ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ། ཁ ༽

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་སོགས་གསུང༌། དེ་དེ་ལ་ཡོད་བཞིན་དུ། ཞེས་དང༌། མིང་ཙམ་མོ་ཞེས་པས། ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་བསྟན། ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོགས་ཀྱིས་དོན་དམ་པའི་བདེན་པ་ལས་མི་འདའ་བར་བསྟན། མདོར་ན། སྤྱོད་པ་པོ་དང༌། སྤྱད་འབྲས་དང༌། སྤྱད་བྱ་དང༌། སྤྱོད་པ་དང༌། མི་སྤྱོད་པ་དང༌། གཉིས་ཀ་དང༌། གཉིས་མིན་དང༌། ཡུལ་གཟུགས་སོགས་ལ་མི་རྟོག་པར་སྤྱད་པར་བྱའོ། །ཞེས་པའི་དོན་ནོ། །མཁས་པ་ཆེན་པོ་རཏྣ་ཨ་ཀར་ཤཱནྟི་པ་ནི། རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་མདོ་འདི་གསུངས་ཏེ། བཅུ་ནི། དག་ལྡན་ལས། དངོས་པོ་མེད་དང་དངོས་པོ་དང༌། །སྒྲོ་འདོགས་པ་དང་སྐུར་འདེབས་དང༌། །གཅིག་པ་ཉིད་དང་ཐ་དད་དང༌། །ངོ་བོ་ཉིད་དང་ཁྱད་པར་དང༌། །མིང་ནི་ཇི་བཞིན་དོན་ལ་ནི། །དོན་ལ་ཇི་བཞིན་མིང་ལ་ཞེན། །རྣམ་པར་གཡེང་བའི་རྣམ་རྟོག་གང༌། །དེ་ནི་རྣམ་པ་བཅུར་བཞེད་དོ། །ཞེས་གསུངས། དེ་ལ་དངོས་པོ་མེད་པའི་རྣམ་པར་རྟོག་པ་ནི། བྱང་སེམས་ཀུན་རྫོབ་ཏུའང་མེད་པར་འཛིན་པ་སྟེ། ཡོད་བཞིན་དུ་ཞེས་པས་གཉེན་པོ་སྟོན་ནོ། །དངོས་པོའི་རྣམ་པར་རྟོག་པ་ནི། བྱང་སེམས་བདེན་པར་འཛིན་པ་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོགས་ཀྱིས་དེའི་གཉེན་པོ་སྟོན་ནོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་རྣམ་པར་རྟོག་པ་ནི། གཟུགས་སོགས་ཀྱི་སྟོང་པ་ཉིད་ཆོས་ཉིད་ཡིན་ན། ཆོས་ཉིད་བདེན་པར་ཡོད་པ་བཞིན་དུ། གཟུགས་སོགས་ཀྱང་བདེན་པར་འཛིན་པ་དང༌། གཟུགས་སོགས་བདེན་པར་མེད་ན། སྟོང་པ་ཉིད་ཀྱང་བདེན་པར་འཛིན་པ་སྟེ། དེའི་གཉེན་པོར་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོགས་དང༌། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་ཞེས་སོགས་དང༌། གཅིག་པ་ཉིད་དང་ཐ་དད་དུ་འཛིན་པ་ནི། གཟུགས་སོགས་དང༌། དེའི་སྟོང་ཉིད་རང་བཞིན་གཅིག་ཡིན་ན། ཐ་དད་གཏན་མེད་ཀྱི་གཅིག་ཡིན་ནམ་སྙམ་པ་དང༌། གཟུགས་སོགས་དང༌། དེའི་ཆོས་ཉིད་གཅིག་པ་བཀག་པའི་ཐ་དད་ཡིན་ན། དེའི་ཚེ་ཐ་དད་དུ་བདེན་ནོ་སྙམ་དུ་འཛིན་པ་སྟེ། དེའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་སོགས་དང༌། གཟུགས་ནི་སྟོང་པ་ཉིད་ལས་གཞན་མིན་ཞེས་སོགས་སོ། །གཟུགས་སོགས་ཀྱི་ངོ་བོ་བདེན་པར་འཛིན་པ་དང༌། གཟུགས་སོགས་སྐྱེ་འགག་སོགས་སུ་བདེན་པར་འཛིན་པའི་བློ་ནི་ངོ་བོ་ཉིད་དང་ཁྱད་པར་དུ་འཛིན་པ་སྟེ། དེ་གཉིས་ཀྱི་གཉེན་པོར། རབ་འབྱོར་གཟུགས་ཞེས་བྱ་བ་ནི་མིང་ཙམ་མོ་ཞེས་སོགས་དང༌། ངོ་བོ་ཉིད་ནི་སྐྱེ་བ་མེད་པ་འགག་པ་མེད་ལ། གནས་པ་མེད་པ་ཞེས་སོགས་སོ། །མིང་ཇི་ལྟ་བ་བཞིན་དོན་ལ་ཞེན་པ་ནི། བདེན་པ་བཞི་པོ་མི་རྟག་སོགས་སུ་བདེན་པར་ཞེན་པའི་བློ་དང༌། དོན་ཇི་ལྟ་བ་བཞིན་མིང་ལ་ཞེན་པ་ནི། དོན་ཐམས་ཅད་ཇི་ལྟ་བ་བཞིན་མིང་ལ་ཡོད་དེ། མིང་ཡིན་པའི་ཕྱིར་སངས་རྒྱས་ཞེས་བྱ་བའི་ཚིག་བཞིན་ཞེས་རྣམ་པར་རྟོག་པ་སྟེ་དེའི་གཉེན་པོར། མིང་ནི་ཆོས་སོ་སོ་ལ་བཅོས་མ་ཡིན་ཞིང༌། དེ་དག་ཀྱང་བཏགས་པ་བ་ཡིན་ཏེ། མིང་གློ་བུར་བ་ཐ་སྙད་དུ་བྱེད་པ་ཡིན་ནོ་ཞེས་སོགས་དང༌། མིང་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོགས་ཀྱིས་སྟོན་ཞེས་བཤད་དོ། །དེ་དག་ནི་ཤེས་རབ་ཀྱི་ཁྱད་པར་རོ། །ཐབས་ཀྱི་ཁྱད་པར་ཉན་ཐོས་དང་ཐུན་མོང་མིན་པ་ནི། ཤཱ་རིའི་བུ་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདི། དགེ་སློང་ཤཱ་རིའི་བུ་དང༌། མོའུ་འགལ་གྱི་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱུག་མའི་ཚལ་ལམ། འབྲས་ཀྱི་ཚལ་ལམ། ཏིལ་གྱི་ཚལ་ལྟར་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་པ་དེས་བྱང་སེམས་ཆེན་པོའི་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་སྒོམ་པ་ཙམ་གྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་དང༌། བརྒྱ་སྟོང་དང༌། བྱེ་བ་བརྒྱ་སྟོང་དང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང༌། ཉེ་བར་མི་འགྲོའི། །ཤཱ་རིའི་བུ་དེ་ལ་ཡུམ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཉིན་གཅིག་བསྒོམ་པ་གང་ཡིན་པ་དེས་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ་ཉེ་བར་གནས་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ནི་དེ་ལྟ་མིན་ནོ། །ཞེས་གསུངས། དེའི་དོན་ཉི་ཁྲི་སྣང་བ་ལས་འདི་ལྟར་བཤད་དེ། འདམ་བུ་ལ་སོགས་པའི་དཔེ་དྲུག་གིས་རྟོགས་པའི་ཆོས་དྲུག་བསྟན་པ་ལས། དེ་ཡང༌། འདམ་བུས་ཉན་ཐོས་ཀྱི་དྲོད་བསྟན་ཏེ། འདམ་བུ་ལྟར་ལས་དང་ཉོན་མོངས་པའི་གནོད་པ་ཆུང་ངུ་མི་བཟོད་པའི་ཕྱིར། འོད་མས་རྩེ་མོ་བསྟན་ཏེ། དགེ་བའི་རྩ་བ་བཅད་མི་ནུས་པའི་ཕྱིར། བུ་རམ་ཤིང་གིས་བཟོད་པ་བསྟན་ཏེ། བདེ་འགྲོ་རྒྱུན་མ་ཆད་པར་སྒོམ་པའི་མངར་བ་ལས་མ་འདས་པའི་ཕྱིར། སྨྱུག་མས་ཆོས་མཆོག་བསྟན་ཏེ། སྨྱུག་མས་པགས་པ་མྱུར་དུ་འབིགས་པ་ལྟར། འདིར་མྱུར་དུ་བདེན་པ་མངོན་པར་རྟོགས་པར་བྱེད་པའི་ཕྱིར། འབྲས་ཀྱིས་མཐོང་ལམ་བསྟན་ཏེ། འབྲས་འབྲུ་རྣམས་ཀྱི་དང་པོ་ཡིན་པ་ལྟར། འཇིག་རྟེན་ལས་འདས་པའི་རྟོགས་པ་དང་པོ་ཡིན་པའི་ཕྱིར། ཏིལ་གྱིས་སྒོམ་ལམ་བསྟན་ཏེ། ཏིལ་མེ་ཏོག་ལ་སོགས་པའི་དངོས་པོ་ཐ་མི་དད་ཀྱང༌། ནུས་པའི་ཁྱད་པར་མི་འདྲ་བ་བཞིན་དུ། སྒོམ་ལམ་དགུ་པོ་ཡང་བདག་མེད་མཐོང་ཟིན་སྒོམ་པ་ཙམ་དུ་འདྲ་ཡང་སྒོམ་པ་ལས་སྤངས་པའི་ཁྱད་པར་མི་འདྲ་བ་ཐོབ་པའི་ཕྱིར། ཚལ་ཞེས་སྨོས་པ་ནི་རིགས་གཅིག་པར་སྟོན་པ་ཡིན་ལ། ལམ་ལམ་ཞེས་པ་སྔ་མ་རྣམས་ནི་དཔེ་ཕྱི་མ་ཕྱི་མ་དྲངས་པའི་ཕྱིར་ཡིན་ལ། ལམ་ཐ་མ་སྨོས་པ་ནི། འཕགས་པའི་གང་ཟག་རྣམས་ཀྱིས་མཐོང་ཆོས་ལ་བདེ་བར་གནས་པའི་དཔེ་གཞན་དྲངས་བར་བྱ་བའི་ཆེད་ཡིན་ནོ། །འོ་ན་དཔེ་གཞན་དེ་ཅིའི་ཕྱིར་མ་བརྗོད་ཅེ་ན། མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་ནི་རང་བཞིན་སྣ་ཚོགས་པ་ཉིད་ཀྱིས་རིགས་བསྡུས་པའི་ངོ་བོ་ཤེས་པར་བྱ་བའི་དོན་ཡིན་ཏེ། སོ་སོར་དཔེར་བརྗོད་པར་བརྟག་ན་ནི་དཔེ་ཇི་སྙེད་ཅིག་བརྗོད་པར་བྱ་ཞིང༌། ཉེ་བར་བཤད་པ་ལ་མི་མཁས་པ་ཉིད་དུ་འགྱུར་རོ། །ཤ་སྟག་ནི། ཇི་སྐད་བཤད་པའི་རྟོགས་པ་མཐུན་མཐུན་རྣམས་སོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སོགས་ཀྱིས། གྲངས་ཀྱི་མཐུའི། རིགས་ཀྱི་རྒྱུའི། དཔེ་ལས་འདས་པའི་ཁྱད་པར་རྣམས་རིམ་པར་བསྟན་ནོ། །འོ་ན་ཤེས་རབ་ཉིན་གཅིག་བསྒོམ་པའི་བྱང་སེམས་དེ་གང་ཡིན་ཞེ་ན། སྐྱེ་བ་གཅིག་གིས་ཐོགས་པ་མིན་ཏེ། ས་བཅུ་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པའི་ཕྱིར། ཕྱིར་མི་ལྡོག་པའི་བྱང་སེམས་ཡང་མིན་ཏེ། ས་བརྒྱད་པ་ལ་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་བཀག་པས། ཉན་ཐོས་ལས་ཁྱད་པར་འཕགས་པར་གྲུབ་པའི་ཕྱིར། སྤྱོད་པ་ལ་ཞུགས་པའི་བྱང་སེམས་མིན་ཏེ། ས་དང་པོར་ཉན་རང་གི་སྤངས་རྟོགས་མཐའ་དག་རྫོགས་པའི་ཕྱིར། དེས་ན་ཀུན་རྫོབ་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་སེམས། སེམས་བསྐྱེད་ཀྱི་སྐབས་སུ་བསྟན་པ་དེ་ཡིན་པར་མངོན་ཏེ། དེ་སོ་སྐྱེ་ཡིན་པས་དེ་ལས་ཉན་རང་གི་ཤེས་རབ་ཁྱད་པར་འཕགས་སམ་སྙམ་པའི་དོགས་པ་དགག་དགོས་པའི་ཕྱིར། འོ་ན་འདིར་དགོངས་པ་ཅན་གྱི་མྱང་འདས་དེ་གང་ལ་བྱ་ཞེ་ན། ཐེག་པ་ཆེ་ཆུང་གཉིས་ཀའི་མྱང་འདས་མིན་གྱི། རེ་ཞིག་གཞན་དོན་རྒྱུན་ཆད་པ་ཉེ་བར་བཟུང་ནས་དགོངས་པ་ཅན་གྱི་མྱང་འདས་ལ་བཤད་དེ། ཤེར་ཕྱིན་འདིར་ཡང༌། དམ་པའི་ཆོས་པདྨ་དཀར་པོའི་མདོ་ཚད་མར་བྱས་ནས། ཤཱ་རིའི་བུ་ལ་སོགས་པའི་བྱང་སེམས་ཆེན་པོ་རྣམས་ལ་མྱ་ངན་ལས་འདས་པ་རྣམ་པར་བཞག་པ་བཞིན་ནོ། །ཐེག་པ་ཆེ་ཆུང་གང་གིའང་མྱང་འདས་མིན་ན། མྱང་འདས་ཡིན་པར་འགལ་ལོ་ཞེ་ན། བསྟན་པ་འདི་ལ་མྱ་ངན་ལས་འདས་པ་མང་པོར་བཞག་སྟེ། འདི་ལྟར་རྩེ་མོ་ཐོབ་པ་རྣམས་ཀྱིས་ནི་དགེ་རྩ་ཆད་པ་མྱ་ངན་ལས་འདས་པ་ཡིན་ནོ། །བཟོད་པ་ཐོབ་པ་རྣམས་ཀྱིས་ངན་འགྲོ་མྱ་ངན་ལས་འདས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་རྣམས་ཀྱིས་སྲིད་པ་བརྒྱད་པ་མྱ་ངན་ལས་འདས་པ་ཡིན་ནོ། །འོ་ན་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བའི་ཕྱིར། ཤེས་རབ་ཐ་མི་དད་པ་མིན་ནམ་སྙམ་པས་ཤེས་རབ་དེ་ཁྱད་པར་མེད་པར་ཞུས་པ་ནི། བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་གང་ལགས་པ་དེ་ཐམས་ཅད་ནི། དབྱེ་བ་མེད་པ་དབེན་པ། ངོ་བོ་ཉིད་མེད་པ། མ་སྐྱེས་པ། སྟོང་པ་ལགས་ཀྱི། བཅོམ་ལྡན་འདས། དབེན་པ། མ་སྐྱེས་པ། སྟོང་པ་ཉིད་ལ་ཐ་དད་དུ་བྱས་པ་མ་མཆིས་ན། ཇི་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམ་པས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པ་ལགས་ཞེས་སོ། །དེའི་ལན་ནི། བྱང་ཆུབ་སེམས་དཔའ་ནི་བསམ་པ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཆེད་དུ་བྱ་བ་ཆོས་སྐུའི་དོན་དུ་ཉེ་བར་གནས་པས་དགེ་བ་བཅུའི་ལས་ཀྱི་ལམ་དང༌། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་རིགས་ལ་སོགས་པ་དང༌། ལྷའི་མཐོ་རིས་ཐམས་ཅད་དང༌། རྒྱུན་དུ་ཞུགས་པ་ལས་སོགས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ཀྱང་བྱང་ཆུབ་སེམས་དཔའ་མེད་ན་མི་འབྱུང་བར་སྟོན་པ་ནི། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་སྒོམ་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་དང༌། བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའོ་ཞེས་འབྲས་བུ་གང་གི་དོན་དུ་ཉེ་བར་གནས་པ་དེའི་དོན་དུ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉེ་བར་གནས་པ་དེའི་དོན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉེ་བར་གནས་སམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མིན་ནོ་ཞེས་གསུངས་སོ། །འདི་དག་ནི་ཉི་ཁྲི་སྣང་བ་དང༌། རྣམ་འགྲེལ་ལས་འབྱུང་བ་ཁོ་ན་ལྟར་བྲིས་པ་ཡིན་ནོ། །དེ་ནས་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོས་ཇི་ལྟར་བརྩོན་ན་ཡུམ་ལ་བརྩོན་ཞེས་བགྱི། དྲིས་པའི་ལན་དུ། གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་ཞེས་སོགས་ཀྱི་སྡུག་བདེན་ལ་འདོམས་པ་དང༌། གཟུགས་སྐྱེ་བ་དང་འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་སོགས། ཀུན་འབྱུང་ལ་འདོམས་པ་དང༌། ཤཱ་རིའི་བུ་སྟོང་པ་ཉིད་ནི་མི་སྐྱེ་མི་འགག ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འགྲིབ་པ་མ་ཡིན། ཞེས་པ་ནས། དེ་ལྟར་བརྩོན་ན་བརྩོན་ཞེས་བྱ་བའི་བར་གྱིས་འགོག་བདེན་ལ་འདོམས། ཤཱ་རིའི་བུ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་མཐོང༌། ཞེས་སོགས་ལམ་བདེན་ལ་འདོམས་པ་དང༌། ཤཱ་རིའི་བུ་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་གཟུགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལ་གཟུགས་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཞེས་སོགས་སངས་རྒྱས་ལ་འདོམས་པ་དང༌། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར། དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་ཞེས་ཆོས་ལ་འདོམས་པ་དང༌། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་གནས་པ་འདིས་གནས་པ་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་སོགས་ཀྱིས་དགེ་འདུན་དཀོན་མཆོག་ལ་འདོམས་པ་དང༌། བཅོམ་ལྡན་འདས་བྱང་སེམས་ཆེན་པོའི་ལུས་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས་ཞེས་པ་ལ་འཕྲོས་ནས་བརྩོན་འགྲུས་གསུམ་ལ་འདོམས་པ་དང༌། ཤཱ་རིའི་བུ་བྱང་སེམས་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཞེས་སོགས་ཀྱིས་སྤྱན་ལྔ་ལ་འདོམས་པ་དང༌། ཤཱ་རིའི་བུ་ཡུམ་འདི་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། རྫུ་འཕྲུལ་གྱི་རྣམ་པ་དུ་མ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །ཞེས་སོགས་ཀྱིས་མངོན་ཤེས་དྲུག་ལ་འདོམས་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་ལས་བརྩམས་སྟེ། ཇི་ལྟར་བྱང་སེམས་ཆེན་པོ་རྣམས་ཡུམ་ལ་ངེས་པར་འབྱུང་བར་འགྱུར་བ་མེད་པ་ལྟར་ཁྱོད་སྤོབས་པར་བྱོས་ཤིག་སོགས་ཀྱིས་མཐོང་ལམ་ལ་འདོམས་པ་དང༌། རབ་འབྱོར་འདུས་མ་བྱས་ཀྱི་དབྱིངས་མེད་པར་འདུས་བྱས་ཀྱི་དབྱིངས་གདགས་པར་མི་ནུས་ཞེས་སོགས་ནས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི་འདི་ལྟ་སྟེ། མཐུན་པའི་ཆོས་ལ་སྲེད་པའོ་ཞེས་པའི་བར་གྱིས་སྒོམ་ལམ་ལ་འདོམས་པའི་གདམས་ངག་གསུངས་སོ། །འོ་ན་མཐོང་ལམ་ལ་འདོམས་པའི་གདམས་ངག་འདི། རབ་འབྱོར་གྱིས་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས་དབང་པོ་རྟུལ་པོ་ཉན་ཐོས་ཀྱིས་ཀྱང་ཕྱིན་ཅི་མ་ལོག་པར་འཆད་ནུས་པའི་དོན་ཡིན་ལ། རབ་འབྱོར་ཁོ་ནས་སྟོན་པ་ནི་བསྟན་བྱ་དང་སྟོན་པ་པོ་ཉོན་མོངས་པ་མེད་པར་སྐལ་བ་མཉམ་པར་སྟོན་པའི་དོན་ནོ། །བརྒྱད་སྟོང་པ་ལས་ནི། གདམས་ངག་བཅུ་པོ་རེ་རེ་ལྟར་གསུངས་པ་མེད་པས་སློབ་དཔོན་གྱིས་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཁ་བསྐོང་བར་མཛད་དོ། །གཉིས་པ་མདོ་དོན་བསྟན་བཅོས་སུ་ཇི་ལྟར་བཀྲལ་བ་ནི། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་གསུངས་ཏེ། དེ་ཡང་གོང་དུ། ཤེར་ཕྱིན་ལ་བསླབ་པར་བྱ། ཞེས་གསུང་ན། ཤེར་ཕྱིན་དེ་ཉིད་གང་ཞེ་ན། སྒྲུབ་ལ་གདམས་ངག་ཅེས་གསུངས། དེ་ལ་ཇི་ལྟར་བསླབ། བསླབ་པས་འབྲས་བུ་ཅི་ཞིག་འབྱུང་ཞེ་ན། དམིགས་པ་བདེན་པ་བཞི་ལ་དམིགས། རྟེན་དཀོན་མཆོག་གསུམ་ལ་བརྟེན། མི་མཐུན་ཕྱོགས་སེལ་བྱེད་བརྩོན་འགྲུས་གསུམ་རྒྱུད་ལ་བསྐྱེད་དེ། ཤེར་ཕྱིན་གྱི་སྒྲུབ་པ་དེ་ཉམས་སུ་བླངས་ན་གཞན་དོན་སྒྲུབ་བྱེད་སྤྱན་དང༌། མངོན་པར་ཤེས་པ་དང༌། རང་དོན་བསྒྲུབ་པ་མཐར་ཕྱིན་པའི་རྒྱུ་མཐོང་ལམ་དང༌། སྒོམ་ལམ་འབྱུང་ཞིང༌། འདི་ཙམ་ཁོ་ནས་ངེས་ལེགས་དོན་གཉེར་གྱི་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར། གདམས་ངག་བཅུར་གྲངས་ངེས་སོ། །ཞེས་སྟོན་པའི་དབང་དུ་བྱས་ནས། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་དེས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པའི་རྣམ་པ་གང་ཡིན་པ་མི་དམིགས་པ་དང༌། དེའི་དམིགས་པ་གང་ཡིན་པ་བདེན་པ་བཞི་དང༌། ཞེས་སོགས་གསུངས་སོ། །དགོས་པའི་སྒོ་ནས་བཅུ་པོ་གཉིས་སུ་འདུས་ཏེ། མདོ་ལས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདམས་པ་སྟེ། འདི་ནི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་འབྱུང་བ་ལྟར། སྔར་ཡོད་ཀྱི་ཡོན་ཏན་སེམས་བསྐྱེད་མི་ཉམས་ཤིང་འཕེལ་བའི་ཕྱིར་གདམས་པ་དང༌། སྔར་མ་ཐོབ་པའི་ཡོན་ཏན་སྤྱན་དང་མངོན་ཤེས་སོགས་ཐོབ་པའི་ཕྱིར་རྗེས་སུ་གདམས་པ་གཉིས་ལས། དང་པོ་ནི། བསྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་སྟེ། སེམས་བསྐྱེད་ཀྱི་ངོ་བོ་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་བསྟན་པ་དེ་ཉིད་ལ་མངོན་པར་ཞེན་པ་དགག་པའི་ཕྱིར། རྟེན་གྱི་གང་ཟག་བྱང་སེམས་དང༌། དོན་དུ་གཉེར་བྱ་བྱང་ཆུབ་དང༌། དེ་ཐོབ་པའི་ཐབས་ཤེར་ཕྱིན་དང༌། དེ་ལ་སྤྱོད་པའི་བྱ་བ་དང༌། བྱང་ཆུབ་ཀྱི་དམིགས་པ་ཕུང་པོ་སོགས་མི་དམིགས་པར་བསྟན་ཅིང༌། དེ་ལྟར་ཉམས་སུ་བླངས་ན་སེམས་བསྐྱེད་ཀྱི་གདམས་པ་དེ་ཉིད་མི་ཉམས་ཤིང་མཐར་ཕྱིན་པར་འགྱུར་ལ། དེ་འདྲའི་ཉམས་ལེན་དེ་ཉན་ཐོས་སོགས་དང་ཐུན་མོང་མིན་པའི་སྒྲུབ་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་རྗེས་སུ་བསྟན་པའི་གདམས་ངག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བརྩོན་ན་ཡུམ་ལ་བརྩོན་པར་བགྱི། ཞེས་སོགས་ཀྱིས། གདམས་པའི་དོན་དེ་ཉིད་ཡོན་ཏན་ཕྱི་མ་བསྐྱེད་པའི་ཐབས་སུ་ནན་ཏན་གྱིས་བསྒྲུབ་དགོས་པར་བསྟན་པའི་ཕྱིར་རོ། །འདི་ཡང་འཕགས་པའི་དགོངས་པར་མངོན་ནོ། །གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། འབྲེལ་བཙལ་བ་ནི། མདོ་ལས། དགེ་འདུན་དཀོན་མཆོག་གི་དབྱེ་བ་ལྷུག་པར་གསུངས་པ་ནི་འདིར་ཚིགས་བཅད་དུ་སྡེབས་པ་ཆོས་ཅན། དགོས་པ་ཡོད་དེ། དགེ་འདུན་དཀོན་མཆོག་གི་དབྱེ་བ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། དགེ་འདུན་དཀོན་མཆོག་གི་སྐབས་སུ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། ཞེས་སོགས་སོ། །མདོ་ལས། མདོར་བསྟན་རྒྱས་བཤད་གཉིས་ཀྱི་སྒོ་ནས་བཤད་པ་མེད་ཀྱང༌། བསྟན་བཅོས་སུ་བསྟན་བཤད་གཉིས་སུ་མཛད་པ་ཡིན་ནོ། །འབྲེལ་པ་ཅན་གྱི་དགེ་འདུན་དངོས་ལ། བཤད་བྱའི་མདོ་དགོད། མདོའི་དོན་བསྟན་བཅོས་སུ་ཇི་ལྟར་བསྡུས་པའི་ཚུལ་དང༌། མཚོན་བྱེད་དཔེའི་དགེ་འདུན་གྱི་གྲངས་ངེས་པར་བསྟན་པའོ། །དང་པོ་ནི། ཤཱ་རིའི་བུས་དྲིས་པའི་ལན་དུ། ཤཱ་རིའི་བུ་བྱང་སེམས་གང་དག་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་མ་གཏོགས་པ་དབང་པོ་རྟུལ་པོ་ཡིན་ནོ། །དེ་ཡུམ་གྱི་རྣལ་འབྱོར་འདི་ལ་ཡང་མྱུར་དུ་འཇུག་པར་མི་འགྱུར། དེ་ལ་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་ཀྱང་མངོན་དུ་མི་འགྱུར། བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་གཞན་ནམ། དགའ་ལྡན་གྱི་ལྷའི་རིགས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེའི་དབང་པོ་རྣམས་རྣོ་བར་འགྱུར་ཞིང༌། ཡུམ་གྱི་རྣལ་འབྱོར་འདི་ལ་ཡང་མྱུར་དུ་སྙོམས་པར་འཇུག་པར་འགྱུར་རོ། །ཞེས་སོགས་ལེ་བརྒྱད་མ་ལས་ཉི་ཤུ་རྩ་ལྔའི་མདོ་གསུངས་ལ། འདིར་ཕྱིར་མི་ལྡོག་པའི་བྱང་སེམས་བཀོལ་བ་ནི། དབང་པོ་རྣོན་པའི་ལམ་ཁོ་ནས་ཕྱིར་མི་ལྡོག་པའི་ས་བརྒྱད་པ་དེ་ཐོབ་པའི་ཕྱིར་ཞེས་ཉི་ཁྲི་སྣང་བར་བཤད་དོ། །གཉིས་པ་ལ། བཞེད་པའི་རྣམ་གྲངས་བཀོད་པ་དང༌། སློབ་དཔོན་གྱི་ལུགས་བརྗོད་པའོ། །དང་པོ་ལ་འཕགས་སེང༌། ཨ་བྷྱ་ཀ་ར་རྣམས་བྱང་སེམས་འཕགས་པའི་དགེ་འདུན་དབྱེ་གཞིར་བཞེད་ལ། དེ་ནི་འཕགས་པ་ཕྱིར་མི་ལྡོག་པ་ནི། ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་དང༌། མཚོན་བྱེད་དཔེའི་དབང་དུ་བྱས་ན་མཛོད་དང་མཐུན་ནོ། །ཤཱནྟི་པ་སྦྱོར་ལམ་ཡན་ཆོད་ཀྱི་དབྱེ་གཞིར་འདོད་ཅིང༌། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་དང༌། མཚོན་བྱེད་དཔེའི་དབང་དུ་བྱས་ན་མངོན་པ་གོང་མ་མཐུན་ནོ། །དབྱེ་ངོ་ལ། ཤཱནྟི་པ་དང༌། བུདྡྷ་ཤྲི་རྩ་བའི་ཚིག་ཟིན་ལྟར་འཆད་ཅིང༌། འདྲེ་ན་རེ། ལྷག་དང་བཅས་པ་མེད་པ་དང༌། །མདོ་འདི་ཉིད་ལ་ཞུགས་པ་དང༌། །མདོ་གཞན་དག་དང་འགལ་མེད་ཕྱིར། །དབྱེ་བ་གཞུང་བཞིན་རིགས་པ་ཡིན། །ཞེས་གསུང་ངོ༌། །འཕགས་པའི་དགོངས་པ་ལོ་ཙྪ་བ་ཆེན་པོས་བླངས་པ་ལྟར་ན། འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་སོགས་དབྱེ་གཞིར་མཛད་ནས། རྒྱུན་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་གསུམ་ལ་ཙམ་པོ་རེ། དགྲ་བཅོམ་ཞུགས་པ་སྟེ་བཞི་ཁ་སྐོང༌། འོག་མིན་འགྲོ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ་རྣམས་གཅིག་ཏུ་བསྡུད་ཅིང༌། དེར་མ་ཟད། ཕྱིར་འོང་ཕྱིར་མི་འོང་ལ་ཞུགས་པ་ལ་དད་མོས་མཐོང་ཐོབ་གཉིས་བགྲངས་ཤིང༌། རང་སངས་རྒྱས་ཅི་རིགས་པར་དེ་དག་ཏུའང་འདུས་པར་བཞེད། འདྲེ་ཆེན་པོས་འཕགས་པའི་དགོངས་པ་བླངས་པ་ལྟར་ན། གཞན་སྔར་བཞིན་ལ། རྒྱུན་ཞུགས་འབྲས་གནས་ཙམ་པོ་མི་བགྲང་བར་བརྒྱད་པ་བགྲངས་ནས་ཉི་ཤུ་མཛད། ཙམ་པོ་ཁ་སྐོང་མི་དགོས་པའི་རྒྱུ་མཚན་ནི། ཉི་ཁྲི་སྣང་བར་རྗེས་འབྲང་གཉིས། བཅུ་དྲུག་པ་ལ་གནས་པའི་དབང་དུ་བྱས་པས། རྒྱུན་ཞུགས་འབྲས་གནས་ཙམ་པོ་བསྡུས་པའི་ཕྱིར་ཏེ། རྗེས་འབྲང་གཉིས་ཆགས་བྲལ་སྔོན་དུ་མ་སོང་བའི་དབང་དུ་བྱས། དད་མོས་མཐོང་ཐོབ་གཉིས་ཆགས་བྲལ་སྔོན་དུ་སོང་བའི་དབང་དུ་བྱས་ཏེ་གསུངས་པའི་ཕྱིར། ཞེས་གཡག་ཊཱིཀ་ལས་གསུངས་ཀྱང་ཉི་ཁྲི་སྣང་བ་ལས་ནི་རྗེས་འབྲང་གཉིས་ཀྱིས་འདོད་པའི་ཉོན་མོངས་དྲུག་པ་དང༌། དགུ་པ་སྤངས་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་དང༌། བཅུ་དྲུག་པའི་ཚེ་འབྲས་གནས་སུ་འགྱུར་ཞིང༌། དེའི་ཚེ་དད་མོས་མཐོང་ཐོབ་ཀྱི་མིང་འདོགས་པར་བཤད་དོ། །དེས་ན་འཕགས་པའི་དགོངས་པ་ལོ་ཆེན་ལྟར་མི་འགལ་ལ། སློབ་དཔོན་སྔ་མ་རྣམས་འདྲེ་ལྟར་འཆད་དོ། །ཨ་བྷྱ་ཡའི་གནད་ཀྱི་ཟླ་འོད་ལྟར་ན། མཐོང་ལམ་སྐད་ཅིག་མ་བཅོ་ལྔ་རྗེས་འབྲང་གཉིས། བཅུ་དྲུག་པ་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོ། ས་ལྔ་པ་ལ་རིགས་ནས་རིགས་སྐྱེ་གཉིས། ས་དྲུག་པ་ལ་ཕྱིར་འོང་ཞུགས་པ། དད་མོས་མཐོང་ཐོབ་གཉིས་གཅིག་ཏུ་བགྲང༌། ས་བདུན་པ་ལ་བར་ཆད་གཅིག་པ། བརྒྱད་པ་དགུ་པ་ལ་ཕྱིར་མི་འོང་ཞུགས་པ་དད་མོས་མཐོང་ཐོབ་གཉིས་གཅིག་ཏུ་བགྲང༌། བཅུ་པ་ལ་ཕྱིར་མི་འོང་འབྲས་གནས་ལ་འདའ་བ་བཞི། འོག་མིན་འགྲོ་དབྱེ་གཞིར་བྱས་ནས། འཕར་བ་གསུམ། སྲིད་རྩེ་འགྲོ་དབྱེ་གཞིར་བྱས་ནས། གཟུགས་ཀྱི་ཆགས་བཅོམ་དང༌། མཐོང་ཆོས་ཞི། ལུས་མངོན་བྱེད་གསུམ། བར་ཆད་མེད་ལམ་ལ། དགྲ་བཅོམ་ཞུགས་པ་དང༌། བསེ་རུ་ལྟ་བུ་ཞེས་བཤད། རཏྣ་ཀིརྟི་ལྟར་ན། དད་མོས་མཐོང་ཐོབ་གཉིས། བར་ཆད་གཅིག་པ། འདའ་བ་བཞི། འཕར་བ་གསུམ། མཐོང་ཆོས་བཞི། ལུས་མངོན་བྱེད། བསེ་རུ་ལྟ་བུ་སྟེ། རྩ་བས་ཟིན་པ་བཅོ་ལྔ། ཤུགས་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོ། ཕྱིར་འོང་ཞུགས་པ་དང་གནས་པ་ཙམ་པོ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་ཞུགས་པ་སྟེ་ལྔ་བསྟན། དབང་པོ་རྣོ་རྟུལ་གཉིས་དད་མོས་མཐོང་ཐོབ་གཉིས་ཀྱི་བྱེ་བྲག་ཡིན་པས་དབྱེ་བར་མི་བགྲང༌། སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་སྟེ། མཐོང་ཆོས་ཞི་དང༌། ལུས་མངོན་བྱེད་ཀྱི་དབྱེ་གཞི་ཡིན་པས་མི་བགྲང༌། འོག་མིན་འགྲོ་ཡང༌། འཕར་གསུམ་གྱི་དབྱེ་གཞི་ཡིན་པས་མི་བགྲང༌། ཤུགས་བསྟན་ལྔ་དོན་གྱིས་ཐོབ་པས་དབྱེ་བར་བགྲང༌། ཞེས་གསུངས་སོ། །གཉིས་པ་སློབ་དཔོན་གྱི་དགོངས་པ་གང་ཡིན་བཙལ་བ་ལ། མཁས་པའི་བཞེད་པ་བཀོད་པ་དང༌། རང་གི་བློ་ལ་ཤར་བ་བརྗོད་པའོ། །དང་པོ་ལ་ཤེར་བློ་ལྟར། སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དོན་གཅིག་ཏུ་མཛད་ནས་འགྲེལ་པ་འདིར་འབྱུང་བ་ཁོ་ན་ལྟར་བཞེད་དེ། བསྡུས་དོན་ལས། འབྲས་བུ་དང་པོ་ལ་ནི་རྣམ་པ་ལྔའོ། །གཉིས་པ་ལ་ནི་རྣམ་པ་གསུམ་མོ། །གསུམ་པ་ལ་ནི་རྣམ་པ་བཅུའོ། །བཞི་པ་ལ་གཅིག་ཉིད་དོ། །རང་སངས་རྒྱས་ཀྱང་ཡིན་ནོ། །རྟོགས་པར་སླ་བ་ཉིད་ཀྱིས་དང་པོ་དང་གཉིས་པའི་འབྲས་བུ་ལ་གནས་པ་དང༌། འབྲས་བུ་བཞི་པ་ལ་ཞུགས་པ་ཚིགས་སུ་བཅད་པར་མ་བརྗོད་དོ། །ཞེས་གསུངས་ཀྱང༌། ཆོས་ཀྱི་བཤེས་གཉེན་ནི། རྒྱུན་ཞུགས་ཞུགས་པ་ལ་རྗེས་འབྲང་གཉིས། འབྲས་གནས་ལ་རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་ཞུགས་པ་ལ་དད་མོས་མཐོང་ཐོབ་གཉིས། འབྲས་གནས་ལ་ཙམ་པོ་དང་ཁྱད་པར་ཅན་གཉིས། ཕྱིར་མི་འོང་ཞུགས་པ་ལ་གཅིག འབྲས་གནས་ལ་འདའ་བ་བཞི། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ་དབྱེ་གཞིར་བྱས་ནས། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང༌། མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱིས་མངོན་དུ་བྱེད་པ་སྟེ་བཅུ། དགྲ་བཅོམ་ཞུགས་པ་རང་སངས་རྒྱས་དང་ཉི་ཤུར་བཞེད་དེ། ཚིགས་གསལ་ལས། རྒྱུན་དུ་ཞུགས་པ་བསྡུས་པ་བཞིའོ། །ཞེས་སོགས་གསུངས་སོ། །འགྲེལ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ་ལས། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང༌། མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་རྣམ་པ་གཉིས་སོ། །ཞེས་གསུང༌། རྔོག་འགྱུར་ལས། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་སྟེ་ཞེས་གསུངས་ཤིང༌། འདི་ལ་འདྲེ་ཆེན་པོ་ན་རེ། དེ་ལྟར་རྟ་ནི་གླང་པོ་ཆེ་ཡིན་ལ། དེ་ལ་དབྱེ་ན་ར་དང་ལུག་གཉིས། ཞེས་བརྗོད་པ་ལྟར་མ་འབྲེལ་ལོ། །ཞེས་འབུམ་ཕྲག་གསུམ་པ་ལ་ཞུས་པས། པཎྜི་ཏའི་ཞལ་སྔ་ནས། ཉན་ཐོས་ཀྱི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང༌། བྱང་སེམས་ནི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བརྒྱད་ཀ་བསྒོམ་པས། སྲིད་རྩེའི་མཐར་ཐུག་འགྲོ་ཞེས་བྱ་ལ། གཟུགས་མེད་ཀྱི་ཏིང་ངེ་འཛིན་སྙོམས་པར་འཇོག་ནུས་པས་གཟུགས་ཀྱི་ཆགས་བཅོམ་ཞེས་ཀྱང་བྱའོ། །ཞེས་གསུངས་པར་གྲགས་སོ། །གྲངས་བགྲང་ཚུལ་མི་མཐུན་པ་ཅི་རིགས་སུ་འབྱུང་བ་ནི་མདོའི་དངོས་བསྟན་དང༌། བསྟན་བཅོས་ཀྱི་ཚིག་ཟིན་མི་མཐུན་པ་ཅི་རིགས་སུ་འབྱུང་བས་གང་རུང་བསྒྲིབ་པའི་ཕྱིར་མཁས་པ་རྣམས་ཀྱིས་མཛད་དོ། །གཉིས་པ་ནི། བདག་གི་བློ་ལ་འདི་ལྟར་སྣང་སྟེ། མཚོན་བྱ་དོན་གྱི་དགེ་འདུན་འདི་དག་བསྡུ་ན་གཉིས་ཏེ། ཞུགས་པ་དང༌། འབྲས་གནས་གཉིས། དང་པོ་ལ། བརྒྱད་པ་དང༌། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང༌། སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་སྟེ། གསུམ་ཡོད་ཀྱང༌། དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས་སུ་འདུས་པས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པས་སྟོན་ནོ། །གཉིས་པ་ཙམ་པོ་དང་ཁྱད་པར་ཅན་གཉིས། ཙམ་པོ་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོ། ཕྱིར་འོང་འབྲས་གནས་ཙམ་པོ། ཕྱིར་མི་འོང་འབྲས་གནས་ཙམ་པོ་དང་གསུམ་ཡོད་ཀྱང༌། དང་པོ་གཉིས་ནི། དད་མོས་དང༌། མཐོང་ཐོབ་ལས་མིང་གཞན་སྨོས་མ་ནུས་པས། དད་དང་མཐོང་ཐོབ་ཅེས་པས་བསྟན། ཕྱི་མ་ནི། བར་དོར་འདའ་བ་སོགས་ཀྱི་མིང་གིས་བསྟན། ཁྱད་པར་ཅན་ལ། སྐྱེ་བའི་ཁྱད་པར་མིང་དུ་སྨོས་པ་དང༌། སྨོས་མ་ནུས་པ་གཉིས། མ་ནུས་པ་ལ་ཕྱིར་འོངས་ཞུགས་པ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་ཞུགས་པ་གསུམ་ཡོད་ཀྱང་མིང་དད་མོས་མཐོང་ཐོབ་གཉིས་སུ་འདུས་ཏེ། དད་དང་མཐོང་ཐོབ། ཞེས་སྟོན། སྐྱེ་བའི་ཁྱད་པར་མིང་དུ་སྨོས་པ་ལ། འདོད་པར་སྐྱེ་བའི་ཁྱད་པར་མིང་དུ་སྨོས་པ་དང༌། ཁམས་གོང་མར་སྐྱེ་བའི་ཁྱད་པར་མིང་དུ་སྨོས་པ་གཉིས་ནི། རིགས་ནས་རིགས་ཞེས་སོགས་ཀྱིས་བསྟན་ནོ། །མདོར་ན། དད་དང་མཐོང་ཐོབ་ནི། འབྲས་གནས་མདོར་བསྟན་ཡིན་ལ། ལྷག་མ་རྣམས་ནི་རྒྱས་བཤད་དོ། །འདིར་ལེགས་བཤད་གསེར་ཕྲེང་མཛད་པ་པོ། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པས་རྐང་གྲངས་གསུམ་འདོན་པ་ནི། རྣམ་དབྱེ་དང་པོའི་གཉིས་ཚིག་བྱིན་པས། དག་ཞེས་སྨོས་པ་མ་མཁྱེན་པར་ཟད་དོ། །ཡང༌། དད་དང་མཐོང་ཐོབ་ཅེས་པས། ཆགས་བྲལ་སྔོན་སོང་གི་འབྲས་གནས་དགེ་འདུན་ཉི་ཤུའི་རྐང་གྲངས་བསྟན་པར་བཞེད་པ་འཕགས་པའི་དགོངས་པ་ཡིན་ཞེས་གསུངས་པའང་མིན་ཏེ། ཉི་ཁྲི་སྣང་བར། དད་མོས་མཐོང་ཐོབ་གཉིས། ཕྱིར་འོང་ཕྱིར་མི་འོང་ཞུགས་པའི་དབང་དུ་མཛད་ནས་སྦྱར་ཏེ་གསུང་པའི་ཕྱིར་རོ། །དེ་ལྟར་ན་འདིར་བྱང་སེམས་ཀྱི་དགེ་འདུན་ཁོ་ན་དངོས་སུ་བསྟན་པ་ཡིན་ཞིང༌། བསྟན་ཚུལ་ནི་ཐེག་པ་དམན་པའི་དགེ་འདུན་གྱི་མིང་གིས་བཏགས་ནས་བསྟན་པ་ཡིན་ནོ། །འོ་ན་ཡུམ་གྱི་མདོར། དེ་འདྲའི་ཐ་སྙད་མི་འབྱུང་བས་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་དམན་པའི་དགེ་འདུན་གྱི་མིང་གིས་འདོགས་པ་ལ་ནི། ཤེས་བྱེད་མེད་དོ་ཞེས་ན། འཕགས་སེང་གཉིས་ཀྱིས། ཕྱིར་མི་ལྡོག་འཁོར་ལོའི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པའི་རྗེས་སུ་འབྲང་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་བར་དུ་གང་ཟག་གི་རྣམ་པར་གཞག་པ། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གསལ་བར་གསུངས་པ་ཡིན་པའི་ཕྱིར། དེ་དག་ལས་བལྟ་བར་བྱའི། འདིར་གཞུང་མངས་ཀྱི་དོགས་ཏེ་ཁོ་བོ་ཅག་གིས་མ་བཀོད་དེ། བཏགས་ཟིན་ཐག་པས་ཅི་ཞིག་བྱ། །ཞེས་གསུངས་ཀྱང༌། འདི་དག་བྱང་སེམས་ཀྱི་དགེ་འདུན་ལ་རྗེས་གྲུབ་ཏུ་སྦྱར་བའི་མིང་ཡིན་པར་འཕགས་པ་དང༌། མཁས་པ་ཆེན་པོ་ཤཱནྟི་པས་གསུངས་ཤིང༌། འདོགས་པའི་རྒྱུ་མཚན་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གྱི་ཆ་འགའ་ཞིག་འདྲ་བའི་ཕྱིར། བཏགས་པའི་དགོས་པ། དགེ་འདུན་དཀོན་མཆོག་ཏུ་ཡིད་ཆེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ཀྱང་བྱང་སེམས་ཡིན་པའི་ཕྱིར། ཞེས་ཤཱནྟི་པས་གསུངས། བཏགས་པའི་དགོས་པ་ཉི་ཁྲི་སྣང་བ་ལས། ཉན་རང་གི་རིགས་ཅན་རྣམས་རྒྱུན་དུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་བར་ལ་དགོད་པའི་ཆེད་ཡིན་ནོ། །རང་གིས་མ་ཐོབ་པའི་ཆོས་ལ་གཞན་ཇི་ལྟར་འགོད་ནུས་སྙམ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་དང་སྤོང་བ་ནི། བྱང་སེམས་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པར་འདུས་པའི་ཕྱིར། ཞེས་གསུངས་ཤིང༌། ཕྱིར་མི་ལྡོག་པ་འཁོར་ལོའི་མདོར་ནི། འདོགས་པའི་རྒྱུ་མཚན་སོགས་འདི་ལས་གཞན་དུའང་གསུངས་སོ། །གསུམ་པ་མཚོན་བྱེད་དཔེའི་དགེ་འདུན་གྱི་གྲངས་ངེས་ལ། བདག་གི་བློ་ལ་འདི་ལྟར་སྣང་སྟེ། ཉན་ཐོས་ཀྱི་དགེ་འདུན་མདོར་བསྡུ་ན། སྤངས་པའི་སྒོ་ནས་བསྡུ་བ་དང༌། སྐྱེ་བ་ལེན་ཚུལ་གྱིས་བསྡུ་བའོ། །དང་པོ་ནི། མཐོང་སྤངས། སྤངས་མ་སྤངས་གཉིས་སུ་ངེས། མ་སྤངས་པ་ལ་སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་མ་ཐོབ་གཉིས་སུ་ངེས། མ་ཐོབ་པ་ལ་དཔྱད་པ་བོར་ནས། ཐོབ་པ་ལ་འདོད་པ་ལ་ཆགས་པ་དང་བྲལ་མ་བྲལ་གཉིས་སུ་ངེས། དང་པོ་ལ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་ཞེས་བྱ་ལ། གཉིས་པ་ལ། འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་མ་བྲལ་གཉིས་སུ་གྲངས་ངེས། དང་པོ་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ཞེས་བྱ། གཉིས་པ་ལ་རྒྱུན་ཞུགས་ཞུགས་པ་ཞེས་བྱ། མཐོང་སྤངས་སྤངས་པ་ལ། ཁམས་གསུམ་ཅར་ལ་ཆགས་པ་དང་བྲལ་མ་བྲལ་གཉིས་སུ་ངེས། བྲལ་བ་ལ་གཅིག་ཅར་ཆགས་པ་དང་བྲལ་བ་དང༌། རིམ་གྱིས་ཆགས་པ་དང་བྲལ་བ་གཉིས་སུ་ངེས། དང་པོ་ལ་སྤངས་བྱ་གཅིག་ཅར་བའི་དགྲ་བཅོམ་ཞེས་བྱ། གཉིས་པ་ལ། རིམ་གྱིས་བའི་དགྲ་བཅོམ་ཞེས་བྱ། མ་བྲལ་བ་ལ། འདོད་པ་ལ་ཆགས་པ་དང་བྲལ་མ་བྲལ་གཉིས་སུ་གྲངས་ངེས། དང་པོ་ལ། མཐོང་ལམ་གྱི་སྔར་བྲལ་བ་དང༌། ཕྱིས་བྲལ་བ་གཉིས་སུ་ངེས། དང་པོ་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་གནས་ཞེས་བྱ། གཉིས་པ་ལ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཞེས་བྱ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ལ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་མ་བྲལ་གཉིས་སུ་ངེས། བྲལ་བ་ལ་མཐོང་ལམ་གྱི་སྔར་བྲལ་བ་དང༌། ཕྱིས་བྲལ་བ་གཉིས་སུ་ངེས། དང་པོ་ལ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞེས་བྱ། གཉིས་པ་ལ། ཁམས་གོང་མའི་ཉོན་མོངས་དྲུག་པ་ལ། ཆགས་པ་དང་བྲལ་མ་བྲལ་གཉིས་སུ་ངེས། དང་པོ་ནི། སྤང་བྱ་གཅིག་ཅར་བའི་རྒྱུན་ཞུགས་སུ་གཏོགས། གཉིས་པ་ལ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཞེས་བྱ། ཕལ་ཆེར་ལ་འདོད་ཆགས་དང་མ་བྲལ་བ་ལ་ཁམས་གོང་མའི་ཉོན་མོངས་སྤོང་བ་ལ། མངོན་དུ་ཕྱོགས་མ་ཕྱོགས་གཉིས་སུ་ངེས། དང་པོ་ནི། སྤང་བྱ་གཅིག་ཅར་བའི་རྒྱུན་ཞུགས་སུ་གཏོགས་པས་དགྲ་བཅོམ་ཞུགས་པ་ཡིན་ནོ། །གཉིས་པ་ལ་ནི། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཞེས་བྱའོ། །གཉིས་པ་སྐྱེ་བ་ལེན་ཚུལ་གྱི་མདོར་བསྡུ་བ་ལ། ཞུགས་གནས་ཀྱི་གང་ཟག་དེ་དག་ཀྱང་མདོར་བསྡུ་ན། སྐྱེ་བ་ལེན་པའི་རྒྱུ་དང་ལྡན་པ་དང་མི་ལྡན་པ་གཉིས་སུ་ངེས། མི་ལྡན་པ་ནི་དགྲ་བཅོམ་པའོ། །ལྡན་པ་ལ། རྒྱུ་དེ་ཚེ་འདི་ལ་སྤོང་ནུས་མི་ནུས་གཉིས། ནུས་པ་ལ། བདེན་པ་མཐོང་བའི་ཚེ་འདི་ལ་སྤོང་ནུས་པ་དང༌། བདེན་པ་མཐོང་བའི་རྗེས་སུ་བླངས་བའི་ཚེ་འདི་ལ་སྤོང་བ་གཉིས་སུ་ངེས། དང་པོ་ལ་མཐོང་ཆོས་ཞི་ཞེས་བྱ། གཉིས་པ་ལ། བདེན་པ་མཐོང་རྗེས་སུ་འདོད་པར་སྐྱེ་བ་བརྒྱུད་མར་བླངས་པ་དང༌། ཁམས་གོང་དུ་སྐྱེ་བ་བརྒྱུད་མར་བླངས་པ་གཉིས་སུ་ངེས། དང་པོ་ལ་ནི། འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ཞེས་བྱའོ། །སྐྱེ་བ་ལེན་པའི་རྒྱུ་ཚེ་འདི་ལ་སྤོང་མི་ནུས་པ་ལ། འདོད་པར་སྐྱེ་བ་ལེན་ངེས་པ་དང༌། ཁམས་གོང་མར་སྐྱེ་བ་ལེན་ངེས་པ་གཉིས། དང་པོ་ལ། སྐྱེ་སྲིད་བདུན་ལེན་ངེས་པ་དང༌། གཅིག་ལེན་པར་ངེས་པ་གཉིས་སུ་གྲངས་ངེས། དང་པོ་ནི། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ལ། གཉིས་པ་ལ། རིགས་མཐུན་གྱི་སྐྱེ་སྲིད་གཅིག་ཁོ་ན་ལེན་ངེས་པ་དང༌། གཉིས་ལ་སོགས་པ་ལེན་ངེས་པ་གཉིས། དང་པོ་ནི། ཚེ་གཅིག་བར་ཆད་གཅིག་པ་ཡིན། གཉིས་པ་ལ་ནི། རིགས་ནས་རིགས་སྐྱེ་ཞེས་བྱའོ། །གཉིས་པ་ལ། གཟུགས་ཁམས་སུ་སྐྱེས་བའི་རྒྱུ་དང་ལྡན་པ་གཟུགས་སུ་ཉེར་འགྲོ་དང༌། གཟུགས་མེད་ཁོ་ནར་སྐྱེ་བའི་རྒྱུ་དང་ལྡན་པ་གཟུགས་མེད་ཉེར་འགྲོ་གཉིས། དང་པོ་ལ། གཟུགས་མེད་དུའང་སྐྱེ་བ་ལེན་མི་ལེན་གཉིས་སུ་ཁ་ཚོན་ཆོད། དང་པོ་ནི། སྲིད་རྩེའི་མཐར་ཐུག་འགྲོ་ཡིན། གཉིས་པ་ལ། སྔོན་དུ་སྐྱེ་བ་ལེན་མི་ལེན་གཉིས་སུ་ངེས། མི་ལེན་པའི་བར་དོར་འདའ་བ་ཡིན། ལེན་པ་ལ། གཅིག་ཁོ་ན་ལེན་པ་དང༌། གཉིས་ལ་སོགས་པ་ལེན་པ་གཉིས། དང་པོ་ནི། སྐྱེས་ནས་འདའ་བ་ཡིན། གཉིས་པ་ལ། གཉིས་ཁོ་ན་ལེན་པ་དང༌། གསུམ་ཁོ་ན་ལེན་པ་དང༌། བཞི་ལ་སོགས་པ་ལེན་པའོ། །དེ་དག་ལ་ནི། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་སྒོ་ནས་བསྡུ་ན། རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱེད་ནུས་མི་ནུས་གཉིས་སུ་འདུས་ཤིང༌། ནུས་པ་དེ་ལ་ནི། ལུས་མངོན་བྱེད་ཅེས་བྱ། མི་ནུས་པ་ནི། དེ་ལས་གཞན་རྣམས་སོ། །འདི་ནི་མངོན་པ་གོང་མའི་ལུགས་སོ། །མཆིམས་ཊཱིཀ་ཆེན་མོར། མཛོད་འགྲེལ་གྱི་དགོངས་པ་འཆད་པ་ལ། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང༌། ཁྲི་དང་ཉིས་སྟོང༌། དགུ་བརྒྱ་དང་དྲུག་ཅུར་བཤད་དེ། དེ་ཡང༌། བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། འདུ་བྱེད་དང་བཅས་དེ་འདའ་བ་དང༌། སྐྱེས་ནས་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ། འདུ་བྱེད་མེད་པར་འདའ་བ། གོང་འཕོ་སྟེ། ལྔ་པོ་རེ་རེ་ལ་གནས་ཀྱི་དབྱེ་བ་བཅུ་དྲུག་སྟེ། དེ་རེ་རེ་ལའང་རིགས་ཀྱི་དབྱེ་བ་དྲུག་སྟེ། དེ་རེ་རེ་ཡང་དབང་པོའི་དབྱེ་བ་གསུམ་རེ། དེ་རེ་རེ་ལའང་ཆགས་བྲལ་གྱི་དབྱེ་བ་འཆིང་བ་མཐའ་དག་དང་ལྡན་པ་ནས། ཉོན་མོངས་བརྒྱད་པ་ཆགས་པ་དང་བྲལ་བར་དགུ་དགུ་སྟེ་དེ་ལྟར་རོ། །གཉིས་པ་ཐོབ་བྱ་སྒྲུབ་པའི་འབྲས་བུ་ལ། དང་པོ་སྔ་ཕྱིའི་འབྲེལ་བཙལ་བ་ལ་མདོའི་འབྲེལ་ནི། སྒོམ་ལམ་ལ་འདོམས་པའི་གདམས་ངག་གི་མདོར། བྱང་ཆུབ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི་འདི་ལྟ་སྟེ། མཐུན་བའི་ཆོས་ལ་སྲིད་པའོ། །ཞེས་པ་ལ་འཕྲོས་ནས། ཤཱ་རིའི་བུས། རབ་འབྱོར་ལ། མཐུན་པའི་ཆོས་ལ་སྲེད་པ་གང་ཡིན་ཞེས་དྲིས་པའི་ལན་གྱིས་ངེས་འབྱེད་ཡན་ལག་གསུངས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། གོང་དུ་གདམས་ངག་གི་འབྲས་བུ་མཐོང་ལམ་དང༌། སྒོམ་ལམ་འབྱུང་བར་བསྟན་པ་དེ་ཡང་ངེས་འབྱེད་ཡན་ལག་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་སྟོན་པ་ནི། ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ་ཞེས་སོགས་སོ། །གཉིས་པ་འབྲེལ་པ་ཅན་གྱི་དོན་དངོས་ལ། བཤད་བྱའི་མདོ་དགོད་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཡིན་ནོ། །ཞེས་སོགས་མདོའི་རིམ་པ་གཅིག་ལ་བསྟན་བཅོས་ཀྱི་མདོར་བསྟན་རྒྱས་བཤད་གཉིས་མཛད་པ་ཡིན་ནོ། །གཉིས་པ་བསྟན་བཅོས་སུ་ཇི་ལྟར་བཀྲལ་བ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་སོ། །དང་པོ་ལ། བོད་སྔ་རབས་པ་རྣམས་ན་རེ། བསྟན་བཅོས་འདིར་ཐེག་ཆེན་གྱི་ལམ་ལྔ་ཀའང༌། ཐེག་དམན་གྱི་ལམ་ལྔ་ལས་ཁྱད་པར་འཕགས་པར་བསྒྲུབ་པའི་གཞུང་རེ་རེ་ཡོད་པ་ལས། འདིས་ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཞུགས་པར་བསྒྲུབས་སོ། །ཞེས་གསུངས་པ་ལྟར་རིགས་སོ། །དེ་ཡང་འཕགས་པ་ལྟར་ན། ཁྱད་ཆོས་བཞིའམ་དྲུག་གིས་ཁྱད་ཞུགས་པར་འདོད། སློབ་དཔོན་ནི། ཁྱད་ཆོས་ལྔའི་སྒོ་ནས་ཁྱད་ཞུགས་པར་བཞེད། དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཐེག་ཆེན་གྱི་གདམས་ངག་ཉམས་སུ་བླངས་པ་ལ་བརྟེན་ནས། འབྲས་བུ་ཁྱད་པར་དུ་འཕགས་པ་འདི་འབྱུང་ངོ་ཞེས་སྟོན་པས། གདམས་ངག་ཉན་པའི་བྱང་སེམས་སྤྲོ་བ་བསྐྱེད་པའི་ཆེད་ཡིན་ནོ། །འདི་དང་སྐབས་འོག་མའི་སྦྱོར་ལམ་ལ་ཁྱད་པར་མེད་ན་ཟློས་པར་འགྱུར་ཞིང༌། ཡོད་ན་སྟོན་དགོས་སོ་ཞེ་ན། ཉི་ཁྲི་སྣང་བར། སྐབས་དང་པོར་ཐེག་ཆེན་གྱི་ངེས་འབྱེད་ཁྱད་ཆོས་དྲུག་གིས་ཐེག་དམན་གྱི་ངེས་འབྱེད་ལས་ཁྱད་ཞུགས་པར་བསྟན། སྐབས་གཉིས་པར། དམིགས་པ་དང་རྣམ་པའི་ཁྱད་པར་གཉིས་ཀྱིས་བསྟན་ཏེ། དམིགས་པ་གཟུགས་སོགས་སྟོང་པ་ཉིད་ལ་དམིགས། རྣམ་པ་གཟུགས་སོགས་དང་སྟོང་ཉིད་དབྱེར་མེད་པའི་རྣམ་པ་ཅན་ནོ། །སྐབས་བཞི་པར། དམིགས་པ་སེམས་ཅན་དང༌། རྣམ་པ་མཉམ་པ་ཉིད་སོགས་ཀྱི་སྒོ་ནས་བསྟན་པར་བཤད་དོ། །བསྡུས་དོན་སྒྲོན་མ་ལས་ནི། ལམ་ཤེས་ངེས་འབྱེད་ཉན་ཐོས་ཀྱི། །རྣམ་ཀུན་ངེས་འབྱེད་ཀུན་རྫོབ་ཀྱི། །འདིར་ནི་དོན་དམ་ཆ་ནས་ནི། །བསྟན་པས་ཟློས་སྐྱོན་མེད་དོ་ཞེས། །བུདྡྷ་ཤྲཱི་ཛྙཱ་ན་འདོད། །ངེས་འབྱེད་བདེན་པ་རྟོགས་པ་སྟེ། །དེ་ཆ་སྡུག་བསྔལ་ཆོས་ཤེས་བཟོད། །དེ་དང་མཐུན་པ་མཚན་ཉིད་ཡིན། །སྦྱོར་ལམ་མོས་སྤྱོད་ཆ་མཐུན་ནི། །འདི་ཡི་མིང་གི་རྣམ་གྲངས་ཡིན། །ཞེས་ཀྱང་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཐབས་མཁས་པའི་སྟོབས་ཀྱིས། ཞེས་པ་འདི་ནི། དམིགས་པ་ལ་འཕྲོས་པའི་དོན་ཡིན་ལ། དེ་ལའང་གསེར་གླིང་པ་ལྟར་ན། ཀུན་འབྱུང་བདེན་པའི་གནས་སྐབས་ཁ་ཅིག་ཏུ་ནི། སྡུག་བསྔལ་གྱི་རྒྱུར་རྟོགས་པའི་སྒོ་ནས་སྡུག་བསྔལ་བདེན་པའི་གནས་སྐབས་ཁ་ཅིག་ཏུ་ནི། རང་རྒྱུ་ཀུན་འབྱུང་གི་འབྲས་བུར་རྟོགས་པའི་སྒོ་ནས། འགོག་བདེན་གྱི་གནས་སྐབས་ཁ་གཅིག་ཏུ་ནི། ཆོས་ཐམས་ཅད་འགོག་པའི་ངོ་བོར་རྟོགས་པའི་སྒོ་ནས། ལམ་བདེན་གྱི་གནས་སྐབས་ཁ་ཅིག་ཏུ་ནི། མཁྱེན་གསུམ་གྱི་ཆོས་ལ་དམིགས་པ་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཞེས་བཞེད། ཤེར་འབྱུང་བློ་གྲོས་ལྟར་ན། ཀུན་འབྱུང་གི་བདེན་པ་ལ་སྐབས་ཁ་ཅིག་ཏུ། རང་རྒྱུ་ཀུན་འབྱུང་ལས་རང་འབྲས་སྡུག་བསྔལ་འབྱུང་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཀྱི་རྒྱུའི་སྒོ་ནས། སྡུག་བདེན་ལ་གནས་སྐབས་ཁ་ཅིག་ཏུ། རང་རྒྱུད་ཀུན་འབྱུང་གི་འབྲས་བུར་རྟོགས་བཞིན་པའི་རང་བཞིན་འབྲས་བུའི་སྒོ་ནས། ལམ་བདེན་ལ་གནས་སྐབས་ཁ་ཅིག་ཏུ་སྟོང་པ་ཉིད་འགོག་བདེན་གྱི་མཚན་ཉིད་ཅན་གྱི་ངོ་བོའི་སྒོ་ནས། འགོག་བདེན་ལ་སྐབས་ཁ་ཅིག་ཏུ་ནི། ལམ་བདེན་དེ་དང་དེ་ཉིད་གཞན་དུ་བརྗོད་དུ་མེད་པའི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་ཞེས་བཞེད། ཆོས་ཤེས་ལྟར་ན། ཐེག་པ་གསུམ་ཅར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པ། རྒྱུའི་སྒོ་ནས་འབྲས་བུ་སངས་རྒྱས་ཀྱི་མངོན་སུམ་པའི་རྒྱུར་གྱུར་པ། འབྲས་བུའི་སྒོ་ནས། ཆོས་དབྱིངས་ཀྱི་ངོ་བོར་གནས་པ། ངོ་བོ་ཉིད་ཀྱི་སྒོ་ནས། ཆོས་དབྱིངས་ཀྱི་རང་བཞིན་དེ་ཡང་ཀུན་རྫོབ་ཏུ་དམིགས་པ་རྣམས་ཀྱི་བྱེ་བྲག་དུ་མར་རྟེན་འབྲེལ་གྱི་མཐུའི་ཆེ་བས་གནས་པ། ཆོས་དབྱིངས་ཀྱི་རྣམ་པའི་སྒོ་ནས་ཞེས་བཞེད། ལོ་ཆེན་གྱི། བཟོད་པ་འབྲིང་གི་གནས་སྐབས་ཁ་ཅིག་ཏུ་རྒྱུའི་སྒོ་ནས། ཆོས་མཆོག་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས། བཟོད་པ་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་ངོ་བོ་ཉིད་ཀྱི་རྣམ་པའི་སྒོ་ནས། ལྷག་མ་དགུའི་གནས་སྐབས་ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་པར་བཞེད། བཅོམ་ལྡན་རལ་གྲི་ན་རེ། རིགས་བྱིན་དང༌། ཤེར་བློའི་བཞེད་པ་མི་འཐད་དེ། ཉན་ཐོས་ལས་ཁྱད་པར་འཕགས་པར་མ་བཤད་པའི་ཕྱིར་དང༌། ལམ་ཁོ་ན་ལ་ཆོས་ཉིད་ཀྱིས་དམིགས་པའི་རྒྱུ་མཚན་མེད་པའི་ཕྱིར། ལོ་ཙྪ་བའི་ལུགས་ཀྱང་མི་འཐད་དེ། རང་གི་བློས་བཀོད་པ་ཙམ་ཡིན་གྱི། སློབ་དཔོན་གྱི་གཞུང་ལས་བཤད་པ་མེད་པའི་ཕྱིར། ཞེས་བཀག་ནས། བྱང་ཆུབ་སེམས་དཔས་གང་ཅུང་ཟད་དམིགས་པའི་ཡུལ་ལ་དམིགས་ནས་ཡིད་ལ་བྱེད་པ་ནི་བདེན་པ་གཉིས་ལས་མི་འདའ་བས། ཀུན་རྫོབ་ཀྱི་རྣམ་པར་ཡིད་ལ་བྱེད་པ་ན། རྒྱུ་འབྲས་བུ་ངོ་བོ་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས། དོན་དམ་པའི་རྣམ་པར་ཡིད་ལ་བྱེད་པའི་ཚེ་ནི། ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་སོ། །གལ་ཏེ་ཐམས་ཅད་ཀྱང་ཆོས་ཀྱི་སྤྲོས་བྲལ་ཡིན་ན། རྒྱུ་སོགས་དུ་མར་འགྱུར་བ་འགལ་ལོ་ཞེ་ན། བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་ཞེས་གསུངས་ཏེ། འདི་ལྟར་རང་བཞིན་གཅིག་ཉིད་ལ་རྣམ་འགྱུར་སྣ་ཚོགས་སུ་འགྱུར་བ་ནི། བྱང་ཆུབ་སེམས་དཔའི་ཐབས་མཁས་པའི་མཐུའི་ཆེ་བ་ཡིན་ལ། སྣ་ཚོགས་པ་ཡང་སྤྲོས་པ་མེད་པའི་རང་བཞིན་གཅིག་ཉིད་དུ་འགྱུར་བ་ནི། ཆོས་དབྱིངས་ཀྱི་ཆེ་བ་ཡིན་ནོ། །ཞེས་གསུངས་ཏེ་ཤིན་ཏུ་ལེགས་པར་སྣང་ཞིང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་དང༌། རྣམ་བཤད་ཀྱི་དགོངས་པའང་འདི་ཉིད་ཡིན་ནོ། །བདག་གི་བློ་ལ་འདི་ལྟར་སྣང་སྟེ། གཉིས་པ་རྒྱས་པར་བཤད་པ་ལ། དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་ཆོས་རྒྱས་པར་བཤད། མཚུངས་ལྡན་རྟོགས་པའི་ཁྱད་ཆོས་རྒྱས་པར་བཤད། ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པའོ། །དང་པོ་ལ་དམིགས་པ་བཤད་པ་དང༌། དམིགས་རྣམ་གྱི་ཁྱད་པར་སོ་སོར་ཕྱེ་བའོ། །དང་པོ་ལ། འོ་ན་འཆད་པར་འགྱུར་བའི་དམིགས་པའི་ཁྱད་པར་དེ་ཞེས་བཤད་པ་དེ་གང་ཡིན་ཞེ་ན། དྲོད་ཀྱི་གནས་སྐབས་ཁ་ཅིག་ཏུ་ནི། རྒྱུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པའི་སྒོ་ནས། རྩེ་མོའི་གནས་སྐབས་ཁ་ཅིག་ཏུ་ནི། འབྲས་བུ་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པའི་སྒོ་ནས། བཟོད་པའི་གནས་སྐབས་ཁ་ཅིག་ཏུ་ནི་ངོ་བོ་ཉིད་གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པའི་སྒོ་ནས། ཆོས་མཆོག་གི་གནས་སྐབས་ཁ་ཅིག་ཏུ་ནི། ཆོས་ཉིད་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་སོགས་པའི་རྣམ་པའི་སྒོ་ནས། བདེན་བཞིན་ལ་ཇི་ལྟར་སྲིད་པ་བཞིན་དམིགས་སོ། །འདིར་གང་ཟག་རྫས་ཡོད་ཀྱི་འཛིན་པ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་ཕྱིར། བཏགས་ཡོད་ཀྱི་འཛིན་པ་ལ་ཆོས་ཉིད་ཅེས་བྱ་སྟེ། ངོ་བོས་སྟོང་པར་འཛིན་པ་ཡིན་པའི་ཕྱིར། འོ་ན་བདེན་སྟོང་མེད་དགག་ཁོ་ན་ལ་དམིགས་པ་ཡིན་ནམ་ཞེ་ན། བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་པས་ཐབས་ལ་མཁས་པའི་སྟོབས་ཀྱིས་ཞེས་གསུངས་པར་མངོན་ནོ། །འོ་ན་དམིགས་ཚུལ་བཞི་པོ་དེར་ངེས་སམ་ཞེ་ན། བུདྡྷ་ཤྲཱི་དང༌། ལོ་ཆེན་ལྟར་ན། སྔ་མ་ཉན་ཐོས་ཀྱི་སྐབས་སུ་བཤད་པ་བཞིན། མི་རྟག་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་དམིགས་སོ། །ཞེས་པའམ། ཡང་ན་མངོན་ཞེན་མེད་པ་ལ་སོགས་པའི་རྣམ་པ་གཞན་གྱིས། ཞེས་གསུངས་ལ། རལ་གྲི་ན་རེ། སྔ་མ་མི་འཐད་དེ། ཉན་ཐོས་ལས་ཁྱད་ཞུགས་པར་མ་གྲུབ་པའི་ཕྱིར་དང༌། ཕྱི་མའང་མི་འཐད་དེ། འོག་འདི་ཉིད་དུ་འཆད་པའི་ཕྱིར་ཞེས་བཀག་ནས། རང་ལུགས། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་ནས་འཆད་པའི་རྣམ་པ་རྣམས་ཀྱིས་དམིགས་ཞེས་གསུངས། མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། དེ་ཡང་སློབ་དཔོན་གྱི་བཞེད་པར་མི་རུང་སྟེ། རྣམ་ཀུན་ཁྱད་པར་ཅན་གྱི་སྦྱོར་ལམ་བཏགས་པ་བ་ཡིན་པའི་ཕྱིར་ཞེས་འཆད། བདག་གི་བློ་ལ་འདི་ལྟར་སྣང་སྟེ། ཇི་ལྟར་སྲིད་པ་བཞིན་དམིགས་ན་མི་རྟག་སོགས་ཀྱི་སྒོ་ནས་ཀྱང་དམིགས་དགོས་ལ། དེ་ལྟ་ན་ཉན་ཐོས་དང་ཁྱད་པར་ཅི་ཡོད་ཅེ་ན། དཔལ་བརྩེགས་ཀྱི་འགྱུར་ལས། དེ་བཞིན་དུ་ཞེས་འབྱུང༌། ཕྱི་འགྱུར་ལས། སྔ་མ་བཞིན་ཞེས་འབྱུང་བས། རྣམ་པ་གཞན་མི་རྟག་སོགས་ལ་དམིགས་པའང་སྔ་མ་དེ་བཞིན་དུ། རྒྱུ་འབྲས་ངོ་བོ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་སོ། །ཞེས་ཁོང་དུ་ཆུད་པར་བྱའོ། །འོ་ན་རྣམ་པ་གཞན་གྱི་དམིགས་ཚུལ་བརྗོད་དགོས་སོ་ཞེ་ན། མདོར་བསྡུས་ཏེ་ཞེས་སོ། །གལ་ཏེ་རྒྱུ་འབྲས་ངོ་བོ་ཆོས་ཉིད་ཀྱི་རྣམ་པ་སོགས་མི་འདྲ་བ་དུ་མའི་དམིགས་ཚུལ་མི་འཐད་དེ། ཆོས་མངོན་པ་ལས། མི་རྟག་སོགས་ལས་རྣམ་པ་གཞན་མ་བཤད་པའི་ཕྱིར་ཞེ་ན། ཐེག་པ་གཞན་ལ་བརྟེན་ནས་གཅིག་ཤོས་སུན་འབྱིན་མི་ནུས་སོ་ཞེས་སྟོན་པ་ནི། དེ་ཕྱིར་ཞེས་སོགས་སོ། ཊཱི་ཀའི་དགོངས་པའོ། །ཡང་ན་དེ་ཕྱིར་ཞེས་གསུངས་པས། གྲུབ་དོན་སྦྱར་དགོས་ཏེ། མངོན་པ་དང༌། ཤེར་ཕྱིན་ལས་གསུངས་པ་གཉིས་མི་འགལ་བར་བསྟན་པ་ན། ཐེག་པ་གཞན་ལ་བརྟེན་ནས། གཞན་སུན་འབྱིན་མི་ནུས་པར་གྲུབ་ཞེས་སྟོན་པའོ། །གསེར་གླིང་པ་ནི། ཐེག་ཆེན་བཀས་བསྒྲུབ་ཀྱིས་གཞུང་དུ་སྦྱོར་བར་མཛད་དེ་རིགས་པར་སྣང་ངོ༌། །གཉིས་པ་དམིགས་རྣམ་གྱི་ཁྱད་པར་སོ་སོར་དབྱེ་བ་ལ། འབྲེལ་བཙལ་བ་ནི། གོང་དུ་རྣམ་པའི་སྒོ་ནས་ཇི་ལྟར་སྲིད་པ་བཞིན་དམིགས་ཞེས་བཤད་ན། དེ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། དེའི་ཁྱད་པར་འཆད་དོ་ཞེས་སྟོན་པ་ནི། དམིགས་པ་དང་རྣམ་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཞེས་སོགས་སོ། །འདིར་དམིགས་པ་རྣམས་ཀྱི་ཁྱད་པར་ལ། བྱེ་བྲག་ཏུ་སྨྲ་བ། དམིགས་པ་ནི་གཟུགས་ལྟ་བུ་ཡུལ་གྱི་ཁྱད་པར་ལ་འདོད། མདོ་སྡེ་པ། རྣམ་པ་གཏོང་བྱེད་ཀྱི་རྒྱུ་ལ། དམིགས་པ་དང༌། དེར་སྣང་བ་རྣམ་པར་འདོད། སེམས་ཙམ་པ། གཟུང་ཆ་ལ་དམིགས་པ་དང༌། འཛིན་ཆ་ལ་རྣམ་པར་འདོད། འདིར་ནི། དམིགས་པ་ནི་ཡུལ་གྱི་ཁྱད་པར་གང་ཡང་རུང་བ་རྣམས་ཡིན་ལ། རྣམ་པ་ནི། དེར་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར་ཏེ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ། ཞེས་དང༌། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་འབྱུང་བའི་ཕྱིར་རོ། །རྩ་བའི་འབྲེལ་ནི། དམིགས་པ་དང་ནི་ཞེས་སོགས་བཤད་ན། དམིགས་པ་དང༌། རྣམ་པ་དང༌། རྒྱུ་དང༌། ཆུང་ངུ༌། འབྲིང༌། ཆེན་པོའི་ཁྱད་པར་དེ་གང་ཞེ་ན། བཤད་པ་ནི། དམིགས་པ་མི་རྟག་ལ་སོགས་པ། ཞེས་སོགས་སོ། །གཉིས་པ་འབྲེལ་པ་ཅན་དངོས་ལ། དངོས་དང༌། རྩོད་པ་སྤོང་བ་གཉིས། དང་པོ་ལ་དྲོད་ཀྱི་དམིགས་རྣམ་རྒྱུ་གསུམ། རྩེ་མོའི་དམིགས་རྣམ་རྒྱུ་གསུམ། བཟོད་པའི་དམིགས་རྣམ་རྒྱུ་གསུམ། ཆོས་མཆོག་གི་དམིགས་རྣམ་རྒྱུ་གསུམ་རྒྱས་པར་བཤད་པའོ། །དང་པོ་ལ། བཤད་བྱའི་མདོ་དགོད། མདོའི་དངོས་དོན་བསྡུས་པ་དང༌། ཤུགས་བསྟན་ངོས་བཟུང་བའོ། །དང་པོ་ནི། སྔར་དྲངས་པ་དང་འབྲེལ་ཆགས་སུ། གཟུགས་འདི་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ། །འགོག་པ་འདི་ལྟར་མངོན་དུ་བྱའོ། །འདིས་འགོག་པ་མངོན་དུ་བྱའོ། །ལམ་འདི་ལྟར་བསྒོམ་པར་བྱའོ། །འདིས་ལམ་བསྒོམ་པར་བྱའོ། །ཞེས་སོགས་ཀྱི་བདེན་པ་བཞིའི་དབང་དུ་བྱ་སྟེ། དྲོད་ཆུང་ངུའི་དམིགས་རྣམ་བསྟན། འདི་ལྟར་ཞེས་པ་ནི་སྡུག་བདེན་ལ་བཞིར་ཕྱེ་བ་ལྟར་ཕྱི་མ་གསུམ་ལའང་བཞི་བཞིར་ཕྱེ་བའི་དོན་ནོ། །འདིས་ཞེས་པ་ནི། ཀུན་འབྱུང་སྤོང༌། འགོག་པ་མངོན་དུ་བྱེད། ལམ་སྒོམ་པའི་ཚོགས་སུ་གྱུར་པའི་བྱང་ཆུབ་ཀྱི་ཕྱོགས་རྣམས་སོ། །ཞེས་ཉི་ཁྲི་སྣང་བར་བཤད། དག་ལྡན་ལས། ངོ་བོ་ཉིད་ཀྱིས་ཤས་ཆེར་འཛིན་པ་ནི་མངོན་པར་ཞེན་པའོ། །འབྲིང་ནི་གནས་པའོ། །ཆུང་ངུ་ནི་ཀུན་ཤེས་པ་སྟེ། དེ་དག་འགོག་པའི་ཞེས་བཤད། རང་ལུགས་ནི་དེ་ལས་ལྡོག་སྟེ་རྣམ་བཤད་ལས་འབྱུང་བ་ལྟར་རོ། །ཡང་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཡུམ་འདི་ཉིད་མཉན་པར་བྱ། བཟུང་བར་བྱ། ཚུལ་བཞིན་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུམ་འདི་ལས་ནི། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སའམ། བྱང་སེམས་ཀྱི་སའམ་སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་རྣམས་རྒྱ་ཆེར་བསྟན་ཏོ་ཞེས་གསུངས་སོ། །གཉིས་པ་ནི། དེའི་དོན་བསྟན་བཅོས་སུ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཅར་ཐོབ་པའི་རྒྱུ། །ཞེས་གསུངས། འདིར་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། ཆུ་འབབ་པ་ལྟ་བུ་དང༌། མེ་འབར་བ་ལྟ་བུའི་བཤད་པ་ཞེས་ཐ་སྙད་མཛད་དོ། །དྲོད་ཆུང་ངུའི་སྐབས་ཀྱི། དམིགས་པ་རྣམ་པ། རྒྱུའི་ཁྱད་པར་སྟོན་པའི་ཚིག་རྣམས་འོག་མ་རྣམས་ལའང་སྦྱར་ཞིང༌། འོག་གི་དེ་ལྟར་ངེས་འབྱེད་ཆ་མཐུན་ནི། ཆུང་དང་འབྲིང་དང་ཆེན་པོ་ཞེས་པ་ཡར་བླངས་ཏེ་འཆད་པར་འཛིན་པ་ནི་སློབ་དཔོན་གྱི་བཞེད་པ་དྲི་མ་མེད་པའོ། །འདིར་ཤེར་འབྱུང་བློ་གྲོས་ཀྱིས། ཉན་ཐོས་ཀྱི་རྣམ་པ་མི་རྟག་སོགས་ནི་འདིར་དྲོད་ཆུང་ངུའི་དམིགས་པ་ཡིན་ལ། དེའི་རྣམ་པ་མངོན་ཞེན་འགོག་པ་སོགས་ནི་དྲོད་འབྲིང་གི་དམིགས་པ་དང༌། དེ་བཞིན་གཞན་ལའང་སྦྱར་བར་བྱ། །ཞེས་གསུངས་ཏེ། འདི་ཉིད་འཕགས་པའི་དགོངས་པར་འདུག་སྙམ་མོ། །གསུམ་པ་ཤུགས་བསྟན་ངོས་བཟུང་བ་ནི། དེ་ལྟར་དྲོ་བར་གྱུར་བ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱར་རོ། །འདི་ལ་ཉི་ཁྲི་སྣང་བར། དྲོ་བར་གྱུར་པ་ཞེས་གྱུར་པ་སྨོས་པ་ནི། ཆུང་དང་འབྲིང་དང་ཆེན་པོའི་རིགས་ཤེས་པར་བྱ་བའི་དོན་ནམ། ཡང་ན་དབང་པོ་རྟུལ་པོ་ལ་སོགས་པའི་གང་ཟག་ཐ་དད་ཀྱང་འདིའི་དམིགས་པ་ལ་སོགས་པ་རྣམས་ཀྱི་ཁྱད་པར་མེད་པར་ཤེས་པར་བྱ་བའི་དོན་ཏོ། །ཞེས་གསུངས་ཞིང༌། སློབ་དཔོན་གྱིས་ཀྱང་དེ་ལྟར་མཛད་དོ། །ཆུང་འབྲིང་ཆེན་པོའི་དབྱེ་བ་ཁྱད་ཆོས་སུ་ཇི་ལྟར་འགྱུར་ཞེ་ན། སློབ་དཔོན་སྔ་མ་རྣམས་ཉན་ཐོས་ཀྱི་བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་རེ་རེ་ལས་མེད་པས་ཞེས་འཆད་ལ། དར་ཊཱིཀ་པ། ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་གོང་ནས་གོང་དུ་གོམས་པར་བྱེད་པ་ནི་ཁྱད་ཆོས་བླ་ན་མེད་པའོ། །ཞེས་གསུང་བ་ནི་མི་འཐད་དེ། དེ་ལྟར་ཤེས་པ་ཆུང་འབྲིང་ཆེན་པོའི་དབྱེ་བ་བསྟན་པ་ལ་ལྟོས་མི་དགོས་པའི་ཕྱིར་རོ། །དེས་ན་བདག་གི་བློ་ལ་འདི་ལྟར་ཤར་ཏེ། ཉན་ཐོས་ཀྱི་སྦྱོར་ལམ་ན་ནི་དམིགས་པ་བདེན་པ་པ་དང༌། རྣམ་པ་མི་རྟག་སོགས་བཅུ་དྲུག་ལས་གཞན་མེད་ལ། ཐེག་ཆེན་ལ་ནི་སྦྱོར་ལམ་བཅུ་གཉིས་པོ་རེ་རེ་ལ། ཤེར་འབྱུང་བློ་གྲོས་ཀྱིས་བཤད་པ་ལྟར་དམིགས་རྣམ་མི་འདྲ་བའི་ཁྱད་པར་རེ་རེ་སྟོན་པའི་ཕྱིར་རོ། །སྙམ་མོ། །གཉིས་པ་རྩེ་མོའི་དམིགས་རྣམ་ལའང༌། སྔར་ལྟར་གསུམ་ལས། བཤད་བྱའི་མདོ་ནི། བྱང་སེམས་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ནས་རྒ་ཤིའི་བར་ལ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །དེ་བཞིན་དུ་རྒ་ཤིའི་བར་ལ་སྦྱར་རོ། །གཉིས་པ་དངོས་བསྟན་བསྟན་བཅོས་སུ་ཇི་ལྟར་བསྡུས་པ་ནི། གཟུགས་སོགས་མི་གནས་དེ་དག་ནི། །ཞེས་སོགས་སོ། །དེའི་དོན་ལ་འཕགས་པ་ལྟར་ན། རྩེ་མོ་ཆུང་ངུའི་དམིགས་རྣམ་ལ། བདེན་བཞི་སོ་སོར་མ་ཕྱེ་བའི་དམིགས་རྣམ་དང༌། སོ་སོར་ཕྱེ་བའི་དམིགས་རྣམ་གཉིས། དང་པོ་ནི། རྐང་པ་དང་པོ་གསུམ་མོ། །གཉིས་པ་ལ་སྡུག་བདེན་གྱི་དབང་དུ་བྱས་པ་དང༌། བདེན་པ་གཞན་གསུམ་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། དེ་ནས་རྐང་པ་གསུམ། གཉིས་པ་ནི། སོགས་ཁོངས་ནས་འདོན་ནོ། །དེ་ནས་གཉིས་དང་གཉིས་ཀྱིས། འབྲིང་དང་ཆེན་པོའི་དམིགས་རྣམ་སྟོན་ནོ། །ཞེས་རྣམ་བཤད་ལས་གསུངས་ཏེ། མཁན་པོའི་གསུང་ལས། འཕགས་པའི་དགོངས་པ་འདི་ལས་གཞན་དུའང་གསུངས་སོ། །སློབ་དཔོན་དང་བུདྡྷ་ཤྲཱི་ལྟར་ན། ཤླཽ་ཀ་དང་པོས་ཆུང་ངུའི་དམིགས་རྣམ། ཤླཽ་ཀ་གཉིས་པས་འབྲིང་གི་དམིགས་རྣམ། རྐང་པ་ཐ་མ་གཉིས་ཀྱིས་ཆེན་པོའི་དམིགས་རྣམ་བསྟན་པར་བཞེད་དོ། །རྩེ་མོ་འབྲིང་གི་མདོར། གལ་ཏེ་མཚན་མར་བཟུང་བར་གྱུར་ན། ཀུན་ཏུ་རྒྱུ་འཕྲེང་བ་ཅན་འདི་ལ་དད་པར་མི་འགྱུར་བ་ཞིག་ན། ཀུན་ཏུ་རྒྱུ་འཕྲེང་བ་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་ནས་དད་པས་རྗེས་སུ་འབྲང་ཞིང་ཕྱོགས་པའི་ཡེ་ཤེས་ཀྱིས་ཞུགས་སོ། །ཞེས་གསུངས་པའི་དོན་ནི། འགྲེལ་ཆེན་ལས། མཚན་མར་བཟུང་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ། མཚན་མར་བཟུང་ན་དེའི་ཚེ་ཀུན་ཏུ་རྒྱུ་འཕྲེང་བ་ཅན་རང་གི་བསྟན་པ་ལ་མཚན་མར་བཟུང་བས་ཡུན་རིང་པོར་ཐར་པ་མ་མཐོང་བས་ཀུན་ཏུ་སྐྱོ་བར་གྱུར་པའོ། །འདི་ལ་ཞེས་བྱ་བ་ནི་བསྟན་པ་འདི་ལས་སོ། །དད་པ་ནི་མཚན་མ་མེད་པའི་ཚུལ་མངོན་པར་ཡིད་ཆེས་པ་ཐོབ་པ་ཡིན་པར་མི་འགྱུར་ཏེ། མཚན་མར་འཛིན་པ་མཚུངས་པའི་ཕྱིར་རོ། །ཞེས་དང༌། ཕྱོགས་གཅིག་པ་ནི། གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཀྱིས་ཞུགས་སོ་ཞེས་དང༌། ཀུན་ཏུ་རྒྱུ་ཕྲེང་བ་ཅན་དཔེར་བྱས་པ་ནི་མུ་སྟེགས་པ་དང་འབྲེལ་བས་ཏིང་ངེ་འཛིན་ལས་ལངས་པ་སྟེ་ལྷག་པར་མོས་པའི་སྟོབས་ཀྱིས་དེ་མངོན་སུམ་དུ་བྱས་པའི་དབང་པོ་ཉིད་དུ་ཤེས་པར་བྱ་བའི་དོན་ཡིན་ནོ། །ཞེས་དང༌། ཉི་སྣང་ལས། འཕྲེང་བ་ཅན་དཔེར་བྱས་པ་ནི། མུ་སྟེགས་པ་དང་འབྲེལ་བས་ལོག་པར་རྟོག་པ་ཡིན་ཡང༌། རྟོགས་པའི་སྟོབས་ཁོ་ནས་དོན་དེ་མངོན་དུ་བྱས་པ་ལ་དབང་པོ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། ཞེས་གསུངས་པ་ནི་ཁོང་དུ་ཆུད་པར་བྱའོ། །གསུམ་པ་ཤུགས་བསྟན་ངོས་བཟུང་བ་ནི། དེ་ལྟར་རྩེ་མོར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སོ། །འདིའི་ཐད་ཀྱི་ཉི་སྣང་གི་དགོངས་པ་ལ་འདི་ཡོད་དེ། དྲོད་རྩེ་སོགས་ལ་དམིགས་རྣམ་མི་འདྲ་བའི་ཁྱད་པར་མི་འཐད་དེ། དྲོད་ཀྱི་མི་རྟག་སོགས་ལ་དམིགས་ལ། དྲོད་ལས་རྩེ་མོ་ཡིན་ཞིང་རྩེ་མོའང་དེ་ཉིད་དང་འདྲ་བར་བཤད་པ་མིན་ནམ་ཞེ་ན། ཧ་ར་ཞེས་པའི་མིང་གཅིག་ཀྱང་དོན་མི་འདྲ་ཞེས་པའོ། །དོ་ཤལ་དང་གཙུག་ལག་ཁང་མཚན་ཉིད་འདྲའམ་ཅི། འདི་འཇུག་པ་གཞན་ཁོ་ན་ཡིན་ནོ་ཞེས་གསུངས། འགྲེལ་ཆུང་འདིར། དེའི་ཕྱིར་ཐེག་པ་གཞན་ཞེས་སོགས་བཤད་དོ། །དོན་ནི། མཛོད་ལས། རྣམ་པ་བཅུ་དྲུག་དྲོ་བ་ལས། །རྩེ་མོ་དེ་ཡང་དེ་དང་འདྲ། །ཞེས་པ་དང་མི་འགལ་བར་སྟོན་པ་ཡིན་ནོ། །དེ་ལྟར་ཤེས་ན་འགྲེལ་པ་འདིར་འབྱུང་བའང་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་དོ། །གསུམ་པ་བཟོད་པའི་དམིགས་རྣམ་རྒྱུ་གསུམ་ལའང་སྔར་ལྟར་གསུམ་ལས། དང་པོ་ནི། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ། ཞེས་པ་ནས། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐའི་རང་བཞིན་དང་བྲལ་ཞེས་སོགས་སོ། །གཉིས་པ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །སོགས་སོ། །གསུམ་པ་ནི། དེ་ལྟར་བཟོད་པར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སོ། །བཞི་པ་ཆོས་མཆོག་ལ། བཤད་བྱའམ། མདོ་ནི། ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདི་ནི་བྱང་སེམས་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་སྟེ། ཞེས་སོགས་སོ། །དངོས་བསྟན་བསྟན་བཅོས་སུ་ཇི་ལྟར་བསྡུས་པ་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་སོ། །གསུམ་པ་ནི། དེ་ལྟར་འཇིག་རྟེན་ཆོས་མཆོག་ནི། །ཞེས་སོ། །ཉི་ཁྲི་སྣང་བ་ལས། ཡུམ་གྱི་མདོར། དེ་ནི་ངེས་པར་འབྱུང་བར་འགྱུར། །མི་འབྲལ་བར་འགྱུར། ཉེ་བར་འགྱུར། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་འགྱུར་ཞེས་པའི་ཚིགས་བཞི་པོ་དེས་ངེས་འབྱེད་ཆ་བཞི་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཆོས་ཅན་གྱི་ཆོས་སུ་བརྗོད་པ་ཆད་པའི་རྩོད་པ་སྤང་བ་ལ། རྒྱལ་བའི་བཀའ་འགྲེལ་པ་དང་བཅས་པ་ནས་ཇི་ལྟར་བཤད་པའི་ཚུལ། སྔོན་གྱི་དམ་པ་རྣམས་ཇི་ལྟར་བཞེད་པའི་ཚུལ། རང་གི་བློ་ལ་ཤར་བ་བརྗོད་པ་དང་གསུམ། དང་པོ་ནི། མདོ་ལས་དྲོད་ཆུང་ངུའི་དམིགས་རྣམ་བདེན་པ་བཞི་ཅར་གྱི་སྟེང་ནས་བཤད། ལྷག་མ་རྣམས་ཀྱི་དམིགས་རྣམ་ཁྱད་བཞི་གཟུགས་སོགས་ཀྱི་སྟེང་དུ། ཁྱད་ཆོས་བདེན་མེད་བསྟན་པའི་སྒོ་ནས་བཤད། དེ་བཞིན་དུ་རྒྱུའི་ཁྱད་པར་ཡང༌། དྲོད་ཆུང་ངུའི་སྐབས་ཉིད་དུ་གསུངས་ཀྱི་གཞན་དུ་མ་གསུངས་ཤིང༌། ཆུང་འབྲིང་སོགས་ཀྱི་དབྱེ་བ་སྟོན་པའང་གསལ་བར་མི་སྣང་ལ། ཆོས་མཆོག་གི་སྐབས་སུ་ནི་ཐམས་ཅད་ཀྱང་ཏིང་ངེ་འཛིན་གྱི་ཁྱད་པར་དུ་བྱས་ཏེ་བསྟན་ནོ། །བསྟན་བཅོས་ལས་ཀྱང༌། དྲོད་ཆུང་ངུའི་སྐབས་སུ་བདེན་བཞིའི་རྟེན་ཅན་དུ་བཤད་ཅིང༌། རྒྱུའི་ཁྱད་པར་ཡང་བཤད། ལྷག་མ་རྣམས་ནི་གཟུགས་སོགས་ཀྱི་རྟེན་ཅན་དུ་བཤད། རྒྱུའི་ཁྱད་པར་མ་བཤད། ཆོས་མཆོག་གི་སྐབས་སུ་ཏིང་ངེ་འཛིན་གྱི་ཁྱད་པར་ཅན་དུ་བཤད་དོ། །འདི་ལ་དོགས་པ་སྤོང་བའི་ཡན་ལག་ཏུ་སློབ་དཔོན་གྱི་གཞུང་འདིར། དམིགས་པ་མི་རྟག་ལ་སོགས་པ། བདེན་པའི་རྟེན་ཅན་ཞེས་བྱ་བ་མ་གཏོགས་པར་ཞེས་སོགས་གསུངས་ལ། འདིའི་ཆོས་ཅན་བདེན་བཞི་དང༌། ཆོས་དམིགས་རྣམས་ལ་བྱེད་པར་གསེར་གླེང་པ་དང་བུདྡྷ་ཤྲཱི། ཤེར་བློ་གསུམ་གྱིས་བཤད། གཞན་བཤད་སྲོལ་ཤིན་ཏུ་མང་བར་འདུག་སྟེ། མྱང་བའི་རོ་ཚོར་མི་སྣང་བས་བཏང་སྙོམས་སུ་བཞག་གོ །རྣམ་བཤད་ཀྱི་དགོངས་པ་འདི་ཡིན་ཏེ། དམིགས་རྣམ་ཕྱི་མ་སྟོན་པའི་གཞུང་གིས། བདེན་བཞིའི་རྟེན་ཅན་དུ་མ་བསྟན་ནོ་སྙམ་ན། གཟུགས་སོགས་འདུ་འགོད་བྲལ་བར་སྟོན་པའི་རྒྱན་གྱི་གཞུང་མདོ་དང་བཅས་པ་ཆོས་ཅན། གཟུགས་སོགས་ཀྱི་འདུ་འགོད་དང་བྲལ་བ་ཞེས་མ་བསྟན་ཀྱང༌། འདུ་འགོད་དང་བྲལ་བ་གཟུགས་སོགས་ཀྱི་ཁྱད་ཆོས་སུ་མ་བསྟན་པ་མིན་ཏེ། གཟུགས་སོགས་འདུ་འགོད་དང་བྲལ་བར་དངོས་སུ་བསྟན་པ་གང་ཞིག་དེ་དངོས་སུ་བསྟན་པ་ན། འདུ་འགོད་དང་བྲལ་བ་གཟུགས་སོགས་ཀྱི་ཁྱད་ཆོས་སུ་ཤུགས་ལ་རྟོགས་ནུས་པའི་ཕྱིར་ཏེ། གཟུགས་སོགས་འདུ་འགོད་དང་བྲལ་ཞེས་པའི་ཆོས་ཅན་གྱི་ཆོས་སུ་མ་བརྗོད་པའི་སྒྲ་དང༌། གཟུགས་སོགས་ཀྱི་འདུ་འགོད་དང་བྲལ་བ་ཞེས་པའི་ཆོས་ཅན་གྱི་ཆོས་སུ་བརྗོད་པའི་སྒྲ་གཉིས་ལ། སྒྲས་བརྗོད་ཚུལ་མ་གཏོགས་དོན་སྟོན་ཚུལ་ལ་ཁྱད་པར་མེད་པའི་ཕྱིར། དཔེར་ན་བུམ་པ་མི་རྟག་ཅེས་བརྗོད་པ་དང༌། བུམ་པའི་མི་རྟག་པ་ཞེས་བརྗོད་པ་བཞིན་ནོ། །ཞེས་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ་སྟོན་པ་ནི། གཞུང་སྔ་མ་ཡིན་ལ། འོ་ན་དངོས་སུ་བདེན་པའི་ཆོས་ཞེས་སྟོན་རིགས་ཏེ། དམིགས་རྣམ་དང་པོ་བཞིན་ནོ་ཞེ་ན། དེ་ལྟ་ན་སྡེབ་སྦྱོར་ཉམས་པར་འགྱུར་བའི་ཕྱིར་ཞེས་སྟོན་པ་ནི། རྣམ་པ་གཅིག་ཏུ་ན་ཞེས་སོགས་སོ། །འོ་ན་དམིགས་པ་དང་རྣམ་པ་ཕྱི་མ་རྣམས་བདེན་པའི་རྟེན་ཅན་དུ་བསྟན་མོད། ཡིན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་འཆད་པའི་དབང་དུ་བྱས་ནས། མངོན་པར་ཞེན་པ་ལ་སོགས་པ་བཀག་པ་དང༌། ཞེས་སོགས་སོ། །གསུམ་པ་རང་གི་འདོད་པ་ལོགས་ཤིག་ཏུ་བརྗོད་པ་ལ། དགོས་པ་ནི། དམིགས་རྣམ་དང་པོ་སྟོན་པའི་མདོ་དང་བསྟན་བཅོས་སུ། དམིགས་པ་མི་རྟག་སོགས་དང༌། རྣམ་པ་མངོན་ཞེན་འགོག་པ་སོ་སོར་བསྟན་པ་དང༌། རྒྱུའི་ཁྱད་པར་བསྟན་པ་ལྟར། ཕྱི་མ་རྣམས་སུ་དེ་ལྟར་མ་བསྟན་པར་འདུ་འགོད་བྲལ་བ་སོགས། རྣམ་པ་ཁོ་ན་བསྟན་པས་དམིགས་རྣམ་སོ་སོར་འབྱེད་པ་མི་འཐད་ཅིང༌། རྒྱུ་དང༌། ཆུང་འབྲིང་སོགས་ཀྱང་མི་འཐད་དོ་ཞེ་ན། ལན་ལ་གཞུང་སྔ་མས་མདོ་ལ་དོགས་པ་སྤང་བ་དང༌། གཞུང་ཕྱི་མས་བསྟན་བཅོས་ལ་དོགས་པ་སྤོང་བ་གཉིས། དང་པོ་ལ་མ་རྟོགས་པར་ཞེས་པ་ནི། དམིགས་རྣམ་དང་པོ་ལ་དོགས་པའི་གནས་མེད་པས་དཔྱད་པ་བོར་ཞེས་པའི་དོན་ནོ། །དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་ཅན་དང་ཆོས་བརྗོད་པས་བརྗོད་པར་བྱ་བ་ཡིན་པ། ཞེས་པ་ནི། མདོ་ལས། དམིགས་རྣམ་དང་པོ་འཆད་པ་ནི། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་འདི་ནི་བྱང་སེམས་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ་ཞེས་དམིགས་པ་ཁྱད་པར་ཅན་གྱི་ཆོས་ཅན་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་སུ་སོ་སོར་ཕྱེ་བ་ལྟར། དམིགས་རྣམ་གཉིས་པའི་སྐབས་སུའང༌། འདི་ནི་ཆོས་ཀྱི་འདུ་བའོ། །འདི་ནི་ཆོས་རྣམས་ཀྱི་འགོད་པའོ། །ཞེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་འདི་ནི་ཞེས་སོགས་བརྗོད་རིགས་པ་ཡིན་ནའང༌། ཞེས་པའི་དོན་ནོ། །དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་བརྗོད་པས། ཐམས་ཅད་དུ་བརྗོད་པ་ནི་ཞེས་པ། ཆོས་རྣམས་ཀྱི་འདུ་བ་དང༌། འགོད་པ་མི་དམིགས། ཡང་དག་པར་རྗེས་སུ་མ་མཐོང༌། ཞེས་དྲོད་འབྲིང་གི་དམིགས་པ་སྟོན་པ་ནའང༌། ཁྱད་པར་གྱི་ཆོས་ཁོ་ན་བརྗོད་ཅིང༌། བཅོམ་ལྡན་འདས་ཆོས་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་སེམས་ཆེན་པོ་ཞེས་གང་ལ་མིང་དུ་བཏགས་པར་བགྱི། བཅོམ་ལྡན་འདས་རྣམ་གྲངས་འདིས་ཀྱང་མིང་དེ་ཡང་གནས་པ་མ་མཆིས། ཞེས་སོགས་དྲོད་འབྲིང་གི་རྣམ་པར་སྟོན་པ་ནའང་ཁྱད་པར་གྱི་ཆོས་ཁོ་ན་བརྗོད་པ་ནི་ཆོས་ཅན་ཞེས་པའི་དོན་ནོ། །དྲོད་ཆུང་ངུ་ལྟར་དམིགས་པ་ཁྱད་པར་ཅན་གྱི་ཆོས་ཅན་གྱི་སྒོ་ནས་མ་བརྗོད་ཀྱང༌། དྲོད་འབྲིང་གི་དམིགས་རྣམ་སོ་སོར་དབྱེ་མི་ནུས་པ་མིན་ཏེ། དྲོད་འབྲིང་གི་དམིགས་རྣམ་གཉིས་ཀ་ཁྱད་པར་གྱི་ཆོས་ཀྱི་སྒོ་ནས་དངོས་སུ་བརྗོད་པ་ན། ཁྱད་ཆོས་དེ་ཉིད་ཁྱད་པར་ཅན་གྱི་ཆོས་སུ་ཤུགས་ལ་རྟོགས་པའི་ཕྱིར། བུམ་པ་མི་རྟག་ཞེས་བརྗོད་པ་ན་བུམ་པ་ཁྱད་གཞི་དང༌། མི་རྟག་པ་ཁྱད་ཆོས་སུ་རྟོགས་པ་བཞིན་ནོ། །ཞེས་སྟོན་པ་ནི། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པར་ཞེས་སོགས་སོ། །གཉིས་པ་གཞུང་ཕྱི་མས་བསྟན་བཅོས་ལ་དོགས་པ་སྤོང་བ་ནི། འོ་ན་མདོ་ལས་དམིགས་རྣམ་དང་པོ་བདེན་བཞིའི་རྟེན་ཅན་དུ་དངོས་སུ་གསུངས། ལྷག་མ་རྣམས་ལ་དངོས་སུ་མ་གསུངས་པ་ལྟར། བསྟན་བཅོས་སུ་ཡང་དེ་ཁོ་ན་ལྟར་བཤད་པས་དེ་ལྟར་ངེས་སམ་ཅེ་ན། ཞེས་པའམ། ཡང་ན། དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་ཅན་དང་ཆོས་བརྗོད་པས་བརྗོད་པར་བྱ་བ་ཡིན་པའི་རྒྱུ་མཚན་ཅི། བརྗོད་པར་བྱ་བ་ཡིན་ན་རྗེ་བཙུན་གྱིས་མི་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྗེ་བཙུན་གྱིས་མ་བརྗོད་དེ། དམིགས་རྣམ་ཕྱི་མ་རྣམས་ཀྱི་ཚིགས་བཅད་སྦྱར་བདེ་བར་བྱ་བའི་ཕྱིར། ཞེས་སྟོན་པ་ནི། རྣམ་པ་གཅིག་ཏུ་ན་ཞེས་སོགས་སོ། །མདོ་དང་བསྟན་བཅོས་གཉིས་ལས། དམིགས་རྣམ་དང་པོ་ལ་དམིགས་པ་མི་རྟག་སོགས་དང༌། རྣམ་པ་མངོན་ཞེན་འགོག་པ་སོགས་སྦྱར་ནས་བཤད་པ་ལྟར། དྲོད་འབྲིང་ལའང༌། དམིགས་པ་འདུ་འགོད་བྲལ་བ་དང༌། རྣམ་པ་མངོན་ཞེན་འགོག་པ་སྦྱར་དགོས་ཏེ། འདུ་འགོད་སོགས་ཡང་དག་པར་རྗེས་སུ་མ་མཐོང༌། དོན་འདུ་འགོད་སོགས་ལ་མངོན་ཞེན་བཀག་པ་སོགས་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། མངོན་པར་ཞེན་པ་སོགས་བཀག་པ་དང་ལྡན་པ་དག་ཞེས་སོགས་སོ། །དེ་ནི་དྲོད་འབྲིང་གི་དམིགས་རྣམ་སྡུག་བསྔལ་བདེན་པར་རྟོགས་པའི་ཚུལ་ལོ། །སོགས་ཁོངས་ནས་བདེན་པ་ལྷག་མ་རྣམས་དང་སྦྱར་དགོས་ཞེས་པའི་དོན་ཏེ། གཟུགས་འདི་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ། །འགོག་པ་འདི་མངོན་དུ་བྱའོ་ཞེས་སོགས་སྦྱར་དགོས་པའི་དོན་ནོ། །དྲོད་ཆེན་པོ་སོགས་ལའང་དེ་ལྟར་སྦྱར་བར་གྱིས་ཤིག