་ཐལ་ལོ། །སྟོང་གཟུགས་འགོག་པའི་བདེན་པ་དང༌། །ལམ་གྱི་བདེན་པར་བཞེད་པ་ཡོད། །འདི་ལ་བདེན་པ་གཉིས་པོ་ཡི། །མཚན་ཉིད་གཞུང་ལས་གསུངས་དེ་མེད། །རྣམ་པ་ཀུན་ལྡན་སྟོང་གཟུགས་དེ། །མཐོང་བའི་ཤེས་པ་ཁམས་གསུམ་པའི། །རྣམ་པ་ཅན་ཕྱིར་ཡང་དག་པ། །མིན་པའི་རྟོག་པར་ཐལ་ཞེ་ན། །གཟུང་འཛིན་གཉིས་སྣང་བག་ཆགས་ཀྱི། །བསླད་པའི་ཤེས་ལ་དེར་སྣང་བ། །དེ་ལྟར་འདོད་ཀྱང་ཏིང་འཛིན་གྱི། །སྟོབས་ལས་མ་དག་པར་སྣང་བ། །ཡོད་ཀྱང་དེ་ལྟར་ཐལ་བ་མེད། །མ་དག་སྣང་བ་དོན་དམ་པའི། །བདེན་པ་ཡིན་པ་གཅིག་སྲིད་ན། །རྫོགས་སངས་རྒྱས་བློས་དོན་དམ་པའི། །བདེན་པ་མ་ལུས་མྱོང་བའི་ཕྱིར། །དེ་ཡང་མྱོང་བར་ཐལ་ཞེ་ན། །རྫོགས་སངས་རྒྱས་ལ་མ་དག་པའི། །སྣང་བ་འཆར་ན་དེར་འདོད་ཀྱང༌། །དེ་ཡིས་བག་ཆགས་སྤངས་པའི་ཕྱིར། །དེ་ལ་དེ་ལྟར་སྣང་བ་མེད། །སྟོང་གཟུགས་དོན་དམ་བདེན་ཡིན་ན། །ཆོས་ཀྱི་དབྱིངས་སུ་ཐལ་བར་འགྱུར། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཅིག་ལ་གང་སྣང་གཞན་ལ་ཡང༌། །དེར་སྣང་ཉིད་དུ་ཐལ་ཞེ་ན། །རིགས་པ་འདི་ནི་ངོ་བོ་ཉིད། །སྨྲ་བ་དག་ལ་ཡོད་མོད་ཀྱང༌། །འཕགས་དང་འཕགས་པ་མིན་ཀུན་གྱི། །ཤེས་ལ་གང་སྣང་སྣང་བ་པོའི། །སེམས་ཉིད་དུ་ནི་ཁས་ལེན་པའི། །ལུགས་ལ་དེ་ལྟར་ཡོད་མ་ཡིན། །གཉིས་པ་བསམ་གཏན་ངོས་འཛིན་ནི། །རྟོག་སོགས་ཡན་ལག་ལྔ་ལྡན་དུ། །བཤད་ཕྱིར་མངོན་པ་ལས་གསུང་པའི། །བསམ་གཏན་དང་པོའི་དངོས་གཞིར་ངེས། །སྐབས་འདིར་བསམ་གཏན་དངོས་གཞི་ཡི། །སྒྲུབ་བྱེད་ཉེར་བསྡོགས་མ་བཤད་ཕྱིར། །དངོས་གཞི་གང་གིས་གྲུབ་ཅེ་ན། །སྤྱིར་ནི་བསམ་གཏན་ཉེར་བསྡོགས་ལ། །འདོད་ཆགས་བྲལ་བྱེད་ལྷག་མཐོང་དང༌། །རྩེ་གཅིག་གནས་པའི་ཞི་གནས་ཏེ། །རེ་རེས་ཀྱང་ནི་དངོས་གཞི་ཡི། །ཡན་ལག་འགྲུབ་ལ་ཁྱད་པར་མེད། །སྐབས་འདིའི་སོ་སོར་བསྡུད་པ་ནི། །དངོས་གཞིར་འཇུག་ནུས་རྩེ་གཅིག་པ། །ཡིན་ཕྱིར་ཉེར་བསྡོགས་གཞན་མི་འཚོལ། །བསམ་གཏན་འདི་དང་སྟོང་གཟུགས་སོགས། །ཟུང་དུ་འཇུག་པའི་ལྷག་མཐོང་ནི། །སོ་སོ་སྐྱེ་བོ་དག་ལ་ཡང༌། །རྟོག་པ་མེད་པར་མངོན་སུམ་གྱིས། །འགྲུབ་ཅིང་འཕྲལ་གྱི་འཁྲུལ་རྒྱུ་བཞིས། །འཁྲུལ་པར་མ་བསྐྱེད་པའི་ཕྱིར་ན། །དབང་པོའི་མངོན་སུམ་དག་ཏུའང་བཞེད། །རྟོག་གེར་གྲགས་པའི་དབང་མངོན་ནི། །ཡང་དག་མ་ཡིན་ཀུན་རྟོག་ཕྱིར། །དཔེའི་ཡེ་ཤེས་སུ་མི་རུང༌། །དེ་ཕྱིར་འདི་ནི་མིག་སོགས་གཞན། །ཤ་ཡི་མིག་གིས་སྟོང་པའི་གཟུགས། །ཕྱི་རོལ་མཁའ་དབྱིངས་སུ་མཐོང་བའང༌། །གཉིས་སྣང་བག་ཆགས་ཀྱིས་བསླད་ཕྱིར། །རྣལ་འབྱོར་མངོན་སུམ་དངོས་མ་ཡིན། །དུས་ཀྱི་རྩ་ནང་གཞོམ་མེད་གཟུགས། །གཉིས་སུ་མེད་པར་མཐོང་བ་ལ། །གཉིས་སྣང་བསླད་པ་མ་ཞུགས་མོད། །སོ་སོ་སྐྱེ་བོ་དག་ལའང་ཡོད། །གཉིས་སྣང་བློ་ལ་འཆར་བ་དང༌། །འཆར་མི་སྲིད་པའི་སྣ་ཚོགས་པར། །རྣམ་པ་དབུ་མའི་ནང་འཆར་བ། །དེ་ནི་མ་དག་གཟུགས་བཞིན་དུ། །མཐོང་བློའི་སྔར་ཡོད་མ་ཡིན་ལ། །གཏན་ནས་མེད་པའང་མ་ཡིན་པ། །དེ་ཕྱིར་ཡོད་མིན་མེད་མིན་ཞེས། །རྒྱུད་འགྲེལ་དག་ལས་གསུངས་དེའོ། །ཡང་ན་རིགས་ཤེས་རྟོག་པའི་ངོར། །ཡོད་མེད་སོགས་ཀྱི་མཐའ་བྲལ་བ། །ཡིན་ནོ་དངོས་པོའི་གནས་ཚུལ་ལ། །ཡོད་མ་ཡིན་པ་ཉིད་མིན་ནོ། །འདིར་ཡང་དུ་སོགས་གཟུགས་དང་ནི། །དེར་སྣང་བ་ཡི་རྣམ་རིག་ཞེས། །ཕྱེ་ནས་གཟུགས་དེ་ཡོད་མིན་ལ། །དེར་སྣང་བ་དེ་ཤེས་པ་ཉིད། །གཟུགས་སོགས་རང་རང་གིས་སྟོང་ལ། །དེར་སྣང་ཤེས་པ་གཞན་སྟོང་ངོ༌། །སྤྱིར་ཡང་ཐེག་པ་ཆེ་ལུགས་འདིར། །ཆོས་རྣམས་ཀུན་ལ་དེར་སྣང་ལས། །མ་གཏོགས་ཆོས་གཞན་ཁས་མི་ལེན། །དེར་སྣང་ཤེས་ལ་རྣམ་ཤེས་དང༌། །ཡེ་ཤེས་གཉིས་སུ་ལྡོག་པས་འབྱེད། །རྣམ་ཤེས་རྫུན་པ་རང་སྟོང་སྟེ། །ཡེ་ཤེས་གཞན་སྟོང་དོན་དམ་བདེན། །དེ་ཕྱིར་སྟོང་གཟུགས་ཕྱག་རྒྱ་ཆེ། །གདོད་མའི་ཤེས་པ་ཉིད་ཡིན་ཕྱིར། །སེམས་ཅན་ཀུན་ལ་གནས་མོད་ཀྱང༌། །གཟུགས་སོགས་རྣམ་པར་མ་ཤར་བ། །དེ་སྲིད་སོ་སྐྱེས་མཐོང་མ་ཡིན། །འདིར་བཤད་རྣམ་རིག་སྣ་ཚོགས་གཟུགས། །དོན་དམ་འཕགས་པ་འཇམ་དཔལ་གྱི། །མཚན་རྣམས་ཡང་དག་བརྗོད་ཤེས་པ། །གང་དེས་ཆོས་འདིའི་གནས་ཚུལ་ཤེས། །ཞེས་བྱ་བ་འདི་རེ་ཤིག་གྲུབ་པའོ།།  །།ཤུ་བྷཾ།།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །བར་དུ་དགེ་བའི་ཆོས་འདི་ཡི། །དངོས་གཞི་དེ་བཞིན་འཛིན་པ་སྟེ། །སྦྱོར་བ་སྲོག་རྩོལ་མན་ངག་གོ །དེ་དོན་སྲོག་འགོག་པ་ཡིན་ཏེ། །ཡོན་པོར་རྒྱུ་བ་མེད་པའོ། །དེ་དོན་དབུ་མར་རྒྱུ་བ་དང༌། །དབུ་མར་གནས་པ་གཉིས་ཡིན་མོད། །སྲོག་ཐུར་གཅིག་ཏུ་མ་འདྲེས་པའི། །གནས་དང་རྒྱུ་བ་དོན་མེད་དོ། །དེ་ཕྱིར་ཐོག་མར་རྡོ་རྗེ་ཡི། །བཟླས་པས་དབུ་མའི་ལམ་སྦྱངས་ནས། །སྟེང་རླུང་ཡོན་པོ་འགགས་པ་ན། །འོག་རླུང་ཡོན་པོ་ངང་གིས་འགགས། །ཡང་ན་འོག་རླུང་གྱེན་དྲངས་ཏེ། །སྟེང་རླུང་མནན་པ་བྱང་བའི་ཚེ། །སྲོག་ཐུར་ཅུང་ཟད་འདྲེས་གྱུར་ཏེ། །དབུ་མའི་ལམ་ཆེན་བྱང་བ་ཡིན། །དེ་ནས་བུམ་པ་ཅན་སྦྱོང་བ། །རབ་ཀྱི་ཚད་དུ་ཕྱིན་པ་ན། །དབུ་མར་གནས་པ་ཞེས་བྱ་ཞིང༌། །སྣ་བུག་གཉིས་ནས་མཉམ་རྒྱུ་བས། །ཕྲ་རྡུལ་འགུལ་བ་མི་མངོན་ཞིང༌། །ཡོན་པོར་རྒྱུ་བ་མེད་པ་ན། །དབུ་མར་རྒྱུ་བ་ཞེས་བྱ་དང༌། །རྡུལ་མཐའ་ཞེས་པའི་མཚན་གསོལ་ཏོ། །དབུ་མར་རྒྱུ་དང་གནས་པའི་ཚེ། །ལས་རླུང་རིམ་གྱིས་འགགས་པ་ལས། །སྟོང་གཟུགས་དབུ་མར་མཐོང་བ་དང༌། །གཏུམ་མོའི་མེ་ཆེན་འབར་བ་ལས། །དགའ་བཞི་རིམ་གྱིས་མྱོང་བ་དང༌། །ཐུར་སེལ་འགགས་པའི་ཡོན་ཏན་གྱིས། །འགྱུར་མེད་བདེ་བ་འདྲེན་པ་དང༌། །དབུ་མར་རྒྱུ་བའི་ཡོན་ཏན་གྱིས། །ལུགས་བཟློག་དགའ་བ་བཞི་པོ་དང༌། །འགྱུར་མེད་གནས་སུ་ཕྱིན་པ་འཐོབ། །རྡོ་རྗེའི་བཟླས་པས་གནས་སྐབས་སུ། །ཚེ་རིང་བ་དང་ནད་མེད་དང༌། །མངོན་གྱུར་སྡིག་པ་ཞི་བ་དང༌། །ཆོས་དང་སྲིད་ལ་དབང་བ་དང༌། །བསོད་ནམས་ཚོགས་ཆེན་རྒྱས་པ་དང༌། །ལས་རླུང་དབུ་མར་འཇུག་ནུས་པའོ། །བར་དུ་དགེ་བའི་ཁྲིད་འདི་ཉིད། །གཅིག་པུས་བདེ་དང་སྟོང་པ་དང༌། །ཟུང་དུ་འཇུག་པ་མཐར་ཕྱིན་བྱེད། །ཐོག་མར་དགེ་བའི་ཁྲིད་ཆེན་ལ། །སྦྱངས་པ་མེད་ཀྱང་འདི་གཅིག་པུས། །རྩ་ཐིག་བྱང་ཆུབ་སེམས་གསུམ་པོ། །དབུ་མར་ཞུགས་པའི་ཡོན་ཏན་གྱིས། །དངུལ་ཆུའི་ཐིག་པས་གསེར་དག་ནི། །ལྕགས་ལ་ཞུགས་པ་ཇི་བཞིན་དུ། །རྣམ་སྨིན་བེམ་པོའི་ཁམས་ཟད་ནས། །འཇའ་ཚོན་རྡོ་རྗེའི་སྐུ་ཡང་འགྲུབ། །དེ་ལྟ་མོད་ཀྱི་ཁྲིད་འདི་དང༌། །ཁྲིད་གཞན་གྱི་ཡང་གནས་སྐབས་སུ། །གཞུང་མང་ཤེས་པའི་བསྙེམ་པ་ཡིས། །ཅུང་ཟད་སྤྲོས་པ་འདི་བསམ་བྱ། །ཆོས་ཀྱི་བདག་མེད་པ་དང་ནི། །ཁྱད་པར་གང་ཟག་བདག་མེད་པའི། །གནས་ལ་ངེས་ཤེས་མ་འདྲོངས་པར། །ཇི་སྐད་བཤད་པའི་སྟོང་གཟུགས་དང༌། །ལུས་ཚོར་བདེ་བ་ཟུང་འཇུག་པ། །མུ་སྟེགས་བྱེད་ལའང་སྲིད་པ་དང༌། །རྡོ་རྗེའི་བཟླས་པ་སྔོན་སོང་བའི། །རླུང་སེམས་དབུ་མར་ཚུད་ཙམ་དང༌། །དེ་ལས་འཛག་བདེ་འབར་བ་དང༌། །ཟག་བཅས་ལུས་ཀྱི་བེམ་པོའི་ཁམས། །ཟད་པས་འཇའ་ལུས་གྲུབ་པ་ནི། །མུ་སྟེགས་བྱེད་ལའང་སྲིད་པའི་ཕྱིར། །རློམ་པས་ཁེངས་པའི་མན་ངག་པ། །བདག་མེད་གཉིས་པོའི་གནས་ཚུལ་ལ། །ངེས་པ་འདྲོངས་པའི་ངོ་སྤྲོས་ཀྱིས། །སློབ་མ་འདྲོངས་པ་འགའ་ཡོད་དམ། །ཡོད་ན་ཁྱོད་ཀྱི་ཁྲིད་ཚུལ་དེས། །གཉིས་པོ་རྟོགས་པའི་ཐབས་གང་ཡིན། །དེ་རྟོགས་པ་ཡི་ཚད་མ་ཅི། །ཐོས་བསམ་རིགས་པས་དཔྱད་པ་ཡི། །བདག་མེད་གཉིས་པོ་མི་དགོས་ན། །ཡོད་དང་མེད་པའི་མཐའ་གཉིས་པོ། །སེལ་བར་བྱེད་པའི་ཐབས་གང་ཡིན། །གཞོམ་དུ་མེད་པའི་གཟུགས་སོགས་ལ། །ཆོས་ཀྱི་བདག་ཏུ་ཞེན་པ་དང༌། །གཞི་དུས་གདོད་མའི་ཤེས་པ་ལ། །ང་ཞེས་དོགས་པ་གང་གིས་སེལ། །ཞེ་ན་དེ་ལན་སྦྱོར་བ་དང༌། །དངོས་གཞི་དང་ནི་རྗེས་ཐོགས་སུ། །ངོ་སྤྲོད་ཡོད་ཚུལ་གསུམ་གྱིས་བཤད། །སྦྱོར་བ་བསོད་ནམས་ཚོགས་བསགས་ནས། །ཡེ་ཤེས་ཚོགས་ལ་ནན་ཏན་དུ། །གོམས་པར་བྱས་ལས་མ་གཡོས་པར། །འཇུག་པ་སྔགས་ཀྱི་སྔོན་འགྲོ་ཡིན། །དེ་དོན་ཆོས་དང་གང་ཟག་གི །བདག་མེད་པ་ལ་སྙོམས་ཞུགས་པའོ། །གཉིས་པ་མཉམ་བཞག་དངོས་གཞིའི་དུས། །ཁྱབ་བྱེད་འཛིན་པ་ཀུན་ཁེགས་པས། །ཁྱབ་བྱ་ཆོས་དང་གང་ཟག་ཏུ། །འཛིན་པ་ཅི་ཡི་ཕྱིར་མི་ཁེགས། །འཛིན་པ་དེ་དང་དེ་ཁེགས་པ། །བདག་མེད་རྣམ་པ་གཉིས་ཀྱི་དོན། །དེ་དང་དེ་མ་མཐོང་བ་ལ། །དེ་དང་དེ་མེད་མཐོང་ཞེས་པར། །ཐ་སྙད་འདོགས་པར་ཤེས་རབ་ཀྱི། །ཕ་རོལ་ཕྱིན་གཞུང་དག་ལས་གསུངས། །གསུམ་པ་རྗེས་སུ་ངོ་སྤྲོད་ཚུལ། །རྒྱས་པར་བཤད་པ་འདི་ཡིན་ནོ། །མཉམ་བཞག་ཡུལ་དུ་གང་བྱས་པའི། །སྟོང་པ་ཉིད་ཀྱི་གཟུགས་སོགས་དང༌། །གཟུང་འཛིན་གཉིས་མེད་ཡེ་ཤེས་ལ། །དུས་དེར་མཚན་འཛིན་མེད་ན་ཡང༌། །རྗེས་ཀྱི་ཤེས་པས་དེ་དང་དེ། །ཡོད་དང་བདེན་པར་གྲུབ་སོགས་སུ། །མཚན་མར་ཞེན་པ་སེལ་དགོས་ཏེ། །དེ་མ་བསལ་ན་དེ་དང་དེ། །བདག་ཏུ་སྒྲོ་འདོགས་སྲིད་ཕྱིར་རོ། །མཚན་མར་ཞེན་ཏེ་ཐབས་གང་གིས། །སེལ་བར་བྱེད་པ་ཡིན་ཞེ་ན། །སྤྱིར་ནི་ཆོས་ཀུན་རང་སྟོང་དུ། །གཏན་ལ་འབེབས་པའི་རིགས་པ་དང༌། །ཁྱད་པར་མཚན་འཛིན་རང་སྟོང་དུ། །གཏན་ལ་འབེབས་པའི་རིགས་པས་སོ། །རྗེས་དེར་གཏན་ལ་ཕབ་པ་ཡི། །སྟོང་ཉིད་མཉམ་བཞག་དུས་སུ་ནི། །ཉམས་སུ་མྱོང་བྱ་མ་ཡིན་ཏེ། །མྱོང་ན་དུག་ཅན་ལྟ་བར་འགྱུར། །འོ་ན་རྗེས་ཀྱི་ཡིད་བྱེད་དང༌། །མཉམ་བཞག་འགལ་བར་འགྱུར་ཞེ་ན། །རྗེས་ཀྱི་ཡིད་བྱེད་རྟོག་པ་སྟེ། །མཉམ་བཞག་རྟོག་མེད་གསལ་སྣང་ཅན། །རིགས་པའི་ཤེས་པས་རང་དང་ནི། །འཛིན་སྟངས་འགལ་བ་ཀུན་བཀག་ཚེ། །མཉམ་བཞག་རྟོག་མེད་ཡེ་ཤེས་ནི། །ལྷུན་གྱིས་གྲུབ་པས་འགལ་མི་འགྱུར། །རིགས་པའི་ཤེས་པས་ཆོས་རྣམས་ཀྱི། །གནས་ཚུལ་རིག་ངོར་མ་རྙེད་པ། །དེ་ཚེ་མཚན་མར་འཛིན་པ་ཡི། །རྟོག་པ་མཐའ་དག་འགོག་ནུས་ཤིང༌། །མཉམ་བཞག་སོ་སོ་རང་རིག་གིས། །གནས་ལུགས་འོད་གསལ་ཉམས་མྱོང་བ། །དེ་ཚེ་སྟོབས་སོགས་ཡོན་ཏན་རྣམས། །རང་གི་ངང་གིས་འགྲུབ་པར་འགྱུར། །མདོར་ན་མཉམ་པར་བཞག་དུས་སུ། །ཅིར་ཡང་འཛིན་པ་མེད་པ་དང༌། །ཉམས་སུ་མྱོང་བ་མི་འགལ་ཞིང༌། །རྗེས་སུ་རྣམ་ཤེས་རྟོག་མེད་ལ། །སྣ་ཚོགས་གསལ་བར་སྣང་བ་དང༌། །རྟོག་པས་ཅིར་ཡང་མི་འཛིན་པ། །འདི་ནི་ཐེག་པ་ཆེན་པོ་པ། །ཀུན་གྱི་ཚོགས་གཉིས་སོག་ཚུལ་ལོ། །ཕྱི་ནང་གཉིས་ཀའི་རྣལ་འབྱོར་པས། །རླུང་སེམས་དབུ་མར་ཞུགས་པ་ན། །གཉིས་མེད་རང་རིག་རང་གསལ་བ། །མཐོང་ཙམ་ཉིད་ལ་ཁྱད་མེད་ཀྱང༌། །རྗེས་ཀྱི་ཤེས་ངོར་གྲངས་ཅན་པ། །ཤེས་རིག་སྐྱེས་བུ་བློ་ཆེན་ལ། །གང་ཤར་ཟ་བ་པོ་ཉིད་དང༌། །ལོངས་སྤྱོད་བྱེད་པོར་སྒྲོ་བཏགས་ནས། །འཁོར་བའི་ཚེ་ན་དེ་འདྲ་དང༌། །མྱང་འདས་ཚེ་ན་གཟུང་འཛིན་ལས། །གྲོལ་བའི་སྐྱེས་བུ་དམ་པར་འདོད། །དེ་ཚེ་ངོ་བོ་ཉིད་མེད་དུ། །སྨྲ་བའི་རིགས་པས་དེ་འདྲ་དེ། །ངོ་བོས་སྟོང་པར་གྲུབ་པ་ན། །བདག་ཏུ་ལྟ་བ་ཀུན་ལས་གྲོལ། །ཡང་ན་རྣལ་འབྱོར་སྤྱོད་གཞུང་ལྟར། །གཟུང་འཛིན་གཉིས་མེད་རིག་པ་དེ། །དོན་དམ་པ་ཡི་སེམས་ཅན་དང༌། །རྒྱལ་བའི་སྲས་དང་སངས་རྒྱས་ཞེས། །གནས་སྐབས་གསུམ་དུ་དེར་བཞག་མོད། །དེ་དེར་ཞེན་པས་འཆིང་བའི་ཕྱིར། །དེར་ཞེན་པ་དེ་ཀུན་བཏགས་དང༌། །རང་སྟོང་ཉིད་དུ་ཤེས་པ་ན། །བདག་ཏུ་འཛིན་པ་ཀུན་ལས་གྲོལ། །དེ་སྐད་རྡོ་རྗེ་གུར་རྒྱུད་ལས། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མིན་ཕྱིར། །ཞེས་གསུངས་པ་དེས་སྟོང་པ་ཉིད། །ལམ་གྱི་མྱོང་བྱ་མིན་པར་བཤད། །ལྟ་བ་རྣམས་ལས་བཟློག་པ་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་དེ་མེད་དགག་གི །སྟོང་པ་ཉིད་ལ་དགོངས་པའོ། །ཆོས་རྣམས་ཀུན་ལ་མཚན་འཛིན་གྱི། །རྟོག་པ་འགོག་པའི་རིགས་པ་ལ། །ངོ་བོ་ཉིད་མེད་སྨྲ་བའི་གཞུང༌། །མཆོག་ཏུ་གསུངས་མོད་དེའི་གཞུང་གི །སྟོང་ཉིད་མེད་དགག་ཉིད་གྱུར་ཕྱིར། །དེ་ཡི་ཡུལ་ཅན་རྟོག་པ་ལས། །གཞན་མེད་མངོན་སུམ་མི་སྲིད་དོ། །གཟུང་འཛིན་གཉིས་བྲལ་སྟོང་ཉིད་ཀྱི། །ཡེ་ཤེས་རང་རིག་རང་གསལ་བ། །རྟོག་བློ་དབང་པོའི་མངོན་སུམ་དང༌། །རྣལ་འབྱོར་མངོན་སུམ་དབྱེ་བས་གཉིས། །གཉིས་ཀའི་མྱོང་བྱ་ཡེ་ཤེས་ཕྱིར། །རང་རིག་མངོན་སུམ་ཉིད་དུ་འདུ། །མུ་སྟེགས་བྱེད་ལ་ལུས་ཚོར་གྱི། །བདེ་བ་འཛིན་མེད་ཀྱིས་བརྒྱན་པ། །རླུང་སེམས་དབུ་མར་ཞུགས་དུས་སུ། །ཡོད་དང་དེ་ཉིད་གནས་ལུགས་དོན། །རྟོགས་པར་འདོད་པ་འགོག་ཕྱིར་དུ། །དབང་པོ་གཉིས་སྦྱོར་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ཡི་བདེ་བ་བདེ་ཆེན་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་དང་རྒྱུད་ལས་ཇི་སྐད་དུ། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཡི་བདེ་བ་བདེ་ཆེན་མིན། །ཞེས་སོགས་མང་དུ་གསུངས་པ་ཡིན། །འོ་ན་ཞུ་བདེ་ལྷན་སྐྱེས་ཀྱི། །བདེ་བ་ཅི་ལ་དགོངས་ཞེ་ན། །ཞུ་བའི་བདེ་བས་རྐྱེན་བྱས་ནས། །ལྷན་སྐྱེས་གྱུར་མེད་དུ་སོང་བ། །ཉིད་ལ་དགོངས་པར་རྒྱུད་རྒྱལ་ལས། །མེ་དང་དངུལ་ཆུའི་དཔེ་ཡིས་གསུངས། །མུ་སྟེགས་བྱེད་ཀྱི་གསང་སྔགས་ལས། །རང་ལུགས་བསྐྱེད་པའི་རིམ་པ་དང༌། །གསང་དང་ཤེས་རབ་ཡེ་ཤེས་ཀྱི། །ཉམས་ལེན་ཆ་དང་མཐུན་མོད་ཀྱང༌། །ཡེ་ཤེས་ཚོགས་སོག་མ་ཚང་བས། །འཁོར་བའི་རྩ་ལས་མ་གྲོལ་ལོ། །མུ་སྟེགས་བྱེད་པས་ཚེ་གཅིག་ལ། །འདོད་གཟུགས་ཁམས་ལས་ཆགས་བྲལ་དང༌། །མངོན་ཤེས་ལྔ་ཡང་འགྲུབ་པའི་ཕྱིར། །ལུས་ཀྱི་བེམ་པོའི་ཁམས་ཟད་པ། །ཡོད་ལ་བསྙེམས་པ་འཚལ་མི་དགོས། །དེ་ལྟར་རྒྱས་པར་སྤྲོས་པ་ལས། །བྱུང་བའི་དགེ་བ་ལམ་གསུམ་པ། །རང་སྙིང་དག་བྱེད་དཔལ་མོའི་རྒྱུན། །གཞན་བློ་འཕྲོག་བྱེད་རྐང་པའི་དུག །སེལ་བྱེད་གངྒཱའི་རྒྱུན་ཆེན་པོར། །གྱུར་ནས་གནས་སྐབས་སྒྲིབ་པ་བཞི། །བསལ་ནས་ཐམས་ཅད་མཁྱེན་པ་ཡི། །རྒྱ་མཚོ་ཉིད་དུ་རོ་གཅིག་ཤོག།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །མཐའ་མར་དགེ་བའི་རྣལ་འབྱོར་གྱི། །ཡན་ལག་གཉིས་པོའི་ངོས་འཛིན་དང༌། །བྱེད་ལས་དབྱེ་བ་འདིར་བརྗོད་བྱ། །ཏིང་འཛིན་ཡན་ལག་དངོས་གཞི་སྟེ། །རྗེས་དྲན་དེ་ཡི་སྦྱོར་བའོ། །སྔ་མ་ཐིག་ལེའི་རྣལ་འབྱོར་སྟེ། །གཉིས་པ་ཕྲ་མའི་རྣལ་འབྱོར་རོ། །དང་པོས་དགའ་བ་བཞི་རིམ་གྱིས། །མཐུར་དུ་ཕབ་ནས་མི་འཕོ་བར། །བྱེད་དང་ཕྱི་མས་དེའི་རིམ་གྱིས། །གྱེན་དུ་འཕངས་ནས་བརྟན་པར་བྱེད། །བརྟན་པའི་ཐོག་མ་མི་འགྱུར་བའི། །བདེ་བ་དང་པོ་རྙེད་པ་དང༌། །འབྱུང་འཇུག་གནས་གསུམ་ཡོན་པོ་ཅིག །འགག་ནས་དབུ་མར་སོན་པའོ། །འདི་ནས་རྣལ་འབྱོར་ཡན་ལག་ནི། །བདུན་པ་གཞན་མི་དགོས་པའི་ཕྱིར། །སྒྲུབ་པ་ཆེན་པོའི་ཡན་ལག་དང༌། །ངེས་འབྱེད་ཆ་བཞིའི་རིམ་པ་བཞིན། །མི་འགྱུར་བདེ་བ་ཕྱེད་བཅས་པ། །བཞི་བརྒྱ་ཕྲག་བཞི་སྒྲུབ་པར་བྱེད། །གྲུབ་ནས་སྟོང་དང་བརྒྱད་བརྒྱ་པ། །ཕྲག་ཅིག་གིས་ནི་ས་དང་པོ། །དམིགས་མེད་སྙིང་རྗེ་དང་བྲལ་ན། །ལས་རླུང་ཇི་ཙམ་འགགས་གྱུར་ཀྱང༌། །མི་འགྱུར་བདེ་དང་ཟག་མེད་ཀྱི། །བདེ་དང་ས་ཐོབ་ནུས་མ་ཡིན། །བདག་དང་ཆོས་སུ་མི་དམིགས་པའི། །ཡེ་ཤེས་གཅིག་པུ་བདེ་བ་དང༌། །སྟོང་པ་ཟུང་དུ་འཇུག་པའོ། །ཤེས་དང་ཤེས་བྱ་གཅིག་པ་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དང༌། །སྐྱེ་འཇིག་མེད་པའི་དངོས་ཞེས་པ། །འདི་ཡི་མཚན་གྱི་རྣམ་གྲངས་སོ། །སྐྱེ་འཇིག་མེད་པའི་སྲིད་གསུམ་ནི། །དོན་དམ་པ་ཡི་སྲིད་གསུམ་སྟེ། །ཤེས་བྱེད་ཆོས་དང་གང་ཟག་ཏུ། །དམིགས་པས་བཅིངས་ན་ཤེས་བྱའི་གཟུགས། །མཐོང་ཡང་དེ་དེར་མི་འགྱུར་ཏེ། །གཟུང་འཛིན་གཉིས་སྣང་རྟོག་པའི་ཕྱིར། །དེ་བས་མུ་སྟེགས་བྱེད་ལ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །ལན་གཅིག་འགགས་པ་སྲིད་གྱུར་ཀྱང༌། །འཁོར་བ་ཉིད་ལས་འདའ་བ་མེད། །དེ་ཕྱིར་ལོ་གསུམ་ཕྱོགས་གསུམ་པོར། །ས་དང་པོ་ཡི་བཅུ་གཉིས་ས། །འགྲུབ་བྱེད་ལམ་གྱི་ཡན་ལག་གནད། །ངེས་པའི་དོན་དུ་འདི་གཟུང་བྱ། །སྦྱོར་བའི་དུས་སུ་ཕྱག་རྒྱ་གསུམ། །བསྟེན་པའི་སྒྲུབ་པོ་སོ་སོའམ། །གཅིག་གིས་ངེས་པར་བསྟེན་དགོས་པའི། །ཕྱག་རྒྱའི་དབྱེ་བའང་ཅི་ཞེ་ན། །དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །དགེ་ཚུལ་ཉིད་ཀྱང་དེའི་ཆ་མཐུན། །གཉིས་པོས་མི་འགྱུར་བདེ་བའི་རྟེན། །ཕྱག་རྒྱ་ཆེན་མོ་ཉིད་གཟུང་བྱ། །ལ་ལར་ཡེ་ཤེས་ཕྱག་རྒྱ་ཙམ། །ཕྱག་རྒྱ་གསུམ་པ་དེ་འགྲུབ་པའི། །རྟེན་དང་ཐབས་སུ་མ་བཀག་ཀྱང༌། །ལས་ཀྱི་ཕྱག་རྒྱ་འདི་ལ་བཀག །རྟེན་འདི་གཉིས་ཀྱིས་འཛིན་འདྲེན་པ། །རང་བྱིན་བརླབས་ཀྱི་མཐུ་གྲུབ་ཀྱང༌། །ལས་ཀྱི་ཕྱག་རྒྱས་ཕམ་པ་དང༌། །ལྷག་མར་བྱས་དེ་མ་རུངས་འགྱུར། །འཆབ་བཅས་ཕམ་པས་ཆ་དེ་ལ། །དགྲ་བཅོམ་ཐོབ་པའི་སྐལ་མེད་པ། །ཉན་ཐོས་དབང་བྱས་ཚེ་འདི་ལ། །རྫོགས་སངས་རྒྱ་བ་ཐེག་ཆེན་སྲོལ། །དེ་ལྟར་རློམ་པའི་ང་རྒྱལ་གྱིས། །བསྟན་པའི་རྩ་བ་སོ་སོ་ཐར། །སྨེ་རྩོག་གནས་སུ་མི་འཇུག་པར། །གཙང་སྦྲས་མཆོག་ཏུ་གཅེས་འཛིན་བྱ། །བསྟན་རྩ་སོ་སོ་ཐར་པ་ནི། །འདུལ་བའི་ལུང་དུ་གང་གསུངས་པ། །དེ་ལས་གཞན་པའི་རྣམ་བཞག་མེད། །སོ་སོ་སྐྱེ་བོའི་དགེ་སློང་ནི། །སྔགས་ཀྱི་ཡན་ལག་བཞི་འགྲུབ་ཅིང༌། །བྱང་སེམས་འཕོ་མེད་གནས་ཐོབ་ཀྱང༌། །ལས་ཀྱི་སྦྱོར་བས་ལྷག་མ་དང༌། །འཆབ་བཅས་ཕམ་པས་མ་རུང་བར། །བྱེད་པའི་ཡན་ལག་རྩིས་ཀུན་ཚད། །དེ་ཕྱིར་བསྟན་རྩ་འཛིན་མི་ནུས། །དེ་ལྟ་མོད་ཀྱི་ཉེ་རྒྱུ་ཡིས། །འཚམས་སྦྱོར་སྐབས་སུ་བབ་པའི་ཚེ། །དགེ་སློང་གྱུར་ལའང་འདི་མ་བཀག །ཅི་ཕྱིར་ཞེ་ན་སྐད་ཅིག་དེར། །རྫོགས་སངས་རྒྱ་བ་ཉིད་ཕྱིར་དང༌། །དགྲ་བཅོམ་པ་ནི་རང་བཞིན་གྱི། །ཉེས་པའི་རྟེན་དུ་མ་བཤད་ན། །དེ་ཚེ་ཡེ་ཤེས་ཁོང་ཆུད་དང༌། །རང་བྱུང་དགེ་སློང་ཉིད་ཕྱིར་རོ། །ཁྱིམ་པའི་རྡོ་རྗེ་འཛིན་པས་ནི། །འགྲོས་བཞི་དབྱིངས་སུ་ཐིམ་པ་དང༌། །འཇའ་ལུས་མངོན་དུ་བྱེད་པ་ལ། །ཕྱག་རྒྱ་དང་པོ་མཆོག་ཏུ་མྱུར། །དུས་བབ་ཐོག་མ་ནས་བཟུང་བྱ། །དུས་ནི་འཛིན་པ་གྲུབ་ནས་དེ། །མེ་ནི་དངུལ་ཆུའི་དགྲར་གྱུར་ཀྱང༌། །མེ་མེད་དངུལ་ཆུ་བཟུང་མི་ནུས། །དེ་མ་བཟུང་ན་ལྕགས་ཀྱི་ཁམས། །ཟད་ནས་གསེར་དུ་གྱུར་མི་ནུས། །ཆགས་ཆེན་འབར་བས་བྱང་ཆུབ་སེམས། །ནུས་ཆེན་ཕེབས་པར་མ་གྱུར་ན། །མེ་ཡིས་བཅིངས་པའི་དངུལ་ཆུ་བཞིན། །ལུས་ཁམས་སོ་སོར་ཕིགས་མི་ནུས། །དེ་མ་ཕིགས་ན་བེམ་པོའི་ཁམས། །ཟད་པར་དཀའ་བས་འཇའ་ཚོན་ལུས། །མྱུར་བར་མངོན་དུ་བྱེད་མི་འགྱུར། །ཁམས་ཟད་བྱེད་པ་འཛག་བདེ་ཉིད། །འགྱུར་མེད་གནས་སུ་སོན་ནས་ཏེ། །དེར་མ་སླེབས་ན་གཟུང་འཛིན་གྱི། །རྩ་ནས་བེམ་པོའི་ཁམས་རྣམས་བསྐྱེད། །ཕྱག་རྒྱ་གསུམ་ཅར་ཁྱིམ་པ་ཡི། །རྣལ་འབྱོར་པ་ཡིས་རིམ་བསྟན་པ། །འགྱུར་མེད་གནས་སུ་སོན་པ་ལ། །ཤིན་ཏུ་མྱུར་བས་བསྟེན་ཞེས་གསུངས། །འོ་ན་དགེ་སློང་མཆོག་ཡིན་པ། །འགལ་ཞེས་ཟེར་ན་བསྟན་པ་ཡི། །རྩ་བ་འཛིན་དང་སྔགས་འགྲུབ་པ། །ལྷན་ཅིག་འབྱུང་བས་ཁྱད་པར་འཕགས། །འཛག་བདེ་འཁོར་བའི་རྒྱུར་གསུངས་པ། །དབང་བདུན་ཐོབ་ནས་རྩ་ལྟུང་དང༌། །མཆོག་དབང་ཐོབ་ནས་ལོ་གསུམ་དང༌། །ཕྱོགས་གསུམ་རྣལ་འབྱོར་དུས་ཀྱི་ཚེ། །ཁམས་མ་འཕོས་ན་ཚེ་དེ་ལ། །རྫོགས་སངས་རྒྱ་བ་ཉིད་འགྱུར་ཞིང༌། །འཕོས་ན་ཚེ་རབས་གཞན་དུ་ནི། །སྐྱེ་བ་ལེན་པར་བྱེད་ལ་དགོངས། །དབང་བདུན་ཐོབ་ནས་ཕྱི་རོལ་པའི། །སྔགས་སུའང་དབང་བསྐུར་ཐོབ་གསུངས་དང༌། །ཕྱི་པས་རླུང་སེམས་དབུ་མར་ནི། །ཚུད་པའི་ཚེ་ན་རྣམ་རྟོག་གི །འཛིན་པ་མེད་ཕྱིར་འཕོ་བའི་བདེ། །ཟག་མེད་བདེ་བར་མི་འགྱུར་རམ། །ཞེ་ན་གང་ཟག་གི་བདག་འཛིན། །སུན་མ་ཕྱུང་བས་འཁོར་བ་ཡི། །ཆགས་ཆེན་ཉིད་ལས་མ་འདས་ཕྱིར། །ཟག་པས་བཅིངས་ཕྱིར་དེར་མི་རུང༌། །རྩ་བའི་ལྟུང་བ་དེ་བྱུང་ནས། །སླར་ཡང་བྱིས་པའི་དབང་བདུན་དང༌། །གོང་མའི་དབང་དང་རྡོ་རྗེ་ཡི། །རྣལ་འབྱོར་དྲུག་པོ་གོམས་བྱས་པས། །འཕོ་མེད་གནས་པ་དེ་མངོན་དུ། །གྱུར་ནས་རྫོགས་པར་འཚང་རྒྱའོ། །དེ་ལྟར་བརྩམས་ཤིང་སྦྱར་བ་ལས། །བྱུང་བའི་དགེ་བ་དུས་འཁོར་ལོའི། །གཞལ་མེད་ཁང་བརྩེགས་ལྟ་བུ་དེར། །སྐལ་བཟང་གྱུར་པ་ཀུན་འཇུག་ཤོག །ཅེས་བྱ་བ་འདི་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་འདི་ཉིད་ལ། མོས་པ་དང་ལྡན་པའི་སློབ་མ་མང་པོས། སྔོན་ཉིད་ནས་གསོལ་བཏབ་པའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས། རང་ལོ་དོན་བཞི་པ་ལྕགས་མོ་བྱའི་ལོ་ཆུ་སྟོད་ཀྱི་ཉ་བའི་ཉི་ཤུ་ལྔ་ལ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་རྐོང་སྟོན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དུས་ཀྱི་འཁོར་ལོ་རྣམ་གསུམ་སྟེ། །གཞི་དང་ལམ་དང་འབྲས་བུས་ཕྱེ། །གཞི་ལའང་ཕྱི་ནང་གཞན་གསུམ་སྟེ། །སྣོད་དང་བཅུད་དང་ཡེ་ཤེས་སོ། །སྣོད་ནི་མ་དག་འཇིག་རྟེན་ཁམས། །བཅུད་ཀྱང་འཁོར་བའི་སེམས་ཅན་སྟེ། །གཟུང་འཛིན་གཉིས་མེད་ཡེ་ཤེས་ལ། །གཞན་ཞེས་བྱ་བར་སྔགས་པས་འཆད། །མ་དག་པ་ནི་ཉོན་མོངས་དང༌། །ལས་ཀྱི་དབང་ལས་གྲུབ་པ་སྟེ། །འཁོར་བ་ཞེས་བྱ་སྡུག་བསྔལ་དང༌། །ཀུན་འབྱུང་བདེན་པ་དག་གིས་བསྡུས། །དེ་ཡང་རྟེན་ཅིང་འབྲེལ་འབྱུང་གི །ཡན་ལག་བཅུ་གཉིས་པ་ཉིད་དོ། །ཀུན་གྱི་རྩ་བ་མ་རིག་པའི། །ངོས་འཛིན་ཐུན་མོང་མིན་བཤད་པ། །འཕོ་བའི་བག་ཆགས་ཞེས་བྱ་བ། །ཀུན་གཞིའི་རྣམ་པར་ཤེས་ལ་གནས། །དེ་དང་གྲུབ་བདེ་ལྷན་ཅིག་པར། །དེ་ཡི་འགལ་ཟླ་ཟག་མེད་ཀྱི། །ཡེ་ཤེས་ཉིད་ཀྱང་རྣམ་བྱང་གི །བག་ཆགས་ཀུན་གཞིའི་ཡེ་ཤེས་སོ། །དང་པོ་འཁོར་བའི་སྒྲུབ་གཞི་སྟེ། །གཉིས་པ་མྱ་ངན་འདས་སྒྲུབ་པའི། །ལམ་གྱི་རྟེན་གཞི་རྒྱུ་ཡི་རྒྱུད། །འདི་ལ་བདེ་གཤེགས་སྙིང་པོར་གྲགས། །འགོ་བའི་བག་ཆགས་ཁམས་ལྔ་པོ། །ཀུན་གྱི་རང་བཞིན་བསགས་པས་ན། །མ་དག་སྣོད་དང་འཁོར་བ་པའི། །སེམས་ཅན་ཀུན་གྱི་སྒྲུབ་གཞིར་བཞག །བག་ཆགས་ངོ་བོ་ནམ་མཁའི་ཁམས། །སད་བྱེད་རྐྱེན་ལས་འབྱུང་བ་བཞིའི། །བག་ཆགས་སྨིན་ཚུལ་རིགས་མཐུན་ལ། །འཇིག་རྟེན་ཁམས་ཀྱང་མཐུན་པར་སྣང༌། །ཕྱི་ཡི་འཇིག་རྟེན་རྡུལ་ཕྲན་དུ། །གནས་པ་དོན་སྨྲའི་ལུགས་ཡིན་སྟེ། །ཐེག་པ་ཆེན་པོར་བག་ཆགས་ཀྱི། །སེམས་སྣང་ལས་གཞན་དོན་ཡོད་མིན། །སད་བྱེད་རྐྱེན་ལས་བག་ཆགས་ཀྱི། །རྣམ་སྨིན་ནང་གི་ལུས་དང་ནི། །བདག་པོའི་འབྲས་བུ་ཕྱི་རོལ་གྱི། །འཇིག་རྟེན་ཁམས་སུ་སྣང་བ་ཡིན། །སེམས་ཅན་འཁོར་བ་རྟེན་འབྲེལ་གྱི། །ཡན་ལག་བཅུ་གཉིས་དབང་ལས་ནི། །ས་ལ་དུམ་བུ་བཅུ་གཉིས་དང༌། །མཁའ་ལ་ཁྱིམ་ཆེན་བཅུ་གཉིས་སྣང༌། །ཁམས་ལྔ་པོ་ནི་ཐམས་ཅད་ཀྱི། །རང་བཞིན་ཡེ་ཤེས་ཁམས་ཡིན་ཏེ། །དེ་མེད་ན་ནི་གཞན་མི་འབྱུང༌། །དེ་དག་ཕྱི་ཡི་དུས་འཁོར་རོ། །ནང་གི་དུས་འཁོར་འཕོ་བ་ཡི། །བག་ཆགས་ཁམས་ལྔའི་རང་བཞིན་ཅན། །སོ་སོར་སྨིན་ལས་གཟུགས་མེད་དང༌། །འདོད་དང་གཟུགས་ཏེ་ཁམས་གསུམ་འབྱུང༌། །གཟུགས་མེད་ཁམས་ན་འཕོ་བ་ཡི། །བག་ཆགས་ནམ་མཁའི་ཁམས་གཅིག་པུའི། །རང་བཞིན་ཉིད་ཕྱིར་ས་སོགས་ཀྱི། །ཡོན་ཏན་རྣམས་ནི་འཆར་མ་ཡིན། །དེ་བཞིན་གཟུགས་ཀྱི་ཁམས་སུ་ཡང༌། །འཕོ་བའི་བག་ཆགས་ཁམས་བཞི་པོའི། །རང་བཞིན་ཉིད་ཕྱིར་ས་དང་ཆུའི། །ཡོན་ཏན་འཆར་བར་ནུས་མ་ཡིན། །འདོད་པའི་ཁམས་འདིར་མངལ་སྐྱེས་སུ། །ཁམས་འཕོས་པ་ན་ཀུན་གཞི་ཡི། །རྣམ་ཤེས་བདག་པོར་སོང་བ་ན། །ཁམས་དྲུག་ལྡན་པའི་ལུས་སུ་གྲུབ། །གང་ལ་ཁམས་དྲུག་ཚང་བ་ཡི། །ལུས་འདི་ཁོ་ནའི་རྟེན་ལ་ནི། །ལོ་གསུམ་པོ་དང་ཕྱོགས་གསུམ་པོ། །རྣལ་འབྱོར་ཡན་ལག་དྲུག་བསྒོམ་པས། །འབྲས་བུའི་དུས་འཁོར་མངོན་དུ་འགྱུར།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཕྱི་ནང་དུས་འཁོར་གློ་བུར་གྱི། །དྲི་མར་བཅས་པའི་ལྡོག་ཆ་ནས། །བཤད་ཟིན་གཞན་གྱི་དུས་འཁོར་ལ། །བརྗོད་བྱེད་ཚིག་གི་དུས་འཁོར་ནི། །རྒྱུད་དང་འགྲེལ་པར་བཅས་པ་སྟེ། །བརྗོད་བྱའི་དོན་ལ་གཞི་དང་ལམ། །འབྲས་བུའི་དབྱེ་བས་རྣམ་པ་གསུམ། །གཞི་ནི་རང་བཞིན་ལྷན་སྐྱེས་ཏེ། །གསང་སྔགས་འཆད་པ་ཕལ་ཆེར་མཐུན། །འདི་ལ་བདེ་གཤེགས་སྙིང་པོ་ཞེས། །ལ་ལས་ཟེར་ཡང་དེ་དེ་དངོས། །ཡིན་ལ་དྲི་མེད་འོད་ཉིད་དུ། །གནོད་བྱེད་མང་དུ་གསུངས་པ་ནི། །ཚོགས་གཉིས་རྫོགས་པ་མེད་པ་དང༌། །ཆོས་ཀྱི་འཁོར་ལོ་མ་བསྐོར་དང༌། །རྫོགས་སངས་རྒྱས་སུ་ལུང་བསྟན་པ། །མེད་པའི་ཕྱིར་ཞེས་གསུངས་པ་ཡིན། །དེ་ལྟ་ན་ཡང་འབྲས་དུས་ཀྱི། །དུས་ཀྱི་འཁོར་ལོ་ཡོངས་རྫོགས་པའི། །བསྒྲུབ་གཞི་དངོས་ནི་འདི་ཁོ་ན། །ཡིན་པས་རང་བཞིན་རྣམ་དག་གི །ཆོས་སྐུ་ཞེས་སུ་བཤད་པ་ཡིན། །ཐབས་རྒྱུད་དུས་འཁོར་བསྐྱེད་རིམ་དང༌། །རྫོགས་པའི་རིམ་པའི་དབྱེ་བས་གཉིས། །བསྐྱེད་རིམ་ཁམས་དྲུག་ལྡན་པའི་མི། །མངལ་དུ་སྐྱེས་དང་ཆ་མཐུན་པར། །བསྒྲུབ་པ་ཡིན་ནོ་ཁུ་རྡུལ་གྱི། །དབུས་སུ་ཀུན་གཞིའི་རྣམ་པར་ཤེས། །མངོན་པར་བྱང་ཆུབ་རྣམ་ལྔ་ལས། །གཙོ་བོ་དུས་ཀྱི་འཁོར་ལོ་བཞེངས། །དེ་ནས་ཕུང་ཁམས་སྐྱེ་མཆེད་རྣམས། །རིམ་གྱིས་འཆགས་དང་ཆ་མཐུན་པར། །བདེ་གཤེགས་བྱང་སེམས་ཁྲོ་བོ་རྣམས། །ཡུམ་དང་བཅས་པ་སྤྲོ་མཛད་ཅིང༌། །དེ་ཡི་སྔོན་དུའང་རླུང་བཅུ་པོ། །འཆགས་དང་མཐུན་པར་ནུས་མ་བཅུ། །སྤྲོས་པས་མངལ་གྱི་གནས་སྐབས་དང༌། །མཐུན་པས་དུས་འཁོར་རིམ་གྱིས་བསྒྲུབ། །དེ་ནས་ཡན་ལག་བཞི་རྫོགས་སུ། །བསྒྲུབ་པའི་ཚེ་ནའང་རྟོག་པ་ཡི། །བསྒོམ་བྱུང་ཉིད་ལས་མ་འདས་ཕྱིར། །ཐུན་མོང་དངོས་གྲུབ་སྟེར་མཛད་པའི། །དུས་ཀྱི་འཁོར་ལོ་ཉིད་དུ་ངེས། །འདི་ཡིས་ས་བདུན་མན་ཆད་ཀྱི། །རྟོགས་པ་འགྲུབ་པར་གསུངས་མོད་ནའང༌། །ཡན་ལག་དྲུག་དང་མ་འབྲེལ་ན། །མཆོག་གི་དངོས་གྲུབ་རྒྱུར་མི་བཞེད། །ལུགས་འདིའི་དཀྱིལ་འཁོར་ཆོ་ག་ནི། །འཁོར་བར་སྐྱེས་དང་ཆ་མཐུན་པར། །བྱས་ནས་སྦྱང་གཞི་སྦྱོང་བའི་ཕྱིར། །སྐྱེས་བུ་ཚེ་ལོ་བརྒྱ་པ་ཡི། །དབུགས་ཀྱི་འབྱུང་འཇུག་ནས་བརྩམས་ཏེ། །ཆུ་སྲང་ཆུ་ཚོད་ནས་རྩིས་པའི། །འཕོ་བའི་གྲངས་དང་དབུ་མའི་ལོ། །རྒྱས་པར་བསླབ་ནས་ཤེས་འོག་ཏུ། །བསྐྱེད་པའི་རིམ་ལ་འཇུག་པར་བཤད། །བསྐྱེད་པའི་རིམ་པ་མཐར་ཕྱིན་ནས། །གསལ་སྣང་མཆེད་པའི་དུས་འཁོར་དེ། །ཕར་ཕྱིན་ཐེག་པའི་སྤྲོས་བྲལ་གྱི། །ལྟ་དང་ཟུང་དུ་འབྲེལ་སྲིད་ཀྱང༌། །དུས་ཀྱི་འཁོར་ལོ་དངོས་མིན་སྟེ། །རྣལ་འབྱོར་ཡན་ལག་དྲུག་པ་ཡི། །ཐབས་ཀྱིས་བསྒྲུབ་པ་མིན་ཕྱིར་རོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །འབྲས་བུའི་དུས་ཀྱི་དུས་འཁོར་ནི། །འཇིག་རྟེན་འདས་པའི་དབང་བཞི་དང༌། །རྫོགས་རིམ་རྣལ་འབྱོར་ཡན་ལག་དྲུག །བསྒོམ་པ་ཁོ་ནས་འགྲུབ་ཅེས་པ། །རྒྱུད་དང་འགྲེལ་པའི་དངོས་བསྟན་ནོ། །འདི་ཡི་འཐད་པ་འཕོ་བ་ཡི། །བག་ཆགས་ས་བོན་བཅས་པ་ནི། །སྤོང་བྱེད་གཉེན་པོ་བདེ་བ་དང༌། །སྟོང་པ་ཟུང་དུ་འཇུག་པ་ལས། །གཞན་མེད་པ་ཡི་ཕྱིར་ཞེས་པ། །ཡིན་མོད་བསོད་ནམས་ཚོགས་ཆེན་པོ། །གང་གིས་རྫོགས་དང་གང་ཟག་གི །བདག་ཏུ་འཛིན་པ་སུ་ཞིག་གིས། །སྤོང་ཞེས་དྲི་བའི་ལན་རྣམས་ནི། །མཁས་པས་རིང་དུ་བསམ་བྱ་བ། །དེ་ཚེ་བསྐྱེད་པའི་རིམ་པ་ཡི། །དབང་དང་དམ་ཚིག་སྡོམ་པ་རྣམས། །ཚུལ་བཞིན་བསྲུངས་པའི་བསོད་ནམས་དང༌། །ཀུན་རྫོབ་འདུས་བྱས་ཆོས་རྣམས་ནི། །རང་སྟོང་ཉིད་དུ་གོམས་བྱས་ཚེ། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །གཟུགས་སྐུའི་རྣམ་རོལ་རྒྱུན་མི་འཆད། །འོ་ན་རྣམ་བརྟགས་སྟོང་པ་ཉིད། །སངས་རྒྱས་འགྲུབ་པའི་ལམ་མིན་པར། །བཤད་པ་ཅི་ལ་དགོངས་ཞེ་ན། །ལམ་དང་ཡོན་ཏན་སྐྱེ་བའི་རྟེན། །མིན་ཀྱང་ཆོས་དང་གང་ཟག་ཏུ། །རྨོངས་པ་སེལ་བའི་ཐབས་ཆེན་པོ། །བསོད་ནམས་བསགས་པ་ལས་བྱུང་བའི། །གཞན་དོན་གཟུགས་ཀྱི་སྐུ་དེ་ནི། །རྫོགས་སངས་རྒྱས་པ་དངོས་མིན་ཕྱིར། །གང་གིས་བསོད་ནམས་ཚོགས་དེ་དག །རྫོགས་པར་བྱེད་པོ་གདུལ་བྱ་ཉིད། །བསོད་ནམས་ཉིད་ཡིན་སངས་རྒྱས་ཀྱི། །ཆོས་ཀྱི་སྐུ་ནི་བདེ་བ་དང༌། །སྟོང་པ་ཟུང་དུ་འཇུག་པས་འགྲུབ། །བསྐྱེད་རྫོགས་ཟུང་དུ་མ་འབྲེལ་བས། །སྔགས་ཀྱི་སངས་རྒྱས་མི་འགྲུབ་ཅེས། །ཟེར་བ་གསང་སྔགས་པ་གཞན་གྱི། །ལུགས་ཡིན་གཞུང་འདིར་ཕར་ཕྱིན་པའི། །བྱང་ཆུབ་སེམས་དང་གང་ཟག་གི །བདག་མེད་སྔོན་དུ་ངེས་བྱས་ནས། །འཇིག་རྟེན་འདས་པའི་དབང་བཞི་དང༌། །རྣལ་འབྱོར་ཡན་ལག་དྲུག་གོམས་པས། །དུས་ཀྱི་འཁོར་ལོའི་གོ་འཕངས་འགྲུབ། །ཟེར་བ་ལུགས་འདིའི་བསྒོམ་ཆེན་པ། །མང་པོའི་འདོད་པ་ཡིན་ནོ་ཀྱཻ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །ཆོས་འདིའི་གཞུང་ན་གང་ཟག་གིས། །འཛག་པའི་བདེ་བ་མ་བསྲུངས་པ། །འཁོར་བ་པ་ཉིད་ཁོ་ནར་བཤད། །དེ་ལ་གཞན་གྱིས་རྒོལ་བ་ན། །དགེ་སློང་འཆར་ཀས་ཚེ་དེ་ལ། །དགྲ་བཅོམ་འབྲས་བུ་མངོན་གྱུར་དང༌། །ས་འཐོབ་འཕགས་པ་འཁོར་ལོ་ཡིས། །རྒྱལ་པོར་གྱུར་པས་གནོད་ཅེས་ཟེར། །ལུང་གི་དགོངས་པ་ཡན་ལག་དྲུག །གོམས་པར་བྱེད་པོས་ལོ་གསུམ་དང༌། །ཕྱོགས་གསུམ་བར་དེར་འཛག་པ་ཡི། །བདེ་བ་མངོན་དུ་གྱུར་སྲིད་ན། །དུས་དེར་འགྱུར་མེད་བདེ་བ་ནི། །སྟོང་དང་བརྒྱད་བརྒྱས་ས་དང་པོ། །མངོན་དུ་བྱེད་པ་མི་སྲིད་ཅེས། །འཆད་པ་ཡིན་གྱི་གཞན་མིན་ནོ། །དགྲ་བཅོམ་པ་ལ་དེ་མེད་ཀྱང༌། །ས་ཐོབ་པ་ལ་དེ་སྲིད་པ། །འཁོར་བར་སྐྱེས་ཀྱང་འཁོར་བ་ཡི། །སྐྱོན་གྱིས་མ་གོས་པ་དེ་ཉིད། །འཛག་བདེ་ཅན་ལ་མངོན་ཤེས་ལྔ། །མེད་པར་བཤད་པ་སོ་སྐྱེ་དང༌། །དམན་པའི་སློབ་པ་ལ་འཆད་ཀྱི། །ཅི་ཕྱིར་ཞེ་ན་དེ་ལ་ནི། །འདོད་ལ་ཆགས་བྲལ་དགོས་ཕྱིར་དང༌། །ས་ཐོབ་ནས་ནི་ཉོན་མོངས་པ། །དེ་ཡི་སྐྱོན་དང་མ་འདྲེས་ཕྱིར། །དེ་བཞིན་ཁྱིམ་པའི་རྡོ་རྗེ་འཛིན། །མེད་པར་འགལ་ཞེས་རྩོད་པ་ཡང༌། །འཇུག་པ་མིན་ཏེ་ས་ཐོབ་པའི། །འཕགས་ལ་དགོས་པ་མེད་ཕྱིར་དང༌། །འཕགས་མིན་རྡོ་རྗེ་འཛིན་པས་ཀྱང༌། །ལྷ་དང་ཆོས་དང་སྔགས་ཤེས་པའི། །འདུ་ཤེས་གསུམ་གྱིས་འཇུག་པའི་ཕྱིར། །གཞན་དུ་དབང་བསྐུར་བཞི་པ་ཡི། །དུས་དེ་ཉིད་ནས་རྩ་ལྟུང་འགྱུར། །དུས་ཀྱི་འཁོར་ལོའི་བསྒྲུབ་པ་པོ། །བྱང་ཆུབ་སེམས་དཔས་གཞན་དོན་དུ། །སྲིད་པར་སྐྱེ་བ་ལེན་པ་དང༌། །གཞན་དོན་བསྒྲུབ་པའི་གྲོགས་གྱུར་པའི། །ཉོན་མོངས་མི་སྤོང་བར་ཡང་བཤད། །ཉོན་མོངས་བྱང་ཆུབ་ལམ་ཁྱེར་བའི། །ཐབས་ཆེན་ལྡན་ལ་དོགས་པ་མེད། །འོན་ཀྱང་སོ་སོ་སྐྱེ་བོ་ཡི། །དགེ་སློང་སྔགས་པས་གནས་འདི་ལ། །བག་ཡོད་གྱུར་པས་འདུལ་བ་ཡི། །ཆོ་ག་བཞིན་དུ་བསྲུང་བར་བྱ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །སྐྱེས་བུ་ཚེ་ལོ་བརྒྱ་པ་དང༌། །དབང་པོ་བརྒྱ་པ་ཞེས་བཤད་པའི། །དོན་དེ་ཚུལ་བཞིན་བསམ་བྱ་བ། །འབྱུང་འཇུག་གནས་གསུམ་ཚང་ངེས་པའི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང༌། །ལྷག་ཆད་མེད་པར་རྒྱུ་ཚང་བ། །ཉིན་ཞག་གཅིག་གི་ཚད་དང་ནི། །དེ་ནས་བསྒྲེས་པའི་ལོ་བརྒྱ་ནི། །ཚང་བ་ཚེ་ལོ་བརྒྱ་པའི་ཚད། །དེ་ལྟར་རྒྱུ་བའི་རླུང་རེ་ལ། །ཞག་རེ་བཞིན་ཡང་ལས་རླུང་དང༌། །དབུ་མའི་རླུང་དེ་གཉིས་སུ་དབྱེ། །ལས་རླུང་དཀྱིལ་འཁོར་ལྔ་པོ་ནི། །གཡས་གཡོན་རེ་རེ་ནས་རྒྱུ་བ། །དབུ་མའི་རླུང་ནི་གཉིས་ཀ་ནས། །མཉམ་དུ་རྒྱུ་བ་དེ་ཡིན་པ། །དེ་ཚེ་མཉམ་དུ་རྒྱུ་བ་ན། །ཕུང་ཁམས་ཟད་པར་བྱེད་པ་སྟེ། །རེ་རེའི་རྒྱུ་བས་མ་དག་པའི། །ཕུང་ཁམས་བསྐྱེད་པར་བྱེད་པའོ། །ཞག་རེ་བཞིན་ཡང་བསྐྱེད་བྱེད་ཀྱི། །རྒྱུ་བ་དུ་དང་ཟད་བྱེད་ཀྱི། །རྒྱུ་བ་དུ་ཞིག་འབྱུང་ཞེ་ན། །ཉིན་རེ་རེའི་འཕོ་ཆེན་གྱི། །འཚམས་སུ་ང་དྲུག་རྐང་བཅས་རེ། །མཉམ་དུ་རྒྱུ་བར་ངེས་བཤད་པ། །དེ་ཚེ་ཞག་ནི་རེ་རེ་བཞིན། །དབུ་མའི་རྒྱུ་བ་དྲུག་བརྒྱ་དང༌། །བདུན་ཅུ་རྩ་གཉིས་རེ་བྱུང་བས། །ཞག་རེ་བཞིན་ཡང་གཡས་གཡོན་གྱི། །རྒྱུ་བའི་སྟེང་ནས་དེ་ཙམ་ཆད། །དབུ་མའི་རྒྱུ་བ་ཉི་ཁྲི་དང༌། །ཆིག་སྟོང་དྲུག་བརྒྱར་ལོངས་པ་ན། །གཡས་གཡོན་རྒྱུ་བའི་རླུང་རྣམས་ཀྱི། །སྟེང་ནས་དེ་ཙམ་ཞིག་ཆད་པས། །ཟླ་བའི་འཕེལ་འགྲིབ་ཆ་རེ་ལ། །ལས་རླུང་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱ་ཚང་བར་མ་དགོས་པས། །ཚེས་ཞག་གཅིག་ལ་ཡུད་ཙམ་ནི། །ཕྱེད་དང་སུམ་ཅུས་ཆོག་པ་བྱུང༌། །ཉི་མའི་ཞག་གཅིག་ལོངས་པ་ལ། །དབུ་མའི་རྒྱུ་བ་དང་བཅས་པའི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང༌། །ཐམས་ཅད་ཚང་བར་རྒྱུ་དགོས་པས། །ཚེས་ཞག་སུམ་ཅུ་སོ་གསུམ་ན། །ཉིན་ཞག་སོ་གཉིས་ལས་མ་བྱུང༌། །དེ་ཕྱིར་ཚེས་ལོ་སོ་གསུམ་ན། །ཉིན་ལོ་སོ་གཉིས་ལས་མ་བྱུང༌། །བསྒྲེས་པས་ཚེས་ལོ་བརྒྱར་ལོངས་ཚེ། །ཉིན་ལོ་གོ་བདུན་ལྷག་ཙམ་བྱུང༌། །སྐྱེས་བུ་ཚེ་ལོ་བརྒྱ་པའི་ཚད། །དབུ་མའི་རྒྱུ་བ་མ་བྱུང་ན། །ཉིན་ལོ་བརྒྱ་ཡི་ཚད་དག་ཏུ། །མ་ལོངས་བར་དུ་དུས་དང་ནི། །དུས་མིན་འཆི་བ་མི་སྲིད་པ། །ཡིན་མོད་ཞག་རེ་བཞིན་དུ་ཡང༌། །དེ་བྱུང་བས་ན་དུས་མིན་དང༌། །དུས་ཀྱི་འཆི་བ་ལོ་བརྒྱར་ངེས། །དེ་ཡི་ཤེས་བྱེད་ལས་ཀྱི་རླུང༌། །རྒྱུ་བའི་སྟེང་ནས་དེ་ཆད་པས། །ཞག་རེ་བཞིན་ཡང་རླུང་རྒྱུ་བའི། །རྩ་གཉིས་སྐམ་པར་གྱུར་པ་ཡིན། །དེ་ཕྱིར་དབུ་མའི་རྒྱུ་བ་ཡིས། །ལོ་གསུམ་ཕྱོགས་གསུམ་ལོངས་པའི་ཚེ། །གཡས་གཡོན་གཉིས་ཀྱི་རྩ་རྣམས་ལ། །ལས་རླུང་རྒྱུ་བ་མེད་པའོ། །དེ་ཕྱིར་འཁོར་བའི་ཚེ་རིང་པོ། །བསྒྲུབ་པར་འདོད་པས་གཡས་གཡོན་གྱི། །རྒྱུ་བ་རང་གི་གནས་སུ་བསྡམས། །འཁོར་བ་སྤངས་པའི་ཚེ་རིང་པོ། །བསྒྲུབ་པར་འདོད་པས་གཡས་གཡོན་གྱི། །རྒྱུ་བ་དབུ་མའི་གནས་སུ་བསྡམས། །བུམ་པ་གྲུབ་པའི་རྣལ་འབྱོར་པས། །དབུ་མའི་མཉམ་རྒྱུ་རྒྱུན་གཅོད་ནུས། །དེ་ཚེ་དུས་དང་དུས་མིན་གྱི། །འཆི་བས་གནོད་པར་ནུས་མ་ཡིན། །དེ་སྐད་འདི་ཡང་བྲག་དཀར་བ། །བྱང་ཆུབ་སེམས་དཔའི་ངོར་བྱས་ནས། །ལེགས་པའི་བློ་ཡིས་སྦྱར་བ་ཡིས། །ཀུན་ཀྱང་སྐལ་བ་བཟང་པོར་ཤོག།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །གཞི་དང་ལམ་དང་འབྲས་བུ་ཡི། །དུས་ཀྱི་འཁོར་ལོ་མཐའ་དག་ལ། །ཁྱབ་བྱེད་འཇུག་པའི་དུས་འཁོར་ནི། །ཨེ་ཝཾ་ཡིན་ནོ་དེའི་རང་བཞིན། །སྒྲ་དང་རྟོག་པའི་ཡུལ་མིན་ཕྱིར། །རིགས་པས་གཞོམ་དུ་མེད་པ་དང༌། །སོ་སོ་རང་རིག་ཡེ་ཤེས་ཀྱི། །མྱོང་བྱ་ཉིད་དང་རྒྱུད་ཀུན་ལ། །ངེས་པ་སྟེར་ཕྱིར་དེའི་གླེང་གཞི། །རང་བཞིན་གྱིས་ནི་རྣམ་དག་ཕྱིར། །ཟག་མེད་བདེ་བ་ཆེན་པོ་ནི། །རྟག་ཏུ་ཕྱག་རྒྱ་ཆེན་མོ་ཡི། །རྗེས་ཞུགས་ཕྱིར་ན་ཟུང་དུ་འཇུག །འདི་ལ་ཐོག་མ་ཡོད་མིན་ཞིང༌། །ནམ་ཡང་ཟད་པ་མེད་པའི་ཕྱིར། །སྐྱེ་འཇིག་མཐའ་དབུས་དང་བྲལ་བས། །རྒྱུན་གྱི་རྟག་པ་ཉིད་དང་ནི། །ཡེ་ཤེས་ཉིད་ཕྱིར་སྐད་ཅིག་ཏུ། །མི་གནས་ཕྱིར་ན་དངོས་པོར་མེད། །ཨེ་ཝཾ་ཉིད་ལས་མ་གཏོགས་པའི། །ཤེས་བྱ་གང་ཡང་ཡོད་མིན་ཅིང༌། །འདི་ཉིད་ཁོ་ན་སངས་རྒྱས་ཀྱི། །ཡོན་ཏན་རྣམས་ཀྱི་རྒྱུ་དང་རྟེན། །དེ་དེ་ཁོ་ན་དོན་དམ་བདེན། །དེ་ལས་གཞན་ཆོས་ཀུན་རྫོབ་བོ། །སྔགས་ཀྱི་གྲུབ་པའི་མཐར་ཞུགས་པ། །ལ་ལ་དག་ནི་དེ་དེ་ལ། །ཡོད་དང་བདེན་པར་འཛིན་པ་ཡི། །རྣམ་པར་རྟོག་པས་དེ་ལ་བསྒྲིབས། །རྣམ་པར་རྟོག་པ་ཀུན་བྲལ་བའི། །ཡེ་ཤེས་གཅིག་པུས་དེ་ཉིད་མཐོང༌། །མཐོང་བྱེད་ཉིད་ཀྱང་ཨེ་ཝཾ་སྟེ། །དེ་ལས་གཞན་ན་དེ་ཡོད་མིན། །ཀུན་རྫོབ་བདེན་ཀུན་རང་རང་གི །ངོ་བོས་སྟོང་ཕྱིར་ཡོད་མིན་མོད། །དོན་དམ་བདེན་གཅིག་རང་ངོ་བོས། །སྟོང་པ་མིན་མོད་མཐའ་བཞི་པོ། །གང་དུ་བཟུང་ཀྱང་དེ་ལ་སྒྲིབ། །ཨེ་ཝཾ་རྟོག་བརྗོད་ཀུན་བྲལ་བ། །གོམས་བྱེད་ཡན་ལག་ཀུན་ཚང་བར། །གོམས་པའི་རིམ་པས་འཕོ་བ་ཡི། །བག་ཆགས་མ་ལུས་བྱང་གྱུར་པ། །དེ་ཚེ་འབྲས་བུའི་དུས་འཁོར་ལོ། །མངོན་དུ་གྱུར་པ་ཞེས་བྱའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཨེ་ཝཾ་བརྗོད་བྲལ་བྱིས་བློ་ལ། །འཆར་ཚུལ་ཇི་ལྟ་བུ་ཞེ་ན། །སྟོང་པ་ཆེན་པོ་ཡིག་ལྔ་དང༌། །ཐིག་ལེ་སྟོང་པ་ཡིག་དྲུག་པོ། །འདུས་པའི་རང་བཞིན་ཨེ་ཝཾ་སྟེ། །དབྱངས་ཀུན་འདུས་པ་ཝཾ་དང་ནི། །གསལ་བྱེད་འདུས་པ་ཨེ་ཡིན་ནོ། །དབྱངས་གསལ་གཉིས་ཀའང་འགྱུར་མེད་ཅིང༌། །བརྗོད་བྱས་མིན་པར་འཇམ་དཔལ་གྱི། །མཚན་ནི་ཡང་དག་བརྗོད་ལས་གསུངས། །འདི་ནི་དོན་དམ་ཡི་གེ་ཡི། །དབང་བྱས་ཀུན་རྫོབ་ཡི་གེ་ནི། །རྟོག་པ་དག་ལ་དེར་སྣང་དང༌། །རྣ་བའི་དབང་པོར་གྲགས་པའི་སྒྲ། །དེ་ཕྱིར་ཨེ་ཝཾ་ཡི་གེ་ཡང༌། །བདེན་གཉིས་སྦྱར་ནས་བཤད་བྱ་བ། །ཝཾ་ནི་ཁུ་རྡུལ་ཟུང་དུ་འཇུག །ཁུ་བ་བདེ་བ་ཆེན་པོ་དང༌། །རྡུལ་ནི་སྟོང་པ་ཉིད་ཀྱི་གཟུགས། །ཐོག་མར་ཨཿདང་ཨཾ་བཞག་ལ། །རྣམ་བཅད་ཨ་ཡིག་བར་དུ་ཨུ། །ཨུ་ནི་ཕ་རོལ་གཞན་མཐོང་བས། །ཝ་རྒྱུར་འགྱུར་བ་བརྡ་སྤྲོད་ལུགས། །གསལ་བྱེད་དབྱངས་མེད་ཕ་རོལ་ཏུ། །དྲངས་པས་ཝཾ་ཞེས་བྱ་བ་གྲུབ། །རྣམ་བཅད་ང་རོ་གཉིས་ཀ་ཡང༌། །ཨ་ལ་མ་བརྟེན་མི་སྲིད་པས། །ཨ་ཡི་རང་བཞིན་ཡི་གེ་ལྔར། །གདོད་མ་ཉིད་ནས་རྣམ་ཤེས་དང༌། །ཡེ་ཤེས་ངོ་བོར་གྲུབ་ཅེས་གསུངས། །རྣམ་བཅད་དང་ནི་ང་རོ་ཡང༌། །གསལ་བྱེད་རྣམ་འགྱུར་ཡིན་པའི་ཕྱིར། །དབྱངས་གསལ་གཉིས་འདུས་པ་ལས་གྲུབ། །འདི་ལ་སྟོང་པ་ཆེན་པོའི་སྒྲས། །བཤད་ཀྱང་རང་རིག་གིས་མྱོང་ཕྱིར། །རང་སྟོང་མ་ཡིན་རང་རིག་གི །མྱོང་བྱ་ཉིད་ལ་དེར་བཤད་པའོ། །ཐིག་ལེ་སྟོང་པ་ཡིག་དྲུག་ནི། །གསལ་བྱེད་སྡེ་ཚན་རྣམ་དྲུག་སྟེ། །འདི་ལའང་ཡི་གེ་རེ་རེ་བཞིན། །རྣམ་དཔྱད་རྗེས་སུ་ང་རོ་གཉིས། །སྦྱར་བས་བདེ་སྟོང་ཟུང་དུ་འཇུག །འདིའང་བསྡུ་ན་ཀ་ས་གཉིས། །ཅིག་ཏུ་བརྩེགས་པས་ཡི་གེ་གཅིག །ཡིན་ཏེ་གསལ་བྱེད་ཇི་སྙེད་པ། །ཀ་སའི་བར་ན་ཡོད་ཕྱིར་རོ། །རྒྱས་པར་ཕྱེ་ན་བརྒྱ་ལྷག་སྟེ། །གསལ་བྱེད་སོ་སོར་དབྱངས་ཀྱི་ནི། །ཡི་གེ་བཅུ་གཉིས་འཇུག་པས་སོ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱར། །གསུངས་པ་དེ་ཉིད་ལ་དགོངས་ཏེ། །དྲུག་གི་སྐད་དོད་ཥ་ཊ་ནི། །བརྒྱ་ཡི་སྐད་དོད་ཤ་ཏར་ཡང༌། །འགྱུར་བ་སྐབས་འགར་ཡོད་ཕྱིར་རོ། །འདི་ཡང་སེམས་དཔའ་བྲག་དཀར་བའི། །ཞལ་ངོར་སྦྱར་ཏེ་བཀྲ་ཤིས་སོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བསྒེག་པའི་རྡོ་རྗེས་མཚན་བརྗོད་ཀྱི། །གཞུང་འགྲེལ་སྔགས་དོན་རྣམས་གཟིགས་སུ། །ཨ་ར་པ་ཙ་ན་ཞེས་པ། །སྟོང་པ་ཆེན་པོ་ཡིག་ལྔ་དང༌། །ཝཱ་གི་ཤྭ་རི་མུཾ་ཞེས་པ། །ཨོཾ་གྱི་ཐོག་མར་བརྒྱན་པ་ནི། །ཐིག་ལེ་སྟོང་པ་ཡིག་དྲུག་ཏུ། །བཤད་དོ་འདི་ཡང་དོན་དམ་པའི། །འཇམ་དཔལ་བསྒྲུབ་པའི་གཞི་དང་ནི། །གནས་ཚུལ་དོན་དམ་འགྱུར་མེད་པ། །མཚོན་ཕྱིར་སྒྲ་ཡི་ཡི་གེར་ནི། །རྣམ་པར་རིག་ལ་གང་སྣང་བ། །དེ་ལ་ཡི་གེ་ཞེས་བཤད་དོ། །འཇམ་དཔལ་གྱི་ནི་མཚན་བརྗོད་ལ། །དུས་ཀྱི་འཁོར་ལོར་བཀྲལ་བ་དང༌། །ཡོ་གར་བཀྲལ་བ་རྣམ་གཉིས་ལས། །དང་པོས་རྩ་འདབ་བརྒྱ་དང་ནི། །དྲུག་ཅུ་རྩ་གཉིས་མཚོན་ཕྱིར་དུ། །ཚིགས་སུ་བཅད་པ་དེ་སྙེད་ལ། །ངེས་དོན་བཤད་པ་ལན་གསུམ་མཛད། །འདི་ལྟར་སངས་རྒྱས་བཅོམ་ལྡན་ནས། །ཡེ་ཤེས་སྐུ་ཉིད་ལ་འདུད་བར། །ཚིགས་སུ་བཅད་པའང་དེ་སྙེད་དེ། །དེ་ལས་གཞན་རྣམས་དུས་འཁོར་ལོའི། །རྒྱུད་ཀྱི་ངེས་དོན་ཁུངས་དང་ནི། །དཔང་པོར་མཛད་པ་ཡོད་མ་ཡིན། །དེ་ཕྱིར་ཚིགས་བཅད་དེ་སྙེད་ལ། །འཇམ་དཔལ་མཚན་བརྗོད་མ་ཚང་མེད། །འོན་ཀྱང་གོང་འོག་སྔགས་གཉིས་པོ། །བཟླས་ན་བྱིན་རླབས་ཆེ་བར་འགྱུར། །ཡོ་གར་དཀྲལ་བའི་ལུགས་དག་ན། །ཐོག་མའི་གསོལ་གདབ་ནས་བཟུང་སྟེ། །ཕན་ཡོན་གོང་འོག་སྔགས་བཅས་ལ། །ཚིགས་བཅད་ཕྱེད་དང་སུམ་བརྒྱ་པོ། །འཇམ་དཔལ་མཚན་བརྗོད་ཅེས་བྱར་བསྒྲགས། །འདིའང་སེམས་དཔའ་བྲག་དཀར་བས། །གསོལ་གདབ་ངོར་བྱས་བཀྲ་ཤིས་སོ།།  །།ཤུ་བྷཾ།།  །།  ༄༅། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དུས་ཀྱི་འཁོར་ལོའི་ལྟ་བ་ཡི། །མཐར་ཐུག་ངོ་བོ་ཉིད་མེད་དུ། །གནས་ཞེས་གསུངས་པ་མང་ན་ཡང༌། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་ཡི་གོང་འོག་ཀུན། །མི་འགལ་འཆད་ཚུལ་འདི་ཡིན་ཏེ། །མཐར་ཐུག་ཕྱག་རྒྱ་ཆེན་མོ་ནི། །བསགས་པའི་ངོ་བོར་ཡོད་མིན་ཞིང༌། །རི་བོང་རྭ་ལྟར་མེད་པའང་མིན། །གཉིས་ཡིན་པ་ནི་སྨོས་ཅི་དགོས། །གཉིས་ཀ་མིན་པར་ཞེན་པའང༌། །མིན་ཕྱིར་མཐའ་བཞི་ལས་ནི་གྲོལ། །ཞེས་པ་གོང་འོག་ཀུན་དང་འགྲིག །ཡང་ན་རྣམ་ཤེས་གཞན་གྱི་དབང༌། །ཡུལ་དང་བཅས་པ་མཐའ་བཞི་པོ། །ཀུན་ལས་གྲོལ་བ་ཤེར་ཕྱིན་མདོ། །དགོངས་པ་ངེས་འགྲེལ་ཞེས་བྱ་བའི། །མདོ་ཡིས་བཀྲལ་བ་དེ་ཡིན་ནོ། །ཡེ་ཤེས་སྙིང་པོ་ཀུན་བཏུས་དང༌། །འགལ་ཞེས་ཟེར་བ་བྱུང་གྱུར་ན། །འཇིགས་མེད་དཔལ་ལྡན་ཆོས་སྐྱོང་གིས། །གཞུང་དེ་རྣམ་རིག་ཙམ་དུ་དཀྲལ། །རྣམ་པར་རིག་ལ་ཞེ་སྡང་ན། །རྒྱུ་སྡེ་ཀུན་དང་འགལ་བར་འགྱུར། །འདི་ཡང་སེམས་དཔའ་བྲག་དཀར་པའི། །ཞལ་ངོར་ལེགས་པའི་བློ་ཡིས་སྦྱར།།  །།  ༄༅། །ཕྱི་ནང་གི་སྔགས་ཀྱི་ཉམས་ལེན་སོ་སོར་ཕྱེ་བ་ཟབ་ལམ་བླང་དོར་གསལ་བྱེད་ཆོས་ཚན་བཅུ་གསུམ་པ་བཞུགས་སོ།།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་སྟེ། །སངས་རྒྱས་པ་དང་ཕྱི་རོལ་པའི། །སྔགས་ཀྱི་ཉམས་ལེན་ཁྱད་པར་ལ། །སྦྱོར་དང་དངོས་གཞི་རྗེས་ཡིན་ནོ། །སྦྱོར་བ་ཡེ་ཤེས་ཚོགས་སོག་པ། །ཡོད་དང་མེད་ལས་འབྱེད་མོད་ཀྱི། །ཡེ་ཤེས་དེ་ཡང་གང་ཟག་གི །དབང་བྱས་གཟུང་འཛིན་གཉིས་མེད་དང༌། །ཆོས་ཀྱི་དབང་དུ་བྱས་པ་ལས། །ཆོས་འགའ་གཟུང་འཛིན་གཉིས་མེད་པ། །མུ་སྟེགས་བྱེད་པ་རྣམས་ཀྱིའང་ཤེས། །དངོས་གཞིའི་དུས་ཀྱི་དབང་བསྐུར་ཚེ། །མ་དག་ཕུང་པོ་ལྔ་པོ་ནི། །དམིགས་པ་མེད་པར་བྱེད་པ་དང༌། །བདག་ཏུ་དམིགས་པའི་ཁྱད་པར་ཅན། །རྫོགས་རིམ་དུས་སུ་རང་ལུས་ལ། །གནད་དུ་བསྣུན་བྱེད་མུ་སྟེགས་ལའང༌། །ཡོད་པས་དེ་ཚེ་འཛིན་མེད་ཀྱི། །རང་རིག་ངང་གི་སྐྱེ་སྲིད་མོད། །བདག་ཏུ་བཟུང་བྱ་མི་དམིགས་པའི། །ཤེས་པ་ངང་གི་མི་སྐྱེ་ཕྱིར། །གཟུང་འཛིན་གཉིས་མེད་དེར་མི་སྲིད། །རྗེས་ཀྱི་ཁྱད་པར་མཉམ་བཞག་གི །མྱོང་བྱ་རང་རིག་རང་གསལ་བ། །བདག་ཏུ་དོགས་པ་འགོག་བྱེད་པའི། །རིགས་པ་བསམ་དང་མི་བསམ་པ། །སངས་རྒྱས་པ་དང་མུ་སྟེགས་པའི། །འཁོར་བར་མངོན་མཐོའི་རྒྱུར་གྱུར་པའི། །བསོད་ནམས་ཚོགས་སོག་ཁྱད་པར་ཡང༌། །བདག་ཏུ་ཞེན་པ་ཡོད་མེད་དེ། །སངས་རྒྱས་ཆོས་ཀྱི་བཀར་བཏགས་པའི། །ཕྱག་རྒྱ་བཞི་ལ་ཞུགས་པ་ན། །སངས་རྒྱས་པ་ཡི་མིང་ཐོབ་ལ། །དེར་མ་ཞུགས་ན་དེ་ལས་གཞན། །དེ་ཕྱིར་མུ་སྟེགས་བསོད་ནམས་ཚོགས། །ཐར་པའི་ལམ་དུ་འགྲོ་མི་སྲིད། །བདག་མེད་རྟོགས་བློ་མེད་གྱུར་ཀྱང༌། །བདག་ལྟའི་གྲུབ་མཐར་མ་ཞུགས་པའི། །བསོད་ནམས་ཚོགས་དེ་ཐར་པ་ཡི། །ལམ་དུ་འགྱུར་ལ་འགལ་བ་མེད། །བདག་ལྟའི་གྲུབ་མཐའ་མ་བཏང་བའི། །བསོད་ནམས་རང་གི་ངང་གིས་ནི། །ཐར་བར་མི་འགྱུར་སྨོས་ཅི་དགོས། །བསྔོས་ཀྱང་དེར་འགྱུར་མི་སྲིད་དོ། །གྲུབ་མཐས་བརྟགས་པའི་བདག་གང་ནི། །མེད་ལ་ཐར་པ་མེད་ཅེས་དང༌། །ཡོད་ལ་ཐར་པ་མེད་ཟེར་བ། །ཕྱི་ནང་གཞུང་གི་ཁྱད་པར་ཡིན། །གྲུབ་མཐས་བློ་ཁ་མ་བསྒྱུར་བའི། །འཇིག་རྟེན་པ་ཡི་ཚོགས་བསགས་པ། །ངེས་པར་ལེགས་དང་མངོན་པར་མཐོ། །གང་དུ་བསྔོས་པ་དེ་དེའི་རྒྱུ། །སངས་རྒྱས་ཆོས་ཀྱི་གྲུབ་མཐའ་བ། །དག་དང་ལུགས་དེའི་འཇིག་རྟེན་པ། །དག་གི་ཚོགས་སོག་ཁྱད་པར་ནི། །ཡེ་ཤེས་ཚོགས་སོག་ཡོད་མེད་ཏེ། །གྲུབ་མཐའ་མ་ཞུགས་པ་དག་ལ། །བདག་མེད་རིགས་པས་ཤེས་པ་མེད། །གང་ཟག་བདག་མེད་པ་ཙམ་ཡང༌། །ཤེས་མེད་ཚོགས་དེ་ག་ལ་སྲིད། །རིག་པའི་གནས་ཆེན་དང་པོ་བཞི། །སངས་རྒྱས་པ་དང་ཐུན་མོང་བ། །ཤེས་པ་མུ་སྟེགས་བྱེད་ལའང་ཡོད། །དེ་ཤེས་ཐམས་ཅད་མཁྱེན་པའི་རྒྱུར། །བཤད་ཕྱིར་ཐར་པའི་རྒྱུར་ཡང་ནི། །ཅིས་མི་འགྱུར་ཏེ་ཐར་པ་ནི། །མ་ཐོབ་ཐམས་ཅད་མཁྱེན་མི་སྲིད། །ཅེ་ན་དེ་ལན་འདིར་བསམས་པ། །ཐར་དང་ཐམས་ཅད་མཁྱེན་པ་ལ། །གེགས་བྱེད་ཉོན་མོངས་པ་ཅན་དང༌། །དེ་མ་ཡིན་པའི་མ་རིག་པ། །གཉིས་པོ་རྫས་ཀྱི་སོ་སོར་འབྱེད། །མི་སྐྱེའི་ཆོས་ལ་བཟོད་ཐོབ་ནས། །ཉོན་མོངས་ཅན་མིན་མ་རིག་པ། །སྤོང་ལ་བརྩོན་འགྲུས་བརྩམས་གྱུར་ན། །ཞག་བདུན་ཙམ་གྱིས་དེ་སྤངས་འཐོབ། །བྱང་ཆུབ་སེམས་དཔའ་ལས་དང་པོས། །བསོད་ནམས་ཚོགས་ཆེན་སོག་པ་ཡི། །ཡུན་ཚད་བསྐལ་པ་གྲངས་མེད་གསུམ། །དག་ལས་ཉུང་བ་འདིར་མ་བཤད། །གྲངས་མེད་གསུམ་པོ་མ་རྫོགས་པའི། །དེ་སྲིད་ཐར་པར་གེགས་བྱེད་ཀྱི། །ཉོན་མོངས་ཅན་གྱི་མ་རིག་པ། །བྱང་ཆུབ་སེམས་དཔའ་སྤོང་མི་སྲིད། །ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཀྱིས། །རིག་པའི་གནས་ལ་མཁས་གྱུར་ཀྱང༌། །ཇི་སྲིད་བདག་ལྟ་མ་བཏང་བ། །དེ་སྲིད་ཐར་པའི་ལམ་མ་ཞུགས། །ཐེག་ཆེན་པ་དང་ཉན་ཐོས་ཀྱི། །ཡེ་ཤེས་ཚོགས་སོག་ཁྱད་པར་ནི། །ཆོས་བདག་མེད་པའི་ཡེ་ཤེས་གང༌། །ཡོད་དང་མེད་ལས་འབྱེད་མོད་ཀྱི། །རང་སངས་རྒྱས་ཀྱི་རིགས་ངེས་པའི། །ཉན་ཐོས་འགའ་ལ་ཕྱི་རོལ་དོན། །རང་སྟོང་ཉིད་དུ་ཤེས་པ་ཡི། །རིགས་པས་ཐེག་པ་འབྲིང་ལ་འཇུག །གཟུང་འཛིན་གཉིས་ཀ་རང་སྟོང་དུ། །ཤེས་ནས་ཡེ་ཤེས་ཚོགས་སོག་པ། །སེམས་ཙམ་པ་ལས་ཆེས་ལྷག་པའི། །དབུ་མ་པ་རྣམས་ཀུན་གྱི་གཞུང༌། །བསྐྱེད་རིམ་བསྒོམ་པའི་རྣལ་འབྱོར་པ། །དགྱེས་པ་རྡོ་རྗེ་ང་ཡིན་ཞེས། །རློམ་པར་བྱེད་དེས་དོན་དམ་པའི། །བདག་གི་ངོས་འཛིན་ཤེས་ན་མཁས། །དེ་མི་ཤེས་ན་མུ་སྟེགས་ཀྱི། །བདག་ལྟ་ཉིད་དུ་ཐལ་འགྱུར་ཏེ། །གཞི་དུས་དགྱེས་པ་རྡོ་རྗེ་ཡི། །ངོས་འཛིན་ཉིད་དུ་གང་འཆད་པ། །དེ་ལ་མུ་སྟེགས་བྱེད་རྣམས་ཀྱིས། །བདག་ཏུ་བཏགས་པ་ཡིན་ནོ་ཀྱཻ། །དེ་ལྟ་བུ་ཡི་མུ་སྟེགས་བྱེད། །རྗེས་བཟུང་ཕྱིར་དུ་སངས་རྒྱས་ཀྱིས། །བདེ་གཤེགས་སྙིང་པོས་སེམས་ཅན་ཀུན། །ཁྱབ་པར་གསུངས་པ་མ་ཡིན་ནམ། །དེར་བཤད་ཇི་བཞིན་སྒྲ་ཡིན་པ། །འགོག་ལ་སངས་རྒྱས་ཉིད་ཀྱིས་མདོར། །དངོས་ལ་གནོད་བྱེད་ཚད་མ་ནི། །མང་དུ་གསུངས་པ་མ་ཡིན་ནམ། །དེ་ཕྱིར་བསྐྱེད་རིམ་རྣལ་འབྱོར་པ། །ཀུན་གྱི་དམ་པའི་བདག་དེ་ནི། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་དེ་མཁས་པར་སློབ། །དེ་སྐད་འགྲོ་བ་མང་པོ་ནི། །རྗེས་འཛིན་དགེ་བའི་བཤེས་རྣམས་ཀྱི། །ཚོགས་གཉིས་སོག་ཚུལ་དེ་ལྟ་བུའི། །སློབ་མའི་ཚོགས་རྣམས་རྗེས་སུ་བཟུང༌། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །འཇིག་རྟེན་པ་རྣམས་རྣམ་ཤེས་ལ། །གྲགས་པའི་བདེན་རྫུན་གཙོར་བྱས་ནས། །འཇིག་རྟེན་ཆོས་ལ་འཇུག་པར་བྱེད། །གྲུབ་མཐའ་པ་རྣམས་ཡེ་ཤེས་ལ། །གྲགས་པའི་བདེན་རྫུན་གཙོར་བྱས་ནས། །རང་རང་གཞུང་གི་འཐད་པ་ཡིས། །གྲུབ་མཐའི་ཆོས་ལ་འཇུག་པར་བྱེད། །རྣམ་ཤེས་ཆོས་ལ་འཕྲལ་གྱི་ནི། །འཁྲུལ་རྒྱུས་བསླད་པ་ཀུན་རྫོབ་དང༌། །བརྫུན་དང་བསླུ་བའི་ཆོས་ཅན་ནོ། །དེས་མ་བསླད་པར་འཇིག་རྟེན་པ། །ཀུན་ལ་མཐུན་པར་སྣང་བ་ནི། །དམ་པའི་དོན་དང་མི་བསླུ་བར། །འཆད་པ་འཇིག་རྟེན་ལུགས་ཀྱིས་ནི། །བདེན་གཉིས་སོ་སོའི་རྣམ་བཞག་ཡིན། །རིགས་པ་པ་རྣམས་རང་རང་གི །རིགས་པས་གནོད་མེད་དུ་གྲུབ་པ། །དོན་དམ་པ་དང་དེ་ལས་གཞན། །ཀུན་རྫོབ་བདེན་པའི་རྣམ་བཞག་སྟེ། །བསོད་ནམས་ཚོགས་སོག་འཇིག་རྟེན་གྱི། །དམ་པའི་དོན་དང་མཐུན་ཁོ་ན། །ཡེ་ཤེས་ཚོགས་སོག་ཕལ་ཆེ་བ། །འཇིག་རྟེན་ལྷན་སྐྱེས་དང་མི་མཐུན། །ཅི་ཕྱིར་ཞེ་ན་འཇིག་རྟེན་གྱི། །དམ་པའི་དོན་ནི་ཕལ་ཆེ་བ། །སངས་རྒྱས་ཆོས་ཀྱི་གྲུབ་མཐའ་བ། །ཀུན་གྱི་ཀུན་རྫོབ་ཉིད་ཕྱིར་རོ། །འཇིག་རྟེན་ལུགས་ཀྱི་དོན་དམ་བདེན། །ཉན་ཐོས་སྡེ་པའི་ཀུན་རྫོབ་ཏེ། །དེ་ཡི་ལུགས་ཀྱི་ཡེ་ཤེས་ཀྱི། །ངོ་ན་དམིགས་པ་མིན་ཕྱིར་དང༌། །ཉན་ཐོས་དོན་དམ་རྡུལ་ཕྲ་རབ། །སེམས་ཙམ་ལུགས་ཀྱི་ཀུན་རྫོབ་སྟེ། །དེ་ཡི་ལུགས་ཀྱི་རིགས་དམ་པའི། །རྣམ་དཔྱད་བཟོད་པ་མིན་ཕྱིར་དང༌། །རྣམ་ཤེས་སྐད་ཅིག་ཆ་མེད་པ། །སེམས་ཙམ་ལུགས་ཀྱི་དོན་དམ་ནི། །འཛིན་པ་ཀུན་བཏགས་ཉིད་ཀྱི་ཕྱིར། །དབུ་མའི་ལུགས་ཀྱི་དོན་དམ་པ། །རང་གྲགས་ཀུན་རྫོབ་དེ་དང་དེའི། །དབང་བྱས་བསོད་ནམས་ཚོགས་ཆེན་སོག །ཉན་ཐོས་རྣམས་ལ་སྤྱིར་བཏང་དུ། །བསོད་ནམས་ཚོགས་ནི་མང་མོད་ཀྱང༌། །རང་གི་ཐར་པའི་དོན་སླད་དུ། །བསོད་ནམས་ཚོགས་ལ་བརྩོན་མི་དགོས། །རང་སངས་རྒྱས་རིགས་བསྐལ་པ་བརྒྱར། །བསོད་ནམས་ཚོགས་ཆེན་སོག་ཅེས་པ། །ཡོན་ཏན་མངོན་དུ་བྱེད་ཕྱིར་ཏེ། །རང་གི་ཐར་པའི་ཕྱིར་མ་ཡིན། །བྱང་ཆུབ་སེམས་དཔས་གྲངས་མེད་གསུམ། །བསོད་ནམས་ཚོགས་ཆེན་ལ་འབད་པ། །རང་གི་ཐར་པ་མི་གནས་པའི། །མྱ་ངན་འདས་པ་ཁོ་ནའི་དོན། །དེ་ལྟར་ཕར་ཕྱིན་ཐེག་པ་པའི། །བསོད་ནམས་ཚོགས་ཆེན་ཀུན་རྫོབ་བདེན། །བྱེ་བྲག་ཐེག་པ་ཆེན་པོ་པས། །རྣམ་ཤེས་རྟོག་མེད་ལ་སྣང་བ། །ཐད་སོར་བཞག་ནས་རྟོག་པའི་ངོར། །སྤྱིར་ཡང་མི་དམིགས་སྒོ་ནས་སོ། །འདི་ནི་འགལ་བར་མི་བསམ་ཏེ། །རྣམ་ཤེས་ངོ་ན་དམིགས་པ་དང༌། །ཡེ་ཤེས་ངོ་ན་མི་དམིགས་པ། །དོན་གཅིག་ལ་ནི་འདུ་ཕྱིར་རོ། །ཁྱད་པར་སྔགས་ཀྱི་ཐེག་པ་པའི། །བསོད་ནམས་ཚོགས་སོག་དོན་དམ་པའི། །བདེན་པ་ཁོ་ནའི་དབང་བྱས་ཀྱི། །ཀུན་རྫོབ་རིང་དུ་འགོར་ཕྱིར་རོ། །དཔེར་ན་ཕྱི་ནང་གསང་གསུམ་གྱི། །མཆོད་འབུལ་ཀུན་རྫོབ་དམིགས་མེད་དུ། །བྱས་ནས་ཡེ་ཤེས་ལས་བྱུང་བའི། །མཆོད་པ་ཁོ་ན་འབུལ་དེ་བཞིན། །འདི་ཡང་རང་གི་ཐར་པ་ནི། །སྐུ་གསུམ་དབྱེར་མེད་འགྲུབ་ཕྱིར་ཡིན། །དེ་ལྟར་བཤད་པའི་རྣམ་དཀར་པོས། །སྔགས་ཀྱི་ལག་ལེན་མང་ཤེས་པའི། །རློམ་པས་ཁེངས་རྣམས་གསང་སྔགས་ཀྱི། །བསོད་ནམས་ཚོགས་ལ་མཁས་ཕྱིར་ཡིན། །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །གོང་དུ་བཤད་མ་ཐག་པ་དེའི། །དམིགས་གསལ་རྩིང་ཞིབ་དུ་ཕྱེ་ནས། །ཅུང་ཟད་བཤད་པ་འདི་ཡིན་ནོ། །བསྐྱེད་རིམ་བསོད་ནམས་ཚོགས་སོག་གི །རློམ་ཚོད་དོན་དམ་ཁོ་ན་བ། །ཡིན་མོད་རྫོགས་པའི་རིམ་པ་ཡི། །བསོད་ནམས་རྣམ་སྨིན་ལུས་ལ་ནི། །གནད་དུ་བསྣུན་པ་ཉིད་ཡིན་ཕྱིར། །སོང་ཚོད་ཁོ་ནར་མ་ཟད་ཀྱི། །རློམ་ཚོད་ཀྱང་ནི་ཀུན་རྫོབ་ཀྱི། །བདེན་པ་ཉིད་དུ་དོགས་པ་ཡོད། །དེ་ཡི་ཚེ་ན་དབང་གསུམ་པའི། །ཉམས་མྱོང་སོང་ཚོད་རྣམ་སྨིན་ལུས། །ཐོག་མར་ཡིན་ཀྱང་དངོས་གཞི་ནི། །ཟག་མེད་བདེ་ཕྱིར་དོན་དམ་དང༌། །སྦྱོར་བའི་དུས་སུ་ལྷ་ཉིད་ཀྱི། །འདུ་ཤེས་ཕྱིར་ན་དོན་དམ་བདེན། །གསང་བའི་དབང་གི་ཉམས་མྱོང་ལ། །ལྷ་ཡི་འདུ་ཤེས་མེད་མི་རུང༌། །མིན་ཕྱིར་དེ་ཡི་བསོད་ནམས་ཚོགས། །ཀུན་རྫོབ་བདེན་པར་འགལ་བ་མེད། །བསོད་ནམས་ཚོགས་ཆེན་བདེན་པ་གཉིས། །རང་གི་ཐར་པ་ཁོ་ནའི་དོན། །རྫོགས་རིམ་བསོད་ནམས་ཚོགས་སོག་ལ། །ཀུན་རྫོབ་སྲིད་ཀྱང་དེ་མེད་ན། །ཡེ་ཤེས་ཚོགས་ཆེན་མི་འབྱུང་བའི། །རྒྱུ་ཉིད་དུ་ནི་འཆད་དགོས་སོ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །བདེ་བའི་ཆ་ཤས་བཅུ་དྲུག་པ། །ཡོངས་རྫོགས་མ་ཉམས་པ་དུས་དེ། །སྐད་ཅིག་གཉིས་པར་ཟག་མེད་བདེ། །སྦར་ཡང་གོང་ནས་གོང་དུ་ནི། །འཕོས་པའི་ཆགས་བྲལ་བཅུ་དྲུག་ཆ། །དཀར་པོའི་ཚེས་སུ་མ་སླེབས་ཙམ། །དེ་ཡང་འགྱུར་མེད་བདེ་བའི་ལུས། །ཡིན་པས་དཀར་དང་ནག་ཕྱོགས་ཀྱི། །ཚེས་ཟླ་རྫོགས་སངས་རྒྱས་མཛད་པའི། །དུས་སུ་དྲི་མེད་རྒྱུད་ལས་ཏེ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ལུས་གནས་ལུས་ལས་མ་སྐྱེས་ཞེས། །གསུངས་པའི་གོ་དོན་བཤད་དཀའ་བ། །ཐོག་མར་ལུས་ཚོར་བདེ་བའི་ཕྱིར། །ལུས་ལ་གནས་ཤིང་དེ་མ་ཐག །ལུས་དབང་བསྐྱེད་པའི་ལས་ཀྱི་རླུང༌། །འགགས་པས་ལུས་ཀྱི་དབང་པོ་ཡང༌། །འགགས་ཕྱིར་ལུས་ཀྱི་ཚོར་བ་དང༌། །བྲལ་བའི་བདེ་བ་རྟོག་མེད་པ། །བདེ་དང་སྟོང་པ་ཟུང་འཇུག་ཕྱིར། །ཚོགས་གཉིས་ཟུང་དུ་འཇུག་པའོ། །དེ་ཕྱིར་རྫོགས་རིམ་བསོད་ནམས་ཚོགས། །དངོས་ནི་ཟག་མེད་བདེ་བ་ཆེ། །སྦྱོར་བའི་དུས་ཀྱི་ཀུན་རྫོབ་ཀྱང༌། །ཕར་ཕྱིན་ཐེག་པའི་བསོད་ནམས་ཀྱི། །ཚོགས་སོག་ཀུན་རྫོབ་ལས་ཁྱད་འཕགས། །དཔེར་ན་ལས་ཀྱི་རླུང་ལྔ་པོ། །ཡོན་པོའི་ལམ་དུ་མི་རྒྱུ་བར། །དབུ་མའི་ལམ་ནས་རྟག་རྒྱུ་བ། །དེ་ཚེ་གནས་པ་ལམ་བྱེད་ཀྱི། །བརྩོན་པས་ཉི་ཟླ་གཅིག་སྦྱར་བའི། །འགྱུར་མེད་བདེ་བ་ལྷུན་གྱིས་གྲུབ། །ལས་རླུང་རྒྱུ་བ་མ་འགགས་པ། །དེ་སྲིད་ཉི་མ་ཟླ་བ་ཡང༌། །རེས་འགའ་ཅིག་གྱུར་སྐབས་འགར་འབྲལ། །རྡུལ་དང་ཉི་མ་ཉེ་རིང་ལས། །ཟླ་བའི་ངོ་ལ་འཕེལ་འགྲིབ་བྱུང༌། །ལས་རླུང་མ་ལུས་འགགས་པ་ན། །ཉི་ཟླ་འབྲལ་བ་མི་སྲིད་དོ། །དེ་ཕྱིར་རྫོགས་སངས་རྒྱས་བློ་ལ། །ཉི་ཟླ་ལྷོ་བྱང་བགྲོད་པ་དང༌། །བཅུ་གཉིས་ཁྱིམ་དུ་འཇུག་པ་དང༌། །ཟླ་བའི་ཆ་ཤས་འཕེལ་འགྲིབ་དང༌། །ཡར་ངོ་མར་ངོའི་དབྱེ་བ་དང༌། །དུས་ཀྱི་མེ་དང་མུན་པ་ཡི། །ཉི་ཟླ་ཟོས་དང་བཏང་བ་ཡི། །སྣང་བ་རང་སྣང་ལ་མེད་དེ། །ནང་གི་ཡེ་ཤེས་དབུ་མ་ཡིན། །ལམ་ལས་ནམ་ཡང་མི་འདའ་དང༌། །ཉི་ཟླ་ཅིག་གྱུར་རང་གནས་ལས། །གཞན་དུ་འཕོ་བ་མེད་ཕྱིར་རོ། །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཐེག་པ་ཆེན་པོའི་རྣལ་འབྱོར་པ། །སོ་སོ་སྐྱེ་བོས་ངེས་པའི་དོན། །གང་ལས་རྟོགས་ཤེས་བསམ་པར་བྱ། །ལྐོག་ཏུ་གྱུར་པའི་དོན་གང་ཡང༌། །ལུང་དང་རིགས་པ་ལས་རྟོགས་ཀྱི། །སོ་སོ་སྐྱེ་བོའི་མངོན་སུམ་གྱིས། །དང་པོ་རྟོགས་པ་ཡོད་མ་ཡིན། །དེ་ཡང་སྔགས་དང་ཕར་ཕྱིན་གྱི། །ལམ་པས་རྟོགས་ཚུལ་སོ་སོར་དབྱེ། །ཕ་རོལ་ཕྱིན་པས་ལུང་ལས་ནི། །རྟོགས་པ་ཡིད་ཆེས་རྗེས་དཔོག་གོ །ལུང་དེ་དཔྱད་པ་རྣམ་གསུམ་གྱིས། །དག་པ་རིགས་པ་དག་ལ་ལྟོས། །རིགས་པ་ཡིས་ནི་དེ་རྟོགས་པ། །དངོས་པོ་སྟོབས་ཤུགས་རྗེས་དཔག་སྟེ། །གཉིས་ཀའང་བསམ་བྱུང་རིགས་པ་ལ། །ལྟོས་ཕྱིར་རྟོག་པ་ཁོ་ནའོ། །སྔགས་པས་རྟོགས་ཚུལ་རྣམ་གཉིས་ཏེ། །མན་ངག་དང་ནི་ལུང་ལས་སོ། །ལུང་ནི་བླ་མའི་གསུང་ཡིན་ཏེ། །དཔྱད་གསུམ་སྔོན་དུ་འགྲོ་མི་དགོས། །བླ་མའི་ལུང་བཞིན་མན་ངག་གིས། །མྱོང་ལས་ཡིད་ཆེས་རྣམ་གསུམ་སྐྱེ། །བླ་མ་དང་ནི་རང་ཉིད་དང༌། །རྒྱུད་ལ་ཡིད་ཆེས་རྣམ་པ་གསུམ། །ཉམས་སུ་མྱོང་ཚེ་ངེས་དོན་ལ། །འཁྲུལ་དང་རྟོག་པ་མེད་ཤེས་འབྱུང༌། །སྒོམ་བྱུང་འཁྲུལ་མེད་ཤེས་དེ་ཉིད། །འཕགས་པའི་མིན་ཡང་མངོན་སུམ་གྱི། །མཚན་ཉིད་ཚང་ཕྱིར་དེ་དེ་ཉིད། །མཚན་ཉིད་ཐེག་པར་སྡེ་སྣོད་ལ། །བསླབ་སྦྱངས་མཐར་ཕྱིན་གྱུར་པའི་ཚེ། །ཆོས་ཉིད་ལུང་དང་རིགས་པ་ཡིས། །རྟོགས་ཞེས་གསུངས་སོ་མན་ངག་པས། །དེ་མ་སྦྱངས་ཀྱང་བླ་མ་ཡི། །གསུང་དང་རང་གི་ཉམས་མྱོང་བ། །མཐུན་པས་མངོན་སུམ་ཚད་མ་དང༌། །དེ་ནས་བརྒྱུད་ལ་ཡིད་ཆེས་པ། །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །བསམ་གཏན་དངོས་གཞི་ལ་བརྟེན་པའི། །བདེ་སྟོང་ཟུང་འཇུག་རྟོག་དཔྱོད་སོགས། །ཡན་ལག་ལྔ་ལྡན་དུ་གསུངས་ཀྱང༌། །མངོན་པར་གསུངས་པའི་བསམ་གཏན་གྱི། །དངོས་གཞི་མུ་སྟེགས་བྱེད་པ་དང༌། །ཐུན་མོང་ཉིད་དུ་བཤད་དགོས་ཕྱིར། །སྔགས་ལམ་པ་དང་ཁྱད་པར་ཕྱེ། །ཅི་ཕྱིར་ཞེ་ན་མངོན་པ་ཡི། །རྟོག་དཔྱོད་སྒྲ་དོན་འཛིན་པ་དང༌། །དགའ་བ་ཡིད་བདེ་རྟོག་བཅས་དང༌། །བདེ་བའང་ལུས་ཚོར་ལ་འཆད་མོད། །སྔགས་པས་གང་ལ་དམིགས་པ་ཡི། །ངེས་དོན་དམིགས་རྣམས་རྩིང་ཞིབ་དང༌། །དགའ་བདེའང་ལུས་དང་སེམས་ཀྱི་ནི། །ཚོར་བ་དག་ལ་མི་འཆར་གྱི། །ལྷན་སྐྱེས་ཡེ་ཤེས་རྟོག་བྲལ་བ། །དགའ་དང་བདེ་བར་འཆད་ཕྱིར་རོ། །དེ་བཞིན་ཁོ་ནར་མ་ཟད་ཀྱི། །ཕ་རོལ་ཕྱིན་པར་འཕགས་པ་ཡི། །སྙོམས་འཇུག་བརྒྱད་དང་ཐུན་མོང་གི །སྙོམས་འཇུག་བརྒྱད་ཀྱི་ཁྱད་པར་ཕྱེ། །ཐུན་མོང་སྙོམས་འཇུག་བརྒྱད་ཀྱི་ནི། །ཉེར་བསྡོགས་ཞི་རགས་རྣམ་པ་ཅན། །ཐུན་མོང་མིན་པའི་འཕགས་པ་ཡི། །ཉེར་བསྡོགས་ཟག་མེད་ཞི་གནས་སོ། །ཁྱད་པར་ཐེག་ཆེན་འཕགས་པ་ནི། །ཞི་རགས་རྣམ་པ་ཅན་དག་གི །སེམས་ལ་ཆགས་བྲལ་བྱེད་མིན་ཏེ། །འདོད་པར་སྐྱེ་བ་མི་སྤོང་ཕྱིར། །ཁྱད་པར་གཞན་ཡང་དབྱེ་དགོས་ཏེ། །ཕ་རོལ་ཕྱིན་པའི་ཐེག་པ་དང༌། །སྲིད་པར་སྐྱེ་རྒྱུའི་ཉོན་མོངས་པ། །ཆེད་དུ་གཉེར་ནས་མི་སྤོང་བ། །སྔགས་པས་དེ་རྒྱུའི་ཉོན་མོངས་པ། །ཆེད་དུ་གཉེར་ནས་སྤོང་བ་ནི། །ཚེ་དེ་ཉིད་ལ་སངས་རྒྱ་བར། །བྱེད་དང་མི་བྱེད་ཁྱད་པར་ཡིན། །སྔགས་པས་ཉོན་མོངས་ལམ་བྱེད་ཀྱི། །ཆེད་དུ་སྤོང་བ་མིན་ཞེ་ན། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དང༌། །རང་བཞིན་ལྷན་སྐྱེས་ཡེ་ཤེས་དང༌། །ངོ་བོ་གཅིག་ཏུ་འགྱུར་མི་སྲིད། །དེ་ཕྱིར་དེ་ལམ་འགྱུར་མ་ཡིན། །འགྱུར་ན་ཕར་ཕྱིན་ཐེག་པ་ཡི། །གཞུང་ཆེན་ཀུན་དང་འགལ་བར་འགྱུར། །དེས་ན་སྔགས་ཀྱི་ཉམས་ལེན་པས། །ཉོན་མོངས་པ་དང་རྣམ་པར་རྟོག །ཐོག་མར་རང་གི་རྒྱུད་ཉིད་ལ། །བསྐྱེད་ནས་དེ་དེའི་ངོ་བོ་ཉིད། །རང་བཞིན་འོད་གསལ་གང་ཡིན་པ། །དེ་ཉིད་ཉམས་སུ་མྱོང་བྱེད་པའང༌། །ཡང་ན་དེ་དེ་ལྷར་བསྐྱེད་པས། །ཉོན་མོངས་པ་དང་རྣམ་རྟོག་གི །དྲི་མ་རིམ་གྱིས་འགག་པར་བྱེད། །སྤང་བྱ་དེ་དེའི་རང་བཞིན་ལ། །ཆགས་པ་ཆེ་དང་ཞེ་སྡང་ཆེ། །གཏི་མུག་ཆེན་པོའི་མིང་གིས་བཏགས། །དེ་ཉིད་ལམ་དུ་བྱེད་པ་ལ། །ཉོན་མོངས་རྣམ་རྟོག་ལམ་བྱེད་ཞེས། །མན་ངག་པ་ལ་གྲགས་པ་ཡིན། །ཕར་ཕྱིན་པ་དང་མན་ངག་པ། །སྤང་བྱ་རྒྱང་རིང་ཐག་བསྲིང་ཀྱང༌། །ཐོག་མར་རང་རྒྱུད་ལ་བསྐྱེད་ནས། །དེའི་ངོ་བོ་ངོས་འཛིན་པ། །ཐེག་པ་གཉིས་ཀྱི་ཁྱད་པར་ཏེ། །སྤང་བྱ་མ་འོངས་ལྐོག་གྱུར་པ། །གདོད་ནས་འཕུལ་དང་སྐྱེ་བཞིན་པ། །ཐུག་ཕྲད་ཉིད་དུ་སྤོང་བའོ། །རྣམ་འགྲེལ་མཛད་པའི་གཞུང་ལས་ཀྱང༌། །གསང་སྔགས་པ་དང་ཆ་མཐུན་པར། །ཆགས་སོགས་ཉོན་མོངས་དེ་གཞལ་བྱ། །དེ་འཇལ་འཛིན་རྣམ་ཚད་མ་དང༌། །དེ་མྱོང་རང་རིག་འབྲས་བུ་ཞེས། །གསུངས་ཚེ་ཆགས་སོགས་བློ་བུར་གྱི། །དྲི་མ་དང་ནི་དེ་མྱོང་བའི། །འཛིན་རྣམ་རང་རིག་རང་གསལ་ཏེ། །སྤང་གཉེན་གཉིས་པོ་དུས་ཀུན་ཏུ། །ལྷན་ཅིག་གནས་གཅིག་ཏུ་འཁོད་ཀྱང༌། །བྱིས་རྣམས་དྲི་མར་ཞེན་པ་དང༌། །མཁས་རྣམས་གཉེན་པོ་དེ་བཟུང་ནས། །དྲི་མ་དེ་དང་དེ་སེལ་བྱེད། །ལོགས་ནས་ཚོལ་དགོས་མ་ཡིན་པར། །རང་ལ་གནས་པའི་ཡེ་ཤེས་ཀྱིས། །རང་གི་ཉེས་པ་ཀུན་གཞོམ་བྱ། །ཅེས་བྱ་བ་འདི་གྲུབ་པའོ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །གསང་བ་འདུས་པ་རིམ་ལྔ་ཡི། །ལམ་གྱི་དངོས་གཞི་ཟུང་འཇུག་སྟེ། །བདེན་པ་གཉིས་པོ་སྦྱོར་བའོ། །གང་ཞིག་ཟུང་དུ་འཇུག་ཅེ་ན། །ཀུན་རྫོབ་དང་ནི་དོན་དམ་པ། །ཟུང་འཇུག་ངོ་བོ་གང་ཞེ་ན། །གཉིས་པོ་དབྱེར་མེད་གཅིག་གྱུར་པའོ། །ཕྱི་དུས་འདི་ན་བདེན་པ་གཉིས། །དབྱེར་མེད་གྱུར་པ་མི་སྲིད་ཟེར། །ཀུན་རྫོབ་དབྱེ་བ་ཡོད་མིན་ཞིང༌། །དེ་ཡི་ངོ་བོ་དོན་དམ་བདེན། །ཡོད་མིན་པ་དང་དེའི་ངོ་བོ། །གང་ལ་འཆད་པ་ཡིན་ཞེ་ན། །སྒྱུ་ལུས་ཀུན་རྫོབ་བདེན་པ་དང༌། །དེའི་རང་བཞིན་འོད་གསལ་ལོ། །སྒྱུ་མ་ལྟ་བུའི་ལུས་མཐོང་བས། །འོད་གསལ་ལ་སྒྲིབ་དེ་ཀུན་རྫོབ། །དེས་དེ་སྒྲིབ་པ་ཅི་ཞེ་ན། །སྒྱུ་མ་དང་ནི་དེར་སྣང་བའི། །གཟུང་བྱ་ནམ་ཡང་ཡོད་མིན་ཞིང༌། །དེར་སྣང་བ་ལ་དྲི་མ་དང༌། །ཡེ་ཤེས་ཆ་གཉིས་སུ་ཕྱེ་ནས། །དྲི་མ་དེ་ལ་སྒྱུ་འཛིན་གྱི། །རྣམ་པར་རྟོག་པའི་མིང་བཏགས་ནས། །འོད་གསལ་མེའི་སྲེགས་པ་ལས། །ཡེ་ཤེས་གཅིག་པུར་ལུས་པའི་ཚེ། །འོད་གསལ་བ་ཞེས་བརྗོད་པ་ཡིན། །རྒྱུ་འཛིན་དྲི་མས་མ་གོས་པའི། །འོད་གསལ་བ་དེ་སླར་ཡང་ནི། །སྒྱུ་མ་ལྟ་བུའི་སྐུར་བཞེངས་པ། །དེ་ལ་ཟུང་འཇུག་ཅེས་བྱར་བརྗོད། །འོད་གསལ་བ་དེས་སྒྱུ་འཛིན་གྱི། །ས་བོན་བཅོམ་དང་མ་བཅོམ་ལས། །ཟུང་འཇུག་རེས་འགའ་ཡ་བྲལ་དུ། །འགྱུར་དང་མི་འགྱུར་སྐབས་གཉིས་སྲིད། །དང་པོ་སློབ་པའི་ཟུང་འཇུག་དང༌། །ཕྱི་མ་མི་སློབ་པའི་ཟུང་འཇུག །དབྱེ་བ་དེ་ཡང་འོད་གསལ་བ། །བར་ཆད་མེད་ལམ་དུ་གྱུར་དང༌། །མ་གྱུར་པ་ལས་ཕྱེ་བ་ཡིན། །དང་པོ་འཕགས་ལམ་སྐྱེས་ནས་ཏེ། །ཕྱི་མ་སོ་སྐྱེའི་དུས་ནའང་འབྱུང༌། །ཟུང་འཇུག་དུས་ཀྱི་འོད་གསལ་དུ། །མ་ཟད་སྒྱུ་མའི་སྐུ་དེ་ཡང༌། །དོན་དམ་པ་ཡི་བདེན་ཁོ་ན། །ཡིན་ཏེ་སྤྲོས་པ་ཀུན་བྲལ་ཕྱིར། །བདེན་གཉིས་ཟུང་དུ་འཇུག་པ་ལ། །འབད་རྩོལ་མེད་པའི་སྐབས་དེ་ནས། །མི་སློབ་པ་ཞེས་བརྗོད་ཡིན་གྱི། །རྫོགས་སངས་རྒྱས་ལ་རག་མ་ལས། །ཚོགས་གཉིས་དབྱེར་མེད་སོག་པ་ཡི། །དངོས་གཞི་མི་སློབ་ཟུང་འཇུག་སྟེ། །མཐར་ཕྱིན་ཚེ་ན་སངས་རྒྱས་ཀྱི། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་དྲུག་པ་རྣམས་འོད་གསལ་བ། །ལམ་གྱི་མཐར་ཐུག་ཡིན་པར་བཞེད། །གསང་བ་འདུས་པར་འོད་གསལ་བ། །ཁོ་ནར་མ་ཟད་ཟུང་འཇུག་གི །ཆ་ཤས་བར་ཆད་མེད་ལམ་དང༌། །མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ། །སྒྱུ་ལུས་ཀུན་རྫོབ་བདེན་བཤད་པ། །འོད་གསལ་བ་ལ་ལྟོས་ནས་དེར། །བཤད་ཀྱང་ཕར་ཕྱིན་ཐེག་པ་ལ། །ལྟོས་པའི་དོན་དམ་བདེན་ཁོ་ན། །དབུ་མའི་ལམ་དུ་མ་ཞུགས་པའི། །སེམས་ཀྱི་རང་བཞིན་འོད་གསལ་ཙམ། །འདིར་བཤད་འོད་གསལ་མ་ཡིན་ཏེ། །རྣམ་རྟོག་ས་བོན་སྲེག་མིན་ཕྱིར། །དེ་བཞིན་དབུ་མར་མ་སོན་པའི། །རླུང་སེམས་ཙམ་ནི་མ་དག་ལུས། །བསྐྱེད་བྱེད་ཉིད་དོ་དེར་སོན་པའི། །རླུང་སེམས་ལས་གྲུབ་སྒྱུ་ལུས་སོ། །ཚེ་འདི་ཉིད་ལ་སྦྲུལ་གྱི་ནི། །ཤུན་པ་རྗེས་པ་ཇི་བཞིན་དུ། །རྣམ་སྨིན་ལུས་དེ་མི་དམིགས་པར། །གྱུར་ནས་སྒྱུ་མའི་སྐུ་གྲུབ་པ། །གང་དེ་ལོངས་སྤྱོད་རྫོགས་སྐུ་ཡི། །རིགས་འདྲ་སྔ་མ་ཉིད་ཡིན་ལ། །འོད་གསལ་བ་ཡི་ལྡོག་ཆ་ནས། །ཡེ་ཤེས་ཆོས་སྐུའི་རྒྱུ་མཐུན་ནོ། །ལུས་འདིའི་འགྲུབ་བྱེད་ངག་དབེན་གྱི། །མན་ངག་ཀུན་ལ་ལྟོས་པའི་ཕྱིར། །རླུང་སེམས་དབུ་མར་ཞུགས་པ་ལས། །ཆུ་ཟླ་ལྟ་བུའི་ལུས་གྲུབ་པ། །ཡིན་ཕྱིར་གཉུག་མ་གཞི་ལུས་ཞེས། །ཟེར་བ་ལུང་དང་མཐུན་མ་ཡིན། །འདིར་བཤད་རླུང་ནི་འབྱུང་བ་ལས། །གྱུར་པ་མ་ཡིན་སེམས་དེ་ཡང༌། །རྣམ་ཤེས་འཁོར་བཅས་མ་ཡིན་ནོ། །འོད་ཟེར་ཁ་དོག་ལྔ་ཞེས་པ། །གཟུགས་བརྙན་ཚུལ་དུ་འཆར་ཡིན་གྱི། །རང་ལུས་འབྱུང་བ་བཞི་པོ་ལས། །གྱུར་པའི་ཁ་དོག་མ་ཡིན་ནོ། །དཔེར་ན་སོར་བསྡུད་ནས་གསུངས་པའི། །སྟོང་གཟུགས་མཚན་ཉིད་ཇི་བཞིན་དུ། །རྣལ་འབྱོར་རང་གི་ཡེ་ཤེས་ཉིད། །རང་གི་ལུས་སུ་ཤར་བའོ། །དེ་བཞིན་འོད་གསལ་བ་ཡི་ཡང༌། །རྒྱུ་མཐུན་སྔ་མ་སེམས་དབེན་ཏེ། །སེམས་དེ་གཟུང་འཛིན་ལས་གྲོལ་བའི། །རང་རིག་རང་གསལ་ཉིད་དུ་བཞེད། །གཟུང་འཛིན་གཉིས་ལས་གྲོལ་བྱེད་ཐབས། །ངག་དབེན་སྐབས་ཀྱི་མན་ངག་ལས། །རླུང་སེམས་དབུ་མར་འཛུད་བྱེད་དོ། །སེམས་ཀྱི་རྣམ་པར་དབེན་པ་ནས། །སྒྱུ་མའི་སྐུ་ལ་འཇུག་ཚེ་དང༌། །འོད་གསལ་བ་ནས་ཟུང་འཇུག་ཏུ། །འཇུག་ཚེ་ལས་ཀྱི་ཕྱག་རྒྱ་དང༌། །བཅས་པའི་སྤྱོད་པ་རྣམ་གསུམ་པོ། །བྱེད་དང་མི་བྱེད་ལུགས་གཉིས་ལས། །ཆགས་ཅན་ལམ་དང་ཆགས་བྲལ་ཞེས། །རྣམ་པར་བཞག་ལས་མྱུར་ལམ་ནི། །སྒྱུ་མའི་སྐུ་ལ་འཇུག་པ་ན། །མེད་དུ་མི་རུང་མ་ཡིན་མོད། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །ཚེ་དེ་ཉིད་ལ་འགྲུབ་བྱེད་ཀྱི། །རྒྱུར་ནི་མེད་ན་མི་འབྱུང་ངོ༌། །དེ་ཕྱིར་སྤྱོད་པས་འཚམས་མ་འབྱོར། །གང་དེ་བར་དོའི་རྟེན་ཉིད་ལ། །ཟུང་འཇུག་ལོངས་སྤྱོད་རྫོགས་སངས་རྒྱ། །བར་དོ་མཚན་ཉིད་པ་གཞན་དང༌། །འདི་ནི་འདྲ་བ་མ་ཡིན་ཏེ། །རླུང་སེམས་དབུ་མར་ཚུད་པ་ལས། །བྱུང་བའི་བར་དོ་ཡིན་ཕྱིར་རོ། །སྐབས་འདིར་འཕགས་པ་ཡབ་སྲས་ཀྱི། །བཞེད་པའི་དོན་དམ་བདེན་པ་ནི། །མེད་པར་དགག་པའི་སྟོང་ཉིད་ལས། །གཞན་མི་འཆད་པ་ལ་བསམས་ནས། །འོད་གསལ་ངོས་འཛིན་མེད་དགག་ལ། །འཆད་པ་དེ་ནི་འདིར་འབྱུང་བའི། །བདེན་འཛིན་རྟོག་པ་སྤོང་བྱེད་པའི། །བར་ཆད་མེད་ལམ་ངོས་མ་ཟིན། །གཞན་དག་སྒྱུ་མ་ཀུན་རྫོབ་བདེན། །ཡུལ་དུ་བྱེད་པ་རྗེས་ཐོབ་ཀྱི། །ཡེ་ཤེས་རྣམ་པར་རྟོག་ཉིད་ཀྱང༌། །སྤང་བྱ་མིན་ཕྱིར་ལམ་གྱི་བདེན། །འོད་གསལ་ཞེས་པ་སྟོང་པ་ཉིད། །ཡུལ་དུ་བྱེད་པའི་མཉམ་བཞག་གི །ཡེ་ཤེས་ལམ་གྱི་བདེན་པ་ལ། །དོན་དམ་བདེན་པར་བཤད་པ་ནི། །སྟོང་པ་ཉིད་དང་ཆུ་ལ་ནི། །ཆུ་བཞིན་དུ་སོང་ལ་དགོངས་ཞེས། །ཟེར་མོད་འཕགས་པ་ཡབ་སྲས་ཀྱི། །ཕར་ཕྱིན་ཐེག་པའི་རྣམ་བཞག་དང༌། །སྔགས་ཀྱི་ལམ་རིམ་སོ་སོ་བའི། །རྣམ་བཞག་གཅིག་ཏུ་བསྲེས་པས་ནོངས། །རང་གཞུང་ནོངས་པ་དེ་བྲལ་བ། །སྔོན་བྱོན་ཆེན་པོ་རྣམས་ཀྱི་གསུང༌། །ཐད་སོར་བཞག་ལས་ནོངས་སྲིད་ནའང༌། །རྡོ་རྗེ་མཁའ་འགྲོས་བཟོད་པར་མཛོད། །ཅེས་བྱ་བ་འདི་གྲུབ་པའོ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཆོས་དྲུག་ལམ་གྱི་གོ་རིམས་ནི། །མ་འཆོལ་གྱུར་ན་སོ་སོ་ཡི། །ངོས་འཛིན་རྟོགས་སླ་དེ་འཆད་དོ། །གཏུམ་མོ་ལམ་གྱི་རྨང་རྡོར་ནི། །བཞག་ནས་དེ་གོམས་གྱུར་པ་ན། །སྒྱུ་ལུས་ལམ་གྱི་གཞུང་ཤིང་དུ། །འགྱུར་རོ་གཞན་དུ་དེ་ལས་གཞན། །རླུང་སེམས་དབུ་མར་མ་ཞུགས་པའི། །གཏུམ་མོས་རྣམ་རྟོག་གསོད་མི་ནུས། དེ་མ་སོད་ན་སྒྱུ་ལུས་ཀྱི། །ལམ་གྱི་བསྒྲུབ་གཞི་མི་རྙེད་དོ། །དབུ་མའི་ལམ་དུ་དེ་འཇུག་པ། །ཡོན་པོའི་ལམ་དུ་རླུང་རྒྱུ་བ། །འགོག་བྱེད་རྡོ་རྗེའི་བཟླས་པ་དང༌། །འཇམ་རླུང་ཡན་ལག་བཞི་ལྡན་དང༌། །རྩུབ་རླུང་བུམ་པ་ཅན་སོགས་སོ། །སྐབས་དེར་ཡེ་ཤེས་མེ་ཆེན་པོ། །རང་གི་ངང་གི་འབར་བ་ལས། །བྱུང་བའི་འཛག་བདེ་ཟག་མེད་དུ། །འགྱུར་གྱི་ལུས་ཚོར་བདེ་བ་གང༌། །རྟོག་པར་སྐྱེ་བ་མ་ཡིན་ནོ། །དབུ་མར་ཞུགས་པའི་རླུང་དང་ནི། །བྱང་ཆུབ་སེམས་དང་ཡེ་ཤེས་རྣམས། །ཚོགས་པ་གཅིག་ཏུ་གྱུར་པ་ལས། །འཇའ་ཚོན་ལྟ་བུའི་ལུས་གྲུབ་པ། །དེ་ལ་སྒྱུ་མའི་སྐུ་ཞེས་བྱ། །འདི་ལ་རྒྱུད་སྡེ་ལས་གསུངས་པའི། །འཆད་ཚུལ་རྣམ་པ་གཉིས་དང་ནི། །མན་ངག་པ་དང་དེ་ལས་གཞན། །འཆད་པའི་ཚུལ་དང་གསུམ་ཞེས་བྱ། །དང་པོ་དུས་འཁོར་རྒྱུད་སོགས་སུ། །གཏུམ་མོའི་མེ་ཡིས་ལྕགས་ལ་ནི། །དངུལ་ཆུ་བཅིངས་པ་ཇི་བཞིན་དུ། །མ་དག་ལུས་ཀྱི་ཁམས་ཟད་ནས། །འཇའ་ཚོན་ལྟ་བུའི་སྐུ་འགྲུབ་གསུངས། །གསང་བ་འདུས་པར་ལས་ཀྱི་རླུང༌། །དགུ་བརྒྱ་ཕྲག་རྣམས་འགགས་པ་ལས། །མི་འགྱུར་བདེ་བ་དགུ་བརྒྱ་ཕྲག །ཉི་ཤུ་རྩ་བཞི་འགྲུབ་བྱེད་ཀྱི། །ཡེ་ཤེས་རླུང་གྱུར་འོད་ཟེར་ལྔ། །གྲུབ་ནས་རྣམ་སྨིན་ཕུང་པོ་རྣམས། །བརྗེས་ཏེ་སྒྱུ་ལུས་འགྲུབ་པར་གསུངས། །མན་ངག་པ་རྣམས་རྣམ་སྨིན་ལུས། །འདི་ཉིད་སྒྱུ་མ་ལྟ་བུར་ནི། །སྣང་ལ་རང་བཞིན་མེད་པའི་ཚུལ། །གོམས་པར་གྱུར་ནས་དེ་མཐོང་བ། །སྒྱུ་ལུས་ཡིན་ཞེས་གསུངས་བ་ཡོད། །གཞན་དག་གཉུག་མ་གཞི་ཡི་ལུས། །མན་ངག་སྟོབས་ཀྱིས་གོམས་པ་ལས། །རླུང་སེམས་ཙམ་ལས་གྲུབ་པའི་ལུས། །རྣམ་སྨིན་ཕུང་པོའི་ཁོང་དག་ཏུ། །ཇི་སྲིད་འཚོ་བར་བཞུགས་ཞེས་ཟེར། །རྣམ་སྨིན་ཕུང་པོ་འཇའ་བཞིན་དུ། །དམིགས་མེད་གྱུར་པ་མ་བཟོད་ནས། །དེ་སྐད་ཟེར་བ་ཡིན་མོད་ཀྱི། །འཕགས་པ་ཆེན་པོའི་མཉམ་གཞག་ཏུ། །མ་དག་ཕུང་པོའི་སྣང་བ་མེད། །རྗེས་ལ་སྣང་བ་འབྱུང་སྲིད་ཀྱང༌། །འཁྲུལ་སྣང་ཡིན་ཕྱིར་ཡོང་མི་འདོད། །དེ་ལྟར་ཤེས་ན་སྒྱུ་ལུས་ཀྱི། །རྣམ་བཞག་གནས་ལ་མཁས་པར་འགྱུར། །རླུང་སེམས་དབུ་མར་མ་ཞུགས་པའི། །གཉུག་མ་གཞི་ལུས་ག་ནས་བཙལ། །རྣམ་སྨིན་སྣང་བ་མ་འགགས་པའི། །སྒྲུབ་པོས་སྒྱུ་ལུས་ཇི་ལྟར་མཐོང༌། །རྣམ་སྨིན་ཕུང་པོར་མི་འཛིན་ཅིང༌། །སྒྱུ་མའི་ལུས་ལ་མངོན་ཞེན་པའི། །འཛིན་པ་ཡོད་ན་བདེན་པ་གཉིས། །ཟུང་དུ་འཇུག་པར་མི་འགྱུར་བས། །སྒྱུ་མའི་ཞེན་པ་སྤང་བྱའི་ཕྱིར། །འོད་གསལ་གཟུང་འཛིན་དང་བྲལ་བ། །སྒྲུབ་པོས་འབད་ནས་བཙལ་བར་བྱ། །ཞེན་པ་གང་ལ་སྐྱེ་བའི་གཞི། །གཏུམ་མོས་བསྒྲུབས་པའི་སྒྱུ་ལུས་དེ། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་ཉིད་དུ་གསལ་མཐོང་ཚེ། །སོ་སོ་སྐྱེ་བོའི་བསྒྲུབ་པོ་ལ། །མངོན་པར་ཞེན་པ་ངང་གིས་སྐྱེ། །ཞེན་པས་བཅིངས་པའི་སྒྱུ་ལུས་དེ། །ལོངས་སྤྱོད་རྫོགས་སྐུའི་རྒྱུར་མི་འགྱུར། །གཟུང་འཛིན་རྟོག་པ་སྤོང་ཕྱིར་དུ། །གཞི་དུས་རང་བཞིན་འོད་གསལ་དེ། །ལམ་གྱི་འོད་གསལ་ཉིད་འགྱུར་ཕྱིར། །མན་ངག་སྟོབས་ཀྱིས་བསྒྲུབ་པར་བྱ། །དེ་ལྟར་གྲུབ་པའི་འོད་གསལ་དེ། །ལམ་གྱི་འབྲས་བུ་ཡིན་གསུངས་མོད། །དེ་ལ་བར་ཆད་མེད་ལམ་དང༌། །རྣམ་གྲོལ་གཉིས་སུ་དོན་གྱི་གྲུབ། །འོད་གསལ་ཞེས་པ་གང་ཟག་དང༌། །ཆོས་རྣམས་ཉིད་ཀྱི་དབང་བྱས་པའི། །གཟུང་འཛིན་གཉིས་བྲལ་ཡེ་ཤེས་ཏེ། །འདི་ལ་རིག་བྱ་རིག་བྱེད་གཉིས། །ཐ་དད་གྱུར་པ་མེད་མོད་ཀྱང༌། །དེ་ཉིད་ཀྱིས་ནི་དེ་མྱོང་བར། །ཐ་སྙད་མཛད་པའི་ཤེས་བྱ་བློས། །ཤེས་བྱ་དེ་དང་དེ་མྱོང་བ། །ཆོས་དང་གང་ཟག་བདག་མེད་པ། །རྟོགས་པའི་རྣལ་འབྱོར་མངོན་སུམ་མོ། །གང་ཟག་ཉིད་དུ་འཛིན་པ་ཡི། །ཞེན་པས་བཅིངས་པའི་རང་གསལ་ཙམ། །ཉམས་སུ་མྱོང་བའི་རང་རིག་ནི། །མུ་སྟེགས་བྱེད་པ་དག་ལའང་ཡོད། །དེ་ཕྱིར་གསང་བ་འདུས་པ་ལས། །གསུངས་པའི་དོན་དམ་བྱང་ཆུབ་སེམས། །སྐབས་འདིའི་འོད་གསལ་ཉིད་དུ་བཤད། །ཕྱི་རབས་པ་དག་སྐབས་འདི་ཡི། །འོད་གསལ་ངོས་འཛིན་སྟོང་པ་ཉིད། །མེད་པར་དགག་ལ་འཆད་པ་དང༌། །མེད་དགག་དེ་ཉིད་མངོན་སུམ་དུ། །རྟོགས་པའི་བདེ་བ་ཆེན་པོ་ལ། །འཆད་ཅེས་ཟེར་བ་གཉིས་བྱུང་མོད། །སྔ་མས་རྫོགས་སངས་རྒྱས་ཀྱི་སར། །ཡེ་ཤེས་མེད་པར་ཁས་བླངས་ཞིང༌། །ཕྱི་མས་སྤྱི་མཚན་དངོས་ཡུལ་དུ། །བྱེད་པའི་མངོན་སུམ་ཁས་བླངས་སོ། །རྨི་ལམ་རྣལ་འབྱོར་ཡན་ལག་སྟེ། །མན་ངག་སྟོབས་ཀྱི་ཚོགས་གཉིས་པོ། །མྱུར་དུ་རྫོགས་པའི་ཐབས་ཆེན་པོ། །སད་དང་རྨི་ལམ་གཉིས་ཀ་ཡི། །འོད་གསལ་རང་བཞིན་གཅིག་ཡིན་མོད། །སད་རྨི་གཉིས་ཀྱི་བསོད་ནམས་ཚོགས། །ཁྱད་པར་ཤིན་ཏུ་ཆེ་ཞེ་ན། །སྒྱུ་ལུས་འབྱོངས་པའི་རྣལ་འབྱོར་པས། །སད་རྨི་ཁྱད་པར་ཡོད་མིན་ཏེ། །ཐམས་ཅད་སྒྱུ་མའི་ངང་ཉིད་དུ། །ཁྱད་པར་མེད་པར་རྟོགས་ཕྱིར་རོ། །རླུང་སེམས་དབུ་མར་ཚུད་གྱུར་པའི། །རྨི་ལམ་བསོད་ནམས་ཚོགས་ཆེན་པོའི། །བོགས་འདོན་རྨི་ལམ་ཟད་པ་ཡི། །གཉིད་ཀྱི་འོད་གསལ་ཡེ་ཤེས་ཀྱི། །ཚོགས་ཆེན་པོ་ཡི་བོགས་འདོན་ཏེ། །གཉིད་དང་སད་པའི་སྐབས་ཀྱི་ནི། །ཚོགས་ལ་ཁྱད་པར་ཤིན་ཏུ་མང༌། །དཔེར་ན་ཐ་མལ་གཉིད་དང་ནི། །སད་པའི་སྐབས་ཀྱི་འཆར་སྒོ་ལ། །སད་ལ་ནམ་ཡང་མི་འགྲུབ་པ། །འགའ་ཞིག་རྨི་ལམ་དུ་འཆར་བཞིན། །དུས་ཀྱི་འཁོར་ལོར་རྨི་ལམ་དང༌། །གཉིད་འཐུག་ལམ་གྱི་སྤང་བྱར་བཤད། །སྐབས་འདིར་ལམ་དུ་བཤད་པ་ནི། །རླུང་སེམས་དབུ་མར་ཚུད་པ་དང༌། །དེ་ལས་གཞན་པའི་ཁྱད་པར་རོ། །དེ་དེར་ཚུད་ནས་གཉིད་དང་ནི། །རྨི་ལམ་སྲིད་པ་མིན་ཅེ་ན། །མན་ངག་པ་ལ་གྲགས་པ་ཡི། །རྨི་ལམ་གཉིད་དང་དེའི་འོད་གསལ། །གང་ཡིན་ཁྱེད་ཀྱིས་ངོས་མ་ཟིན། །བར་དོའི་ལམ་གྱི་རྣམ་བཞག་ཚེ། །ཕལ་པ་དང་ནི་ཁྱད་པར་ཅན། །གཉིས་ཀྱི་རྣམ་དབྱེ་མ་ཕྱེ་ན། །འདིར་འཆད་བར་དོ་ངོས་མི་ཟིན། །ཁྱད་པར་ཅན་དེ་གང་ཞེ་ན། །འོད་གསལ་མངོན་སུམ་མཐོང་གྱུར་ནས། །རྐྱེན་གཞན་དབང་གིས་སྤྱོད་པ་གསུམ། །གང་རུང་ཙམ་ཡང་མ་གྲུབ་པར། །འཆི་བའི་འོད་གསལ་མངོན་བྱས་ཚེ། །དབུ་མར་ཚུད་པའི་རླུང་སེམས་ལས། །གང་གྲུབ་སྒྱུ་མ་ལྟ་བུའི་ལུས། །མངོན་དུ་གྱུར་པའི་ལུས་ཅན་དེ། །ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བ། །དེ་ཉིད་བར་དོའི་རྟེན་ལ་ནི། །འཚང་རྒྱ་བ་ཡི་རྣམ་བཞག་ཡིན། །རླུང་སེམས་དབུ་མར་མ་ཚུད་པའི། །རྣལ་འབྱོར་པའམ་ཕལ་པ་ཞིག །ཤི་ནས་བར་དོར་སྐྱེས་པའི་ཚེ། །དེ་ལ་དེ་ཉིད་དུ་ཤེས་ནས། །ལམ་ལ་སློབ་པར་བྱེད་དོ་ཞེས། །མན་ངག་པ་ཀུན་འཆད་མོད་ཀྱི། །སྐབས་འདིར་འཆད་པའི་བར་དོ་ཡི། །ལམ་གྱི་གཙོ་བོ་དེ་མ་ཡིན། །འཕོ་བ་དང་ནི་གྲོང་འཇུག་ཀྱང༌། །རླུང་སེམས་དབུ་མར་ཚུད་བཞིན་པས། །ཡིན་གྱི་གཞན་པས་ནམ་ཡང་མིན། །ཅི་ཕྱིར་ཞེ་ན་གཟུང་འཛིན་གྱི། །ལམ་ནས་འཕོས་པས་འཁོར་བ་ཡི། །ལམ་དུ་འཇུག་པ་ཉིད་ཡིན་ཕྱིར། །དབུ་མའི་ལམ་ནས་འཕོས་གྱུར་ན། །ཕལ་ཆེར་ཐར་པའི་ལམ་དུ་སྟེ། །ཐ་ནའང་ངན་འགྲོའི་ལམ་ཁེགས་ཕྱིར། །མངོན་པར་མཐོ་ལས་གཞན་མི་སྲིད། །གྲོང་དུ་འཇུག་པའང་རྣལ་འབྱོར་པའི། །གཟུང་འཛིན་ལམ་ནས་ཐ་མལ་པ། །གཞན་གྱི་གཟུང་འཛིན་ལམ་ཞིག་ཏུ། །འཇུག་ལ་དགོས་པ་ཅི་ཞིག་ཡོད། །དེར་མ་ཞུགས་ཀྱང་ཚེ་འཕོས་ནས། །འཁོར་བའི་ལམ་དུ་འཇུག་པར་སླ། །རླུང་སེམས་དབུ་མར་ཞུགས་པ་ཡི། །རྣལ་འབྱོར་རང་གི་རྣམ་སྨིན་ལུས། །ཚེ་བསྲིང་བྱེད་པར་མ་ནུས་ན། །གསང་སྔགས་ལམ་གྱི་རྟེན་གྱུར་པའི། །སྐྱེས་བུ་ཁམས་དྲུག་ལྡན་པའི་ལུས། །ཚེ་འཕོས་གྱུར་ཀྱང་ལུས་དེ་ཡི། །རྩ་ཁམས་མ་ཉམས་པ་ཞིག་གི །དབུ་མར་རང་གི་དབུ་མ་ནས། །འཕོས་པས་གཞན་གྱི་ལུས་ཅན་དེ། །རྣལ་འབྱོར་པར་ནི་སྔོན་བཞིན་འགྱུར། །རྟེན་དེ་ཉིད་ལ་རྣལ་འབྱོར་གྱི། །ལྷག་མ་མ་ལུས་ཀུན་བསྒྲུབས་ནས། །ཚེ་འདི་ཉིད་ལ་རྫོགས་སངས་རྒྱས། །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །སྐབས་འདིར་ས་སྐྱ་པཎ་ཆེན་གྱིས། །ནཱ་རོ་ཆོས་དྲུག་ཞེས་བྱའི་ཁྲིད། །མི་ལ་ཡན་ཆད་དེ་ལས་མེད། །ཞེས་པའི་དགོངས་པ་འཆད་ཟེར་བ། །མང་པོ་རང་དང་གཞན་གྱི་ནི། །གཞུང་ལུགས་ཇི་བཞིན་མི་ཤེས་པར། །རྨོངས་པས་སྦྱར་བའི་འཆལ་གཏམ་དག །དབྱངས་སུ་ལེན་པ་འདི་ལྟར་བྱུང༌། །མི་ལ་མན་ལ་གདམས་ངག་དེ། །གཏན་ནས་མེད་ཅེས་ཟེར་བ་དང༌། །ལ་ལ་དབང་བསྐུར་དང་འབྲེལ་བའི། །ཆོས་དྲུག་མི་ལ་མན་ཆད་དུ། །ཡོད་པ་མིན་ཞེས་ཟེར་བ་བྱུང༌། །རང་ཕྱོགས་ཉིད་ལ་ཞེན་པ་ཡི། །འདོད་པས་བཅིངས་པའི་རྗེས་འཇུག་དག །མཁས་པས་ཆོས་སྤོང་ལས་བསགས་ནས། །རང་གི་ཕྱོགས་ལ་སྨོད་མིན་ནམ། །འོ་ན་དགོངས་པ་ཅི་ཞེ་ན། །གྲུབ་ཆེན་རྡོ་རྗེ་རྒྱལ་པོ་ནི། །རྣལ་འབྱོར་དབང་ཕྱུག་བིརྺ་པའི། །ཆོས་ཀྱིས་ཐོག་མར་གྲོལ་གྱུར་ཀྱང༌། །ཕྱི་ནས་ཕྲིན་ལས་སྐྱོང་བའི་ཚེ། །ནཱ་རོ་པཎ་ཆེན་ཁོ་ན་ཡི། །བརྒྱུད་འཛིན་ཉིད་དུ་ཞལ་བཞེས་པ། །དེ་ལ་མཐིང་བསླད་མཛད་པའི་ཚེ། །ལམ་འབྲས་དང་ནི་ཕྱག་རྒྱ་ཆེ། །ནཱ་རོའི་བརྒྱུད་འཛིན་དེ་ཉིད་ལས། །བྱུང་བ་མིན་ཞེས་ཟེར་བ་ཡི། །དོགས་པ་ཁོང་ནས་བསླངས་གྱུར་ནས། །རྗེ་བཙུན་མི་ལ་ཡན་ཆད་དུ། །ནཱ་རོ་ཆོས་དྲུག་ཞེས་བྱའི་ཁྲིད། །དེ་ལས་གཞན་པའི་ལམ་འབྲས་སོགས། །བརྒྱུད་པ་དེ་ལ་ཡོད་མ་ཡིན། །གསུངས་པ་ཡིན་ནོ་གལ་ཏེ་ཡང༌། །ངེད་ཀྱིས་ལམ་འབྲས་མ་བསྒོམས་ཤིང༌། །བསྒོམས་ཀྱང་དེས་གྲོལ་མིན་ནོ་ཞེས། །ཟེར་ན་རང་གི་ལུགས་དང་འགལ། །ཞེས་པ་ས་སྐྱ་པཎ་ཆེན་གྱི། །དགོངས་པ་ཡིན་ནོ་གལ་ཏེ་ཡང༌། །མི་ལ་ཡན་ཆད་ལ་ཡོད་པའི། །དབང་དང་འབྲེལ་བའི་ཆོས་དྲུག་གི །དབང་དེ་གང་ཡིན་དྲི་བར་བྱ། །དེ་ངོ་ཤེས་ནས་དེ་འོག་ཏུ། །དབང་དེ་མེད་པའི་ཤེས་བྱེད་ཅི། །དེས་ན་རང་གི་རྒྱུད་པ་ལ། །ཞེན་པ་སྤང་བྱ་མ་ཡིན་མོད། །ལུང་དང་རིགས་པ་མེད་བཞིན་དུ། །ཆོས་སྤོང་བ་ནི་བསྲུང་བར་བྱ། །འོ་ན་གྲུབ་ཆེན་ཕག་གྲུ་པས། །རང་ཉིད་གྲོལ་བའི་ཆོས་དེ་ཡིས། །གཞན་དག་རྗེས་སུ་མི་འཛིན་ཅི། །ཞེ་ན་གདུལ་བྱའི་དབང་པོ་དང༌། །འཚམས་པའི་ཆོས་བསྟན་བྱ་ཕྱིར་དང༌། །འཇུག་པ་བདེ་ཞིང་རྟོགས་སླ་བའི། །ཆོས་ཀྱི་གཞན་སྨིན་མཛད་པ་ཡིན། །ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཟུང་འཇུག་འཁོར་ལོ་སྡོམ་པ་ཡི། །རིམ་པ་ལྔ་པའི་ཉམས་ལེན་གྱི། །རྩ་བ་འདི་ཞེས་ངོས་བཟུང་བྱ། །ཐོག་མར་ལུས་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་ཐོབ་པའི་བླ་མ་ནི། །འཁོར་ལོ་སྡོམ་པ་དངོས་ཉིད་ལས། །སྐབས་འདིའི་བྱིན་བརླབས་བླང་བྱ་བ། །ཚོགས་ཀྱི་འཁོར་ལོས་མཆོད་བྱས་པའི། །བླ་མའི་ཐུགས་ལས་ཟུང་འཇུག་གི །ཡེ་ཤེས་སློབ་མའི་སྙིང་ཁར་ནི། །མན་ངག་སྟོབས་ཀྱིས་བླང་བར་བྱ། །དེ་ཚེ་དེ་ལས་དེ་འཕོས་པའི། །ལུས་ངག་སེམས་ཀྱི་རྟགས་རྣམས་ནི། །རབ་དང་ཡང་རབ་འབྲིང་ཐ་མ། །ཤར་ན་བྱིན་བརླབ་ཐོབ་ཞེས་བྱ། །དེ་འདྲ་དེ་ལ་ཇི་སྐད་དུ། །གང་གི་དྲིན་གྱི་བདེ་ཆེན་ཉིད། །ཞེས་དང་བླ་མའི་བྱིན་བརླབས་ཀྱི། །སྐད་ཅིག་ཉིད་ལ་གྲོལ་ཞེས་གསུངས། །བྱིན་བརླབས་ཐོབ་པའི་སློབ་མ་དེས། །བླ་མའི་ཐུགས་ལས་གང་འཕོས་པའི། །བདེ་སྟོང་ཟུང་འཇུག་རབ་འབྲིང་མཐའ། །གང་འཕོས་དེ་ཡི་རྒྱུན་སྐྱོང་བའི། །རིམ་པ་ལྔ་པོ་འདིར་གསུངས་པ། །རེ་རེས་ཀྱང་ནི་མཐར་ཐུག་གི །གོ་འཕང་ཐོབ་པར་གསུངས་པ་ལས། །རེ་ཤིག་གཉིས་སུ་བསྡུ་བར་བྱ། །རང་བྱིན་བརླབས་པའི་རིམ་པ་དང༌། །སྣ་ཚོགས་རྡོ་རྗེའི་རིམ་པ་ཡིས། །ཕྱི་རོལ་ཡུལ་ལ་སེམས་འཕྲོ་བ། །ཐམས་ཅད་སྙིང་གི་ཐིག་ལེར་བསྡུ། །འདི་ཡིས་སྟོང་པ་སྒྲུབ་ཕྱིར་ཏེ། །གཟུང་འཛིན་རྟོག་པ་བཀག་ཕྱིར་རོ། །ནོར་བུ་འགེངས་པའི་རིམ་པ་ནི། །ཕྱག་རྒྱ་བཞི་པོ་ལ་བརྟེན་ནས། །བདེ་བ་སྒྲུབ་པ་ཞེས་བྱ་སྟེ། །འཛག་མེད་ནོར་བུ་འགེངས་ཕྱིར་རོ། །དེ་ལྟར་རིམ་པ་གསུམ་པོ་ཡིས། །སྟོང་པ་གྲུབ་པར་གྱུར་རྗེས་སུ། །བསྒྲུབས་པའི་བདེ་བ་ཟག་མེད་སྟེ། །རྣམ་པར་རྟོག་ཀུན་ཁེགས་ཕྱིར་རོ། །ཛ་ལེན་དྷ་རའི་རིམ་པ་ནི། །འབར་བའི་བདེ་བ་གང་བཟུང་བ། །བསམ་མི་ཁྱབ་པའི་རིམ་པ་ཡིས། །སྟོང་པ་ཉིད་དུ་ངོ་སྤྲོད་པས། །བདེ་བ་སྔོན་དུ་སོང་བ་ལ། སྟོང་པས་རྒྱས་གདབ་ཞེས་བྱར་བཤད། །སྟོང་པ་འདི་ཡང་གང་ཞེ་ན། །རིགས་པས་གཏན་ལ་འབེབས་པའི་ཚེ། །སྤྲོས་པའི་མཐའ་བཞི་དང་བྲལ་བའི། །རང་སྟོང་ཉིད་དུ་བཤད་ཀྱང་སླ། །སྒོམ་པས་བདེ་བ་ཉམས་མྱོང་ཚེ། །གཟུང་འཛིན་རྟོག་པ་ཀུན་བྲལ་བ། །གཞན་སྟོང་ཞེས་བྱར་མཁས་རྣམས་བཞེད། །བདེ་མཆོག་རིམ་ལྔའི་བསྡུས་པའི་དོན། །དྲིལ་བུ་ཞབས་གཞུང་ས་སྐྱ་པའི། །རྗེ་བཙུན་གྱིས་བཀྲལ་སྙིང་པོའི་དོན། །བཤད་པས་བདེ་ཆེན་གནས་ཐོབ་ཤོག།  །།ཤུ་བྷཾ།།  །། ༄༅། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཡེ་ཤེས་མཁའ་འགྲོ་ནི་གུ་མའི། །ཆོས་ཀྱི་ངོས་འཛིན་བཤད་པ་ལས། །གོ་རིམ་བདེ་བླག་རྟོགས་པར་བྱ། །ཐུན་མོང་མིན་པའི་སྔོན་འགྲོ་ཅིག །བཤད་པ་འདི་ཡང་མན་ངག་གི །ལུས་ཡོངས་རྫོགས་པ་ཅིག་ཡིན་ཏེ། །ཐབས་དང་ཤེས་རབ་ཀུན་ཚང་ཕྱིར། །བླ་མ་དང་ནི་རྡོར་སེམས་ཀྱི། །བསྒོམ་བཟླས་དོན་ཚང་ཨ་ཡིག་ལ། །དམིགས་རྩེ་གཏད་པས་བདག་མེད་པའི། །དོན་རྟོགས་སྡིག་སྒྲིབ་ཀུན་དག་འགྱུར། །དངོས་གཞི་ཆོས་ཚན་དྲུག་པོ་ནི། །ལམ་གྱི་རྟེན་དང་ལམ་དངོས་དང༌། །ཡན་ལག་གསུམ་དུ་བསྡུ་བར་བྱ། །གཏུམ་མོ་བདེ་དྲོད་རང་འབར་ནི། །ལམ་གྱི་རྟེན་ཡིན་འདི་མེད་ན། །ལུས་འདི་བདེ་སྟོང་རྟེན་མི་རུང༌། །འདི་ཡང་རླུང་གི་རྣལ་འབྱོར་ནི། །མཐར་ཕྱིན་པ་ལ་རག་ལས་ཏེ། །སྲོག་ཐུར་གཅིག་ཏུ་འདྲེས་པ་ཡི། །བུམ་པ་ཅན་མེད་འདི་མི་འབྱུང༌། །དེ་ཕྱིར་ཆོས་ཚན་དང་པོ་འདིར། །རླུང་གི་རྣལ་འབྱོར་ཁ་བསྐང་བྱ། །བུམ་པ་ཅན་ཡང་དབུ་མ་ཡི། །གནས་སུ་ཚུད་པ་གཙོ་བོ་སྟེ། །དེར་མ་ཚུད་པའི་བུམ་པ་ཅན། །དྲོད་ཙམ་འདྲེན་པའི་རྒྱུར་སྲིད་ཀྱང༌། །གཟུང་འཛིན་བྲལ་བའི་བདེ་བ་ནི། །འདྲེན་པར་ནུས་པ་མ་ཡིན་ནོ། །སྐབས་འདིར་གཏུམ་མོ་ཟས་ཟ་ཞེས། །བྱ་བ་བདེ་འདྲེན་ནུས་ལ་བརྗོད། །འབར་འཛག་དངོས་སུ་མ་གསུངས་ཀྱང༌། །ཤུགས་ལ་འགྲུབ་པ་ཉིད་ཅེས་བྱ། །ལམ་གྱི་དངོས་པོ་དུག་གསུམ་གྱི། །གཉེན་པོ་ཉིད་དུ་བསྒོམ་བྱ་བ། །མངོན་གྱུར་མགོ་ནོན་སྒྱུ་ལུས་དང༌། །དྲུང་ནས་འབྱིན་བྱེད་འོད་གསལ་ལོ། །དང་པོ་སྤྱིར་ནི་ཆོས་རྣམས་ཀུན། །སྒྱུ་མ་ཉིད་དུ་འཆར་བྱེད་དང༌། །བྱེ་བྲག་རང་ལུས་རྟེན་པར་བཅས། །སྒྱུ་མ་ཉིད་དུ་ཤར་བ་ལས། །ཆགས་སྡང་ངང་གིས་གྲོལ་བ་ན། །ཡེ་ཤེས་ལྷུན་གྱིས་གྲུབ་པར་འགྱུར། །སྐབས་འདིའི་སྒྱུ་ལུས་གཏུམ་མོ་ཡིས། །བསྒྲུབས་པའི་འཇའ་ལུས་ཉིད་དུ་ནི། །དངོས་སུ་བཤད་པ་མེད་མོད་ཀྱང༌། །གཏུམ་མོ་བདེ་དྲོད་རང་འབར་ནི། །མཐར་ཕྱིན་པ་ལས་འཇའ་ཚོན་ལུས། །གྲུབ་པས་ཆགས་སྡང་དབྱིངས་སུ་ཞི། །གཏུམ་མོ་རྣམ་རྟོག་གསོད་བྱེད་ཀྱི། །རང་སེམས་དབུ་མར་ཞུགས་པ་ན། །ཀུན་ལ་མཚན་མར་མི་འཛིན་པས། །སྒྱུ་མ་ལྟ་བུ་ངང་གིས་འཆར། །སྒྱུ་མར་ཞེན་ན་སྨན་ཉིད་ཀྱང༌། །དུག་ཏུ་སོང་དང་མཚུངས་གྱུར་པས། །འོད་གསལ་བ་ཡིས་དེ་སྦྱངས་པས། །གཏི་མུག་རང་སངས་ལྷུན་གྱིས་གྲུབ། །འོད་གསལ་ཞེས་པ་གཞི་ལམ་གྱི། །གནས་སྐབས་གཅིག་ཏུ་འདྲེས་པ་སྟེ། །གཞན་གྱིས་གཏི་མུག་དྲུངས་མི་འབྱིན། །དེ་ཡང་ཐོག་མར་གཟུང་འཛིན་དང༌། །བྲལ་བའི་ཞི་གནས་སྔོན་སོང་ནས། །འོད་གསལ་ཉམས་སུ་མྱོང་བའི་ཚེ། །ལྷག་མཐོང་མངོན་དུ་གྱུར་ཞེས་བྱ། །གཟུང་འཛིན་བྲལ་བས་བདག་མེད་ཀྱི། །དོན་གྲུབ་འོད་གསལ་ཉམས་མྱོང་ཚེ། །གཏི་མུག་རང་སར་དག་པ་ཡིན། །དེ་ལ་ལམ་གྱི་དངོས་པོ་དང༌། །འབྲས་བུ་ཉིད་དུ་རིམ་གྱིས་དབྱེ། །ལམ་གྱི་ཡན་ལག་བོགས་འདོན་དང༌། །ལེ་ལོ་ཅན་ལ་སྤོགས་ཆོག་དང༌། །འབྱོར་པས་དམན་འགའ་འབྲས་བུ་ལ། །སྦྱོར་ཚུལ་གསུམ་གྱི་བསྡུ་བར་བྱ། །རྨི་ལམ་ཉིང་འཁྲུལ་རང་དག་ནི། །ཚོགས་ཆེན་གཉིས་ཀྱི་བོགས་འདོན་སྟེ། །གཉིད་ཀྱི་འོད་གསལ་ཡེ་ཤེས་དང༌། །རྨི་ལམ་ནང་དུ་བསོད་ནམས་ཚོགས། །མང་པོ་རྫོགས་པར་སླ་ཕྱིར་རོ། །སད་པའི་འོད་གསལ་མ་མྱོང་བར། །གཉིད་ཀྱི་འོད་གསལ་མི་འགྲུབ་ཏེ། །རྒྱུ་མེད་པ་ལས་འབྲས་མི་འབྱུང༌། །གྲུབ་ནས་འོད་གསལ་འདི་ཡི་སྟོབས། །སྔ་མ་ལས་ལྷག་ཅི་ཡི་ཕྱིར། །ཞེ་ན་གཉིད་སད་འདྲེས་ཕྱིར་དང༌། །གཉིད་ཀྱི་འོད་གསལ་གཟུང་འཛིན་གྱི། །རྟོག་པ་འགོག་པར་སླ་ཕྱིར་རོ། །རྨི་ལམ་གཟུང་འཛིན་རྩ་དག་ཏུ། །རླུང་ཞུགས་པ་ལས་བྱུང་གྱུར་ཀྱང༌། །འོད་གསལ་དབུ་མའི་ནང་ཉིད་དུ། །རླུང་སེམས་འདུས་པ་ལས་བྱུང་ངོ༌། །དེ་ཕྱིར་རྨི་ལམ་ཉིང་འཁྲུལ་དང༌། །འོད་གསལ་འཁྲུལ་པ་མེད་པ་ཡིན། །རྨི་ལམ་ངང་དུ་ཞིང་སྦྱོང་དང༌། །སངས་རྒྱས་མཆོད་དང་སེམས་ཅན་ནི། །སྨིན་པར་བྱེད་པ་ཆེས་སླ་སྟེ། །སད་ཚེ་ནམ་ཡང་མི་འགྲུབ་པ། །རྨི་ལམ་ཉིད་དུ་འགྲུབ་ཕྱིར་རོ། །རྨི་ལམ་ངང་དུ་གང་བྱུང་བ། །དེས་དེའི་གོ་མི་ཆོད་སྙམ་ན། །འཇིག་རྟེན་པ་ལ་མི་ཆོད་ཀྱང༌། །མཁས་ལ་ཤིན་ཏུ་གོ་ཆོད་དེ། །སྲིད་ཞི་མཉམ་པ་ཉིད་རྟོགས་ནས། །སད་རྨི་ཁྱད་པར་མེད་ཕྱིར་རོ། །དེ་ཕྱིར་རྨི་ལམ་བཟུང་སླ་བས། །ངེས་པར་ཟིན་པ་ཉིད་དུ་བྱ། །འོད་གསལ་རྟོགས་པ་སྔོན་སོང་བའི། །རྨི་ལམ་སྣང་བ་གང་ཤར་བ། །དེ་ལ་ཉིང་འཁྲུལ་རང་དག་ཅེས། །ཟེར་ཏེ་འཇིག་རྟེན་ཕལ་པ་ཡི། །རྨི་ལམ་དག་དང་མི་མཚུངས་ཕྱིར། །མི་མཚུངས་པ་དེ་ཅི་ཞེ་ན། །དང་པོ་གཟུང་འཛིན་རྩར་ཞུགས་པའི། །རླུང་གིས་འཇིག་རྟེན་ལྷན་སྐྱེས་ཀྱི། །སེམས་ཀྱང་མང་དུ་སླད་ཕྱིར་དང༌། །གཉིས་པ་དབུ་མར་ཞུགས་སེམས་ཀྱིས། །ཡེ་ཤེས་སྣང་བ་སྣ་ཚོགས་པ། །སྤྲོ་ནུས་ཕྱིར་དང་སྤྲོས་མེད་ཀྱི། །ངང་ལ་མཉམ་པར་འཇོག་ནུས་ཕྱིར། །དཔེར་ན་མཁའ་ལ་ཟླ་སྣང་བ། །གདོད་ནས་འཁྲུལ་ཞིང་ཆུ་ནང་དུ། །དེ་སྣང་ཡང་འཁྲུལ་ཡིན་མོད་ཀྱི། །རྣལ་འབྱོར་སྟོབས་ཀྱི་མུན་ཁང་གི །མཁའ་ལ་ཟླ་བ་ཤར་སྣང་བ། །དེ་ཚེ་འཁྲུལ་སྣང་གཉིས་ཀ་ཡང༌། །རང་སང་དག་པ་ཡིན་པའི་ཕྱིར། །དཔེ་འདི་ཉིད་ཀྱི་སྒོ་ནས་ནི། །ཉིང་འཁྲུལ་རང་དག་ཤེས་པར་བྱ། །འཕོ་བ་མ་སྒོམས་འཚང་རྒྱ་ནི། །བརྩོན་འགྲུས་ཞན་ལ་སྤོགས་ཆོག་སྟེ། །རང་སེམས་དབུ་མའི་ནང་དུ་ནི། །མ་ཚུད་པ་ལ་འདི་མི་འབྱུང༌། །གཟུང་འཛིན་རླུང་ལ་ཞོན་པ་ཡི། །སེམས་ནི་འཁོར་བ་ལས་མི་འདའ། །ཡེ་ཤེས་རླུང་ལ་ཆིབས་པ་ཡི། །སེམས་ནི་རིག་འཛིན་གནས་སུ་སྟེ། །གནས་དེར་ཐབས་ལམ་ཟབ་མོ་དང༌། །འཇལ་ནས་མྱུར་དུ་སངས་རྒྱ་བར། །དགོངས་ཀྱི་དེ་ལས་གཞན་དུ་ནི། །ཚོགས་ཆེན་གཉིས་པོ་ཚུལ་བཞིན་དུ། །རྫོགས་པ་སྔོན་དུ་མ་སོང་བར། །སངས་རྒྱས་སྲིད་པ་མ་ཡིན་ནོ། །བར་དོ་རྒྱལ་བ་ལོངས་སྐུ་ནི། །འོད་གསལ་སྟོབས་ཀྱིས་སྟོང་པ་ཉིད། །རྟོགས་ཤིང་ཡེ་ཤེས་ཚོགས་བསགས་ཀྱང༌། །རྣམ་པར་གཡེང་དང་འབྱོར་པ་ཡི། །སྟོབས་ཆུང་བ་ལས་བསོད་ནམས་ཚོགས། །བདེ་བ་ཆེན་པོ་ཚུལ་བཞིན་དུ། །རྫོགས་པར་བསྒྲུབ་མ་ནུས་པ་འགའ། །བདེ་སྟོང་ཟུང་དུ་འཇུག་པ་ཡི། །ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ། །ཚེ་འདི་ཉིད་ལ་མ་གྲུབ་པ། །འཆི་ཁར་འོད་གསལ་མངོན་གྱུར་ནས། །དབུ་མའི་རླུང་གི་བཞོན་པ་ཅན། །ཐ་མལ་བར་དོའི་གཟུགས་དང་ནི། །འདྲ་མཚུངས་པ་ཞིག་མངོན་གྱུར་ནས། །ཚེ་སྔ་མ་ལ་མན་ངག་རྣམས། །ཤེས་དང་གོམས་པའི་སྟོབས་དྲན་ནས། །ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་དུ་བྱེད་པའི་ཚུལ་དེ་ནི། །ཁམས་དྲུག་ལྡན་པའི་ལུས་རྟེན་ལ། །བྱེད་ལས་ཤིན་ཏུ་སླ་བ་སྟེ། །འདི་ནི་ཡེ་ཤེས་འབའ་ཞིག་པའི། །ལུས་རྟེན་ཉིད་ལ་ཡིན་ཕྱིར་རོ། །ཆོས་ཉིད་མངོན་སུམ་དུ་རྟོགས་ཀྱང༌། །སྤྱོད་པ་གསུམ་པོ་མ་གྲུབ་པས། །བར་དོའི་རྟེན་ལ་ཁ་སྦྱོར་སྐུ། །མངོན་དུ་བྱེད་པ་མི་རིགས་ཏེ། །སྤྱོད་པ་ཁམས་དྲུག་ལྡན་ལུས་ལ། །ཡིན་གྱི་བར་དོ་རླུང་སེམས་ཙམ། །ཡིན་ཕྱིར་སྐྱེ་བ་གཞན་རྒྱུད་དགོས། །ཟེར་བ་བྱུང་མོད་དེ་མི་འཐད། །སྤྱོད་པས་འཚམས་སྦྱོར་བྱེད་དགོས་པ། །ཚེ་གཅིག་ཉིད་ལ་འཚང་རྒྱའི་དོན། །བདེན་མཐོང་འཚང་རྒྱ་མ་ནུས་པ། །བར་དོར་བདེ་ཆེན་ལྷུན་གྱིས་གྲུབ། །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི། །རྣལ་འབྱོར་བཞི་ཡི་རིམ་པ་ནི། །སྔོན་དུ་འགྲོ་བའི་རྣལ་འབྱོར་དང༌། །དངོས་གཞིའི་རྣལ་འབྱོར་རྣམ་གསུམ་མོ། །སྔོན་འགྲོ་སྤྱི་དང་མཐུན་པར་ནི། །བསོད་ནམས་ཚོགས་ཆེན་བསགས་བྱས་ནས། །དངོས་གཞིའི་ཐོག་མར་ཡེ་ཤེས་ཀྱི། །ཚོགས་སོག་སྔོན་དུ་བཏང་བྱས་ཏེ། །བཅོམ་ལྡན་དཔའ་བོ་གཅིག་པ་ཡི། །བསྐྱེད་རིམ་གསལ་སྣང་མཆེད་བྱས་ནས། །རྭ་རྩེ་གཉིས་སུ་བྱང་སེམས་ཀྱི། །ཐིག་ལེ་བཀྲག་ཅིང་འཚེར་བ་བསམས། །དེ་ནས་ཐིག་ལེ་བ་ཐག་ཙམ། །མགྲིན་པར་འདུས་པ་སྙིང་ག་ཡི། །འཇམ་དབྱངས་གུར་ཀུམ་གཞོན་ནུ་ལ། །ཐིམ་སྟེ་བདེ་བས་ལུས་གང་བ། །འཛིན་མེད་ཉིད་དུ་གནས་པར་བྱ། །དེ་ལྟར་སྐུ་ཡི་རྡོ་རྗེ་ནི། །གྲུབ་ནས་བརྟན་པོར་བྱ་བ་ཡི། །མཚན་མོ་དུར་ཁྲོད་གནས་སུ་ནི། །འཇིགས་པ་མེད་པར་རྒྱུ་ཞིང་བསྒོམ། །བུམ་པའི་དབང་དང་འབྲེལ་བ་ཡི། །རྫོགས་རིམ་དེ་ལྟར་གོམས་བྱས་ནས། །གསང་བའི་དབང་དང་འབྲེལ་བ་ཡི། །གསུང་གི་རྡོ་རྗེ་སྒྲུབ་པར་བྱ། །རྡོ་རྗེའི་བཟླས་པ་སྔོན་འགྲོ་བས། །རླུང་གི་རྣལ་འབྱོར་འབྱོངས་པ་ན། །རྩ་གསུམ་པོ་དང་འཁོར་ལོ་བཞི། །གསལ་གདབ་གཏུམ་མོའི་འབར་འཛག་གི །རང་བྱིན་བརླབ་པ་གོམས་པར་བྱ། །དེ་ནས་གསུམ་པའི་དབང་དང་ནི། །འབྲེལ་བའི་མཚན་མ་གྱེན་འགྲེང་གི །རྡོ་རྗེ་རོ་ལངས་མར་བཅས་པའི། །ཡེ་ཤེས་གྲུབ་ནས་བདེ་བ་དང༌། །སྟོང་པ་ཟུང་དུ་འཇུག་པ་ནི། །གོམས་པས་རིམ་གཉིས་མཐར་ཕྱིན་ཏེ། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་ཡི། །གོ་འཕང་མྱུར་དུ་ཐོབ་པར་ཤོག །གྲུབ་ཆེན་ཨ་མོ་གྷ་བཛྲ། །དེ་ཡིས་སྐྱོ་སྟོན་འོད་འབྱུང་ལ། །དེ་ནས་རྒྱུད་དེ་འབྲི་ཁུང་གི །ལོ་ཙྪ་ནས་རྒྱུད་མཐུ་སྟོབས་ཀྱི། །དབང་ཕྱུག་དགེ་བ་རྒྱལ་མཚན་ལས། །བྱུང་བ་ལེགས་པའི་བློ་ཡིས་སྦྱར། །འདི་ཡང་སེམས་དཔའ་བྲག་དཀར་བས། །གསོལ་བ་བཏབ་པའི་ངོར་ཡིན་ནོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི། །ལྷ་ལྔའི་དཀྱིལ་འཁོར་ཡོངས་རྫོགས་པར། །དབང་བསྐུར་ཐོབ་པའི་བསྒྲུབ་པ་པོས། །སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ནི། །བླ་མ་རྡོ་རྗེ་འཛིན་ཉིད་ལ། །བྱིན་བརླབས་ཞུས་ནས་དེར་སྐྱེས་པའི། །ཡེ་ཤེས་ཐུན་བཞིར་ཉམས་ལེན་བྱ། །འདི་ནི་ལམ་འབྲས་ལས་གསུངས་པའི། །ལམ་ཟབ་རྣལ་འབྱོར་ཇི་བཞིན་པ། །གདོད་ནས་གྲུབ་པའི་ཡེ་ཤེས་ནི། །བྱིན་རླབས་དུས་སུ་མངོན་གྱུར་པ། །དེ་ཉིད་དཔེ་ཡི་ཡེ་ཤེས་སྟེ། །རྒྱུན་དུ་སྐྱངས་པས་འཆི་ཀ་འམ། །བར་དོ་ཚུན་ཆད་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་མངོན་དུ་འགྱུར། །སྐབས་དེར་ཤིན་ཏུ་སྤྲོས་མེད་ཀྱི། །ཡེ་ཤེས་མྱུར་དུ་སྐྱེ་དཀའ་བ། །དེ་ལ་སྤོགས་པའི་ཆོ་ག་ནི། །རྣམ་རྟོག་འོད་གསལ་ཞེས་བྱ་བ། །བྱིན་བརླབས་རྒྱུན་གྱི་རྣལ་འབྱོར་གྱིས། །ལུས་སེམས་སྦྱངས་པའི་རྣལ་འབྱོར་པས། །ཕྱི་རོལ་ཡུལ་གྱི་གཡེང་བ་ཀུན། །བུ་ག་དགུ་ནས་ནང་དུ་བསྡུ། །ཡུལ་ཅན་རྣམ་པར་རྟོག་པ་ལ། །བསྲེས་ནས་མར་མེ་ལྟར་གསལ་བ། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །གྱེན་དུ་འཕུར་ཞིང་མཐུར་དུ་ནི། །འདྲིལ་བར་ཡང་ཡང་ཡང་བསམས་ནས། །སྙིང་གའི་དཀར་ནག་འཚམས་ཕྱེ་སྟེ། །དམར་ཞིང་འདྲིལ་བ་ནམ་མཁའ་ལ། །སྐར་མདའ་ལྟ་བུར་ཆེར་སོང་ནས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །འགྲམ་དུ་རེ་ཞིག་ཆེར་གསལ་བ། །དེ་ནས་ནམ་མཁའི་དབྱིངས་དང་ནི། །གཅིག་ཏུ་བསྲེས་པས་རང་རིག་པའི། །བདེ་བ་ཆེན་པོ་ཉིད་འགྱུར་གྱི། །ཆད་པའི་སྟོང་པར་སོང་མིན་ནོ། །དེ་ཚེ་རྣམ་རྟོག་དང་བྲལ་བའི། །ལུས་དེ་བྱ་སྒྲོ་རླུང་གིས་ནི། །བཏེག་པ་ལྟ་བུར་བདེ་བ་ཅན། །དག་པའི་ཞིང་དུ་བསྲེས་པར་བསམས། །མཉམ་བཞག་དེ་ལས་མྱུར་ལངས་ཏེ། །རྣམ་རྟོག་འོད་གསལ་བསྒོམ་པ་ཡི། །དགེ་བ་གཤིན་རྗེ་གཤེད་པོར་བསྔོ། །ཤིན་ཏུ་སྤྲོས་མེད་མན་ངག་འདི། །དབང་བསྐུར་བཞི་པའི་ཉམས་མྱོང་གི །མཐར་ཐུག་ཡིན་ནོ་ཚེ་གཅིག་ལ། །གཤེད་པོའི་གོ་འཕང་རྙེད་འདོད་ན། །གསང་བའི་དབང་དང་གསུམ་པ་ཡི། །རྣལ་འབྱོར་ཉམས་སུ་བླང་བྱའི་ཕྱིར། །རང་བྱིན་རློབ་པའི་རིམ་པ་དང༌། །རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་ཞེས། །བྱ་བའི་མིང་ཅན་ལམ་འབྲས་ཀྱི། །ཤེས་རབ་ཡེ་ཤེས་དབང་བསྐུར་གྱི། །ཉམས་ལེན་དག་དང་ཅིག་ཏུ་བསྒྲུབ། །དེ་སྐད་འདི་ཡང་བྲག་དཀར་བས། །གསོལ་བ་བཏབ་ངོར་བཀྲ་ཤིས་སོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ། །བླ་མ་རྒྱུད་པའི་མན་ངག་གི །རྣལ་འབྱོར་རྒྱུད་ཀྱི་རྗེ་འབྲང་ནས། །བསྐྱེད་རིམ་ཡན་ལག་བཞི་རྫོགས་དང༌། །རྫོགས་རིམ་ཕར་ཕྱིན་ཐེག་པ་ཡི། །ཞི་ལྷག་ཟུང་དུ་འབྲེལ་བ་དང༌། །འཕོ་བ་རྣལ་འབྱོར་བླ་མེད་བཞིན། །ཐུན་མོང་ཐུན་མོང་མིན་པ་ཡི། །སྔོན་འགྲོ་རྣལ་འབྱོར་བླ་མེད་པའི། །ཉམས་ལེན་སྤྱི་དང་མཐུན་པ་ཡང༌། །གོང་མའི་མན་ངག་དག་ལས་བྱུང༌། །བསྐྱེད་རིམ་མངོན་པར་བྱང་ཆུབ་ལྔ། །རྗེས་མཐུན་པ་འདིས་འཁོར་བ་ཡི། །མངལ་སྐྱེས་ལ་སོགས་སྐྱེ་བའི་གནས། །མ་ལུས་སྦྱོང་བར་ནུས་བྱས་ནས། །སྐུ་ཡོངས་རྫོགས་པའི་བྱང་ཆུབ་ཀྱིས། །ཐ་མལ་རྣམ་རྟོག་མ་ལུས་སྤོང༌། །རང་སྙིང་སྒོ་ང་ལྟ་བུར་ནི། །བསམ་པ་སྟོང་བའི་བྱང་ཆུབ་སྟེ། །དེ་ནང་པདྨ་ཟླ་བ་དང༌། །ཕྱག་མཚན་གྱི་ནི་ཁུ་རྡུལ་དང༌། །བར་དོའི་རྣམ་ཤེས་ཉིད་སྦྱོང་བྱེད། །དེ་ལས་འོད་ཟེར་ཆེར་འཕྲོས་པས། །སྣོད་བཅུད་མ་ལུས་དམིགས་མེད་དུ། །བྱས་པས་ཡེ་ཤེས་ཚོགས་ཆེན་རྫོགས། །ཚུར་འདུས་པ་ལས་དམ་ཚིག་པའི། །སྒོ་གསུམ་སྐྱེ་མཆེད་བྱིན་བརླབས་ཏེ། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་བ། །ཚང་བས་སྤྱན་རས་གཟིགས་དབང་གི །གཟུགས་སྐུ་ལྷུན་གྱིས་གྲུབ་པའོ། །སྔགས་བཟླས་པ་དང་བྱང་ཆུབ་སེམས། །ཞི་ལྷག་ཟུང་དུ་སྦྲེལ་བ་ལས། །ཆོས་ཀྱི་སྐུ་ལས་ཐག་མི་རིང༌། །འཕོ་བ་སྦྱོང་དང་ལས་ལ་སྦྱར། །ཐོག་མར་རྩ་གསུམ་གསལ་བཏབ་ནས། །རླུང་སེམས་དབུ་མ་ཉིད་དུ་གཞུག །དེར་མ་ཞུགས་པའི་འཕོ་བ་ནི། །ངལ་བ་འབྲས་བུ་དོན་མེད་དོ། །དེ་ཕྱིར་རྩ་གསུམ་འདུས་མདོར་ནི། །ཆོས་འབྱུང་ནང་གི་ཟླ་བ་ལ། །རང་སེམས་འོད་ཟེར་ལྔ་པ་བསམ། །དབུ་མའི་ནང་གི་སྙིང་གར་ནི། །ཡི་དམ་ཐུགས་རྗེ་ཆེན་པོ་བསྒོམ། །ཚངས་པའི་བུ་གའི་གཡས་གཡོན་དུ། །བླ་མ་འོད་དཔག་མེད་པ་ཡི། །ཞབས་ཀྱི་མཐིལ་གཉིས་གཞག་པར་བསམ། །འོག་རླུང་ཅུང་ཟད་འཐེན་པ་ལས། །སེམས་ལས་འོད་ཟེར་སྔོན་པོ་གཅིག །འཕར་ནས་སྙིང་གའི་ཡི་དམ་ལ། །གཡས་སུ་བསྐོར་ནས་སྤྱི་གཙུག་གི །ཧཾ་ལ་ཐུག་པས་ཚངས་སྒོ་ཕྱེ། །སླར་ལོག་སྔར་གྱི་གནས་སུ་ཐིམ། །སླར་ཡང་འོད་ཟེར་དམར་པོ་སོགས། །འཕར་བསྡུད་སྔ་མ་ལྟར་བྱས་ནས། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །རྟགས་ཐོན་མ་གྱུར་བར་དུ་བསྒོམ། །རྟགས་ཐོན་གྱུར་ཚེ་བཏང་སྙོམས་བྱ། །ཚེ་གྲུབ་པའི་མཆོག་ཏུ་འགྱུར། །དེ་སྐད་འདི་ཡང་བྲག་དཀར་བས། །གསོལ་བ་བཏབ་ངོར་བཀྲ་ཤིས་སོ།།  །།ཤུ་བྷཾ།།  །།  ༄༅། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །མ་གཅིག་གྲུབ་པའི་རྒྱལ་མོ་ཡིས། །གྲུབ་པའི་མགོན་པོ་ཚེ་དཔག་མེད། །བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། །ཐོ་རངས་དུས་སུ་སྐྱབས་འགྲོ་དང༌། །སེམས་བསྐྱེད་སྟོང་པ་ཉིད་བསྒོམས་ནས། །སྨིན་འཚམས་ཐད་ཀྱི་ནམ་མཁའ་ལ། །པད་ཉིའི་སྟེང་དུ་ཧྲཱིཿདམར་པོ། །དེ་ལས་འོད་འཕྲོས་ནམ་མཁའི་ཁམས། །ཀུན་ཁྱབ་སེམས་ཅན་སྡིག་སྒྲིབ་སྦྱངས། །ཚུར་འདུས་ཚེ་དཔག་མེད་མགོན་པོ། །བཞེངས་ཏེ་ཐུགས་གར་ཐལ་སྦྱར་བའི། །དབུས་གནས་འཆི་མེད་བདུད་རྩི་ཡིས། །ཁེངས་པའི་ལྷུང་བཟེད་ཐུགས་གར་འཛིན། །དར་དང་རིན་ཆེན་རྒྱན་སྤྲས་ཤིང༌། །ཟུར་ཕུད་ལྔ་ལྡན་སྤྱི་གཙུག་གི །རལ་པས་རྟིང་པའི་བར་དུ་སླེབ། །གནས་གསུམ་པོའི་ཡི་གེ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཏེ། །དབང་བསྐུར་རིགས་ལྔས་དབུ་བརྒྱན་ནོ། །དེ་ནས་རླུང་རོ་གཅིག་བསལ་བས། །ལྷུང་བཟེད་ལ་ཕོག་དེའི་རྐྱེན་གྱིས། །བདུད་རྩི་འཕྱུར་ཞིང་བབས་པ་རྣམས། །རང་གི་ཁ་སྣ་བ་སྦུ་ཡི། །བུ་ག་རྣམས་སུ་སིམ་གྱུར་པའི། །དམིགས་པས་རྔུབ་པར་གང་ནུས་དང༌། །སྟེང་རླུང་མནན་ཞིང་འོག་རླུང་ཡང༌། །འཐེན་ཏེ་བུམ་པ་ཅན་སྒྲུབ་བྱ། །དེ་ལྟར་བུམ་པ་ཅན་གསུམ་དང༌། །གཟུངས་སྔགས་སུམ་བརྒྱ་སྤེལ་བྱས་ནས། །མི་སྐྱོའི་བར་དུ་བསྒྲུབ་པར་བྱ། །དེ་ལྟར་ཞག་བདུན་བསྒྲུབས་པ་ཡིས། །ཚེ་ཟད་པ་ཡང་ཟླ་བ་བདུན། །ཟླ་བ་བདུན་དུ་ཐུན་གཅིག་པོ། །ཆག་མེད་གྱུར་ན་ཚེ་ཟད་པའང༌། །ལོ་བརྒྱར་འཚོ་བ་ཡིན་ཞེས་གསུངས། །སྔགས་ཀྱི་མགོ་འདྲེན་ཨོཾ་ཡིན་ཏེ། །ཨ་མ་ར་ཎི་འཆི་བ་མེད། །ཛཱི་ཝནྟི་ཞེས་སྲོག་གི་རྒྱུན། །ཡེ་སྭཱཧཱ་ནི་གཞི་ཚུགས་ཤིག །དཔའ་བོ་གྲུབ་པའི་རྒྱུད་ལས་གསུངས། །འདི་ཡང་སེམས་དཔའ་བྲག་དཀར་བའི། །ཞལ་ངོར་ལེགས་པའི་བློ་ཡིས་སྦྱར། །སླར་ཡང་ཆོས་ཚན་བཅུ་གསུམ་པོའི། །འབྲི་པོ་རྐོང་དབོན་ཆོས་རྒྱལ་ལོ།།  །།  ༄༅། །སྭསྟི། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །བསྔོ་བ་དང་ནི་སྨོན་ལམ་གྱི། །ཁྱད་པར་སྔོན་དུ་གང་བཤད་པ། །བསྔོ་བ་གང་ཡིན་སྨོན་ལམ་སྟེ། །སྨོན་ལམ་ཐམས་ཅད་དེར་མ་ངེས། །གནས་དང་གནས་མ་ཡིན་པ་ཡི། །སྨོན་ལམ་དབྱེ་བ་རྣམ་པ་གཉིས། །བསྔོ་རྒྱུའི་རྫས་ཅན་སྨོན་ལམ་གྱིས། །གཞན་དུ་འགྱུར་ན་བསྔོ་བ་སྟེ། །བསྔོ་མི་དགོས་དང་བསྔོས་གྱུར་ཀྱང༌། །མི་འགྱུར་བསྔོ་བ་དོན་མེད་དེ། །དེ་འདྲ་སྨོན་པས་སྨོན་བྱེད་པ། །སྨོན་ལམ་དོན་མེད་མ་ཡིན་ནོ། །གང་གིས་བསྔོ་དང་གང་དུ་དང༌། །ཇི་ལྟར་བསྔོ་བ་གསུམ་བཤད་བྱ། །དང་པོ་དགེ་རྩ་བྱེད་པོ་ཉིད། །ཡིན་གྱིས་གཞན་པས་དེ་མི་བསྔོ། །དེས་དེ་འགྲུབ་ན་འབད་མེད་དུ། །གྲོལ་བར་འགྱུར་དང་རང་ཉིད་ཀྱི། །མ་བསྔོས་ཉེས་པ་ཀུན་གྲོལ་འགྱུར། །དེ་ལྟ་མོད་ཀྱི་གཞན་དག་གིས། །བྱས་པའི་དགེ་ལ་ཡི་རང་བ། །རང་གི་བསྔོ་རྒྱུའི་དགེ་བར་ནི། །གང་བཤད་དེ་ཡང་རང་གིས་བྱས། །གཉིས་པ་མངོན་པར་མཐོ་བ་དང༌། །ངེས་ལེགས་དབྱེ་བའང་རྣམ་པ་གསུམ། །ངེས་ལེགས་མཆོག་ཏུ་བསྔོས་གྱུར་ན། །མངོན་པར་མཐོ་བ་ཞར་ལ་འགྲུབ། །དམན་པའི་ངེས་ལེགས་སུ་བསྔོས་ན། །མངོན་པར་མཐོ་དང་འགལ་འགྱུར་ཏེ། །འཁོར་བ་སྤོང་དང་མི་སྤོང་བའི། །ངེས་ལེགས་གཉིས་ཀྱི་དབྱེ་བས་སོ། །མུ་སྟེགས་བྱེད་ཀྱིས་གང་བསྔོས་པ། །སྲིད་པའི་རྩེ་ལས་འདའ་མི་སྲིད། །བདག་ཏུ་ལྟ་བས་རྨོངས་གྱུར་པའི། །སངས་རྒྱས་པ་འགའི་བསྔོ་བ་ཡང༌། །མྱ་ངན་འདས་སུ་བསྔོ་མིན་ཏེ། །མུ་སྟེགས་བྱེད་པའི་བསྔོ་བ་བཞིན། །རང་ཉིད་སངས་རྒྱས་སུ་གྱུར་ཞེས། །བསྔོ་བར་བྱེད་པོས་བདག་ཁས་བླངས། །བྱས་པའི་ཚེ་ན་མུ་སྟེགས་བཞིན། །བཏགས་པ་ཙམ་གྱིས་ང་ཉིད་ནི། །བློ་ཡིས་མི་དམིགས་པར་བྱས་ནས། །དོན་དམ་པ་དེ་སངས་རྒྱས་སུ། །གྱུར་ཞེས་སྨོན་པར་བྱེད་དེ་ཡང༌། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཙམ། །ཡིན་མོད་བསྔོ་བར་མི་འགྱུར་ཏེ། །བདེ་གཤེགས་སྙིང་པོ་བསྔོ་རྒྱུ་ཡི། །རྫས་སུ་རུང་བ་མིན་ཕྱིར་རོ། །རྒྱས་འགྱུར་རིགས་ཀྱིས་གསོས་བཏབ་པའི། །རང་བཞིན་གནས་རིགས་མྱང་འདས་སུ། །སྨོན་ལམ་བཏབ་པས་ལྷག་མེད་ཚེ། །དགེ་རྩ་མ་ལུས་ཟད་པར་འགྱུར། །དེ་ཉིད་རྫོགས་པའི་སངས་རྒྱས་སུ། །སྨོན་ལམ་བཏབ་པས་སངས་རྒྱས་ཚེ། །མི་ཟད་བརྒྱད་ཅུ་མངོན་དུ་འགྱུར། །གསུམ་པ་ཇི་ལྟར་བསྔོ་བ་ནི། །དོན་དམ་དཔྱོད་བྱེད་རིགས་པ་དང༌། །དེ་ཡིས་དྲངས་པའི་ཡེ་ཤེས་ངོར། །འཁོར་གསུམ་མི་དམིགས་པར་བྱས་ནས། །བསྔོ་བར་བྱེད་དོ་གང་ཟག་ཏུ། །དམིགས་ན་ཐར་པར་མི་འགྱུར་ཞིང༌། །ཆོས་སུ་དམིགས་ན་ཀུན་མཁྱེན་དུ། །བྱེད་པའི་བསྔོ་བར་འགྱུར་མི་སྲིད། །དེ་ལྟ་མོད་ཀྱི་རྣམ་ཤེས་ངོར། །འཁོར་གསུམ་སྣང་ཆ་མ་དོར་བས། །བསྔོས་ན་ཉན་ཐོས་སུ་སྨོན་ཡང༌། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །བསྔོ་བ་རྣམ་པར་བཞག་པ་ཡི། །ཚིགས་སུ་བཅད་པ་འདི་གྲུབ་པས། །སྦྱིན་པོ་རྣམས་ཀྱིས་ཡོན་ཕུལ་བ། །ངེས་པར་དོན་ཡོད་ཉིད་དུ་འགྱུར།།  །།  ༄༅། །ཨོཾ་སྭསྟི་སིདྡྷཾ། ཆོས་ཚན་བརྒྱ་དང་བརྒྱད་པོ་ནི། །ཐོག་མཐའ་བར་དུ་དགེ་བ་ཡི། །རྒྱན་མང་པོས་ནི་སྤྲས་པ་ན། །ཐུབ་པའི་གསུང་བཞིན་ཡིད་དུ་འོང༌། །དེ་ལྟར་སྦྱར་བས་ཆོས་དང་ནི། །ཆོས་མིན་རྣམ་པར་འབྱེད་མཁས་པ། །མང་པོས་ཐུབ་པའི་བསྟན་པ་ནི། །ལང་འཚོ་ཉིད་དུ་བྱེད་པར་ཤོག །འཕྲོག་བྱེད་རྐང་པའི་དུག་གིས་ནི། །ལན་བརྒྱར་སྔགས་པའི་ལམ་གསུམ་པ། །བདུད་རྩིར་བྱེད་པའི་མུ་སྟེགས་ཅན། །ཐམས་ཅད་ཆོས་ཀྱི་ངོམ་བྱེད་ཤོག །ཆོས་ཚན་བརྒྱ་དང་བརྒྱད་པོ་ཡི། །དངུལ་དཀར་མེ་ལོང་དྭངས་པ་ལ། །ཆོས་དང་ཆོས་མ་ཡིན་པ་ཡི། །གཟུགས་བརྙན་གསལ་བར་ཤར་བ་ན། །དེ་དང་དེ་ཡི་རྣམ་དབྱེ་ལ། །མཁས་རྣམས་དགའ་བ་བསྐྱེད་པར་ཤོག །མཁས་གང་ཉིན་བྱེད་གསལ་པོ་ནི། །ཕྲ་དོག་སྤྲིན་གྱིས་མི་འགྲིབ་ཅིང༌། །བཙུན་པོའི་དཔག་བསམ་ཉོན་མོངས་པའི། །འཁྲིལ་ཤིང་བདེ་བས་མ་བཅིངས་པར། །ནམ་ཡང་སྦྲུལ་གྱི་སྙིང་པོ་ཅན། །མིན་པའི་ཙནྡན་ལྗོན་ཕྲེང་གི །ལོ་འབྲས་ཕྱོགས་བཅུར་རྒྱས་པ་ཡི། །རྩེ་མོ་མཁའ་ལ་རེག་པར་ཤོག །དེ་ལྟར་མཁས་བཙུན་བཟང་པོ་ཡི། །ཉི་མ་དང་ནི་ཟླ་བ་དང༌། །རྒྱུ་སྐར་ཚོགས་པའི་རྒྱན་ཕྲེང་གིས། །མཚན་ཡང་ཉི་མ་ལྟར་བྱས་ཤིང༌། །ཉིན་ཡང་སྤྲིན་གྱིས་མི་བསྒྲིབ་པར། །ཐུབ་བསྟན་མར་ངོ་ཟད་གྱུར་ནས། །ཡར་ངོའི་ཆ་ཤས་ཡོངས་རྫོགས་པ། །མཁའ་ལས་གཞན་དུ་མ་འཕོས་པར། །བསྟན་འཛིན་བདེ་འབྱུང་བགྲང་ཡས་པ། །ཀུན་གྱི་གཙུག་རྒྱན་འཛིན་པ་དང༌། །ཉིན་མོར་བྱེད་པས་ལྷ་ཡི་ལམ། །ནམ་ཡང་བཏང་བ་མེད་བཞིན་དུ། །རྣམ་དཔྱོད་རི་ཁྲོད་ལ་དགའ་བའི། །གཙུག་རྒྱན་འཛིན་པ་ཉིད་གྱུར་ཅིག །ཉི་མ་དང་ནི་ཟླ་བ་ཡང༌། །སྒྲ་གཅན་ལམ་དུ་གཅིག་གྱུར་ནས། །དུས་མིན་དཔའ་བོ་མཐར་བྱེད་པའི། །དུས་ཀྱི་འཁོར་ལོར་བདག་གྱུར་ཅིག །ཅེས་ཆོས་ཚན་བརྒྱ་དང་བརྒྱད་པ་ཞེས་བྱ་བའི་བསྟན་བཅོས་ཡོངས་སུ་རྫོགས་པར་གྲུབ་པའི་སྦྱར་ཡིག་རྔ་ཆེན་གྱི་ལོ་ཞེས་བྱ་བ་རྩོམ་པ་པོའི་རང་ལོ་དོན་ལྔ་པ་ལ། དཔལ་གླང་རི་ཐང་གི་གཙུག་ལག་ཁང་དུ་སྦྱར་བ་ཡིན་ནོ། །དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེང་བ་ལ་མཁས་པར་གྱུར་ཅིག།  །།  ༄༅། །ཨོཾ་སྭསྟི། ཚོགས་གཉིས་ཆུ་གཏེར་དབུས་ལས་ལེགས་འོངས་ཤིང༌། །མཁྱེན་བརྩེ་ཆ་ཤས་རྫོགས་པའི་འོད་དཀར་ཅན། །མཚན་དཔེའི་རི་དྭགས་མཚན་མས་རྣམ་མཛེས་པའི། །ཐུབ་དབང་སྨྲ་བའི་ཟླ་བས་མགོན་མཛོད་ཅིག །མཁྱེན་རབ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་ཞིང༌། །ཐུགས་རྗེ་པད་དཀར་འཛིན་པའི་ངོ་བོ་ཉིད། །ཟབ་དང་རྒྱ་ཆེའི་ཆོས་ལ་མངའ་མཛད་པ། །གངས་ཅན་བསྟན་པའི་རྩ་ལག་ས་སྐྱ་པའི། །ལེགས་བཤད་ལང་འཚོ་གསར་པའི་མཛེས་སྡུག་ཀུན། །གང་ཐུགས་གསལ་བའི་མེ་ལོང་ལ་འཁོད་ཅིང༌། །སྙན་རྒྱུད་གདམས་པའི་ཆུ་བོ་མ་ལུས་པ། །བློ་གྲོས་ཀུན་དགར་མཛད་པའི་དགའ་སྟོན་གྱི། །འགྲོ་འདིའི་རྒུད་པ་སེལ་མཛད་ལེགས་པའི་བློས། །ལེགས་བཤད་ནོར་བུའི་དོ་ཤལ་རིམ་པ་ཡིས། །ཐུབ་བསྟན་གཞལ་མེད་ཁང་མཐོ་བརྒྱན་འོས་ཞེས། །གསོལ་འདེབས་སྲས་ཀྱི་ཐུ་བོ་སེམས་དཔའ་ཆེའི། །ཞལ་ངོར་ཟབ་དང་རྒྱ་ཆེ་བའི། །ཆོས་ཚན་རྨད་བྱུང་བརྒྱ་དང་བརྒྱད། །དོན་བཟང་རྣར་སྙན་ཡིད་འོང་བ། །སྟོན་པའི་གསུང་ལས་གཞན་དུ་མིན། །གླེགས་བམ་འདི་ནི་ཨ་ཤྭད་ཐ། །ཡིད་ཀྱི་རེ་བ་ཅི་ཡང་སྐོང༌། །ཐུབ་བསྟན་གསལ་བའི་སྒྲོན་མེ་སྟེ། །ངན་རྟོག་ཚང་ཚིང་དྲྭ་བའང་བསྲེག །གང་འདིས་ཐུབ་བསྟན་ནོར་བུ་ཡི། །དྲི་མ་རིགས་པའི་ཆུ་ཡིས་བཀྲུས། །ཡིད་ཆེས་ལུང་གིས་བྱི་དོར་བྱས། །ལེགས་བཤད་རྒྱལ་མཚན་རྩེ་མོར་བཀོད། །གངས་ཅན་ཁོར་ཡུག་མཛེས་པའི་ལེགས་བཤད་གཏམ། །འཕྲུལ་ཡིག་རི་བོང་གཟུགས་འཛིན་འོད་དཀར་ཅན། །མི་ཟད་པར་གྱི་ངོས་ལ་བསྐྲུན་པ་ཡི། །འཁོ་དགུའི་ཡོ་བྱད་མ་ཚང་མེད་སྩོལ་བ། །བསོད་ནམས་ཡེ་ཤེས་ཚོགས་ལ་དབང་འབྱོར་ཞིང༌། །བཤད་སྒྲུབ་རྒྱལ་མཚན་འཛིན་པའི་ཕྲིན་ལས་ཀྱིས། །དཔལ་ལྡན་སྐལ་བ་བཟང་པོའི་གདུལ་བྱ་ཀུན། །སྐྱོང་མཛད་གང་དེས་འཇམ་མགོན་བླ་མ་ཡི། །བཀའ་དྲིན་བསབ་ཕྱིར་མངོན་པར་འདུ་བྱས་པའི། །རབ་དཀར་དགེ་བའི་ཆུ་འཛིན་ཡིད་འོང་བས། །འཇམ་མགོན་ཐུགས་ཀྱི་མཁའ་དབྱིངས་མཛེས་བྱས་ནས། །སྐལ་ལྡན་རྨ་བྱའི་ཡིད་ལ་ཆོས་ཀྱི་ཆར། །ཅི་ཡང་བབས་ནས་ཐུབ་བསྟན་མཛེས་བྱེད་ཤོག།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*