ཆོས་ཚན་བརྒྱ་དང་བརྒྱད་པ་ཞེས་བྱ་བའི་བསྟན་བཅོས། ཁ ༽

།ཡེ་ཤེས་ཀྱི་ནི་ཚོགས་བསགས་པས། །རྟོག་པའི་ཡུལ་ཀུན་སྟོང་ཉིད་དུ། །བྱས་པ་དོན་མེད་འགྱུར་ཞེ་ན། །བསྐྱེད་རིམ་སྒོམ་པར་བྱེད་དུས་ཀྱི། །རྟོག་པའི་ཡུལ་དུ་གང་སོང་བ། །དེ་ཡི་ཆ་ནས་བསྐྱེད་རིམ་གྱི། །ཉམས་སུ་མྱོང་བྱ་རྣལ་པོ་མིན། །དོན་དམ་ཡེ་ཤེས་རང་མཚན་ལས། །རྟེན་དང་བརྟེན་པར་གང་བསྒྲུབ་པ། །དེ་ཉིད་གསལ་བ་མཐར་ཕྱིན་ཚེ། །དོན་དམ་པ་དང་བསྐྱེད་རིམ་དངོས། །དེ་ཉིད་རྣལ་འབྱོར་ལས་དང་པོའི། །རྟོག་པའི་ཡུལ་དུ་མི་རུང་ཕྱིར། །ལས་དང་པོ་པས་བསྐྱེད་པའི་རིམ། །བསྒོམ་པ་མེད་པར་འགྱུར་ཞེ་ན། །ལས་དང་པོ་ཡི་བསྐྱེད་པའི་རིམ། །བསྒོམ་པའི་རྟོག་པ་འཁྲུལ་གྱུར་ཀྱང༌། །འཇུག་པའི་ཡུལ་ལ་མི་སླུ་བ། །ཚད་མ་ཉིད་དུ་མཁས་པས་བཞེད། །ཀུན་རྫོབ་མ་གཏོགས་ཆོས་གཞན་ནི། །ཡོད་མིན་པ་དེ་ཐལ་རང་གི །དབུ་མར་གྲགས་ཀྱང་སྔགས་ལ་མིན། །དོན་དམ་མ་གཏོགས་ཆོས་གཞན་ནི། །ཡོད་མིན་པ་དེ་གསང་སྔགས་ལ། །གྲགས་ཀྱང་ཐལ་རང་དབུ་མར་མིན། །ཀུན་རྫོབ་གང་ཡིན་ཡོད་མིན་དུ། །ཁས་ལེན་གཉིས་ཀའི་ལུགས་ཡིན་ཀྱང༌། །ཀུན་རྫོབ་ལས་གཞན་དོན་དམ་ནི། །ཁས་ལེན་པ་དང་མི་ལེན་པ། །སྔགས་དང་ཐལ་རང་དབུ་མའི་གཞུང༌། །དེ་ལྟར་ལེགས་བཤད་མེ་ཆེན་གྱིས། །ངན་རྟོག་བུད་ཤིང་ཀུན་བསྲེགས་ནས། །གསང་སྔགས་རྒྱ་མཚོའི་ལམ་ཆེན་པོར། །འཇུག་ལ་གེགས་བྱེད་མེད་པར་ཤོག།  །།ཤུ་བྷཾ།།  །།  ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །གསང་སྔགས་ལམ་གྱི་ཚེ་གཅིག་ལ། །བསོད་ནམས་ཇི་ལྟར་རྫོགས་པའི་ཚུལ། །ཤེས་པར་དཀའ་བ་འདིར་བཤད་བྱ། །སྤྱིར་ནི་བསྐལ་པ་གྲངས་མེད་པོར། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པ། །ཇི་སྲིད་མ་བྱས་དེ་སྲིད་དུ། །ཡང་དག་མཐའ་མངོན་བྱས་གྱུར་ན། །ཆད་པའི་མྱང་འདས་སུ་ལྷུང་བའི། །དོགས་དང་བཅས་པ་བསམ་བྱ་བ། །ཤེས་རབ་རྐྱང་པས་སྒྲིབ་པ་ཀུན། །སྤོང་ལ་ཚེགས་ཡོད་མ་ཡིན་ཡང༌། །དེ་ལས་ལོགས་སུ་བསོད་ནམས་ཚོགས། །ཇི་ལྟར་རྫོགས་པ་ཡིན་སྙམ་ན། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ཟུང་དུ་འཇུག་པ་རྣམ་གསུམ་པོ། །ཐོག་མར་སོ་སོར་ངོས་ཟིན་ནས། །སྐབས་འདིར་ཟུང་འཇུག་ཉིད་ཀྱིས་རྫོགས། །ཅི་ཕྱིར་ཞེ་ན་འདིའི་སྐབས་ཀྱི། །བསོད་ནམས་ཚོགས་ནི་ཡེ་ཤེས་ཀྱི། །ཚོགས་ལས་ནམ་ཡང་གཡོ་མེད་ཕྱིར། །ཚོགས་གཉིས་ངོ་བོ་གཅིག་ཏུ་འདུས། །གང་ལ་ཚོགས་སོག་བྱ་ཡུལ་དང༌། །གང་གིས་ཚོགས་སོག་བྱེད་པོ་དང༌། །ཇི་ལྟར་ཚོགས་སོག་བྱ་གསུམ་ཀ །དོན་དམ་དབང་དུ་བྱས་ཕྱིར་ཏེ། །དོན་དམ་དབང་བྱས་རྣལ་འབྱོར་པས། །དོན་དམ་པ་ཡི་སེམས་ཅན་ལ། །དབང་བསྐུར་བ་སོགས་ཕན་འདོགས་ཀྱིས། །རང་གི་རྒྱུད་ལ་ཚོགས་ཆེན་རྫོགས། །དེ་ཡང་ཕྱི་ནང་བསྐྱེད་རིམ་གྱིས། །ཞིང་སྦྱང་བ་དང་སེམས་ཅན་སྨིན། །ཡེ་ཤེས་ཚོགས་ལས་མ་ལངས་པར། །སྣང་བཅས་བསྐྱེད་རིམ་དེ་གོམས་པས། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །གཟུགས་སྐུ་འཆར་བའི་སྨོན་ལམ་འགྲུབ། །མ་དག་སྣང་བ་གཞིར་བྱས་ནས། །སྦྱིན་སོགས་བསྐལ་པར་བསྒྲུབ་དགོས་པ། །ཆོས་ཀྱི་དབྱིངས་ཉིད་གཞིར་བྱས་པའི། །སྦྱིན་སོགས་སྐད་ཅིག་གཅིག་གིས་འགྲུབ། །ཆོས་དབྱིངས་ཉིད་ཀྱི་ཆོས་དབྱིངས་ལ། །སྦྱིན་དང་བཟོད་སོགས་མེད་སྙམ་ན། །མཆོད་པོ་མཆོད་ཡུལ་མཆོད་རྫས་གསུམ། །སྟོང་པ་ཉིད་དུ་རོ་གཅིག་པ། །དོན་དམ་པའི་མཆོད་པ་ཞེས། །སྔགས་ལས་གསུངས་པ་མ་ཡིན་ནམ། །དེ་དེ་གོ་ཆོད་པོ་མིན་ཞེས། །སྙམ་དུ་དོགས་པ་འགའ་ཡོད་ན། །འོ་ན་མཆོད་པ་བསང་སྦྱང་སོགས། །བྱས་པའི་དགོས་པ་ཅི་ཡིན་སོམས། །དེ་ལྟ་ན་ཡང་ཀུན་རྫོབ་ཀྱི། །མཆོད་རྫས་དགོས་མེད་ཐལ་ཞེ་ན། །འོ་ན་མཆོད་རྫས་མི་དམིགས་པར། །བྱས་པའི་དགོས་པ་ཅི་ཡིན་སྨྲོས། །མཆོད་རྫས་བདེན་མེད་དུ་སེམས་ཀྱི། །མཆོད་རྫས་མེད་པར་བྱེད་མིན་ཞེས། །ཟེར་ན་ཕྱི་རབས་ལྷ་མིན་གྱིས། །བརྟགས་པའི་དབུ་མ་དེ་བྱོན་ཏོ། །ཀུན་རྫོབ་པ་ཡི་སེམས་ཅན་ལ། །ཕན་དང་གནོད་པ་བྱས་པ་ལས། །དགེ་དང་སྡིག་པ་ཉིད་འགྱུར་གྱི། །ཆོས་ཀྱི་དབྱིངས་ལ་ཕན་གནོད་མེད། །སྙམ་ན་ཆོས་དབྱིངས་ལས་གཞན་པའི། །སེམས་ཅན་མེད་པ་གསང་སྔགས་སུ། །མ་ཟད་ཕར་ཕྱིན་པ་ཡི་ཡང༌། །འཆད་པ་མིན་ནམ་དེ་བསམ་བྱ། །དེ་འདྲ་ལྟ་བའི་དབང་བྱས་པ། །ཡིན་ནོ་སྙམ་ན་གསང་སྔགས་ཀྱི། །བསོད་ནམས་ལྟ་བའི་ཡེ་ཤེས་དང༌། །ཟུང་དུ་འཇུག་པར་མ་གསུངས་སམ། །ཕར་ཕྱིན་དུ་ཡང་འཁོར་གསུམ་པོ། །མི་དམིགས་ངང་ནས་བྱེད་སྙམ་ན། །ཡིན་མོད་རྣམ་ཤེས་ངོ་ན་ནི། །གང་སྣང་ཐད་སོར་འཇོག་པ་ཡིན། །སྔགས་སུའང་དེ་ལྟར་བྱེད་སྙམ་ན། །རྣམ་ཤེས་ཡུལ་གྱི་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་ཐག་བཅད་ནས། །ཡེ་ཤེས་རྡོ་རྗེ་ང་ཡིན་ཞེས། །རིང་དུ་གོམས་ནས་ང་ལས་གཞན། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །ཆོས་ཀུན་ཡོད་མ་ཡིན་པ་ནི། །གསང་སྔགས་ལམ་དུ་འཆད་དེ་ཅི། །གཞན་ཡང་ཀུན་རྫོབ་རང་སྟོང་དུ། །བཤད་ན་རྒྱང་འཕན་དང་མཚུངས་ཟེར། །རྒྱང་འཕན་པ་ཡིས་དོན་དམ་པའི། །ལས་དང་རྒྱུ་འབྲས་འདོད་དམ་ཅི། །སྔགས་ཀྱི་བསོད་ནམས་ཚོགས་བསོག་དེ། །དོན་དམ་བདེན་པར་མིང་བཏགས་ཀྱང༌། །ཕར་ཕྱིན་ལུགས་ཀྱི་ཀུན་རྫོབ་ལས། །གཞན་དུ་སོང་བ་མེད་སྙམ་ན། །ཕ་རོལ་ཕྱིན་པས་མ་བརྟགས་པའི། །དོན་དམ་སྔགས་ཀྱི་ཐེག་པར་བཤད། །ཕར་ཕྱིན་པ་རྣམས་མ་རིག་པས། །བརྟགས་པའམ་དཔྱད་མི་བཟོད་པ་ལ། །ཀུན་རྫོབ་ཞེས་ཟེར་གསང་སྔགས་སུ། །དེ་ལས་བཟློག་པ་ཡེ་ཤེས་ཚོགས། །ཡིན་ནོ་བསོད་ནམས་ཚོགས་ཆེན་ཀྱང༌། །མ་རིག་གཉིད་ཀྱིས་མ་དཀྲུགས་ཤིང༌། །རྣམ་ཤེས་ཡུལ་ལས་འདས་པའི་ཕྱིར། །དེ་ཡི་བྱེད་པས་ཀླགས་མི་བརྙེད། །དེ་སྐད་སྦྱར་བས་གསང་སྔགས་དང༌། །ཕ་རོལ་ཕྱིན་པའི་བདེན་གཉིས་ཀྱི། །རྣམ་པར་དབྱེ་ལ་མ་རྨོངས་པའི། །ཤེས་རབ་ཀློང་ཡངས་དེ་ཐོབ་ཤོག །ཤུ་བྷཾ།།  །།  ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །རང་བསྲུང་བ་དང་བགེགས་གཞོམ་པའི། །བསྲུང་འཁོར་བྱ་བྱེད་ལས་གསུམ་གྱི། །ངེས་པའི་དོན་གང་བཤད་བྱ་བ། །བྱེད་པོ་འཁོར་ལོ་རྩིབས་བཅུ་ནི། །གཟུང་འཛིན་གཉིས་བྲལ་ཡེ་ཤེས་ལ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །མཚན་དུ་བཏགས་པ་དེ་ཉིད་དོ། །བྱ་བའི་ཡུལ་ནི་རང་ཉིད་ལ། །གནོད་པར་བྱེད་པོ་བགྲང་ཡས་ཀྱིས། །གནོད་པའི་བྱ་བ་སྣ་ཚོགས་སུ། །སྣང་བའི་རྣམ་རིག་གང་ཡིན་པའོ། །རྣམ་རིག་དེ་དང་བསྲུང་འཁོར་གྱི། །བྱེད་པོ་ཡེ་ཤེས་རྡོ་རྗེ་ཡི། །རྣལ་འབྱོར་རང་གི་ཤེས་རྒྱུད་ཀྱི། །ཚོགས་པ་གཅིག་ཏུ་གནས་པ་སྟེ། །བར་ཆད་མེད་པའི་ལམ་དང་ནི། །ངོས་སྐལ་སྤང་བའི་དྲི་མ་བཞིན། །གནོད་བྱ་རང་གི་ཤེས་རྒྱུད་ལས། །གཞན་ན་དེ་ཡིས་དེ་མི་འཇོམས། །གནོད་བྱེད་རང་གི་ཤེས་རྒྱུད་ལས། །གཞན་དུ་ཡོད་པ་མ་ཡིན་ན། །ཐམས་ཅད་ཤེས་རྒྱུད་གཅིག་པ་དང༌། །རྒྱུད་གཞན་གྲུབ་པའི་ལུང་དང་འགལ། །ཞེ་ན་གནོད་པར་བྱེད་པོ་ཡི། །ངོ་བོ་ཀུན་རྫོབ་དོན་དམ་གཉིས། །དོན་དམ་པ་ནི་གནས་སྐབས་སུ། །རྣལ་འབྱོར་རང་ལས་རྫས་གཞན་དུ། །བཤད་ཀྱང་གནོད་བྱེད་མ་ཡིན་ཏེ། །དོན་དམ་རང་རིག་རང་གསལ་བ། །དགེ་བའམ་ལུང་མ་བསྟན་པ་ཡིས། །རང་ལ་གནོད་པ་འགལ་ཕྱིར་རོ། །རྣལ་འབྱོར་རང་གི་ངོ་བོ་ཡང༌། །ཀུན་རྫོབ་པ་དང་དོན་དམ་གཉིས། །ཀུན་རྫོབ་མི་དམིགས་པར་བྱས་ནས། །དོན་དམ་གནོད་བྱེད་ངོ་བོར་གཅིག །གནོད་བྱེད་ཀུན་རྫོབ་པ་དེ་ཡང༌། །རྣལ་འབྱོར་རང་ལ་མི་སྣང་བ། །གཞན་གྱི་དོན་ལ་མི་གནོད་ཅིང༌། །སྣང་ན་རང་གི་སེམས་དྲི་མ། །ལས་ནི་རང་སེམས་དྲི་མ་དེ། །རང་སེམས་ཡེ་ཤེས་རྡོ་རྗེ་ཡིས། །བསལ་ནས་གནོད་པར་བྱེད་པོ་ཡི། །དངོས་པོ་སངས་རྒྱས་ཞིང་དུ་སྐྱེལ། །གནོད་བྱེད་ངོ་བོ་དོན་དམ་པས། །རང་ལ་གནོད་པ་བྱེད་པ་ཡི། །ཀུན་སློང་དང་ནི་བྱ་བའི་ལས། །ཇི་ལྟར་ཡོད་པ་ཡིན་ཞེ་ན། །དེ་ལ་དེ་ཡོད་མ་ཡིན་ཡང༌། །རྣལ་འབྱོར་རང་གི་ཀུན་རྫོབ་པའི། །དངོས་པོས་དམིགས་པའི་རྐྱེན་དང་ནི། །ལས་ཀྱི་བདག་པོའི་རྐྱེན་བྱས་ནས། །གནོད་བྱེད་ཤེས་རིག་སྔ་མ་ཡིས། །དེ་མ་ཐག་པའི་རྐྱེན་ལས་ནི། །རང་ལ་གནོད་པ་སྣ་ཚོགས་སུ། །གསལ་བར་མངོན་པ་དེ་བྱུང་ངོ༌། །དེ་ཕྱིར་དགྲ་གཉེན་དུ་སྣང་བའི། །རྣམ་རིག་སྣང་མཁན་རང་གི་དངོས། །དེ་ལས་ལོགས་ན་དགྲ་གཉེན་གྱི། །དོན་དམ་ངོ་བོ་ལས་གཞན་མེད། །དོན་དམ་ངོ་བོ་རྣལ་འབྱོར་པའི། །དགྲ་དང་གཉེན་དུ་འགྱུར་མ་ཡིན། །དེ་སྦྱར་བ་ལས་བསྲུང་འཁོར་གྱི། །བྱ་བྱེད་གནས་ལ་གདེང་ཐོབ་ནས། །རང་ལ་ཆགས་དང་གཞན་ལ་ནི། །གནོད་པའི་བསམ་པ་ཞི་གྱུར་ཅིག །ཤུ་བྷཾ།།  །།  ༄། །ཨོཾ་སྭསྟི། རྒྱུའི་རྡོ་རྗེ་འཛིན་པ་ལས། །འབྲས་བུའི་རྡོར་འཛིན་བཞེངས་པའི་ཚེ། །གཉིས་པོ་ཤེས་རྒྱུད་གཅིག་གྱུར་ན། །ཕ་བུ་ཤེས་རྒྱུད་གཅིག་ཏུ་འགྱུར། །ཕ་བུའི་ཁྱད་པར་མེད་སྙམ་ན། །ཡབ་ཀྱི་ཞལ་ཞུགས་དྲི་ཟ་དེ། །འབྲས་བུའི་རྡོ་རྗེ་འཛིན་ཉིད་དུ། །བཞེངས་པ་མིན་ནམ་རྒྱུད་ཐ་དད། །ཡིན་ན་མངོན་རྟོགས་ཚར་གཅིག་པུ། །རྣལ་འབྱོར་ཤེས་རྒྱུད་མི་གཅིག་པ། །གཉིས་ཀྱི་ཉམས་སུ་མྱོང་བྱའི་ཕྱིར། །ཧ་ཅང་ཐལ་བར་འགྱུར་ཞེ་ན། །འབྲས་བུའི་རྡོ་རྗེ་འཛིན་ཉིད་དུ། །བཞེངས་པའི་དྲི་ཟ་རྣལ་འབྱོར་པ། །རང་གི་བར་དོ་ཡིན་པའི་ཕྱིར། །རྒྱུད་གཞན་ཉིད་དུ་ཐལ་བ་མེད། །རང་གི་བར་དོ་རང་ཉིད་ལ། །ཇི་ལྟར་འཇུག་པ་ཡིན་ཞེ་ན། །རང་གི་སྐྱེ་བ་སྔ་མ་ཡི། །བར་དོ་རང་ལ་མི་འཇུག་ཀྱང༌། །སྐྱེ་བ་ཕྱི་མ་འཛིན་འགྱུར་གྱི། །བར་དོས་ལུས་གཞན་མི་འཛིན་པར། །རང་ཉིད་ཆོས་སྐུར་སངས་རྒྱས་པའི། །ཞལ་དུ་ཞུགས་ནས་གཟུགས་ཀྱི་སྐུ། །སྒྱུ་མའི་ཚུལ་གྱིས་བཞེངས་བྱས་ནས། །དག་དང་མ་དག་ཞིང་རྣམས་སུ། །ལ་ལར་སྣོད་བཅུད་སྦྱོང་བ་དང༌། །ལ་ལར་སྦྱངས་ཟིན་ཚུལ་གྱིས་རོལ། །དེ་ཚེ་ཁོ་ནར་མ་ཟད་ཀྱི། །དཀྱིལ་འཁོར་གཅིག་ཏུ་གང་ཤར་བའི། །གཞལ་ཡས་ཁང་དང་ལྷ་རྣམས་ཀུན། །རྣལ་འབྱོར་པའམ་གཙོ་བོ་ཡི། །ལྷ་དེ་ཁོ་ནའི་ཤེས་རྒྱུད་ལས། །གཞན་དུ་བཤད་པར་བྱ་མིན་ཏེ། །རྣམ་རོལ་ཇི་སྙེད་རྣལ་འབྱོར་པ། །རང་གི་ཡེ་ཤེས་སུ་འདུ་བ། །རྡོ་རྗེ་སློབ་དཔོན་ཞེས་བྱ་བའི། །དེ་ཁོ་ན་ཉིད་དུ་བཞེད་དོ། །གཞི་ཡི་དུས་སུའང་རྣམ་ཤེས་ལ། །གང་སྣང་རྣམ་པར་ཤེས་ཉིད་དུ། །འདུ་བར་མ་ཤེས་རྣལ་འབྱོར་པས། །སྔགས་ཀྱི་ཉམས་ལེན་ཇི་ལྟར་བྱེད། །ཞི་བ་ལྷ་དང་ཟླ་གྲགས་ཀྱིས། །རང་རིག་བཀག་དང་འགལ་ཞེ་ན། །རང་ཉིད་ཡོད་པ་མ་ཡིན་ན། །རང་གིས་རང་ཉིད་ཇི་ལྟར་རིག །ཞེས་སོགས་སྤྲོས་པ་གཅོད་པའི་ཚེ། །ཡིན་གྱི་ཐ་སྙད་དུ་མ་ཡིན། །བདེ་སྟོང་ཟུང་དུ་སྦྱོར་བའི་ཚེ། །སྟོང་ཉིད་ཡེ་ཤེས་མ་ཡིན་ན། །ཕྱག་རྒྱ་ཆེན་མོ་ཇི་ལྟར་འཐད། །ཡིན་ན་རང་གིས་རང་རིག་གོ །དེ་སྐད་འདི་ཡང་རྣལ་འབྱོར་པའི། །ཉམས་ལེན་ངོ་ན་རང་གཞན་ཀུན། །རྫས་གཞན་ཉིད་དུ་ཞེན་པ་དང༌། །རྣམ་ཤེས་དང་ནི་ཡེ་ཤེས་ཀྱི། །རྣམ་རོལ་ལས་གཞན་སྣང་བ་ཡི། །རྟེན་འབྲེལ་སྣ་ཚོགས་ཡོད་དོ་ཞེས། །བྱིས་པས་བཏགས་པའི་གསང་ཚིག་ཀུན། །སྤང་བར་བྱ་བའི་ཕྱིར་ཡིན་ནོ།།  །།ཤུ་བྷཾ།།  །།  ༄། །ཨོཾ་སྭསྟི་སིདྡྷཾ། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །ཁོ་བོས་སྔགས་དང་བྱམས་པའི་ཆོས། །འཆད་ཚེ་ཆོས་དབྱིངས་མ་གཏོགས་པའི། །ཆོས་གཞན་ཡོད་པ་མིན་ཞེས་དང༌། །ངོ་བོ་ཉིད་མེད་དུ་སྨྲ་བའི། །གཞུང་འཆད་ཚེ་ན་ཀུན་རྫོབ་ལས། །མ་གཏོགས་ཆོས་གཞན་ཡོད་མིན་པ། །དེ་ཚེ་ཀུན་རྫོབ་ཀྱང་མེད་པས། །ཡོད་ན་དོན་དམ་བདེན་ནོ་ཞེས། །ས་སྐྱའི་གྲུབ་མཐར་ཐག་བཅད་ཚེ། །ཡིད་ལ་བསམ་པ་གཞན་བྱས་ནས། །སྨྲ་མཁས་ནེ་ཚོའི་དབང་པོ་འགའ། །གྲུབ་མཐའི་འཛིན་ལུགས་གཙང་བ་དང༌། །མི་གཙང་སོ་སོར་འབྱེད་དགོས་ཟེར། །དེ་ཡི་ཤེས་བྱེད་དྲིས་པ་ན། །མ་དག་ལུས་སོགས་ཀུན་རྫོབ་ཀྱི། །བདེན་པ་ཚད་མས་མ་གྲུབ་ན། །རྒྱུ་འབྲས་ཆོས་ལ་བསྐུར་བཏབ་ཟེར། །སྣང་གསུམ་འཆད་པའི་ལམ་འབྲས་པ། །གཙང་མ་རྣམས་ལ་འདི་སྐད་འདྲི། །རྫོགས་སངས་རྒྱས་ལ་དག་པ་ཡི། །སྣང་བ་ལས་གཞན་མི་འཆར་ན། །རྫོགས་སངས་རྒྱས་ཀྱིས་མ་གཟིགས་ཕྱིར། །མ་དག་སྣང་བ་མེད་པར་འགྱུར། །འཁྲུལ་སྣང་དང་ནི་ལས་སྣང་ཞེས། །འཆད་ན་དེ་དག་ཅི་ལ་ཟེར། །མ་དག་སེམས་ལ་གང་སྣང་བ། །དེ་ལས་གཞན་པའི་དོན་ཡོད་ན། །འཁྲུལ་པར་མི་འགྱུར་དེ་མེད་ན། །ཀུན་རྫོབ་ཕལ་ཆེར་བཀག་པའི་ཕྱིར། །བསོད་ནམས་ཚོགས་སོག་མ་འཁྲུལ་ལམ། །འགྲོ་དྲུག་ལས་སྣང་ཇི་སྙེད་པ། །འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི། །རྟོག་མེད་ཉིད་ཕྱིར་མངོན་སུམ་གྱི། །ཚད་མར་འཆད་པ་གསར་བྱུང་གི །ཆོས་ཡིན་ས་སྐྱའི་ཆོས་ན་མེད། །མི་ལ་ཆུར་སྣང་ཡོད་ཅེས་པའི། །ལམ་འབྲས་འཆད་པ་འགའ་མེད་དམ། །དོན་དམ་བྱང་ཆུབ་སེམས་སྒོམ་པ། །མེད་པར་དགག་པའི་སྟོང་པ་ཉིད། །བསྒོམ་བྱར་འཆད་པའི་ལམ་འབྲས་པ། །གྲུབ་མཐའ་གཙང་མ་འགའ་མེད་དམ། །བསྒོམ་དེ་གཞུང་བཤད་ཐམས་ཅད་ན། །དུག་ཅན་ལྟ་བར་མ་བཤད་དམ། །ལམ་འབྲས་པ་ལ་ཕར་ཕྱིན་ལས། །ལྷག་པའི་ལྟ་བ་ཡོད་དམ་མེད། །མེད་ན་ལྟ་གྲུབ་བརྒྱད་བཤད་པའི། །ཁྱད་པར་གྲུབ་མཐའ་གཙང་མས་སྨྲོས། །ཡོད་ན་ཕར་ཕྱིན་སྤྲོས་བྲལ་ལས། །ལྷག་ཚེ་སྤྲོས་བཅས་འགྱུར་བ་ཅི། །ལམ་འབྲས་པ་ལ་དོན་དམ་པའི། །བདེན་པའི་ངོས་འཛིན་ཡོད་དམ་མེད། །མེད་ན་སྔགས་གཞུང་ཀུན་ལས་ཉམས། །ཡོད་ན་དེའི་མཚན་གཞི་དྲི། །བུམ་པ་བདེན་སྟོང་ལ་སོགས་པ། །གསར་བྱུང་ཆོས་ཀྱི་གཏམ་སྨྲ་བའི། །སྤྲོས་པའི་མཐའ་ཀུན་བྲལ་བ་དང༌། །གསལ་སྟོང་ཟུང་འཇུག་ལ་སོགས་པ། །ཟེར་ན་མཐའ་བྲལ་མེད་དགག་ལ། །སྔགས་ཀྱི་དོན་དམ་པར་འཆད་པ། །རྒྱུད་གཞུང་ཀུན་ལས་གསལ་བར་བཀག །གསལ་སྟོང་སོགས་ཀྱི་མཚན་གཞི་ནི། །དྲིས་ཚེ་ཆོས་གཞན་གསལ་བ་སོགས། །དགག་བྱ་བདེན་གྲུབ་ཀྱིས་སྟོང་ཞེས། །གསལ་བྱུང་ཆོས་དེ་དབྱངས་སུ་ལེན། །འདི་ནི་གཞན་སྟོང་ཐ་ཤལ་ཞིག །ཡིན་མོད་ཁྱོད་ཀྱང་དེ་འདོད་དམ། །འཁོར་འདས་དབྱེར་མེད་ཅི་ལ་ཟེར། །འཁོར་བ་ཚད་མས་གྲུབ་གྱུར་ན། །དེ་ཚེ་མྱ་ངན་འདས་མི་འགྲུབ། །འཁོར་བ་ཚད་མས་མ་གྲུབ་ན། །ཀུན་རྫོབ་བདེན་ལ་བསྐུར་པ་བཏབ། །རྒྱུད་ལས་འཁོར་འདས་དབྱེར་མེད་ཀྱི། །མཚན་གཞི་ཨེ་ཝཾ་ཉིད་ལ་བཤད། །ཨེ་ཝཾ་ངོས་འཛིན་ལམ་འབྲས་པའི། །གྲུབ་མཐའ་གཙང་མ་རྣམས་ཀྱིས་སྨྲོས། །ཡེ་ཤེས་ཚོགས་བསོག་བྱེད་པའི་ཚེ། །བཤིག་ནས་སྟོང་ཉིད་སྒོམ་པ་དང༌། །བཙན་ཐབས་སྒོམ་པ་རྣམ་གཉིས་བཤད། །བཤིག་ནས་བསྒོམ་པའི་དགོས་པ་ཅི། །རིགས་པས་དཔྱད་པའི་སྟོང་པ་ཉིད། །དུག་ཅན་ལྟ་བར་མི་འགྱུར་རམ། །ཡེ་ཤེས་ཚོགས་ཀྱི་སྟོང་པ་ཉིད། །ངོ་བོ་ཉིད་མེད་སྨྲ་ལུགས་སམ། །སྔགས་ལུགས་གཞན་ཞིག་ཡོད་དམ་འདྲི། །དང་པོ་ལྟར་ན་ཆོས་རྣམས་ཀུན། །རང་རང་ངོ་བོས་སྟོང་པ་ལ། །མཉམ་པར་བཞག་པའི་ངང་ཉིད་ནས། །རྟེན་འབྲེལ་སྣ་ཚོགས་འཆར་བ་འགལ། །ཕྱི་མ་ལྟར་ན་ཀུན་རྫོབ་ཀུན། །རང་རང་ངོ་བོས་སྟོང་པ་དང༌། །དོན་དམ་གཞན་གྱིས་སྟོང་པ་ལས། །གཞན་མེད་ཁྱོད་ཀྱང་དེ་འདོད་དམ། །སྔགས་ཀྱི་དོན་དམ་གཉིས་མེད་ཀྱི། །ཡེ་ཤེས་རྒྱུ་འབྲས་ངོ་བོ་ཡི། །སྟོང་ལས་གཞན་དུ་བཤད་པ་མེད། །ཐལ་རང་གཞུང་གི་སྟོང་པ་ཉིད། །འདི་དང་མཐུན་པར་འཆད་ནུས་པ། །མིན་ནོ་ཕྱིས་བྱུང་གཏམ་སྐད་དང༌། །མཐུན་པར་ཁྱེད་ཀྱང་འཆད་བྱེད་དམ། །སྔགས་ཀྱི་སྒྲུབ་ཐབས་ཚོགས་གཉིས་པོ། །མཐའ་དག་དོན་དམ་བདེན་པར་ངེས། །མེད་པར་དགག་པའི་སྟོང་ཉིད་ལས། །གཞན་པའི་དོན་དམ་བདེན་མེད་ཅེས། །ཟེར་བ་གཙང་མའི་གྲུབ་མཐའ་འམ། །ཕ་རོལ་ཕྱིན་པའི་སྟོང་པ་ཉིད། །རྣམ་གྲངས་པའི་དོན་དམ་དང༌། །སྤྱིའི་དོན་དམ་གསང་སྔགས་ཀྱི། །དོན་དམ་རྣམ་གྲངས་མིན་པའི་དང༌། །སྦས་པའི་དོན་གྱི་དོན་དམ་ཞེས། །ངེད་ཀྱིས་གྲུབ་མཐའ་གཙང་མར་འཆད། །ལ་ལ་བདེན་གྲུབ་ཁས་ལེན་པ། །དབུ་མའི་གྲུབ་མཐའ་མིན་ཞེས་ཟེར། །བདེན་དང་བདེན་པར་གྲུབ་པ་ཡི། །ཁྱད་པར་ཟླ་བ་གྲགས་པའི་གཞུང༌། །འཆད་པོ་གསར་བྱུང་རྣམས་ཀྱི་གཏམ། །སྔོན་བྱོན་སུས་ཀྱང་བཤད་པ་མེད། །ཀུན་རྫོབ་བདེན་པ་ཚད་གྲུབ་ཏུ། །སྨྲ་བ་ལོ་བརྒྱ་ཚུན་ཆད་ཀྱི། །གཏམ་ཡིན་སྔོན་རབ་རྒྱ་བོད་དུ། །གྲགས་པ་སུས་ཀྱང་བཤད་པ་མེད། །ཁྱེད་ཅག་གྲུབ་མཐའ་གཙང་མ་ནི། །ཕྱིས་བྱུང་གཏམ་དང་སྲེས་ནས་འཆད། །ཁོ་བོ་ཅག་ནི་གཞུང་ཆེན་དང༌། །བསྟུན་ནས་གོང་མའི་གཞུང་ལུགས་འཆད། །འདི་ན་གྲུབ་མཐའ་གཙང་མ་བ། །ལ་ལས་གཞན་གཞུང་འགོག་པ་ན། །ཆོས་ཀུན་བདེན་མེད་དུ་ཞེན་པ། །ཆད་པའི་ལྟ་བ་ཡིན་ཞེས་དང༌། །བདེན་གྲུབ་ཆོས་འགའ་ཁས་བླངས་ན། །རྟག་པའི་ལྟ་བར་སོང་ཞེས་སྨྲ། །ངོ་བོ་ཉིད་མེད་སྨྲ་གཞུང་དུ། །བདེན་ཞེན་རྟག་པར་ལྟ་ཉིད་ཕྱིར། །ལུགས་དེར་རྣམ་གྲངས་མིན་པ་ཡི། །དོན་དམ་བདེན་པ་མི་བཞེད་མོད། །གང་དུ་དོན་དམ་བདེན་འདོད་པའི། །གཞུང་དེར་དོན་དམ་བདེན་གྲུབ་བཞེད། །འོན་ཀྱང་དེར་འཛིན་རྟོག་པ་ནི། །མཐའ་དག་སྤང་བྱ་ཉིད་ཡིན་ཕྱིར། །ཆོས་ཀུན་སྤྲོས་དང་བྲལ་བར་གྲུབ། །སྤྲོས་ཀུན་བྲལ་བའི་ཀྱཻ་རྡོ་རྗེ། །གནས་ལུགས་ཉིད་དུ་སྔགས་པས་འཆད། །བདེན་མེད་ཞེན་བློ་ཆད་ལྟ་ན། །དབུ་མའི་རིགས་པས་ཆོས་རྣམས་ཀུན། །བདེན་གྲུབ་བཀག་པའི་རྗེས་དཔག་དང༌། །རིགས་ཤེས་ཆད་ལྟ་ཉིད་དུ་ཐལ། །ཆད་ལྟ་འབད་ནས་སྒྲུབ་བྱེད་པའི། །དབུ་མའི་རིགས་ཚོགས་དེ་ངོ་མཚར། །གཞུང་ལུགས་ཆེན་པོ་དཔྱིས་ཕྱིན་པ། །མེད་པར་རྟག་ཆད་ལྟ་བ་ཡི། །ངོས་འཛིན་སྐད་གསང་མཐོན་པོར་ནི། །སྨྲ་མཁས་དེ་དག་གད་མོའི་རྒྱུ། །ཆོས་འགའ་བདེན་པར་གྲུབ་ཉིད་དུ། །དུས་རྣམས་ཀུན་ཏུ་ཁས་བླངས་ནས། །རིགས་པས་བཤིག་ཚེ་དེ་མེད་པར། །ཞེན་པའི་ཤེས་རབ་ཆད་ལྟ་ཡི། །ངོས་འཛིན་ཡིན་ནོ་ཆོས་རྣམས་ཀུན། །གདོད་ནས་བདེན་པར་གྲུབ་མིན་པ། །དེ་ལ་དེར་ཞེན་གནས་ལུགས་དང༌། །མཐུན་ཕྱིར་ཅི་ཞིག་ཆད་པར་ལྟ། །དེ་བཞིན་ཀུན་རྫོབ་ཆོས་རྣམས་ཀུན། །གདོད་ནས་ཡོད་མ་མྱོང་བ་ལ། །ཡོད་པ་མིན་ཞེས་སྨྲས་པའི་ཚེ། །ཐར་པའི་ལམ་གྱི་གནད་འཆུག་ཞེས། །བྱིས་པས་བརྟགས་པའི་སྨྲ་མང་པོ། །རྒན་པོས་དབྱངས་སུ་ལེན་མི་འཚལ། །དེ་སྐད་འདི་ནི་ཕྱོགས་འགའ་ལ། །སྡང་བས་མ་ཡིན་ཕྱོགས་གཞན་ལ། །ཆགས་པས་མ་ཡིན་མདོ་རྒྱུད་ལ། །རྨོངས་པས་མ་ཡིན་རྙེད་པ་དང༌། །བཀུར་བསྟིའི་ཕྱིར་མིན་ལུགས་གཞན་གྱིས། །འཆལ་གཏམ་དབྱངས་སུ་བླངས་པ་མིན། །ཡིན་ནོ་གཏི་མུག་ཆེན་པོ་ཡིས། །གཏི་མུག་སེལ་བར་བྱེད་པ་དང༌། །ཆགས་པ་ཆེན་པོས་ཆགས་པ་ཡང༌། །ཐམས་ཅད་སེལ་བྱེད་ཞེ་སྡང་ཆེས། །ཞེ་སྡང་ཀུན་སེལ་འདི་སྤྲིངས་པས། །ཀུན་ཀྱང་ཆོས་སྐུར་རོ་གཅིག་ཤོག།  །ཤུ་བྷཾ།།  །།  ༄། །སྭསྟི། རྡོ་རྗེ་འཆང་ལ་ཕྱག་བྱས་ནས། །སྔོན་གྱི་ཆོས་ལུགས་དམ་པ་ནི། །རྣ་བའི་ལམ་དུ་མ་གྱུར་པས། །བདག་ལ་རྩོད་པ་དེ་བསལ་བྱ། །དེ་ལ་ཁ་ཅིག་འདི་སྙམ་དུ། །ལྷ་དང་སྔགས་ཀྱི་བསྒྲུབ་པའི་གཞི། །དོན་དམ་བདག་ཡིན་ཞེས་ཟེར་བ། །འདི་འདྲ་གྲངས་ཅན་ལུགས་ཡིན་ཏེ། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །ཤེས་རིག་རྟག་པ་གཅིག་པུ་སྟེ། །དམ་པའི་བདག་དང་སྐྱེས་བུ་དང༌། །འཁོར་འདས་ཀུན་གྱི་བྱེད་པ་པོར། །འདོད་པས་དེ་དང་མཚུངས་ཤེ་ན། །དེ་མཚུངས་མིན་པའི་ཤེས་བྱེད་ཀྱི། །ལུང་དང་རིགས་པ་འདིར་བསམ་བྱ། །ལུང་ནི་ལྷན་ཅིག་སྐྱེས་པ་དང༌། །གྲུབ་མཐས་རྣམ་བརྟགས་བདག་གཉིས་ཀྱིས། །སྟོང་པའི་རང་རིག་ཡེ་ཤེས་ལ། །དམ་པའི་བདག་ཅེས་ཇི་སྐད་དུ། །དེ་བཞིན་ཉིད་དག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཅེས་དང་བདག་མེད་སྲོག་གི་བདག །ཐོབ་པ་སངས་རྒྱས་དག་པའི་བདག །ཅེས་དང་བདག་དང་བདག་མེད་ཀྱི། །སྤྲོས་པ་ཞི་བ་དམ་པའི་བདག །ཅེས་དང་ཡེ་ཤེས་ཚོགས་སོག་ཚེ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །ང་དང་བདག་ཏུ་སྒོམ་པར་གསུང༌། །རིགས་པ་གྲངས་ཅན་ཤེས་རིག་གི །བདག་དེ་གང་ཟག་སྐྱེས་བུ་དང༌། །ངར་འཛིན་རྟོག་པའི་གཟུང་བྱ་དངོས། །ཟ་བ་པོ་ཡིན་ཡོན་ཏན་དང༌། །བྱ་བ་གང་ཡང་མི་བྱེད་དང༌། །ཐར་པ་ཐོབ་པའི་གནས་སྐབས་སུ། །གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །ཤེས་རིག་ཙམ་དུ་གནས་ཤེས་ཟེར། །རང་ལུགས་དམ་པའི་བདག་དེ་ནི། །ངར་འཛིན་ལ་སོགས་རྟོག་པ་ནི། །ཀུན་གྱི་ཡུལ་ལས་འདས་པ་དང༌། །བདག་མེད་རྟོགས་པའི་ཤེས་རབ་སོགས། །ཡོན་ཏན་ཀུན་དང་དབྱེར་མེད་ཅིང༌། །རྫོགས་སངས་རྒྱས་དེ་སྐུ་གསུམ་དང༌། །ཕྲིན་ལས་ལྷུན་གྱིས་གྲུབ་པར་བཞེད། །འདི་ཉིད་དྲི་མ་དང་བཅས་ཚེ། །རང་བཞིན་གནས་པའི་རིགས་དང་ནི། །རྒྱུ་ཡི་རྒྱུད་དང་སངས་རྒྱས་ཀྱི། །སྙིང་པོ་དང་ནི་འཁོར་འདས་ཀྱི། །ཆོས་རྣམས་ཀུན་གྱི་གནས་དང་ནི། །རང་བཞིན་སངས་རྒྱས་ཞེས་བྱར་གསུངས། །དམ་པའི་བདག་ཅེས་བརྡ་བཏགས་ཀྱང༌། །རྟོག་པའི་ཡུལ་དུ་མི་འགྲོ་ཞིང༌། །རྟོག་མེད་ཤེས་པས་བདག་ཉིད་དུ། །སྒྲོ་འདོགས་བྱེད་པ་མི་སྲིད་ཕྱིར། །བདག་མེད་པ་ནི་དམ་པའི་བདག །དཔེར་ན་བདེན་པས་སྟོང་པ་ལ། །དོན་དམ་བདེན་པ་ཞེས་བྱར་བཏགས། །དམ་པའི་བདེན་ཞེས་བརྡ་སྦྱར་ཀྱང༌། །བདེན་པ་མིན་པ་ཇི་བཞིན་ནོ། །དམ་པའི་དོན་གྱིས་བདག་ཡིན་ཕྱིར། །བདག་མེད་ཉིད་དུ་འགལ་ཞེ་ན། །འོ་ན་དོན་དམ་བདེན་ཡིན་ན། །བདེན་པ་མེད་པ་ཉིད་དུ་འགལ། །བདག་ཏུ་འཇོག་དང་བདག་མེད་པར། །འཇོག་པའི་གནས་སྐབས་མང་མོད་ཀྱང༌། །བྱིས་རྣམས་འཇུག་པ་བདེ་བའི་ཕྱིར། །དམ་པའི་བདག་དེ་བདག་མིན་ཞེས། །ཁས་བླངས་པ་ན་རྩོད་ལས་གྲོལ། །ཅེས་དམ་པའི་བདག་ལ་རྩོད་པ་སྤོང་བའི་ཚིག་ལེའུར་བྱས་པ་སྔགས་ལ་འཇུག་པའི་སྒོ་ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །། ༄། །སྙན་རྒྱུད་ཀྱི་སྦས་དོན་ལ་འཁྲུལ་པ་སྤོང་པ་མཐུ་སྟོབས་དབང་ཕྱུག་གི་དགོངས་པ་རྣམ་ངེས་ཆོས་ཚན་བཅུ་གཅིག་པ་བཞུགས་སོ།།  ༄། །ན་མོ་གུ་ར་ཝེ། ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས། །སྣང་བ་རྣམ་གསུམ་ཞེས་བཤད་པ། །གང་དེ་གཞུང་འདིའི་མདོར་བསྟན་ཏེ། །གཞི་ལམ་འབྲས་གསུམ་བསྟན་ཕྱིར་རོ། །གཞི་ནི་མ་དག་དེ་བཞིན་ཉིད། །ལམ་ནི་ཉམས་སྣང་ཡེ་ཤེས་ཏེ། །འབྲས་བུ་སངས་རྒྱས་དེ་བཞིན་ཉིད། །གསུམ་ཀའང་ཆོས་དབྱིངས་ཡེ་ཤེས་སོ། །མ་དག་སྣང་བ་ཞེས་བྱ་བ། །མ་རིག་པ་དང་གཟུང་འཛིན་གྱི། །བག་ཆགས་དབང་གིས་སྣང་བ་སྟེ། །འཁྲུལ་པའི་སྣང་བ་ཁོ་ནར་བཤད། །འཁྲུལ་སྣང་སེམས་སུ་ཐག་བཅད་ན། །གཟུང་བ་ཡུལ་དུ་མེད་པར་གོ །སེམས་སྣང་སྒྱུ་མར་ཐག་བཅད་ན། །འཛིན་པའི་དྲི་མ་འཁྲུལ་པར་ཤེས། །གཟུང་འཛིན་གཉིས་སུ་མེད་པ་ཡི། །ཤེས་པ་རང་རིག་རང་གསལ་བ། །འདི་ནི་རང་བཞིན་ལྷན་སྐྱེས་ཏེ། །མ་དག་དུས་སུ་རྒྱུ་ཡི་རྒྱུད། །ལྟ་བ་འདི་གོམས་བྱས་པ་ལས། །རྒྱུ་རྒྱུད་དྲི་མས་དག་པ་ན། །རྣམ་ཤེས་ཡུལ་དུ་མ་དག་པའི། །སྣང་བ་ཅི་ཡང་འཆར་མི་ནུས། །ཉམས་ཀྱི་སྣང་བ་ཞེས་བྱ་བ། །ཉོན་མོངས་ལས་དང་བག་ཆགས་དང༌། །རྣམ་སྨིན་མཐུ་ལས་མ་ཡིན་པར། །རྣལ་འབྱོར་དབང་གིས་སྣང་བ་སྟེ། །འདི་ལ་མི་འཆར་ཡོད་མ་ཡིན། །འཆར་བྱེད་བློ་ནི་ཡེ་ཤེས་ཏེ། །དཔེ་དང་དོན་གྱི་དབྱེ་བས་གཉིས། །རྣམ་ཤེས་ཡུལ་དུ་འདི་འཆར་ན། །མ་དག་སྣང་བ་ལས་མ་འདས། །འདིར་ཡང་སྣང་བ་ཡེ་ཤེས་དང༌། །དེར་སྣང་སྒྱུ་མར་ཐག་བཅད་པས། །གཟུང་བྱའི་ཡུལ་དང་དེ་འཛིན་ལ། །མངོན་པར་ཞེན་པའི་དྲི་མ་སྤོང༌། །ཉམས་སྣང་འདི་ནི་ཆོས་གཞན་གྱིས། །སྟོང་པ་ཡིན་ཏེ་ས་སོགས་སུ། །སྣང་ཡང་དེ་ཡིས་སྟོང་པར་བཤད། །གཞན་གྱིས་སྟོང་ཡང་ཡེ་ཤེས་ཀྱི། །ངོ་བོ་ཉིད་དུ་འཆད་ནུས་སམ། །ཞེ་ན་གནས་ཚུལ་ཡེ་ཤེས་ལ། །སྣང་ཚུལ་ཀུན་རྫོབ་ལྟ་བུར་སྣང༌། །འཁོར་བའི་སྣང་བ་ཡེ་ཤེས་སུ། །བདེན་པར་འཆད་ནུས་མ་ཡིན་ཏེ། །ནུས་ན་རྫོགས་སངས་རྒྱས་བློ་ལ། །མ་དག་སྣང་བར་ཐལ་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་ཇི་སྙེད། །ཡེ་ཤེས་དེ་ལ་གང་ཤར་བ། །གནས་ཚུལ་ཉིད་ལ་ཞུགས་པའི་ཕྱིར། །ཡེ་ཤེས་ངོ་བོར་ཁས་ལེན་བྱ། །དོན་གྱི་ཡེ་ཤེས་དེ་ཉིད་ལ། །ཆོས་ཀུན་གཟུགས་བརྙན་ཚུལ་དུ་ནི། །མི་འཆར་ཅི་ཡང་ཡོད་མིན་པ། །དེ་ལ་རྣམ་ཀུན་པ་ཞེས་ཟེར། །རྣམ་ཀུན་པ་དེ་ཆོས་གཞན་གྱིས། །སྟོང་ཡང་རང་གི་ངོ་བོ་ནི། །བདེ་བ་ཆེ་ལས་མ་གཡོས་པ། །དེ་ལ་སྟོང་ཉིད་མཆོག་ཏུ་བཞེད། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་འདི། །མཚན་གྱི་རྣམ་གྲངས་ཨེ་ཝཾ་སྟེ། །འདི་ལས་མ་གཏོགས་འཁོར་བ་དང༌། །མྱང་འདས་གང་ཡང་ཡོད་མ་ཡིན། །མྱ་ངན་ཞེས་པ་མཚན་འཛིན་གྱི། །རྣམ་པར་རྟོག་པ་ཐམས་ཅད་དེ། །དེ་ལས་འདས་ཕྱིར་ཨེ་ཝཾ་འདི། །རང་བཞིན་མྱ་ངན་འདས་པར་བཞག །དེ་ཉིད་འཁོར་བ་དངོས་མིན་ཡང༌། །དེ་མེད་ན་ནི་འཁོར་བའི་ཆོས། །མི་འབྱུང་ཕྱིར་ན་འདི་ཉིད་ལ། །འཁོར་བ་ཚད་ཞེས་བཤད་པ་ཡིན། །ཇི་སྲིད་མ་རིག་ཡོད་དེ་སྲིད། །ཨེ་ཝཾ་འཁོར་བའི་ཆོས་སུ་འཆར། །མ་རིག་ཟད་པར་གྱུར་པ་ན། །མྱ་ངན་འདས་ལས་གཞན་མི་སྲིད། །ཨེ་ཝཾ་མངོན་དུ་བྱེད་པའི་ཐབས། །དབང་དང་རིམ་པ་གཉིས་ཡིན་ཏེ། །དེ་ཉིད་གཟུགས་སུ་ཤར་བ་ལ། །སྟོང་གཟུགས་ཕྱག་རྒྱ་ཆེན་མོར་བརྗོད། །གཉིས་སྣང་བག་ཆགས་མ་སྤངས་པ། །དེ་སྲིད་མ་དག་སྣང་བ་འཆར། །འདི་ནི་སེམས་ཅན་ཀུན་ལ་སྟེ། །གཉིས་སྣང་བག་ཆགས་ཡོད་ཕྱིར་རོ། །གཉིས་མེད་ཡེ་ཤེས་ཤར་གྱུར་ཀྱང༌། །གཉིས་སྣང་བག་ཆགས་མ་ཟད་པ། །དེ་སྲིད་ཉམས་ཀྱི་སྣང་བ་སྟེ། །རྫོགས་སངས་རྒྱས་ལ་འདི་མི་སྲིད། །སངས་རྒྱས་མེ་ལོང་ཡེ་ཤེས་ལ། །འཁོར་བའི་གཟུགས་བརྙན་འཆར་བཤད་ཀྱང༌། །གཉིས་སྣང་བག་ཆགས་ཟད་པའི་ཕྱིར། །དག་པའི་སྣང་བ་ཁོ་ནར་བཤད། །སྣང་གསུམ་ལམ་གྱིས་མ་བསྡུས་པའི། །ལམ་འབྲས་ཆོས་གཞན་ཡོད་མིན་ཡང༌། །བློ་དམན་རིམ་གྱིས་འཁྲིད་པ་ན། །གསུམ་པོའི་ཆ་ཤས་བཙལ་ནས་བཀྲི། །བློ་དམན་རྣམས་ལ་བསོད་ནམས་ཀྱི། །ཆ་ནས་ཐོག་མར་འཆད་དགོས་ཏེ། །ལྟ་བ་བློ་ཡུལ་འཆར་བ་ལ། །བསོད་ནམས་ཚོགས་པ་དགོས་ཕྱིར་རོ། །དེ་ཡང་ཐོག་མར་མངོན་མཐོའི་ཆོས། །དེ་ནས་ངེས་ལེགས་ཐུན་མོང་བ། །རྗེས་སུ་བྱང་ཆུབ་སེམས་དཔའི་ཆོས། །ལྟ་བ་དབང་བསྐུར་ནས་འཆད་པ། །དགྱེས་པ་རྡོ་རྗེའི་དགོངས་པ་སྟེ། །ལུགས་འདིར་ལྟ་བ་རྟོགས་པའི་ཐབས། །དབང་བསྐུར་ཉིད་ལ་འཆད་ཕྱིར་རོ། །ཞེས་པ་འདི་ནི་བྲག་དཀར་བ། །བྱང་ཆུབ་སེམས་དཔའི་ཞལ་གྱི་ངོར། །སྦྱར་བའི་དགེ་བས་རང་ལུགས་ཀྱི། །ཆོས་ལ་ངེས་པར་རྡེང་ཐོབ་ཤོག།  །།མངྒ་ལཾ་བྷ་ཝནྟུ།།  །།  ༄། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །ལ་ལ་སྣང་གསུམ་འཁྲིད་འཆད་པའི། །སྔོན་དུ་རྒྱུ་དུས་དབང་བསྐུར་བ། །ཆོས་རྗེ་བླ་མའི་དགོངས་པར་འཆད། །དབང་གིས་སྨིན་པའི་རྟེན་ཅན་ལ། །མི་རྟག་འཁོར་བའི་ཉེས་དམིགས་སོགས། །དང་པོའི་འཁྲིད་ཚུལ་སྨོས་ཅི་དགོས། །བྱང་ཆུབ་སེམས་ལའང་བཀྲི་མི་དགོས། །དེ་མི་དགོས་པར་གྲུབ་ཅེ་ན། །དམ་པས་མཛད་པའི་ཁྲིད་ཡིག་ཏུ། །ལས་དང་པོ་ཡི་འཁྲིད་ཚུལ་ལས། །གཞན་མ་བཤད་པ་ཅི་ལ་དགོངས། །དབང་གིས་མ་སྨིན་རྟེན་ཅན་གྱིས། །བླ་མའི་ཞབས་པད་བསྟེན་པར་འགལ། །ཟེར་མོད་བླ་མ་རྣམ་བཞི་ཡི། །རྣམ་བཞག་འཆད་པ་གཞུང་བཤད་ཡིན། །ཁྲིད་ཀྱི་ཐོག་མར་སུ་ཡིས་འཆད། །ཉམས་སྣང་འཆད་པའང་གཞུང་བཤད་ཚེ། །རྒྱས་པར་འཆད་ཀྱི་ཁྲིད་དུས་སུ། །རྒྱུ་མེད་འབྲས་བུ་གང་ལས་འབྱུང༌། །སྐབས་དེར་རིམ་གཉིས་སྒོམ་ཞེ་ན། །དམ་པས་མ་བཤད་པ་དང་འགལ། །ཁྱེད་ལའང་དབང་གིས་སྨིན་པ་དང༌། །ཐུན་མོང་ཐེག་པར་སྦྱངས་ཟིན་ལ། །ལམ་འབྲས་འཆད་ཚེ་སྣང་གསུམ་གྱི། །ཁྲིད་ལ་དགོས་མེད་འགྱུར་ཞེ་ན། །སྣང་བ་གསུམ་གྱི་སྤྱོད་པ་ལ། །རིམ་གྱིས་སློབ་དགོས་མ་ཡིན་ཡང༌། །གཉིས་མེད་ལྟ་བ་གོམས་བྱས་པས། །སྣང་བ་གསུམ་ལ་ཞེན་པ་སྤོང༌། །དེ་ཡི་འོག་ཏུ་རྒྱུ་དུས་ཀྱི། །དབང་བསྐུར་ངེས་པར་དགོས་མ་ཡིན། །དེ་ལྟ་ན་ཡང་བུམ་དབང་གི །ལྟ་བ་སྐྱེས་ཟིན་མ་ཡིན་ན། །དེ་རྟོགས་པ་ཡི་ཐབས་མཆོག་ཏུ། །བུམ་པའི་དབང་བསྐུར་བླང་བར་བྱ། །དེ་ནས་འཁོར་འདས་དབྱེར་མེད་ཀྱི། །ལྟ་བའི་ངོ་སྤྲོད་རྒྱས་པར་བཤད། །སྣང་གསུམ་ལྟ་བ་རིགས་པ་ལས། །ཤེས་མོད་འདི་ནི་དབང་ལས་སོ། །ལ་ལ་འདི་ཡང་རིགས་པ་ཡིས། །བསྒྲུབས་པར་འཆད་པ་རིགས་མིན་ཏེ། །ཐོས་བསམ་ལྟ་བ་དུག་ཅན་དང༌། །ཉམས་སུ་ལེན་པའི་གནད་གསུམ་བཤད། །ལ་ལ་སྣང་གསུམ་གནས་སྐབས་སུ། །དོན་དམ་བྱང་ཆུབ་སེམས་སྒོམ་པ། །ངོ་བོ་ཉིད་མེད་སྨྲ་བ་ཡི། །སྟོང་ཉིད་སྒོམ་པ་མཆོག་ཡིན་ཟེར། །རིགས་པས་སྒྲོ་འདོགས་གཅོད་པ་ལ། །རིགས་པའི་ལམ་དེ་ཆེས་ཟབ་ཀྱང༌། །སྔགས་ཀྱི་ཐེག་པར་ཞུགས་པ་ན། །སེམས་ཀྱི་རྡོ་རྗེ་སྒོམ་པ་མཆོག །ཅེས་པ་རྗེ་བཙུན་སྐུ་མཆེད་ཀྱི། །ལུང་ལས་གསལ་བར་གསུངས་པ་ལྟར། །ཆོས་རྗེ་བླ་མས་གཞུང་ཤིང་དུ། །གསལ་བར་བཀོད་པ་དེ་ཡིན་ནོ། །ལམ་འབྲས་པ་ལ་སེམས་བསྐྱེད་ཀྱི། །སྡོམ་པ་འབོགས་པའི་ལུགས་མེད་ཅེས། །ཟེར་བ་གཏམ་འཆལ་ཡིན་མོད་ཀྱི། །ཆོ་གའི་ངེས་པ་དེར་མ་གསུངས། །སེམས་བསྐྱེད་ངེས་པར་མི་དགོས་དང༌། །དབང་སྐུར་ངེས་པར་དགོས་པ་འགལ། །གཞུང་བཤད་རིམ་དང་ཁྲིད་རིམ་གྱི། །རྣམ་དབྱེ་བསྲེས་ནས་འཆད་བཞིན་དུ། །གཞན་ལ་མགོ་འཇུག་དཀྲུགས་སོ་ཞེས། །ཀྱལ་ཀ་གཏོང་བར་མ་བྱེད་ཅིག །འདིར་ཡང་རང་གིས་གང་ཐོས་པ། །དེ་ཁོ་ན་ཉིད་བདེན་ཡིན་གྱི། །གཞན་ནི་གཏི་མུག་ཅེས་ཟེར་བ། །སྤང་བའི་དོན་དུ་ཞར་ལ་སྨྲས།།  །།  ༄། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཕྱི་རབས་པ་རྣམས་གསང་སྔགས་ཀྱི། །ལྟ་བ་དབུ་མ་ཐལ་རང་གི །གཞུང་བཞིན་ངེས་པར་འཆད་དགོས་ཟེར། །མཚན་འཛིན་འགོག་ཚེ་དེ་ལྟ་བུའི། །རིགས་པ་བཤད་ཀྱང་མི་འགལ་མོད། །གང་འདིར་ཉམས་སུ་མྱོང་བྱ་ཡི། །སྟོང་ཉིད་དེ་དང་མཐུན་པ་མེད། །ཅི་ཕྱིར་ཞེ་ན་ལུགས་དེ་ཡི། །སྟོང་ཉིད་མངོན་སུམ་ཡུལ་མི་རུང༌། །འདིར་ནི་རང་རིག་མངོན་སུམ་གྱི། །མྱོང་བྱ་ཞིག་ལ་ལྟ་བར་བཤད། །ཐལ་རང་གཞུང་གི་སྟོང་པ་ཉིད། །རྣམ་གྲངས་པ་ཡི་དོན་དམ་ཞེས། །རྗེ་བཙུན་མཆེད་ཀྱིས་གསུངས་པ་དང༌། །གཞུང་ལས་ཀུན་རྫོབ་བདེན་པར་བཤད། །ཐལ་རང་ལུགས་ཀྱི་སྟོང་པ་ཉིད། །ཚད་མ་གཉིས་པོས་མི་རྟོགས་པ། །རང་གཞུང་སོ་སོའི་དགོངས་པ་ཞེས། །ཨ་ཏི་ཤ་ཡིས་གསལ་བར་གསུངས། །ཕྱི་མའི་དུས་འདིར་གྲགས་ཅན་དག །ཡུལ་ཅན་བདེ་བ་ཆེན་པོ་ཡིས། །ཐལ་འགྱུར་ལུགས་ཀྱི་སྟོང་པ་ཉིད། །རྟོགས་པ་སྔགས་ཀྱི་ལྟ་བར་འཆད། །ཐལ་འགྱུར་ལུགས་ལ་སྟོང་ཉིད་ཀྱི། །ཡུལ་དང་ཡུལ་ཅན་མི་འཆད་ཅིང༌། །རིགས་པས་བཙལ་ན་མ་མཐོང་བ། །དེ་ལ་སྟོང་ཉིད་མཐོང་བར་བཏགས། །ཕུང་པོ་རྣམ་བཅད་སྟོང་པ་དང༌། །ཐལ་བྱུང་ཟབ་མོ་སྔགས་ལུགས་ཀྱི། །ཉམས་སུ་མྱོང་བྱ་མིན་ཞེས་པ། །འཇམ་པའི་དབྱངས་ཀྱི་ཞལ་ལུང་ཡིན། །དེས་ན་རང་ལུགས་འཆད་པ་པོ། །རྣམས་ཀྱང་དབུ་མའི་རིགས་པ་ཡིས། །ཞིབ་མོར་དཔྱད་པ་མ་བྱས་ན། །སྔགས་ཀྱི་ལྟ་བ་མི་རྟོགས་ཞེས། །ཟེར་བ་ལུགས་གཞན་དག་དང་འདྲེས། །རང་གི་ལུགས་ལ་ཐོས་བསམ་གྱིས། །སྒྲོ་འདོགས་བཅད་པའི་ལྟ་བ་ནི། །དུག་ཅན་ཉིད་དང་ལྟ་བའི་ཡུལ། །རྣམ་གྲངས་པ་ཡི་དོན་དམ་ཙམ། །ཡིན་ཞེས་བཤད་པ་ལ་སོགས་པ། །རང་གཞུང་ཞིབ་ཏུ་སློབས་ལ་ལྟོས། །འདི་ཡང་གཞན་གྱི་ཁ་ཟེགས་ཙམ། །ལྷུར་ལེན་བྱེད་པ་སྤང་ཕྱིར་དུའོ།།  །།མངྒ་ལམྦྷ་ཝནྟུ།།  །།  ༄། །རྡོ་རྗེ་འཆང་ལ་ཕྱག་བྱས་ནས། །ཀུན་གཞི་རྒྱུ་རྒྱུད་ཅེས་བྱ་བ། །ཀུན་གཞིའི་རྣམ་ཤེས་ཉིད་ཡིན་ཞེས། །ཟེར་བ་དེ་དག་སྤང་བར་བྱ། །ཀུན་གཞིའི་རྣམ་ཤེས་ལས་ཉོན་གྱི། །རྣམ་པར་སྨིན་པ་དངོས་སུ་བཤད། །རིགས་དྲུག་སོ་སོར་གང་སྨིན་པ། །ཆད་ཅིང་སྨིན་ནས་ཡང་སྲིད་ལེན། །འདིར་ན་བརྗོད་བྱ་དོན་གྱི་རྒྱུད། །རྣམ་བྱང་ཕྱོགས་ཀྱི་ཆོས་ཀུན་དང༌། །དབྱེར་མེད་གཞི་ལམ་འབྲས་བུ་ཡི། །གནས་སྐབས་ཀུན་ཏུ་ཆད་མི་སྲིད། །འདི་ལ་ཆོས་དབྱིངས་ཡེ་ཤེས་དང༌། །བདེ་བར་གཤེགས་པའི་སྙིང་པོ་དང༌། །རང་བཞིན་ལྷན་སྐྱེས་ཡེ་ཤེས་དང༌། །གཉིས་མེད་ཡེ་ཤེས་སོགས་སུ་གྲགས། །འདི་ཡི་མ་དག་དག་པ་སོགས། །གནས་སྐབས་གསུམ་ལ་སྣང་གསུམ་དང༌། །རྒྱུ་དང་ཐབས་དང་འབྲས་བུ་ཡི། །རྒྱུད་གསུམ་དག་ཏུ་རྣམ་པར་བཞག །འདི་ལ་ལས་དང་ཉོན་མོངས་པའི། །ས་བོན་བཏབ་པས་འཁོར་བ་འཆར། །མ་ཆགས་སོགས་ཀྱིས་ཐོས་པ་ཡི། །བག་ཆགས་བཞག་པས་སངས་རྒྱས་འགྲུབ། །ཟག་བཅས་ལས་ཀྱི་ས་བོན་ནི། །དེ་དང་འདྲེས་པ་མི་སྲིད་ཅིང༌། །ཐོས་སོགས་བག་ཆགས་རྒྱུ་རྒྱུད་དང༌། །དབྱེ་བ་མེད་པར་ལྷུན་གྱིས་གྲུབ། །ཉོན་མོངས་བག་ཆགས་ཟད་པ་ན། །དེ་ལྟའི་ས་བོན་མི་འདེབས་ཕྱིར། །ཨེ་ཝཾ་ཟུང་འཇུག་མྱང་འདས་སུ། །ལྷུན་གྱིས་གྲུབ་པ་དེ་བཞུགས་སོ། །འཁོར་བ་མྱ་ངན་འདས་པ་དང༌། །དབྱེར་མེད་མིན་པ་ག་ལ་སྲིད། །དབྱེར་མེད་ཅེས་པ་ཟུང་འཇུག་དང༌། །དེ་དོན་གཉིས་སུ་མེད་པ་དང༌། །གཉིས་མེད་དོན་ནི་གཅིག་པུ་དང༌། །གཅིག་པུ་དེ་ཡང་རང་བཞིན་གྱིས། །རྣམ་པར་དག་པའི་མྱང་འདས་ཏེ། །དམ་པའི་དོན་ནི་དེ་གཅིག་པུ། །ལ་ལ་གསལ་སྟོང་ཟུང་འཇུག་དོན། །བདེན་གཉིས་ཟུང་དུ་འབྲེལ་བར་འཆད། །གསལ་བ་ཀུན་རྫོབ་བདེན་པ་དང༌། །སྟོང་པ་བདེན་མེད་ལ་འཆད་ཟེར། །འདི་འདྲ་ལམ་འབྲས་རྒྱུ་འཛིན་གྱིས། །འཆད་པ་ལྟ་ཅི་བརྒྱ་ལམ་ན། །ཐོས་པར་གྱུར་ཀྱང་མི་ཉན་ཏེ། །ངེས་དོན་ཤིན་ཏུ་འཁྲུགས་ཕྱིར་རོ། །དེས་ན་རྟོག་པ་ཀུན་བྲལ་བའི། །གསལ་རིག་བདེ་བ་ཆེན་པོ་ནི། །དམ་པའི་དོན་དུ་ཤེས་བྱས་ནས། །དབང་ལས་ཡང་དག་བླང་བར་བྱ། །ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ། །ལུང་ལས་བཤད་པ་མེད་ཟེར་ན། །ཐོག་མེད་དུས་ཀྱི་དབྱིངས་ཞེས་བཤད། །གསང་བ་འདུས་པར་ངེས་དོན་གྱི། །ངོས་འཛིན་འོད་གསལ་ཉིད་ལ་བཤད། །དེ་ལ་རྗེ་བཙུན་ཀུ་མཱ་རས། །སྤྲོས་བྲལ་མེད་པར་དགག་པ་ལ། །འོད་གསལ་ལ་ཉིད་དུ་ངོས་བཟུང་ནས། །གངས་ཅན་འདི་ན་འཕགས་སྐོར་གྱི། །འོད་གསལ་གོ་བ་སྔོན་མེད་ཟེར། །དེ་ལྟར་འཆད་ཚེ་སངས་རྒྱས་སར། །ཡེ་ཤེས་མེད་པར་ཁས་ལེན་བྱེད། །ཙོང་ཁ་པ་ཡི་གསུང་ལས་ནི། །བདེ་སྟོང་ཟུང་འཇུག་འོད་གསལ་ཏེ། །བདེ་དང་སྟོང་པ་ཆུ་ལ་ནི། །ཆུ་བཞག་ལྟར་སོང་ཟུང་འཇུག་དོན། །ཡིན་ཞེས་འཆད་པར་བྱེད་མོད་ཀྱི། །བདེ་བ་ཆེན་པོ་སྤྲོས་བྲལ་དུ། །རོ་གཅིག་གྱུར་ན་མེད་དགག་ཉིད། །སྤྲོས་བྲལ་བདེ་བར་རོ་གཅིག་ན། །འོད་གསལ་ངོས་འཛིན་སྔ་རབས་པའི། །ལུགས་ལས་གཞན་དུ་འདས་པ་མེད། །འོད་གསལ་མེད་དགག་ཏུ་བཤད་ན། །སྒྲིབ་ཀུན་སྤངས་པའི་སངས་རྒྱས་ཀྱི། །རང་དོན་སྐུ་ལ་ཤེས་མེད་པར། །འཆད་པ་ཟླ་བ་གྲགས་པའི་ལུགས། །དེ་ཕྱིར་རང་ལུགས་འཆད་པ་རྣམས། །གཞན་ཟེར་དབྱངས་སུ་མ་ལེན་ཤིག །ཅེས་པ་འདི་ཡང་རང་གི་གཞུང༌། །ཚུགས་པར་འཆད་པའི་དོན་དུའོ།།  །།དགེའོ།།  །།  ༄། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ལམ་གྱི་ཐུན་བཞིར་དབང་བཞི་པོས། །ལུས་ལ་བརྟེན་ནས་བདེ་ཆེན་གྱི། །སྒྲིབ་པ་འགག་ཅེས་གསུངས་པའི་དོན། །དེ་ཡི་སྒྲིབ་པ་རྣམ་རྟོག་སྟེ། །དེ་ལས་འཕོ་བའི་བག་ཆགས་འབྱུང༌། །འཕོ་བའི་བག་ཆགས་ཞེས་བྱ་བ། །དེ་ནི་འགྱུར་བའི་བདེ་བ་སྟེ། །ལུས་ལ་གནད་དུ་བསྣུན་པ་ལས། །རླུང་སེམས་དབུ་མར་ཆུད་པ་ན། །རྣམ་པར་རྟོག་པ་དང་བྲེལ་བའི། །བདེ་བ་ཤར་དེ་བདེ་ཆེན་ཉིད། །དེ་ཡང་ཤེས་བྱའི་སྒྲིབ་པ་སྟེ། །ཉོན་མོངས་ཟད་པའི་དགྲ་བཅོམ་དང༌། །གཟུགས་ཀྱི་ཁམས་ཀྱི་རྟེན་ལ་ཡང༌། །བདེ་ཆེན་སྒྲིབ་པ་དེ་ཡོད་ཕྱིར། །འདི་དག་སྔགས་ལ་ཉེ་རྒྱུ་ཡིས། །མཚམས་སྦྱོར་བྱེད་ཚེ་ཡུམ་ཆེན་མོ། །ཤེས་རབ་ཕ་རོལ་ཕྱིན་དང་སྦྱོར། །དེ་ལ་ཕྱག་རྒྱ་ཆེ་ཞེས་བྱ། །སྒྲིབ་དེ་འགགས་ནས་འཚང་རྒྱ་བར། །གསལ་བས་བཤད་རྒྱུད་ཅེས་པའི་དོན། །ཀུན་གཞི་རྒྱུ་རྒྱུད་བདེ་ཆེན་དུ། །ཤར་དེ་ལོངས་སྤྱོད་རྫོགས་པར་སྒྲུབ། །དེ་ལྟར་འཆར་བ་གཟུང་འཛིན་གྱི། །རླུང་སེམས་ལུས་སུ་འགགས་ལས་བྱུང༌། །དེ་ཕྱིར་མ་དག་ལུས་འདི་ཉིད། །ལོངས་སྤྱོད་རྫོགས་སྐུའི་ཉེར་ལེན་མིན། །ཅི་ཕྱིར་ཞེ་ན་བསྐྱེད་རིམ་གྱི། །དུས་སུ་སྟོང་པའི་ངང་ལས་སྒྲུབ། །རྫོགས་རིམ་དུས་སུ་འགྲོས་བཞི་པོ། །མ་ཐིམ་བར་དུ་འཚང་མི་རྒྱ། །ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ། །མ་དག་ལུས་ཉིད་ཡིན་ཞེས་ཟེར། །ཟག་བཅས་ལས་ཀྱི་རྣམ་སྨིན་ནི། །གདོད་ནས་གྲུབ་པར་འཆད་མི་ནུས། །བསྐྱེད་རིམ་དུས་ཀྱི་རྟེན་བརྟེན་པ། །ཡེ་ཤེས་སྣང་བར་འཆད་བཞིན་དུ། །ལུས་ཀྱི་དཀྱིལ་འཁོར་བེམས་པོ་ཡི། །ཁམས་སུ་འཆད་པ་འདི་མི་རིགས། །མདོར་ན་ལུགས་སུ་སྣང་བ་ཡི། །རྣམ་རིག་ལས་གཞན་ལུས་འགའ་མེད། །རྣམ་རིག་དེ་ལ་གློ་བུར་གྱི། །དྲི་མའི་ཆ་དང་ཡེ་ཤེས་ཆ། །ཡེ་ཤེས་དེ་ཉིད་མིག་ལ་སོགས། །ཆོས་ཅན་སོ་སོ་དང་འབྲེལ་ཚེ། །ཆོས་ཅན་སོ་སོའི་མིང་མང་པོས། །སོ་སོར་བཏགས་ནས་རྟེན་དང་ནི། །བརྟེན་པར་བཅས་པའི་དཀྱིལ་འཁོར་དུ། །རང་བཞིན་ཉིད་ཀྱིས་ལྷུན་གྲུབ་པ། །བླ་མ་བརྒྱུད་པའི་མན་ངག་གི །སྒྲོན་མས་རིམ་བཞིན་གསལ་འདེབས་བྱེད། །དེ་བཞིན་ཉིད་ཀྱི་དག་པ་དང༌། །ལྷ་རྣམས་སོ་སོའི་དག་པ་ཞེས། །གསུངས་པའི་དགོངས་པ་བཙལ་བ་ན། །དེ་ལྟར་འཆད་ལས་གཞན་མི་སྲིད། །དེ་བཞིན་ཉིད་ཀྱི་ལུས་དཀྱིལ་དང༌། །ཀུན་བཏགས་སོགས་ཀྱི་བཤད་པ་ནི། །སེམས་ཙམ་མ་གཏོགས་དབུ་མ་དང༌། །གསང་སྔགས་པ་ལ་མེད་ཅེས་ཟེར། །སྔགས་སུ་མ་ཟད་ཐེག་ཆེན་གྱི། །བསྒྲུབ་བྱ་སྒྲུབ་པ་པོ་གཉིས་ཀ །ངེས་པར་དེ་བཞིན་ཉིད་དུ་འཆད། །འདི་ལ་དམ་པའི་བདག་ཅེས་ཟེར། །རྗེ་བཙུན་གྲགས་པས་གུར་རྒྱན་དུ། །ཀུན་བཏགས་ལ་ནི་གཞན་དབང་གི །རྒྱས་འདེབས་གཞན་གྱི་དབང་དེ་ལ། །ཡོངས་སུ་གྲུབ་པའི་རྒྱས་འདེབས་ཞེས། །གསུངས་པའི་དགོངས་པ་སྣང་བ་ཀུན། །རྣམ་རིག་ཙམ་ལས་གཞན་ཡོད་མིན། །རྣམ་རིག་ངོ་བོ་ཡོངས་གྲུབ་ཀྱིས། །ཤེས་བྱ་ཀུན་ལ་རྒྱས་འདེབས་བྱེད། །རྗེ་བཙུན་བྱམས་པས་ཡོངས་གྲུབ་ཉིད། །ཡོན་ཏན་ཀུན་གྱི་རྟེན་ཡིན་པར། །དགོངས་ནས་དེ་མ་རྫོགས་པ་དང༌། །རབ་རྫོགས་ཤེས་བྱའི་རྣམ་གཞག་གསུངས། །ཤེས་པ་ཆོས་འཁོར་བར་མཐའ་ཡི། །ངེས་དོན་ལྟ་བ་སྨོས་ཅི་དགོས། །རྡོ་རྗེ་ཐེག་པའི་ཡེ་ཤེས་ཀྱི། །ཚོགས་བསོགས་ཙམ་གྱི་གོ་བ་ཡང༌། །ནེ་ཙོའི་འདོན་པ་ཇི་བཞིན་དུ། །སོང་བ་རྣམས་ཀྱིས་མཁས་པ་དང༌། །གྲུབ་པ་རྣམས་ཀྱི་གཞུང་ཆེན་པོ། །ཁྱད་དུ་གསོད་པ་སྤང་ཕྱིར་ཡིན། །དེ་ཡི་དགེ་བས་བདག་དང་ནི། །ལྷན་ཅིག་ངེས་དོན་ལྟ་བ་ཡི། །སྐལ་མཉམ་གཞན་ཡང་ཟུང་འཇུག་སྐུ། །སྒྲུབ་པའི་གཞི་ལ་རྡེང་ཐོབ་ཤོག།  །།མངྒ་ལཾ།།  །།  ༄། །ན་མོ་གུ་རཱ་ཝེ། བསྐྱེད་རིམ་ལྷ་ཡི་སྒྲུབ་གཞི་ནི། །རང་བཞིན་ལྷན་ཅིག་སྐྱེས་པ་སྟེ། །རྫོགས་པའི་རིམ་པའི་ལྷ་གང་ཡིན། །བདེ་ཆེན་ཡེ་ཤེས་ཉིད་ལས་སྒྲུབ། །གནས་ཚུལ་རང་བཞིན་ལྷན་སྐྱེས་ཏེ། །སྣང་ཚུལ་སྔགས་དང་ཕྱག་མཚན་ལས། །ལྷ་རྣམས་སོ་སོར་བསྐྱེད་པ་ལ། །སྔགས་ཀྱི་སྐུ་ཞེས་བྱ་བར་བཤད། །ཕྱི་དང་ནང་གི་མཆོད་པ་ཡང༌། །སྟོང་པའི་ངང་ལས་སྒྲུབ་པ་པོའི། །ཡེ་ཤེས་ཁོ་ན་ས་བོན་གྱི། །རྣམ་པར་གྱུར་ལས་བསྒྲུབས་དེ་ཡིན། །ལྷན་ཅིག་སྐྱེས་པ་ཉམས་མྱོང་གི །ཡེ་ཤེས་མངོན་དུ་མ་གྱུར་པ། །དེ་སྲིད་རྟོག་པའི་ཡུལ་ཡིན་ཕྱིར། །དོན་དམ་རྣམ་གྲངས་པ་ཞེས་བྱ། །དབུ་མར་སོན་པའི་བདེ་བ་ཉིད། །ལྷན་སྐྱེས་ངོ་བོར་གང་ཤར་བ། །དེ་ཚེ་རང་རིག་པའི་དག་པ། །མངོན་དུ་གྱུར་ཕྱིར་དོན་དམ་དངོས། །འདི་ཡིས་གྲུབ་པའི་ལྷ་སྐུ་ལ། །རྫོགས་རིམ་ལྷ་དང་ཡེ་ཤེས་ལྷ། །ཞེས་བྱ་གཞན་གྱི་རྣམ་རིག་ལ། །སྒྱུ་མའི་འཆར་ཚུལ་ཇི་བཞིན་ནོ། །ནང་གི་བསྐྱེད་རིམ་སྒྲུབ་པའི་གཞི། །མ་དག་ཕུང་པོ་ཉིད་ཡིན་ཟེར། །འོ་ན་འདི་ལ་དབང་བསྐུར་ཚེ། །མ་དག་ཕུང་པོ་མི་དམིགས་པར། །བདག་དང་དབང་རྫས་གཉིས་ཀ་ཡང༌། །དེ་བཞིན་ཉིད་དུ་བྱས་དེ་ཅི། །དགྱེས་པ་རྡོ་རྗེར་འབྲས་བུ་ཡི། །རྡོ་རྗེ་འཛིན་པའི་སྐུ་དང་ནི། །གསང་བ་འདུས་པར་དང་པོ་ཡི། །མགོན་པོའི་སྐུ་ལ་ལུས་དཀྱིལ་སྒོམ། །དེ་དག་མ་དག་ལུས་སུ་ནི། །བཤད་ན་ཧ་ཅང་ཐལ་བར་འགྱུར། །ཕུང་པོ་སངས་རྒྱས་ལྔ་བདག་ཅེས། །གསུངས་པ་རྣམ་དག་ཕུང་པོ་ལྔ། །གཞན་དུ་མ་དག་འཇིག་རྟེན་དང༌། །རྡུལ་མཚོན་ཁ་དོག་རྣམ་ལྔ་དང༌། །ཐ་མལ་ཆུ་དང་མེ་ཏོག་སོགས། །ལྷ་དང་མཆོད་རྫས་དངོས་ཡིན་ནམ། །གསང་བ་འདུས་པར་སེམས་དབེན་གྱི། །ཡེ་ཤེས་དེ་ཉིད་སྒྱུ་མའི་སྐུ། །སྒྲུབ་པའི་གཞི་དང་དེར་སྒྲུབ་པ། །དེ་ལ་ཀུན་རྫོབ་བདེན་ཞེས་བཤད། །དེ་ལས་འོད་གསལ་བ་དང་ནི། །ཟུང་འཇུག་མངོན་དུ་གྱུར་པའི་ཚེ། །མ་དག་པ་ཡི་གཟུགས་ལ་སོགས། །ཤུལ་དུ་འཇོག་ཅེས་བོད་རྣམས་སྨྲ། །འདི་ནི་ཕྱི་རོལ་དོན་སྨྲ་བའི། །ངེས་པ་སེམས་ལ་ཞེན་པ་སྟེ། །གཟུགས་སུ་སྣང་བའི་རྣམ་རིག་ལས། །མ་གཏོགས་གཟུགས་ཡོད་མིན་ཕྱིར་རོ། །རྣམ་རིག་དེ་ཉིད་གཉིས་སྣང་གི །བག་ཆགས་ཅན་ལ་འཆར་ཞེ་ན། །ཨིནྡྲ་བྷཱུ་ཏི་བཙུན་མོར་བཅས། །ཤུལ་དུ་ལུས་པ་ལྟར་སྣང་ངམ། །ལ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས། །སྐུ་ཚེ་དེ་ལ་ཟུང་འཇུག་སྐུ། །མངོན་དུ་མཛད་ནས་རང་གི་ལུས། །གཞན་ལ་སྦྱིན་པར་བཏང་ཞེས་ཟེར། །འདི་མི་འཐད་པའི་ལུང་རིགས་ནི། །མང་པོའི་བློ་ལ་ལྗེན་ཕྱིར་བཞག །མ་རྒྱུད་པ་རྣམས་གསེར་འགྱུར་གྱི། །རྩི་ལས་ལྕགས་ལ་གསེར་བཟོ་ལྟར། །རྣལ་འབྱོར་ལུས་ཀྱི་བེམས་པོའི་ཁམས། །ཟད་ནས་ཡེ་ཤེས་སྐུ་བྱེད་གསུང༌། །གཞན་དག་སོལ་བ་དུང་འགྱུར་བཞིན། །བེམས་པོ་ཤེས་པར་མི་འགྱུར་ཟེར། །འདི་ཡང་རྡུལ་ཕྲན་དོན་སྨྲ་ཡི། །ལུགས་ཡིན་བེམས་པོར་སྣང་བ་ཡི། །རྣམ་རིག་དེར་འགྱུར་འགལ་བ་མེད། །འདིར་ཡང་བེམས་པོའི་ཁམས་ཟད་ནས། །རྫོགས་སངས་རྒྱ་བར་གསུངས་པའི་ཕྱིར། །མ་དག་ལུས་ཀྱི་བེམས་པོའི་ཁམས། །སངས་རྒྱས་ཉིད་དུ་འགྱུར་བ་མེད། །ཅེས་པ་འདི་ཡང་བྲག་དཀར་བ། །བྱང་ཆུབ་སེམས་དཔའ་བསྐྱེད་རྫོགས་ཀྱི། །གནས་ལ་དོགས་པ་འཁྲུང་སྲིད་པ། །སེལ་ཕྱིར་ལེགས་པའི་བློ་ཡིས་སྨྲས། །དེ་ཡི་དགེ་བས་རང་ཉིད་ཀྱང༌། །ཟབ་མོའི་གནས་ལ་རྡེང་ཐོབ་ནས། །སྒྲུབ་པ་སྙིང་པོར་བྱེད་པ་དང༌། །ཐེག་པ་མཆོག་དང་འབྲལ་མེད་ཤོག།  །།མངྒ་ལཾ།།  །།  ༄། །ན་མོ་མཉྫུ་བཛྲཱ་ཡ། དགྱེས་པ་རྡོ་རྗེ་ང་ཉིད་ཅེས། །སྒོམ་པས་གོམས་པར་བྱེད་དུས་ཀྱི། །ང་དེ་གང་ལ་བྱ་ཞེ་ན། །རྒྱལ་བའི་བཀའ་ལས་རྣམ་གཉིས་གསུངས། །ཀུན་རྫོབ་བཏགས་པའི་ཡོད་པ་དང༌། །དོན་དམ་ལྷན་སྐྱེས་ཡེ་ཤེས་སོ། །དང་པོ་ཡེ་ནས་མེད་བཞིན་དུ། །ལྷན་ཅིག་སྐྱེས་དང་གྲུབ་མཐས་བརྟགས། །དང་པོ་ཡང་དག་ཀུན་རྫོབ་དང༌། །གཉིས་པ་ལོག་པའི་ཀུན་རྫོབ་བོ། །འདི་དག་ཡུལ་ཅན་དང་བཅས་པ། །ཀུན་བཏགས་ཉིད་ཕྱིར་ཡོན་ཏན་གྱི། །རྟེན་དུ་རྫོགས་པ་མིན་པར་ནི། །བཤད་པས་ལྷག་པའི་ལྷར་མི་སྐྱེད། །གང་ཞིག་ལྷག་པའི་ལྷར་རུང་བ། །ཡོན་ཏན་ཀུན་དང་དབྱེར་མེད་འགྱུར། །གང་དེ་བདག་ཏུ་སྣང་བ་དང༌། །ཞེན་པ་སྤངས་ནས་དེ་ལྷར་སྐྱེད། །དེ་མ་བཅད་ན་གང་ཟག་ཉིད། །ལྷ་དེར་སྐྱེད་པ་རུང་མ་ཡིན། །གང་ལ་བདག་ཏུ་ཞེན་ཡོད་པ། །དེ་སྲིད་དེ་ལྟར་མི་འཆར་ཏེ། །བདག་ཏུ་ཞེན་དང་ལྷར་སྣང་བ། །ལྷན་ཅིག་མི་གནས་འགལ་ཕྱིར་རོ། །དེ་བཞིན་ཕུང་སོགས་དྲི་མའི་ཆོས། །ཡོན་ཏན་རྣམས་དང་དབྱེར་མེད་དུ། །རུང་བ་མིན་ནམ་ལྷར་བསྐྱེད་ན། །ལྷག་པའི་ལྷ་རྣམས་སྤང་བྱར་འགྱུར། །བསྐྱེད་རིམ་རགས་པ་རྟེན་དང་བཅས། །ཡེ་ཤེས་ལས་གྲུབ་ཟེར་བཞིན་དུ། །ཕྲ་བའི་བསྐྱེད་རིམ་རྟེན་བརྟེན་པ། །ཡེ་ཤེས་མིན་པ་གད་མོའི་གནས། །ཇི་སྲིད་བེམས་པོར་སྣང་དང་ཞེན། །དེ་སྲིད་ལུས་དཀྱིལ་དུ་མི་འཆར། །ཞེན་པར་གྱུར་ན་སྨོས་ཅི་དགོས། །སྣང་བ་དེ་གཉིས་འགལ་ཕྱིར་རོ། །གཉིས་པ་ལྷན་སྐྱེས་ཡེ་ཤེས་ནི། །ངར་འཛིན་ཡུལ་ལས་འདས་པའི་ཕྱིར། །དེ་ཡིས་དེར་བཟུང་བདག་མིན་ཡང༌། །ཀུན་གྱི་གནས་ཕྱིར་བདག་ཅེས་བྱ། །བདག་མ་ཡིན་ན་དོན་དམ་པའི། །བདག་ཏུ་འགལ་བ་ཉིད་ཅེ་ན། །འདི་ཉིད་བདག་ཅེས་བྱ་བར་ནི། །འདོད་པ་གྲངས་ཅན་ལུགས་ཡིན་མོད། །འདི་ན་ལ་ལ་སེམས་ཙམ་པས། །ཀུན་གཞི་བདག་ཏུ་འདོད་ཅེས་དང༌། །ཡིད་ཀྱི་རྣམ་ཤེས་བདག་དངོས་སུ། །ལེགས་ལྡན་འབྱེད་ཀྱིས་འདོད་ཅེས་དང༌། །ཐལ་འགྱུར་བ་རྣམས་ཕུང་པོ་ལ། །བརྟེན་ནས་བཏགས་པའི་ང་ཙམ་ཉིད། །བདག་ཏུ་འདོད་ཅེས་སྨྲ་བར་སྣང༌། །འདི་དག་མུ་སྟེགས་གཞུང་ཡིན་ནོ། །དེས་ན་ཆོས་ཉིད་ཡེ་ཤེས་ཉིད། །དམ་པའི་དོན་གྱི་བདེན་གཅིག་པུ། །རྣམ་རྟོག་མ་ལུས་ཁེགས་པ་ན། །ལྷག་པའི་ལྷར་ནི་ལྷུན་གྱིས་གྲུབ། །གནས་ཚུལ་དམ་པའི་དོན་གྱི་ལྷ། །དེ་ཉིད་རྟོགས་པས་ལྷར་བསྐྱེད་ནས། །གཟུང་བྱ་ཀུན་རྫོབ་ཡིན་མོད་ཀྱང༌། །གོམས་པ་རྫོགས་ནས་ཡེ་ཤེས་ལྷ། །སེམས་བཅས་མིན་པའི་དོན་ཡོད་པར། །ཐེག་ཆེན་མཐའ་དག་མི་བཞེད་ཀྱང༌། །འདི་ན་བེམས་པོ་ལྷར་སྒོམ་ཞེས། །སྨྲ་བ་རྒྱུད་སྡེའི་ལུགས་མིན་ནོ། །འདི་ན་གསར་བྱུང་ཆོས་སྨྲ་བ། །ཕྱི་རོལ་དོན་ལ་ཞེན་ཆེས་པས། །གཉུག་མ་གཞི་ལུས་སངས་རྒྱས་ཚེ། །བེམས་ལུས་ལྷག་མར་བཞག་ཅེས་ཟེར། །བེམས་པོ་ཡེ་ནས་ཡོད་མིན་པར། །རྣལ་འབྱོར་ཡེ་ཤེས་ཀྱིས་རྟོགས་ཚེ། །བེམས་པོའི་སྣང་བ་སྒྲུབ་པ་པོའི། །མ་འཁྲུལ་ཤེས་ལ་འཆར་མི་སྲིད། །འདིར་ཡང་བདེ་སྟོང་ཟུང་འཇུག་ལས། །སྒྱུ་མའི་སྐུ་དེ་བསྒྲུབ་པར་བྱ། །ཀུན་རྫོབ་སྒྱུ་མའི་སྐུ་དེ་ནི། །ཇི་སྲིད་འོད་གསལ་དུ་ཞུགས་པ། །མཐར་མ་ཕྱིན་པ་དེ་སྲིད་དུ། །སློབ་པའི་ཟུང་འཇུག་སྐུར་ཡང་ནི། །ལྡང་མི་ནུས་ན་མི་སློབ་པའི། །ཟུང་འཇུག་སྐུར་ལྡང་སྨོས་ཅི་དགོས། །དེས་ན་བེམས་པོའི་ཆོས་རྣམས་ནི། །ཟུང་འཇུག་སྐུར་ལྡང་མ་ཟེར་ཤིག །མ་རྒྱུད་པ་རྣམས་འབྲས་བུ་ལ། །མཚམས་སྦྱོར་ནུས་པའི་ཉེ་རྒྱུ་ཡི། །འཇའ་ལུས་བསྒྲུབས་ནས་རྟེན་དེ་ལ། །ཟུང་འཇུག་མངོན་དུ་བྱེད་པར་བཞེད། །འདི་ནི་གསར་བྱུང་གྲུབ་མཐའ་དང༌། །བསྲེས་ནས་ཐེག་པ་ཆེན་པོར་ཡང༌། །ཕྱི་རོལ་དོན་གཞན་ཁས་ལེན་པ། །རྣམས་ཀྱི་འཁྲུལ་པ་སེལ་ཕྱིར་དུ། །ལེགས་པའི་བློ་ཡིས་མདོ་རྒྱུད་ཀྱི། །སྙིང་པོ་བསྡུས་ནས་སྦྱར་བ་ཡི། །ཡི་གེ་པ་ནི་རབ་གཞུང་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ་བྷ་ཝནྟུ།།  །།  ༄། །ན་མོ་མཉྫུ་བཛྲཱ་ཡ། གང་འདིར་ཐེག་མཆོག་རྩེ་མོ་པ། །རྣམས་ནི་གང་ཤར་ལྷ་སྐུ་དང༌། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཞེས། །སྨྲ་ལ་ཐེ་ཚོམ་མ་མཆིས་པ། །བཤད་འཇུག་སོ་སོར་མ་ཕྱེ་བའི། །དད་པས་རྗེས་འབྲང་འཐད་མོད་ཀྱང༌། །ཆོས་ཀྱི་རྗེས་འབྲང་འདིར་བསམ་བྱ། །དངོས་ཀུན་ལྷ་རུ་གནས་པ་དང༌། །ཇི་ལྟར་གནས་བཞིན་མཐོང་ཞེས་པ། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཏེ། །བུམ་དབང་བསྐུར་བ་ལས་ཤེས་བྱ། །རིག་པའི་དབང་ལྔ་བསྐུར་བའི་ཚེ། །ཕུང་པོ་ལྔ་པོ་མི་དམིགས་ཏེ། །སྟོང་པ་ཞེས་པ་རང་གི་ལུང༌། །མི་དམིགས་པ་ནི་གཟུང་བ་དང༌། །སྟོང་པ་ཞེས་པས་འཛིན་མེད་བསྟན། །སྟོང་པའི་ངང་ལས་ཧཱུྃ་ཞེས་སོགས། །གཟུང་འཛིན་གཉིས་པོ་བཀག་ཤུལ་དུ། །ལྷག་མར་ལུས་པའི་དེ་བཞིན་ཉིད། །ཡེ་ཤེས་ངོ་བོར་གནས་དེའོ། །འདི་ནི་དམ་པའི་དོན་གྱི་ལྷ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དེ་ལས་མི་སྐྱོད་པ་ཞེས་སོགས། །ཀུན་རྫོབ་རྣམ་ཤེས་ཡུལ་གྱི་ལྷ། །དེ་བཞིན་ཉིད་ཀྱི་དག་པ་ནི། །ཇི་སྲིད་མ་ཤེས་དེ་སྲིད་དུ། །གནས་ཚུལ་དང་ནི་སྣང་ཚུལ་གྱི། །ལྷ་གང་ཡིན་པ་མི་ཤེས་སོ། །ལྷ་ཀུན་སྒྲུབ་གཞི་དེ་བཞིན་ཉིད། །གཅིག་པུར་ངེས་ན་ལྷ་སོ་སོ། །འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། །སྦྱང་གཞི་མང་པོའི་དབང་དུ་བྱས། །ཕུང་ཁམས་སྐྱེ་མཆེད་སོ་སོ་ཡི། །ཆོས་ཉིད་ལྷ་རྣམས་སུ་བསྐྱེད་ནས། །བསྒོམ་ཚེ་ཆོས་ཅན་སོ་སོ་ཡི། །གཟུང་འཛིན་གཉིས་པོ་ཞི་བར་འགྱུར། །འདི་ལ་ལྷ་རྣམས་སོ་སོ་ཡི། །དག་པ་ཞེས་ནི་མངོན་པར་བརྗོད། །དཔེར་ན་ཆགས་སོགས་ཉོན་མོངས་ཀྱི། །གཟུང་འཛིན་གཉིས་མེད་རིག་ཙམ་སྟེ། །ལྷར་བསྐྱེད་པས་ནི་ཉོན་མོངས་ཀུན། །ངོ་བོ་ཉིད་ཀྱིས་ཞི་བར་འགྱུར། །ཀུན་རྫོབ་ངོ་བོ་ལྷར་ཤེས་པས། །གཟུང་འཛིན་གདོད་ནས་མེད་པར་གོ །ཡེ་ཤེས་གདོད་ནས་གྲུབ་པ་ཉིད། །དམ་པའི་དོན་དུ་ཤེས་པར་ནུས། །ཇི་སྲིད་གཟུང་བར་ཞེན་ཡོད་པ། །དེ་སྲིད་ལྷར་ནི་མི་འཆར་ཏེ། །ཇི་སྲིད་མིར་ནི་ཞེན་ཡོད་པ། །དེ་སྲིད་མཐོ་ཡོར་དུ་མི་འཆར། །ཇི་སྲིད་གཟུང་བར་སྣང་ཡོད་པ། །དེ་སྲིད་ལྷ་རུ་མི་འཆར་ཏེ། །དཔེར་ན་མཐོ་ཡོར་དུ་སྣང་བ། །དེ་སྲིད་མི་ཡི་སྣང་མི་འཆར། །མ་དག་སྣོད་ཀྱི་འཇིག་རྟེན་ཡང༌། །རང་གི་ངོ་བོས་མི་སྟོང་བར། །ཞེན་པ་ཡོད་པ་དེ་སྲིད་དུ། །གཞལ་ཡས་ཁང་དུ་འཆར་མི་སྲིད། །འཆར་ན་འགལ་ལ་མི་འཁྲུལ་འགྱུར། །མདོར་ན་ཆོས་སུ་སྣང་ཙམ་ལས། །མ་གཏོགས་ཆོས་གཞན་མེད་ཞེས་པ། །དེ་ནི་ཀུན་ཏུ་བཏགས་པ་ལ། །གཞན་གྱི་དབང་གིས་རྒྱས་གདབ་ཟེར། །རྣམ་རིག་དེ་ཉིད་གཟུང་འཛིན་གྱི། །དྲི་མས་དབེན་པར་ནམ་གོ་བ། །དེ་ནི་གཞན་གྱི་དབང་ཉིད་ལ། །ཡོངས་སུ་གྲུབ་པའི་རྒྱས་གདབ་ཟེར། །ཡོངས་སུ་གྲུབ་པ་གཅིག་པུ་ཉིད། །སྦྱང་གཞི་སོ་སོ་དང་འབྲེལ་བ། །དེ་ལ་དངོས་ཀུན་གང་དང་གང༌། །རང་གི་ལྷག་པའི་ལྷ་ཞེས་བརྗོད། །དག་པ་དང་པོ་དོན་དམ་སྟེ། །གཉིས་པ་བསྐྱེད་རིམ་རྟོག་པའི་ཡུལ། །དེ་ཡང་དག་པ་གསུམ་པ་ཡིས། །སྦྱངས་པས་ཡེ་ཤེས་ཉིད་དུ་གྲུབ། །རང་རིག་དག་པ་ཞེས་བྱ་བ། །རྫོགས་རིམ་ཡེ་ཤེས་བདེ་བ་ཆེ། །རང་བཞིན་ལྷན་སྐྱེས་བདེ་བ་གང༌། །ཐབས་ཀྱིས་མངོན་དུ་གྱུར་པའི་ཚེ། །མི་འགྱུར་བདེ་བ་ཆེན་པོ་སྟེ། །གནས་ཚུལ་རྫོགས་རིམ་ཡེ་ཤེས་དང༌། །སྣང་ཚུལ་རྫོགས་རིམ་ལྷ་ཞེས་པ། །གཉིས་ཀའང་ཡེ་ཤེས་ཉིད་ཀྱི་ཕྱིར། །དམ་པའི་དོན་གྱི་བདེན་པར་བཞག །འདི་ཡང་བྱ་སྤྱོད་རྣལ་འབྱོར་དུ། །སྣང་བ་ལྷ་རུ་གསུངས་པ་མེད། །ཅེས་པའི་དོན་གང་བཤད་པ་སྟེ། །གྲུབ་མཐའ་དང་པོ་གསུམ་དང་བསྟུན། །རྣམ་དག་ཅེས་པ་གཟུང་འཛིན་གཉིས། །རྣམ་པར་དག་པའི་དབང་བྱས་པར། །མི་ཤེས་པ་ཡི་གསང་སྔགས་པ། །རྣམས་ཀྱི་དོགས་པ་སེལ་ཕྱིར་དུ། །སེམས་དཔའ་བསོད་ནམས་རྒྱལ་མཚན་གྱི། །ཞལ་ངོར་སྦྱར་བས་དག་པ་དང༌། །ཡེ་ཤེས་ཚོགས་སོག་ལ་མཁས་ཤོག།  །།མངྒ་ལཾ།།  །།  ༄། །རྡོ་རྗེ་འཆང་ལ་ཕྱག་བྱས་ནས། །རང་གཞན་རྨོངས་པ་སེལ་དོན་དུ། །རྒྱུད་དང་མན་ངག་ལས་བྱུང་བའི། །འཁོར་འདས་དབྱེར་མེད་བསམ་པར་བྱ། །དབྱེར་མེད་ཅེས་པ་ཟུང་འཇུག་སྟེ། །དེ་ཡང་གཉིས་སུ་མེད་པའི་དོན། །དོན་དེ་གཉིས་སུ་མེད་པ་དང༌། །གཅིག་ཡོད་པ་ལ་འཆད་ཚུལ་ལོ། །དང་པོ་ཕ་རོལ་ཕྱིན་པ་ལས། །གཉིས་པ་རྡོ་རྗེ་ཐེག་པར་འབྱུང༌། །གཅིག་པུ་དེ་ཡང་གང་ཞེ་ན། །རང་བཞིན་མྱ་ངན་འདས་པར་བཤད། །དེས་ནི་ཤེས་བྱ་ཀུན་ལ་ཁྱབ། །དེ་ལས་ལོགས་ན་འཁོར་བ་མེད། །ཅི་ཕྱིར་ཞེ་ན་འཁོར་བ་ནི། །ཀུན་རྫོབ་ཙམ་དུ་བདེན་ཕྱིར་དང༌། །མྱ་ངན་འདས་པ་དུས་ཀུན་ཏུ། །དོན་དམ་བདེན་པར་འཆད་ཕྱིར་རོ། །མྱང་འདས་བདེན་པ་མ་ཡིན་ཏེ། །ཆོས་ཀུན་ཡོད་མིན་ཕྱིར་ཞེ་ན། །འདི་ལ་འགལ་བ་ཡོད་མིན་ཏེ། །ཆོས་འཁོར་བར་མཐའི་ཁྱད་པར་ལས། །རིགས་པས་སྒྲོ་འདོགས་གཅོད་པ་དང༌། །སྒོམ་པས་མྱོང་བྱའི་དབང་དུ་བྱས། །མྱ་ངན་འདས་པ་བདེན་པའི་ཕྱིར། །དེར་འཛིན་སྤོང་མི་ནུས་ཤེ་ན། །མྱ་ངན་འདས་པ་ཡོངས་གྲུབ་དང༌། །དེར་འཛིན་ཡང་དག་མིན་རྟོག་ཕྱིར། །འཛིན་པ་ཀུན་བཏགས་སྤོང་བ་ཡི། །གཉེན་པོ་ཡོངས་གྲུབ་ཉིད་དུ་འཆད། །ཇི་སྲིད་འཁོར་བར་འཛིན་ཡོད་པ། །དེ་སྲིད་འཁོར་འདས་དབྱེ་བ་ཡོད། །ཅི་ཕྱིར་ཞེ་ན་འཁྲུལ་སྣང་ཀུན། །བདེན་པ་ཉིད་དུ་ཞེན་ཕྱིར་རོ། །མདོར་ན་འཁོར་འདས་གཉིས་ཀ་ལ། །མཚན་གཞི་གཅིག་ལས་བཤད་པ་མེད། །གཅིག་པུ་དེ་ཡང་གང་ཞེ་ན། །བདེ་སྟོང་ཟུང་དུ་འཇུག་པའོ། །ཨེ་ཝཾ་འཁོར་བ་ཞེས་བྱ་སྟེ། །ཨེ་ཝཾ་མྱ་ངན་འདས་པར་བཤད། །དྲི་མར་བཅས་པའི་ཆོས་ཀྱི་དབྱིངས། །དོན་དམ་པ་ཡི་སེམས་ཅན་དང༌། །བཏགས་པར་ཡོད་པའི་གང་ཟག་ལ། །ཀུན་རྫོབ་སེམས་ཅན་དུ་བཤད་བཞིན། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །མ་དག་སྣང་བ་ཀུན་རྫོབ་ཀྱི། །འཁོར་བར་བཤད་མོད་དེའི་རང་བཞིན། །དོན་དམ་འཁོར་བ་ཉིད་དུ་བཤད། །སྣང་ཚུལ་འཁོར་འདས་དབྱེར་ཡོད་དང༌། །གནས་ཚུལ་འཁོར་འདས་དབྱེར་མེད་ལས། །འཆད་པའི་ཚེ་ན་སྣང་ཚུལ་དང༌། །ལྟ་བ་རྟོགས་ཚེ་གནས་ཚུལ་སྒོམ། །འཁོར་འདས་དབྱེར་མེད་འཆད་པོ་འགའ། །འཁོར་བ་གང་ཡིན་མྱང་འདས་དང༌། །མྱ་ངན་འདས་པའང་འཁོར་བ་སྟེ། །སྣང་བ་ཐམས་ཅད་ལྷ་ཡིན་ཟེར། །འོ་ན་ལྷ་ཡང་མ་དག་པའི། །སྣང་བར་ཐལ་ཏེ་མྱ་ངན་འདས། །འཁོར་བ་ཉིད་དུ་འཆད་ཕྱིར་རོ། །འཁོར་བ་མྱ་ངན་འདས་ཡིན་ཡང༌། །མྱང་འདས་འཁོར་བ་མིན་ཞེ་ན། །འོ་ན་འཁོར་འདས་དབྱེར་ཡོད་དུ། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །གཉིས་པོ་སོ་སོར་ངེས་ཕྱིར་རོ། །མདོར་ན་འཁོར་འདས་གཉིས་པོ་ལ། །གཞི་མཐུན་ཁས་བླངས་བཅས་པའི་ཚེ། །ཐེག་པ་གསུམ་གྱི་མྱ་ངན་འདས། །འཁོར་པ་ཉིད་དུ་ཁས་བླངས་སོ། །ཁྱོད་ལའང་དེ་ལྟར་ཐལ་ཞེ་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འཁོར་བ་མེད་པར་ཁས་ལེན་གྱི། །དྲི་མར་བཅས་པའི་ཆོས་ཀྱི་དབྱིངས། །འཁོར་བ་དངོས་སུ་ཁས་མི་ལེན། །འདོགས་པའི་རྒྱུ་མཚན་ཚང་བས་ན། །ཨེ་ཝཾ་འཁོར་བ་ཞེས་བྱ་སྟེ། །ཞེས་གསུངས་པ་ལ་བོད་སྐད་དུ། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་བསྒྱུར་སྔ་མ་བཏགས་མིང་དང༌། །ཕྱི་མ་དངོས་ཀྱི་མིང་དུ་བཤད། །གནོད་བྱེད་དོན་དམ་ཡིན་ཕྱིར་རོ། །ཁྱད་པར་རྗེ་བཙུན་ས་སྐྱ་པས། །དབྱེར་མེད་དོན་བཤད་འདིར་གསན་བྱ། །གསལ་བ་ཞེས་བྱ་སྣང་གྲགས་ཀུན། །སེམས་ལས་གཞན་ན་མེད་པའོ། །སེམས་ལས་གཞན་ན་དོན་ཡོད་པར། །ཞེན་ན་གསལ་བ་དེ་ལས་གོལ། །སྟོང་པ་ཞེས་པ་གསལ་ཙམ་དེ། །འཁོར་བའི་ཆོས་ཀྱིས་སྟོང་པར་བཞེད། །འཁྲུལ་སྣང་ལས་སྣང་སེམས་ཉིད་དུ། །ཞེན་ན་སྟོང་པ་དེ་ལས་གོལ། །ཟུང་འཇུག་ཅེས་པ་གློ་བུར་གྱི། །དྲི་མས་སྟོང་པའི་གསལ་ཙམ་སྟེ། །གསལ་སྟོང་གཉིས་པོ་ཕན་ཚུན་དུ། །ཡ་བྲལ་གྱུར་ན་དེ་ལས་གོལ། །གོལ་བར་གྱུར་ལས་འཁོར་བ་དང༌། །མ་གོལ་མྱང་འདས་ལྷུན་གྱིས་གྲུབ། །སྣང་བ་སེམས་ལས་གཞན་མེད་ན། །གསལ་བ་ཉམས་སུ་ལེན་པ་ཤེས། །སེམས་སྣང་སྒྱུ་མར་ཤེས་གྱུར་ན། །སྟོང་པ་ཉམས་སུ་ལོངས་པར་འགྱུར། །གསལ་སྟོང་བརྗོད་བྲལ་དུ་གོམས་པ། །ཟུང་འཇུག་ཉམས་སུ་ལེན་པའི་ཐབས། །གསལ་བ་འདི་ལ་གསུམ་འབྱེད་མོད། །གཙོ་ཆེར་འཁོར་བའི་ཆོས་ངོས་འཛིན། །སྟོང་ལ་རང་བཞིན་གློ་བུར་དང༌། །རང་སྟོང་གཞན་སྟོང་མེད་མོད་ཀྱང༌། །འཁོར་བའི་ཆོས་ཀྱིས་སྟོང་པ་སྟེ། །མྱ་ངན་འདས་པས་སྟོང་མི་བཞེད། །ཟུང་འཇུག་ཅེས་པ་ཟུང་འབྲེལ་ལ། །བཤད་ན་ཤིན་ཏུ་འཁྲུལ་འགྱུར་བས། །སྟོང་པའི་ངོས་འཛིན་གསལ་བ་ལ། །བཤད་པས་ཟུང་འཇུག་དགོངས་པ་འགྲུབ། །གསལ་བ་ཞེས་པ་རང་སེམས་དང༌། །སྟོང་པ་ཞེས་པ་བདེན་སྟོང་དང༌། །ཟུང་འཇུག་ཅེས་པ་བདེན་པ་གཉིས། །ཟུང་དུ་འབྲེལ་ལ་བཤད་པས་ནོངས། །འཁྲུལ་སྣང་སེམས་ལས་གཞན་མེད་པར། །གོམས་པས་ཉམས་ཀྱི་སྣང་བ་འཆར། །ཉམས་སྣང་སྒྱུ་མར་གོམས་པ་ལས། །དག་པའི་སྣང་བ་འཆར་བར་འགྱུར། །དག་པའི་སྣང་བ་གང་ཤར་བ། །ཟུང་འཇུག་ཡེ་ཤེས་ཉིད་ཡིན་ཕྱིར། །བརྗོད་བྲལ་དོན་དམ་བདེན་པའོ། །མདོར་ན་སངས་རྒྱས་སེམས་ཅན་དང༌། །མྱ་ངན་འདས་དང་འཁོར་བ་སོགས། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། །ཀུན་ལ་བདེན་པ་གཉིས་སུ་ཕྱེ། །དོན་དམ་ཡེ་ཤེས་ཡུལ་གྱི་ཆོས། །ཐམས་ཅད་དབྱེར་མེད་ཉིད་དུ་འཆད། །ཀུན་རྫོབ་རྣམ་ཤེས་ཡུལ་གྱི་ཆོས། །ཕལ་ཆེར་འཁྲུལ་ངོར་དབྱེ་བ་ཡོད། །དེ་ལྟར་འཁོར་འདས་དབྱེར་མེད་འདི། །རྟོགས་བྱེད་ཕ་རོལ་ཕྱིན་པ་དང༌། །གསང་སྔགས་ལམ་གྱི་ཁྱད་པར་ལས། །རྟོགས་པའི་ཡེ་ཤེས་སོ་སོར་སྐྱེ། །ཕ་རོལ་ཕྱིན་པའི་ཐོས་བསམ་གྱིས། །རྟོགས་པ་རྗེས་དཔག་ཉིད་དུ་སྐྱེ། །དེ་གོམས་པ་ལ་མངོན་སུམ་ཡང༌། །སྣང་སྟོང་ནམ་མཁའ་ལྟ་བུའམ། །གསལ་སྟོང་རིག་པ་ཉིད་དུ་འཆར། །རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱིས། །ཐོག་མར་མངོན་སུམ་ཉིད་དུ་སྐྱེ། །དེ་ལའང་དཔེ་དང་དོན་གྱི་ནི། །དབྱེ་བས་ཡེ་ཤེས་གཉིས་སུ་བཤད། །རྟོགས་པ་བདེ་སྟོང་ཟུང་འཇུག་སྟེ། །སངས་རྒྱས་ཀུན་གྱི་སྡོམ་པར་བཤད། །རང་བཞིན་ལྷན་སྐྱེས་གཅིག་ཉིད་ཀྱང༌། །རྟོགས་བྱེད་ཐབས་ཀྱི་ཁྱད་པར་གྱིས། །རྣམ་གྲངས་རྣམ་གྲངས་མིན་པ་ཡི། །དོན་དམ་གཉིས་སུ་འབྱེད་པའང་བཤད། །རྡོ་རྗེ་ཐེག་པར་ཉམས་མྱོང་གི །ངེས་དོན་འཁོར་ལོ་གསུམ་པ་ཡི། །ཆོས་སྐད་ཇི་བཞིན་མ་ནོར་བར། །འཆད་མཁས་རྗེ་བཙུན་གྲགས་པའི་གཞུང༌། །ཐེག་པ་ཆེན་པོའི་ཚུལ་གཉིས་པོར། །རིགས་པས་སྒྲོ་འདོགས་ཆོད་པའི་ཚུལ། །ངོ་བོ་ཉིད་མེད་སྨྲ་བའི་གཞུང༌། །ཇི་བཞིན་འཆད་མཁས་གྲགས་པའི་མཚན། །དབུ་མའི་རིག་པ་རང་རང་བློས། །གཞན་དུ་དྲངས་ནས་གསང་སྔགས་ཀྱི། །ངེས་དོན་དེ་ལྟའི་ལམ་ནས་ནི། །འཆད་མཛད་གཞན་དང་མ་བསྲེ་ཤིག །འདི་ནི་ཕྱི་རབས་གསང་སྔགས་འཛིན། །རྒྱུད་གསུམ་མན་ངག་དང་བཅས་པ། །འཆད་ཅེས་ཟེར་བའི་སོམ་ཉི་ཅན། །རྣམས་ཀྱི་ཚོད་དཔག་སེལ་ཕྱིར་དུ། །རྒྱུད་འགྲེལ་མན་ངག་ལ་བལྟས་ནས། །ལེགས་པའི་བློ་ཡིས་རིགས་པར་སྦྱར། །ལུང་སྦྱོར་གཞུང་བཞིན་བཀླགས་པས་འགྲུབ། །དགེ་བས་རྡོ་རྗེ་འཛིན་ཐོབ་ཤོག།  །།མངྒ་ལམྦྷ་ཝནྟུ།།  །།  ༄། །ན་མཿགུ་རཱ་ཝེ། རྗེ་བཙུན་ཕྱི་མའི་གཞུང་འཛུགས་པར། །ཁས་ལེན་བྱེད་པོའི་མཁས་པ་འགའ། །ཁོ་བོ་ཅག་གི་རྗེ་བླ་མས། །ལམ་འབྲས་དབུ་ཞབས་དཀྲུགས་ཞེས་ཟེར། །སྣང་གསུམ་ཐོག་མར་རྒྱུ་དུས་ཀྱི། །དབང་བསྐུར་མི་མཛད་པས་དཀྲུགས་ན། །རྗེ་བཙུན་ཆེན་པོའི་གཞུང་ཇི་ལྟའི། །ཁྲིད་ཡིག་མཛད་པའང་དེར་ཐལ་ལོ། །སྐབས་དེར་དངོས་སུ་མ་བཤད་ཀྱང༌། །དོན་གྱིས་ཐོབ་པ་ཡིན་ཞེ་ན། །ཐོག་མར་བློ་ཆོས་སུ་འགྲོ་བའི། །གདམས་ངག་འཆད་ལ་དབང་མི་དགོས། །བླ་མའི་རྣམ་གཞག་བཤད་ཙམ་གྱིས། །དབང་བསྐུར་སྔོན་དུ་འགྲོ་དགོས་ན། །བླ་མར་མཆོད་བརྗོད་བྱས་པ་ཡི། །གཞུང་ལུགས་ཀུན་ལ་དེར་ཐལ་ལོ། །དེ་ལྟར་གཞུང་གི་གོ་རིམ་བཞིན། །གང་ཟག་གཅིག་ཉིད་དཀྲི་བ་ཡི། །ཁྲིད་འཆད་ཚེ་ན་རྒྱུ་དུས་ཀྱི། །དབང་བསྐུར་གང་དུ་བཤད་ས་དེར། །མཛད་པས་གོ་རིམ་འཁྲུགས་འགྱུར་ན། །འོག་ཏུ་བཤད་པ་ཐམས་ཅད་ཀྱི། །གོང་དུ་བཤད་པས་སྨོས་ཅི་དགོས། །ཉམས་སྣང་རྒྱས་པར་བཤད་ཟིན་པའི། །འོག་ཏུ་བཤད་པས་འཁྲུག་འགྱུར་ན། །རྡོ་རྗེའི་ཚིག་རྐང་དེ་ཉིད་ཀྱིས། །ཤེས་བྱེད་དེ་ཕྱིར་དེར་འགྱུར་རོ། །དེས་ན་གཞུང་ཚོགས་ཇི་སྙེད་ཀྱིས། །ལས་དང་པོ་ཞིག་དཀྲི་བའི་ཚེ། །ཉམས་ལ་སྤྲོ་བ་སྐྱེད་མཛད་ཀྱི། །ཁྲིད་ཀྱི་ཚུལ་དུ་དེར་མི་འཆད། །འོན་ཀྱང་སྣང་གསུམ་གཞུང་ཙམ་གྱིས། །ལམ་འབྲས་རྫོགས་པར་འཁྲིད་ནུས་པའི། །གང་ཟག་འགའ་ལ་སྣང་གསུམ་གྱི། །སྐབས་སུ་དབང་བསྐུར་དོན་གྱིས་ཐོབ། །ཅི་ཕྱིར་ཞེ་ན་ཉམས་བཅོ་ལྔ། །ཁྲིད་ཀྱི་ཚུལ་དུ་འཆད་དགོས་ཤིང༌། །བདེ་བར་གཤེགས་པའི་བཤད་པ་ཡང༌། །རང་བྱིན་བརླབས་པར་འཆད་ཕྱིར་རོ། །འདི་ཡང་བཤད་པ་ཙམ་ཡིན་གྱི། །ལག་ལེན་ཁྲིད་ཀྱི་ཚུལ་དུ་ནི། །སུས་ཀྱང་བཤད་པ་མེད་པའི་ཕྱིར། །དཔེར་ན་སྣང་གསུམ་ཁྲིད་བོར་ནས། །རྒྱུད་གསུམ་ཉིད་ནས་བསྟན་ཆོག་པའི། །རིགས་ཤིག་བཤད་ཀྱང་ལག་ལེན་དུ། །བྱས་ན་རང་བཟོར་འགྱུར་བ་བཞིན། །སེམས་སྐྱེད་ཁྲིད་རྣམས་རྫོགས་པའི་འོག །སྨོན་འཇུག་བླངས་པས་དཀྲུགས་འགྱུར་ན། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ། །འཇུག་པའི་གཞུང་གིས་ཀྱང་དེར་འགྱུར། །དོན་དམ་བྱང་ཆུབ་སེམས་སྒོམ་པ། །སྔགས་ལུགས་ཡིན་ཕྱིར་དབང་དགོས་ན། །སྔགས་ལས་བཤད་པའི་དོན་དམ་སེམས། །མདོ་སྡེའི་རྒྱན་སོགས་ལས་ཀྱང་འབྱུང༌། །ལ་ལ་ངོ་བོ་ཉིད་མེད་སྨྲའི། །དོན་དམ་བྱང་སེམས་འདིར་སྒོམ་ཟེར། །ལུགས་འདིའི་སྟོང་པ་ཉིད་ལ་ནི། །དོན་དམ་བྱང་སེམས་སུ་མི་འཆད། །གཞུང་དུ་རྒྱུ་དུས་དབང་བསྐུར་གྱི། །ཐོག་མར་འཁོར་འདས་དབྱེར་མེད་བཤད། །རྗེས་སུ་བཤད་པས་དཀྲུགས་འགྱུར་ན། །རྒྱུད་ལས་ཀྱང་ནི་དེར་ཐལ་ཏེ། །དབང་བསྐུར་ནས་ནི་དེ་ཉིད་བཤད། །ཅེས་དང་ཕྱི་ནས་བཤད་པར་བྱ། །ཞེས་དང་རྗེ་བཙུན་ཉིད་ཀྱིས་ཀྱང༌། །དེ་ལྟར་བཤད་པ་ཡིན་ཕྱིར་རོ། །ཆོས་རྗེ་བླ་མས་ལམ་དུས་ཀྱི། །རྗེས་ལ་འཁོར་འདས་དབྱེར་མེད་བཤད། །རྒྱུ་ལམ་གཉིས་ཀྱི་བར་མཚམས་སུ། །ཁྱད་ཀྱིས་འཆད་པས་དཀྲུགས་ཤེ་ན། །དབང་བཞི་པོ་དང་རིམ་གཉིས་དང༌། །རྒྱུ་ལམ་འབྲས་བུ་ཐམས་ཅད་ལ། །དབྱེར་མེད་ལྟ་བས་རྒྱས་འདེབས་ཕྱིར། །འཆད་ཚུལ་ཀུན་ཀྱང་འཁྲུགས་པ་མེད། །ངོ་བོ་ཉིད་མེད་སྨྲ་བ་ཡི། །འཁོར་འདས་དབྱེར་མེད་འདིར་མི་མཁོ། །ནམ་མཁའ་ལྟ་བུར་མེད་དགག་ཏུ། །རོ་གཅིག་པ་ཉིད་དེར་བཤད་ཕྱིར། །མེད་མི་རུང་བ་མ་ཡིན་པའི། །སེམས་བསྐྱེད་སྡོམ་པ་སོགས་འཆད་པས། །དཀྲུགས་ན་སྔགས་ཀྱི་སྡོམ་པའི་རྟེན། །སེམས་བསྐྱེད་སྡོམ་པ་དགོས་མིན་ནམ། །ས་པཎ་གྱིས་མཛད་དེ་མི་དགོས། །ཤེ་ན་དབང་གི་ཆུ་བོ་ཡང༌། །རྗེ་བཙུན་རྩེ་མོ་མན་ཆད་ཀྱིས། །མཛད་པ་དགོས་དེ་ཅི་ཡི་ཕྱིར། །ཕྱི་ཡི་བསྐྱེད་རིམ་གོམས་རྗེས་སུ། །ནང་གི་བསྐྱེད་རིམ་འཆད་པ་ཡི། །ཐོག་མར་ལམ་དུས་དབང་བསྐུར་བ། །འདི་ཡང་དཀྲུགས་པ་ཡིན་ཞེས་ཟེར། །རྗེ་བཙུན་ཆེན་པོའི་གསུང་ལས་ནི། །འབྲས་བུ་རྡོ་རྗེ་འཛིན་པ་ཡི། །ལུས་ལ་ཡེ་ཤེས་པ་བཅུག་ནས། །ལུས་དཀྱིལ་སྒོམ་པ་མན་ངག་ཡིན། །ཞེས་གསུངས་པ་སོགས་ཤེས་བྱོས་ལ། །གསུང་ངག་རིན་ཆེན་འཆད་པ་དང༌། །ཉན་དང་གོམས་པ་ཡོད་ཙམ་མཆོག །ཡིན་ཕྱིར་ཕྱོགས་སུ་ལྟུང་མི་འཚལ། །ཅེས་པ་འདི་ཡང་བྲག་དཀར་བ། །སེམས་དཔའ་ཆེན་པོའི་ཞལ་གྱི་ངོར། །སྦྱར་བས་ཕྱོགས་འཛིན་ཞི་གྱུར་ཅིག །ཅེས་འདིའང་འདྲི་པོ་ཆོས་རྒྱལ་ལོ།།  །།མངྒ་ལཾ།།  །།  ༄། །ན་མཿགུ་རཱ་ཝེ། ལམ་འབྲས་པ་ཕྱི་མ་རྣམས་ཀྱི་ལྟ་བ་བརྟགས་པའི་རབ་ཏུ་བྱེད་པ། ཀྱེ་ཧོ། མ་དག་སྣང་བ་འཁྲུལ་ངོའི་ཆོས་སུ་བཤད། །འཁྲུལ་ངོ་ཞེས་པ་མེད་བཞིན་སྣང་བའི་གསུང༌། །ཡང་དག་ཀུན་རྫོབ་ཡོད་སྨྲའི་ལམ་འབྲས་པས། །ཕྱིས་བྱུང་ཆོས་ཀྱི་གཏམ་དང་མ་བསྲེས་སམ། །གང་སྣང་སེམས་སུ་སྨྲ་བའི་སྒོམ་ཆེན་པ། །སྔོན་བྱོན་རྣམས་ནི་དོན་སྣང་རྫུན་པར་སྨྲ། །ཕྱི་དོན་ཡོད་སྨྲའི་ཕྱིས་བྱུང་ལམ་འབྲས་པས། །སྣང་ཚད་སེམས་ཞེས་བྲག་ཆར་སྨྲ་བྱེད་དམ། །ཕྱི་རོལ་དོན་ཡོད་ཅེས་པ་ཐེག་ཆེན་པ། །རང་གི་ལུགས་སུ་འཆད་པ་སུ་ཡང་མེད། །ཕྱི་དོན་ཁས་ལེན་བྱེད་པའི་ལམ་འབྲས་པས། །གཟུང་འཛིན་རྫས་གཞན་ཁས་ལེན་བྱེད་མིན་ནམ། །ལམ་འབྲས་ལྟ་བ་ཐལ་རང་དབུ་མའི་ལུགས། །འཁོར་ལོ་གསུམ་པ་སེམས་ཙམ་ལུགས་སོ་ཞེས། །ཐག་ཆོད་མགྱོགས་པར་བྱེད་པའི་ལམ་འབྲས་པས། །ཟུང་འཇུག་ལྟ་བ་གང་ནས་ཇི་ལྟར་བཙལ། །ཟུང་འཇུག་ཅེས་བྱ་བདེན་གཉིས་ཟུང་འབྲེལ་ལ། །འཆད་ཅེས་ཟེར་བའི་བྱིས་རྣམས་མགུ་བྱེད་ཀྱི། །བསྡུས་སྐད་ངོ་སོར་བྱེད་པའི་ལམ་འབྲས་པས། །གོང་མའི་གཞུང་ལུགས་མཐའ་དག་ཆུད་གསོན་ཏམ། །ཟུང་འཇུག་ཅེས་པ་མཉམ་བཞག་ལྟ་བའི་ཡུལ། །མཐར་ཐུག་ཉིད་དུ་རྗེ་བཙུན་སྔ་མས་བཞེད། །ཟུང་འབྲེལ་ལྟ་བར་འཆད་པའི་ལམ་འབྲས་པས། །མཉམ་རྗེས་ཡུལ་གྱི་ངོས་འཛིན་མ་ནོར་རམ། །སྣང་བཞིན་བདེན་པས་སྟོང་པའི་མེད་དགག་ཆ། །དུག་ཅན་ལྟ་བའི་ཡུལ་དུ་གོང་མས་བཤད། །ཐལ་རང་ལྟ་བ་སྨྲ་བའི་ལམ་འབྲས་པས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་འཆད་ནུས་སམ། །ཐལ་རང་གཞུང་ན་ཐོས་བསམ་མ་གཏོགས་པ། །ལྟ་བ་རྟོགས་པའི་ཐབས་གཞན་བཤད་པ་མེད། །ཐལ་རང་ལྟ་བ་སྨྲ་བའི་ལམ་འབྲས་པས། །དུག་ཅན་ལྟ་བ་ངོས་འཛིན་བྱེད་ནུས་སམ། །བཙལ་བས་མ་རྙེད་ཅི་ཡང་མ་མཐོང་ལ། །དེ་ཉིད་མཐོང་ཞེས་ཐལ་རང་གཞུང་དུ་བཤད། །གཞུང་གཞན་དངོས་སྨྲར་འཆད་པའི་ལམ་འབྲས་པས། །རང་རིག་དག་པ་གསལ་བར་འཆད་ཤེས་སམ། །ལས་སྣང་ཞེས་པ་མེད་བཞིན་སྣང་བའི་གཏམ། །འགྲོ་དྲུག་ཡུལ་ན་རང་སྣང་ཡོད་དོ་ཞེས། །ཕྱི་དོན་ཚད་གྲུབ་སྨྲ་བའི་ལམ་འབྲས་པས། །སྣང་གསུམ་དང་པོའི་ལྟ་བ་འཆད་ནུས་སམ། །འཁོར་བའི་ཉེས་དམིགས་བསམ་དང་རྒྱུ་འབྲས་སོགས། །བསམ་ཚུལ་གོ་རིམ་དེ་ལྟར་གསུངས་མོད་ཀྱང༌། །འཁྲིད་པའི་ཚེ་ན་ངེས་ལེགས་མངོན་མཐོའི་གཏམ། །གོ་རིམ་བཟློག་ནས་འཆད་དགོས་མ་ཡིན་ནམ། །རྣལ་འབྱོར་པ་དང་ཉམས་སྣང་ཞེས་བྱ་བ། །གསང་སྔགས་ཁྱད་ཆོས་ཡིན་ཕྱིར་དབང་བསྐུར་ལ། །ངེས་པར་ལྟོས་ཤེས་ཟེར་བའི་ལམ་འབྲས་པས། །ཕར་ཕྱིན་ཐེག་པའི་ཉམས་ལེན་འཆད་ཤེས་སམ། །ཉམས་སྣང་མཐའ་དག་ཀུན་རྫོབ་བདེན་ནོ་ཞེས། །གཞན་ལ་ཁྱད་གསོད་བྱེད་པའི་ལམ་འབྲས་པས། །གོང་མའི་ལུང་ན་བྱང་ཆུབ་ཆེན་པོའི་ལམ། །ཇི་སྐད་བཤད་པའི་ངོས་འཛིན་བྱེད་ནུས་སམ། །བྱང་ཆུབ་ལམ་ལ་ཀུན་རྫོབ་མི་འགལ་ན། །དུ་སོགས་རྟགས་བཅུ་ཤར་བའི་ཡུལ་ཅན་བློ། །མ་རིག་གིས་བསླད་ཤེས་པར་ཁས་ལེན་ནམ། །ཀུན་རྫོབ་ཅེས་བྱ་མ་རིག་ཉིད་ཕྱིར་རོ། །གཞན་དག་ཉམས་སྣང་དོན་དམ་བདེན་ནོ་ཞེས། །མཐའ་གཅིག་ཁོ་ནར་སྨྲ་བའི་ལམ་འབྲས་པས། །ཕ་རོལ་ཆོས་ཉིད་མངོན་སུམ་མཐོང་བ་ཡི། །ཚུ་རོལ་ཤེས་པ་ཡོད་པར་ཁས་ལེན་ཏམ། །ཉམས་སྣང་ཁྲིད་ཀྱི་སྐབས་སུ་གསང་སྔགས་ཀྱི། །ཐུན་མོང་མིན་པའི་ཉམས་རྣམས་འཆར་དགོས་ན། །དག་སྣང་ཁྲིད་ཀྱི་རྣམ་བཞག་འཆད་སྐབས་སུ། །རྫོགས་སངས་རྒྱས་པར་ཁས་ལེན་བྱེད་ནུས་སམ། །རྒྱུད་གསུམ་སྒོ་ནས་བཀྲི་བའི་ཐོག་མར་ནི། །བླ་མས་འཁོར་འདས་དབྱེར་མེད་སྟོན་ཅེས་གསུངས། །བུམ་དབང་ཁོ་ནའི་ལྟ་བར་འཆད་མཛད་རྣམས། །ཐོག་མར་སྟོན་པའི་དགོངས་པ་གང་ནས་བཙལ། །བུམ་དབང་སྔོན་དུ་སོང་བའི་ཐོག་མ་ཞེས། །ངེས་པར་འཆད་ན་རྗེ་བཙུན་གཞུང་དང་འགལ། །འཁོར་འདས་དབྱེར་མེད་ཕ་རོལ་ཕྱིན་གཞུང་ན། །མང་ཕྱིར་གསང་སྔགས་ཁོ་ནར་འཆད་མི་འཚལ། །འཁོར་འདས་དབྱེར་མེད་ཅེས་པ་ལྟ་བའི་ཡུལ། །དེ་རྟོགས་བྱེད་པའི་ཐབས་མཆོག་རྣམ་གཉིས་གསུངས། །ཐོས་བསམ་རིགས་པས་སྒྲོ་འདོགས་བཅད་པ་དང༌། །དབང་བསྐུར་ཆོ་གས་ཉམས་སུ་མྱོང་བའོ། །དང་པོ་ཐོག་མར་རིགས་པ་རྣམ་གསུམ་གྱིས། །སྒྲོ་འདོགས་བཅད་ནས་བརྗོད་བྲལ་ཉམས་མྱོང་བྱ། །སེམས་དང་སྒྱུ་མ་མྱོང་བྱ་རྣམ་གསུམ་པོ། །ཆོས་འཁོར་གསུམ་པའི་དབང་བྱས་དོན་དམ་ཆ། །རྟེན་འབྲེལ་ཤེས་པ་ཀླུ་སྒྲུབ་གཞུང་བཞིན་དུ། །ཕལ་ཆེར་ཐ་སྙད་བདེན་པའི་དབང་དུ་བྱས། །བུམ་པའི་དབང་ལས་འཁོར་འདས་དབྱེར་མེད་ཀྱི། །ལྟ་བ་རྟོགས་པར་རྒྱུད་དང་མན་ངག་ལས། །གསལ་བར་གསུངས་ཏེ་སྒྲོ་འདོགས་མ་ཆོད་ཀྱང༌། །ཟུང་འཇུག་ཉམས་སུ་མྱོང་བར་གདོན་མི་ཟ། །དེ་ཚེ་སྒྲོ་འདོགས་ཆོད་པར་མ་གྱུར་ན། །རྗེས་ཐོབ་དུས་སུ་རིགས་པ་རྣམ་གསུམ་བསམ། །རིགས་པའི་དབང་ལས་སྒྲོ་འདོགས་ཆོད་ཟིན་ན། །རྗེས་ཐོབ་དུས་སུ་ཉམས་ལེན་གནད་གསུམ་གྱིས། །དཔེ་རྣམས་དྲན་ནས་ལྟ་བའི་རྒྱུན་ཆེན་པོ། །དྲན་དང་ཤེས་བཞིན་སྟོབས་ཀྱིས་བསྐྱང་བར་བྱ། །རིགས་པ་མ་གཏོགས་བུམ་པའི་དབང་བསྐུར་ཙམ། །ལྟ་བ་རྟོགས་བྱེད་མིན་སྨྲའི་ལམ་འབྲས་པས། །དབང་གོང་རྣམ་གསུམ་ལྟ་གྲུབ་ལྷག་མ་དྲུག །རྟོགས་བྱེད་ཡིན་ཞེས་ནེ་ཙོའི་འདོན་པས་སྨྲས། །འཁོར་བའི་ཆོས་རྣམས་ཚད་མས་གྲུབ་པ་ལ། །བདེན་པས་སྟོང་བ་འཁོར་འདས་དབྱེར་མེད་ཅེས། །འཆལ་གཏམ་དབྱངས་སུ་ལེན་པའི་ལམ་འབྲས་པས། །ཕྱིས་བྱུང་ཆོས་ཀྱི་སྐད་དང་མ་བསྲེས་སམ། །ཡོད་མ་མྱོང་བའི་འཁོར་བའི་ཆོས་གསལ་བ། །གཟུང་འཛིན་སྣང་བས་སྟོང་ཚེ་མྱ་ངན་འདས། །གསལ་དང་སྟོང་པ་ཐ་དད་མ་ཡིན་པ། །ཟུང་འཇུག་ཅེས་བྱ་ལྟ་བའི་མྱོང་བྱར་ཤེས། །ཡེ་ཤེས་རྣམ་རྟོག་དབང་དུ་སོང་བ་ན། །འཁོར་བ་ཞེས་བྱ་འཁྲུལ་བའི་ངོ་ན་གསལ། །རྣམ་རྟོག་ཆོས་ཉིད་དབང་དུ་སོང་བ་ན། །མྱ་ངན་འདས་ཏེ་འཁོར་བ་དབྱིངས་སུ་ཞི། །ཆགས་སོགས་དྲི་མའི་ཆོས་རྣམས་ཡེ་ཤེས་དང༌། །དབྱེར་མེད་ཡིན་ཞེས་སྨྲ་བའི་ལམ་འབྲས་པས། །དྲི་མ་སེམས་ཀྱི་ཆོས་སུ་ཁས་བླངས་ཕྱིར། །སྟོབས་སོགས་ཡོན་ཏན་རྣམས་དང་འབྲལ་རུང་འགྱུར། །རྒྱུ་རྒྱུད་མཚན་གཞི་ཀུན་གཞིའི་རྣམ་ཤེས་ཞེས། །ཆ་མེད་དབྱངས་སུ་ལེན་པའི་ལམ་འབྲས་པས། །འཁོར་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་ཚེ། །རྒྱུ་རྒྱུད་ཆད་ཅིང་འཐུད་པར་ཁས་བླངས་སོ། །ཕྱོགས་སུ་མ་ལྷུང་མྱོང་ཙམ་གསལ་རིག་ནི། །གདོད་ནས་གྲུབ་པའི་ཆོས་དབྱིངས་ཡེ་ཤེས་ཏེ། །ཀུན་གཞི་རྒྱུ་རྒྱུད་འདི་ལ་འཁོར་འདས་གཉིས། །ཚང་བར་བཞུགས་ཀྱང་རྨོངས་དང་བྲལ་བའི་ཚེ། །མྱ་ངན་འདས་ལས་མ་གཏོགས་འཁོར་བའི་ཆ། །ཡོད་མ་ཡིན་ཕྱིར་གཉིས་སུ་དབྱེ་བ་མེད། །རྨོངས་པའི་ཚེ་ཡང་འཁོར་བ་མེད་བཞིན་སྣང༌། །འཁོར་བའི་ཆོས་ཉིད་མྱ་ངན་འདས་པ་དང༌། །དབྱེར་མེད་པ་ལ་ཟུང་དུ་འཇུག་པ་དང༌། །ཀུན་གཞི་རྒྱུ་རྒྱུད་ཨེ་ཝཾ་ཞེས་བྱ་བ། །དེ་ཉིད་ཆོས་རྣམས་ཀུན་གྱི་གནས་ལུགས་ཡིན། །སྣང་གསུམ་ཟིན་བྲིས་ཡི་གེར་འགོད་པ་པོས། །ལྷག་མཐོང་ངོས་འཛིན་སྟོང་ཉིད་ངེས་བློ་ཞེས། །འཆད་པ་འདི་ཡང་ཕྱིས་བྱུང་རྡོལ་གཏམ་སྟེ། །སྔོན་བྱོན་བོད་ཀྱི་ཆེན་པོ་ཀུན་དང་འགལ། །དོན་དམ་བྱང་སེམས་སྒོམ་པའི་ངོས་འཛིན་ཏུ། །ཐལ་རང་ལུགས་ཀྱི་སྟོང་ཉིད་བསྒོམ་བྱར་འཆད། །མཐའ་བྲལ་སྟོང་ཉིད་དོན་དམ་བྱང་སེམས་སུ། །འཆད་པའི་གཞུང་ལུགས་གང་ནའང་ཡོད་མ་ཡིན། །རྗེ་བཙུན་ཞབས་ནི་གསང་བ་འདུས་པ་ཡི། །དོན་དམ་བྱང་སེམས་ཤེས་བྱ་གློ་བུར་གྱི། །དྲི་མ་རྣམས་དང་ངེས་པར་འབྲལ་རུང་བའི། །སེམས་ཀྱི་རྡོ་རྗེ་དེ་ལ་བཞེད་པ་ཡིན། །ཞེས་པ་འདི་ཡང་བྲག་དཀར་བ། །བྱང་ཆུབ་སེམས་དཔའི་ཞལ་གྱི་ངོར། །ལེགས་པའི་བློ་ཡིས་ཉེར་སྦྱར་བའི། །ཡི་གེ་མཁན་པོ་ཆོས་རྒྱལ་ལོ། །དགེ་བས་སངས་རྒྱས་མྱུར་ཐོབ་ཤོག།  །།མངྒ་ལཾ།།  ༄༅། །སྔགས་ལུགས་ཀྱི་ཟབ་རྒྱའི་གནད་རྣམ་པར་གཏན་ལ་དབབ་པ་རྡོ་རྗེ་འཆང་གི་དགོངས་པ་རབ་གསལ་ཆོས་ཚན་ཉི་ཤུ་རྩ་གཅིག་པ་བཞུགས་སོ།།  ༄༅། །ན་མཿགུ་རུ་ཝེ། ཡོན་ཏན་ཀུན་རྫོགས་ཆོས་ཀྱི་སྐུ། །སྒྲིབ་པ་ཀུན་བྲལ་བདེ་བར་གཤེགས། །ཟུང་འཇུག་ཡན་ལག་བདུན་ལྡན་པ། །ཁྱབ་བདག་འཁོར་ལོའི་མགོན་པོར་འདུད། །དེ་ནས་བྱང་ཆུབ་ཕྱོགས་མཐུན་ཆོས། །བདུན་གྱིས་ལྷག་པའི་སུམ་ཅུ་པོ། །ཐེག་པ་གསུམ་དང་གསང་སྔགས་ཀྱི། །ལམ་གྱི་གཞུང་ཤིང་ཡིན་པར་གསུངས། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །སོ་བདུན་སྤྱི་དང་བྱེ་བྲག་རྣམས། །ཕལ་ཆེར་མིང་ཙམ་མཐུན་གྱུར་ཀྱང༌། །དོན་གྱི་ངོས་འཛིན་ཁྱད་པར་ཆེ། །གསང་སྔགས་ལུགས་ཀྱི་སོ་བདུན་དུ། །ཕ་རོལ་ཕྱིན་པའི་སོ་བདུན་གྱི། །དོན་འདུས་ཅིག་ཤོས་དེར་མི་འདུ། །ཅི་ཕྱིར་ཞེ་ན་ལུགས་གཉིས་ཀྱི། །ལམ་གྱི་བྱང་ཕྱོགས་སོ་བདུན་ལ། །མཆོག་དམན་ཡོད་པའི་རྒྱུ་མཚན་གྱིས། །འབྲས་ལ་ཁྱད་པར་བཤད་ཕྱིར་རོ། །དེ་ནས་ཅུང་ཟད་ཕྱེ་བཤད་པ། །ཐེག་པ་དམན་པའི་སློབ་ལམ་ནི། །བྱང་ཕྱོགས་སོ་བདུན་གྱིས་མཐར་ཕྱིན། །ལྷག་མེད་དུས་སུ་དེ་མི་བཞེད། །ཐེག་པ་ཆེན་པོའི་སློབ་ལམ་དང༌། །མི་གནས་པ་ཡི་མྱང་འདས་ཀྱི། །གནས་སྐབས་ཀུན་ཏུ་སོ་བདུན་པོ། །ཚང་བར་བཞུགས་ཞེས་འཆད་པ་ཡིན། །ཕྱོགས་མཐུན་སྡེ་ཚན་དང་པོ་གསུམ། །ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང༌། །དབང་པོ་དང་ནི་སྟོབས་ཀྱི་སྡེ། །སྦྱོར་ལམ་གཉིས་ཚན་གཉིས་པོ་ལ། །འཇོག་པར་མངོན་པ་གོང་འོག་མཐུན། །མངོན་པ་འོག་མར་མཐོང་བའི་ལམ། །འཕགས་ལམ་ཡན་ལག་བརྒྱད་པོ་དང༌། །བྱང་ཆུབ་ཡན་ལག་སྒོམ་ལམ་དུ། །འཆད་མོད་གོང་མར་དེ་ལས་ལོག །མདོ་སྡེའི་བརྒྱན་དུ་བྱང་ཆུབ་ཀྱི། །ཕྱོགས་མཐུན་སུམ་ཅུ་སོ་བདུན་པོ། །ཐམས་ཅད་མཐོང་བའི་ལམ་ཉིད་དང༌། །ལྷན་ཅིག་འཐོབ་ཅེས་བཤད་པའང་ཡོད། །ཕར་ཕྱིན་ཐེག་པར་སོ་བདུན་པོ། །ཐམས་ཅད་མཉམ་པར་བཞག་པ་དང༌། །སྒོམ་བྱུང་ཉིད་དུ་འཆད་པ་སྟེ། །རྗེས་ཐོབ་ཕྱོགས་ལ་དེ་མི་གསལ། །སྔགས་ལུགས་བྱང་ཕྱོགས་སོ་བདུན་ལ། །སྐྱེད་རིམ་ཕྱོགས་དང་མཐུན་པ་དང༌། །རྫོགས་པའི་རིམ་པའི་དབང་བྱས་པ། །རྣམ་པ་གཉིས་སུ་བཤད་དགོས་སོ། །དང་པོ་ལ་ཡང་རྟེན་དང་ནི། །བརྟེན་པའི་དབང་དུ་བྱས་པའོ། །རྟེན་ནི་གཞལ་ཡས་ཁང་ཉིད་དེ། །དེ་ཡང་ཡེ་ཤེས་སྣང་བ་དང༌། །ཁྱད་པར་བྱང་ཕྱོགས་སོ་བདུན་ཞེས། །ཐམས་ཅད་གསང་བའི་རྒྱུད་ལས་གསུངས། །བརྟེན་པ་རྣལ་འབྱོར་མ་སོ་བདུན། །བྱང་ཆུབ་ཕྱོགས་མཐུན་སོ་བདུན་པོའི། །ངོ་བོ་ཉིད་དུ་རྣམ་དག་ཅེས། །འཁོར་ལོ་སྡོམ་པའི་ཆོས་སྐོར་ལས། །གསུངས་ཏེ་ཕྱི་ནང་གཞན་གསུམ་པོ། །སྦྱོར་ཚུལ་ལུང་གིས་དཔྱད་པ་ན། །ཕྱི་ན་ཡུལ་ཆེན་སོ་བདུན་དང༌། །ནང་དུ་རྩ་ཁམས་སུམ་ཅུ་བདུན། །གཞན་ནི་རྣལ་འབྱོར་མ་སོ་བདུན། །སྦྱོང་བྱེད་མཁའ་འགྲོ་སོ་བདུན་གྱིས། །ཕྱི་ནང་སོ་བདུན་ཕྲག་གཉིས་པོ། །སྦྱངས་པས་གློ་བུར་དྲི་མ་ལས། །རྣམ་གྲོལ་འཁོར་ལོ་སྡོམ་པ་ཡི། །ལྷ་ཚོགས་དྲུག་བཅུ་རེ་གཉིས་པོ། །མངོན་གྱུར་དཔའ་བོ་ཉེར་ལྔ་པོ། །རང་རང་གནས་ཀྱི་རྣལ་འབྱོར་མ། །རྣམས་དང་གཉིས་སུ་མེད་པར་བཤད། །ཕྱི་ཡི་སོ་བདུན་བཤད་དཀའ་ཞིང༌། །ནང་གི་སོ་བདུན་གང་ཞེ་ན། །པུ་ལི་ར་མ་ལ་སོགས་པ། །ཉི་ཤུ་རྩ་བཞི་པོ་དག་དང༌། །སྒོ་མཚམས་མ་ཡི་སྦྱང་གཞི་བརྒྱད། །གཞུང་ནས་གསལ་བར་གསུངས་པ་དང༌། །བདེ་ཆེན་ལྷ་ལྔའི་རྩ་ལྔ་པོ། །གཞུང་དུ་གསལ་བར་མ་གསུངས་ཀྱང༌། །དོན་གྱིས་འཐོབ་པས་སྦས་པ་ཡི། །རྩ་ལྔ་ཞེས་བྱའི་ཐ་སྙད་མཛད། །ཕྱི་རོལ་སོ་བདུན་ཉེར་བཞི་དང༌། །དེ་ཡི་དབྱེ་གཞི་བཅུ་གཉིས་པོ། །སྦྱར་བས་སུམ་ཅུ་རྩ་དྲུག་དང༌། །གཙོ་བོའི་གནས་དང་སོ་བདུན་ནོ། །གཞུང་འདིར་བྱང་ཕྱོགས་སོ་བདུན་པོ། །ས་བཅུ་ཉིད་དང་སྦྱོར་མཛད་ཀྱི། །འཇིག་རྟེན་པ་ཡི་ལམ་གཉིས་དང༌། །དཔེ་མེད་ཡེ་ཤེས་ཆེན་པོ་དང༌། །སྦྱོར་བའི་བཤད་པ་མ་མཛད་མོད། །བདེ་ཆེན་ལྷ་ལྔ་འཐུང་སྤྱོད་དང༌། །ཉེ་བའི་འཐུང་གཅོད་དུ་སྦྱར་ནས། །དཔེ་མེད་ཡེ་ཤེས་ཆེན་པོའི་སར། །རྗེ་བཙུན་གྲགས་པའི་ཞབས་ཀྱིས་སྦྱར། །གཉིས་པ་རྫོགས་པའི་རིམ་པ་ཡི། །བྱང་ཕྱོགས་སོ་བདུན་ཞེས་བྱ་བ། །འཁོར་ལོ་སྡོམ་པའི་གཞུང་ཉིད་དུ། །གནས་དང་ཉེ་བའི་གནས་སོགས་ཀྱི། །རྩ་ཁམས་དེ་དང་དེ་དག་ལ། །གནད་དུ་བསྣུན་པའི་རྣལ་འབྱོར་གྱི། །ཐ་སྙད་གསལ་བར་མ་གསུངས་ཀྱང༌། །རྫོགས་རིམ་བྱང་ཕྱོགས་སོ་བདུན་པོ། །བདེ་བླག་ཉིད་དུ་འགྲུབ་པར་འགྱུར། །ཁྱད་པར་ལམ་འབྲས་གཞུང་བཤད་དུ། །ལམ་ལྔ་དང་ནི་ས་བཅུ་དང༌། །བྱང་ཆུབ་ཕྱོགས་དང་མཐུན་ཆོས་རྣམས། །ཕར་ཕྱིན་ཐེག་པའི་ལུང་དག་དང༌། །སྒོ་བསྟུན་མཛད་ནས་འཆད་པ་ཡི། །སྐབས་སུ་ལེགས་པར་བཤད་པ་ཡིན། །སྒོ་བསྟུན་དགོས་པ་ཅི་ཞེ་ན། །ཕ་རོལ་ཕྱིན་པ་པ་དག་ནི། །ངེད་ཀྱི་ལུང་དང་མི་མཐུན་ཕྱིར། །སྔགས་ལ་ཐར་པ་མེད་བསམ་པ། །དེ་ཟློག་ཕྱིར་དུ་ལམ་ལྔ་དང༌། །ས་བཅུ་དག་དང་བྱང་ཆུབ་ཀྱི། །ཕྱོགས་མཐུན་སུམ་ཅུ་རྩ་བདུན་ཡང༌། །འདིར་ཡང་ཡོད་ཅེས་བཤད་པ་ཡིན། །ཐ་སྙད་མཐུན་ཀྱང་དོན་རྣམས་ནི། །ཇི་བཞིན་མཐུན་པ་མ་ཡིན་ཏེ། །ཕ་རོལ་ཕྱིན་པའི་ས་བཅུ་དང༌། །སྔགས་ཀྱི་ས་བཅུ་མི་མཐུན་བཞིན། །དེ་ལ་དགོངས་ནས་ལམ་འབྲས་སུ། །ལྔ་བཅུ་ལ་ནི་གསང་ཞེས་གསུངས། །དེ་དོན་ཕ་རོལ་ཕྱིན་པ་ཡི། །ལམ་ལྔ་ས་བཅུ་པ་ལ་བཤད། །དེ་ནས་ཅུང་ཟད་ཕྱེ་བཤད་པ། །རྫོགས་རིམ་བྱང་ཕྱོགས་དང་པོ་གསུམ། །ཁམས་འདུས་གསུམ་དང་གོ་རིམ་བཞིན། །སྦྱར་ནས་འཇིག་རྟེན་ལམ་དུ་བཤད། །རྫུ་འཕྲུལ་རྐང་པ་ཏིང་འཛིན་དང༌། །དྲན་པ་ཉེར་བཞག་ལྷག་མཐོང་དང༌། །ཡང་དག་སྤོང་བ་ཟུང་འཇུག་ཉིད། །ཡིན་ཕྱིར་གོ་རིམ་དེ་ལྟའོ། །སྣང་སྟོང་ལམ་དུ་མི་འགྱུར་བ། །དེ་ལ་སྣང་སྟོང་དགྲར་ལངས་དང༌། །དེ་ཡི་གཉེན་པོ་ཞི་ལྷག་གཉིས། །རྣམ་པར་རྟོག་དང་འདྲེས་སྤོང་ཕྱིར། །དེ་ནས་ཕྱོགས་མཐུན་ལྷག་མ་རྣམས། །འཇིག་རྟེན་འདས་པའི་ལམ་དང་སྦྱོར། །དེ་ཡང་བུམ་དབང་ས་དྲུག་གི །རྟོགས་པ་བྱང་ཆུབ་ཡན་ལག་བདུན། །འདི་ཡང་གཙོ་བོར་ལྟ་བ་ཡི། །ཆ་ནས་ཡིན་ཞིང་གསང་དབང་གི །ས་བཞིའི་རྟོགས་པ་དད་པ་སོགས། །དབང་པོ་ལྔ་དང་སྦྱོར་བར་བཤད། །ཤེས་རབ་ཡེ་ཤེས་ས་གཉིས་ཀྱི། །རྟོགས་པ་སྟོབས་ལྔ་དག་དང་སྦྱར། །བཞི་པའི་ས་ཕྱེད་འཕགས་པའི་ལམ། །ཡན་ལག་བརྒྱད་དང་སྦྱོར་བར་གསུངས། །ལམ་འབྲས་བྱང་ཆུབ་ཕྱོགས་མཐུན་གྱི། །གོ་རིམ་གཞན་ནས་བཤད་པ་དང༌། །མི་མཐུན་དགོངས་པ་ཅི་ཞེ་ན། །རྫོགས་རིམ་གྱིས་ཞེས་བཤད་ཟིན་མོད། །གཞན་ལའང་གཅིག་ཏུ་ངེས་མེད་དེ། །ལཱུ་ཡི་པ་ཡི་མངོན་རྟོགས་སུ། །འབྲས་བུའི་མཐར་ཐུག་བདེ་ཆེན་ལྷ། །དྲན་པ་ཉེར་གཞག་དག་དང་སྦྱར། །ཕྱོགས་མཐུན་ཀུན་གྱི་ཐ་མར་ནི། །ཡང་དག་སྤོང་བ་བཞི་ཞེས་བཤད། །ཕྱོགས་མཐུན་སོ་བདུན་འཇིག་རྟེན་པའི། །ས་དང་སྦྱར་བ་དེར་མི་སྣང༌། །དེས་ན་བྱང་ཆུབ་ཕྱོགས་མཐུན་གྱི། །དོན་དང་གོ་རིམ་ཕར་ཕྱིན་གྱི། །ཐེག་པར་བཤད་བཞིན་མ་ངེས་ཏེ། །ལམ་ལྔ་དང་ནི་ས་བཅུ་བཞིན། །དེ་ཡི་འཐད་པ་འདི་ལྟ་སྟེ། །ཕྱི་རོལ་དབྱིབས་ཀྱི་ཚོགས་ལམ་དང༌། །རྣམ་རྟོག་སྔོན་སོང་གྲོང་སོགས་དང༌། །གནས་དང་ཉེ་བའི་གནས་ལ་སོགས། །རབ་དགའ་དྲི་མ་མེད་སོགས་དང༌། །སྦྱར་ཡང་དེ་དོན་གཅིག་ཏུ་མེད། །འདི་ཙམ་བཤད་པ་དེ་ཡིས་ནི། །ཆོས་ཀྱི་སྒོ་མང་རབ་ཕྱེ་ནས། །བྱང་ཆུབ་ཕྱོགས་མཐུན་མདོ་སྔགས་ཀྱི། །བཤད་པ་དག་ལ་རྡེང་ཐོབ་ཤོག །འདི་ཡང་སེམས་དཔའ་བྲག་དཀར་བས། །གསོལ་བ་བཏབ་པའི་ངོར་བྱས་ནས། །ལེགས་པའི་བློ་ཡིས་ཉེར་སྦྱར་བའི། །ཡི་གེ་པ་ནི་ཆོས་རྒྱལ་ལོ།།  །།  ༄། །རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །རྡོ་རྗེ་འཆང་དབང་གྲགས་པའི་ཞབས། །རྡོ་རྗེ་བདག་མེད་མར་དད་ནས། །རྡོ་རྗེའི་ཚིག་གྱུར་རྟོགས་དཀའ་བས། །བསྟོད་པར་མཛད་དེ་འདིར་བསམ་བྱ། །བདེ་མཆོག་འཁོར་ལོའི་རྣལ་འབྱོར་མ། །རྣམས་དང་མཐུན་པར་བསྟོད་པ་དང༌། །དུས་ཀྱི་འཁོར་ལོའི་ཕྱི་ནང་གི །སྦྱོང་བྱེད་ཇི་བཞིན་བསྟོད་པ་དང༌། །རང་གཞུང་དགྱེས་པ་རྡོ་རྗེ་ཡི། །གཞུང་ལས་བཤད་བཞིན་བསྟོད་པ་དང༌། །རྣམ་པ་གསུམ་སྟེ་རིམ་བཞིན་དབྱེ། །བདེ་ཆེན་ལྷ་མོ་མ་གཏོགས་པའི། །སྐུ་གསུང་ཐུགས་དང་དམ་ཚིག་གི །འཁོར་ལོར་བཀོད་པའི་ལྷ་མོ་ནི། །སུམ་ཅུ་རྩ་གཉིས་སུ་བཤད་པ། །ཀུན་རྫོབ་བྱང་ཆུབ་སེམས་འབབ་པའི། །རྩ་ནི་སུམ་ཅུ་རྩ་གཉིས་དང༌། །ཕན་ཚུན་དག་བྱ་དག་བྱེད་དང༌། །རྣམ་དག་ངོ་བོ་ཉིད་དུ་བཤད། །བདག་མེད་ལྷ་མོ་བཅོ་ལྔ་ཡང༌། །བྱང་ཆུབ་སེམས་བཅས་རྩ་གཉིས་གཉིས། །དག་པའི་ངོ་བོ་ཉིད་ཡིན་ཕྱིར། །བདེ་མཆོག་འཁོར་ལོའི་གཞུང་བཞིན་དུ། །བསྟོད་པར་མཛད་པའི་འཐད་པའོ། །ཕྱི་མ་ཉི་མའི་ཁྱིམ་བཅུ་གཉིས། །རླུང་གི་འཕོ་བ་བཅུ་གཉིས་ནང༌། །དེ་ཡི་སྦྱོང་བྱེད་གཞན་ལྷ་མོ། །གསུམ་གྱིས་ལྷག་པའི་བཅུ་གཉིས་དང༌། །གསུམ་པོའི་སྦྱང་གཞི་གསུམ་བསྣན་ནས། །སྦྱོང་བྱེད་ལྷ་མོ་གསུམ་ལ་བསྟོད། །བདེན་དོན་རྣམ་པ་བཅུ་གཉིས་དང༌། །དེ་ཉིད་རྣམ་པ་བཅུ་དྲུག་གི །སྒོ་ནས་ལྷ་མོ་བཅོ་ལྔ་ལ། །བསྟོད་པ་འདི་ཡང་ཤུགས་ལས་གྲུབ། །འདི་ནི་ཕྱི་ནང་གཞན་གསུམ་དུ། །སྦྱར་ནས་བསྟོད་པར་མཛད་པའོ། །དེ་ནས་རང་གཞུང་ཇི་བཞིན་དུ། །བསྟོད་པ་ཕྱི་ན་ཟླ་བ་ཡི། །འཕེལ་འགྲིབ་ཆ་ནི་བཅོ་ལྔ་རེ། །ནང་ན་ལུས་ལ་བྱང་སེམས་ཀྱི། །འཕེལ་འགྲིབ་ཆ་ཡང་དེ་བཞིན་ཏེ། །དེ་སྦྱོང་བྱེད་པའི་ལྷ་མོ་ཡང༌། །དབྱངས་ཡིག་བཅོ་ལྔ་ལས་འཁྲུངས་མ། །ཕྱི་ནང་ལུས་ཀྱི་དཀྱིལ་འཁོར་ལ། །བཀོད་པ་ཇི་བཞིན་བསམ་བྱས་ན། །གསལ་བ་རབ་ཀྱི་མཐར་ཕྱིན་པའི། །ཚེ་ན་ལྷ་མོ་བཅོ་ལྔ་འགྲུབ། །དེ་སྐད་འདིར་ཡང་བྲག་དཀར་བ། །བསོད་ནམས་མཚན་ཅན་དེས་བསྐུལ་ནས། །གསེར་མདོག་ཅན་གྱི་ཆོས་གྲྭ་ནས། །ཕུལ་བས་ཐུགས་དགོངས་རྣམ་དག་ཤོག།  །།  ༄། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །རྗེ་བཙུན་ས་སྐྱ་པ་རྣམས་ནི། །ཕ་རོལ་ཕྱིན་པས་གྲངས་མེད་གསུམ། །ཕ་མཐར་སོན་ཀྱང་གསང་སྔགས་ལ། །བརྟེན་པ་མེད་ན་འཚང་མི་རྒྱ། །སངས་རྒྱས་ཡིན་ངོ་ཤེས་པ་ནི། །འོག་མིན་ཁོ་ནར་བཞུགས་པ་ཡི། །ཡན་ལག་བདུན་ལྡན་དེ་ལ་བཞེད། །ཕྱི་དུས་བྱོན་པའི་ཙོང་ཁ་པ། །རྗེས་འབྲངས་བཅས་རྣམས་ཕར་ཕྱིན་གྱི། །ཐེག་པས་བརྒྱུད་སྦྱངས་མ་གྱུར་ན། །གསང་སྔགས་བརྐྱང་པས་འཚང་མི་རྒྱ། །ཁྱད་པར་དབུ་མ་ཐལ་འགྱུར་བའི། །རིགས་པས་དཔྱད་པའི་སྟོང་པ་ཉིད། །མ་ཤེས་པ་དང་མ་གོམས་ན། །སྒྲིབ་ཀུན་གང་གིས་སེལ་ཞེས་གསུངས། །ཕྱི་དུས་བྱོན་པའི་ལམ་འབྲས་པ། །བདེ་འཐོག་མེད་པར་སྨྲ་བ་འགའ། །སྣང་གསུམ་ཁྲིད་ཀྱིས་མ་སྦྱངས་ན། །བརྒྱུད་གསུམ་བསྒོམ་དུ་མི་རུང་ཟེར། །གསང་སྔགས་རྙིང་མ་པ་འགའ་ནི། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །བཅུ་གཉིས་མ་ཆགས་པདྨའི་ས། །བཅུ་གསུམ་རྡོ་རྗེ་འཛིན་ཞེས་ཟེར། །ས་སྐྱ་པ་ཡི་བཞེད་པ་ལ། །ཀུན་ཏུ་འོད་ཀྱི་སར་གནས་པའི། །སངས་རྒྱས་སྔགས་ཀྱི་ཚོགས་ལམ་དུ། །འཇུག་པར་བཞེད་པ་ཡིན་ཞེས་ཟེར། །འདོད་པ་ཕྱི་མ་འདི་གཉིས་ཀ །དེ་ཡི་བཞེད་པར་མི་རུང་སྟེ། །སྐལ་ལྡན་ཅིག་ཆར་བ་ཞེས་པ། །ཐོག་མར་སྔགས་ལ་འཇུག་ཕྱིར་དང༌། །ཀུན་ཏུ་འོད་ས་བཅུ་གཅིག་པར། །འཆད་པ་ལུགས་དེར་མེད་ཕྱིར་རོ། །ཕར་ཕྱིན་ཐེག་པའི་ས་བཅུ་ཡི། །སྟོད་དུ་དཔེ་མེད་ཡེ་ཤེས་ཆེ། །རྡོ་རྗེའི་ས་དང་གསུམ་སྣོན་པ། །སྔོན་བྱོན་མར་ལོའི་བཞེད་པར་མཐུན། །རྡོ་རྗེའི་ས་ལ་སློབ་པ་དང༌། །མི་སློབ་པ་གཉིས་སུ་འབྱེད་པ། །མན་ངག་ཁོ་ནའི་ལུགས་སམ་ནི། །རྒྱུད་སྡེའི་ཁུངས་ཡོད་བསམ་པར་བྱ། །དཔེ་མེད་ཡེ་ཤེས་ཆེན་པོ་ཉིད། །བཅུ་པའི་ས་ལས་འབྱེད་དགོས་ཀྱི། །ས་ལམ་ལོགས་པ་མིན་ཞེས་པ། །ཙོང་ཁ་པ་ཆེན་ལུགས་སུ་བཤད། །འོ་ན་གཉིས་པོ་གསང་སྔགས་སམ། །ཕར་ཕྱིན་ཁོ་ནའི་ས་པར་འདོད། །དང་པོ་ལྟར་ན་མི་འདོད་པ། །ཁས་ལེན་བྱེད་པ་མ་ཡིན་ནམ། །གཉིས་པ་ལྟར་ན་ཕར་ཕྱིན་ལས། །དེ་ལྟའི་ས་གཉིས་བཤད་པ་མེད། །དེས་ན་ཕར་ཕྱིན་ལ་མེད་པའི། །ས་ནི་གཉིས་དང་གསུམ་བཤད་པ། །མེད་ཕྱིར་དེ་ཀུན་ས་བཅུ་པའི། །ནང་ཚན་ཉིད་དུ་བསྡུ་མི་ནུས། །དུས་ཀྱི་འཁོར་ལོར་མི་འགྱུར་བའི། །བདེ་བ་ཉི་ཁྲི་ཆིག་སྟོང་པོ། །བཅུ་གཉིས་ས་ཡིས་རྫོགས་པར་བཤད། །བཅུ་པའི་སར་ནི་དེ་མི་འདུ། །འདི་རྣམས་ས་ནི་བཅུ་གཉིས་ཞེས། །དགྱེས་པ་རྡོ་རྗེའི་རྒྱུད་དུ་བཤད། །དེ་ཡང་གནས་སོགས་བཅུ་སྟེངས་སུ། །འཐུང་གཅོད་རྣམ་པ་གཉིས་བཤད་དོ། །དེ་ལ་གཞན་དག་མོས་སྤྱོད་དང༌། །ཀུན་ཏུ་འོད་ཀྱི་ས་གཉིས་ཟེར། །ཀུ་མུ་ཏི་རུ་རྒྱུད་རྒྱས་པའི། །ལུང་དྲངས་པ་དང་འགལ་བར་དོགས། །ཐལ་འགྱུར་གཞུང་གི་སྟོང་པ་ཉིད། །སྔགས་ལུགས་བདེ་བ་ཆེན་པོ་དང༌། །ཡུལ་དང་ཡུལ་ཅན་དུ་སྦྱོར་བ། །ཙོང་ཁ་པ་ཆེན་ཁྱད་ཆོས་ཏེ། །སྔོན་གྱི་ཆོས་ལས་གསལ་བ་མེད། །ཕྱི་དུས་ས་སྐྱ་པར་འདོད་པ། །རྣམས་ནི་ལུགས་དེ་འབད་པས་མཆོད། །ས་སྐྱའི་རྗེ་བཙུན་ཐོས་བསམ་གྱི། །ལྟ་བ་དུག་ཅན་ཡིན་པར་བཞེད། །ཡུལ་ཅན་རྟོག་པ་མ་ཡིན་པས། །དེ་ཡུལ་བྱེད་པ་མི་རུང་ཕྱིར། །གསང་སྔགས་བླ་ན་མེད་པར་ནི། །ཉམས་སུ་བླང་བྱའི་སྟོང་པ་ཉིད། །རྣམ་ཀུན་མཆོག་ལྡན་སྟོང་པ་ཞེས། །རྒྱུད་དང་བསྟན་བཅོས་ཀུན་ལ་གྲགས། །འོན་ཀྱང་དེ་ཡི་ངོས་འཛིན་ལུགས། །ལྟར་སྣང་རྣམ་པ་གཉིས་འཆད་ཀྱང༌། །ཡང་དག་པ་ནི་གཅིག་ཉིད་ལས། །གཞན་དུ་འཆད་པར་ནུས་མ་ཡིན། །ཅི་ཕྱིར་ཞེ་ན་པད་དཀར་གྱིས། །འཇམ་པའི་དབྱངས་ཀྱི་མཚན་བརྗོད་པ། །དཔང་པོར་བྱས་ནས་ཆོས་དབྱིངས་ཀྱི། །ཡེ་ཤེས་ཉིད་ལ་དེར་བཤད་དོ། །ཆོས་དབྱིངས་མེད་པར་དགག་པ་ཡི། །ཡུལ་ཅན་དེ་ལ་ཆོས་དབྱིངས་ཀྱི། །ཡེ་ཤེས་ཉིད་དུ་འདོགས་སོ་ཞེས། །ཙོང་ཁ་པ་ཆེན་དེ་ལྟར་བཞེད། །ཆོས་དབྱིངས་མེད་དགག་བདེ་ཆེན་གྱི། །ཡེ་ཤེས་ཡུལ་དུ་བྱེད་གྱུར་ན། །སྒྲ་དོན་དངོས་སུ་འཛིན་པའི་ཕྱིར། །རྟོག་པ་ཉིད་དུ་ཁས་བླངས་སོ། །རྣལ་འབྱོར་ཡན་ལག་དྲུག་སྒོམ་པ། །ལ་ལ་སྤྲོ་བ་བསྐྱེད་དོན་དུ། །དུ་སོགས་མཚན་མ་དོན་དམ་དུ། །ངོ་སྤྲོད་བྱེད་པ་ཡོད་མོད་ཀྱི། །བསམ་གཏན་ས་དྲུག་གང་རུང་ལ། །བརྟེན་པ་མེད་པའི་རྣམ་ཤེས་ཀྱིས། །ཆོས་དབྱིངས་དངོས་སུ་མཐོང་གྱུར་ན། །རྒྱ་ཆེན་མངོན་པའི་ལུང་དང་འགལ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །མེད་པར་དགག་ལ་ངོས་འཛིན་པ། །ཙོང་ཁ་པ་ཆེན་རྗེས་འཇུག་ལུགས། །ལུང་རིགས་མན་ངག་ཀུན་དང་འགལ། །རང་གཞན་གྲུབ་མཐའ་སོ་སོ་བའི། །རང་གཟུགས་འཆར་ཞེས་དངུལ་དཀར་གྱི། །རང་མདངས་མེ་ལོང་འདི་ལྟོས་ལ། །རང་གཞུང་ཚུགས་པར་སྨྲ་བྱོས་ཤིག །རང་གཞན་གྲུབ་མཐའ་ཤན་འབྱེད་པའི། །དངུལ་དཀར་མེ་ལོང་ཞེས་བྱ་བ། །བྲག་དཀར་སེམས་དཔའི་བཀས་བསྐུལ་ནས། །མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །ལམ་འབྲས་རྡོ་རྗེའི་ཚིག་རྐང་གི །དགོངས་པས་ལུགས་གཞན་མ་བརྟེན་ཀྱང༌། །ལུགས་འདི་ཁོ་ནས་འཚང་རྒྱ་བའི། །ལམ་གྱི་རིམ་པ་ཀུན་ཚང་ཕྱིར། །ཚེ་འདིར་རྡོ་རྗེ་འཛིན་འདོད་པས། །གཞུང་གཞན་བསླབ་སྦྱངས་མི་དགོས་ཤིང༌། །མན་ངག་གཞན་གྱིས་ཁ་མི་སྐོང༌། །ཅི་ཕྱིར་ཞེ་ན་ལམ་ལྔ་དང༌། །ས་བཅུ་དག་གིས་མ་བསྡུས་པའི། །ཐབས་གཞན་བཙལ་དགོས་མ་ཡིན་ཞིང༌། །དེ་ཡང་འདི་ཉིད་ན་ཚང་ཕྱིར། །ཕ་རོལ་ཕྱིན་པས་ཁ་སྐོང་བ། །ཅིས་ཀྱང་དགོས་པ་མ་ཡིན་ཏེ། །འདི་ཡི་ལམ་དང་བཅུ་གསུམ་ས། །ཐུན་མོང་མིན་པ་ཉིད་ཕྱིར་རོ། །དེ་ཡི་འཐད་པ་ཆོས་འདི་རུ། །མོས་ཤིང་གུས་ལ་འདི་འདྲི་སྟེ། །འདིར་འབྱུང་ཚོགས་ལམ་ངེས་འབྱེད་ཀྱི། །ཐར་པར་བགྲོད་པའི་ཚོགས་སྦྱོར་གྱི། །དོན་གོ་ཆོད་དམ་མི་ཆོད་འདོད། །ཆོད་ན་གཞན་ལ་མ་རག་སྟེ། །འདི་ནས་བཤད་པའི་ཚོགས་སྦྱོར་གྱི། །རྣམ་བཞག་མཚན་ཉིད་ཐེག་པ་ན། །གཅིག་ཀྱང་བཤད་པ་མེད་ཕྱིར་རོ། །དེ་ཕྱིར་འཇིག་རྟེན་འདས་པ་ཡི། །ས་བཅུ་དག་ལའང་སྦྱར་བྱ་སྟེ། །འདི་ནས་བཤད་པའི་ས་བཅུ་ཡི། །དོན་དག་དེ་ན་མེད་ཕྱིར་རོ། །ཕ་རོལ་ཕྱིན་ལ་མི་ལྟོས་ཀྱང༌། །རྒྱུད་གཞན་དག་ལ་ལྟོས་བྱས་ན། །གཞན་ལ་འཆད་པ་འདིར་མི་གཙོ། །འཁྲིད་ཚུལ་འདིར་བཤད་ཁོ་ན་ཡིས། །ཡོན་ཏན་མངོན་དུ་བྱེད་ཕྱིར་རོ། །དེ་ལ་དགོངས་ནས་ཕར་ཕྱིན་གྱི། །ལམ་ལྔ་དག་དང་ས་བཅུ་པ། །རྣམས་ལ་འདིར་བཤད་ལམ་ལྔ་དང༌། །ས་བཅུའི་རྣམ་གཞག་གསང་ཞེས་གསུངས། །དོན་དེ་ཐུགས་ལ་ཉེར་བཞག་ནས། །ལམ་འབྲས་ཆོས་སྐོར་མ་ལུས་པ། །ཚང་བའི་གླེགས་བམ་གཅིག་བསྡུས་ནས། །གཞན་ལ་ལྟོས་པ་མེད་པར་བཤད། །ཐོག་མ་ཉིད་ནས་གསང་སྔགས་ཀྱི། །སྣོད་དུ་མི་རུང་བ་རྣམས་ལ། །ཕར་ཕྱིན་ཐེག་པའི་གཞུང་ཆེན་ལ། །བསླབ་སྦྱངས་མང་པོ་དགོས་ཤེ་ན། །ལྟ་སྤྱོད་རིམ་གྱིས་འཇུག་དགོས་ལ། །གཞུང་འདི་ཉིད་ཀྱི་འཁྲིད་ཚུལ་གྱིས། །དམིགས་རྣམ་རྐྱང་བས་འདིར་ཆོག་གི །ཐ་སྙད་མང་པོ་ཤེས་མི་དགོས། །གཞུང་འདི་བཤད་པ་དང་བཅས་པ། །གང་ལ་སྟོན་པའི་གདུལ་བྱ་ནི། །གཞུང་འདིར་ཐོས་དང་བསམ་པ་ཙམ། །དོན་དུ་གཉེར་ལ་མ་ཡིན་གྱི། །འདིར་འབྱུང་དོན་གྱི་སྣ་ཅིག་ཀྱང༌། །ཉམས་སུ་མྱོང་བར་འདོད་དེ་ཡིན། །ཐོས་བསམ་སྔོན་དུ་མ་སོང་བའི། །སྒོམ་དེ་ཡང་དག་མིན་ཞེ་ན། །གང་བསྒོམ་བྱ་བའི་དམིགས་རྣམ་དེ། །གཞན་ལ་ཐོས་ནས་དྲན་པ་ལ། །ཉེ་བར་བཞག་ནས་གོམས་བྱེད་པ། །དེ་ལ་ཐོས་བསམ་སྒོམ་ཟེར་གྱི། །ཚད་མ་སྡེ་བདུན་མ་སྦྱངས་པར། །ལམ་འབྲས་སྒོམ་དུ་མི་འདོད་དམ། །གལ་ཏེ་གཞུང་གཞན་མི་དགོས་ཀྱང༌། །རྒྱུད་གསུམ་གསལ་པོ་མ་བཤད་ན། །ལམ་འབྲས་སྒོམ་པ་མི་ཤེས་ལོ། །སྒོམ་པས་ཉམས་སུ་མྱོང་བ་ན། །གཞུང་ལ་ངེས་པ་རྙེད་འགྱུར་གྱི། །རྒྱུད་ཤེས་ནས་ནི་སྒོམ་དགོས་ཞེས། །ཟེར་བ་མང་མོད་བརྟག་པར་བྱ། །དེ་སྐད་འདི་ཡང་ལམ་འབྲས་ལ། །གཅེས་སྤྲས་བྱེད་ལོ་མང་པོ་ཞིག །རང་གི་གཞུང་དུ་གཞན་དག་ལ། །མ་གྲགས་པ་རྣམས་ཤེས་ཕྱིར་ཡིན། །དེ་ཡི་དགེ་བས་ཆོས་འདི་ལ། །མོས་པ་རྣམས་ཀྱི་རྩ་བའི་གཞུང༌། །ཀློག་དང་འཛིན་དང་ཀུན་ཆུབ་པར། །མཛད་ལ་སྤྲོ་བ་འཕེལ་བྱེད་ཤོག།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དཔལ་ལྡན་ས་སྐྱའི་བླ་ཆེན་དང༌། །དེ་ལ་སྡང་བ་གཞན་དག་གི །ལྟ་གྲུབ་བསྲེས་པ་སྤང་བྱའི་ཕྱིར། །ཕྱི་མའི་དུས་འདིར་ལམ་འབྲས་ཀྱི། །གཞུང་འགྲེལ་འཆད་པ་ངེས་སྤྲོ་བ། །དག་ལ་འབེལ་བའི་གཏམ་འགའ་ནི། །བྱེད་ལ་སྐྱོན་ཡོད་མ་ཡིན་ནོ། །དེ་ལ་ལམ་འབྲས་ལྟ་བ་ནི། །རྟོགས་པའི་ཐབས་གང་ཡིན་པ་འདྲི། །ཐོས་བསམ་རིགས་པ་ཡིན་ཟེར་ན། །དེ་འདྲ་འདི་ནས་བཤད་པ་མེད། །ཡེ་ཤེས་ཕབ་དང་དབང་སྐུར་དང༌། །ལུས་གནད་བཅིངས་དང་བྱིན་བརླབས་ལས། །ལྟ་བ་རྟོགས་པ་ཐེག་མཆོག་གི །རྩེ་མོའི་ཁྱད་ཆོས་ཡིན་པར་བཤད། །འཁོར་འདས་དབྱེར་མེད་རྩ་འགྲེལ་དུ། །བཤད་ཅེས་ཟེར་ན་དེ་དོན་ཡང༌། །དབང་ལས་རྟོགས་པའི་ལྟ་བ་དེ། །རྗེས་ལ་ཉམས་སུ་ལེན་ཚུལ་ཡིན། །དེ་ཕྱིར་དེ་ལ་ཉམས་ལེན་གྱི། །གནད་ཅེས་གྲགས་པའི་ཞབས་ཀྱིས་བཤད། །གཉིས་པ་ལྟ་བའི་ངོས་འཛིན་འདྲི། །འཁོར་འདས་དབྱེར་མེད་ཡིན་ཟེར་ན། དེ་དབྱེར་མེད་པ་གང་ལ་བྱ། །འཁོར་བ་བདེན་སྟོང་ལ་ཟེར་ན། །ལམ་འབྲས་སྐོར་ནས་དེ་མ་བསྟན། །དེ་ལ་གནོད་བྱེད་མང་དུ་བཤད། །དེ་འདྲ་ཐོས་བསམ་རིགས་པ་ཡིས། །དཔྱད་པའི་སྟོང་པ་ཉིད་དུ་བཤད། །འཁོར་བ་གང་ཡིན་མྱ་ངན་ལས། །འདས་པ་དེ་དོན་ཡིན་ཟེར་ན། །ལམ་འབྲས་ལུགས་ལ་འཁོར་བ་ནི། །དོན་དམ་བདེན་པ་ཉིད་འགྱུར་ཏེ། །རྟོགས་བྱེད་ལྟ་བའི་ཡུལ་དང་ནི། །མྱ་ངན་འདས་པར་འཆད་ཕྱིར་རོ། །འཁོར་བ་སྤྲོས་བྲལ་ཡིན་པ་ལ། །བསམས་ནས་དེ་དེར་འཆད་ཅེ་ན། །འཁོར་བ་སྤྲོས་དང་བྲལ་བ་ཉིད། །མྱ་ངན་འདས་པ་དངོས་ཡིན་ཀྱང༌། །དེ་ཡི་སྤྲོས་བྲལ་དེ་ཡིན་པར། །འཆད་པོ་སུ་ཡང་ཡོད་མ་ཡིན། །འཁོར་བ་ཕུང་སོགས་ལྔ་པོ་ནི། །རྒྱལ་བ་རིགས་ལྔ་ཡིན་པའི་ཕྱིར། །འཁོར་འདས་དབྱེར་མེད་གསང་སྔགས་ཀྱི། །ཁྱད་ཆོས་ཡིན་པར་འཆད་ཅེ་ན། །འཁོར་འདས་དབྱེར་མེད་ཆོས་ཀུན་གྱི། །གནས་ལུགས་ཡིན་ཕྱིར་ཁྱད་ཆོས་མིན། །འཁོར་འདས་དབྱེར་མེད་རྟོགས་པ་ཡི། །ཐབས་མཁས་སྔགས་ཀྱི་ཟབ་ཆོས་སོ། །འཁོར་བ་ཀུན་རྫོབ་བདེན་པ་ཉིད། །གདོད་ནས་ཡོད་མ་མྱོང་བ་ལ། །མྱ་ངན་འདས་པ་ཞེས་སུ་བཤད། །དེས་ན་འཁོར་དང་མྱང་འདས་དང༌། །དབྱེར་མེད་ཅེས་བྱ་རྣམ་གསུམ་པོའི། །རྣམ་དབྱེ་སོ་སོར་ཕྱེད་བྱས་ནས། །དབྱེར་མེད་ཟུང་འཇུག་ཏུ་ཤེས་བྱོས། །དྲི་བ་གསུམ་པ་སྣང་སྟོང་དང༌། །གསལ་སྟོང་བདེ་སྟོང་ཟུང་འཇུག་གི །བཤད་པ་མང་པོ་བྱེད་བྱེད་པ། །དེ་དོན་གང་ཡིན་གསལ་བར་སྨྲོས། །སྣང་བ་ལ་སོགས་ཆོས་ཅན་རྣམས། །ཚད་མས་གྲུབ་ཅིང་བདེན་པས་སྟོང༌། །སྣང་སྟོང་ཟུང་དུ་འབྲེལ་བ་ནི། །ཟུང་དུ་འཇུག་པའི་དོན་ཡིན་ཟེར། །སྣང་བ་བདེན་པས་སྟོང་པ་ཡི། །ཡུལ་ཅན་རྟོག་པ་ལས་གཞན་མེད། །དུག་དང་བཅས་པའི་རྟོག་པ་ནི། །ལྟ་བར་བཟུང་བ་མ་ཡིན་ནོ། །ཟུང་དུ་འབྲེལ་བ་གཉིས་བཅས་ཀྱི། །དོན་ཡིན་གཉིས་མེད་དོན་མིན་པ། །དེ་ཕྱིར་ཟུང་འཇུག་དུ་མི་རུང༌། །མདོར་ན་ཆོས་ཅན་ཚད་གྲུབ་ཀྱི། །སྟེང་དུ་ཚད་མས་མ་གྲུབ་པའི། །དགག་བྱ་བཀག་པའི་སྟོང་པ་ཉིད། །ལྟ་བའི་ཡུལ་དུ་འཆད་པ་ནི། །ཕྱིས་འབྱུང་གྲུབ་མཐའི་སྐད་ཡིན་གྱི། །ས་སྐྱའི་བླ་ཆེན་དེ་མི་བཞེད། །རྣམ་འགྲེལ་ཀུན་དང་འགལ་ཕྱིར་རོ། །དྲི་བ་བཞི་པ་སྣང་གསུམ་གྱི། །མ་དག་སྣང་བ་གང་ལ་ཟེར། །སྣང་མཁན་རང་གི་བློ་ཉིད་དམ། །དེ་དེར་སྣང་བའི་ཡུལ་ལ་འདོད། །གང་དུ་འདོད་ཀྱང་འཁྲུལ་པ་ཡི། །སྣང་བ་ཉིད་དུ་འདོད་པའི་ཕྱིར། །མངོན་སུམ་ཡུལ་བཅས་སུ་མི་རུང༌། །དེ་ཕྱིར་འཁྲུལ་སྣང་ཇི་སྙེད་པ། །མེད་ན་མངོན་སུམ་ལ་བསྙོན་ཞེས། །འཆད་པ་འདི་ནི་ཁྱེད་ཅག་གིས། །མི་འདོད་བཞིན་དུ་ཁས་ལོངས་ཤིག །མ་དག་སྣང་བ་འཁྲུལ་སྣང་དུ། །མི་བཞེད་པས་ན་ཀུན་རྫོབ་ཀུན། །ཚད་མས་གྲུབ་པ་ཡིན་ཞེ་ན། །གཞུང་བཤད་ཀུན་དང་འགལ་བར་ངེས། །འཁྲུལ་སྣང་ཐམས་ཅད་སངས་རྒྱས་ཉིད། །ཡིན་པས་འགལ་བ་མེད་ཅེ་ན། །རང་བཞིན་རྣམ་དག་ལ་དགོངས་ནས། །འཁྲུལ་སྣང་ཀུན་གྱི་དེ་བཞིན་ཉིད། །བརྟགས་པའི་སངས་རྒྱས་སུ་བཤད་ཀྱི། །བླང་བྱར་བཤད་པ་མ་ཡིན་ནོ། །ལྔ་པ་ཀུན་གཞི་རྒྱུ་རྒྱུད་ཅེས། །འཆད་པའི་ངོས་འཛིན་གང་ལ་བྱེད། །ཀུན་གཞི་རྣམ་ཤེས་ལ་འཆད་ན། །དེ་འདྲ་ཆོས་ནས་བཤད་པ་མེད། །གཞི་ལམ་འབྲས་བུའི་གནས་སྐབས་ནི། །ཀུན་ལ་ཁྱབ་ཅིང་རིགས་འདྲའི་རྒྱུན། །ཆད་མི་སྲིད་པའི་ཡེ་ཤེས་ལ། །རྒྱུད་དུ་འཆད་པར་ལུང་ཀུན་མཐུན། །སྤྱིར་ན་ཡེ་ཤེས་འགལ་ཟླ་དང༌། །ཁྱད་པར་ཚེ་འདི་རེ་རེ་ཞིང༌། །རྒྱུན་ཆད་འགྱུར་བའི་རྣམ་ཤེས་ལ། །རྒྱུད་དུ་འཆད་པ་སུ་ཞིག་བྱུང༌། །ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ། །ཆོས་ལས་བཤད་པ་མེད་ཅེ་ན། །ཀུན་གཞི་ལྟ་ཞོག་སེམས་དང་ནི། །སེམས་བྱུང་ཀུན་ལ་རྣམ་ཤེས་དང༌། །ཡེ་ཤེས་ཆ་གཉིས་རྣམ་དབྱེ་བ། །ཐེག་ཆེན་ཆོས་རྣམས་ཀུན་གྱི་ལུགས། །ཀུན་གཞིའི་སྟེང་གི་གསལ་ཆ་དེ། །ཀུན་གཞིར་འདོད་པ་མིན་ཞེ་ན། །འཁོར་དང་མྱ་ངན་འདས་ཀུན་གྱི། །གནས་སུ་བཤད་དོ་ཤེས་པ་དེ། །ཀུན་གཞི་མིན་པར་ཁྱོད་ཀྱིས་ཤོད། །རྣམ་ཤེས་འཁོར་བ་ཉི་ཚེའི་གནས། །ཀུན་གཞིའི་སྟེང་གི་གསལ་ཆ་ལ། །ཟག་པ་མེད་པའི་ཤེས་རྒྱུད་ཅེས། །བཤད་པ་ཐོས་ན་ཁྱེད་ཀྱིས་ཀྱང༌། །ཁས་ལེན་དགོས་པ་མ་ཡིན་ནམ། །སྐབས་འདིར་ཁ་ཅིག་འདི་སྙམ་དུ། །བདེ་སོགས་བདེན་པས་སྟོང་པ་དེ། །བདེ་སྟོང་ཟུང་འཇུག་དོན་མིན་ན། །བདེ་སོགས་རྟོག་པས་སྟོང་པ་དེ། །ཟུང་འཇུག་དོན་དུ་འཆད་བྱེད་ན། །འདི་འདྲ་གཞན་སྟོང་ལུགས་ཡིན་ཕྱིར། །ལམ་འབྲས་ལྟ་བར་མི་བཟུང་སྟེ། །སེམས་ཙམ་ལུགས་ལས་མ་འདས་ཟེར། །འོ་ན་ལམ་འབྲས་ལ་སོགས་པའི། །ཆོས་ལུགས་ཁུང་མ་ཐམས་ཅད་ལས། །གཟུང་འཛིན་གཉིས་མེད་ཡེ་ཤེས་ཞེས། །བཤད་པ་དེ་དག་ཁྱོད་ཀྱིས་སྤོངས། །ཁྱོད་ཀྱིས་འདོད་པའི་སྟོང་ཉིད་འདི། །གཞན་སྟོང་ནང་ནས་ཐ་ཤལ་ཏེ། །ཆོས་ཅན་ཚད་མས་གྲུབ་པ་ལ། །དགག་བྱ་གཞན་ཞིག་དགག་ཕྱིར་རོ། །འོ་ན་ཆོས་འདིར་རྗེས་ཐོབ་ཏུ། །ཐ་སྙད་འདོགས་པའི་དུས་ཀྱི་ཚེ། །གཉིས་སྟོང་ཡེ་ཤེས་ཁས་ལེན་ན། །སྤྲོས་བྲལ་མིན་པར་འགྱུར་ཞེ་ན། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་མེད་བཤད་པ། །མཉམ་གཞག་དངོས་གཞིའི་ཚེ་ཡིན་གྱི། །རྗེས་ཀྱི་ཐ་སྙད་འདོགས་པའི་ཚེ། །ལྟ་གྲུབ་དབྱེ་བ་རྣམ་བརྒྱད་བཤད། །དེ་དག་ཀུན་ཀྱང་སྤྲོས་བྲལ་ལས། །ལྷག་པའི་ཉམས་མྱོང་ལྟ་བར་བཤད། །ཞར་བྱུང་སྤྲོས་པ་ཅི་ལ་ཟེར། །ཞེ་ན་རང་གཞན་ལུགས་གཉིས་པོ། །ཡོད་ན་སྤྲོས་བྲལ་ཡིན་པས་ཁྱབ། །ཅེས་པ་ཙོང་ཁ་པ་ཡི་ལུགས། །ཆོས་འདིའི་ལུགས་ལ་ཡོད་པ་དང༌། །མེད་ན་སྤྲོས་དང་བྲལ་བར་འགལ། །རང་ལུགས་སྤྲོས་པ་རྣམ་གཉིས་ཏེ། །ཡོད་མེད་ལ་སོགས་མཐའ་རྣམས་དང༌། །སྟོང་དང་མི་སྟོང་ལ་སོགས་པར། །འཛིན་པའི་རྣམ་རྟོག་ཇི་སྙེད་པའོ། །ཡུལ་གྱི་སྤྲོས་པ་འགོག་པ་ལ། །དབུ་མའི་རིགས་པ་ཟབ་གྱུར་ཅིང༌། །ཡུལ་ཅན་འཛིན་པ་འགོག་པ་ལ། །སྔགས་ཀྱི་ཐབས་མཁས་ཁྱད་པར་འཕགས། །ཡུལ་བཀག་པ་ལས་ཡུལ་ཅན་གྱི། །འཛིན་པ་ཁེགས་པ་དབུ་མའི་གཞུང༌། །འཛིན་པ་བཀག་པས་དེར་སྣང་བ། །མཐའ་དག་ཁེགས་པ་སྔགས་ཀྱི་ལུགས། །དེས་ན་ཆོས་འདིའི་ལྟ་བ་ནི། །རྣམ་རྟོག་ཁེགས་པའི་ཡེ་ཤེས་སོ། །མདོར་ན་ལམ་འབྲས་འཆད་པ་པོས། །ཡོད་ན་རྟེན་འབྲེལ་ཡིན་དགོས་དང༌། །རྟེན་འབྲེལ་ཡིན་ན་ཡོད་པ་སོགས། །ནམ་ཡང་ཁས་ལེན་མི་བྱའོ། །འཛིན་པ་ཀུན་ལས་རྣམ་གྲོལ་བའི། །མཉམ་བཞག་ཡེ་ཤེས་གཅིག་ཉིད་ལ། །ལྟ་བའི་ངོ་བོར་ཤེས་བྱས་ནས། །གྲུབ་མཐའ་སྙོགས་པའི་རིམ་ཞེས་བྱ། །དེ་སྐད་འདི་ནི་ཕྱི་དུས་ཀྱི། །ལམ་འབྲས་འཆད་པོ་མང་ཞིག་དང༌། །འབེལ་བའི་གཏམ་དུ་བྱས་པའི་ཚེ། །རང་གཞུང་ཇི་བཞིན་མ་བསླབ་པར། །གཞན་ལ་གྲགས་པའི་དབུ་མ་ཡི། །འཆད་ལུགས་དག་དང་བསྲེས་ནས་ནི། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་མེད་ཅེས་པ། །ཁུངས་སུ་བྱས་ནས་སྐད་ཀྱི་གཟེངས། །མཐོན་པོར་སྨྲ་བ་འགའ་མཐོང་ནས། །རང་གཞན་ལྟ་བ་ཤན་འབྱེད་པའི། །ཚིག་ལེར་བྱས་འདི་དགེ་གྱུར་ཅིག།  །།  ༄། །སྭསྟི། རྣལ་འབྱོར་དབང་ཕྱུག་གི་རྟོགས་པ་བརྗོད་པའི་ཚིག་ལེའུར་བྱས་པ། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །འཇིགས་བྲལ་ཆོས་སྐྱོང་ཞབས་ཀྱི་ནི། །རྣམ་ཐར་འཆད་པོ་ཕལ་ཆེ་བ། །མཐུན་པར་སེམས་ཙམ་པཎྜི་ཏ། །དབུ་མ་པར་གྱུར་ཡིན་ཞེས་འཆད། །སྐབས་དེའི་དབུ་མ་གང་ཡིན་བརྟག །ཀླུ་སྒྲུབ་གཞུང་བཞིན་ཡིན་སྙམ་ན། །དེ་ལ་རྣལ་འབྱོར་སྤྱོད་པ་དང༌། །ཐལ་རང་གཞུང་གི་འཆད་ཚུལ་གཉིས། །དང་པོ་ལྟར་ན་ཁོ་བོ་ཅག །དེ་ཡིན་ཁྱེད་ཀྱི་དེ་མི་འདོད། །གཉིས་པ་ལྟར་ན་སུ་ལ་བརྒྱུད། །བརྒྱུད་པ་མེད་པར་རྟོགས་ཞེས་ན། །དེ་ཡིས་དེ་མ་རྟོགས་པར་ནི། །ཟླ་བ་གྲགས་པ་ཉིད་ཀྱིས་བཤད། །རྣལ་འབྱོར་སྤྱོད་པའི་ལྟ་བ་ཡིས། །ས་དྲུག་འཐོབ་པ་མེད་སྙམ་ན། །རྗེ་བཙུན་བྱམས་པའི་གཞུང་ལུགས་ཀྱི། །ས་ལམ་ཀུན་ལ་སྐུར་བ་བཏབ། །གཟུང་འཛིན་རྫས་གཞན་གྱིས་སྟོང་པའི། །ས་ལམ་རིམ་པ་ཡིན་ནོ་ཞེས། །ཙོང་ཁ་པ་ཆེན་བཞེད་མོད་ཀྱི། །དེ་འདྲ་ཆོས་ནས་བཤད་པ་མེད། །ལམ་འབྲས་ཆོས་ན་ཐལ་རང་གི །སྟོང་ཉིད་རྟོགས་པའི་ཡུལ་ཅན་བློ། །དུག་ཅན་ལྟ་བར་བཤད་པས་ན། །ས་དྲུག་པ་ལ་དེ་མི་དགོས། །རྡོ་རྗེའི་ཚིག་རྐང་ལས་གསུངས་པའི། །ལྟ་གྲུབ་བརྒྱད་ཀྱི་ནང་ན་ཡང༌། །མེད་པར་དགག་པའི་ཡུལ་ཅན་གྱི། །སྟོང་ཉིད་ལྟ་བ་འདི་མ་བཤད། །ཟླ་གྲགས་བཞེད་པའི་སྟོང་པ་ཉིད། །མེད་ན་བྱང་ཆུབ་མི་འབྱུང་ཞེས། །གཞན་ཟེར་གྱ་གྱུའི་རྗེས་འབྲང་ནས། །རང་གཞུང་གཞན་ལ་གཏོད་མི་བྱ། །རྣལ་འབྱོར་དབང་ཕྱུག་རྣམ་རྫུན་ལས། །གཞན་པའི་དབུ་མར་མ་ཞུགས་སམ། །ཞེ་ན་རྡོ་རྗེ་བདག་མེད་མས། །བྱིན་བརླབས་སྔགས་ཀྱི་དབུ་མར་ཞུགས། །སྔགས་ཀྱི་དབུ་མ་གྲུབ་མཐའ་ཡི། །དབྱེ་བར་རུང་བ་མིན་ཞེ་ན། །ལམ་འབྲས་གཞུང་གི་ལྟ་གྲུབ་བརྒྱད། །གྲུབ་མཐའ་བཞི་པོ་གང་ནས་བྱུང༌། །དེས་ན་སྐལ་ལྡན་ཅིག་ཆར་བ། །ངོ་བོ་ཉིད་མེད་སྨྲ་བ་ཡི། །གྲུབ་མཐར་ཞུགས་པ་མེད་གྱུར་ཀྱང༌། །དབང་བཞི་རིམ་གྱིས་བསྐུར་བ་ལས། །དབང་བཞི་པོ་དང་རྗེས་མཐུན་པའི། །ལྟ་བ་རིམ་གྱིས་སྙོགས་གྱུར་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །འདི་ནི་གཞན་གཞུང་ལུང་རིགས་ཀྱི། །མཐའ་ཆོད་འདྲ་བ་མང་མང་པོས། །རང་གཞུང་ཚུགས་པར་མི་སྨྲ་བ། །རྣམས་ཀྱི་དྲན་པ་གསོ་ཕྱིར་བསྔོ།།  །།  ༄། །སྭསྟི། སྨྲ་མཁས་ངག་གི་དབང་ཕྱུག་ལ། །རབ་དང་གུས་པས་ཕྱག་བྱས་ནས། །སེམས་ཅན་དང་ནི་སངས་རྒྱས་ཀྱི། །ངོས་འཛིན་གསལ་པོ་འདིར་བཤད་བྱ། །དུས་འདིར་སྔགས་དང་ཕ་རོལ་དུ། །ཕྱིན་པ་པ་རྣམས་ཕལ་ཆེ་བས། །སངས་རྒྱས་དང་ནི་སེམས་ཅན་གྱི། །ངོས་འཛིན་གསལ་པོ་མ་སྨྲས་པས། །ཕ་རོལ་ཕྱིན་པའི་སེམས་བསྐྱེད་དང༌། །བསྔོ་བ་དང་ནི་སྨོན་ལམ་དང༌། །ལྷ་བསྐྱེད་པ་དང་སྒོམ་པ་ཡི། །ཚུལ་ལ་རྡེང་ཐོབ་མ་གྱུར་ཏོ། །གཉིས་པོའི་ངོས་འཛིན་དོན་དམ་དང༌། །ཀུན་རྫོབ་བཏགས་པའི་ཡོད་ཉིད་དོ། །བཏགས་ཡོད་ཅེས་པ་ཕུང་པོ་ལ། །བརྟེན་ནས་བཏགས་པའི་ང་ཙམ་སྟེ། །གཞན་སེལ་ཙམ་ལས་གཞན་མེད་པས། །གཉིས་པོའི་མཚན་གཞི་དངོས་མ་ཡིན། །ཆོས་དབྱིངས་འཆད་ཚུལ་རྣམ་གཉིས་ཏེ། །མེད་པར་དགག་པའི་སྟོང་ཉིད་དང༌། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མེད་པར་དགག་པ་སེམས་ཅན་དང༌། །སངས་རྒྱས་མཚན་གཞིར་རུང་བ་མེད། །དྲི་བཅས་ཆོས་དབྱིངས་ཡེ་ཤེས་ནི། །དོན་དམ་པ་ཡི་སེམས་ཅན་དང༌། །བདེ་གཤེགས་སྙིང་པོའི་ཁམས་དང་ནི། །རང་བཞིན་གནས་རིགས་ཞེས་སུ་བཤད། །ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་ཀུན་དང་དབྱེར་མེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །དོན་དམ་པ་ཡི་སངས་རྒྱས་སོ། །དོན་དམ་སེམས་ཅན་གང་ཡིན་པ། །གློ་བུར་དྲི་མ་ལས་གྲོལ་ཚེ། །སངས་རྒྱས་པ་དང་གནས་གྱུར་པ། །མཐར་ཐུག་ཞེས་ནི་བརྗོད་པ་ཡིན། །བདག་ནི་སངས་རྒྱས་ཉིད་གྱུར་ཅེས། །སྨོན་པར་བྱེད་པའི་བདག་དེ་དང༌། །སྨོན་པའི་ཡུལ་གྱི་སངས་རྒྱས་ཀྱང༌། །ཆོས་ཀྱི་དབྱིངས་ལས་གཞན་མ་ཡིན། །མ་རྟགས་གཅིག་པུར་ཉམས་དགའ་བའི། །ཚེ་ན་ཀུན་རྫོབ་སེམས་ཅན་དེ། །ཀུན་རྫོབ་གཟུགས་སྐུའི་སངས་རྒྱས་སུ། །སྨོན་ལམ་འདེབས་པ་ལྟ་བུར་སྣང༌། །འདི་ལ་ཞེན་པས་འཇུག་པ་ཟེར། །དེ་ལྟར་ཞུགས་ཀྱང་དོན་དམ་པའི། །སེམས་ཅན་དེ་ཉིད་དེར་འགྱུར་གྱི། །ཀུན་རྫོབ་སེམས་ཅན་དེར་མི་འགྱུར། །དེ་ཡི་འཐད་པ་ཅི་ཞེ་ན། །ཀུན་རྫོབ་སེམས་ཅན་སངས་རྒྱས་གཉིས། །རྒྱུན་གཅིག་པ་ནི་མིན་ཕྱིར་དང༌། །བཏགས་ཡོད་ཙམ་ལས་མ་འདས་པ། །དངོས་པོར་མེད་པ་ཉིད་ཕྱིར་རོ། །བསགས་པའི་དགེ་བ་བྱང་ཆུབ་ཏུ། །བསྔོ་བའི་དོན་གང་ཅི་ཞེ་ན། །བསགས་པའི་དགེ་བ་ཆོས་དབྱིངས་དང༌། །ངོ་བོ་དབྱེར་མེད་ཉིད་འགྱུར་ཕྱིར། །ཆོས་དབྱིངས་རྣམ་སངས་རྒྱས་པའི་ཚེ། །བསགས་པའི་དགེ་བ་གཞན་སྣང་དུ། །གཟུགས་སྐུ་འགྲུབ་པའི་རྒྱུ་ཡིན་ཕྱིར། །གཟུགས་སྐུའི་རིགས་འདྲ་སྔོན་དུས་ཀྱི། །གང་ཟག་དེ་ལ་བྱེད་པ་ནི། །ང་ཉིད་དེ་ཚེ་དེ་ཡི་དུས། །དེ་འདྲ་ཞིག་ཏུ་འགྱུར་ཞེས་དང༌། །འདི་འདྲ་ཞིག་ཏུ་འགྱུར་ཞེས་པ། །དམ་པའི་དོན་གྱུར་བདག་ཡིན་གྱི། །ཀུན་རྫོབ་ཟས་གཙང་སྲས་པོ་དེ། །སྤྱི་བོ་སྐྱེས་སུ་ག་ལ་གྱུར། །དེ་ཡང་དེར་འགྱུར་མ་ཡིན་མོད། །དེ་ལྟར་ཤེས་རྒྱུད་གཅིག་པ་ལ། །བསམས་ནས་དེ་ལྟ་བཤད་པ་ཡིན། །ཤེས་རྒྱུད་ཅེས་པ་དམ་པའི་བདག །བཤད་མ་ཐག་པ་དེར་འཆད་ཀྱི། །ཀུན་གཞིའི་ཉོན་ཡིད་འཇུག་ཤེས་ལ། །འཆད་པ་ནམ་ཡང་ཡོད་མ་ཡིན། །དུད་འགྲོའི་རྣམ་ཤེས་ཚོགས་བརྒྱད་པོ། །རྣམ་སྨིན་ཉིད་ཕྱིར་མཐོ་རིས་ཀྱི། །སྐྱེ་བ་བླངས་ཚེའང་རྒྱུན་ཆད་ན། །སངས་རྒྱས་སར་འགྲོ་དེ་མི་སྲིད། །ལྷ་སྐྱེད་པ་ན་མངོན་བྱང་དང༌། །ས་བོན་སོགས་སྐྱེད་གང་ཡིན་ཀྱང༌། །བཏགས་ཡོད་གང་ཟག་མི་དམིགས་པར། །བྱས་ནས་དམ་པའི་དོན་གྱི་བདག །དེ་བཞིན་ཉིད་དུ་རྫོགས་སངས་རྒྱ། །ཆོས་ཀྱི་དབྱིངས་སུ་ཞུགས་པ་དེ། །སེམས་ཅན་དོན་ཕྱིར་བསྐུལ་བ་ན། །སྨོན་ལམ་དབང་གིས་གཟུགས་ཀྱི་སྐུའི། །སྣང་བ་སེམས་ཅན་གཞན་ལ་སྟོན། །རེ་ཤིག་འདི་ཙམ་ཁོ་ན་སྟེ། །འདི་ལས་མང་པོར་སྤྲོ་ནུས་པ། །རིམ་གྱིས་འཆད་པར་འགྱུར་བ་ཡང༌། །སྐལ་མཉམ་ཀུན་ལ་ཕན་བྱེད་ཤོག།  །།  ༄། །སྭསྟི། འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །རང་གཞན་རྨོངས་པ་གསལ་བར་བྱ། །སེམས་ཅན་ཐམས་ཅད་སངས་རྒྱས་སུ། །མདོ་ནས་གསུངས་པ་ཤིན་ཏུ་མང༌། །རྒྱུད་ལས་དངོས་པོ་ཐམས་ཅད་ནི། །སངས་རྒྱས་ཉིད་དུ་བཤད་པ་དང༌། །ཁྱད་པར་ཕུང་པོ་ལྔ་པོ་ཉིད། །རྒྱལ་བ་རིགས་ལྔར་བཤད་པ་དང༌། །ཉོན་མོངས་ལྔ་པོ་ཡེ་ཤེས་ལྔར། །བཤད་ལ་རྩོད་པ་ཡོད་མ་ཡིན། །ཇི་བཞིན་སྒྲ་ལ་མངོན་ཞེ་ན། །དོན་མ་ཡིན་པ་ཉིད་འགྱུར་ཕྱིར། །ལུང་དང་མཐུན་པའི་རིགས་པ་ཡིས། །རྣམ་པར་བརྟགས་ནས་བཤད་པར་བྱ། །སེམས་ཅན་རང་བཞིན་རྣམ་དག་གི །སངས་རྒྱས་ཡིན་ལ་མི་མཐུན་མེད། །རང་བཞིན་རྣམ་དག་གློ་བུར་གྱི། །དྲི་མས་བསྒྲིབས་པར་ཀུན་གྱི་འཆད། །སྟོབས་སོགས་ཡོན་ཏན་ཡོད་མེད་པ། །ལ་ལ་དག་ཏུ་རྩོད་པའི་གཞི། །ཡིན་མོད་ཡོན་ཏན་ཡོད་གྱུར་ན། །དམ་པའི་བདག་དེ་སངས་རྒྱས་དངོས། །ཡིན་ཕྱིར་ཀུན་རྫོབ་སེམས་ཅན་ཀུན། །བདེ་བར་གཤེགས་པའི་སྙིང་པོ་ཅན། །ཡིན་མོད་ཀུན་རྫོབ་སེམས་ཅན་ཀུན། །སངས་རྒྱས་དངོས་སུ་མི་འཆད་པ། །འདི་ཡང་བཤད་མ་ཐག་པ་ཡི། །བདེན་གཉིས་དབྱེ་བ་ལས་རིག་བྱ། །གློ་བུར་དྲི་མས་བསྒྲིབས་གྱུར་པས། །སངས་རྒྱས་དངོས་སུ་འགལ་ཞེ་ན། །དཔེ་དགུ་དག་དང་སྦྱར་བ་ཡི། །རིགས་པས་མ་ངེས་སྟོན་པར་བཤད། །རང་སེམས་སངས་རྒྱས་ཡིན་གྱུར་ཀྱང༌། །གང་ཟག་བཏགས་ཡོད་དེ་མིན་པ། །དེ་གཉིས་འབྲེལ་བ་མེད་པ་དང༌། །སངས་རྒྱས་ས་ཡི་དཔེ་དང་སྦྱོར། །ཆོས་དབྱིངས་ལས་གཞན་སེམས་ཅན་ནི། །དངོས་པོར་ཡོད་མིན་དེ་བཞིན་དུ། །ཆོས་ཀྱི་དབྱིངས་ལས་མ་རྟོགས་པའི། །ཀུན་རྫོབ་ཆོས་གཞན་ཡོད་མ་ཡིན། །དོན་དམ་ཡེ་ཤེས་སངས་རྒྱས་ཚེ། །ཀུན་རྫོབ་སེམས་ཅན་ལུས་པ་མེད། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་དབྱིངས་རང་བཞིན་རྣམ་དག་པ། །རྫོགས་སངས་རྒྱས་ཚེ་ཀུན་རྫོབ་ཀྱི། །ཆོས་གཞན་ཤུལ་དུ་ལུས་པ་མེད། །བེམས་ཆོས་ཀུན་གྱི་ཆོས་དབྱིངས་དེ། །ཡེ་ཤེས་ཉིད་དུ་འགལ་ཞེ་ན། །མི་འགལ་འཐད་པ་འདི་ལྟར་བཟུང༌། །དེར་སྣང་སེམས་ལས་མ་གཏོགས་པའི། །ཡུལ་གཞན་ཡོད་པ་མིན་ཞེས་འདི། །ཐེག་ཆེན་སྤྱི་ཡི་གྲུབ་པའི་མཐའ། །དཔེར་ན་གཟུགས་སུ་སྣང་བ་ཡི། །རྣམ་རིག་མ་གཏོགས་གཟུགས་གཞན་མེད། །རྣམ་རིག་གཟུགས་གཞན་གྱིས་སྟོང་པ། །དོན་དམ་པ་ཡི་གཟུགས་སུ་བཤད། །གཟུགས་དེ་རང་བཞིན་རྣམ་དག་གི །ལྷག་པའི་ལྷར་ནི་གདོད་མ་ནས། །གནས་པ་ཇི་བཞིན་གསལ་ཐེབས་ན། །གཟུགས་སྣང་བག་ཆགས་འགག་པར་འགྱུར། །དེ་བཞིན་ཨ་སོགས་གཟུང་འཛིན་གྱིས། །སྟོང་པ་དོན་དམ་ཡི་གེ་དང༌། །གཏི་མུག་གཟུང་འཛིན་གྱིས་སྟོང་པའི། །ཡེ་ཤེས་གཏི་མུག་ཆེན་པོ་དང༌། །ཆགས་སྡང་ངོ་བོ་རང་རིག་ཅིང༌། །རང་གསལ་བ་དེ་ཆགས་ཆེན་དང༌། །ཞེ་སྡང་ཆེན་པོར་བཤད་པ་ཡིན། །དེ་ལྟར་བདེན་པ་གཉིས་ཀྱི་ནི། །རྣམ་དབྱེ་ཕྱེད་པའི་མཁས་པ་དེས། །དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་ལྷག་པའི་ལྷར་ཤེས་བྱོས། །འོན་ཀྱང་དད་པའི་རྗེས་འབྲང་དང༌། །འཇུག་ཚེ་གཅིག་ཏུ་འཁྲུལ་བའི་ཚེ། །མ་དག་ཕུང་པོ་ལྔ་པོ་ཉིད། །རྒྱལ་བ་རིགས་ལྔར་གདོད་མ་ནས། །གྲུབ་པ་ཉིད་དུ་ཐག་བཅད་དེ། །གོམས་པས་རང་གི་ཕུང་པོ་ལྔ། །རིམ་གྱིས་བྱིན་གྱིས་བརློབ་པར་འགྱུར། །མཁས་པས་འཆད་ཚེ་མ་དག་པའི། །ཕུང་པོ་ལྔ་དང་ཆགས་སོགས་ལྔ། །རྣམ་པར་རྟོག་པ་ཇི་སྙེད་པ། །སྤང་བྱ་ཉིད་ཕྱིར་ལྷར་མི་འདོད། །དེ་ལྟར་བཤད་པ་དེ་ཡིས་ནི། །བྱམས་པའི་ཆོས་དང་གསང་སྔགས་ཀྱི། །བདེན་གཉིས་དབྱེ་བ་ཤེས་བྱས་ནས། །རྒྱུད་ཀྱི་དོན་ལ་འཇུག་པར་ཤོག །བདེན་པ་གཉིས་རྣམ་པར་དབྱེ་བ་བླ་མེད་ཀྱི་རྒྱུད་ལ་འཇུག་པ་ཞེས་བྱ་བ་འདི་རེ་ཤིག་རྫོགས་སོ།།  །།  ༄། །སྭསྟི། རྒྱུད་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །འཁོར་ལོ་བསྒྱུར་ལ་ཕྱག་འཚལ་ནས། །སྦྱང་གཞི་དང་ནི་སྦྱང་བྱ་དང༌། །སྦྱོང་བྱེད་རིམ་པ་འདིར་བཤད་བྱ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། །སྦྱང་གཞི་བདེ་གཤེགས་སྙིང་པོའི་ཁམས། །སྦྱོང་བྱེད་ཡོངས་སྦྱོང་དྲུག་ཅུ་པོས། །སྦྱངས་པས་གཙང་བདག་བདེ་བ་དང༌། །རྟག་པའི་ཕ་རོལ་ཕྱིན་ཞེས་གསུངས། །སྦྱང་བྱ་ཆོས་ལ་ཁོང་ཁྲོ་དང༌། །བདག་ལྟ་འཁོར་བའི་སྡུག་བསྔལ་གྱིས། །འཇིགས་དང་སེམས་ཅན་འདོར་བའོ། །སྦྱང་གཞི་རྣམ་པར་བཞག་པ་ཡི། །རིམ་པ་ཀླུ་བྱང་གིས་མཛད་ལས། །སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་དང༌། །ཐུགས་ཀྱི་རྡོ་རྗེ་ཉིད་ལ་བཤད། །ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ། །དངོས་པོ་ཀུན་ལ་ཁྱབ་པ་དང༌། །རྣམ་པར་ཤེས་པ་ཐམས་ཅད་ཀྱི། །བདག་གྱུར་སེམས་ཀྱི་རྡོ་རྗེར་བཤད། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །སྦྱང་གཞི་དང་པོའི་སངས་རྒྱས་དང༌། །སྦྱང་བྱ་འཕོ་བའི་བག་ཆགས་དང༌། །སྦྱོང་བྱེད་རྣལ་འབྱོར་ཡན་ལག་དྲུག །སྦྱང་འབྲས་མི་འགྱུར་བདེ་བ་དེ། །དྲུག་བརྒྱས་ལྷག་པའི་ཉི་ཁྲི་དང༌། །ཆིག་སྟོང་ས་ནི་བཅུ་གཉིས་པོའི། །དབང་ཕྱུག་དུས་ཀྱི་འཁོར་ལོར་བཞེད། །ས་སྐྱའི་རྗེ་བཙུན་མཆེད་བཅས་ཀྱི། །རྒྱུད་ཀྱི་མངོན་རྟོགས་འཆད་པའི་ཚེ། །ཀུན་གཞི་རྒྱུ་རྒྱུད་སྦྱང་གཞི་ལ། །སྦྱོང་བྱེད་ལམ་གྱི་རིམ་པ་གཉིས། །སྦྱང་བྱ་ཉོན་མོངས་ཤེས་བྱའི་སྒྲིབ། །འབྲས་རྒྱུད་ཕྱག་ཆེན་སྦྱང་འབྲས་སོ། །སྦྱང་གཞི་གང་ཡིན་སྦྱང་འབྲས་སུ། །འདོད་པའི་ལོག་པར་རྟོག་ཡོད་ན། །ལོག་པའི་རྣམ་རྟོག་མཐའ་མེད་པ། །དེ་དག་སུ་ཡིས་སྤྲོ་བར་ནུས། །ས་སྐྱའི་ལུགས་འཆད་རྩོད་བྲལ་གྱི། །དབང་གི་རྟོགས་པ་བརྗོད་པའི་ཚེ། །སྦྱང་གཞི་ལུས་ངག་ཡིད་སོགས་ལ། །སྦྱང་བྱ་སྒོ་གསུམ་དྲི་མ་དག །སྦྱང་འབྲས་སྐུ་བཞི་ལྷུན་གྲུབ་ཏུ། །གསལ་བར་གསུངས་པ་དེ་ལྟོས་ལ། །ཕྱི་ནས་ལུང་ཙམ་སྐྱབས་སུ་གྱུར། །དེ་བས་རིགས་པའི་རྣམ་དཔྱོད་དང༌། །སྔོན་གྱི་ཆེན་པོའི་བཤད་སྲོལ་ནི། །སྦྱང་གཞི་སྦྱོང་དང་གནས་གྱུར་དང༌། །ཉོན་མོངས་འདོད་ཡོན་ལམ་བྱེད་དང༌། །སྤང་བྱ་སྤོང་བ་ཞེས་བྱ་བའི། །རྣམ་པར་གཞག་པ་མཁས་ཀུན་དང༌། །གྲུབ་པ་ཆེ་རྣམས་དག་ལ་གྲགས། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་ཅེས་པ། །སྦྱང་གཞི་མཁའ་དང་གསེར་ལྟ་བུ། །སྦྱང་བྱ་སྤྲིན་དང་གཡའ་ལ་སོགས། །དག་པའི་གསེར་སོགས་བླང་བྱའི་དཔེ། །ཡིན་གྱི་སྤང་བྱར་དེ་མི་བཞེད། །གནས་ནི་དྲི་བཅས་ཆོས་ཀྱི་དབྱིངས། །དྲི་མ་སྦྱོང་བའི་གཞིར་བཞག་ནས། །གྱུར་པ་ཞེས་པ་གློ་བུར་གྱི། །དྲི་མ་དག་དང་འབྲལ་བ་ལ། །རྗེ་བཙུན་བྱམས་པའི་གཞུང་གིས་བཤད། །ཉོན་མོངས་ལམ་དུ་བྱེད་ཅེས་པ། །ཆགས་སོགས་ཆུང་ལ་ཡོད་པའམ། །མེད་ཀྱང་རེ་ཤིག་དེ་སྐྱེད་ནས། །དེ་ཡི་ངོ་བོ་གསལ་རིག་ཙམ། །ལམ་དུ་བྱས་པས་ཀུན་རྫོབ་ཀྱི། །ཆགས་སོགས་རང་སར་དག་པའོ། །འདོད་ཡོན་ལམ་དུ་བྱེད་ཅེས་པ། །སྦྱང་གཞིར་འདོད་པའི་གཟུགས་སྒྲ་སོགས། །མི་སྤོང་དེ་ལ་མངོན་ཞེན་པའི། །དྲི་མ་སྤང་བྱར་བྱས་ནས་ནི། །འདོད་ཡོན་མྱོང་བྱར་བྱེད་པ་ལ། །གཞི་མི་སྤོང་བའི་འཐད་པ་ཞེས། །ཆེན་པོ་རྣམས་ཀྱིས་གསལ་བར་གསུངས། །རྣལ་འབྱོར་ཆེན་པོའི་ཉམས་ལེན་གྱིས། །སྦྱང་གཞི་སྤོང་བར་བཤད་པ་མེད། །མི་སྤོང་སྤང་བྱ་ཡིན་པར་འགལ། །སྤང་བྱ་སྤོང་བའི་རྣམ་བཞག་ཀྱང༌། །མེད་ན་ཡེ་སངས་རྒྱས་ཞེས་བྱོས། །ཆགས་སོགས་སྤང་བྱ་ཉིད་ཀྱང་ནི། །སྦྱང་གཞི་ཡིན་ཕྱིར་མི་སྤོང་ན། །དོན་དམ་དང་ནི་ཀུན་རྫོབ་ཀྱི། །སྦྱང་གཞིར་བཞག་པའི་འདོད་ཆགས་དེ། །སངས་རྒྱས་འོད་དཔག་མེད་པའི་དངོས། །འོད་དཔག་མེད་པ་ཆགས་སོགས་ལས། །རྣམ་པར་གྲོལ་བས་སངས་རྒྱས་སོ། །དེ་ཕྱིར་ཆོས་རྣམས་ཐམས་ཅད་ལ། །རྣམ་བརྟགས་དང་ནི་ཆོས་ཉིད་ཀྱི། །དབྱེ་བས་བདེན་པ་གཉིས་སུ་བཞེད། །འདི་ནི་མདོ་རྒྱུད་ཀུན་གྱི་གཞུང༌། །ཀུན་བཏགས་སོགས་ཀྱི་རྣམ་དབྱེ་བ། །དངོས་པོར་སྨྲ་བ་སེམས་ཙམ་པའི། །ལུགས་སུ་རྗེ་བཙུན་གྲགས་པ་ཡི། །མངོན་རྟོགས་ལྗོན་ཤིང་དུ་བཤད་ཟེར། །འོ་ན་གྲགས་པས་གུར་རྒྱན་དུ། །ཀུན་བཏགས་པ་ལ་གཞན་དབང་གི །རྒྱས་འདེབས་གཞན་གྱི་དབང་ལ་ཡང༌། །ཡོངས་སུ་གྲུབ་པས་རྒྱས་འདེབས་གསུངས། །དེ་ལ་ཁྱེད་ཅག་ཇི་སྐད་ཟེར། །ཁོ་བོ་ཅག་ལ་འདྲི་བྱེད་ན། །ཀུན་བཏགས་ཐམས་ཅད་སེམས་སྣང་ལས། །གཞན་དུ་མེད་པར་ཐག་བཅད་ནས། །སེམས་སྣང་དེ་ཡང་ཡེ་ཤེས་ལས། །གཞན་དུ་མེད་པར་ཐག་ཆོད་པའོ། །དེ་སྐད་འདི་ནི་སྦྱང་གཞི་དང༌། །སྦྱོང་བྱེད་ཅེས་བྱའི་ཚིག་ཙམ་ལས། །རྨོངས་པ་མགུ་བྱེད་འཆད་པོ་དག །བག་ཡོད་ཉིད་དུ་བྱ་ཕྱིར་རོ། །ཞེས་སྦྱང་གཞི་དང་སྦྱང་བྱའི་རྣམ་པར་བཞག་པ་གསལ་བར་བྱེད་པའི་བསྟན་བཅོས་ཀུན་ཏུ་བཟང་པོའི་གཏམ་ཞེས་བྱ་བ་འདི་རེ་ཤིག་རྫོགས་སོ།།  །།  ༄། །སྭསྟི། མཁྱེན་པས་ཤེས་བྱ་ཀུན་ཁྱབ་པའི། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །སྦྱང་གཞིའི་རྣམ་བཞག་གཉིས་པའི་གཏམ། །ཀུན་ཏུ་དགའ་བ་འདིར་བརྗོད་བྱ། །དཔལ་ལྡན་འདུས་པ་འཆད་རྣམས་ནི། །སེམས་ཅན་སྐྱེ་བའི་རིམ་པ་དང༌། །འཆི་བའི་རིམ་པ་གང་ཡིན་པ། །སྦྱང་གཞི་དང་ནི་རིམ་གཉིས་དངོས། །སྦྱོང་བྱེད་རིམ་པ་གཉིས་པོ་ནི། །རིམ་གཉིས་བཏགས་པ་བར་ཆད་ལ། །སྐྱེ་བ་ཀུན་རྫོབ་བདེན་པ་དང༌། །འཆི་བ་དོན་དམ་བདེན་པར་འཆད། །དངོས་བསྟན་དེ་ལྟར་ཡིན་མོད་ཀྱང༌། །ཕན་ཚུན་མཚོན་པར་འཆད་དགོས་ཏེ། །སྐྱེ་དང་འཆི་བ་གཉིས་ཀ་ལ། །བདེན་པ་གཉིས་སུ་དབྱེ་དགོས་ཕྱིར། །གཞན་དུ་སྐྱེ་བའི་རིམ་པ་ལ། །གནས་གྱུར་མི་སྲིད་པར་ཐལ་ཕྱིར། །འཆི་བའི་རིམ་པ་སྦྱོང་བའི་ཚེ། །སྤང་བྱ་མི་སྲིད་པར་ཐལ་ལོ། །དེ་ལ་ཁ་ཅིག་འདི་སྙམ་དུ། །སྦྱང་གཞི་གང་ཡིན་ཀུན་རྫོབ་ཀྱི། །བདེན་པ་ཉིད་དུ་ངེས་དགོས་ཏེ། །རྟག་ཕྱིར་དོན་དམ་སྦྱོང་མི་ནུས། །ལུང་ལས་ཕུང་པོ་ལྔ་པོ་དང༌། །ཉོན་མོངས་ལྔ་པོ་སྦྱང་གཞིར་བཤད། །དོན་དམ་བདེན་པ་སྦྱང་གཞིར་ནི། །བཤད་པའི་གནས་སྐབས་མེད་དོ་ལོ། །དོན་དམ་བདེན་པ་མེད་དགག་ལས། །གཞན་ལ་འཆད་མི་ཤེས་པས་ནོངས། །འཆི་བ་ཤེས་རབ་ཕ་རོལ་ཕྱིན། །དམ་པའི་དོན་གྱི་བདེན་པ་དང༌། །སྦྱང་གཞི་དངོས་དང་རྫོགས་རིམ་དངོས། །ཡིན་ཞེས་གསང་འདུས་པ་རྣམས་བཞེད། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། །བདག་མེད་ལྷ་མོ་བཅོ་ལྔ་ཡི། །སྦྱང་གཞི་འཆད་ཚེ་མཁའ་སྤྱོད་མའི། །སྦྱང་གཞི་ཆོས་ཀྱི་དབྱིངས་ལ་བཤད། །ས་སྐྱའི་རྗེ་བཙུན་རིགས་དྲུག་པ། །རྡོ་རྗེ་འཆང་གི་སྦྱང་གཞི་ནི། །ཆོས་ཀྱི་དབྱིངས་ལ་བཤད་མཛད་ནས། །དེར་ཞེན་རྟོག་པ་སྦྱང་བྱར་གསུངས། །འོ་ན་རྒྱལ་བ་རིགས་དྲུག་གི །སྦྱང་གཞི་གཅིག་ཏུ་འགྱུར་ཞེ་ན། །གཅིག་ཀྱང་ཆོས་ཅན་སོ་སོ་ཡི། །དབྱེ་བས་སྦྱོང་བྱེད་མང་པོར་བཤད། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཞེས་སོགས་གསུངས་པ་དེ་བསམ་བྱ། །དེ་བཞིན་ཉིད་ཀྱི་དག་པ་ནི། །སྟོང་པ་ཉིད་ལས་གཞན་མེད་ཅེས། །སྨྲ་བ་དེ་ཡིས་རང་རིག་པའི། །དག་པ་ཇི་ལྟར་ཡིན་ཞེས་སྨྲོས། །ཟླ་གྲགས་ཞབས་བཞེད་སྟོང་པ་ཉིད། །ཁོ་ན་མཆོག་ཏུ་བཞེད་པ་དེས། །རང་རིག་དག་པ་ཁས་བླང་ན། །རལ་གྲིའི་སོ་དང་སེན་མོའི་རྩེ། །སྐྱེས་བུ་ཡང་ཟོར་ཅན་གྱིས་ནི། །རང་ལ་ཞོན་ཐར་ཐལ་ཞེས་པའི། །ཐལ་འགྱུར་སྨྲ་བའི་རིགས་པ་རྣམས། །ངོ་སོར་བྱེད་པ་མི་འགལ་ལམ། །སྦྱང་གཞིའི་རྣམ་པར་བཞག་པ་ཀུན་ཏུ་དགའ་བའི་གཏམ་ཞེས་བྱ་བ་འདི་ཡང་དག་པར་གྲུབ་པའོ།།  །།  ༄། །སྭསྟི། བརྩེ་བས་གཞན་ལ་ཕན་དགོངས་པའི། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །གདོད་ནས་གྲུབ་པའི་དཀྱིལ་འཁོར་གྱི། །རྣམ་པར་བཞག་པ་དེ་བསམ་བྱ། །ཆོས་རྗེས་འབྲང་བའི་བཤད་ཉན་པ། །ངག་གིས་ཉན་དང་འཆད་པའི་ཚེ། །ཆོས་ཅན་སོ་སོ་དང་འབྲེལ་བའི། །ཆོས་ཀྱི་དབྱིངས་ལས་གཞན་མི་སྲིད། །གཞན་དུ་ལས་ཉོན་གྱིས་འཕངས་པའི། །རྣམ་སྨིན་ལུང་མ་བསྟན་པ་ཉིད། །དགེ་བའི་ངོ་བོར་ཡོད་མི་སྲིད། །གདོད་ནས་གྲུབ་པར་ཡང་མི་འཐད། །འོ་ན་འགྲོ་བ་ལུང་མ་བསྟན། །རང་བཞིན་གྱིས་ནི་གྲུབ་པ་ཡི། །དཀྱིལ་འཁོར་ཉིད་དུ་དྲིལ་བུ་པས། །བཤད་པ་མིན་ནམ་ཅི་ཞེ་ན། །དད་པའི་རྗེས་འབྲང་དག་ལ་ནི། །ཐ་མལ་རྟོག་པ་སྤོང་བའི་ཕྱིར། །དེ་དེར་བཤད་དང་གོམས་པ་ལ། །སྐྱོན་མེད་ཡོན་ཏན་དང་བཅས་ཏེ། །གསལ་བ་རབ་ཀྱི་མཐར་ཕྱིན་ཚེ། །ཀུན་རྫོབ་དབྱིངས་སུ་ཞི་ཕྱིར་རོ། །དཔེར་ན་རྡོ་རྗེ་འཛིན་པའི་སར། །འགྲོས་བཞི་དབྱིངས་སུ་ཐིམ་པ་བཞིན། །གཞན་ཡང་ལུང་གིས་འདི་གྲུབ་ཅིང༌། །རིགས་པས་ཕྱོགས་གཞན་བསལ་བར་བྱ། །ལུང་ནི་སློབ་དཔོན་དྲིལ་བུ་པས། །དབང་གི་བྱ་བའི་གཞུང་ཉིད་དུ། །རིག་པའི་དབང་ལྔ་བསྐུར་བའི་ཚུལ། །སློབ་མའི་ཐ་མལ་ལུས་ངག་ཡིད། །མི་དམིགས་པར་ནི་བསམ་བྱས་ནས། །དེ་བཞིན་ཉིད་ཀྱི་ཡི་གེ་དང༌། །ཕྱག་མཚན་ལས་ནི་ལྷག་པའི་ལྷར། །བསྐྱེད་ནས་དབང་བསྐུར་བྱེད་པར་གསུངས། །དབང་དེ་ལུས་དཀྱིལ་བསྒོམ་པ་དང༌། །ངོ་སྤྲོད་བྱེད་པའི་སྒོ་མིན་ནམ། །སླར་ཡང་མ་དག་ལུས་དེ་ཉིད། །རང་བཞིན་གྱིས་གྲུབ་དཀྱིལ་འཁོར་ཞེས། །ངོ་སྤྲོད་པ་དང་གོམས་བྱེད་ན། །དབང་དེ་དོན་མེད་མ་ཡིན་ནམ། །ལུགས་འདི་རྡོ་རྗེ་སློབ་དཔོན་གྱི། །དབང་བསྐུར་བྱེད་ཚེ་སློབ་མ་ཡི། །ཆོས་དབྱིངས་དམིགས་ཤིང་ཆོས་དབྱིངས་ཀྱི། །དྲི་མ་མི་དམིགས་པར་བྱས་ནས། །འཁྲུངས་པའི་རྡོ་རྗེ་འཆང་དེ་ཡི། །ལུས་ཀྱི་ཆ་ཤས་གང་ཡིན་པ། །རང་བཞིན་གྱིས་ནི་གྲུབ་པ་ཡི། །དཀྱིལ་འཁོར་ཉིད་དུ་འདོད་མིན་ནམ། །རིགས་པ་ཡང་ནི་འདིར་བཤད་པ། །གཞལ་ཡས་ཁང་དང་ལྷག་པའི་ལྷར། །རང་བཞིན་གྱིས་གྲུབ་མ་དག་ལུས། །དམིགས་མེད་ཉིད་དུ་ཐག་ཆོད་པ། །ཡུལ་གྱི་གནས་ཚུལ་ལ་ཞུགས་ན། །མ་དག་ལུས་དེ་ལྷ་ཉིད་དུ། །མི་དམིགས་ཕྱིར་ན་དེར་འགལ་ལོ། །མ་དག་ལུས་དེ་བསྲེགས་པ་དང༌། །བཅད་དང་སྦྱིན་པར་གཏོང་སོགས་ཚེ། །དཀྱིལ་འཁོར་ལྷ་ལ་དེ་བྱས་ཕྱིར། །མཚམས་མེད་ཆོ་གར་མི་འགྱུར་རམ། །གལ་ཏེ་སྟོང་ཉིད་སྒོམ་པའི་ཚེ། །ཕུང་པོ་མེད་པར་མི་བྱེད་ཀྱི། །བདེན་པར་གྲུབ་དང་མཚན་ཉིད་ཀྱིས། །མི་དམིགས་པར་ནི་བྱེད་ཅེ་ན། །དེ་འདྲ་རྗེ་བཙུན་ས་སྐྱ་པའི། །དབང་གི་ཆུ་བོར་བཤད་པ་མེད། །ལུགས་དེར་སྡང་བྱེད་གྲུབ་པའི་མཐར། །ངོ་སོར་བྱེད་པ་ཨེ་མ་མཚར། །ཅེས་ལུས་དཀྱིལ་སྒྲུབ་པ་ལུང་དང་རིགས་པའི་དཔུང་གཉེན་ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདི་གྲུབ་པའོ།།  །།  ༄། །སྭསྟི། ནུས་པས་གཞན་གྱི་མཐུ་འཇོམས་པའི། །རྡོ་རྗེ་འཛིན་ལ་ཕྱག་བཙལ་ནས། །བདེ་མཆོག་འཁོར་ལོའི་ལུས་དཀྱིལ་ལ། །ལོག་པར་སྨྲ་བ་དེ་བརྟག་བྱ། །ཕྱིས་བྱོན་སྲོལ་འབྱེད་དག་ན་རེ། །སྔ་རབས་པ་རྣམས་འདོད་པ་ཡི། །བདེ་མཆོག་འཁོར་ལོའི་ལུས་དཀྱིལ་འདི། །ལུས་ལ་ལྷ་དགོད་པ་དང་ནི། །ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི། །རྣམ་པར་དབྱེ་བ་མ་ཤེས་ཤིང༌། །ཤན་མ་ཕྱེད་པས་ཤིན་ཏུ་ནོངས། །དེས་ན་རྡོ་རྗེ་ཕྲེང་བ་ལས། །ལུས་ནི་དཀྱིལ་འཁོར་དག་ཏུ་བསྒྱུར། །ཞེས་གསུངས་པས་ན་རང་གི་ལུས། །གཞལ་ཡས་ཁང་དུ་བསྒྱུར་ཚུལ་ནི། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །ཕྱི་ཡི་དཀྱིལ་འཁོར་གཞན་ཞིག་ནི། །ངེས་པར་བསྒྲུབ་ཅིང་གསལ་བཏབ་ནས། །དེ་ལ་སྒྲུབ་པོ་རང་ཉིད་ཀྱི། །ལུས་ཀྱི་ཆ་ཤས་དེ་དང་དེ། །མ་ལུས་སོ་སོར་ཐིམ་པ་ལས། །བྱུང་བའི་དཀྱིལ་འཁོར་ཁང་པ་དེ། །རྟེན་གྱི་གཞལ་ཡས་དག་ཏུ་འདོད། །དེ་ཡི་དབུས་སུ་རང་ཉིད་ཀྱི། །ལུས་ལ་བཀོད་པའི་ལྷ་དག་ནི། །བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་པ། །ཡིན་ནོ་ཞེས་ནི་འཆད་བྱེད་ལོ། །འདི་ལ་ལུང་དང་རིགས་པ་དང༌། །ཁས་བླངས་འགལ་བ་གསུམ་བརྗོད་བྱ། །བདེ་མཆོག་ལ་སོགས་མ་རྒྱུད་ཀྱི། །ལུང་ནས་དེ་ལྟར་གསུངས་པ་མེད། །རྡོ་རྗེ་ཕྲེང་བའི་ལུང་གི་དོན། །དེ་ལྟར་ཡིན་ན་རིགས་འདྲེ་མོད། །དེ་དོན་སྒྲུབ་པ་པོ་ཡི་ལུས། །དཀྱིལ་འཁོར་དག་ཏུ་མི་གསལ་བ། །གསལ་བར་བསྒྱུར་བའི་དོན་ཡིན་གྱི། །ལུས་དེ་བཤིག་པའི་དོན་མ་ཡིན། །གཞན་དུ་གསང་བ་འདུས་པ་ཡི། །ལུས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཚེ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །རྟེན་གྱི་དཀྱིལ་འཁོར་གཉིས་སྦྲག་དང༌། །བརྟེན་པའི་ལྷ་ཡང་དེ་སྙེད་དུ། །ཡོད་པས་དྲུག་ཅུ་རྩ་བཞིར་འགྱུར། །སྒྲུབ་པ་པོ་ནི་རང་གི་ལུས། །གཞལ་ཡས་ཁང་ལ་ཐིམ་པའི་ཚེ། །ལུས་ཀྱི་དཀྱིལ་འཁོར་ལྷ་རྣམས་ནི། །གང་ན་བཞུགས་པའི་རྟེན་དེ་ཅི། །ལུས་ལ་དུམ་བུ་གཉིས་བྱེད་དམ། །ལུས་དེ་ཡང་ནི་ལྷ་ཡི་ལུས། །ཡིན་ནམ་ཐ་མལ་པ་ཡི་ལུས། །དང་པོ་ལྟར་ན་ཐ་མལ་པའི། །ལུས་ཀྱི་དཀྱིལ་འཁོར་དུ་མི་འགྱུར། །གཉིས་པ་ལྟར་ན་རྣམ་སྨིན་ལས། །དངོས་སུ་བཤིག་པ་མེད་པས་འགལ། །རྟོག་ངོར་རིགས་འདྲ་ཙམ་ཡིན་གྱི། །རྣམ་སྨིན་ལུས་དངོས་མིན་ཞེ་ན། །འོ་ན་ལུས་ཉིད་བསྒྱུར་བྱས་པའི། །ལུས་ཀྱི་དཀྱིལ་འཁོར་ཡིན་པར་འགའ། །ཁས་བླངས་འགལ་བ་འདི་ལྟ་སྟེ། །དྲིལ་བུ་ལུས་དཀྱིལ་བསྒོམ་པའི་ཚེ། །ཕྱི་ཡི་ལུས་དཀྱིལ་ཇི་ལྟར་ཡོད། །ལཱུ་ཧི་པ་ལ་བྱེད་ཅེ་ན། །དེ་དང་བཤད་སྲོལ་མི་མཐུན་ཞིང༌། །ལྷ་ཡི་གནས་དང་ཞལ་ཕྱག་སོགས། །མི་མཐུན་པས་ན་བཤད་སྲོལ་གཉིས། །གཅིག་ཏུ་སྒྲུབ་པ་ཇི་ལྟར་རུང༌། །གལ་ཏེ་དྲིལ་བུ་ལྷ་ལྔ་ཞེས། །བྱ་བའི་རྒྱ་གཞུང་ཡོད་པས་ན། །དེ་ཡི་ཕྱི་དཀྱིལ་བསྒྲུབས་ནས་ནི། །དེ་ལ་ལུས་དཀྱིལ་བཟོ་ཞེས་ཟེར། །ཁྱེད་ཀྱིས་དགྱེས་པ་རྡོ་རྗེའི། །ལུས་དཀྱིལ་འགོག་པའི་རིགས་པ་ན། །ལུང་ལས་མ་བཤད་པ་དང་ནི། །ཕྱི་དཀྱིལ་དང་ནི་ནང་དཀྱིལ་གྱི། །ལྷ་གྲངས་མ་མཐུན་པ་ཡི་ཕྱིར། །ལུགས་དེ་ཡང་དག་མིན་ནོ་ཞེས། །གསལ་བར་བཤད་པ་དེ་སོམས་ཤིག །དེ་ལྟར་བཤད་པ་ལས་བྱུང་བའི། །དགེ་བས་ལུང་དང་མི་མཐུན་ཞིང༌། །རིགས་པ་ལྟར་སྣང་ངོར་བྱེད་པའི། །གཞན་གཞུང་བཤིག་ལ་ཉེས་མི་མངའ། །ཞེས་བདེ་མཆོག་འཁོར་ལོའི་ལུས་དཀྱིལ་སྒྲུབ་པའི་བསྟན་བཅོས། ལུང་རིགས་མན་ངག་གི་ལམ་ཆེན་གསུམ་པ་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །སྭསྟི། །བདེ་དང་སྟོང་པ་གཉིས་མེད་ཐུགས། །ཡན་ལག་བདུན་ལྡན་སྐུར་བཞེངས་ནས། །བརྗོད་བྲལ་གསུང་གིས་དེ་འདོམས་པ། །ཁྱབ་བདག་འཁོར་ལོ་བསྒྱུར་ལ་འདུད། །འདི་ན་སྔགས་དང་ཕར་ཕྱིན་གྱི། །ལྟ་བ་ཁྱད་པར་མེད་པ་ལ། །ཐབས་མཁས་ཁྱད་པར་ཆེ་ཞེས་པ། །ཀུན་གྱིས་འཆད་དེ་འདིར་བརྟག་བྱ། །དོན་གཅིག་མ་རྨོངས་ཞེས་སོགས་དང༌། །སྤྲོས་བྲལ་རྟོགས་པའི་ཐབས་ལ་ནི། །གསང་སྔགས་ཁྱད་པར་འཕགས་སོ་ཞེས། །སྔོན་རབས་མཁས་པས་གང་གསུངས་པ། །ཕྱི་མའི་དུས་འདིར་རང་བློའི་སྐྱོན། །དྲི་མེད་གཞུང་ལབ་གོ་བྱེད་མཁན། །དབུ་མ་ཡན་ཆད་གཞུང་མཐའ་དག །རྟོགས་བྱའི་ལྟ་བ་གཅིག་ཡིན་ལོ། །སྔགས་ཀྱི་ཐུན་མོང་མིན་པ་ཡི། །ལྟ་བ་ལྷན་ཅིག་སྐྱེས་ཡེ་ཤེས། །རྟོགས་བྱེད་ཐབས་དང་རྟོགས་བྱ་བ། །གཉིས་ཀ་ཕ་རོལ་ཕྱིན་ལ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ཙམ། །སྔགས་ཀྱི་ཡེ་ཤེས་ཀྱིས་མི་རྟོགས། །སྔགས་ཀྱིས་རྟོགས་པའི་སྟོང་པ་ཉིད། །ཟག་མེད་བདེ་བ་ཆེན་པོར་འདུས། །འོན་ཀྱང་ཕ་རོལ་ཕྱིན་པ་ཡི། །བསམ་བྱུང་རིགས་པས་མཐའ་དཔྱད་པའི། །སྤྲོས་བྲལ་དེ་ལ་གསང་སྔགས་པས། །ཐོས་བསམ་ལྟ་བར་འཆད་བྱེད་ཀྱི། །རྟོགས་བྱའི་ལྟ་བར་འཆད་པ་མིན། །དེ་ལ་དམིགས་པའི་ཡུལ་ཅན་བློ། །རྟོག་པ་ཉིད་ཕྱིར་དུག་ཅན་དང༌། །ཞེན་པ་ཟློག་པའི་གཉེན་པོར་འདོད། །སྤྲོས་བྲལ་ཙམ་གྱི་འཆད་ལུགས་ལ། །སྲོལ་གཉིས་ཁྱད་པར་མེད་མོད་ཀྱང༌། །རྟོགས་བྱའི་ལྟ་བ་གཅིག་ཡིན་པའི། །ངེས་པ་མེད་པ་དེ་ཡིན་ནོ། །ཁྱད་པར་ཐལ་རང་དབུ་མ་པའི། །སྟོང་པ་ཉིད་དང་སྔགས་ལུགས་ཀྱི། །རྟོགས་བྱ་ལ་ནི་གཞི་མཐུན་ཀྱང༌། །སྲིད་པ་མིན་ཞེས་ཤེས་པར་བྱ། །རྣལ་འབྱོར་སྤྱོད་པའི་སྟོང་ཉིད་དང༌། །སྔགས་ཀྱི་རང་བཞིན་ལྷན་སྐྱེས་ལ། །གཞི་མཐུན་ཡོད་ཕྱིར་གཉིས་ཀ་ལ། །སོ་སོར་རང་རིག་ཡེ་ཤེས་ཟེར། །འོན་ཀྱང་ཐོས་བསམ་རིགས་པ་ཡིས། །རྟོགས་པའི་གཉིས་མེད་ཡེ་ཤེས་ལ། །རྣམ་གྲངས་པ་ཡི་དོན་དམ་དང༌། །གསུམ་པའི་དབང་ལས་རྟོགས་པ་ཡི། །ཡེ་ཤེས་དེ་ལ་རྣམ་གྲངས་པ། །མིན་པའི་དོན་དམ་ཞེས་བྱར་ནི། །རྗེ་བཙུན་གྲགས་པའི་ཞབས་ཀྱིས་གསུངས། །དེ་ནས་སྔགས་ཀྱི་ཐབས་མཁས་པའི། །ཁྱད་པར་གང་ཡིན་དྲིས་པ་ལ། །དབང་དང་རིམ་གཉིས་ཡིན་ནོ་ཞེས། །ཚིག་འབྲུ་ཙམ་ཞིག་ཀུན་གྱིས་འཆད། །འོ་ན་ཐབས་ཤེས་གཉིས་མེད་ཅེས། །བཤད་པའི་ངོས་འཛིན་གང་ལ་བྱེད། །ཐབས་ཤེས་ཟུང་དུ་འབྲེལ་པ་ལ། །འཆད་ཅེས་སྨྲ་བ་ཤིན་ཏུ་མང༌། །གཉིས་མེད་དོན་དེ་གཉིས་བཅས་ལ། །བཤད་ན་རྣམ་པར་རྨོངས་ཞེས་བྱ། །དབང་དང་རིམ་གཉིས་གོམས་པ་ལས། །བྱུང་བའི་བདེ་ཆེན་ཡེ་ཤེས་ནི། །སྔགས་ཀྱི་ཐབས་མཁས་ཆེན་པོ་དང༌། །དེ་ཉིད་སྤྲོས་ཀུན་དང་བྲལ་བ། །དེ་ལ་བདེ་སྟོང་ཟུང་འཇུག་དང༌། །ཐབས་ཤེས་གཉིས་སུ་མེད་པར་བཤད། །དེ་འདྲའི་ཐབས་ཤེས་གཉིས་མེད་དེ། །ཐོས་བསམ་གྱིས་ནི་མི་རྟོགས་ཤིང༌། །དེ་མ་རྟོགས་ཕྱིར་དེ་མཐོང་བའི། །མཐོང་ལམ་ཡང་ནི་ཡོད་མིན་ཕྱིར། །སྔགས་ལས་གཞན་གྱིས་དེ་མི་རྟོགས། །དབང་དང་རིམ་གཉིས་ལས་བྱུང་བའི། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། །ཐོག་མར་དཔེ་ཡི་ཡེ་ཤེས་སུ། །སྐྱེས་པ་དེ་ཡང་རྣལ་འབྱོར་པའི། །མངོན་སུམ་ཉིད་དང་ངོ་བོ་ཡི། །སྒོ་ནས་ཁྱད་པར་དབྱེ་མི་ནུས། །དེ་རྗེས་འགྲུས་དང་མ་བྲལ་ན། །དོན་གྱི་ཡེ་ཤེས་མྱུར་དུ་སྐྱེ། །ཐབས་དང་ཤེས་རབ་གཉིས་མེད་པ། །དེ་གོམས་བྱས་པའི་མཐུ་དང་ནི། །ནུས་པའི་ཁྱད་པར་བསམ་བྱས་ལ། །དེ་ཡིས་ཚེ་གཅིག་ལ་འགྲུབ་པའི། །རྫོགས་སངས་རྒྱས་དེ་ཕར་ཕྱིན་གྱི། །བསོད་ནམས་ཚོགས་ཆེན་བསྐལ་པ་ཡི། །ཁྱད་པར་གྲངས་མེད་གསུམ་གྱི་མཐར། །འགྲུབ་པ་སྲིད་ཙམ་དེ་དང་མཉམ། །དེས་ཀྱང་འདི་ལ་མ་ལྟོས་པར། །ཡན་ལག་བདུན་དང་ལྡན་པ་ཡི། །ལོངས་སྤྱོད་རྫོགས་སྐུ་དེ་མི་འཐོབ། །ཕར་ཕྱིན་པ་ཡི་བསོད་ནམས་ཚོགས། །འཁོར་གསུམ་མི་དམིགས་པར་རྟོགས་པའི། །ཤེས་རབ་དེ་དང་ཟུང་འབྲེལ་ཡང༌། །ཟུང་དུ་འཇུག་པ་ཉིད་མ་ཡིན། །ཕ་རོལ་ཕྱིན་ལྔ་ཀུན་རྫོབ་ཀྱི། །བདེན་པ་ཁོ་ནའི་དབང་དུ་བྱས། །སྔགས་ཀྱི་ཐབས་མཁས་བདེ་བ་ཆེ། །སྟོང་པ་ཉིད་དང་ཟུང་དུ་འཇུག །སྟོང་ཉིད་ཡེ་ཤེས་ལས་བསྒྲུབ་པས། །ཐབས་ཤེས་གཉིས་ཀ་དོན་དམ་པའི། །བདེན་པ་ཉིད་ཀྱི་དབང་དུ་བྱས། །སྐྱེད་པའི་རིམ་པའི་ལྷ་དག་ཀྱང༌། །དོན་དམ་ཉིད་ལས་སྒྲུབ་དགོས་ན། །རྫོགས་རིམ་བདེ་བ་ཆེན་པོ་ནི། །བསླུ་མེད་ཉིད་ཕྱིར་དོན་དམ་མོ། །དེ་ལྟར་བཤད་པའི་དགེ་བ་ཡིས། །སྔོན་བྱོན་མཁས་པའི་རྗེས་འཇུག་རྣམས། །ཕྱིས་བྱུང་གཏམ་དང་མི་བསྲེ་བར། །རང་གཞུང་ཚུགས་པར་འཛིན་བྱེད་ཤོག །ཅེས་ཐོས་པའི་ལྟ་བ་དང་ཉམས་མྱོང་གི་ལྟ་བའི་ཤན་འབྱེད། བདེ་ཆེན་རོལ་པའི་མཛེས་རྒྱན་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །སྭསྟི། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ངོ་བོ་ཉིད་མེད་སྨྲ་བ་དང༌། །སྔགས་ཀྱི་རྟོགས་བྱའི་ལྟ་བ་ལ། །ཁྱད་པར་ཤིན་ཏུ་ཆེ་བཤད་པ། །དེ་ལ་རྩོད་པ་སྤང་བར་བྱ། །གལ་ཏེ་སྔགས་ཀྱི་སྟོང་པ་ཉིད། །ངོ་བོ་ཉིད་མེད་སྨྲ་བ་ཡི། །རིགས་པས་གཏན་ལ་མ་ཕབ་ཕྱིར། །དབུ་མའི་ལུགས་ལས་རྒལ་བར་འགྱུར། །ཕ་རོལ་ཕྱིན་པའི་ཐེག་པ་ལས། །སྔགས་ཀྱི་ཐེག་པ་གཞན་དུ་འགྱུར། །འོ་ན་ཐེག་པ་རིམ་དགུ་ལ། །དགག་སྒྲུབ་བྱེད་པ་ཅི་ཞེ་ན། །དེ་ལན་མདོར་བསྡུས་བཤད་བྱ་བ། །སྤྱིར་ན་དབུ་མ་རྣམ་གསུམ་སྟེ། །ཤིང་རྟའི་སྲོལ་གཉིས་ལས་བྱུང་བའི། །དབུ་མ་གཉིས་དང་སྔགས་ཀྱིའོ། །སྲོལ་གཉིས་སོ་སོར་མི་འབྱེད་ན། །གང་ཞིག་གང་གི་རྗེས་སུ་འབྲང༌། །ཐོགས་མེད་མཆེད་ཀྱིས་ཐལ་རང་གི །ལུགས་དེ་དབུ་མར་མི་འཆད་ཅིང༌། །དེས་ཀྱང་དེ་ལུགས་དེར་མི་འཆད། །དེས་ན་ཐོགས་མེད་མཆེད་གཞུང་ལ། །གྲུབ་མཐའ་སྨྲ་བ་བཞི་མེད་འགྱུར། །སྔགས་ཀྱི་དབུ་མ་དེར་མི་འདུ། །འདུ་ན་རྟོགས་བྱའི་ལྟ་བ་ལ། །ཁྱད་པར་ཤིན་ཏུ་མང་པོ་ནི། །རང་རང་ལུང་ནས་བཤད་དང་འགལ། །དེས་ན་གསུམ་ཀ་དབུ་མར་མཐུན། །དེས་ན་དབུ་མའི་ལྟ་བ་ཡི། །གོང་དུ་ལྟ་བ་གཞན་མི་འཆད། །ཐེག་པ་རིམ་དགུར་འཆད་པ་པོ། །ཨ་ཏི་ཡོ་ག་དབུ་མ་ཡི། །ལྟ་བར་འཆད་པ་མ་ཡིན་ནོ། །ཕ་རོལ་ཕྱིན་པའི་ཐེག་པ་དང༌། །སྔགས་ཀྱི་ཐེག་པ་ཐ་དད་དུ། །བཤད་པའི་རྣམ་གྲངས་ཤིན་ཏུ་མང༌། །རིགས་པ་ཡིས་ཀྱང་འདི་འགྲུབ་སྟེ། །ཕ་རོལ་ཕྱིན་ལ་མ་ལྟོས་པར། །བླ་མེད་སྔགས་གཞུང་རྐྱང་པ་ཡི། །རང་གཞུང་ཚུགས་པར་གོམས་པ་ལས། །སྔགས་ཀྱི་ཐུན་མོང་མིན་པ་ཡི། །ཡང་དག་སངས་རྒྱས་ཚེ་འདིར་འགྲུབ། །ཅེས་སྔགས་ཀྱི་དབུ་མ་ལོགས་སུ་བཤད་པའི་ཚིག་ལེའུར་བྱས་པ་དབུ་མའི་རྒྱན་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །ཚོགས་གཉིས་པོ་ལས་འཁྲུངས་པ་ཡི། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐེག་པ་ཆེན་པོའི་ཚུལ་གཉིས་ཀྱི། །ཚོགས་གཉིས་སྒྲུབ་ཚུལ་འདིར་བསམ་བྱ། །བསོད་ནམས་ཚོགས་ལས་ཁྱད་ཞུགས་ཞེས། །ཀུན་གྱིས་མཐུན་པར་འཆད་པ་དང༌། །ཡེ་ཤེས་ལ་ཡང་ཁྱད་ཞུགས་ཚུལ། །ཐུན་མོང་མིན་པ་འདིར་འཆད་དོ། །ཕ་རོལ་ཕྱིན་པའི་བསོད་ནམས་ཚོགས། །སྦྱིན་སོགས་དང་པོ་ལྔ་འཁོར་བཅས། །སྒྲུབ་ཚུལ་མ་དག་སྣང་བ་ལ། །དབུ་མའི་རིགས་པས་མི་གཅོད་པར། །ཐད་སོར་བཞག་ནས་འཁོར་གསུམ་དུ། །འཛིན་པའི་རྟོག་པ་དང་བྲལ་བས། །གཏོང་དང་ཚུལ་ཁྲིམས་བསྲུང་སོགས་ལ། །འཁོར་གསུམ་མི་དམིགས་ཤེས་རབ་ཀྱིས། །ཟིན་པའི་བསོད་ནམས་ཚོགས་ཞེས་བྱ། །འཁོར་གསུམ་པོ་ནི་མི་དམིགས་ན། །དེ་མ་གྲུབ་པས་བསོད་ནམས་ཚོགས། །ཇི་ལྟར་གྲུབ་པ་ཡིན་ཞེ་ན། །འཁོར་གསུམ་མི་དམིགས་ཚུལ་རྣམ་གཉིས། །རང་གི་ངོ་བོས་སྟོང་པ་དང༌། །གཞན་གྱི་ངོ་བོས་མི་དམིགས་པའོ། །དང་པོ་ལྟར་ན་ཡེ་ཤེས་ཀྱི། །ངོ་ན་དམིགས་པའི་ཆོས་མེད་ཀྱང༌། །རྣམ་ཤེས་ངོར་ནི་སྣང་བ་ཙམ། །མི་འདོར་བ་ཡི་ཚུལ་གྱིས་བྱ། །གཉིས་པ་ལྟར་ན་འཁོར་གསུམ་པོ། །དམིགས་ཀྱང་མཚན་མར་འཛིན་པ་དང༌། །བྲལ་བས་བླང་དོར་ཚུལ་བཞིན་དུ། །བྱེད་པ་བསོད་ནམས་ཚོགས་བསོག་ཚུལ། །ཡེ་ཤེས་ཤེས་རབ་ཕ་རོལ་ཕྱིན། །ཉམས་སུ་མྱོང་ཚུལ་རྣམ་གཉིས་ཏེ། །རང་གཞན་སྟོང་པའི་ཚུལ་གཉིས་ལས། །དེ་མྱོང་བྱེད་པའང་གཉིས་སུ་དབྱེ། །མྱོང་ཚུལ་གཉིས་པོ་མཐར་ཕྱིན་པའི། །ཚེ་ན་སྒྲིབ་གཉིས་བག་ཆགས་བཅས། །སྤངས་པའི་ཆོས་སྐུ་ལྷུན་གྲུབ་པའི། །ཚུལ་ལ་ཁྱད་པར་ཡོད་མ་ཡིན། །བསོད་ནམས་སོག་ཚུལ་གཉིས་ཀ་ཡང༌། །འཁོར་བ་ཇི་སྲིད་གནས་ཀྱི་བར། །གཞན་དོན་རྒྱུན་མི་ཆད་པ་ཡི། །གཟུགས་སྐུའི་བྱེད་པོར་ཁྱད་ཡོད་མིན། །གྲངས་མེད་གསུམ་གྱི་རྣམ་བཞག་ནི། །བསོད་ནམས་ཚོགས་དང་གཟུགས་སྐུ་ཡི། །སྒྲུབ་ཚུལ་དབང་དུ་བྱས་ཡིན་གྱི། །ཡེ་ཤེས་ཆོས་སྐུའི་དབང་བྱས་མིན། །གསང་སྔགས་ལུགས་ལ་བསོད་ནམས་ཀྱི། །ཚོགས་སོག་བྱེད་ཚུལ་ཕར་ཕྱིན་དང༌། །ཐུན་མོང་བ་ཡང་ཞར་བྱུང་གི །ཚུལ་དུ་མང་པོར་བྱེད་མོད་ཀྱང༌། །ཐུན་མོང་མིན་པའི་བསོད་ནམས་ཀྱི། །འཁོར་གསུམ་པོ་ནི་ཡེ་ཤེས་ལས། །བསྒྲུབས་པའི་དོན་དམ་ཆོས་ཡིན་གྱི། །ཀུན་རྫོབ་དབང་དུ་དེ་མི་བྱེད། །དཔེར་ན་མཆོད་ཡུལ་སངས་རྒྱས་དང༌། །མཆོད་བྱའི་རྫས་རྣམས་ཇི་སྙེད་པ། །སྟོང་པའི་ངང་ལས་བསྒྲུབས་པ་ཡི། །ཡེ་ཤེས་ཉིད་དུ་བྱིན་གྱིས་རློབས། །སྦྱིན་པར་བྱེད་དང་སྦྱིན་པའི་ཡུལ། །གནོད་པར་བྱེད་དང་གནོད་བྱའི་ཡུལ། །ཡེ་ཤེས་ཆེན་པོར་རོ་གཅིག་པ། །དེ་ལ་སྦྱིན་དང་ཚུལ་ཁྲིམས་ཟེར། །ཀུན་རྫོབ་ཆོས་དང་གང་ཟག་གི །དབང་དུ་བྱས་པའི་ཚོགས་སོག་དང༌། །དོན་དམ་ཆོས་དང་གང་ཟག་གི དབང་དུ་བྱས་པའི་ཚོགས་སོག་ལ། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །བསོད་ནམས་ཚོགས་སོག་ཚུལ་ཞེས་བྱ། །ཡེ་ཤེས་ཆོས་རྣམས་སྐད་ཅིག་གིས། །འགྲུབ་ཅིང་རྣམ་ཤེས་ཆོས་རྣམས་ནི། །འགྲུབ་པ་དུས་རིང་པོ་ལ་ལྟོས། །མདོར་ན་རིམ་པ་གཉིས་གོམས་པ། །བླ་མེད་ལུགས་ཀྱི་བསོད་ནམས་ཚོགས། །དེ་གོམས་པ་ལས་བྱུང་བ་ཡི། །ཤེས་དེ་ཡེ་ཤེས་ཚོགས་སུ་བཤད། །སྐྱེད་རིམ་གོམས་པའི་གསལ་སྣང་དང༌། །རྫོགས་རིམ་གོམས་པའི་བདེ་བ་ཆེ། །ཡེ་ཤེས་ཚོགས་ཡིན་དེའི་བྱེད་ལས། །རིམ་བཞིན་ཐ་མལ་རྣམ་རྟོག་དང༌། །འགྱུར་བའི་བདེ་བ་དེ་སྤོང་བྱེད། །མི་འགྱུར་བདེ་བ་ཆེན་པོ་དང༌། །ལྷ་ཡི་གསལ་སྣང་ཟུང་འཇུག་པའི། །ཆ་ནས་བདེ་ཆེན་ལོངས་སྤྱོད་རྫོགས། །དམིགས་པ་མེད་པའི་སྙིང་རྗེ་དང༌། །སྟོང་པ་ཉིད་རྟོགས་ཤེས་རབ་ནི། །ཟུང་འཇུག་ཆོས་ཀྱི་སྐུར་འཆད་པ། །དམིགས་མེད་སྙིང་རྗེ་གཅིག་པུར་འདུས། །འདི་ན་ཕར་ཕྱིན་ཐེག་པ་ཡི། །ཞལ་འཛིན་བྱེད་པའི་སྔོན་བྱོན་དང༌། །ཁྱད་པར་སློབ་དཔོན་ཟླ་གྲགས་ཀྱིས། །བཤད་པའི་སྟོང་པ་ཉིད་མེད་ན། །ཐར་པ་ཙམ་ཡང་མེད་དོ་ཞེས། །ཟེར་བའི་ཕྱིས་བྱོན་དག་ན་རེ། །སྔགས་ཀྱི་ཡེ་ཤེས་དབུ་མ་པའི། །ལུགས་ཀྱི་སྟོང་ཉིད་ལས་གཞན་མེད། །ཐབས་མཁས་རིམ་པ་གཉིས་པོ་ཡིས། །ཚེ་གཅིག་ཉིད་ལ་འཚང་རྒྱ་ཟེར། །ངོ་བོ་ཉིད་མེད་སྨྲ་བ་ཡི། །རིགས་པས་དཔྱད་པའི་སྟོང་པ་ཉིད། །སྔོན་འགྲོ་ཡེ་ཤེས་ཚོགས་སོག་གི །སྐབས་སུ་སུས་ཀྱང་བཤད་པ་མེད། །ལ་ལར་ཅུང་ཟད་བཤད་སྲིད་ནའང༌། །ཁུངས་ཐུབ་ཀུན་དང་འགལ་བས་མིན། །སྔགས་དོན་བསམས་ནས་སྟོང་པ་ཉིད། །སྒོམ་པ་ལས་གཞན་སུས་མི་འཆད། །དེ་ཡི་ཚེ་ན་གཟུང་འཛིན་གྱི། །རྣམ་རྟོག་དང་བྲལ་ཡེ་ཤེས་ཉིད། །གོམས་པར་བྱེད་ཀྱི་མེད་དགག་གི །སྟོང་པ་ཉིད་ལ་སྐྱོན་དུ་ལྟ། །རིགས་པས་དཔྱད་པའི་སྟོང་ཉིད་ལ། །ཕུང་པོ་རྣམ་བཅད་སྟོང་ཉིད་དང༌། །ཟབ་མོ་ཐལ་བྱུང་ཞེས་བྱ་བར། །བཤད་ནས་སྒོམ་བྱ་མིན་པར་གསུངས། །ཐལ་རང་གིས་བཤད་སྟོང་པ་ཉིད། །ལུགས་འདིར་སྒོམ་བྱ་མིན་གྱུར་ཀྱང༌། །དགོས་པ་མེད་པ་མ་ཡིན་ཏེ། །ཚུལ་མིན་ཡིད་བྱེད་རྣམ་རྟོག་དང༌། །གཟུང་འཛིན་གཉིས་ཀྱི་རྟོག་པ་དང༌། །གྱ་ནོམ་ལྷར་ཞེན་ཞེས་བྱ་བའི། །རྟོག་པ་ཀུན་ཀྱང་དེ་ཡིས་ཁེགས། །དེ་ལྟར་བཤད་པའི་རྣམ་དཀར་པོས། །ངག་འདོན་ཚིག་རོའི་ལྷག་ཆད་ལ། །ལྟ་རྟོག་བྱེད་པའི་གསང་སྔགས་པས། །ངེས་པའི་གནས་ལ་རྡེང་ཐོབ་ཤོག །ཚོགས་གཉིས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདི་གྲུབ་པའོ།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དབུ་མའི་ལུགས་ཀྱི་སྟོང་པ་ཉིད། །སྔགས་ཀྱི་སྒོམ་བྱ་མ་ཡིན་པར། །བཤད་ལ་རྩོད་སྤོང་འདིར་བཤད་བྱ། །དེ་ལ་ཁ་ཅིག་འདི་སྙམ་དུ། །རིགས་པས་དཔྱད་པའི་སྟོང་པ་ཉིད། །གོམས་བྱེད་བློ་ཡིས་གསང་སྔགས་ལ། །གྲགས་པའི་སྒྲིབ་ཀུན་མི་སེལ་ན། །གཞུང་ལུགས་ཀུན་དང་འགལ་ཞེས་ཟེར། །དེ་ལན་གསལ་པོ་མཁའ་འགྲོ་མ། །རྡོ་རྗེ་གུར་ལས་འདི་སྐད་གསུངས། །ལྟ་བ་རྣམས་ལས་ཟློག་པ་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་ཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་འབྱུང་དེ་དོན་འདི་ཡིན་ཏེ། །རྟོག་ངོར་སྤྲོས་པ་ཀུན་ཆོད་ན། །སྤྲོས་པ་འཛིན་པའི་རྟོག་པ་ནི། །སྐྱེ་བའི་གོ་སྐབས་ཡོད་མ་ཡིན། །དེ་ཡི་ཚེ་ན་གསང་སྔགས་ཀྱི། །ཡེ་ཤེས་སྤྲོས་དང་བྲལ་བར་སྐྱེ། །ཡེ་ཤེས་དེ་ལ་རིགས་པ་ནི། །མེད་དུ་མི་རུང་མ་ཡིན་ཏེ། །རླུང་སེམས་དབུ་མར་འདུས་པ་ལས། །ཤེས་དེ་ངང་གིས་སྐྱེ་ཕྱིར་རོ། །འོན་ཀྱང་རྗེས་སུ་ཡེ་ཤེས་དེ། །གྲུབ་མཐས་བདག་ཏུ་སྒྲོ་འདོགས་པའི། །གཉེན་པོ་མན་ངག་གཞུང་བཞིན་དུ། །གོམས་པར་བྱས་པས་ཉེས་ཀུན་སེལ། །སླར་ཡང་གུར་ལས་འདི་སྐད་ཅེས། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ཀྱི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཞེས་གསུངས་དེ་དོན་འདིར་བསམས་པ། །བདེ་བའི་སྡོམ་པ་ཞེས་བྱ་བ། །རྟོག་པ་ཐམས་ཅད་སྡོམ་བྱེད་པའི། །ཡེ་ཤེས་བདེ་བ་ཆེན་པོ་ནི། །སྒྲིབ་ཀུན་འཇོམས་བྱེད་ཤེས་རབ་དང༌། །ཡོན་ཏན་ཇི་སྙེད་ལྷུན་གྲུབ་པའི། །ཐབས་དང་ཤེས་རབ་གཉིས་མེད་པ། །འདི་དེ་ཁོ་ན་རྡོ་རྗེ་འཆང༌། །དེ་མངོན་བྱེད་པའི་ཐབས་མཆོག་ནི། །དཀྱིལ་འཁོར་འཁོར་ལོ་ཞེས་བྱ་སྟེ། །དེ་གོམས་པ་ལས་མི་རིང་བར། །འབྲས་དུས་རྡོ་རྗེ་འཆང་ཆེན་འགྲུབ། །གཉིས་མེད་བདེ་བ་ཆེན་པོ་དེ། །གཞན་སྣང་མཚན་དཔེས་སྤྲས་པའི་སྐུར། །བཞེངས་པ་དེ་ལ་ཟུང་འཇུག་གི །ལོངས་སྤྱོད་རྫོགས་སྐུར་ཐ་སྙད་བྱས། །དེ་ཡིས་ཐུན་མོང་མ་ཡིན་པའི། །འགྲུབ་བྱེད་རྐྱེན་ནི་བསྐྱེད་རིམ་གྱི། །གསལ་སྣང་རབ་ཀྱི་མཐར་ཕྱིན་པའོ། །སྔགས་ཀྱི་ལྟ་བ་ལ་རྩོད་པ་སྤང་བའི་ཚིག་ལེའུར་བྱས་པ་ཉི་མའི་འོད་ཟེར་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །སྒོམ་པ་ལམ་གྱི་རིམ་པ་གཉིས། །ངེས་དོན་ཁོ་ནའི་དབང་བྱས་ཞེས། །བཤད་ལ་རྩོད་པ་འདིར་སྤང་བྱ། །དེ་ལ་ཁ་ཅིག་འདི་སྙམ་དུ། །བསྐྱེད་རིམ་རྟོག་པའི་སྒོམ་བྱ་ལ། །དོན་དམ་ཡིན་ཞེས་སུ་ཞིག་སྨྲ། །རྫོགས་རིམ་མ་དག་ལུས་ཉིད་ལ། །གནད་དུ་བསྣུན་ཕྱིར་དོན་དམ་གྱི། །གོ་སྐབས་ཡོད་མ་ཡིན་ཞེས་ཟེར། །དེ་ལན་གསལ་པོ་རིམ་གཉིས་ལ། །ཡེ་ཤེས་བསྐྱེད་པའི་ཐབས་དང་ནི། །དེ་ལས་སྐྱེས་པའི་ཡེ་ཤེས་སོ། །གཉིས་པ་དགོས་པའི་གཙོ་བོ་དང༌། །དོན་དམ་དངོས་ཞེས་བཤད་ཟིན་མོད། །དང་པོ་ཆོས་དང་དད་པ་ཡི། །རྗེས་འབྲང་བློ་ཡི་དབྱེ་བས་གཉིས། །ཆོས་རྗེས་འབྲང་ལ་འཆད་པ་ནི། །བསྒོམ་བྱ་དངོས་ཡིན་གཅིག་ཤོས་ལ། །འཆད་པ་ཐ་སྙད་དབང་དུ་མཛད། །དོན་ལ་གནས་པའི་བུམ་པ་དང༌། །རྟོག་པའི་ཡུལ་གྱི་བུམ་པ་བཞིན། །དེ་ཡི་ཤེས་བྱེད་རིམ་གཉིས་པོའི། །ཉེར་ལེན་རྒྱུ་ནི་སྟོང་ཉིད་ཀྱི། །ཡེ་ཤེས་ཉིད་ལས་གཞན་མེད་པར། །ཀུན་གྱི་ངག་ཏུ་འདོན་ལས་ཤེས། །དེ་ཡང་སྔོན་འགྲོ་ཡེ་ཤེས་ཀྱི། །ཚོགས་སོག་ཚེ་ན་སྟོང་ཉིད་ལ། །རིང་དུ་མཉམ་པར་བཞག་བྱས་ནས། །མཉམ་བཞག་དེ་ལས་མ་ལངས་པའི། །སྟོང་ཉིད་ངང་ལས་སྐྱེད་རིམ་གྱི། །ལྷ་རྣམས་རྫོགས་པར་གོམས་བྱས་ནས། །ལྷ་དེའི་ལུས་ཀྱི་རྟེན་ཉིད་ལ། །རང་རང་ལུགས་ཀྱི་རྫོགས་རིམ་ནི། །ཇི་སྙེད་ཡོད་པ་དེ་སྒོམ་བྱེད། །མེ་ཏོག་ལ་བརྟེན་དྲི་ལ་སོགས། །མེ་ཏོག་ཉིད་བརྟེན་དཔེ་ཡིས་གསུངས། །གཞན་ཡང་ལྟ་བས་མ་ཟིན་པའི། །རྫོགས་རིམ་སྒོམ་པ་ཡོད་མ་ཡིན། །དེ་ཡི་ཚེ་ན་རྫོགས་རིམ་པའི། །ལུས་ཀྱི་གཟུང་འཛིན་གཉིས་པོ་ནི། །སྟོང་པ་ཉིད་ཕྱིར་ཡོད་མིན་ལ། །དོན་དམ་ལུས་ནི་གཉིས་མེད་ཀྱི། །ཡེ་ཤེས་ཉིད་ཕྱིར་དམ་པའི་དོན། །དོན་དམ་ལུས་ལ་དཀྱིལ་ཀྲུང་སོགས། །ལུས་གནད་བཅའ་བ་མེད་སྙམ་ན། །ཀུན་རྫོབ་ལུས་དང་དོན་དམ་ལུས། །གྲུབ་སྡེ་གཅིག་ཏུ་ཡོད་པའི་ཕྱིར། །གཅིག་ལ་གནད་དུ་བསྣུན་བྱས་པས། །ཅིག་ཤོས་ལ་ཡང་དེ་བྱས་འགྱུར། །ལུས་ལ་རྟེན་འབྲེལ་བསྒྲིགས་པ་ཡིས། །སེམས་ལ་རྟོགས་པ་འཆར་རོ་ཞེས། །ནེ་ཙོའི་འདོན་པ་བྱེད་རྣམས་ཀྱིས། །དེ་དོན་ལུང་ལས་བསམ་པར་བྱ། །ཐ་སྙད་བདེ་བའི་དབང་བྱས་ཚེ། །དོན་སྤྱི་ལ་ནི་རང་མཚན་དུ། །ཞེན་ནས་འཇུག་ཅེས་འཆད་པ་ལྟར། །ལྷར་སྒོམ་བྱེད་པའི་རྟོག་པ་ཡིས། །ལྷར་ཞེན་པ་ལ་ལྷ་ཞེས་ཟེར། །ལྷ་དེ་གོམས་པ་མཐར་ཕྱིན་ཚེ། །ཡེ་ཤེས་ཉིད་ལ་ལྷར་གསལ་བ། །སྐྱེད་རིམ་བསྒོམས་པའི་གྲུབ་འབྲས་ནི། །དེ་ཡིན་དེ་ཡང་དོན་དམ་ལྷ། །འདི་ལ་སྔོན་བྱོན་མང་པོ་ཡིས། །རྫོགས་རིམ་ལྷ་ཞེས་གསུངས་པའང་ཡོད། །གང་ལྟར་བྱས་ཀྱང་རྟོག་ཡུལ་གྱི། །དོན་སྤྱི་དེ་ལ་མཁས་པ་དག །ལྷ་ཡིན་ཞེས་ནི་འཆད་མི་བྱེད། །དོན་སྤྱི་ཡེ་ཤེས་ལས་མི་སྒྲུབ། །རྫོགས་རིམ་དངོས་ནི་འོད་གསལ་ཞེས། །སྔོན་གྱི་གསང་འདུས་པ་རྣམས་འཆད། །དེར་ཡང་རྫོགས་པའི་རིམ་པ་ནི། །དོན་དམ་བདེན་པ་ཁོ་ནར་ངེས། །སྔགས་ཀྱི་ཚོགས་གཉིས་དོན་དམ་པའི། །བདེན་པ་ཁོ་ནར་བཤད་པ་ལ། །རྩོད་པ་སྤོང་བའི་ཚིག་ལེར་བྱས། །ཟླ་བའི་འོད་ཟེར་འདི་གྲུབ་བའོ།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །རྡོ་རྗེའི་ཐེག་པར་ཕར་ཕྱིན་དུ། །གྲགས་པ་མིན་པའི་ས་གསུམ་ཞེས། །མངོན་སྤྱོད་བླ་མའི་རྒྱུད་ལས་གསུངས། །དེ་དོན་འཆད་ལ་གསང་སྔགས་པར། །ཁས་ལེན་བྱེད་རྣམས་མགྲིན་གཅིག་ཏུ། །ཕར་ཕྱིན་ཐེག་པའི་ཆོས་ཀྱི་སྤྲིན། །རྫོགས་མཐར་གསུམ་པོ་སྦྱོང་ཞེས་ཟེར། །ལུས་རྟེན་གཅིག་ལ་རྡོ་རྗེའི་ས། །མངོན་དུ་བྱེད་པའི་སྐལ་བཟང་དེས། །ཕར་ཕྱིན་ཐེག་པའི་ས་བཅུ་པོ། །ཚེ་གཅིག་ཉིད་ལ་རྫོགས་ནུས་ན། །རབ་དགའ་ལ་སོགས་ས་བཅུ་ཡི། །རྣམ་གཞག་མ་ཤེས་པ་ཡིས་ནོངས། །འདི་ལྟར་རབ་དགའི་མཉམ་བཞག་ནས། །ལངས་ཏེ་དྲི་མེད་སར་འགྲོ་བའི། །བར་དེར་བསྐལ་པ་དུང་ཕྱུར་ལས། །ལྷག་པའི་བསོད་ནམས་ཚོགས་སོག་དགོས། །དེ་མ་བྱས་པར་དེར་ཞུགས་ན། །ཡང་དག་མཐའ་ནི་དུས་མིན་དུ། །མངོན་དུ་བྱས་པའི་ཉེས་པ་ཡིས། །ཆད་པའི་མྱང་འདས་གནས་སུ་ལྷུང༌། །དེ་ལྟར་དྲི་མ་མེད་པ་ནས། །འོད་འཕྲོར་འཇུག་ལའང་དེ་བཞིན་ཏེ། །ལེགས་པའི་བློ་ནས་ཆོས་སྤྲིན་ལ། །འཇུག་པའི་བར་ཡང་དེ་བཞིན་ནོ། །ཆོས་ཀྱི་སྤྲིན་མཐར་གྲགས་མེད་གསུམ། །མཐར་ཐུག་རྫོགས་སྨིན་སྦྱངས་པ་དེས། །ཡང་དག་པ་ཡི་མཐའ་མངོན་བྱེད། །གཞན་དུ་ཆད་པའི་གནས་སུ་འགྱུར། །སྔགས་ལ་གྲགས་པའི་གནས་སོགས་བཅུ། །རབ་དགའ་སོགས་དང་དོན་གཅིག་ཅེས། །ཟེར་བ་མ་རྟགས་ཉམས་དགའ་སྟེ། །ལུང་གི་སྒོ་དང་བསྟུན་པའི་ཚེ། །སྔགས་ཀྱི་གནས་སོགས་བཅུ་པོ་ལ། །རབ་དགའ་ལ་སོགས་བཅུ་མིང་བཏགས། །ཕ་རོལ་ཕྱིན་པའི་ས་བཅུ་ཡི། །མཚན་ཉིད་མ་ཚང་ཕྱིར་དངོས་མིན། །ལ་ལ་དཔེ་མེད་ཡེ་ཤེས་ཆེ། །ཆོས་ཀྱི་སྤྲིན་གྱི་ཁྱད་པར་རོ། །ཆོས་ཀྱི་སྤྲིན་དེ་ཅི་ལ་ཟེར། །ཕ་རོལ་ཕྱིན་པར་གྲགས་ཡིན་ན། །སྔ་མ་བཞིན་དུ་ཐལ་བར་འགྱུར། །སྔགས་ཀྱི་ཐུན་མོང་མ་ཡིན་པའི། །ཆོས་སྤྲིན་ས་ཞེས་བཤད་པ་མེད། །ཉེ་བའི་དུར་ཁྲོད་གསང་སྔགས་ཀྱི། །ཆོས་སྤྲིན་ས་དང་དོན་གཅིག་ན། །འཐུང་གཅོད་གཉིས་པ་དུར་ཁྲོད་ལས། །ལོགས་སུ་བཤད་པ་མ་ཡིན་ནམ། །འཐུང་གཅོད་ཉེ་བའི་དུར་ཁྲོད་ཀྱི། །ནང་དུ་འཇུག་པར་ཁས་ལོངས་ཤིག །འཐུང་གཅོད་གཉིས་ཀྱི་བཤད་ཚུལ་ལ། །མི་མཐུན་ཁ་ཅིག་ཡོད་གྱུར་ཀྱང༌། །གནས་སོགས་བཅུ་ལ་གསང་སྔགས་ཀྱི། །ས་བཅུར་འཆད་ལ་ཀུན་ཀྱང་མཐུན། །དཔེ་མེད་ཡེ་ཤེས་ཆེན་པོའི་ས། །སྔགས་ཀྱི་ས་བཅུ་རྫོགས་པའི་མཐའ། །ཁོ་ནར་མངོན་དུ་མཛད་དགོས་པའི། །བཤད་པ་ལུང་ལས་འབྱུང་མ་ཡིན། །ས་ཡི་ཁྱད་པར་འདི་གཉིས་ལ། །དཔལ་ལྡན་ཁ་སྦྱོར་རྒྱུད་ལས་ནི། །བསམ་གྱིས་མི་ཁྱབ་ས་ཞེས་པའི། །མིང་འདོགས་མཛད་ནས་བླ་མེད་ཀྱི། །ས་རྣམས་ཀུན་ལ་ཁྱབ་པར་བཤད། །དྲོད་ཐོབ་ནས་ནི་སྤྱོད་པ་ལ། །རྒྱུ་བའི་གནས་སྐབས་ཐམས་ཅད་དུ། །བསམ་གྱིས་མི་ཁྱབ་ས་མངོན་བྱེད། །ཉེ་བའི་རྒྱུ་ཡང་དེར་འདུས་སོ། །འདི་ནི་ཀུན་གྱི་ཁྱབ་བྱེད་ཕྱིར། །གནས་དང་རབ་དགའ་ལ་སོགས་པ། །སོ་སོའི་མིང་འདོགས་འདིར་མི་མཛད། །དེ་ཕྱིར་ཉེ་བའི་དུར་ཁྲོད་ཀྱི། །རྒྱུན་མཐར་རྡོ་རྗེ་སེམས་དཔའི་ས། །མངོན་དུ་བྱེད་པ་ལ་དགོངས་ནས། །འཐུང་གཅོད་བཅུ་གཅིག་སར་ཡང་བཤད། །ཕར་ཕྱིན་ཐེག་པ་བརྐྱང་པ་ཡི། །ས་བཅུ་ཐོབ་མ་ཐག་པ་དེས། །ལུས་རྟེན་དེ་ལ་ས་གཉིས་པོ། །མངོན་དུ་བྱས་པར་གྱུར་སྲིད་པ། །དེ་ཚེ་ས་བཅུ་རྒྱུན་གྱི་མཐར། །བཅུ་གཅིག་ཀུན་ཏུ་འོད་དང་ནི། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །དུས་གཅིག་ཉིད་དུ་འགྲུབ་པར་འགྱུར། །ཞེས་རྡོ་རྗེ་འཛིན་སའི་གོ་རིམ་ངེས་པའི་ཚིག་ལེའུར་བྱས་པ་རྒྱུ་སྐར་གྱི་ཕྲེང་མཛེས་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །རིམ་པ་གཉིས་པོ་སོ་སོ་བའི། །ལྷ་སྒྲུབ་ཚུལ་དང་གྲུབ་པ་ཡི། །ལྷ་ཡི་ངོ་བོ་རྣམ་དབྱེ་བྱ། །སྔགས་པས་ཐོག་མར་གཟུང་འཛིན་གཉིས། །སྟོང་པར་བྱས་ནས་རང་ཉིད་ཀྱི། །ཡེ་ཤེས་ཙམ་ལ་མཉམ་བཞག་པས། །ཡེ་ཤེས་ཚོགས་དེ་བསྒྲུབ་པར་བྱ། །ཡེ་ཤེས་དེ་ཉིད་ལས་གྲུབ་པའི། །མངོན་བྱང་ས་བོན་སོགས་ལས་ནི། །མཆོད་དང་སྡིག་སྒྲིབ་སོགས་སྦྱངས་པས། །བསོད་ནམས་ཚོགས་བསག་སྒྲུབ་བྱས་པ། །ཚུར་འདུས་པ་ལས་སྐྱེད་རིམ་གྱི། །ལྷར་ནི་རྫོགས་སངས་རྒྱ་བའི་ཚུལ། །བསྙེན་བསྒྲུབ་ཡན་ལག་བཞི་པོ་ནི། །ཚང་བར་གྱུར་པས་མཐར་ཐུག་གོ །སྐྱེད་རིམ་ལྷ་དེ་རྟོག་པའི་ངོར། །གསལ་བ་རབ་ཀྱི་མཐར་ཕྱིན་ཚེ། །རང་བྱིན་བརླབས་པའི་རིམ་པ་ཡི། །རིམ་པ་གཉིས་པའི་ལྷ་བསྒྲུབ་བྱ། །དེ་ཡི་སྒྲུབ་ཚུལ་དུས་དང་པོར། །གདོད་མའི་རང་བྱུང་ཡེ་ཤེས་དེ། །དཀྱིལ་འཁོར་འཁོར་ལོའི་ཐབས་སོགས་ཀྱིས། །བདེ་སྟོང་ཟུང་དུ་འཇུག་པར་བྱ། །བདེ་ཆེན་ཟུང་འཇུག་ཡེ་ཤེས་དེ། །མཉམ་པར་བཞག་དང་རྗེས་ཐོབ་ཀྱི། །དབྱེ་བས་སོ་སོ་རང་ཉིད་ཀྱི། །ལས་རྣམ་གཉིས་པོ་འགྲུབ་པར་བཤད། །མཉམ་བཞག་དུས་སུ་བདེ་ཆེན་གྱི། །སྒྲིབ་པ་སྤོང་བར་བྱེད་པ་དང༌། །རྗེས་སུ་སེམས་ཅན་དོན་སླད་དུ། །མཚན་དཔེ་འབར་བའི་སྐུར་སྟོན་པའོ། །དེ་ཚེ་མཉམ་བཞག་དོན་དམ་དང༌། །རྗེས་ཀྱི་མཛད་པ་ཀུན་རྫོབ་སྟེ། །འདིར་ནི་སྒྱུ་མའི་སྐུ་དེ་ལ། །སྒྱུ་མར་ཞེན་པ་ཡོད་པའི་ཕྱིར། །བདེན་གཉིས་ཟུང་དུ་མ་ཆུད་པས། །བདེན་གཉིས་སོ་སོའི་སྐབས་ཞེས་བྱ། །སྒྱུ་མའི་རྟོག་པ་གཞོམ་པའི་ཕྱིར། །འོད་གསལ་བ་ལ་འཇུག་པར་བྱེད། །དེར་ཞུགས་པ་ན་རང་དང་ནི། །གཞན་གྱི་ངོར་ཡང་སྒྱུ་མའི་སྐུ། །གསལ་བར་སྟོན་པ་མ་ཡིན་ནོ། །དུས་དེར་བདེན་གཉིས་གཅིག་ཏུ་འདྲེས། །ཟུང་དུ་ཆུད་པའི་དུས་དངོས་སོ། །འདི་ནི་འོད་གསལ་ཆོས་སྐུར་དང༌། །ངོ་བོ་ཉིད་ཀྱི་སྐུ་ཡང་སྟེ། །འོད་གསལ་དེ་ལས་བཞེངས་གྱུར་ནས། །སེམས་ཅན་ཀུན་གྱི་དོན་སླད་དུ། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེ་འབར་བའི་སྐུར་སྟོན་ནོ། །འདི་ནི་བདེན་གཉིས་གཅིག་ཏུ་འདྲེས། །དོན་དམ་མ་གཏོགས་ཀུན་རྫོབ་ནི། །རང་གི་སས་བསྡུས་མེད་གྱུར་ཀྱང༌། །གཞན་སྣང་ཀུན་རྫོབ་གཟུགས་སུ་འཆར། །ཞེས་རིམ་པ་གཉིས་ཀྱི་ལྷའི་གསལ་བྱེད་རིན་ཆེན་འབར་བའི་སྒྲོན་མ་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཕྱི་དུས་ཙོང་ཁ་པ་ཆེན་གྱིས། །གསང་སྔགས་ལམ་གྱི་ཟབ་ཁྱད་ནི། །མཚན་དཔེ་ལམ་བྱེད་ཡིན་ཞེས་ཟེར། །དེ་ཡི་རྒྱུ་མཚན་དྲིས་པ་ན། །ཕར་ཕྱིན་ཐེག་པར་མཚན་དཔེ་ཡི། །རིགས་འདྲ་སྔ་མའི་ལམ་བྱེད་མེད། །འདིར་ནི་དེ་ཡོད་པས་ཤེས་གསུང༌། །མཚན་དང་དཔེ་བྱད་ངེས་དོན་ནམ། །དྲང་དོན་དབང་དུ་བྱས་ཞེས་བརྟག །ངེས་པའི་དོན་གྱི་མཚན་དཔེ་ནི། །གཞན་སྣང་དེ་ལྟར་སྟོན་ནུས་པའི། །ཡེ་ཤེས་ཉིད་ལ་བཤད་པས་ན། །ཕར་ཕྱིན་པ་ལ་ཤིན་ཏུ་ཡོད། །གཉིས་པ་ལྟར་ན་དེར་སྣང་བ། །ས་བཅུ་པ་སོགས་གཞན་རྒྱུད་ཀྱིས། །བསྡུས་ཕྱིར་སངས་རྒྱས་རང་ཉིད་ཀྱི། །རིགས་འདྲའི་ཉེར་ལེན་ལས་བྱུང་མིན། །གསང་བ་འདུས་པའི་རིམ་ལྔ་ལས། །ཀུན་རྫོབ་སྒྱུ་མའི་སྐུ་དང་ནི། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་བར། །འོད་གསལ་བ་ཡིས་ཆོད་པར་བཤད། །རིགས་རྒྱུན་ཆད་པར་གྱུར་མིན་ནམ། །དེ་ལས་འཕྲོས་པའི་དོན་བཤད་པ། །གསང་འདུས་ལས་བཤད་སྒྱུ་མའི་སྐུ། །གང་ལས་བསྒྲུབ་པའི་ཉེར་ལེན་ནི། །སྒྲུབ་པ་པོ་ཡི་ལུས་ཁོངས་ན། །གཉུག་མའི་གཞི་ལུས་ཞེས་བྱ་བ། །དབེན་གསུམ་བསྟེན་པའི་ནུས་པ་ལས། །ཀུན་རྫོབ་སྒྱུ་མའི་ལྷ་སྐུར་བཞེངས། །དེ་ཡི་ཚེ་ན་སྒྲུབ་པོའི་ལུས། །སྦྲུལ་གྱི་ལྤགས་པ་རྗེས་པ་བཞིན། །སྒྱུ་མའི་སྐུ་དེའི་ཐུགས་རྒྱུད་ཀྱི། །བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། །བདེན་སྟོང་རྟོགས་པར་གྱུར་པ་ལ། །འོད་གསལ་རིམ་པར་བཤད་ཡིན་གྱི། །སྒྱུར་འཛིན་རྟོག་པ་འོད་གསལ་གྱི། །མེ་ཡིས་བསྲེག་ཅེས་ཟེར་བ་ནོར། །སྒྱུ་མར་ཞེན་པའི་རྟོག་པ་ནི། །ཡུལ་གྱི་གནས་ཚུལ་ལ་ཞུགས་ཕྱིར། །འོད་གསལ་མེ་ཡིས་བསྲེག་མི་དགོས། །དགོས་ན་སྒྱུ་མ་བདེན་གྲུབ་འགྱུར། །ཞེས་སོགས་མང་དུ་སྤྲོས་ཏེ་འཆད། །རླུང་སེམས་ཙམ་ལས་གྲུབ་པ་ཡི། །གཉུག་མ་གཞི་ལུས་རྫོགས་རིམ་གྱི། །ལྷ་སྐུ་སྒྲུབ་བྱེད་རྒྱུར་འཆད་པའི། །དོན་དང་ཐ་སྙད་རྙེད་པར་དཀའ། །ཨཱརྻ་དེ་བའི་གཞུང་ལུགས་ལས། །རང་བྱིན་བརླབས་པའི་རིམ་པ་ཡིས། །སྒྱུ་མའི་སྐུ་དེ་སྒྲུབ་ནུས་ཀྱི། །ཕ་རོལ་ཕྱིན་པས་མིན་པར་བཤད། །དེ་དོན་མན་ངག་གཞུང་ཀུན་ལས། །རླུང་སེམས་དབུ་མར་བསྡུ་བ་ཡི། །རིམ་པས་དེ་དེར་འདུས་པ་ན། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཞེས། །བཤད་པ་དེ་ཡི་སྒྲུབ་གཞི་ན། །དབུ་མར་ཞུགས་པའི་བདེ་བ་དང༌། །སྟོང་ཉིད་ཟུང་དུ་འཇུག་པ་ལ། །བཤད་པས་གནས་ཚུལ་དོན་དམ་དང༌། །སྣང་ཚུལ་ཅིར་ཡང་འཆར་ནུས་པ། །དེ་ཡི་ཆ་ནས་ཀུན་རྫོབ་ཅེས། །བཤད་ལ་འགལ་བ་ཡོད་མ་ཡིན། །གཉེན་པོའི་རྟོག་པ་མི་སྤོང་བ། །སྔོན་བྱོན་ཆོས་རྣམས་ཀུན་དང་འགལ། །སྐབས་འདིར་རེད་འདའ་པ་ཆེན་གྱིས། །མ་རྒྱུད་པ་རྣམས་མ་དག་ལུས། །འཇའ་ཚོན་ལུས་སུ་འགྱུར་ཞེས་པ། །སོལ་བ་དུང་དུ་འགྱུར་དང་མཚུངས། །ཟེར་བ་དེ་ལན་གཞན་དུ་བཤད། །འོད་གསལ་བ་ཡི་ངོས་འཛིན་ནི། །མེད་པར་དགག་པའི་སྟོང་ཉིད་ལ། །འཆད་ཅེས་པ་ཡང་ཁོང་དེའི་གསུང༌། །རིམ་པ་ལྔ་པ་ལ་སོགས་པའི། །འཕགས་སྐོར་སྔགས་གཞུང་ཀུན་དང་འགལ། །རིགས་པ་ཡང་ནི་སངས་རྒྱས་སར། །ཡེ་ཤེས་མེད་པ་ལ་བསམས་མོད། །ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ། །ཉེར་ལེན་གང་ལས་བྱུང་ཞེས་དྲི། །གཞན་སྣང་ཁོ་ནར་འཆད་ཅེ་ན། །འབྲས་བུའི་མཐར་ཐུག་ཟུང་འཇུག་སྐུ། །སངས་རྒྱས་ས་ན་མེད་ཅེས་པ། །འཕགས་སྐོར་གཞུང་དང་མི་མཐུན་པའི། །ལུགས་ངན་གསོང་པོར་སྨྲས་རྗེས་སུ། །གངས་ཅན་འདི་ན་འཕགས་སྐོར་གྱི། །འོད་གསལ་མ་ནོར་ངོས་འཛིན་པ། །ཁོ་བོ་ལས་གཞན་མེད་དོ་ཞེས། །གཏམ་དེ་ཨེ་མ་ཡ་མཚན་ཏོ། །ཞེས་སྒྱུ་མའི་སྐུ་སྒྲུབ་པའི་གཞི་ལ་ལོག་པར་རྟོག་པ་སེལ་བྱེད། གོང་མ་རྣམས་ཀྱི་རྗེས་འཇུག་སྨྲ་བའི་རྒྱན་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄། །སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །མན་ངག་ཆོས་དྲུག་རྣམ་གཉིས་ཀྱི། །སྒྱུ་ལུས་ངོས་འཛིན་ཕྱི་རབས་པས། །ལེགས་པར་བཤད་ཅེས་ཟེར་དེ་བརྟག །ཕྱིས་བྱོན་ཙོང་ཁ་པ་ཆེན་གྱིས། །གསང་བ་འདུས་པའི་སྒྱུ་ལུས་ལ། །རྣམ་པར་དཔྱད་པས་གཉུག་མའི་ལུས། །སྒྱུ་མའི་ལྷ་སྐུར་གྲུབ་དེ་བཞིན། །ཆོས་དྲུག་སོ་སོའི་སྒྱུ་ལུས་ཀྱང༌། །དེ་ལྟར་ངོས་འཛིན་དགོས་པ་ལ། །སྔོན་བྱོན་རྒན་པོའི་ཁྲིད་ཡིག་ཏུ། །ནོངས་པར་བཤད་པ་ཡིན་ཞེས་གསུང༌། །དེ་ཡི་ཤེས་བྱེད་དྲིས་པ་ན། །སྒྲུབ་པོའི་ལུས་དང་སྣང་གྲགས་ཆོས། །སྒྱུ་མར་ཤེས་ནས་གོམས་ལ་འཆད། །འདི་ནི་ཕར་ཕྱིན་ཐེག་པ་ཡི། །ལུགས་ཡིན་སྔགས་ཀྱི་ཁྱད་ཆོས་མིན། །དེས་ན་གཉུག་མ་གཞི་ཡི་ལུས། །ལྷ་སྐུར་ཤར་དེ་ཡིན་ཞེས་གསུང༌། །འདི་ལ་དཔྱད་པ་རྣམ་གཉིས་ཏེ། །ཕར་ཕྱིན་ཐེག་པའི་སྒྱུ་མ་ཡང༌། །རྟོག་བྱེད་མན་ངག་འདིས་ཁྱད་འཕགས། །རང་བྱིན་བརླབ་པའི་རིམ་པ་ཡིས། །སྒྱུ་མ་རང་ཤར་འབྱུང་ཕྱིར་རོ། །དཔེར་ན་སྟོང་ཉིད་ཐུན་མོང་བ། །རྟོགས་ཐབས་སྔགས་ལུགས་བཟང་དེ་བཞིན། །རྣམ་དཔྱོད་གཉིས་པ་འདི་ལྟ་སྟེ། །ལམ་གྱི་རྩ་བ་གཏུམ་མོ་ཡི། །སྦྱངས་པ་མཐར་ཕྱིན་གྱུར་པ་ན། །སྐྲ་དང་སོ་སེན་ལ་སོགས་པ། །སྙིགས་མ་བསྐྱེད་པའི་ཁམས་དག་ནི། །སོ་སོར་འབབ་པ་རྒྱུན་ཆད་ནས། །དབུ་མའི་གནས་སུ་ཐིམ་པ་ན། །འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པ། །དེ་ལ་སྒྱུ་མའི་ལུས་ཞེས་བྱ། །ལུས་དེ་སྒྱུ་མར་མ་རྟོགས་པ། །དེ་སྲིད་སྒྱུ་མའི་དཔེ་བརྒྱད་དང༌། །སྦྱར་ཞིང་བསྲེས་ནས་སྒྱུ་མར་བསྒོམ། །དེ་ལ་སྒྱུ་ལུས་བསྒོམ་པ་ཟེར། །སྒྱུ་ལུས་ལམ་གྱི་གཞུང་ཤིང་དུ། །འཆད་པའི་ཤེས་བྱེད་གསལ་པོ་ཡང༌། །འདི་ལྟར་ཡིན་ནོ་འཇའ་ལུས་དེ། །ལྷག་པའི་ལྷར་ཡང་བསྐྱེད་ནུས་ཤིང༌། །འོག་མིན་ལ་སོགས་དག་པའི་ཞིང༌། །གང་དུ་ཡང་ནི་བགྲོད་པར་ནུས། །དེ་ལྟ་ན་ཡང་ལུས་དེ་ལ། །བཏགས་པའི་བདག་ཏུ་འཁྲུལ་སྲིད་པས། །རྗེས་ལས་ཐོབ་པའི་ཤེས་རབ་ཀྱིས། །རྣམ་པར་དཔྱད་ནས་གོམས་པར་བཤད། །སྒྱུ་མའི་ལུས་ཀྱི་ཕུང་སོགས་ལ། །ཆོས་སུ་ཞེན་པ་ཟློག་པའི་ཕྱིར། །འོད་གསལ་རིམ་པར་ཞུགས་ནས་ནི། །སྒྱུ་མ་འོད་གསལ་ཉིད་དུ་བསྲེ། །ཆོས་དང་གང་ཟག་སོ་སོ་ཡི། །དབང་དུ་བྱས་པའི་གཟུང་འཛིན་གྱིས། །སྟོང་པའི་མྱོང་བ་གསལ་རིག་ལ། །འོད་གསལ་བ་ཞེས་ལུང་ལས་གསུངས། །འོད་གསལ་འདི་ཙམ་ཕར་ཕྱིན་དང༌། །ཐུན་མོང་གྱུར་པ་ཡིན་མོད་ཀྱང༌། །དེ་རྟོགས་བྱེད་པའི་ཐབས་ལ་ནི། །གསང་སྔགས་ཁྱད་པར་འཕགས་པའོ། །ཐབས་ཀྱང་མན་ངག་རིམ་པ་དང༌། །གསུམ་པའི་དབང་ལས་རྟོགས་པར་གསུངས། །འོད་གསལ་སེམས་ཀྱི་རྡོ་རྗེ་དང༌། །དོན་གཅིག་མེད་པར་དགག་པ་མིན། །མེད་དགག་རྟོགས་པའི་ཡེ་ཤེས་ལ། །འོད་གསལ་བ་ཞེས་འཆད་དེ་ཡང༌། །རིགས་པ་མིན་ནོ་མེད་དགག་གི །ཡུལ་ཅན་རྟོག་པར་ངེས་ཕྱིར་རོ། །གཏུམ་མོའི་སྟོབས་ཀྱིས་འཇའ་ལུས་ནི། །གྲུབ་པ་མུ་སྟེགས་ཅན་ལ་ཡང༌། །ཡོད་མོད་དེ་ཉིད་བདག་དང་ནི། །སྐྱེས་བུར་རྟོག་ཕྱིར་ལམ་མི་འགྱུར། །དེ་ཕྱིར་སྒྱུ་མའི་ལུས་དང་ནི། །འོད་གསལ་བ་ཡི་རིམ་པ་དེས། །འདི་བཤད་ཕྱོགས་སྔ་སྨྲ་བ་པོས། །གསང་འདུས་རིམ་ལྔའི་སྐབས་སུ་ཡང༌། །སྔོན་འགྲོ་དབེན་གསུམ་བསྟེན་པ་ལས། །འཇའ་ལུས་སྒྱུ་མའི་སྐུ་གྲུབ་ཅེས། །བཤད་ན་ལེགས་པ་ཡིན་མོད་ཀྱང༌། །ཀུན་རྫོབ་མ་དག་རྣམ་སྨིན་ལུས། །ཚད་མས་གྲུབ་ལ་ཞེན་ཆེས་པས། །སྦྲུལ་གྱི་ལྤགས་པ་བཤུས་པ་དང༌། །ལྷ་སྐུའི་ན་བཟའ་ཕུད་པ་ལྟར། །རྣམ་སྨིན་ཤུལ་དུ་བཞག་བྱས་ནས། །གཉུག་མའི་ནུས་རྟེན་འཐོན་པར་བཞེད། །གཉུག་མ་གཞི་ལུས་ཞེས་བྱ་བའི། །ལུང་ཁུང་གསལ་བ་མེད་མོད་ཀྱི། །རླུང་སེམས་དབུ་མར་ཐིམ་པ་ལས། །བྱུང་བའི་ལུས་ཤིག་ཡིན་ན་ནི། །ལུང་དང་མཐུན་ཕྱིར་བླང་དུ་རུང༌། །རང་གི་ལུགས་འདི་འཕགས་པ་ལྷས། །རང་བྱིན་བརླབས་པའི་རིམ་པ་ཡིས། །རྨི་ལམ་སྒྱུ་འདྲ་རྟོགས་དགོས་ཞེས། །གསུངས་པ་ཉིད་ལས་ལེགས་པར་གྲུབ། །ཅེས་སྒྱུ་མ་ལམ་རིམ་གྱི་གསལ་བྱེད་ནོར་བུའི་ཐེམ་སྐས་ཞེས་བྱ་བ་འདི་གྲུབ་པའོ།།  །།  ༄༅། །བདག་མེད་བསྟོད་འགྲེལ་གྱི་གོ་སླ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་ལུང་རྣམ་པར་ངེས་པ་པདྨ་དཀར་པོའི་འཕྲེང་བ་བཞུགས་སོ།།  ༄། །སྭསྟི། རྡོ་རྗེ་འཛིན་ལ་གུས་བཏུད་ནས། །བྱང་ཕྱོགས་སོ་བདུན་ས་ལམ་ལ། །སྦྱོར་ཚུལ་དང་ནི་བདག་མེད་མའི། །བསྟོད་པའི་གོ་སླ་འདིར་བརྗོད་བྱ། །འདི་ལ་གསུམ་སྟེ། སྦྱང་གཞིའི་གྲངས་དང་ངོ་བོ་གང་ཡིན་པ། སྦྱོང་བྱེད་ཀྱི་གྲངས་དང་ངོ་བོ་གང་ཡིན་པ། དེ་དག་ས་ལམ་དང་ཇི་ལྟར་སྦྱོར་བའི་རྣམ་གྲངས་སོ། །དང་པོ་ནི། སྦྱང་གཞི་དཀྱིལ་འཁོར་རྣམ་པ་བཞི་པོ་རེ་རེ་ཡང་སུམ་ཅུ་སོ་བདུན་དུ་རྣམ་པར་ཕྱེ་སྟེ། རྩ་སོ་བདུན། དེ་ལ་བརྟེན་པའི་ཡི་གེ་དང་ཁམས་དང༌། རླུང་རྣམས་ཀྱང་སོ་བདུན་དུ་འབྱེད་པས་སོ། །རྩ་སོ་བདུན་ནི། དགྱེས་པ་རྡོ་རྗེར་མི་ཕྱེད་མ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་འབབ་པ་སོ་གཉིས་དངོས་སུ་བསྟན་ཞིང༌། སྙིང་གར་གནས་པའི་རྩ་ལྔ་རྒྱུད་དེར་དངོས་སུ་མ་བསྟན་པས་སྦས་པའི་རྩ་ལྔ་ཞེས་པའི་ཐ་སྙད་རྗེ་བཙུན་གྱིས་མཛད་དོ། །བདེ་མཆོག་ཏུ་ནི་བདེ་ཆེན་ལྷ་ལྔའི་སྦྱང་གཞིར་གྱུར་པའི་རྩ་ལས་རྩ་ཡིག་སོ་བཞི་དང་ཧཱུྃ་གི་རྣམ་པར་གནས་པ་དང་ལྔ་པོ་དངོས་སུ་གསུངས་པས་སྦས་པའི་མིང་འདོགས་མི་མཛད་པར་མངོན་ནོ། །བདེ་མཆོག་ཏུ་བཤད་པའི་ཡུལ་ཉི་ཤུ་རྩ་བཞི་རྩ་ཡི་གེའི་ངོ་བོར་གནས་པ་ཉེར་བཞི་དང༌། ཧཱུྃ་རིང་པོའི་ངོ་བོར་གནས་པ་བརྒྱད་ཀྱི་ནང་ནས་མཚམས་ཀྱི་བཞི་སྟེ་ཉེར་བརྒྱད་པོ་དེ་དང༌། དགྱེས་རྡོར་དུ་གསུངས་པའི་རྩ་གཙོ་མོ་གསུམ་བདུད་དྲལ་མ་དང་བཞིའི་ལྷག་མ་ཉེར་བརྒྱད་པོ་དོན་གཅིག་མིང་གི་རྣམ་གྲངས་སུ་རྗེ་བཙུན་གྱི་བཞེད་པར་གསལ་ལ། ཕྱོགས་ཀྱི་ཧཱུྃ་རིང་པོ་བཞིའི་ངོ་བོར་གནས་པ་སྒོ་མ་བཞིའི་མིང་ཅན་དང༌། བདེ་ཆེན་གྱི་ལྷ་མོ་ལྔའི་སྦྱང་གཞིར་གྱུར་པའི་རྩ་ལྔ་དང་དགུ་ལས། ལྔ་པོ་ནི་དགྱེས་རྡོར་དུ་སྦས་པར་བཤད་ནས། ཕྱོགས་ཀྱི་བཞི་པོ་དང་ཀུན་འདར་མ་སོགས་ལྷག་མ་བཞི་པོ་སྦྱོར་བར་མངོན་ནོ། །རྩ་སོ་གཉིས་ཀྱི་ཚེ་བདུད་དྲལ་མ་གཅིག་ཏུ་བགྲངས་ཀྱང༌། རྒྱས་བཤད་དུ་བྱང་ཆུབ་ཀྱི་སེམས་འབབ་པ་དང་མི་འབབ་པའི་དབྱེ་བས་གཉིས་སུ་ཕྱེ་ནས། ལྷ་མོ་བཅོ་ལྔ་དང་སྦྱོར་བའི་ཚེ་འབབ་པ་དེ་གཙོ་མོའི་གནས་སུ་བཤད་ཅིང༌། མི་འབབ་པའི་ཆ་དེ་ལ་སྦྱོང་བྱེད་ཀྱི་ལྷ་མོ་མི་དགོས་པར་རྒྱུད་ཉིད་ལས་གསུངས་སོ། །གལ་ཏེ་ཕ་རྒྱུད་ལས་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ལ་བཤད་པ་དང་འདི་མ་མཐུན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ། རྩ་དེ་དང་དེ་དག་ཁམས་དང་བཅས་པ་སྦྱོང་བྱེད་ཀྱི་ཐབས་ཀྱི་མ་སྦྱངས་པའི་ཚེ་ན། སོ་དང་སེན་མོ་སོགས་ནས་སྐྲ་དང་ལྤགས་པའི་བར་འཛིན་ཞིང་བསྐྱེད་པར་བཤད་པས་གཟུགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་གོ་དོན་ཚང༌། རྩ་གནས་དེ་དག་ཏུ་རླུང་སེམས་གཡོས་པས། གཙོ་བོ་རྣམ་པར་ཤེས་པའི་ཚོགས་དང་སེམས་བྱུང་རྣམས་བསྐྱེད་ཅིང་འཛིན་པས་མིང་གཞིའི་ཕུང་པོ་དང་རྣམ་པར་ཤེས་པའི་ཁམས་སྐྱེ་མཆེད་ཀྱི་དོན་ཚང་ཞིང་གྲུབ་པ་ཡིན་ནོ། །སྦྱང་བཞིའི་འཆད་ཚུལ་མི་འདྲ་བ་ནི་དགོས་པའི་དབང་གིས་སྦྱོང་བྱེད་ལམ་གྱི་དབྱེ་བ་མང་ཉུང་དང༌། སྦྱངས་འབྲས་ལྷའི་ལྡོག་ཆ་སོ་སོ་བ་དང་བསྡུས་པའི་ཁྱད་པར་ལས་ཕྱེ་བ་ཡིན་ནོ། །དཔེར་ན་སྦྱང་གཞི་ཕུང་པོ་ལྔའི་སྦྱོང་བྱེད་དང་སྦྱངས་འབྲས་རྒྱལ་བ་རིགས་ལྔར་བསྡུས་པ་དང༌། །སོ་སོར་སོ་བདུན་རེ་རེར་ཕྱེ་བ་བཞིན་ནོ། །དགོས་པ་ཡང་དཔེར་ན། གཟུགས་ཕུང་གི་ངོ་བོ་རྣམ་པར་སྣང་མཛད་དུ་ཤེས་ནས་དེའི་དྲི་མ་སྦྱོང་བ་ནི་སྦྱོང་ཐབས་རགས་པ་ཡིན་ལ། གཟུགས་ཀྱི་ཕུང་པོ་ལ་མིག་སོགས་དབང་པོ་ལྔ་དང༌། གཟུགས་སོགས་དོན་ལྔར་ཕྱེ་ནས་དེའི་དྲི་མ་སྦྱོང་བའི་ཚེ་མིག་གི་ངོ་བོ་གཏི་མུག་རྡོ་རྗེ་དང༌། གཟུགས་ཀྱི་ངོ་བོ་རྡོ་རྗེ་མར་ཤེས་ནས་གོམས་པ་ནི་སྦྱོང་ཐབས་ཕྲ་བ་དང་ཟབ་པ་ཡིན་པར་འཆད་དགོས་པ་དེ་བཞིན་དུ། སྦྱང་གཞི་སོ་བདུན་དུ་ཕྱེ་བ་ཡང་དེ་དང་འདྲ་བའོ། །མདོར་ན་སྦྱང་གཞི་དཀྱིལ་འཁོར་བཞི་པོ་དག་ཏུ་མ་འདུས་པའི་ཕུང་སོགས་ཀྱི་སྦྱང་གཞི་བཤད་རྒྱུ་མེད་ལ། ཕུང་སོགས་སུ་མ་འདུས་པ་ནི་འདིར་བཤད་པའི་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་དེ་ཉིད་ལ་འཆད་དགོས་པ་ཡིན་ཏེ། ལུང་གཞན་དུ་མ་དག་ལས་ཀྱང་སྦྱང་གཞི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་དང་བཞིར་ཕྱེ་ནས། སྦྱང་བྱའི་རིམ་པ་ལ་ཡང་སྒོ་གསུམ་གྱི་དྲི་མ་གསུམ་དང་དེ་ཐམས་ཅད་ཀྱི་བག་ཆགས་ཏེ་བཞིར་བཤད་པ་དང་ཡང་མཐུན་ནོ། །གཞན་དུ་ན་རྣལ་འབྱོར་དབང་ཕྱུག་གི་སྙིང་པོ་ཡེ་ཤེས་རླུང་ཞེས་གསུངས་པའི་དགོངས་པ་གང་ཡིན་བཙལ་དགོས་སོ། །དེ་ལྟར་སྦྱང་གཞིའི་གྲངས་བཤད་ནས། ངོ་བོ་ནི། གནས་སྐབས་སུ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་གསུམ་མམ་ལུས་ངག་ཡིད་གསུམ་དང༌། དེ་དག་གི་ཆོས་དབྱིངས་ཏེ། བཞིར་ཕྱེ་ནས་སྦྱོང་བྱེད་ཀྱི་ཐབས་ཀྱང་དབང་བཞི་དང་ལམ་བཞི་དང་སྦྱང་བྱའི་དྲི་མ་བཞི་དང༌། སྦྱང་འབྲས་སྐུ་བཞིར་ཕྱེ་བ་ནི་ཉམས་ལེན་འཇུག་པ་བདེ་བའི་དབང་དུ་བྱས་པ་ཡིན་ལ། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་བཞག་ལ་ནི། སྦྱང་གཞིའི་དབྱེ་བ་ཇི་སྙེད་པ་ཡང་དྲི་མ་དང་བཅས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་དུ་འདུས་པ་ཡིན་ཏེ། མདོ་སྡེ་དག་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་འབྱུང་བ་ལྟར། ཐེག་པ་མཆོག་གི་སྐབས་འདིར་ཡང༌། གནས་གྱུར་གྱི་རྣམ་བཞག་ངེས་པར་ཁས་ལེན་དགོས་པ་དང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་ནི་ལུགས་འདིའི་བརྡ་ཆད་ཀྱི་རྩ་བ་ཡིན་པ་དང་རིགས་པ་ཡང༌། ཤེས་བྱ་ཇི་སྙེད་པ་བདེན་པ་གཉིས་དང་རང་སྤྱི་གཉིས་སུ་འདུས་ལ། མཐར་ནི་དོན་དམ་ལས་མ་གཏོགས་པའི་ཀུན་རྫོབ་ཡོད་པར་ཁས་ལེན་དུ་མི་རུང་བ་དང༌། གཞལ་བྱ་སྤྱི་མཚན་དག་ནི་སྦྱང་གཞིར་གང་ནས་ཀྱང་མ་བཤད་ལ། ཕྱི་རོལ་གྱི་དོན་རང་མཚན་ནི་ཐེག་པ་ཆེན་པོ་པ་སྣང་བ་སེམས་སུ་ཁས་ལེན་པ་དག་གི་སྐབས་ནས་ཀྱང་མེད་ན། ཐེག་པ་མཆོག་གི་སྐབས་སུ་ལྟ་ཅི་སྨོས། ལ་ལ་དག་སྣང་བ་སེམས་སུ་ཁས་བླངས་ནས་ཕྱི་རོལ་གྱི་དོན་ཡོད་པར་འདོད་པ་ནི་རང་གི་མ་མོ་གཤམ་དུ་སྨྲ་བ་དང་མཚུངས་སོ། །ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་ལེན་པས་མི་འགལ་ལོ་ཞེ་ན། དེར་ཡོད་པས་ཡོད་པའི་གོ་མི་ཆོད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་དོ། །གལ་ཏེ་ཕྱི་རོལ་གྱི་དོན་དང་ཡེ་ཤེས་ལ་ཡོད་མེད་ཀྱི་དབྱེ་བ་འབྱེད་པ་ནི་སེམས་ཙམ་པའི་ལུགས་ཡིན་གྱི། དབུ་མ་པ་ལ་མེད་དོ་ཅེ་ན། ངོ་བོ་ཉིད་མེད་པ་ལས་དེ་ལྟར་འཆད་མོད། ཐེག་པ་འདིར་ནི་ཡེ་ཤེས་ཀྱི་ཚོགས་གོམས་པར་བྱེད་པའི་ཚེ། གཟུང་འཛིན་གྱི་སྤྲོས་པ་བཀག་ནས་སྤྲོས་མེད་ཀྱི་ཡེ་ཤེས་ལ་མཉམ་པར་འཇོག་པའི་ཚུལ་ཁོ་ན་ཉིད་བཤད་པ་ཡིན་གྱི། དེ་འགོག་པའི་སྐབས་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་རིགས་ངོར་འགོག་གོ་ཅེ་ན། ཡེ་ཤེས་དེ་ལ་གང་དུ་གྲུབ་དཔྱོད་པའི་རིགས་པ་ནི་རྟོག་པ་ཁོ་ན་ཡིན་ལ། དེའི་ངོར་ཁེགས་པས་ཁེགས་པའི་གོ་ཆོད་པ་མ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་ནི་སྒྲ་རྟོག་གི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེའི་ཕྱིར། རྣལ་འབྱོར་དབང་ཕྱུག་གིས་ཀུན་གཞི་རྒྱུ་རྒྱུད་སྦྱང་གཞི་དང༌། དེ་ལ་འཁོར་འདས་གཉིས་ཀ་ཚང་བར་བཤད་པའི་གོ་དོན་ནི། །དྲི་མ་དང་བཅས་པའི་ཆོས་དབྱིངས་ཡེ་ཤེས་ཉིད་སྦྱང་གཞི་དང༌། རྒྱུའི་རྒྱུད་དུ་འཆད་པ་ཡིན་གྱི། རྣམ་ཤེས་ལ་རྒྱུའི་རྒྱུད་དུ་འཆད་པའི་དཔྱོད་ལྡན་ག་ལ་སྲིད། ཡེ་ཤེས་དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་བག་ཆགས་ཚང་བས་ཡེ་ཤེས་དེ་འཁོར་འདས་དབྱེར་མེད་ཀྱི་མཚན་གཞིར་རྒྱུད་ལས་གསུངས་པ་ཡིན་ལ། དེའི་ཚེ་འཁོར་བའི་བག་ཆགས་ནི་གློ་བུར་གྱི་དྲི་མ་དང༌། མྱང་འདས་ཀྱི་ནི་དབྱེར་མེད་དུ་ཚང་བ་ཡིན་ཏེ། ཡེ་ཤེས་དེ་ལ་རང་བཞིན་གྱི་མྱང་འདས་ཞེས་གསུང་རབ་ལས་འཆད་པའི་ཕྱིར། དེ་ལྟ་བས་ན་རང་བཞིན་རྣམ་དག་གི་ཡེ་ཤེས་དེ་ཉིད་ལམ་རིམ་པ་གཉིས་ཀྱི་ངོ་བོར་བསྐྱེད་ནས་སྒོམ་པར་བྱས་པ་ན་འཁོར་བའི་བག་ཆགས་དག་ཅིང༌། མྱང་འདས་ཀྱི་ཡོན་ཏན་ཇི་སྙེད་པ་ཡེ་ཤེས་དེ་དང་དབྱེར་མེད་དུ་གྱུར་པ་དེ་ལ་ནི། སྦྱང་གཞི་སྦྱངས་པ་དང་གནས་གྱུར་པ་ཞེས་བྱ་བའི་མིང་གིས་འདོགས་སོ། །སྦྱང་གཞི་དང་སྦྱང་བྱ་ཁྱད་མེད་དུ་འདོད་པ་དག་གིས་ནི། སྦྱང་གཞི་སྦྱོང་བ་དང་སྤང་བྱ་སྤོང་བའི་ཁྱད་པར་མ་ཕྱེད་ཅིང༌། རང་ཕྱོགས་ཀྱི་ལུང་དུ་མ་དང་འགལ་བས་ནོངས་སོ། །ཡེ་ཤེས་དེ་འཁོར་བར་མི་འཆད་ན་དབྱེར་མེད་ཀྱི་དོན་དུ་འགལ་ལོ་ཞེ་ན། འཁོར་བར་སྣང་བའི་རྣམ་རིག་འདི་ལས་མ་གཏོགས་པའི་འཁོར་བ་ཁས་བླངས་ན་དེ་ལྟར་སོང་ཡང༌། འཁོར་བ་སོགས་མ་དག་པའི་སྣང་བ་ཇི་སྙེད་པ་ནི་འཁྲུལ་སྣང་དུ་ཁས་ལེན་པའི་ཕྱིར་ཡོད་པ་ཉིད་དུ་མ་བཤད་དོ། །འཁོར་བ་ཡོད་པར་མ་བཤད་པ་ན་འཁོར་འདས་དབྱེར་མེད་དུ་འགྲུབ་པ་ཡིན་ཏེ། དབྱེར་མེད་དང་ཟུང་འཇུག་གི་དོན་ནི་གཉིས་མེད་ལ་འཆད་པའི་ཕྱིར། འོ་ན་ཡེ་ཤེས་དེ་འཁོར་བར་སྣང་བའི་རྣམ་རིག་དུ་ཁས་ལེན་ནམ་ཞེ་ན། རྣམ་རིག་དེ་ལ་ལྡོག་པས་ཕྱེ་ན་གཉིས་ཏེ། གློ་བུར་དྲི་མའི་ཆ་དང་ངོ་བོ་ཡེ་ཤེས་ཀྱི་ཆ་གཉིས་ལས། དང་པོར་མི་འདོད་ཀྱང༌། ཕྱི་མ་དེར་ཁས་ལེན་པ་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་ཆོས་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་གཞག་རྒྱས་པར་མ་ཤེས་ཀྱང༌། དད་པ་ཅན་ལམ་ལ་འཇུག་པའི་ཚེ། གཟུགས་སོགས་དང་ཆགས་སོགས་ཐ་མལ་པའི་བློས་ཇི་ལྟར་ཞེན་པ་དེ་ཉིད་དུ་འཛིན་པའི་གཉེན་པོར་དེ་དག་ཉིད་རྣམ་སྣང་སོགས་ཀྱི་ངོ་བོར་གསལ་བཏབ་ནས་གོམས་པར་བྱེད་པ་ཉིད་ཐབས་ལ་མཁས་པ་ཡིན་ཏེ། དེས་ཐ་མལ་གྱི་རྣམ་རྟོག་ཁེགས་ཤིང༌། ལྷག་པའི་ལྷའི་ངོ་བོ་ནི་ཡེ་ཤེས་ལས་མ་འདས་པའི་ཕྱིར། །དེ་ལྟར་གོམས་པས་གོམས་བྱའི་དོན་ལ་གསལ་སྣང་སྐྱེས་པ་དེའི་ཚེ་ནི། ཐ་མལ་གྱི་གཟུགས་སོགས་དང་ཆགས་སོགས་ཀྱི་སྣང་བ་ལྡོག་པ་ཡིན་ཏེ། ནང་དུ་དེར་འཛིན་གྱི་བློ་ལོག་པ་ན་ཕྱི་རོལ་དུ་དེར་སྣང་གི་གཟུང་བ་མི་འཆར་བ་ནི་ཐེག་པ་མཆོག་གི་ཐབས་མཁས་ཀྱི་ཁྱད་པར་ཡིན་པས་སོ། །དཔེར་ན་དབྱིབས་དང་ཁ་དོག་སོགས་སུ་སྣང་བ་འདི་གཟུགས་རྡོ་རྗེ་མ་ཉིད་དུ་གོམས་པས་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ། སྔོ་སེར་ལྟ་བུའི་ཁ་དོག་དང་གྲུ་བཞི་སོགས་དབྱིབས་ཀྱི་རྣམ་པ་དེ་ལྡོག་ཅིང་མི་འཆར་བ་ཡིན་ཏེ། སྒྲུབ་བྱེད་སྔ་མ་དེ་ཉིད་ཀྱི་ཕྱིར་དང༌། རྡོ་རྗེ་མ་དང་དབྱིབས་སོགས་ཀྱི་རྣམ་པ་འཆར་ལུགས་མི་མཐུན་པའི་ཕྱིར། གཉིས་པ་སྦྱོང་བྱེད་ཀྱི་གྲངས་དང་ངོ་བོ་ངོས་གཟུང་བ་ནི། གསུམ་སྟེ། གྲངས་གང་ཡིན་པ་དང༌། ངོ་བོ་གང་ཡིན་པ་དང༌། དེས་དེ་ཇི་ལྟར་སྦྱོང་བའི་ཚུལ་ལོ། །དང་པོ་ནི། སྦྱོང་བྱེད་ལམ་གྱི་དབྱེ་བ་ནི་བསྡུ་ན་རིམ་པ་གཉིས་སུ་འདུ་ལ། རྒྱས་པར་ཕྱེ་ན་སྦྱང་གཞིའི་གྲངས་དང་མཐུན་པར་རིམ་པ་གཉིས་པོ་སོ་སོ་ལ་སོ་བདུན་རེ་རེར་འབྱེད་དགོས་པ་ཡིན་ཏེ། སྐྱེད་རིམ་གྱི་དབང་དུ་བྱས་པའི་རྟེན་བརྟེན་པ་གཉིས་ཀ་ལ་ཡང་སོ་བདུན་རེར་དབྱེ་དགོས་པ་དང༌། རིམ་པ་གཉིས་པའི་རྟེན་ལུས་དང་བརྟེན་པ་ལྷ་དང་བདེ་སྟོང་གི་ཡེ་ཤེས་གསུམ་ཀ་ལ་སོ་བདུན་རེ་རེར་འབྱེད་དགོས་པས་སོ། །དང་པོ་ལ་ཡང་ཕྱི་བསྐྱེད་རིམ་དང༌། ནང་གི་བསྐྱེད་རིམ་གཉིས་ལས། དང་པོ་ནི་རྟེན་གྱི་དབང་དུ་བྱས་ནས་ཐམས་ཅད་གསང་བ་ལས། གཞལ་མེད་ཁང་ཞེས་གང་བཤད་པ། །སེམས་ནི་གཞལ་མེད་ཁང་བརྩེགས་ཉིད། །ཅེས་སོགས་སུ་རྣམ་པ་གཞལ་ཡས་ཁང་དུ་སྣང་བ་དེ་གནས་ཚུལ་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་གནས་པར་བཤད་པ་དང༌། འཁོར་ལོ་སྡོམ་པའི་ཕྱིའི་དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ཀྱང་གནས་ཚུལ་བྱང་ཕྱོགས་སོ་བདུན་གྱི་ངོ་བོར་བཤད་པ་དང༌། ནང་སྐྱེད་རིམ་ལའང་སྤྱི་བོ་ལ་སོགས་པའི་གནས་སུ་པུ་ཛ་ལ་སོགས་པའི་ཡི་གེའི་རྣམ་པ་ཅན་གྱི་རྩ་རྣམས་ལྷ་མོ་སོ་བདུན་དང༌། དེའི་གནས་སུ་གྱུར་པའི་ལུས་ཀྱི་ཆ་ཤས་སོ་བདུན་ཡང་བྱང་ཆུབ་ཕྱོགས་མཐུན་གྱི་ངོ་བོ་ཉིད་དུ་གནས་པར་བཤད་པ་དང༌། ལུས་ཀྱི་ཆ་ཤས་གཞལ་ཡས་ཁང་གི་ཡན་ལག་ཏུ་བཤད་པ་རྣམས་ཀྱང་བྱང་ཆུབ་ཕྱོགས་མཐུན་གྱི་ངོ་བོ་ཉིད་དུ་གནས་པར་འཆད་དགོས་པ་ཐམས་ཅད་གསང་བའི་ལུང་གིས་གསལ་བར་གྲུབ་པ་དང༌། རྫོགས་རིམ་གྱི་དབང་དུ་བྱས་པ་ལ་ཡང༌། ནང་སྐྱེད་རིམ་གྱི་དབང་དུ་བྱས་པའི་རྟེན་དང་བརྟེན་པ་གསལ་ཐེབས་པའི་སྟེང་དུ། རྟེན་དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པས་གང་ལ་གནད་དུ་བསྣུན་པ་སོ་བདུན་པ་ཚན་པ་བཞིའི་དབྱེ་བས། གང་གིས་གནད་དུ་བསྣུན་བྱེད་ཀྱི་ལམ་ཡང་སོ་བདུན་དུ་འགྱུར་བ་དང༌། དེ་ལས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་ཀྱང་སོ་བདུན་དུ་འབྱེད་དགོས་པ་ཡིན་ཏེ། དཔེར་ན་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུ་མར་ཚུད་པ་ན་དེ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་ཡང་དེ་སྙེད་དུ་ཕྱེ་བ་བཞིན་ནོ། །རྫོགས་རིམ་གྱི་ཡེ་ཤེས་བྱང་ཕྱོགས་དང་སྦྱར་བ་མེད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། ལམ་འབྲས་སུ་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་བྱང་ཆུབ་ཕྱོགས་མཐུན་གྱིས་ལམ་བགྲོད་ཚུལ་བཤད་པ་དེ་རྫོགས་རིམ་གྱི་དབང་དུ་མཛད་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །ལུས་དཀྱིལ་གྱི་ལྷ་གསལ་འདེབས་པ་དང་གོམས་པ་མཐར་ཕྱིན་པ་ནི་སྐྱེད་རིམ་གྱི་ཟབ་ཤོས་དང༌། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་ཐབས་མཁས་སུ་ལན་གཅིག་མ་ཡིན་པར་གསུང་བས་ན། རིམ་པ་གཉིས་ཀྱི་རྣམ་བཞག་འགལ་བར་མི་བསམ་མོ། །གཉིས་པ་ངོ་བོ་གང་ཡིན་པ་ནི། རིམ་པ་གཉིས་ཀའི་ངོ་བོ་དངོས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གནས་པ་ཡིན་ཏེ། སྤྱིར་ཡང་གོམས་བྱའི་ཡོན་ཏན་རྣམ་བྱང་གི་ཕྱོགས་སུ་གྱུར་པ་རྣམས་ནི་གོམས་པ་པོའི་སེམས་རྒྱུད་དང་དབྱེར་མེད་དུ་འགྲོ་བར་བཤད་པའི་ཕྱིར་དང༌། སྐྱེད་རིམ་མཚན་ཉིད་པ་ནི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། རྣལ་འབྱོར་པའི་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་བ་དེ་ཉིད་ལ་འཆད་དགོས་པ་དང༌། རྫོགས་པའི་རིམ་པ་དངོས་ནི་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཉིད་ལ་འཆད་དགོས་པའི་ཕྱིར། རིམ་པ་གཉིས་ཀ་ལ་ཡང་ལམ་སྒྲུབ་བྱེད་ཀྱི་ཐབས་དང༌། དེ་ལ་གྲུབ་པའི་ཡེ་ཤེས་གཉིས་གཉིས་སུ་ཕྱེ་ནས་དང་པོ་བསྐྱེད་རིམ་གྱི་དབང་དུ་བྱས་པ་ལ་ཚོགས་གཉིས་སོག་པ་སྔོན་ཏུ་བཏང་ནས། དབང་པོའི་རིམ་པ་དང་འཚམ་པའི་སྐྱེད་ཆོག་མི་འདྲ་བས་བསྐྱེད་པ་ནི་སྒྲུབ་བྱེད་ཀྱི་ཐབས་ཡིན་ལ། དེ་ཉིད་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པ་ལས་གོམས་པ་པོའི་བློ་ལ་གསལ་ཐེབས་པ་ནི་སྐྱེད་རིམ་ཡིན་ལ། དེ་ལ་རྗེས་མཐུན་པ་རྟོག་པ་ལ་སྣང་བའི་རྣམ་རིག་དང༌། མཚན་ཉིད་པ་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་བའི་ཡེ་ཤེས་གཉིས་སོ། །འདིར་གཞན་དག་སྐྱེད་རིམ་རྟོག་པའི་སྒོམ་གྱི་མཆོག་གི་དངོས་གྲུབ་མི་འགྲུབ་བོ་ཞེས་ཟེར་མོད། ཐོག་མར་རྟོག་པའི་སྒོམ་གྱིས་ཐ་མལ་གྱི་འདུ་ཤེས་ལྡོག་པས་འཇུག་པ་སེལ་བའི་ལམ་དུ་འགྱུར་ཞིང༌། འདིར་ལྡོག་རྒྱུའི་འདུ་ཤེས་དེ་ཡང་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་འདུ་ཤེས་ཕྱོགས་རེ་བ་ཞིག་གོ །དེ་ནས་གྱ་ནོམ་ལྷར་ཞེན་གྱིས་རྟོག་པའི་གཉེན་པོར་ཁྱབ་པའི་སྟོང་པ་ཉིད་ལ་གོམས་པར་བྱས་པས་རྟོག་པ་སྔ་མ་དེ་འགགས་ཙམ་ན་ཆགས་པ་གཅོད་པའི་ལམ་དུ་འགྱུར་ཞིང༌། དེ་ནས་རྟོག་པ་དང་བྲལ་བའི་ལྷར་སྣང་དེ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པས་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཡེ་ཤེས་དེ་འགྲུབ་པ་ཡིན་ནོ། །དེའི་ཚེ་ཐུན་མོང་གི་དངོས་གྲུབ་ལ་ནི་འཇུག་པ་སེལ་བའི་རིམ་པ་དེ་ཉིད་ཀྱིས་ཆོག་ལ། གསལ་བ་རབ་ཀྱི་མཐར་ཕྱིན་པ་ནི་བྱང་ཆུབ་ཆེན་པོའི་ལམ་དངོས་ཡིན་པས་སྤྱིར་མཆོག་དང༌། ཁྱད་པར་གཟུགས་སྐུ་གཉིས་ཀྱི་ལག་རྗེས་གཙོ་བོར་འཇོག་བྱེད་དོ། །རྫོགས་པའི་རིམ་པ་དོན་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྣམ་སྨིན་གྱི་ལུས་འདི་ཉིད་ཀྱི་རྟེན་ལ་ལོངས་སྐུ་མངོན་དུ་བྱེད་པ་ལ་ནི་དབང་གོང་མ་གསུམ་དང་འབྲེལ་བའི་ལམ་མེད་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་རྫོགས་རིམ་གྱི་དབང་དུ་བྱས་པའི་ཡེ་ཤེས་འགྲུབ་བྱེད་ནི། སྨིན་བྱེད་དབང་གོང་མ་གསུམ་དང༌། གྲོལ་བྱེད་ཀྱི་ལམ་དང་བྱིན་གྱིས་བརླབས་པའི་རིམ་པའོ། །དེས་གྲུབ་པའི་རྫོགས་རིམ་གྱི་ཡེ་ཤེས་ལ་རྗེས་མཐུན་པ་མཚོན་བྱེད་ཀྱི་དཔེ་དང༌། མཚན་ཉིད་པ་མཚོན་བྱ་དོན་གྱི་ཡེ་ཤེས་སོ། །བུམ་དབང་ལས་བྱུང་བའི་ཡེ་ཤེས་གཉིས་དང་འདི་དག་གི་ཁྱད་པར་ཅི་ཞེ་ན། མཚོན་བྱ་དོན་ལ་ནི་ཁྱད་པར་དབྱེ་དཀའ་ལ། མཚོན་བྱེད་དཔེ་ལ་ནི་རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུ་ལ་ཁྱད་པར་ཡོད་པའི་རིགས་པས་གྲུབ་བོ། །དེ་བཞིན་དུ་དབང་ཙམ་ལས་སྐྱེས་པ་དང༌། དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པ་ལས་བྱུང་བའི་དཔེའི་ཡེ་ཤེས་དག་གི་ཁྱད་པར་ཡང༌། ངོ་བོ་གསལ་མི་གསལ་དང་རྒྱུན་བརྟན་མི་བརྟན་གྱི་ཁྱད་པར་གྲུབ་པ་ཡང་རྒྱུའི་ཁྱད་པར་གྱིས་སོ་སོར་ངེས་སོ། །མཚོན་བྱ་དོན་གྱི་ཡེ་ཤེས་དངོས་ནི། ས་ཐོབ་པའི་དུས་དེ་ནས་འཛིན་དགོས་པ་ཡིན་ཏེ། ཇི་སྲིད་ས་མ་ཐོབ་པ་དེ་སྲིད་དུ་གྲུབ་མཐའ་མི་སྙོགས་པའི་ཕྱིར་རོ། །དེ་ནས་བུམ་དབང་གི་ལྟ་བ་རྟོགས་པ་ཙམ་ལ་རྫོགས་རིམ་གྱི་ཡེ་ཤེས་སྔོན་དུ་འགྲོ་མི་དགོས་ཀྱང༌། ཚེ་དེ་ཉིད་ལ་གྲུབ་མཐའ་སྙོགས་པ་རྫོགས་རིམ་གྱི་ཐབས་ལ་རག་ལས་པ་ཡིན་ཏེ། དེ་ལ་མ་རྟེན་པར་ས་མི་འཐོབ་པའི་ཕྱིར་རོ། །འོ་ན་བུམ་དབང་ས་དྲུག་ཏུ་བཤད་པ་དེ་ཅི་ཞེ་ན། སྔོན་བླ་མས་རྒྱུ་དུས་སུ་བསྟན་པའི་ལྟ་བ་དེ་མངོན་དུ་གྱུར་པ་དང༌། གྲུབ་པའི་ས་ནི་དྲུག་པོ་དེ་དང་འབྲེལ་བར་དགོངས་པའོ། །གལ་ཏེ་ཕར་ཕྱིན་ཐེག་པའི་ཐོས་བསམ་སྒོམ་གསུམ་གྱི་རིམ་པས་རྟོགས་པའི་དཔེ་དོན་གྱི་ཡེ་ཤེས་གཉིས་དང༌། དབང་དང་རིམ་གཉིས་ཀྱི་ཐབས་མཁས་ལས་བྱུང་བའི་དཔེ་དོན་གྱི་ཡེ་ཤེས་དག་ལ་བཟང་ངན་གྱི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་པའི་ཕྱིར་ཞེ་ན། ཕྱི་རབས་པ་དག་གི་ཆོས་སྐད་ལས་དེ་ལྟར་འབྱུང་ཡང༌། རྣལ་འབྱོར་དབང་ཕྱུག་གི་བཞེད་པ་མ་ཡིན་ཏེ། ཐོས་བསམ་གྱིས་རྙེད་པའི་ལྟ་བ་དང༌། ཉམས་མྱོང་གི་ལྟ་བ་ལ་དུག་ཅན་ཡིན་མིན་གྱི་ཁྱད་པར་ཤིན་ཏུ་བཞེད་པའི་ཕྱིར་དང༌། སྔ་མ་དེ་ཆགས་པ་གཅོད་པའི་ལམ་ཙམ་དུ་བཞག་ནུས་ཀྱང༌། ཟུང་འཇུག་གི་ལྟ་བར་མ་སོང་བས་བྱང་ཆུབ་ཆེན་པོའི་ལམ་དུ་མི་འཇོག་པའི་ཕྱིར་དང༌། བུམ་དབང་གི་ལྟ་བས་གྲུབ་མཐའ་སྙོགས་པ་རྫོགས་རིམ་ལ་རག་ལས་ན་དེ་བུམ་དབང་གི་ལྟ་བར་འཇོག་པ་ཅི་ཞེ་ན། ལྟ་བ་དེ་ཐོག་མར་དཔེའི་ཡེ་ཤེས་སུ་སྐྱེད་བྱེད་བུམ་པའི་དབང་ཡིན་པ་དང༌། ལྟ་བ་དེ་གོམས་པས་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་གཙོ་བོར་སྤོང་བྱེད་དུ་འགྲོ་བའི་ཕྱིར་ན་དེར་བཤད་པའོ། །གསུམ་པ་སྦྱོང་བྱེད་ལམ་གྱིས་སྦྱང་གཞི་ཇི་ལྟར་སྦྱོང་བའི་ཚུལ་ལ། མཁས་པས་འཆད་པའི་དུས་ཀྱི་རྣམ་བཞག་དང༌། རྣལ་འབྱོར་པས་འཇུག་པའི་རིམ་པའོ། །དང་པོ་ལ་སྦྱང་གཞི་དང་སྦྱང་བྱའི་དྲི་མ་གང་ཡིན་པ་དང༌། སྦྱོང་བྱེད་ཀྱི་གཉེན་པོ་དང༌། དེས་སྦྱངས་པའི་འབྲས་བུ་གང་ཡིན་པའོ། །དང་པོ་ལ། དངོས་དང་བཏགས་པའི་དབྱེ་བ་གཉིས་ལས། དང་པོ་ནི། སྦྱང་གཞི་རྒྱུ་རྒྱུད་ཀྱི་སྟེང་དུ་འཁོར་བ་ཐོག་མེད་ནས་བཞག་པའི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་དང༌། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ས་བོན་དང་བཅས་པ་དག་ཡིན་ཏེ། བག་ཆགས་འདི་མ་བྱང་བ་དེ་སྲིད་དུ་གནས་གྱུར་མཐར་ཕྱིན་མི་ཐོབ་པའི་ཕྱིར་བག་ཆགས་དེ་ལ་ཡང་གཉིས་ཏེ། དེ་ཁོ་ན་ཉིད་ལ་རྨོངས་པའི་དང༌། ཁམས་འཕོ་བའི་བག་ཆགས་སོ། །དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དག་དང་ཐུན་མོང་གི་སྤང་བྱ་སྟེ། གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པར་བྱེད་དོ། །གཉིས་པ་ནི། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྤང་བྱ་སྟེ། མིའི་ལུས་རྟེན་འདི་ཉིད་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་ལ་སྒྲིབ་པར་བྱེད་དོ། །གཉིས་པ་ནི། སྦྱང་གཞི་རྗེས་མཐུན་པའམ་རགས་པ་ནི་ཉོན་མོངས་པ་དང་ལས་ཀྱི་རྣམ་སྨིན་དང་བདག་འབྲས་སུ་གྱུར་པའི་སྣོད་དང་བཅུད་ཀྱི་སེམས་ཅན་དང༌། ཕུང་ཁམས་སྐྱེད་མཆེད་དག་སྟེ། འདི་དག་ཀྱང་བག་ཆགས་ཀྱི་དབང་གིས་དེ་དང་དེར་སྣང་བའི་རྣམ་རིག་ལ་བྱ་བ་ཡིན་གྱི། དེ་ལས་ལོགས་ན་ཕུང་སོགས་ཀྱི་ཆོས་ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་སྦྱང་གཞི་དངོས་པོའི་རྒྱུ་མཐུན་གྱི་འབྲས་བུ་ལ་སྦྱང་གཞིར་བཏགས་པ་ཡིན་ཏེ། སྦྱོང་བྱེད་ལམ་གྱིས་བག་ཆགས་དེ་དག་དྲུང་ཕྱུང་ན་མ་དག་པའི་ཕུང་སོགས་དངོས་ཀྱི་རྣམ་རིག་འཆར་བའི་གོ་སྐབས་མེད་པའི་ཕྱིར་དང༌། དྲུང་མ་ཕྱུང་ན་སྐྱེད་རྫོགས་རྗེས་མཐུན་པའི་ལམ་གྱི་ཕུང་སོགས་མངོན་གྱུར་པའི་སྣང་བ་རེ་ཤིག་ལོག་ཀྱང༌། སྐབས་གཞན་དུ་འབྱུང་བའི་ཕྱིར་རོ། །ཡང་སྦྱང་གཞི་རགས་པ་ལ་སྣོད་བཅུད་སྐྱེ་བ་དང་འཆགས་པའི་རིམ་པ་དང༌། འཇིག་པ་དང་འཆི་བའི་རིམ་པ་གཉིས་སུ་ཕྱེ་ནས། དང་པོ་ཀུན་རྫོབ་ཀྱི་བདེན་པ་དང༌། ཕྱི་མ་དོན་དམ་པའི་བདེན་པར་བཤད་ནས། སྦྱང་གཞི་གཉིས་པོ་འདི་རིམ་གཉིས་མཚན་ཉིད་པ་དང༌། སྦྱོང་བྱེད་ལམ་གྱི་རིམ་པ་ནི་རིམ་གཉིས་བཏགས་པ་བ་ཡིན་ནོ་ཞེས་གསང་འདུས་པ་དག་འཆད་དོ། །འཆི་བ་དོན་དམ་པའི་བདེན་པ་ཞེས་པ་ཡང་འཆི་བའི་སྲིད་པ་ལ་ཟེར་བ་མ་ཡིན་གྱི། འཆི་བ་འོད་གསལ་ཞེས་པ་རང་བཞིན་ཆོས་ཀྱི་སྐུ་ཉིད་ལ་འཆད་དགོས་པ་དེའི་ཚེ། ཀུན་གཞི་རྒྱུ་རྒྱུད་སྦྱང་གཞིར་བཞག་པ་དང་དོན་གཅིག་གོ །མན་ངག་ལས་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་དུ་ཕྱེ་ནས་བར་དོ་སྦྱོང་བྱེད་སྒྱུ་ལུས་དང་རྨི་ལམ་གྱི་རྣལ་འབྱོར་ལ་བཞེད་མོད། རིམ་པ་སྔ་མ་གཉིས་སྦྱངས་ཟིན་ན་བར་དོ་སྦྱོང་བྱེད་ལོགས་སུ་མི་དགོས་ལ། གལ་ཏེ་འཆི་བའི་རིམ་པ་སྦྱངས་མ་ཟིན་ན། བར་དོ་ལོགས་སུ་སྦྱོང་དགོས་པར་དགོངས་པའོ། །གཉིས་པ་ལ། སྦྱོང་བྱེད་ཀྱི་གཉེན་པོ་དངོས་བཏགས་ཀྱི་དབྱེ་བ་དང༌། ཇི་ལྟར་སྦྱོང་བའི་ཚུལ་དང༌། སྦྱངས་པ་ལས་འབྲས་བུ་གང་འབྱུང་བའོ། །དང་པོ་ལ་སྦྱོང་བྱེད་དངོས་ནི། རིམ་པ་གཉིས་ཀའི་ཚེ་ན་དོན་གྱི་ཡེ་ཤེས་ནི་སྦྱོང་བྱེད་དངོས་དང༌། དཔེའི་ཡེ་ཤེས་དང༌། ཡེ་ཤེས་དེ་དག་སྐྱེ་བའི་ཐབས་སུ་གྱུར་པའི་རྟེན་བརྟེན་པའི་སྐྱེད་ཆོག་དང༌། རང་བྱིན་གྱི་བརླབས་པའི་རིམ་པ་དང༌། གཞན་རྐྱེན་ཤེས་རབ་ཀྱི་རིམ་པ་སོགས་ནི་སྦྱོང་བྱེད་རྗེས་མཐུན་པ་ལ་དེར་བཏགས་པ་ཡིན་ཏེ། དེ་དག་གིས་ནི་སྦྱང་གཞིའི་སྟེང་གི་དྲི་མ་རགས་པ་མགོ་གནོན་པར་བྱེད་ཀྱི། དྲུངས་འབྱིན་པར་མི་ནུས་པའི་ཕྱིར། དཔེར་ན་ལས་དང་པོ་པའི་ལྷའི་རྣལ་འབྱོར་གྱིས་ཐ་མལ་གྱི་སྣང་ཞེན་དང་ཉོན་མོངས་པ་མགོ་གནོན་པར་ནུས་ཀྱི། བག་ཆགས་དྲུངས་འབྱིན་མི་ནུས་པ་བཞིན་ནོ། །ཡེ་ཤེས་དངོས་དེ་ལའང་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་ཀུན་ཏུ་རྨོངས་པའི་གཉེན་པོ་དང༌། ལས་དང་པོ་པས་མིའི་ལུས་རྟེན་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་ལ་གེགས་སུ་གྱུར་པའི་མ་རིག་པའི་གཉེན་པོ་སྔ་མ་དེ་ལས་ལོགས་སུ་གྱུར་པ་ཞིག་མེད་དུ་མི་རུང་བའི་ཕྱིར། སྟོང་ཉིད་ཀྱི་ཡེ་ཤེས་དེ་ལའང་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་སྟོང་པ་ཉིད་ཡུལ་དུ་བྱེད་པའི་ལྟ་བ་དང༌། སྒོམ་པས་ཉམས་སུ་མྱོང་བའི་ལྟ་བ་གཉིས་ལས། དང་པོ་ནི་དུག་ཅན་ཉིད་ཀྱི་ཕྱིར་ན་ཉོན་མོངས་པ་ཅན་ཡིན་མིན་གྱི་མ་རིག་པ་གཉིས་མགོ་གནོན་པར་ནུས་ཀྱང༌། དྲུངས་འབྱིན་པར་ནུས་པའི་གཉེན་པོར་མི་འཇོག་ལ། ཕྱི་མ་དེ་སོ་སོར་རང་རིག་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་དེར་འཇོག་པའོ། །བདེ་བ་ཆེན་པོའི་ཡེ་ཤེས་དེ་ལ་ནི་ཐོས་བསམ་གྱི་ལྟ་བ་མ་བཤད་ལ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཐབས་མཁས་ལས་བྱུང་བ་དེ་ཡི་ཚེ་སྟོང་པ་དང་ཟུང་དུ་འཇུག་པ་ཁོ་ནར་ངེས་ཏེ། རླུང་སེམས་དབུ་མར་ཚུད་པའི་ཡེ་ཤེས་ནི་གཟུང་འཛིན་གྱི་རྟོག་པ་དང་བྲལ་བ་ཁོ་ནར་ངེས་པའི་ཕྱིར། འོ་ན་ཐོས་བསམ་གྱི་ཤེས་པས་ལྟ་བ་གཏན་ལ་འབེབས་པ་དོན་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཐོས་པ་དང་བྲལ་བའི་ལས་དང་པོ་པ་ལ་མན་ངག་ཉམས་སུ་བླངས་བའི་སྟོབས་ཀྱིས། མཉམ་གཞག་ཏུ་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ལ། རྗེས་ཐོབ་ཏུ་ཐོས་བསམ་གྱི་རིགས་པས་བརྡ་མ་སྤྲད་ན་གང་ཟག་དང་ཆོས་ཀྱི་བདག་ཏུ་རྨོངས་པ་སྐྱེ་སྲིད་པའི་ཕྱིར། དཔེར་ན་ལམ་འབྲས་སུ་དབང་གི་དུས་སུ་སྐྱེས་པའི་ཡེ་ཤེས་དེ་ལ་རྗེས་ཐོབ་ཏུ་ལོག་པར་སྒྲོ་འདོགས་པ་སྤང་བའི་ཕྱིར་ཉམས་སུ་ལེན་པའི་གནད་གསུམ་ཞེས་བྱ་བའི་མིང་ཅན་ཐོས་བསམ་གྱི་རིགས་པས་སྒྲོ་འདོགས་བཅད་དགོས་པར་གསུངས་པ་བཞིན་ནོ། །དེ་ཡང་ཐོས་བསམ་གྱི་ལྟ་བ་དེ་ལྟ་བ་མཚན་ཉིད་པར་འཆད་པ་མ་ཡིན་ཏེ། སེམས་དང་སྒྱུ་མ་རྟེན་འབྲེལ་ཏེ་རིགས་པ་དེ་གསུམ་གྱིས་གྲུབ་པའི་ལྟ་བ་དེ་ཉམས་མྱོང་བརྗོད་བྲལ་གྱི་ལྟ་བ་མ་ཡིན་པ་དང༌། དུག་ཅན་གྱི་ལྟ་བ་ཡིན་པར་གཞུང་བཤད་དག་ལས་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་སྦྱོང་བའི་ཚུལ་ནི་ཐེག་པ་ཆེན་པོའི་ཚུལ་གཉིས་ཀྱི་ཁྱད་པར་ནི་ཐབས་མཁས་ཀྱིས་འབྱེད་པ་ཡིན་ལ། དེ་ཡང་བསོད་ནམས་ཀྱི་ཚོགས་མ་ལུས་པ་ཚེ་གཅིག་ལ་དང༌། གྲངས་མེད་གསུམ་དགོས་པའི་ཁྱད་པར་འབྱེད་པའི་ཁྱད་ཆོས་ཀྱི་གཙོ་བོ་ནི། ཐོག་མར་བསོད་ནམས་ཚོགས་བསགས་ཀྱི་ཚེ་ཕར་ཕྱིན་ཐེག་པ་པ་ལས་ཁྱད་པར་གྱི་ཆོས། ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པའི་སྨོན་པ་སེམས་བསྐྱེད་དང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དག་གཙོ་བོ་ནི་བསྐྱེད་རིམ་ལྷག་པའི་ལྷའི་རྣལ་འབྱོར་གྱི་ཐབས་མཁས་ཀྱིས་འབྲས་བུ་ཉིད་ལམ་དུ་བྱས་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ཟུང་འཇུག་འཇའ་ཚོན་ལྟ་བུའི་ལུས་ཐོག་མར་མངོན་དུ་བྱས་པས་ན་བསོད་ནམས་ཀྱི་ཚོགས་རྫོགས་པ་ཆེས་ཤིན་ཏུ་མྱུར་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཕར་ཕྱིན་པས་ནི་ཐོག་མར་རྫོགས་སྨིན་སྦྱངས་གསུམ་བྱས་རྗེས་སུ་ཆོས་ཀྱི་སྐུ་ལས་གཟུགས་སྐུ་གཉིས་ཀྱི་སྣང་བ་སྐྱེད་དགོས་པ་ཡིན་གྱི། ཐོག་མར་གཟུགས་སྐུ་ལམ་བྱེད་ཀྱི་རིམ་པ་མི་འཆད་པའི་ཕྱིར། སྐྱེད་རིམ་གྱི་སྒྲུབ་ཚུལ་འདི་ལ་ཡང་ཡེ་ཤེས་ཀྱི་ཚོགས་སོག་ཚུལ་ལ་ངེས་པ་རྙེད་ནས་གོམས་པ་སྔོན་དུ་འགྲོ་དགོས་ཏེ། དེ་མ་སོང་ན་ལྷ་སྒྲུབ་པའི་གཞི་དང་དེའི་ཉེར་ལེན་གང་ཡིན་ངོ་མི་ཤེས་པའི་ཕྱིར་དང༌། ལྷ་གང་དང་གང་གི་རྣལ་འབྱོར་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཙམ་ནི་མུ་སྟེགས་ལ་ཡང་ཡོད་པའི་ཕྱིར་དང༌། ལྷ་དེ་ལ་ངའོ་ཞེས་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་སྲིད་པའི་ཕྱིར་རོ། །དེ་བས་ན་སྔགས་དོན་བསམ་པའམ། རིགས་པས་སྒྲོ་འདོགས་བཅད་པ་གང་ཡིན་ཀྱང་རུང་སྟེ། གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་དངོས་པོ་ཐམས་ཅད་ནི་གདོད་མ་ནས་ཡོད་མ་མྱོང་བས་ན་དེར་སྣང་བའི་རྣམ་རིག་དག་ཀྱང་འཁྲུལ་པ་ཉིད་དུ་ཐག་བཅད་ནས། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་པའམ། སེམས་ཀྱི་རྡོ་རྗེ་དེ་ཉིད་ལ་གཞན་གྱིས་དབྲོག་པར་མི་ནུས་པའི་སྤོབ་པ་སྐྱེས་ཀྱི་བར་དུ་མཉམ་པར་འཇོག་དགོས་པ་ཡིན་ཏེ། རྟེན་བརྟེན་པའི་དཀྱིལ་འཁོར་གང་ལས་གྲུབ་པའི་ཉེ་བར་ལེན་པའི་རྒྱུ་གང་ཡིན་པ་དེ་ཤེས་དགོས་པའི་ཕྱིར་དང༌། མ་རིག་པའི་བག་ཆགས་ཀྱི་མཐུ་ལས་བྱུང་བའི་གཟུང་འཛིན་གྱི་ཞེན་པ་འགོག་དགོས་པའི་ཕྱིར། དེ་ཡང་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་བཀག་པའི་ཡེ་ཤེས་ལས་ནི་བརྟེན་པའི་ལྷ་ཚོགས་འགྲུབ་པ་ཡིན་ལ། དེ་ལ་གསལ་སྣང་གི་ཡེ་ཤེས་སྐྱེས་པས་ནི་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་སྐྱེ་རུང་མ་འོངས་པ་མགོ་གནོན་པར་བྱེད་དོ། །ཡང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་བཀག་པའི་ཡེ་ཤེས་ལས་ནི་རྟེན་གྱི་དཀྱིལ་འཁོར་མེ་རི་ལ་ཐུག་པའི་བར་དུ་སྒྲུབ་པར་བྱེད་ལ། དེ་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ་ན། སྤྱིར་ཆོས་དང་ཁྱད་པར་མ་དག་པའི་འཇིག་རྟེན་དུ་སྣང་བའི་རྣམ་རིག་མགོ་གནོན་པར་བྱེད་དོ། །སྐབས་དེར་ཞིང་སྦྱོང་བ་དང་སེམས་ཅན་གྱི་དོན་བྱེད་པའི་མཛད་པ་མང་པོ་ཇི་སྐད་བཤད་པ་དེ་དག་གིས་ནི་བསོད་ནམས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱེད་དོ། །བོད་ཕྱི་མ་ཐེག་པ་ཆེན་པོའི་སྐབས་སུའང་ཕྱི་རོལ་གྱི་དོན་ལ་ཞེན་ཆེས་པ་དག་ནི། མ་དག་པའི་སྣང་བ་ལ་ཤར་བའི་གཟུགས་སྒྲ་ལ་སོགས་པ་ཉིད་ལྷར་སྒོམ་པ་ཡིན་ཞེས་ཟེར་མོད། དེ་ནི་ཡེ་ཤེས་ཀྱི་ཚོགས་སོག་དང༌། རྟེན་བརྟེན་པའི་དཀྱིལ་འཁོར་གྱི་སྒྲུབ་གཞི་དང༌། སྨིན་བྱེད་ཀྱི་དབང་ལེན་པའི་དུས་ཀྱི་ཚིག་རྣམས་ཀུན་ཆུབ་པར་འདོན་ཀྱང༌། དོན་གྱི་གོ་བ་འཆད་པ་པོས་མ་བཤད་ཅིང༌། ཉན་པ་པོས་རྣམ་པར་མ་བསམས་པ་ཡིན་ཏེ། དང་པོ་ཡེ་ཤེས་ཚོགས་སོག་གི་ཚེ་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པར་བྱས་ཤིང༌། དེ་ལས་མ་གཡོས་བཞིན་དུ་དག་པ་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ས་བོན་དང་ཕྱག་མཚན་དང༌། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་སོགས་ཀྱིས་རྟེན་བརྟེན་པ་བསྐྱེད་དགོས་པ་དང༌། ཐོག་མར་སྨིན་བྱེད་ཀྱི་དབང་ལེན་པའི་ཚེ་རྣམ་ཤེས་ལ་སྣང་བའི་ཕུང་སོགས་མི་དམིགས་པར་བརྡ་སྤྲད་ནས། སློབ་དཔོན་དང་སློབ་མ་དང་དབང་རྫས་གསུམ་ཀ་ཡེ་ཤེས་ཀྱི་ངོ་བོར་བསྐྱེད་ནས་གཉིས་སུ་མེད་པར་བྱེད་དགོས་ཀྱིན་སྣང་བའི་ཕྱིར་དང༌། ནང་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ཡང་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་བསྒྲུབས་པའི་ལྷག་པའི་ལྷ་གཙོ་བོ་དེའི་ལུས་ཀྱི་ཆ་རྣམས་ལ་གསལ་འདེབས་པ་ཡིན་གྱི། གཙོ་བོའི་ལུས་དེ་སླར་ཡང་མ་དག་པའི་ལུས་སུ་བསྒྱུར་དགོས་པར་ནི་མི་འཆད་པའི་ཕྱིར་དང༌། ཕྱིའི་དཀྱིལ་འཁོར་བསྐྱེད་པ་དང་མ་འབྲེལ་བའི་ཚེ་ཡང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་སོགས་ཀྱི་དོན་དྲན་པར་བྱས་ནས་རྟེན་བརྟེན་པ་གསལ་འདེབས་དགོས་པའི་ཕྱིར་དང༌། མཆོད་ཡུལ་དང༌། མཆོད་རྫས་དང༌། མཆོད་པ་པོ་སོགས་གསང་སྔགས་ཀྱི་ཀུན་སྤྱོད་མཐའ་དག་སྒྲུབ་པ་པོ་རང་གི་ཡེ་ཤེས་གཅིག་ཉིད་ལས་བསྒྲུབས་ཤིང་གྲུབ་པ་ནི་རྣལ་འབྱོར་རྒྱུད་ཡན་ཆད་ཀྱི་ཐབས་ལ་མཁས་པའི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། དེ་ལྟར་ཉམས་སུ་བླངས་པའི་ཁྱད་པར་གྱིས་ན་ཕར་ཕྱིན་ཐེག་པས་བསྐལ་པ་གྲངས་མེད་དུ་སྒྲུབ་དགོས་པའི་བསོད་ནམས་ཀྱི་ཚོགས་ཚེ་གཅིག་ལ་རྫོགས་པར་སླ་བའི་ཕྱིར། དེ་ལས་གཞན་དུ་མ་དག་པའི་ཕུང་པོ་ཉིད་ལྷག་པའི་ལྷ་ཉིད་དུ་འཆར་བ་དང༌། སྒོམ་པ་པོའི་བློ་ངོར་དེ་དེར་ཁས་ལེན་ནུས་ན་དེ་ལྟར་ཤར་བའི་དུས་ཀྱི་ལྷ་དང་རྟེན་གཞལ་ཡས་ཁང་སོགས་ཐམས་ཅད་མ་དག་པའི་ལུས་དང༌། ཉོན་མོངས་པ་དང༌། རྣམ་པར་རྟོག་པ་སོགས་སུ་ཁས་ལེན་དགོས་པས་ཧ་ཅང་ཐལ་བ་དེའི་ཕྱིར་རྣམ་པར་གཞག་པ་ཐམས་ཅད་ཉམས་སོ། །ཅི་སྟེ་ཕུང་སོགས་ཀྱི་དངོས་པོ་ལྟར་ཁས་ལེན་པ་ཡིན་གྱི། ལྷག་པའི་ལྷ་ཕུང་སོགས་སུ་ཁས་མི་ལེན་ནོ་སྙམ་ན། ལྷ་མ་ཡིན་པའི་ཕུང་པོ་སོགས་ཁས་བླངས་པས་ཁྱེད་ཅག་གིས་འཆད་པའི་རྣམ་པར་བཞག་པ་ཐམས་ཅད་གཏིང་ནས་ཉམས་ཏེ། དཔེར་ན་ཞེ་སྡང་ཉིད་མི་བསྐྱོད་པར་འཆར་ཡང་དེར་མི་འཆར་བའི་ཞེ་སྡང་ཡོད་པར་ཁས་བླངས་པ་བཞིན་ནོ། །འོ་ན་གལ་ཏེ་རྟེན་བརྟེན་པ་ཐམས་ཅད་སྒྲུབ་པའི་གཞི་རྣལ་འབྱོར་པ་རང་གི་ཡེ་ཤེས་གཅིག་པུ་ལས་མེད་པའི་ཕྱིར་ན་གཞལ་ཡས་ཁང་གི་ཆོས་སོ་སོ་དང་ལྷ་སོ་སོའི་དབྱེ་བ་མི་འཐད་དོ་ཅེ་ན། དེ་ཡི་ལན་ནི། ཇི་སྐད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་བཤད་པ་དེ་ཉིད་ཀྱིས་གསལ་བར་བཏབ་པ་ཡིན་ནོ། །མདོར་བསྡུ་ན་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཆོས་ཅན་སོ་སོ་དང་འབྲེལ་བའི་ཡེ་ཤེས་ཉིད་ལྷག་པའི་ལྷར་འཆར་བ་དང༌། དེ་ལྟར་ཤར་བའི་ལྷ་དེ་ཡང་ཡེ་ཤེས་ཉིད་དུ་ཁས་བླང་བར་བྱ་བ་ཡིན་ལ། དེའི་ཚེ་ན་སྔགས་ཀྱི་ཀུན་སྤྱོད་མཐའ་དག་གནས་ཚུལ་ལ་ཡེ་ཤེས་དོན་དམ་པའི་བདེན་པ་ཁོ་ནར་གནས་པ་དང༌། སོ་སོ་སྐྱེ་བོའི་རྣལ་འབྱོར་པས་ཀྱང་གོམས་པར་བྱེད་པའི་ཚེ། སོང་ཚོད་ལ་ཇི་ལྟར་སོང་ཡང་རློམ་ཚོད་ལ་ཡེ་ཤེས་ཁོ་ན་ཉིད་དུ་ཐག་གཅོད་དགོས་པ་ཡིན་ནོ། །སྤྱིར་བཏང་དུ་ཕྱི་བསྐྱེད་པའི་རིམ་པས་སེམས་སྦྱོང་བ་དང༌། ནང་བསྐྱེད་རིམ་དང་རྫོགས་རིམ་གྱི་ཐབས་ལ་མཁས་པས་སྒྲུབ་པ་པོའི་ལུས་སྦྱོང་བར་བྱེད་པ་དང༌། རིམ་གཉིས་ལས་བྱུང་བའི་ཡེ་ཤེས་ཀྱིས་ལུས་སེམས་གཉིས་ཀ་སྦྱོང་བར་བྱེད་དོ། །དེ་ཡང་ཞིབ་མོར་ན་རྟེན་གཞལ་ཡས་ཁང་ལ་གོམས་པ་རབ་ཀྱི་མཐར་ཕྱིན་པས་ནི། རང་ཉིད་གང་དུ་སངས་རྒྱས་པའི་ཞིང་སྦྱངས་པས་སངས་རྒྱས་དེའི་གཟིགས་ངོར་མ་དག་པའི་ཞིང་གི་སྣང་བ་མི་འཆར་བར་བྱེད། བརྟེན་པ་ལྷའི་དཀྱིལ་འཁོར་ལ་གསལ་སྣང་མཆེད་པས་ནི་དེའི་དུས་ཀྱི་བཅུད་ཀྱི་སེམས་ཅན་སྦྱངས་ཤིང་སྨིན་པར་བྱས་པས་ཞིང་དེའི་གདུལ་བྱ་དག་པ་ལྷའི་རྣམ་རོལ་དུ་འཆར་བར་བྱེད་དོ། །སྐྱེད་རིམ་གྱི་ཡེ་ཤེས་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཙམ་གྱིས་ཚེ་གཅིག་པུ་འདི་ཉིད་ལ་ཞིང་དེ་ལྟར་སྦྱོང་ནུས་པ་ནི་མ་ཡིན་ཏེ། ཚེ་གཅིག་ལ་དེ་ལྟར་སྦྱོང་ནུས་པ་རྫོགས་རིམ་གྱི་ཡེ་ཤེས་ལ་རག་ལུས་པའི་ཕྱིར། སྐྱེད་རིམ་ལ་མ་རྟེན་པར་ཡང་ཞིང་དེ་ལྟར་སྦྱོང་ནུས་པ་མ་ཡིན་ཏེ། དེ་ལ་མ་རྟེན་པར་སྔགས་ལུགས་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་པར་མི་ནུས་པའི་ཕྱིར་དང༌། སྣོད་བཅུད་ཀྱི་ཞིང་སྦྱོང་བའི་ཐབས་མཁས་གཞན་རྫོགས་རིམ་རྐྱང་པ་ལ་ཡོད་པར་འཆད་མི་ནུས་པའི་ཕྱིར། དེ་ལྟར་བཤད་པ་ན་སྔགས་ལུགས་སུའང་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ལོངས་སྐུའི་སྣང་བ་འཆར་བ་དང༌། སྤྲུལ་པའི་སྐུའི་ཞིང་སྣ་ཚོགས་སུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་པའི་དབང་གི་འབྲས་བུ་ཉིད་དུ་གྲུབ་བོ། །རྫོགས་རིམ་གྱི་ཐབས་ལ་མཁས་པས་ནི་རྣལ་འབྱོར་པ་རང་གི་ལུས་སྦྱོང་བར་བྱེད་དེ། རང་བྱིན་བརླབས་ཀྱི་རིམ་པས་དཀྱིལ་འཁོར་རྣམ་པ་བཞི་ལ་གནད་དུ་བསྣུན་པའི་སྟོབས་ཀྱིས་དཀྱིལ་འཁོར་བཞི་པོ་དབུ་མའི་ལམ་དུ་ཐིམ་པར་བྱེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཐབས་མཁས་དེས་མ་ཟིན་ན་འགྲོ་བ་སོ་སོ་དང་འབྲེལ་བའི་རྩ་རྣམས་སུ་ཁམས་འདུས་པས་འགྲོ་བ་སོ་སོའི་ལུས་དང་སེམས་བསྐྱེད་པར་བྱེད་ལ། དེས་ཟིན་པའི་སྟོབས་ཀྱིས་དཀྱིལ་འཁོར་བཞི་ཀ་ཡེ་ཤེས་སུ་རོ་གཅིག་པས་སངས་རྒྱས་ཉིད་ལས་གཞན་དུ་མི་འགྱུར་བའི་ཕྱིར། ཡེ་ཤེས་གཅིག་པུ་དེ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་དང་བཞིར་ཕྱེ་བས་སྦྱང་འབྲས་བཞིར་འགྱུར་ལ། སྦྱང་གཞི་རྩ་ཐིག་རླུང་གསུམ་དུ་མ་འདུས་པའི་ལུས་རྩའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པའི་ལུས་ཀྱི་ཆ་ཤས་དང༌། གནས་དེ་ན་ཡོད་པའི་རྩ་ཡི་གེའི་རྣམ་པར་གནས་པ་གཉིས་སོ་སོར་ཕྱེ་བ་ལ་དགོངས་སོ། །དེ་ལྟར་ཡིན་པ་དེའི་ཕྱིར་འདི་ལྟར་བཤད་ན་བདེ་བ་ཡིན་ཏེ། སྦྱང་གཞི་ལུས་ལ་བུམ་པའི་དབང་བསྐུར་བས་དང༌། སྦྱང་གཞི་ངག་ལ་གསང་བའི་དང༌། སྦྱང་གཞི་ཡིད་ལ་ཤེས་རབ་ཀྱི་དང༌། སྦྱང་གཞི་ཡེ་ཤེས་ལ་བཞི་པའི་དབང་བསྐུར་ནས། རྩ་དང་ཡི་གེ་དང་བདུད་རྩི་དང་རླུང་གི་འགྲོས་ཀྱིས་ལུས་ངག་ཡིད་གསུམ་སྒོ་གསུམ་ཡེ་ཤེས་དང་བཅས་པའི་སྒྲིབ་པ་སྦྱངས་ནས་འབྲས་བུའི་དུས་ཀྱི་སྐུ་བཞི་མངོན་དུ་བྱེད་ཅེས་བཤད་པར་བྱ་ལ། དེ་ལྟར་བཤད་པ་ན་སྙིང་པོ་ཡེ་ཤེས་རླུང་ཞེས་པ་ནི་འགྲོས་བཞི་དབུ་མར་ཐིམ་པའི་དུས་ཀྱི་ཡེ་ཤེས་འབའ་ཞིག་པ་དེ། སྐུ་བལྟམས་པ་དང༌། གསུང་བརྗོད་པ་དང༌། ཐུགས་མཉམ་པར་འཇོག་པ་དང༌། ཕྲིན་ལས་སྣ་ཚོགས་པ་ཐམས་ཅད་དབུ་མར་སོན་པའི་རླུང་གི་སྟོབས་ལས་འབྱུང་བ་ཡིན་གྱི། མ་དག་པའི་ལུས་དང་རྩ་དང་བྱང་ཆུབ་ཀྱི་སེམས་ལ་རག་མ་ལས་པ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ནི་ལུས་སེམས་གཉིས་ཀ་སྦྱོང་བར་བྱེད་པ་ཡིན་ཏེ། བདེ་བ་དང་ཟུང་དུ་འཇུག་པའི་སྟོང་པས་ནི་གཟུང་འཛིན་གྱི་རྣམ་རྟོག་ཁེགས་པས་ན་སེམས་སྦྱོང་བར་བྱེད་ལ། སྟོང་པ་དང་ཟུང་དུ་འཇུག་པའི་བདེ་བས་ནི་ལུས་སྦྱོང་བར་བྱེད་པའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་ན་ལུས་ཚོར་དང་ཁྱད་པར་ཅི་ཡོད་ཅེ་ན། གཟུང་འཛིན་དང་བྲལ་བས་ན་ལུས་ཀྱི་རྣམ་ཤེས་ཀྱིས་མྱོང་བ་མ་ཡིན་གྱི།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*