ཅེས་སྟོན་པ་ནི། འོག་མ་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་པའོ། །མདོར་ན་གཞུང་སྔ་མས་ཡུམ་གྱི་མདོར། དྲོད་འབྲིང་མན་ཆད་ལ་དམིགས་པ་ཆོས་ཅན་དང༌། རྣམ་པ་ཆོས་ཀྱིས་མ་བརྗོད་པར་དམིགས་རྣམ་གཉིས་ཀ་ཆོས་ཀྱི་སྒོ་ནས་བརྗོད་པ་ལ། དམིགས་རྣམ་སོ་སོར་དབྱེ་མི་དགོས་པའི་རྩོད་པ་སྤངས། ཕྱི་མས་བསྟན་བཅོས་སུ་དྲོད་འབྲིང་མན་ཆད་ལ་བདེན་བཞིའི་རྟེན་ཅན་དུ་དངོས་སུ་མ་བསྟན་པ་ལ་རྩོད་པ་སྤངས་ཏེ། བདེན་བཞིའི་རྟེན་ཅན་དུ་དོན་གྱིས་བསྟན་དགོས་པའི་སྒྲུབ་བྱེད་བསྟན། དེས་ན་ཆོས་ཅན་གྱི་ཆོས་སུ་བརྗོད་པ་ཞེས་བྱའི། ཆོས་ཅན་བརྗོད་པ་འཆད་པ་མེད་དོ། །ཡང་ཤེར་འབྱུང་བློ་གྲོས་དང༌། མཁན་ཆེན་ཐམས་ཅད་མཁྱེན་པའི་དགོངས་པ་ལྟར་ན། དྲོད་འབྲིང་ནས་དྲོད་ཆེན་པོའི་བར་གྱི་དམིགས་རྣམ་སྟོན་པའི་གཞུང་གིས་བདེན་བཞིའི་རྟེན་ཅན་དུ་དངོས་སུ་མ་བསྟན་ཀྱང་དོན་གྱིས་བསྟན་ཏེ། ཉན་ཐོས་ཀྱི་དྲོད་སོགས་བཞིའི་རྣམ་པ་དེ། བྱང་སེམས་ཀྱི་དྲོད་ཆུང་ངུའི་དམིགས་པར་འགྱུར། དྲོད་ཆུང་ངུའི་རྣམ་པ་དེ་འབྲིང་གི་དམིགས་པར་འགྱུར། འབྲིང་གི་རྣམ་པ་དེ་དྲོད་ཆེན་པོའི་དམིགས་པར་འགྱུར་བའི་ཕྱིར་ཞེས་དང༌། དེ་བཞིན་དུ་རྩེ་མོ་ཆུང་ངུའི་དམིགས་པ་གཟུགས་སོགས་ཀྱི་རྟེན་ཅན་དུ་བསྟན་པ་སོགས་སྦྱར་རོ། །དེ་ལྟར་ཤེས་ན། དྲོད་འབྲིང་མན་གྱི་དམིགས་རྣམ་སྒོམ་ཀྱང་ཐེག་པ་གསུམ་ཅར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་མི་བྱེད་པར་ཐལ། མདོ་དང་བསྟན་བཅོས་གཉིས་ཀ་ལས་བདེན་པའི་རྟེན་ཅན་དུ་མ་བསྟན་པའི་ཕྱིར། ཁྱབ་སྟེ། ཉན་རང་གི་རྟོགས་རིགས་ཚང་བའི་ཐེག་ཆེན་མཐོང་ལམ་ཡིན་ན། བདེན་བཞིའི་སྟེང་གི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་པའི་ཕྱིར། ཞེས་པའི་དོགས་པའང་ཁེགས་པར་འགྱུར་ཏེ། དམིགས་རྣམ་ལྷག་མ་བདེན་བཞིའི་རྟེན་ཅན་དུ་འགྱུར་བའི་ཕྱིར་རོ། །འོ་ན་བསྟན་བཅོས་སུ་སྡེབས་སྦྱོར་གྱི་དབང་གིས་དྲོད་འབྲིང་མན་ལ་རྒྱུའི་ཁྱད་པར་མ་བསྟན་མོད། ཡུམ་གྱི་མདོར། དྲོད་འབྲིང་མན་ལ་རྒྱུའི་ཁྱད་པར་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན་སྙམ་པའི་དོགས་པ་དེ་ཡང་ཁེགས་པར་འགྱུར་རོ། །དྲོད་ཆུང་ངུའི་རྣམ་པ་དེ་ཉིད་དྲོད་འབྲིང་གི་དམིགས་པར་འགྱུར་བ་སོགས་ཡིན་པའི་ཕྱིར་རོ། །དེས་ན་དམིགས་རྣམ་སྟོན་པའི་གཞུང་འདི་དག་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བ་གསུམ་དུ་གནས་ཏེ། དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཞེས་སྟོན་ཏེ། དོན་ནི། དྲོད་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་སྟེ། དེའི་དམིགས་པའི་སྐབས་སུ། རྒྱུ་ཀུན་འབྱུང་དང༌། ལམ་འབྲས་བུ་སྡུག་བསྔལ་དང༌། འགོག་པའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ལ་དམིགས། ཡང་དྲོད་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་སྟེ། དེའི་རྣམ་པའི་སྐབས་སུ། མངོན་ཞེན་འགོག་པ་སོགས་ཆོས་ཅན་སྣ་ཚོགས་པའི་ངོ་བོ་ཉིད་དང༌། ཆོས་ཉིད་བདེན་སྟོང་ཟུང་དུ་འབྲེལ་བའི་རྣམ་པས་ཇི་ལྟར་སྲིད་པ་བཞིན་དམིགས་ལ། སྔ་མ་དྲོད་ཆུང་ངུའི་དམིགས་རྣམ་བཞིན་དུ། རྣམ་པ་གཞན་དྲོད་འབྲིང་སོགས་ཀྱིས་ཀྱང་རྒྱུ་འབྲས་ངོ་བོ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་སོ། །འོ་ན་བསྟན་བཅོས་སུ་དེ་ལྟར་མི་སྟོན་པ་ཅི་ཞེ་ན། མདོར་བསྡུས་ཏེ་རྣམ་པར་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་རྣམ་པར་མ་སྤྲོས་སོ། །ཅི་སྟེ། ངོ་བོ་ཉིད་དང༌། ཆོས་ཉིད་ཀྱི་རྣམ་པས་དམིགས་པ་མི་འཐད་དེ། ཆོས་མངོན་པ་ནས་མ་བཤད་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། དེའི་ཕྱིར་ཞེས་སྟོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ངེས་འབྱེད་ཆ་བཞི་ཀའི་སྐབས་སུ། རྣམ་པ་བཞིའི་སྒོ་ནས་དམིགས་པ་དེ་གང་ཡིན་ཞེ་ན། ཞེས་སྟོན་པ་ནི། དམིགས་པ་དང་རྣམ་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཞེས་སོགས་སོ། །གསུམ་པ་དོན་བསྡུས་པ་ནི་བཤད་མ་ཐག་པའོ། །གཅིག་ཏུ་རྟོག་པས་བརྟགས་ནས་སྨྲས་པའི་ཕྱིར། །བློ་གསལ་རྣམས་ཀྱིས་འཇུག་པའི་སྒོ་མིན་ཞེས། །འགའ་ཞིག་བདག་ལ་སྨོད་པའི་སྐབས་སྲིད་ན། །ཚིག་ཕྲེང་བུ་མོའི་བཞིན་ལ་ཆེར་ཆགས་པའི། །བཤེས་གཉེན་འགའ་ཞིག་རང་ལ་ཆ་མེད་ཀྱང༌། །རིགས་མཐུན་ལས་ཀྱིས་བསྡུས་པའི་འཁོར་ནང་དུ། །བརྟགས་ཟིན་བརྟགས་ནས་གཡོ་སྒྱུའི་ང་རྒྱལ་སྨྲ། །དེ་ལའང་ཁོ་བོ་ལྷག་པར་སྙིང་རྗེ་འཕེལ། །ཞེས་བྱ་བ་ནི། དུབ་པ་སེལ་བའི་ཚིགས་སུ་བཅད་པའོ། །གསུམ་པ་མཚུངས་ལྡན་རྟོག་པའི་ཁྱད་ཆོས་རྒྱས་པར་བཤད་པ་ལ། སྔ་ཕྱིའི་འབྲེལ་བཙལ་བ་དང༌། འབྲེལ་པ་ཅན་གྱི་དོན་དངོས་སོ། །དང་པོ་ལ་མདོའི་འབྲེལ་དང༌། བསྟན་བཅོས་ཀྱི་འབྲེལ་ལོ། །དང་པོ་ནི། ཏིང་འཛིན་རྣམ་པར་མི་རྟོག་པ་ཞེས་པའི་མདོར། རབ་འབྱོར་གྱིས་ཤཱ་རིའི་བུ་ལ། རྣམ་པར་རྟོག་པ་མེད་པར་བཤད་པ་ན། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཤཱ་རིའི་བུ་དེ་ལྟར་ན་བྱང་སེམས་ཆེན་པོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཤཱ་རིའི་བུས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་སེམས་ཆེན་པོ་ཆོས་གང་གང་དང་གང་ལ་སློབ་པ་ལགས་ཞེས་དྲིས་པའོ། །གཉིས་པ་ནི། རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཞེས་བཤད་ན། ཇི་ལྟར་ལྡན་པའི་ཚུལ་འཆད་དོ་ཞེས་སྟོན་པ་ནི། རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང༌། ཞེས་པའོ། །འདི་ལྡན་པའི་དོན་ལ། བཞེད་པའི་རྣམ་གྲངས་བཀོད་པ་དང༌། འཕགས་སེང་གི་བཞེད་པ་ངོས་བཟུང་བའོ། །དང་པོ་ལ་ཤཱནྟི་པ་དང༌། ཨ་བྷྱས། དྲོད་ཀྱི་ཀུན་ནས་ཉོན་མོངས་ཀྱི་གཟུང་རྟོག་དགུ་སྲབ་མོར་བྱས་ཤིང་མ་སྤངས་པ་ན། དེ་དག་དང་ལྡན་པ་ཡིན། རྩེ་མོས་རྣམ་བྱང་གཟུང་རྟོག་དགུ་སྲབ་མོར་བྱས་ཤིང་མ་སྤངས་པ་ན། དེ་དག་དང་ལྡན་པ་ཡིན། རྟོག་པ་སྔ་མ་དགུ་སྤོང་ངོ༌། །དེ་བཞིན་དུ་བཟོད་པ་དང་ཆོས་མཆོག་གིས་རིམ་པ་བཞིན། རྫས་འཛིན་རྟོག་པ་དང་སྲབ་མོར་བྱེད་ཅིང༌། མ་སྤངས་པས་ལྡན། རྣམ་བྱང་གཟུང་རྟོག་སྤོང་ངོ༌། །ཞེས་བཞེད། ཉི་ཁྲི་གཞུང་འགྲེལ་ལས། ཉན་ཐོས་ཀྱིས་རྟོག་པ་ཆེད་དུ་གཉེར་ནས་སྤོང་བས་དམན་ལ། བྱང་སེམས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་སྟེ། རབ་འབྲིང་ཐ་མ་གསུམ་ལ། ཐ་མ་རྣམ་རྟོག་གི་རང་བཞིན་ལ་དཔྱད་ན་མ་གྲུབ་པས་སྤོང་མི་དགོས། འབྲིང་ནི་རང་འབྱུང༌། རང་ཞི། རབ་རྣམ་རྟོག་གཞན་དུ་བརྟེན་ཏེ་རྣམ་རྟོག་དེ་ཉིད་ཡེ་ཤེས་སུ་ཤར་བས་སོ། །ཞེས་གསུང༌། ཉི་ཁྲི་སྣང་བ་ལས། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པར་དང་པོ་དང༌། གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་བ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། །ཞེས་གསུངས་པ་ལ་བརྟེན་ནས། བོད་ཀྱི་དགེ་བའི་བཤེས་གཉེན་རྣམས། དགག་རྟོག་ངོ་བོར་ལྡན་པ་དང༌། སྒྲུབ་རྟོག་སྤང་བྱར་ལྡན་པའི་བཞེད་ཚུལ་སོགས་མང་དུ་སྣང་ངོ༌། །གཉིས་པ་ནི། བདག་གི་བློ་ལ་འདི་ལྟར་སྣང་སྟེ། སྤང་བྱར་ལྡན་ཞེས་བྱ་བ་དང༌། ཉོན་མོངས་བྱེད་དུ་ལྡན་ཞེས་བྱ་བ། དོན་ལ་དེ་ལྟར་ཡིན་དུ་ཆུག་ཀྱང༌། ཅུང་ཟད་ཡི་གེའི་དོན་ལ་མ་ཞུགས་ཏེ། དེ་ལྟར་བཤད་ན། མི་ལྡན་པའི་དོན་དུ་བཤད་པར་འགྲོ་བའི་ཕྱིར། ལ་ལ་ན་རེ། རྣམ་རྟོག་བཞི་པོ་སྤོང་རྟེན་པ། །ཞེས་པ་ཡོད་ཟེར་བ་བརྫུན་གྱི་བཤད་པ་སྟེ། སྤངས་པ་དང་ལྡན་པའི་སྐད་དོད་ཨ་ནནྟ་དང༌། མནྟ་གཏན་འགལ་ཡིན་པའི་ཕྱིར་ལྡན་ཙམ་གྱིས་རྣམ་གཞག་གསུངས་པ་རྣམས་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །དེས་ན་ལྡན་པའི་དོན་ནི་མཚུངས་པར་ལྡན་པའོ། །འོ་ན་གང་དང་གང་མཚུངས་པར་ལྡན་ཞེ་ན། གྲངས་བཞིན་དུ་མཚུངས་པར་ལྡན་ཏེ། དྲོད་ནི། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་མཆེད་པ་ཡིན་པས། ཀུན་ནས་ཉོན་མོངས་ཀྱི་གཟུང་རྟོག་དབང་ལྡན་དུ་ཡོད་ཅིང༌། ལྷག་མ་གསུམ་མངོན་གྱུར་དང་མཚུངས་པར་ལྡན། དེ་བཞིན་དུ། རྩེ་མོར། ཀུན་ནས་ཉོན་མོངས་ཀྱི་གཟུང་རྟོག་མངོན་གྱུར་དངོས་སུ་ལྡན་པ་འགགས་པས་འཛིན་རྟོག་གཉིས་མངོན་གྱུར་དང་དངོས་སུ་ལྡན། རྣམ་བྱང་གཟུང་རྟོག་དབང་དང་ལྡན། བཟོད་པ་ལ་རྣམ་བྱང་གཟུང་རྟོག་མངོན་གྱུར་དངོས་སུ་ལྡན་པ་འགགས་པས། བཏགས་འཛིན་རྟོག་པ་མངོན་གྱུར་དང༌། རྫས་འཛིན་རྟོག་པ་དབང་དང་ལྡན། ཆོས་མཆོག་ལ། རྫས་འཛིན་རྟོག་པ་མངོན་གྱུར་དུ་ལྡན་པ་འགགས་པས། བཏགས་འཛིན་རྟོག་པ་དབང་དང་ལྡན། མཐོང་ལམ་བར་ཆད་མེད་ལ། མཐོང་སྤངས་རྟོག་པ་མངོན་གྱུར་བཞི་འགགས་པས་མཐོང་སྤངས་རྟོག་པའི་ས་བོན་དང་ལྡན་ནོ། །མདོར་ན་སྦྱོར་ལམ་བཞི་པོ་དེ། རྟོག་པ་མངོན་གྱུར་བཞི་ལ་རིམ་པ་བཞིན་དུ་གནོད་པ་བྱེད་བཞིན་པ་ཡིན་པས། སྦྱོར་ལམ་བཞི་པོ་དེ་མཐོང་སྤངས་རྟོག་པ་མངོན་གྱུར་གསུམ་དང༌། གཉིས་དང༌། གཅིག་དང་ལྡན་ཞིང༌། ཐ་མ་ནི་མངོན་གྱུར་གཅིག་དང་ཡང་མི་ལྡན་ནོ། །ཐམས་ཅད་ཀྱང་ཐམས་ཅད་ཀྱི་དབང་དང་ས་བོན་དང་ལྡན་པ་ལ་ནི་ཁྱད་པར་མེད་དོ། །འདི་ནི་འཕགས་སེང་གི་བཞེད་པ་དྲི་མ་མེད་པ་ཡིན་ཏེ། ཉི་ཁྲི་སྣང་བར། གོ་རིམ་བཞིན་དུ་ཞེས་དང༌། དོན་གསལ་འདིར། གྲངས་བཞིན་ཞེས་སོགས་གསུངས་པའི་ཕྱིར་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་དེ་དག་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར། མཐོང་བས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་རྣམ་བཤད་ཀྱི་མཐར་ཐུག་གི་དགོངས་པ་ཡིན་པས་གཞན་དུ་སྐད་ཅིག་བསམ་པར་མི་བྱའོ། །གཉིས་པ་འབྲེལ་པ་ཅན་གྱི་དོན་དངོས་ལ། བཤད་བྱའི་མདོ་ནི། ཤཱ་རིའི་བུས་དྲིས་པའི་ལན་དུ། ཤཱ་རིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོ་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མིན་ནོ། །གསོལ་པ་བཅོམ་ལྡན་འདས་འོ་ན་ཇི་ལྟར་མཆིས་པ་ལགས། བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་པ་མིན་པས། དེའི་ཕྱིར་མེད་ཅེས་བྱའོ། །ཞེས་སོགས་སོ། །མདོའི་དོན་བསྟན་བཅོས་ཀྱིས་ཇི་ལྟར་བཀྲོལ་བ་ནི། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་སོགས་ཏེ། ཉི་ཁྲི་སྣང་བ་ལས། དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི། དངོས་པོ་ཐམས་ཅད་ཁོ་ན་ཡིན་ལ། གཉིས་པ་ནི། རྣམ་པར་བྱང་བའི་དངོས་པོ་ཁོ་ན་ཡིན་ཏེ། དེ་ནི་གཟུང་བའི་རྣམ་པར་རྟོག་པ་འདི་དག་གི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ནས་བརྗོད་པ། གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་ནི་གཉིས་པའང་ཡིན་ནོ། །ཞེས་བྱ་བ་ནི་ཚིག་སྔ་མ་དང་ལྡན་པའོ། །རེ་ཞིག་དང་པོ་དེ་ནི་གཉིས་པ་ཡིན་པ་ནི། དཔེར་ན་གཟུང་བའི་རྣམ་པར་རྟོག་པ་དང་པོར་གྱུར་པ་དངོས་པོ་ཐམས་ཅད་པ་བཞིན་ནོ། །གཉིས་པ་ཁོ་ན་ཡིན་གྱི། དང་པོ་མ་ཡིན་པ་ནི། གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པར་བྱང་བ་ཙམ་ལ་བརྟེན་པ་བཞིན་ནོ། །ཞེས་གསུངས་ཤིང་རྟོག་པ་འདི་དག་མཐོང་སྤངས་རྟོག་པ་ཁོ་ནར་བཞེད། སྒོམ་སྤངས་རྟོག་པ་འཆད་པ་ན། གང་ཟག་ཏུ་གདགས་པ་དང༌། གདགས་པའི་རྒྱུ་ལ་བརྟེན་པ་ཞེས་གསུངས་ཤིང༌། རྫས་བཏགས་ཀྱི་ཐ་སྙད་མི་བཞེད་པར་མངོན། སློབ་དཔོན་གྱིས་རྟོག་པ་འདི་དག་མཐོང་སྒོམ་གཉིས་ཆའི་སྤང་བྱར་བཞེད་ཅིང༌། གཟུང་རྟོག་ལ་ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་ཅེས་པའི་ཐ་སྙད་མཛད་ནས། གཉིས་པོ་འགལ་བར་བཞེད། འབུམ་ཕྲག་གསུམ་པ་ན་རེ། རྣམ་བྱང་ལའང༌། ཉན་ཐོས་ཀྱི་དང༌། བྱང་སེམས་ཀྱི་རྣམ་བྱང་གཉིས་སུ་ཕྱེ་བས་སྐབས་ལྔ་པའི་རྟོག་པ་རྣམས་ཀྱང་འདིས་བསྡུས་པ་ཡིན་ནོ་ཞེས་བཞེད། བོད་ཕལ་ཆེ་བ་རྟོག་པའི་ངོ་བོ་དགག་རྟོག་ཏུ་བཞེད། ལོ་ཆེན་ན་རེ། རྫས་འཛིན་སྒྲུབ་རྟོག་ནི། ཉོན་སྒྲིབ་ཡིན་པས་འདིར་རྫས་འཛིན་ཤེས་སྒྲིབ་ནི་དགག་རྟོག་དང༌། གསུམ་པོ་བསྒྲུབ་རྟོག་ཏུ་བཞེད། དཔལ་སངས་རྒྱས་ཡེ་ཤེས། གལ་ཏེ་གཉིས་པོ་ངེས་འབྱེད་བཞི་དགག་རྟོག་དང༌། སྤང་བྱ་རྟོག་པ་བཞི་བསྒྲུབ་རྟོག་ཏུ་བཞེད། རྣམ་བཤད་ཀྱི་དགོངས་པའང་འདི་ཉིད་དུ་བཞེད། དགག་རྟོག་བཞི་དང་མཚུངས་པར་ལྡན་པའི་སྟོབས་ཀྱིས་བསྒྲུབ་རྟོག་བཞི་སྤང་བྱར་ལྡན་པའི་ཕྱིར། དེ་ཕྱིར་རྣམ་བཤད་ལས་སྤང་བྱར་བཤད་པ་དང༌། འདིར་མཚུངས་ལྡན་དུ་བཤད་པའང་གཞན་དུ་བསམ་པར་མི་བྱ་སྟེ། སྦྱོར་ལམ་སྔ་མ་དང་མཚུངས་པར་ལྡན་པའི་རྟོག་པ་མངོན་གྱུར་དེ་ཕྱི་མ་རྣམས་དང་འཛིན་སྟངས་འགལ་བའི་ཕྱིར། དེ་ལྟ་ནའང༌། མངོན་གྱུར་དབང་ལྡན་དུ་གནས་པ་ལ་ནི་གནོད་པར་ནུས་པ་མིན་ཏེ། མངོན་སུམ་གྱི་ཡུལ་ཅན་མིན་པའི་ཕྱིར་རོ། །འགྲེལ་ཆེན་ལས། དང་པོ་རྒྱུ་མ་ལྟ་བུའོ་ཞེས་རྣམ་པར་འཇོག་པར་བྱེད་པ་མངོན་པར་བརྗོད་པ་དང་བཅས་པ་ནི་དེའི་རྗེས་སུ་མཐུན་པ་ཡིན་གྱི། གཉེན་པོ་ཉིད་དུ་གྱུར་པ་ནི་མིན་ནོ། །ཞེས་གསུངས་པས་སོ། །རྣམ་བཤད་ཀྱི་དགོངས་པ། ཡང་ན་རྣམ་རྟོག་བཞི་པོ་ལྡན་པ་ནི་མཐོང་ལམ་སྟེ། ས་བོན་དང་ལྡན་པའི་ཕྱིར་རོ། །བརྟེན་པ་ནི་སྦྱོར་ལམ་སྟེ། དེ་ལྟར་ན་ཐེག་པ་ཆེན་པོའི་སྦྱོར་ལམ་ཆོས་ཅན། ཐེག་དམན་གྱི་སྦྱོར་ལམ་ལས་རྣམ་རྟོག་ལྡན་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཏེ། མཐོང་སྤངས་རྟོག་པའི་ས་བོན་ཁོ་ན་དང་ལྡན་པའི་མཐོང་ལམ་དེ་མ་ཐག་འདྲེན་ནུས་པའི་ཕྱིར། ཞེས་པའི་དོན་ཏེ། འདིར་གཞན་ལྡན་རྣམས་སྤྱོད་དོ། །སྐབས་ལྔ་པར་རྟོག་པ་དབང་ལྡན་ལ་དགོངས་ནས་འཇུག་པ་གཟུང་རྟོག་དང༌། རྫས་འཇིག་རྟོག་པ་འགག་པ་དུས་མཉམ། བཏགས་འཛིན་རྟོག་པ་དང༌། ལྡོག་པ་གཟུང་རྟོག་འགག་པ་དུས་མཉམ་པར་བཤད་དོ། །སྤྲོས་པ་ལྷག་མ་ནི་སྐབས་ལྔ་པར་འཆད་དོ། །གསུམ་པ་ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པ་ལ། སྔ་ཕྱིའི་འབྲེལ་བཙལ་བ་ལ། མདོའི་འབྲེལ་ནི་འོག་ནས་འབྱུང་ལ། བསྟན་བཅོས་ཀྱི་འབྲེལ་ནི། ཡོངས་འཛིན་རྟོག་པའི་འཇུག་ཐོགས་སུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ཀྱི་སྟོབས་ཀྱིས་རྟོགས་པ་བཞི་པོ་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་སུ་གོ་ནུས་པའི་ཕྱིར། དེ་ལྟར་བསྟན་པ་ན་རྟོག་པའི་ཁྱད་ཆོས་གཉིས་ཀྱི་དབུས་སུ་ཆུད་པའི་ཕྱིར། མདོར་བསྟན་དུ་ཡོངས་འཛིན་སྔར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱུ་དང་རྣམ་རྟོག་བཞི་ལྡན་པ། །ཞེས་བསྟན་ན། ཡི་གེ་ལྕི་ཡང་གི་སྡེབས་སྦྱོར་ཞིག་པར་འགྱུར་བས། དེ་མི་འབྱུང་བའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི་ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་ཞེས་སོགས། ཡང་ན་རིན་ཆེན་བང་མཛོད་ལས། ཡོངས་འཛིན་དེའི་སྟོབས་ཀྱིས་ཉོན་མོངས་པ་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བའི་ཕྱིར་ཅེས་པའི་དོན་དུ་བཤད། འབྲེལ་པ་ཅན་གྱི་དོན་དངོས་ལ། བཤད་བྱའི་མདོ་དགོད་པ་ནི། བཏགས་འཛིན་རྟོག་པའི་སྐབས་སུ། གཟུགས་ནས་སྟོབས་བཅུའི་བར་གྱི་ཆོས་ཐམས་ཅད་སྒྱུ་མ་དང་གཞན་མིན་པར་བསྟན་པ་ལ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ན། ཞུམ་ཞིང་ཀུན་ཏུ་ཞུམ་པ་ལ་འགོད་དེ། དངངས་པ་དང༌། ཀུན་ཏུ་སྐྲག་པ་དང༌། ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། དེ་ཐབས་མི་མཁས་པ་དང་མི་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་མ་གྱུར་ན་ནི། དེ་ཞུམ་ཞིང་ཀུན་ཏུ་ཞུམ་པ་ལ་སོགས་པར་མི་འགྱུར་རོ། །ཞེས་སོགས་དང༌། གསོལ་བ། བཅོམ་ལྡན་འདས་གང་དག་གིས་ཡོངས་སུ་བཟུང་བས་ཞུམ་པ་ལ་སོགས་པར་མི་འགྱུར་བའི་བྱང་སེམས་ཆེན་པོའི་དགེ་བའི་བཤེས་གཉེན་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་ལ་སོགས་པར་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་སོགས་སོ། །མདོ་དོན་བསྟན་བཅོས་ཀྱིས་ཇི་ལྟར་བཀྲལ་བ་ནི། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས་ཏེ་མདོར་བསྟན་གྱི་ཡོངས་འཛིན་དེ་གང་ཡིན་དྲིས་པའི་ལན་ནོ། །རྩ་བའི་དོན་འགྲེལ་པས་བཤད་པ་ལ། གྲོལ་སྡེ་གཉིས། མདོ་སྔ་མ་ཅིག་ཤོས་དང༌། སེམས་མི་འགོང་བ་ཉིད་ལ་སོགས། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པས་ནང་ཐབས་མཁས་ཀྱི་ཡོངས་འཛིན་བསྟན། མདོ་ཕྱི་མ་ཤོས་དང༌། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པས་ཕྱི་དགེ་བཤེས་ཀྱི་ཡོངས་འཛིན་བསྟན་པར་བཞེད་དོ། །ཉི་ཁྲི་སྣང་བ་ལས། ཐབས་མཁས་པ་དང་དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའི་ཡོངས་འཛིན་ཡིན་ནོ། །ཞེས་གང་གསུངས་པ་དེ་ལ། ཐབས་ལ་མཁས་པའི་དབང་དུ་མཛད་ནས། ཞེས་དང༌། དགེ་བའི་བཤེས་གཉེན་གྱི་དབང་དུ་མཛད་ནས་གསུངས་པ་ནི། ཞེས་བཤད་པས་སོ། །སློབ་དཔོན་ནི་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་ཞེས་གཅིག་ཏུ་མཛད་དོ། །སངས་རྒྱས་ཡེ་ཤེས་ཞབས་ནི། འདིར་ཡོངས་འཛིན་སངས་རྒྱས་ཀྱི་དབང་དུ་བྱས་པ་མིན་གྱི། བྱང་སེམས་ཀྱི་དབང་དུ་འཛིན་པར་བཞེད། འདིར་དར་ཊཱིཀ་པ། སོགས་ཁོངས་ནས་གང་ཟག་གི་བདག་མེད་སྟོན་པར་མཛད་པ་ནི། མདོ་མ་གཟིགས་པར་གསལ་ལོ། །གསུམ་པ་འཇུག་བྱ་བསྒྲུབ་པའི་ཡན་ལག་གི་ཆོས་ལ། བསྒྲུབ་པའི་རྟེན། བསྒྲུབ་པའི་དམིགས་པ། བསྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དེ་དང་བཞིར་ངེས་ཏེ། འདི་དག་ལས་གང་རུང་གཅིག་མ་ཚང་ནའང་སྒྲུབ་པའི་བྱ་བ་མི་རྫོགས་པའི་ཕྱིར་རོ། །དང་པོ་ལ་སྔ་ཕྱིའི་འབྲེལ་བཙལ་བ་དང༌། འབྲེལ་པ་ཅན་གྱི་དོན་དངོས་གཉིས་སོ། །དང་པོ་ལ། མདོའི་འབྲེལ་ནི། གོང་དུ་བྱང་ཆུབ་སེམས་དཔའ་ཞེས་ལན་མང་དུ་གསུངས་པ་ལས་འཕྲོས་པའོ། །བསྟན་བཅོས་ཀྱི་འབྲེལ་པ་ནི། ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ངེས་འབྱེད་སྒྲུབ་པ་ལ་རག་ལས། སྒྲུབ་པ་ཡང་སྒྲུབ་པའི་རྟེན་ལ་རག་ལས་པའི་ཕྱིར། ཞེས་སྟོན་པའི་དབང་དུ་བྱས་ན། སྒྲུབ་པ་དང་ལྡན་པ་ལ་ཞེས་སོགས་སོ། །གཉིས་པ་འབྲེལ་པ་ཅན་དངོས་ལ། རྟེན་རིགས་ཀྱི་དབྱེ་བ་དང༌། རིགས་ལ་རྩོད་པ་སྤང་བ། དང་པོ་ལ་བཤད་བྱའི་མདོ་ནི། དེ་ནས་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་ཡོད་པའམ་དམིགས་པ་མིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ་ཞེས་སོགས་སོ། །དོན་ནི་ཉི་སྣང་ལས། བརྟེན་པར་བྱང་ཆུབ་རྫས་སུ་མེད་པའི་འཐད་པས་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་རིགས་ནི་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་ཡིན་གྱི། དངོས་པོར་གྱུར་པའི་ཚིག་གི་དོན་ནི་མ་ཡིན་ནོ་ཞེས་བྱ་བར་བསྟན་ཏེ། ཞེས་པ་ལྟར་རོ། །མདོ་དེ་དག་གི་དོན་འཆད་པ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །ཞེས་སོགས་ཏེ། འདི་ལ་བཞེད་པའི་རྣམ་གྲངས་བཀོད་པ་དང༌། སློབ་དཔོན་གྱི་ལུགས་བརྗོད་པ་དང་གཉིས། དང་པོ་ནི། ཉི་སྣང་ལས། སྒྲུབ་པའི་རྟེན་བརྗོད་པར་བྱ་སྟེ། རིགས་ཞེས་བྱ་བའི་དོན་ཏོ། །དེ་ནི་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་དབྱེ་བས་རྣམ་པ་བཅུ་གསུམ་དུ་འགྱུར་རོ་ཞེས་རྟེན་བཅུ་གསུམ་གྱི་རྣམ་གཞག་མཛད་ཅིང༌། ཡུམ་གྱི་མདོར་རྟོགས་པའི་ཆོས་དྲུག་རེ་རེ་ལ་དགུ་དགུར་ཕྱེ་བ་ཡང་རྟོག་པ་དགུའི་དབྱེ་བ་དང་བསྟུན་པ་ཡིན་ལ། གཉེན་པོ་རྟོགས་པའི་ཆོས་དྲུག་གིས་མི་མཐུན་ཕྱོགས་རྟོག་པ་དགུ་སྤོང་བའི་གནས་སྐབས་ལ། གཉེན་པོ་དང་སྤོང་བའི་སྒྲུབ་པ་གཉིས་བཞག་ཅིང༌། མི་མཐུན་ཕྱོགས་དང་གཉེན་པོའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་གཉིས་ཀྱང་སྤངས་པའི་གནས་སྐབས་ལ་དེ་དག་དེ་དག་ལ་ཡོངས་སུ་གཏུགས་པ་བཞག དེ་དག་ནི་ས་བདུན་པ་མན་ཆད་དོ། །ལྷག་མ་བཞི་ནི་ས་བརྒྱད་པ་དགུ་པ་བཅུ་པ་སངས་རྒྱས་ཀྱི་ས་བཞི་ལ་འཇོག་པར་མངོན་ནོ། །གསེར་གླེང་པ། བདུན་བརྒྱད་གཉིས་རྟོགས་པའི་ཆོས་དྲུག་པ་ལ་སྦྱོར། ཆོས་ཀྱི་བཤེས་གཉེན་ནི། དང་པོ་གཉིས་སྦྱོར་ལམ་གྱིས་བསྡུས། ལྔ་པ་མཐོང་ལམ་གྱིས་བསྡུས། དྲུག་པ་ནི་སྒོམ་པའི་ལམ་གྱིས་བསྡུས། བདུན་པ་དང་དགུ་པ་ནི། དེ་དག་ཉིད་ཀྱིས་བྲལ་བ་དང༌། བྲལ་བའི་ཐོབ་པ་གཉིས་སོ། །བརྒྱད་པ་ནི་ས་འོད་བྱེད་པ་ནས་ས་དྲུག་པའི་བར་རོ། །བཅུ་པ་ནི། ས་བདུན་པའོ། །བཅུ་གཅིག་པ་ནི། ས་མི་གཡོ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་རོ། །བཅུ་གཉིས་པ་ནི། སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པའོ། །བཅུ་གསུམ་པ་ནི། ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའོ། །ཞེས་དང༌། གང་དག་ཐ་མར་བསྟན་པ་འདི་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ་ནི་མི་རིགས་ཏེ། དེ་ལྟ་ན། སྔར་སྨོས་པའི་བྱང་སེམས་རྣམ་པ་བཅུ་གསུམ་ཞེས་པ་ཇི་ལྟར་བགྲང༌། ཞེས་གསུངས་ཏེ། འདི་འཕགས་པ་འགོག་པ་ཡིན་ནམ་སྙམ་བུདྡྷ་ཤྲཱིས། དྲུག་པ་ས་བདུན་པ་མན་གྱིས་སྒོམ། བདུན་པ་བརྒྱད་པ་དགུ་པ་གསུམ། ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ཡང་ངོ༌། །བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་གསུམ་ཡང་རིམ་པ་བཞིན། ས་བརྒྱད་པ་དགུ་པ་བཅུ་པ་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་ནོ། །བཅུ་གསུམ་པ་ནི་ས་བཅུ་པའི་ཁྱད་པར་ལམ་ན་ཡོད་པར་བཞེད། དཔལ་མར་མེ་མཛད་ཀྱིས། ས་མཚམས་ཆོས་དྲུག་གསལ་བ་སྟེ། །བདུན་ནོ་ཆོས་དྲུག་རེ་རེ་ལའང༌། །ཡོད་པ་ཉིད་དུ་དཔྱད་ན་གནང༌། །དཔེར་ན་དྲོད་ཀྱིས་བར་ཆད་མེད། །གཉེན་པོ་སྤོང་བ་རྣམ་གྲོལ་ན། །ཡོངས་སུ་གཏུགས་པ་བཞི་པོ་ནི། །ཁྱད་པར་ལམ་ན་ཡོད་པའོ། །ཆོས་དྲུག་གཞན་ལའང་དེ་བཞིན་སྦྱར། །ཞེས་གསུངས་ཏེ་ཤིན་ཏུ་ལེགས་པར་སྣང་ངོ༌། །གཉིས་པ་སློབ་དཔོན་གྱི་བཞེད་པ་ལའང༌། ཤེར་བློའི་བསྡུས་དོན་ལས། ངེས་འབྱེད་ཆ་བཞིའི་སྟོབས་ཀྱིས་ཆོས་དབྱིངས་ལ་ལྟས་ཏེ། སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པར་སྦྱངས་ནས་གཉེན་པོས་མི་མཐུན་ཕྱོགས་དྲུངས་འབྱིན་པར་བྱེད་ཅིང༌། རློམས་པར་མི་བྱེད་དོ། །རློམ་པ་མེད་བཞིན་དུ། སྙིང་རྗེ་དང་ཤེས་རབ་དག་གིས་ཐུན་མོང་མིན་པའི་ཆོས་ཐོབ་པས་ཐེག་པ་གསུམ་ལ་སེམས་ཅན་འདུལ་བ་ན་སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། ཞེས་གསུང༌། རྣམ་བཤད་ལས་གསུངས་པ་ནི། གོ་རིམ། གྲངས་ངེས། རྟེན་ངོས་བཟུང་བ་དང་གསུམ། དང་པོ་ལ་རྟོགས་པའི་ཆོས་དྲུག་ནི། སྦྱོར་ལམ་བཞི་དང༌། མཐོང་ལམ་དང༌། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་དང་དྲུག གཉེན་པོ་ས་བརྒྱད་པའི་བར་ཆད་མེད་ལམ་དང༌། སྤང་པ་ས་བརྒྱད་པའི་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་དང༌། དེ་དག་ཡོངས་སུ་གཏུགས་པས་ས་བརྒྱད་པར་ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་དང༌། ས་བརྒྱད་པའི་ཡོན་ཏན་ཁྱད་པར་ཅན། ཤེས་རབ་སྙིང་བརྩེར་བཅས་པ་དང༌། ས་དགུ་པས་བསྡུས་པ་སློབ་མ་ཐུན་མོང་མིན་པ་དང༌། ས་བཅུ་པས་བསྡུས་པ། གཞན་དོན་གོ་རིམ་དུ་བྱེད་པ་དང༌། རྒྱུན་མཐའི་ཡེ་ཤེས་ཀྱིས་བསྡུས་པ། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་བར་རོ། །ས་བརྒྱད་པ་ཁོ་ན་ལ་སྤོང་བའི་སྒྲུབ་པ་སོགས་བཞི་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། བཤད་པ་འཇུག་པ་ལས། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་གྱུར་ཅིང༌། །ཉོན་མོངས་སྤངས་ཤིང་ས་གསུམ་བླ་མར་གྱུར་ཀྱང༌། །ཞེས་དང༌། རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་པ། །ཞེས་དང༌། སྲིད་དང་ཞི་བར་མི་རྟོག་པ། །ཞེས་གསུངས་པ་རྣམས་ས་བརྒྱད་པ་ཁོ་ནའི་དབང་དུ་བྱས་པར་སྣང་བའི་ཕྱིར་རོ། །འག་ཡ་གོ་རིའི་མདོ་ལས། ས་བདུན་པ་མན་ཆད་ལ་ཤེས་པའི་ལམ་དང༌། ས་བརྒྱད་པ་ཡན་ཆད་ལ་སྤོང་བའི་ལམ་དུ་བཤད། མདོ་སྡེ་རྒྱན་ལས། བདུན་པ་མན་ལ་རྟོགས་པ་རྒྱས་པའི་ས་ཞེས་བཤད་དོ། །དར་ཊཱིཀ་པ། རྐུན་པོ་ཕྱིར་ཕྱུང་བ་དང༌། ཞེས་པས། བར་ཆད་མེད་ལམ་ཁོ་ནའི་སྒྲུབ་པ་བསྟན་པ་དང༌། བར་ཆད་མེད་ལམ་རྫོགས་པར་སྐྱེས་པ་དང༌། ངོ་སྐལ་གྱི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པར་བསྟན་པའི་དོན་དུ་བཞེད་པ་ནི་རིམ་པ་ལྟར་མི་རིགས་ཏེ། གཉེན་པོ་དང༌། སྤོང་བ་གཉིས་ལ་ཡུམ་གྱི་མདོ་སོ་སོར་གསུངས་པ་ལྟར་ཉི་སྣང་དུ་འདི་གཉིས་སོ་སོར་ཕྱེ་ནས་གསུངས་པ་མ་མཁྱེན་པའམ་མཁྱེན་བཞིན་དུ་འགལ་བར་སྨྲས་པ་གང་རུང་དུ་གསལ་བའི་ཕྱིར་རོ། །ཡང་ཁྱེད་གཉེན་པོ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། མི་མཐུན་ཕྱོགས་ཀྱི་ས་བོན་འགགས་པ་ལ་མངོན་དུ་ཕྱོགས་པ་གཉིས་ལ་མདོ་སོ་སོར་དྲང་ན། བཅུ་གསུམ་གྱིས་ཁ་བསྐོང་བ་མི་འཐད་དེ། བཅུ་གསུམ་པོ་འདི་ནི་སྔ་མ་བས་ཕྱི་མ་སྐྱེ་བ་རྟོགས་པའི་གོ་རིམ་དུ་སློབ་དཔོན་བཞེད་ལ། གཉིས་པོ་དེ་དུས་མཉམ་པའི་ཕྱིར་སློབ་དཔོན་དེ་ལྟར་བཞེད་དེ། འགྲེལ་ཆེན་ལས། དེ་ལྟར་རྟོགས་པའི་གོ་རིམ་ཡིན་པའི་ཕྱིར་འདི་ནི་གོ་རིམ་ཡིན་ནོ་ཞེས་གསུངས་པས་སོ། །ཡང་ཁྱེད་ཀྱིས་གཉེན་པོའི་མདོ་འདྲེན་པ་ན། ཉི་མའི་དཀྱིལ་འཁོར་འཆར་བ་ན། མུན་པའི་གནས་མེད་ཅེས་ཁྱེད་རང་གི་རྟོག་པས་བཏགས་པའི་མདོ་བཟོས་ནས་དྲངས་པའང་མཁྱེན་དགོས་ཏེ། མདོ་ལས་ནི་ཉི་མའི་དཀྱིལ་འཁོར་འཆར་བའི་འོད་ལ་གནས་མེད་ཅིང་མི་དམིགས་ཞེས་འབྱུང་བས་སོ། །དེ་ལྟར་ཡང་ཉི་ཁྲི་སྣང་བར་གཟིགས་ཤིག ཡང་འདི་གཉིས་གཅིག་ཏུ་མཛད་ན་ནི། བཅུ་གསུམ་གང་ཡིན་སྟོན་དགོས་སོ། །འོ་ན་གཞུང་ལས། དུས་མཉམ་ཞེས་བཤད་པ་ཇི་ལྟར་དྲངས་ཞེ་ན། ཁྱེད་ལྟར་ན། དཔེ་དོན་ཕྱིན་ཅི་ལོག་པར་སོང་སྟེ། རྐུན་པོ་བྱུང་བ་དང༌། སྒོ་འཕར་བཅད་པ་དུས་མི་མཉམ་པའི་ཕྱིར། དེས་དཔེ་གཉིས་ནི་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་སོ་སོའི་དཔེར་སྨོས་པ་ཡིན་གྱི། དུས་མཉམ་པའི་དཔེར་སྨོས་པ་མིན་པ། དུས་མཉམ་པ་ཞེས་པ་ནི། ཞར་ལ་སྤང་གཉེན་སྐྱེ་འགག་བྱེད་ཚུལ་སྨོས་པ་ཡིན་ནོ། །ཡང་དར་ཊཱིཀ་པ། འདིར་མཐོང་སྒོམ་གཉིས་ཀྱི་བར་ཆད་མེད་ལམ་སྤྱིར་འཛིན་པར་བཞེད་པ་ནི་གཞུང་ལ་མ་བརྟགས་པ་སྟེ། དེའི་འོག་ཏུ་ཞེས་པ་ནུས་མེད་དུ་བཏང་བའི་ཕྱིར། ཅི་སྟེ་བཤད་པའི་རིམ་པའོ་ཞེ་ན་མི་འཐད་པར་བསྟན་ཟིན་ནོ། །གཉིས་པ་གྲངས་ངེས་ནི། འདིས་ཀྱང་ཞེས་སོགས་ཏེ། འགྲེལ་ཆེན་ལས། འདིས་ཀྱང་རྟོགས་པའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་འདི་དག་ཁོ་ན་བསྟན་གྱི། མ་ཚང་བ་དང་ལྷག་པ་མིན་ནོ་ཞེས་གསུངས་པ་དང༌། དར་ཊཱིཀ་པས་ནི། སྒྲུབ་པ་བར་པ་བཞི་ངོ་བོ་གཅིག་ཏུ་ཁས་བླངས་པས་གཞུང་འདི་དང་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པ་ཞེས་པ་གཉིས་ལས་འགལ་བར་བྱས་སོ། །གསུམ་པ་རྟེན་བཟུང་བ་ནི། སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་ཞེས་སོགས་སོ། །འདིར་བསྒྲུབ་པའི་རྟེན་གྱི་བྱང་སེམས་ལ་བྱ་སྟེ། འགྲེལ་ཆེན་ལས། ཇི་སྐད་བཤད་པའི་རྟེན་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཡིན་སྙམ་པ་ལ་མ་དམིགས་པ་བསྟན་པའི་ཕྱིར། ཞེས་འབྱུང་བས་སོ། །བྱང་སེམས་ཀྱི་རྟེན་ནི་ཆོས་དབྱིངས་ཏེ། མདོ་ལས་གསལ་བར་གསུངས་སོ། །དེས་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། ཞེས་པས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པའི་བྱང་སེམས་དང༌། རིགས་གཉིས་ཀ་མཚོན་པ་མིན་ནོ། །འོ་ན་འདིར་ཚོགས་ལམ་གྱི་སྒྲུབ་པའི་རྟེན་རིགས་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། དེར་རིགས་ཡོད་མོད་ཀྱི་འོན་ཀྱང་རིགས་ལ་མ་ངེས་པ་ཤས་ཆེ་ལ། འདིར་ནི་རིགས་ངེས་པ་འཆད་པའི་ཕྱིར་དང༌། ཐམས་ཅད་ཀྱང་སྦྱོར་ལམ་ནས་ཕྱིར་མི་ལྡོག་པས་རིགས་ངེས་པའི་ཕྱིར། ཡང་སྒོམ་བྱུང་གི་སྒྲུབ་པའི་དང་པོ་ངེས་འབྱེད་ནས་འཛིན་པ་ལྟར་ན་ནི། སྦྱོར་ལམ་ན་སྒྲུབ་པ་ཉིད་མེད་པའི་ཕྱིར། དེའི་རྟེན་རིགས་བཞག་ཏུ་མེད་དོ། །འོ་ན་དེར་ཅི་ཞིག་ཡོད་ཅེ་ན། ཐར་པ་ཆ་མཐུན་ནོ། །ཞེས་རལ་གྲི་གསུང་བ་ལྟར་ཤིན་ཏུ་ལེགས་སོ། །འདིར་དར་ཊཱིཀ་པ། ཁོ་ནའི་སྒྲས་རིགས་དངོས་པོ་བ་བཅད་དོ། །ཞེས་ཁོ་བོ་ཅག་གི་བླ་མའི་བཞེད་པ་འགོག་པར་མཛད་པ་ནི། མ་བརྟགས་པ་ཆེན་པོ་ཡིན་ཏེ། སྤྱིར་རིགས་དངོས་པོ་བ་མེད་དུ་ཆུག འདིར་དེ་ཡི་གེའི་དོན་མིན་ཏེ། འདི་དང་འོག་གི་ཁོ་ན་ཞེས་པ་ཐམས་ཅད་ཉི་ཁྲི་སྣང་བར། སེམས་ཙམ་པ་སོགས་ཀྱི་འདོད་ཚུལ་བཀག་པའི་རྗེས་སུ། རང་ལུགས། ཆོས་དབྱིངས་ཁོ་ན་རིགས་ཡིན་པར་བསྟན་པ་དེ་ཉིད་འདིར་ཡང་བཤད་པའི་ཕྱིར། གཉིས་པ་རིགས་ལ་རྩོད་པ་སྤང་བ་ལ། རྩོད་ལན་གཉིས་ལས་བཤད་བྱའི་མདོ་ནི། རྩོད་ལན་འདི་གཉིས་ཡུམ་གྱི་མདོར་མ་གསུངས་ཀྱང༌། ཉི་ཁྲི་སྣང་བར་དཀོན་མཆོག་ཟ་མ་ཏོག་བཀོད་པའི་མདོ་དྲངས་ནས་སྦྱར་བར་མཛད་དོ། །དེ་ཡང་འདི་ལྟར། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་གཅིག དེ་བཞིན་ཉིད་ཀྱང་གཅིག ཡང་དག་པའི་མཐའ་ཡང་གཅིག་ཡིན་ན། སྣོད་དང་སྣོད་མིན་པ་དེ་ཇི་ལྟར་མངོན། ཞེས་པས་རྩོད་པ་དང༌། འཇམ་དཔལ་གྱིས་སྨྲས་པ་བཙུན་པ་རབ་འབྱོར། འདི་ལྟ་སྟེ་དཔེར་ན། རྫ་མཁན་གྱིས་འཇིམ་པའི་གོང་བུ་གཅིག་ལ་སྣོད་རྣམ་པ་སྣ་ཚོགས་བྱ་སྟེ། སྣོད་དེ་ཐམས་ཅད་སོ་གཅིག་ཏུ་བཏང་ན། དེ་ལ་ཁ་ཅིག་ནི་འབྲུ་མར་དང༌། ཁ་ཅིག་ནི་སྦྲང་རྩི་དང༌། ལི་ཁ་རའི་སྣོད་དུ་འགྱུར། ཁ་ཅིག་ནི་ངན་པ་མི་གཙང་བའི་སྣོད་དུ་འགྱུར་ཏེ། འཇིམ་པའི་གོང་བུ་དེ་སོ་བཏང་བ་ལ་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །རབ་འབྱོར་དེ་བཞིན་དུ་ཆོས་ཀྱི་དབྱིངས་གཅིག དེ་བཞིན་ཉིད་གཅིག ཡང་དག་པའི་མཐའ་གཅིག་ཡིན་མོད་ཀྱི། ཇི་ལྟར་ལས་མངོན་པར་འདུ་བྱས་པ་བཞིན་དུ་སྣོད་ཀྱི་ཁྱད་པར་དུ་འགྱུར་རོ། །དེ་ལ་ཇི་ལྟར། སྦྲང་རྩི་དང༌། ལི་ཁ་རའི་སྣོད་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྟའོ། །འབྲུ་མར་དང་མར་གྱི་སྣོད་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཐམས་ཅད་ལ་བལྟའོ། །ངན་པ་མི་གཙང་བའི་སྣོད་ཇི་ལྟ་བ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་ལ་བལྟའོ། །ཞེས་པ་ནི་ལན་ནོ། །དང་པོ་རྩོད་པ་གང་ལ་རྩོད་པ་ནི་ཉི་ཁྲི་སྣང་བ་ལྟར། མདོར་ན་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། ཞེས་ཆོས་དབྱིངས་རིགས་སུ་བསྟན་པ་ལ་རྩོད། ཇི་ལྟར་རྩོད་ན། རིགས་ཆད་མི་སྲིད་པར་ཐལ་ལོ། །ཞེ་ན། དེ་ནི་ཧ་ཅང་ཐལ་བའི་སྐྱོན་མིན་ཞེས་ལན་བཏབ་ནས། དེ་ལྟ་ན་ཡང་རིགས་ཅན་གསུམ་དུ་མི་རུང་བར་ཐལ་ལོ། །ཞེ་ན། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡིད་དབྱེ་བ་ཡོངས་སུ་བརྗོད། །ཅེས་སོ། །སློབ་དཔོན་ལྟར་ན། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་ཆོས་དབྱིངས་ཁོ་ན་འཕགས་པའི་ཆོས་རྟོགས་པའི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས། ཆོས་དེའི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་རིགས་ལ་གནས་པ་ཡིན་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པར་ཐལ། དེ་ལྟ་ན་རིགས་ཅན་གསུམ་གྱི་དབྱེ་བ་མི་རུང་བར་ཐལ་ལོ། །ཞེས་སྟོན་པ་ནི། གལ་ཏེ་ཆོས་དབྱིངས་ཁོ་ན་ཞེས་སོགས་སོ། །ལན་ལ། འཐད་པའི་སྒོ་ནས་མཐར་ཐུག་རིགས་གཅིག་ཏུ་བསྒྲུབ། དཔེའི་སྒོ་ནས་གནས་སྐབས་ཀྱི་རིགས་གསུམ་དུ་བཞག་པ་དང༌། དང་པོ་ལ་དངོས་དང་ཞར་ལ་ལོག་རྟོག་དགག་པའོ། །དང་པོ་ནི་ཇི་ལྟར་སོགས་ཏེ། ཉི་སྣང་ལས། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེར་རིགས་ཡིན་པར་བརྗོད་པ་དེས་ན་འདིར་ཧ་ཅང་ཐལ་བ་ཅི་སྟེ་ཚོལ་བར་བྱེད་ཅེས་པ། དོན་གཅིག་པས། རྣམ་བཤད་ཀྱི་དགོངས་པ་འདི་ལྟར་བྱ་སྟེ། དེ་ཡང་ཐལ་བ་དང་པོ་ལ་འདོད་དེ། སེམས་ཅན་ཐམས་ཅད་ཆོས་ཅན། སངས་རྒྱས་ཀྱི་རིགས་ལ་གནས་པར་འདོད་དེ། དྲི་བཅས་སེམས་ཀྱི་ཆོས་དབྱིངས་དང་ལྡན་པའི་ཕྱིར། དེ་ལྟ་ནའང༌། ཆོས་དབྱིངས་དེ་ཆོས་ཅན། རིགས་ཅན་ཐམས་ཅད་ཀྱི་རྟོགས་པའི་རྒྱུའི་ངོ་བོར་འཇོག་པ་ཡིན་ཏེ། རིགས་ཅན་གསུམ་གྱི་རྟོགས་རིགས་ཐམས་ཅད་ཁྱོད་ལ་བརྟེན་ཏེ་བསྒྲུབ་དགོས་པའི་ཕྱིར། དེ་ན་གནས་སྐབས་ཉན་རང་གི་རྟོགས་པ་ལ་གནས་པ་ཡང༌། སངས་རྒྱས་ཀྱི་རིགས་ཡོད་པར་ནུས་པ་ཡིན་ཏེ། རྗེ་བཙུན་གྱིས་གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྲུབ། །སྲིད་དང་མྱ་ངན་འདས་པ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་ལྟར། འདིར་རིགས་དང༌། གཞི་དང༌། སྟོན་པ་དང༌། རྒྱུ་དང༌། རྟེན་དང༌། ཉེར་གནས་དང༌། སྔོན་འགྲོ་དང༌། གནས་དང༌། ས་བོན་དང༌། ཁམས་དང༌། རང་བཞིན་ཞེས་པ་རྣམ་གྲངས་སོ། །གཞུང་འདི་ཆོས་ཤེས་དང༌། གསེར་གླིང་པ་དཔེ་ལ་སྦྱོར་བར་མཛད་དེ། ཆོས་ཤེས་ལྟར་ན། ཇི་ལྟར་དཔེར་ན། ཉན་ཐོས་པ་དག དབུ་མ་པ་ལྟར། ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ནམ། རྣལ་འབྱོར་སྤྱོད་པ་བ་ལྟར། རིགས་ཆད་པ་མི་འདོད་ཀྱི་ཐམས་ཅད་མ་ངེས་པའི་རིགས་ལ་གནས་པར་འདོད་ཀྱང་རྟེན་གྱི་སྟོབས་ཀྱིས་རིགས་ཅན་གསུམ་དུ་འདོད་པ་བཞིན་དུ། ཁོ་བོ་ཅག་ཆོས་ཉིད་གཅིག་པུ་རིགས་སུ་འདོད་པའང་དེ་བཞིན་ནོ། །ཞེས་འཆད་དོ། །གསེར་གླིང་པ་ལྟར་ན། ཉན་ཐོས་དང་རང་སངས་རྒྱས་བདག་མེད་གོང་ནས་གོང་དུ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་ཆོས་ཉིད་ལ་དམིགས་པར་བྱའོ། །ཞེས་འཆད་དོ། །སྐབས་འདིར། ཉན་རང་གི་ཆོས་དབྱིངས་ལ་དམིགས་པ་རྒྱ་འགྲེལ་རྣམས་ན་བཤད་པ་མེད་ཅིང༌། དར་ཊཱིཀ་མཛད་པ། ཆོས་དབྱིངས་ལ་རྟེན་པ་དམིགས་པའི་དོན་དུ་བཞེད་པ་ནི། འཕགས་སེང་གི་བཞེད་པ་གཏན་མིན་ཏེ། ཉི་སྣང་དང་འགྲེལ་ཆེན་གཉིས་ཀ་ལས་འདིའི་ཐད་དུ། རྟེན་དང་དམིགས་པ་དོན་ཐ་དད་པ་ཁོ་ནར་བཤད་པའི་ཕྱིར། གཉིས་ཀ་ལས། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉིས་ཀའང་གཉིས་ཀར་མ་བཀག་པ་དེས་ན་ཉེར་ལེན་དང་དམིགས་པ་དག་གིས་མཚན་ཉིད་ཀྱི་དབྱེ་བ་དང༌། དམིགས་པ་དག་པའི་མཐར་ཐུག་པར་འགྲོ་བའང་འཐད་པར་འགྱུར་རོ་ཞེས་གསལ་བར་གསུངས་པའི་ཕྱིར། དེའི་ཕྱིར་ལུང་འདིར་རིགས་ལ་དངོས་མེད་ཀྱིས་ཁྱབ་པར་འདོད་པའང་བཀག་སྟེ་རྣམ་འགྱུར་གཙོ་བོར་གྱུར་པའི་རིགས་ཀྱང་ཡོད་པར་བསྟན་པའི་ཕྱིར། ཡང་ཆོས་དབྱིངས་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུར་བཞེད་ན། འཕགས་པ་ཐམས་ཅད་ཀྱི་ཆོས་དབྱིངས་དམིགས་པར་བཞེད་དགོས་པའང་མིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པས་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང༌། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་པ་ཧ་ཅང་ཐལ་བའི་ཕྱིར་རོ། །ཡང་ཉི་ཁྲི་སྣང་བར། ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་འཇོག་པའི་ཤེས་བྱེད་དུ། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་པར་འཆད་པ་ཡང་རྫུན་གྱི་བཤད་པ་ཡིན་ཏེ། ཉི་སྣང་དང་འགྲེལ་ཆེན་གཉིས་ཀ་ལས། ངེས་པའི་ཚིག་ནི་ཡོན་ཏན་སྒྲོལ་བའི་དོན་གྱིས་རིགས་ཏེ། དེ་ལས་ཡོན་ཏན་དེ་དང་དེ་དག་སྐྱེ་ཞིང་འབྱུང་བའི་དོན་ནོ། །དེའི་ཕྱིར་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་བརྗོད་དོ་ཞེས་བཤད་པ་ལས་གཞན་མེད་ལ། དེའི་དོན་ནི་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སྒྲུབ་བྱེད་དུ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་མཐའ་དག་ཆོས་དབྱིངས་ལ་རྟེན་ནས་སྐྱེ་དགོས་པའི་ཕྱིར། དེ་དཔེར་ན་ས་བཞིན་ཞེས་སྟོན་པ་སྟེ། དེ་སྐད་དུ་ཡང༌། ཉི་ཁྲི་སྣང་བ་ལས། གོ་ཞེས་བྱ་བ་ནི་ས་ཡིན་ལ། སའང་གནས་ཡིན་ཏེ། ལྷན་ཅིག་སྤྱོད་པས་གནས་པ་སྲོག་ཆགས་རྣམས་ལ་གོའི་སྒྲ་ཉེ་བར་འདོགས་སོ། །དེ་བས་ན་སས་བསྡུས་པ་རྣམས་སྐྱོབ་པར་བྱེད་པའི་རིགས་སོ། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན། འཕགས་པ་གྲོལ་སྡེས་སེམས་ཅན་ཐམས་ཅད་རིག་ལ་གནས་པ་ཧ་ཅང་ཐལ་བ་མེད་པར་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་བདག་མེད་རྟོགས་པར་ཐལ། འདིར་ཆོས་ཉིད་ལ་གནས་པ་དང༌། རྟེན་པའི་དོན་དམིགས་པ་དང༌། དམིགས་པ་ལ་རྟོགས་པས་ཁྱབ་པར་ཁས་བླངས་པའི་ཕྱིར། གཞན་ཡང་ཁྱེད་ལྟར་ན། དེ་ནི་སྤྱིར་གནས་པའི་ཕྱིར་ཞེས་པ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་དགོས་པར་འགྱུར་རོ། །གཉིས་པ་དཔེའི་སྒོ་ནས་གནས་སྐབས་རིགས་དྲུག་ཏུ་བཞག་པ་ནི། ཞེས་བྱ་བའི་ལན་ཞིག་ཀྱང་རྗེ་བཙུན་གྱིས་གཟིགས་ཏེ། ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར། འོན་ཀྱང་འཇིག་རྟེན་གྲགས་པའི་ལན་ནི། བརྟེན་པའི་ཆོས་ཀྱིས་ཞེས་སོགས་སོ། །བུདྡྷ་ཤྲཱི་ལྟར་ན། རིགས་དེ་ཐམས་ཅད་ཐ་དད་པ་མིན་པར་བརྟག་ཅེ་ན། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་སོ། །འོ་ན་བཅུ་གསུམ་དུ་ཇི་ལྟར་བརྗོད་ཅེ་ན། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་སྟོན་ནོ། །བོད་སྔ་རབས་པ་ལ་ལ་ན་རེ། སློབ་དཔོན་གྱི་ལུགས་འདི་ལ་སྐྱོན་གཉིས་ཡོད་དེ། འགྲེལ་པ་ཆད་པའི་སྐྱོན་དང༌། བཅུ་གསུམ་གྱི་དབྱེ་བ་མི་རུང་བར་རྩོད་རྒྱུ་ཡིན་པ་ལ། གསུམ་གྱི་དབྱེ་བ་མི་རུང་བར་བརྩད་པས་སོ། །ཞེས་སྨྲ་བའང་སྣང་ངོ༌། །གཉིས་པ་བསྒྲུབ་པའི་དམིགས་པ་ལ། སྔ་ཕྱིའི་འབྲེལ་བཙལ་བ་དང༌། འབྲེལ་པ་ཅན་དངོས་གཉིས། དང་པོ་ལ་མདོའི་འབྲེལ་ནི། རིགས་ཀྱི་གནས་སྐབས་སུ། ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ཉིད་དང༌། ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །ཞེས་པ་ལ་འཕྲོས་པའོ། །བསྟན་བཅོས་ཀྱི་འབྲེལ་ནི། སྒྲུབ་པའི་རྟེན་བྱང་ཆུབ་སེམས་དཔའ་དེ་རྟེན་ཆོས་དབྱིངས་ལ་བརྟེན་པ་བཞིན་དུ་དམིགས་པའང་ཆོས་དབྱིངས་ཁོ་ན་ལ་དམིགས་པའམ། འོན་ཏེ་གཞན་ཡོད་ཅེས་སྟོན་པ་ནི། ཇི་སྐད་བཤད་པའི་བསྒྲུབ་པའི་རྟེན་གྱི་དམིགས་པ་གང་ཡིན་ཅེས་པའོ། །ཁ་རག་པ་ན་རེ། རིགས་ཤེས་པ་ཡིན་པར་དྲི་བ་འདིས་ཤེས་སོ། །ཞེས་གསུངས་ཀྱང༌། སློབ་དཔོན་གྱི་དགོངས་པ་མིན་ནོ། །གཉིས་པ་ལ་བཤད་བྱའི་མདོ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། ཡོད་པར་གྱུར་པ་མིན་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི། བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཞེས་སོགས་སོ། །དེའི་དོན་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་སོགས་སོ། །འདི་ལ་སྤྱིར་བསྟན་པ་དང༌། ཅུང་ཟད་ཕྱེ་སྟེ་བསྟན་པ་དང༌། སོ་སོར་བཤད་པ་གསུམ་གྱིས་སྟོན་ཏེ། དེ་ལ་འཕགས་པ་ལྟར་ན། ཐམས་ཅད་དེ་གང་ཞེ་ན། དེ་ཡང་དགེ་ལ་སོགས་པ་ཡིན། དེ་ཁོ་ན་ལྟར་ངེས་སམ་ཞེ་ན། མ་ངེས་ཏེ། འཛིན་པ་ཡི་ནི་རྟོག་པ་དང༌། །ཞེས་སོ། །སློབ་དཔོན་གྱིས་དང་པོ་གསུམ་ལ་སྤྱིར་བསྟན་པ་ཞེས་གསུང༌། དེའི་དོན་གསེར་གླིང་པ་ཉན་ཐོས་སོགས་དང་ཐུན་མོང་དུ་བསྟན་པས་ཞེས་ཀྱང་འཆད། ཆོས་ཤེས་མདོར་བསྟན་ལ་བཞེད་དོ། །འདི་ལ་ཡང༌། ཟངས་ཀར་འཕགས་པ་ཤེས་རབ་ཀྱིས། སྡེ་ཚན་ལྔ་པོ་རིམ་པ་བཞིན་བླང་བྱ་དོར་བྱ་བཏང་སྙོམས་སུ་བཞག་བྱ་གསུམ་གྱི་དབང་དུ་བྱས་པ་དང༌། ལམ་གྱི་དབང་དུ་བྱས་པ་དང༌། མི་མཐུན་ཕྱོགས་དང་གཉེན་པོའི་དབང་དུ་བྱས་པ་དང༌། ཀུན་རྫོབ་འདུས་བྱས་དང༌། དོན་དམ་འདུས་མ་བྱས་ཀྱི་དབང་དུ་བྱས་པ་དང༌། འབྲས་བུའི་དབང་དུ་བྱས་པ་གཉིས་སོ། །ཞེས་བཤད་པར་གྲགས་སོ། །རྣམ་བཤད་ལས་ཀྱང་དེ་ཉིད་གསུངས་སོ། །ཡང་འཇམ་དབྱངས་འོད་ཟེར་མགོན་པོ་གནས། ཡུལ་ལ་རིམ་པ་མེད་ཀྱང་ཡུལ་ཅན་རྟོགས་པ་སྐྱེ་བའི་རིམ་པ་ནི་འདི་ཡིན་ཏེ། བླང་བྱ་དོར་བྱ་བཏང་སྙོམས་སུ་བཞག་བྱ་སེམས་དཔའ་ལ། དགེ་སོགས་གསུམ་མོ། །དགེ་བ་ལ་དང་པོ་དང་ཕྱིས་ཀྱི་བླང་བྱ་གང་ཡིན་སྙམ་པ་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་སོ། །འཇིག་རྟེན་ལས་འདས་པའི་སྤང་བྱ་གང་ཞེ་ན། ཟག་བཅས་ཟག་མེད་གཉིས་སོ། །ཟག་མེད་ལམ་གྱི་དམིགས་རྣམ་གང་ཞེ་ན། འདུས་བྱས་འདུས་མ་བྱས་གཉིས་སོ། །འདུས་མ་བྱས་རྟོགས་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གང་ཞེ་ན། ལྷག་མ་གཉིས་སོ། །ཞེས་གསུངས་ཏེ། ཤིན་ཏུ་ལེགས་པས་དེ་ལྟ་བུ་ལ་སོགས་པ་ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་རྟོགས་པར་རིམ་གྱིས་དམིགས་པས་ཞེས་པའི་དོན་ཡང་ལེགས་པར་བཤད་དོ། །དེས་ན་གཞུང་འདིས་ཐེག་ཆེན་གྱི་སྒྲུབ་པ་དེས་ཆོས་ཉིད་བདེན་སྟོང་འབའ་ཞིག་ཡུལ་དུ་བྱེད་པ་བཀག་ནས། རང་བཞིན་བདེན་སྟོང་གིས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྣ་ཚོགས་དམིགས་པར་བཤད་དེ། ཉི་ཁྲི་སྣང་བ་ལས། རང་བཞིན་དང་རྗེས་སུ་འབྲེལ་པའི་རྣམ་འགྱུར་ནི་དམིགས་པ་ཡིན་གྱི། རྣམ་པར་འགྱུར་བ་ཙམ་ནི་མ་ཡིན་ནོ། །ཞེས་བཤད་པས། འདིའི་ཐད་ཀྱི་འཕགས་སེང་གི་གཞུང་ལ་རྩལ་དུ་བཏོན་ཏེ་བཤད་ན། རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་རྗེས་སུ་འབྲང་བ་རྣམས་ཀྱི་སྨྲ་བའི་འཇུག་པ་ཅིག་ཅར་ཉམས་པར་འགྱུར་ཏེ། རྒྱས་པར་ནི་རྩོད་སྤོང་མི་ཟད་པ་རྒྱན་གྱི་འཁོར་ལོ་བལྟ་བར་བྱའོ། །གསུམ་པ་བསྒྲུབ་པའི་ཆེད་དུ་བྱ་བ་ལ། མདོའི་འབྲེལ་ནི། རིགས་ཀྱི་སྐབས་སུ་བྱང་ཆུབ་སེམས་པའི་མིང་གི་གདགས་གཞི་དྲིས་ནས། འདིར་དོན་གྱི་རྒྱུ་མཚན་དྲིས་པའི་ལན་ནོ། །བསྟན་བཅོས་ཀྱི་འབྲེལ་ནི། འཕགས་པ་ལྟར་ན། འོ་ན་ཐེག་ཆེན་གྱི་སྒྲུབ་པས་ཆོས་ཐམས་ཅད་ལ་དམིགས་པར་བཤད་པ་དེ་ཉིད་ཀྱིས་ཆེད་དུ་བྱ་བ་ཡང་གྲུབ་བམ་ཞེ་ན། དམིགས་པ་ལ་དམིགས་པ་དང༌། ཆེད་དུ་བྱ་བ་ལ་དམིགས་པ་ནི་མི་འདྲ་བ་ཁོ་ན་ཏེ། མདའ་ལྟོང་སྦྱོར་བ་ལྟ་བུ་ད་ལྟར་བ་མ་དམིགས་པ་དང༌། འབེན་ལ་ཕོག་པ་ལྟ་བུ་ད་ལྟར་བ་ལ་དམིགས་པའི་ཁྱད་པར་ཡོད་དོ་ཞེས་སྟོན་ནོ། །སློབ་དཔོན་ལྟར་ན། དམིགས་པ་དེ་ལྟ་བུ་ལ་བསྒྲུབ་པའི་ཞེས་སོགས་སོ། །འབྲེལ་པ་ཅན་དངོས། བཤད་བྱའི་མདོ་ནི། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་གྱུར་པའི་ཕྱིར། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སྡེ་ཆེན་པོ་གང་ཡིན་དྲིས་པའི་ལན་དུ། འདི་ལྟ་སྟེ། རིགས་དང༌། བརྒྱད་པ་དང༌། ཞེས་པ་ནས་བྱང་ཆུབ་ཀྱི་སེམས་དང༌། རྡོ་རྗེ་ལྟ་བུའི་སེམས་དང༌། རླབས་པོ་ཆེའི་སེམས་དང༌། མི་བསྒུལ་བའི་སེམས་དང༌། ཕན་བདེའི་སེམས་བསྐྱེད་པར་བྱ་ཞིང༌། ཆོས་ལ་དགའ་བ་དང༌། ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པས་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་བྱའོ། །ཞེས་པས་སེམས་ཆེན་པོ་གསུངས། དེའི་དོན་ཉི་ཁྲི་སྣང་བ་ལས། སེམས་ཅན་གྱི་ཕུང་པོ་ནི། སེམས་ཅན་ཕལ་པའི་ཚོགས་དང༌། སེམས་ཅན་གྱི་སྡེ་ཆེན་པོ་ནི། ཞུགས་པ་དང་གནས་པའི་གང་ཟག་རྣམས་སོ། །དེ་དག་གི་མཆོག་ཏུ་བྱེད་པའི་བྱེད་ཆོས་དེ་གང་ཞེ་ན། རྡོ་རྗེ་ལྟ་བུའི་སེམས་བསྐྱེད་སོགས་ཏེ། དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་བགོས་པའོ། །རླབས་པོ་ཆེའི་སེམས་བསྐྱེད་ནི། དེ་དག་གི་སྐབས་སུ་འདོད་ཆགས་སོགས་དང༌། ཉན་རང་གི་སེམས་མི་བསྐྱེད་པའོ། །མི་བསྒུལ་བའི་སེམས་ནི། དེས་རློམ་སེམས་སུ་མི་བྱེད་པའོ། །ཕན་པ་དང་བདེ་བའི་སེམས་ཅན་ནི། སེམས་ཅན་ཐམས་ཅད་སྐྱོབ་ཅིང་མི་གཏོང་བ་དང༌། དེས་རློམ་སེམས་སུ་མི་བྱེད་པའོ། །ཆོས་ཞེས་བྱ་བ་ནི་དབྱེར་མེད་པའོ། །དགའ་བ་ནི་དེ་ལ་དགའ་ཞིང་མངོན་པར་དགའ་བའོ། །དེ་བསྒོམ་ཞིང་མང་དུ་བྱེད་པ་ནི་ཀུན་ནས་དགའ་བའོ། །ཞེས་བཤད། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བདག་དང་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་དང༌། ཞེས་པ་ནས། ལྟ་བ་འདི་དག་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པར་བགྱིད་དེ། ཞེས་པས་སྤོང་བ་ཆེན་པོ་དང༌། དེའི་དོན་ཉི་ཁྲི་སྣང་བར། ང་རྒྱལ་བསྐྱེད་པའི་དོན་གྱིས་བདག་ཞུམ་པའི་བདག་ཉིད་ཅན་ཡིན་པའི་དོན་གྱིས་སེམས་ཅན་སྐལ་མཉམ་ཀྱི་རིམ་པ་ཡོངས་སུ་རྫོགས་ཀྱི་བར་དུ་གནས་པས་སྲོག་ཟས་ཀྱིས་རྒྱས་པར་བྱེད་པས་གསོ་བ། པུ་ནི་ལུས་ལ་བྱ་བར་བཤད་ལ་དེས་གདུང་བར་བྱེད་པས་པུ་རུ་ཤ་སྟེ་སྐྱེས་བུའོ། །གཞན་དང་ནི་སྐྱེས་པའི་དབང་པོ་དང་ལྡན་པས་སྐྱེས་བུའོ། །ཞེས་ཟེར་ཏེ། དེ་དག་གི་ལྟར་ན། གཟུགས་ཁམས་པ་རྣམས་སྐྱེས་བུ་མིན་པར་འགྱུར་བས་མི་རིགས་སོ། །འགྲོ་བ་རྣམས་སུ་ཡང་དང་ཡང་དུ་བསྟན་པས་གང་ཟག གཙོ་བོར་ཡིད་ཀྱི་ལས་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར། ཡིད་ལས་སྐྱེས་སོ། །ང་རྒྱལ་སྲུང་བར་བྱེད་པ་ཡིན་པས་ཤེད་བདག དགེ་བ་ལ་སོགས་པའི་ལས་ལ་བརྟེན་པ་ཉིད་ཀྱིས་བྱེད་པ་པོ། དེའི་རྣམ་པར་སྨིན་པ་སོ་སོར་ཀུན་ཏུ་མྱོང་བས་ཚོར་བ་པོ། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་ཤེས་པ་པོ། མིག་ལ་སོགས་པ་ལྔའི་རྟེན་ཡིན་པའི་ཕྱིར་མཐོང་བ་པོ། ཞེས་སོགས་བཤད་ཅིང༌། མདོར་ན་འདི་དག་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་འཇིག་ཚོགས་ལ་ལྟ་བ་ཡིན་ཞིང༌། དེའི་འོག་ནས་རྟག་ཆད་དུ་ལྟ་བ་མཐར་འཛིན་གྱི་ལྟ་བ་དང༌། མེད་པར་ལྟ་བ་ལོག་པར་ལྟ་བ་དང་གསུམ་གྱི་བྱིས་པ་ཐུན་མོང་བ་དང༌། ཕུང་ཁམས་སྐྱེ་མཆེད་སོགས་སུ་ལྟ་བ་ཉན་རང་དང་ཐུན་མོང་བ་དང༌། སེམས་ཅན་སྨིན་པ་ཞིང་སྦྱང་བ་དང༌། སངས་རྒྱ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་བྱང་སེམས་ཐུན་མོང་གི་ལྟ་བ་དེ་དག་སྤང་བ་ནི་སྤོང་བ་ཆེན་པོ་ཞེས་བྱའོ། །འདི་དང༌། བཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །གཉེན་པོ་དང་ནི་སྤོང་བ་དང༌། །རྣམས་སུ་སྤང་བ་ཐོབ་པ་རྣམས་ལ་སྤོང་བར་སྒྱུར་སྣང་བ་དེ་ཡང་ཞར་ལ་ཤེས་དགོས་སོ། །དེ་ནས་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་དོན་དེ་ལ་བདག་ཀྱང་སྤོབས་སོ། །བཀའ་སྩལ་པ། སྤོབས་པ་བསྐྱེད་ཅིག གསོལ་བ། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས། ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས། ཞེས་གསུངས་པ་གང་ལགས་པ་དེ་ཡང་རང་བཞིན་སྟོང་པའི་སླད་དུ་ཆགས་པ་མ་མཆིས་པ་དེའི་ཕྱིར། བྱང་སེམས་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །ཞེས་སོགས་ཀྱིས་རྟོགས་པ་ཆེན་པོ་གསུངས། བརྒྱད་སྟོང་པ་ལས། བྱང་ཆུབ་ཀྱི་སེམས། ཐམས་ཅད་མཁྱེན་པའི་སེམས། ཟག་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མིན་པའི་སེམས། ཞེས་གསུངས། དེའི་དོན་འགྲེལ་ཆེན་ལས། དང་པོ་སྨོན་འཇུག་གི་སེམས་དང༌། ཕྱི་མ་བཞི་མོས་དང་ལྷག་བསམ་དག་པ་དང༌། རྣམ་པར་སྨིན་པ་གཞན་དུ་འདོད། དེ་བཞིན་སྒྲིབ་པ་སྤངས་པ་བཞི་སྦྱར། ཡང་ན་དང་པོ་ངོ་བོ་ཉིད་ཀྱི་སྐུ་ལྷག་མ་བཞི་ཡེ་ཤེས་བཞི་ལ་སྦྱར་ཏེ་བཤད་དོ། །དེའི་དོན་བཤད་པ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །ཞེས་སོ། །འདིར་སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་མཆོག་ཏུ་ཇི་ལྟར་བྱ་ཞེ་ན། འཕགས་པ་ལྟར་ན། སེམས་ཅན་ཀུན་གྱི་མཆོག་ནི་སངས་རྒྱས་ཡིན་ལ། སེམས་ཅན་ཐམས་ཅད་དེར་བྱེད་པའི་རྒྱུ་ནི་སེམས་ཅན་ཆེན་པོ་སྟེ། ཞེས་འཆད། སློབ་དཔོན་ནི། རང་རྒྱུད་ལ་ལྡན་པའི་སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་མཆོག་ཅེས། གཉིས་པོ་གཞི་མཐུན་པར་བཞེད། ལོ་ཆེན། དང་པོ་ནི་གཞན་དོན་ཐུགས་རྗེ་ཡིན། ཕྱི་མ་གཉིས་རང་དོན་སྤངས་པ་དང་ཡེ་ཤེས་ལ་འཆད། མདོའི་དངོས་བསྟན་ལ། ཆེན་པོ་གསུམ་སློབ་ལམ་ན་གསལ། སློབ་དཔོན་གྱིས་སངས་རྒྱས་ཀྱིས་སར་བཞག་སྟེ་མི་འགལ་ལོ། །བཞི་པ་བསྒྲུབ་པར་རང་གི་ངོ་བོ་ལ། འབྲེལ་དང༌། འབྲེལ་པ་ཅན་དངོས་སོ། །དེ་ལྟར་རྟེན་དུ་གྱུར་པ་ལ་སོགས་པ་བརྗོད་ནས་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན། ཅེས་པ་སྟེ། དོན་ནི། རྟེན་རིགས་ལ་བརྟེན། ཆེན་པོ་གསུམ་ལ་དམིགས་པ་ཙམ་གྱིས་ཆེན་པོ་གསུམ་ཐོབ་པར་ནུས་སམ་ཞེ་ན། ཞེས་པའོ། །གཉིས་པ་ལ། ལན་གྱི་སྒོ་ནས་སྤྱིར་ངོས་བཟུང་བ་དང༌། ལུས་རྣམ་གཞག་གི་བསྒྲུབ་པ་སོ་སོར་བཤད་པའོ། །དང་པོ་ལ། རང་གི་བློ་ལ་ཤར་བ་རྣམ་བཤད་དང༌། འཕགས་པའི་དགོངས་པར་སྦྱར་བ་དང༌། དེའི་རྒྱབ་རྟེན་མཁས་པ་སྔ་མའི་བཞེད་པ་ཟུར་ཙམ་བཀོད་པ་དང༌། རང་གི་རྟོགས་ཚུལ་གཉིས་པ་སློབ་དཔོན་གྱི་དགོངས་པར་བཤད་པ་དང་གསུམ། དང་པོ་ནི། རྒྱན་འདིར་བསྒྲུབ་པ་གཉིས་ཏེ། བཤད་བྱ་དངོས་པོ་བརྒྱད་ཀྱི་ལྡོག་པ་ནས་བསྟན་པ་སྤྱིའི་སྒྲུབ་པ་དང༌། འཆད་བྱེད་དོན་བདུན་བཅུའི་ལྡོག་པ་ནས་བསྟན་པ་བྱེ་བྲག་གི་སྒྲུབ་པ་གཉིས། དང་པོ་སྤྱི་བསྒྲུབ་ཞེས་བྱ་སྟེ། ཡུལ་སྐྱེ་མེད་གསུམ་པོ་ཙམ་ཞིག་སྒྲུབ་པར་བསྟན་པའི་ཕྱིར། ཞེས་སྟོན་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དང་ཞེས་པའོ། །གཉིས་པ་ལ་བྱེ་བྲག་གི་སྒྲུབ་པ་ཞེས་བྱ་སྟེ། ཡུལ་སྐྱེ་མེད་གསུམ་གྱི་བྱེ་བྲག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྒྲུབ་དགོས་པར་བསྟན་པའི་ཕྱིར། ཞེས་སྟོན་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་བཞི་ལ་བཞེད་དོ། །འདི་གཉིས་བསྟན་པའི་ཚུལ་ནི་མི་འདྲ་སྟེ། སྔ་མས་ནི་ལྟ་བ་གཙོ་བོར་གྱུར་པའི་ཆ་ནས་བཤད། ཕྱི་མས་ནི་སྤྱོད་པ་གཙོ་བོར་གྱུར་པའི་ཆ་ནས་བཤད་པའི་ཕྱིར། སྒོམ་པའི་ཚེ་ནི་སོ་སོར་སྒོམ་པ་མིན་ཏེ། གཉིས་ཀ་ལའང་གཉིས་ཀ་ཚང་དགོས་པའི་ཕྱིར། མདོར་ན་སྔ་མ་ལ་མཁྱེན་པ་གསུམ་དང་འབྲེལ་བའི་སྒྲུབ་པ་ཞེས་བྱ་སྟེ། སྐྱེ་མེད་གསུམ་དང་འབྲེལ་བའི་ཆ་ནས་བསྟན་པའི་བསྒྲུབ་པ་ཡིན་པའི་ཕྱིར། ཕྱི་མ་ལ་སྦྱོར་བ་བཞི་དང་འབྲེལ་བའི་སྒྲུབ་པ་ཞེས་བྱ་བ་ཡིན་ཏེ། དམིགས་བསལ་ཅན་གྱི་ཉམས་ལེན་དང་འབྲེལ་བར་བསྟན་པའི་བསྒྲུབ་པ་ཡིན་པའི་ཕྱིར། དེའི་ཕྱིར་སྐབས་དང་པོ་གསུམ་གྱི་སྒྲུབ་པ་ལ་སྤྱིའི་བསྒྲུབ་པ་དང༌། སྐབས་ལྷག་མ་བཞིའི་བསྒྲུབ་པ་ལ་བྱེ་བྲག་གི་སྒྲུབ་པ་ཞེས་བསྟན་པར་འདོད་པ་ནི། ཉེས་པའི་འབྱུང་ཁུངས་ཡིན་པས་མི་རིགས་སོ། །གཉིས་པ་ནི་གསེར་གླིང་པས། ཡུལ་ནི་བདེན་པ་བཞི། དགེ་བའི་ཆོས་ནི་ཆོས་ཉིད། རྟེན་ཅན་ནི་དེ་ལ་གནས་པ། མངོན་པར་རྟོགས་པ་རེ་རེ་ཞིང་རེ་རེའི་བསྒོམ་བྱ་རྟགས་ལ་སོགས་པའོ། །ཕ་རོལ་ཕྱིན་པ་དྲུག་གི་རྟེན་ཅན་ནི། དེ་ཉམས་སུ་ལེན་པའོ། །ཞེས་བཤད། ཤེར་བློ། སྤྱིའི་དངོས་པོ་དཀར་པོ་དགེ་བའི་ཆོས་སྒོ་དུ་མ་ནས་བསྒྲུབ་པ་དང༌། ཁྱད་པར་གྱི་དངོས་པོ་ཕར་ཕྱིན་དྲུག་བསྒྲུབ་པ་ཞེས་ཟེར། ཆོས་ཀྱི་བཤེས་གཉེན། གོམས་པའི་མཐུ་ཐོབ་མ་ཐོབ་ཀྱི་ཁྱད་པར་ཡིན་ལ། དེ་ཡང༌། གོ་ཆའི་སྒྲུབ་པ་ནི་གཉིས་ཀ་ཡིན་ཞིང༌། ལྷག་མ་གསུམ་ནི། དང་པོ་ཁོ་ན་ཞེས་གསུང༌། ལོ་ཆེན་གྱིས་ཐོས་བསམ་གཙོ་བོར་གྱུར་པ་དང༌། ཉམས་ལེན་གཙོ་བོར་གྱུར་པ་ལ་འཆད་ཅིང༌། ས་མཚམས་ཀྱང་སློབ་དཔོན་གྱི་ལུགས་ལ། དང་པོ་ཚོགས་ལམ་ནས་འཇོག ཕྱི་མ་ས་བརྒྱད་པ་ནས་འཇོག ཅེས་གསུང༌། དེ་ལྟར་བཤད་པ་ཐམས་ཅད་ཀྱང་ཉི་ཁྲི་སྣང་བ་དང་གཙོ་བོར་མཐུན་ཏེ། དེ་ཉིད་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ནི། སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ལ། མངོན་པར་རྟོགས་པ་རྣམ་པ་བཞི་ལ་ནི། མངོན་པར་རྟོགས་པ་སོ་སོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཐོགས་པ་མེད་པ་དང༌། འཇིགས་པ་མེད་པ་གང་ཡིན་པ་དེ་ནི་སྒྲུབ་པ་ཡིན་ནོ། །ཞེས་ཕན་ཚུན་དགར་བའི་ཚིག་བཞི་འབྱུང་བས་སྔ་ཕྱི་གཉིས་བསྒྲུབ་པ་ཐ་དད་པ་ཁོ་ནར་བསྟན་པའི་ཕྱིར། གསུམ་པ་ནི། སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ཀར་ཡང༌། གཞུང་གོང་འོག་སོ་སོར་འབྱེད་པ་ཡི་གེའི་དོན་མིན་ཏེ། གཞུང་ཉིད་ལ་བརྟགས་ན་གསལ་བས། འདི་ལྟར་བསྒྲུབ་པ་གང་ཡིན་དྲིས་པའི་ལན་དུ། མཁྱེན་པ་གསུམ་གྱིས་སྐབས་སུ་སྤྱིར་སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དང༌། སྦྱོར་བ་བཞིའི་སྐབས་སུ་སྦྱོར་བ་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ཅན་གྱིས་ཐབས་ཤེས་ཟུང་འཇུག་ནི་བསྒྲུབ་པ་ཡིན་པར་བསྟན་ནོ། །འོ་ན་ཆོས་སྐུ་དང་འབྲེལ་བའི་སྒྲུབ་པ་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། འགྲེལ་ཆེན་ལས། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ལ་མིན་ཏེ། འབྲས་བུ་ཉིད་ཡིན་པས་དེ་ལ་བྱ་བ་ཡོད་མི་སྲིད་དོ། །ཞེས་གསུངས། གཉིས་པ་ལུས་རྣམ་གཞག་གི་བསྒྲུབ་པ་སོ་སོར་བཤད་པ་ལ། སྤྱིའི་མཚམས་སྦྱར་དང༌། སོ་སོའི་རང་བཞིན་དང་གཉིས། དང་པོ་ནི། དེ་ལྟར་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། ཁྱད་པར་ལམ་གྱིས་ངོ་བོ་ཉིད་ཀྱི་བསྒྲུབ་པའི་མཚན་ཉིད་གོ་ཆ་དང་འཇུག་པ་དང༌། ཚོགས་དང་ངེས་པར་འབྱུང་བ་རྣམས་ཀྱིས་ཞེས་པ་སྟེ། འདིའི་དོན་ལ་འགྲེལ་ཆེན་ལྟར་ན། ཐོགས་མེད་ཀྱིས་བཤད་པ་དེ་ལྟར་ཞེས་སྦྱར་ན་ལེགས་ཏེ། འགྲེལ་ཆེན་ལས། ཐོགས་མེད་ཀྱིས་གོ་ཆ་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི། བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་གྱི་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན། ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་ནི། སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང༌། གཉེན་པོ་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི། བསྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། །ཞེས་གསུངས་པ་དེ་ལྟར་ཇི་ལྟ་བ་བཞིན་དུ་ཞེས་བཤད་པས་སོ། །འདི་ཡང་དང་པོར་ཐོབ་པའི་ས་མཚམས་ཀྱི་དབང་དུ་བྱས་པར་སློབ་དཔོན་བཞེད་དེ། འདིའི་ཐད་ཀྱི་བསྡུད་འགྲེལ་ལས། དེ་ལྟར་ས་གང་དུ་ཐོག་མར་གོམས་པར་བྱས་པའམ། ཐོབ་པ་དེ་ལ་ལྟོས་པ་ཡིན་པར་རིག་པར་བྱའོ། །ཞེས་དང༌། ཆོས་ཀྱི་བཤེས་གཉེན་གྱིས། དེ་ལྟར་སྒྲུབ་བཞི་ལམ་བཞིར་བསྟན་པ་ནི། རེ་ཤིག་ཤས་ཆེ་བའི་དབང་དུ་བྱས་ཀྱི། དེ་དག་རེ་རེ་ཞིང་ཡང་ཐམས་ཅད་དུ་མི་འགྲོ་བ་མ་ཡིན་པས་ཉེས་པ་མེད་དོ། །ཞེས་བཤད་པས། གཞུང་འདིས་སྒྲུབ་པ་བཞིའི་ས་མཚམས་སྟོན་པ་ལ་བསྙོན་མེད་དོ། །འདི་ལའང༌། ཆོས་ཤེས་ངེས་འབྱུང་སྒྲུབ་པ་སྐད་ཅིག་སྦྱོར་བར་ཆད་མེད་པའི་རྩེ་སྦྱོར་རྣམས་དོན་གཅིག་པར་བཞེད་དོ། །འགྲེལ་པ་འདི་ལྟར་ན། ཕྱིན་དྲུག་གི་རྟེན་བརྟེན་ཅན་གྱི་བསྒྲུབ་པ་དེ་ཡང་གང་ཞེ་ན། སྤྱིར་བསྟན་པ་དེ་ལྟར་བྱེ་བྲག་གི་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ནི་ཞེས་སྦྱར་རོ། །གཉིས་པ་སོ་སོའི་རང་བཞིན་ལ། བསམ་པས་འཇུག་པ་གོ་ཆ། སྦྱོར་བར་ཞུགས་པ་འཇུག་པའི་བསྒྲུབ་པ། འབྲས་བུ་ལ་མངོན་དུ་ཕྱོགས་པ་ཚོགས་ཀྱི་བསྒྲུབ་པ། འབྲས་བུ་འབྱིན་པ་ལ་ཞུགས་པ་ངེས་འབྱུང་བསྒྲུབ་པ་རྣམས་ཏེ། དེ་སྐད་དུ་ཚིག་གསལ་ལས། གོ་རིམ་དུ་འཇུག་པ་དང༌། ཞུགས་པ་ཁྱད་པར་དུ་གྱུར་པ་དང༌། འབྲས་བུ་ཐོབ་པ་ལ་མངོན་དུ་བྱེད་པ་དང༌། ཞེས་སོགས་ལྟར་རོ། །དང་པོ་ལ་མདོའི་འབྲེལ་ནི། གོང་དུ་བཅོམ་ལྡན་འདས། རབ་འབྱོར། ཤཱ་རིའི་བུ་གསུམ་གྱིས་བྱང་ཆུབ་སེམས་དཔའི་དོན་བཤད་པ་ན། བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས་བདག་ཅག་དོན་འདི་ལ་སྤོབས་པ་སྐྱེས་སོ། །བཀའ་སྩལ་པ། སྤོབས་པར་གྱིས་ཤིག གསོལ་པ། དེ་ནི་གོ་ཆ་ཆེན་པོ་བགོས་པ་ལགས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ལགས། ཞེས་བསྒྲུབ་པ་དང་པོ་གསུམ་སྤྱིར་བསྟན་པའོ། །བསྟན་བཅོས་ཀྱི་འབྲེལ་ནི། བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་འབྲེལ་བ་ཅན་ལ་བཤད་བྱའི་མདོ་ནི། གོ་སྒྲུབ་ཀྱི་དབང་དུ་བྱས་པ་ནི། ཤཱ་རིའི་བུས་སྨྲས་པ། གང་པོ་ཇི་ཙམ་གྱིས་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ། ཞེས་དྲིས་པའི་ལན་གྱིས་སྟོན་ནོ། །དེའི་དོན་ནི། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་སོགས་སོ། །འདིར་སོ་སོར་སྦྱིན་ལ་སོགས་དེ་དག ཅེས་སྦྱར་བ་ལེགས་སོ། །ཞེས་བདག་གི་བླ་མ་དག་གསུང་ངོ༌། །འདིར་སོ་དྲུག་དྲུག་ཏུ་བསྡུད་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཆོས་ཤེས་ཀྱིས་སྦྱིན་པ་ལ་བརྟེན་པའི་དྲུག་ཆར་དེའི་ཚེ་དེའི་རྒྱུ་ལས་བྱུང་ཞིང༌། དེའི་ཉམས་ལེན་ལས་ཕྱེ་བར་ཟད་པས་རྒྱུ་གཅིག་ལས་བྱུང་བར་འདྲ་བས་ན་ཆོས་མཐུན་ནོ། །གཞན་དག་ནི། གདུལ་བྱ་ཆོས་ཀྱི་དབྱེ་བ་ལ་མ་རྨོངས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟ་དེ་ལྟར་གདགས་པ་མཛད་པ་ན། མིང་གི་ཆོས་མཐུན་པ་ཞེས་བྱའི། རང་གི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ནར་ཟད་ཅེས་གསུང༌། རྣམ་བཤད་ཀྱི་དགོངས་པ་ལུགས་གཉིས་པ་དང་ཉེ་བ་ཡིན་ཏེ། རྣམ་བཤད་ལས། སྦྱིན་པའི་བསྡུ་བྱ་དྲུག་སྦྱིན་པར་ཆོས་མཐུན་ན། སྦྱིན་པའི་བསྡུ་བྱ་དྲུག་སྦྱིན་པ་ཁོ་ནར་འགྱུར་བས། རེ་རེས་དྲུག་དྲུག་བསྡུས་པ་ཇི་ལྟར་འཐད་ཅེས་གསུང༌། འགྲེལ་ཆེན་ཉིད་དུའང་ལུགས་གཉིས་ཀ་གསུངས་ཏེ། དྲུག་ཚན་དྲུག་ཏུ་འགྱུར་མོད་ཀྱི། གོ་ཆ་དྲུག་ཆོས་མཐུན་པ་དང༌། སྦྱིན་པ་སོགས་ཆོས་མཐུན་པའི་ཕྱིར། རྣམ་པ་དྲུག་ཞེས་བཤད་པས་སོ། །ཕྱིན་དྲུག་གི་གོ་རིམ་འདི་ཡང༌། སྐྱེ་བའི་རིམ་པ་ཡིན་ཏེ། འགྲེལ་ཆེན་ལས། ལོངས་སྤྱོད་ལ་ལྟོས་པ་མེད་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུང་ན་བཟོད་པར་འགྱུར་རོ། །སྡུག་བསྔལ་བཟོད་ན་བརྩོན་འགྲུས་རྩོམ་མོ། །ལེ་ལོ་དང་བྲལ་ན་བསམ་གཏན་རྫོགས་པར་བྱེད་དོ། །དེ་ལས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པར་འགྱུར་རོ་ཞེས་གསུང་བས་སོ། །གསུམ་པ་འགྲེལ་པས་ཇི་ལྟར་བཀྲོལ་བ་ནི། འགྲེལ་པ་འདིའི་འགྱུར་ཅུང་ཟད་ཉེས་པས། ཉི་སྣང་འགྲེལ་ཆེན་གཉིས་དང་མཐུན་པར་བྱས་ན་འདི་ལྟར་འགྱུར་ཏེ། རྩེ་གཅིག་པ་ཉིད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང༌། སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པ་རྣམས་གོ་རིམ་བཞིན་དུ་སྦྱིན་པའི་གོ་ཆ་དང་ནས། ཤེས་རབ་ཀྱི་གོ་ཆའི་བར་རོ། །གསེར་གླིང་པས་ནི་འགྱུར་འདི་ཁོ་ན་ལྟར། བསྔོ་བ་ཤེས་རབ་ཏུ་བཤད་པའང་སྣང་སྟེ། སློབ་དཔོན་གྱི་བཞེད་པ་མིན་ནོ། །འབུམ་ཊཱིཀ་ལས། བསྔོ་བ་སྦྱིན་པ་ལ་སྦྱོར་བར་བཤད་ཅེས། བུ་ཊཱིཀ་ལས་འབྱུང་ངོ༌། །གཉིས་པ་འཇུག་བསྒྲུབ་ལ། མདོའི་འབྲེལ་ནི། གོང་དུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས་ཞེས་པ་ལ་འཕྲོས་ནས། ཤཱ་རིའི་བུས་སྨྲས་པ། གང་པོ་ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་འཇུག་པ་དང༌། འཛེག་པར་འགྱུར་བ་ཡིན་ཞེས་དྲིས་པའོ། །བསྟན་བཅོས་ཀྱི་འབྲེལ་ནི། དེ་ལྟར་གོ་བགོས་པ་ལས། ཞེས་སོ། །གཉིས་པ་འབྲེལ་པ་ཅན་དངོས་ལ། བཤད་བྱའི་མདོ་ནི། གང་པོས་སྨྲས་པ། ཤཱ་རིའི་བུ་བྱང་སེམས་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། འདོད་པས་དབེན་པའི་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་སོགས་སོ། །དེའི་དོན་བསྟན་བཅོས་སུ་ཇི་ལྟར་བསྡུས་པ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ཞེས་སོགས་སོ། །འདི་དག་ལ་བརྒྱད་སྟོང་པ་ལ་མདོ་མེད་ཅིང་དོན་གྱིས་འཕེན་པར་སློབ་དཔོན་གྱིས་བཤད། འདི་ལ་འཕགས་བཙུན་ཨ་བྷྱ་ཤཱནྟི་པ་རྣམས་དང་པོ་བརྒྱད་རྒྱུའི་ཐེག་ཆེན། ཐ་མ་འབྲས་བུའི་ཐེག་ཆེན། ལོ་ཆེན། ལམ་དང་འབྲས་བུའི་ཐེག་ཆེན་ཞེས་གསུང༌། ཨར་རྒྱུ་འབྲས་ཀྱི་དབང་དུ་བྱས་ནས་དང་པོ་དྲུག་རྒྱུའི་ཐེག་ཆེན། ཐ་མ་གསུམ་འབྲས་བུའི་ཐེག་ཆེན། དོན་གྱི་དབང་དུ་བྱས་ནས་དང་པོ་གསུམ་རང་དོན། བར་པ་གསུམ་གཞན་དོན། ཐ་མ་གསུམ་གཉིས་དོན། ཞེས་འཆད། དགུ་པའི་གོ་རིམ་འགྲེལ་ཆེན་ནས་གསུངས་པའི་དོན་ནི། དང་པོར་སེམས་བརྟན་པར་བྱེད། དེ་ནས་ཚོགས་གསོག་པར་བྱེད། དེའི་རྗེས་སུ་ལམ་ལ་འཇུག་པར་བྱེད། དེ་ཡང་གཞན་དོན་གྱི་ཕྱིར་བྱམས་སོགས་བསྒོམ། དེའི་འོག་ཏུ་གཞན་དོན་གྱི་འཆིང་བ་དམིགས་པ་གཅོད་པར་བྱེད། དེ་ལ་བརྟེན་ནས་འཁོར་གསུམ་ཡོངས་སུ་དག་པར་འབྱུང་ཞིང༌། གཞན་དོན་གྱི་སྤྱོད་པ་རྣམ་པར་དག་པ་དེ་ཡང་གོ་དོན་ཆེན་པོ་གསུམ་ལ་འཇུག་པར་བྱེད། དེ་ལའང་གཞན་གྱི་སེམས་ཤེས་པ་སོགས་ལ་བརྩོན་པར་བྱེད་དགོས་ཤིང༌། དེ་བྱས་ནས་འཚང་རྒྱ་བ་ལ་སྤྲོ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པར་བྱེད་ཅིང༌། རྟོགས་པའི་རིམ་པ་འདིས་ཐེག་པ་ཆེན་པོ་མཐའ་དག་རྣམ་པར་གནོན་པའི་ཕྱིར། དགུ་པོ་ཉིད་དུ་གྲངས་ངེས་པར་བཤད་དོ། །འགྲེལ་པ་ལས། སློབ་དཔོན་གྱི་ལམ་བཞིར་ཕྱེ་བ་ལ། འབུམ་ཕྲག་གསུམ་པ་ན་རེ། ས་བདུན་པ་མན་ཆད་ཀྱི་སྒོམ་པའི་ལམ་དང༌། འབད་རྩོལ་གྱི་མཚན་མ་ཞི་བས་མི་སློབ་པ་ས་བརྒྱད་པ་དང༌། ཁྱད་པར་གྱི་ལམ་ས་དགུ་པ་དང་བཅུ་པ་ཞེས་གསུང༌། ལོ་ཆེན་གྱིས་ཁྱད་པར་གྱི་ལམ་དག་པ་ས་གསུམ་ཡིན་ལ། མི་སློབ་པ་ནི་དབྱེ་བ་ཙམ་དུ་ཟད་ཀྱི། རྣམ་མཁྱེན་དུ་མ་འདུས་པའི་མི་སློབ་མེད་ཅེས་གསུང༌། ཨ་བྷྱ། མི་སློབ་པ་ནི་རྫོགས་པའི་སངས་རྒྱས་ཏེ། བགྲོད་པར་བྱ་བའི་ལམ་མོ། །སེང་གེ་བཟང་པོས་མི་སློབ་པའི་ལམ་གྱི་ངོ་བོ་ཞེས་རྣམ་པར་བཞག་པ་ནི་ངན་པ་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབས་སུ་མི་སློབ་པ་ཉིད་མི་སྲིད་པའི་ཕྱིར། ཞེས་གསུངས་པ་དེ་ཡང་འདིའི་མདོར། སྟོབས་བཅུ་དང་མི་འཇིགས་པ་སོགས་གསུངས་པས་ལེགས་པར་མངོན་ནོ། །གསུམ་པ་ཚོགས་སྒྲུབ་ལ། སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་འབྲེལ་དང༌། འབྲེལ་པ་ཅན་དངོས་སོ། །དང་པོ་ལ་མདོའི་འབྲེལ་ནི། གོ་བསྒྲུབ་ཀྱི་སྐབས་སུ་གང་པོ་དང༌། ཤཱ་རིའི་བུས་གོ་ཆ་ཆེན་པོ་བགོས་པ་ཞེས་པ་དང༌། འཇུག་བསྒྲུབ་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་པ་ལ་འཕྲོས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། དེ་ལྟར་འཇུག་པ་བྱས་པ་ལ་ཚོགས་སྐྱེ་བས་ཞེས་སོགས་སོ། །གཉིས་པ་ལ་བཤད་བྱའི་མདོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་ན་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་པ་ཞེས་བགྱི་པ་ལགས། ཞེས་ཞུས་པའི་ལན་གྱིས་ཚོགས་བསྒྲུབ་དང་པོ་བཅུ་སྟོན་ནོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་གང་ལགས། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིགས་པར་བགྱི་བ་ལགས། ཐེག་པ་དེ་གང་ནས་བྱུང་བ་ལགས། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེ་གང་ཞིག་འབྱུང་བར་འགྱུར་བ་ལགས། ཞེས་དྲི་བ་དང་པོའི་ལན་གྱིས་ཐབས་མཁས་ནས་གཟུངས་ཀྱི་བར་དང༌། དྲི་བ་གཉིས་པའི་ལན་གྱིས་སའི་ཚོགས་དང༌། དྲི་བ་ཐ་མ་གསུམ་གྱི་ལན་གྱིས་གཉེན་པོའི་ཚོགས་བསྒྲུབ་སྟོན། དེ་དག་གི་དོན་བསྡུས་པ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཅེས་སོ། །འདི་ལ་ལོ་ཆེན་གིས། སྙིང་རྗེ་ནི་བསམ་པ། ཕར་ཕྱིན་དྲུག་ནི་སྦྱོར་བ། ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གསུམ་མཉམ་གཞག་གིས་བསྡུས་པ། ཐབས་མཁས་མཉམ་པར་མ་གཞག་པས་བསྡུས་པ། ཡེ་ཤེས་ལྟ་བའི་ཚོགས། བསོད་ནམས་སྤྱོད་པའི་ཚོགས། ལམ་འབྲས་བུ་བསྒྲུབ་པའི་ཚོགས། གཟུངས་ནི་དམིགས་པ་འཛིན་པའི་ཚོགས། ས་ཡོན་ཏན་གྱི་རྟེན་བྱེད་པའི་ཚོགས། གཉེན་པོ་ཉེས་པ་སེལ་བའི་ཚོགས། ཞེས་གསུངས་སོ། །གོ་རིམ་ནི་གོ་བར་ཟད་དོ། །འགྲེལ་པས་ནི། སོ་སོའི་ངོ་བོ་དང༌། ཚོགས་སུ་འཇོག་པའི་རྒྱུ་མཚན་དང༌། དབྱེ་བའི་གྲངས་དང་གསུམ་གྱིས་སྟོན་ནོ། །དང་པོ་ལ་ཐེག་པ་ལ་གནས་ནས་གོ་ཆ་བགོས་པར་འཇོག་བྱེད་དང༌། ཐེག་པ་རང་གི་ངོ་བོའོ། །དང་པོ་ལ་བསམ་པ་རྣམ་པར་དག་པ། སྦྱོར་བ་ཁྱད་པར་ཅན། སྲིད་ཞི་ལས་འཛིན་པའི་ཆོས་སོ། །དང་པོ་ནི་སྙིང་རྗེ། གཉིས་པ་ནི་སྦྱིན་སོགས་དྲུག གསུམ་པ་ནི་ཞི་གནས་ལྷག་མཐོང་ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་གསུམ་མོ། །དེ་དག་དང་ལྡན་ན་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །ཐེག་པ་རང་གི་ངོ་བོ་ལ། བགྲོད་བྱེད་ལམ་གྱི་ངོ་བོ་དང༌། མཐར་ཕྱིན་པའི་རྒྱུ་གཉིས། དང་པོ་ནི་ཐབས་ལ་མཁས་པ་སོགས་ཏེ། ཁྱད་པར་དང༌། རྒྱུ་དང༌། ངོ་བོ་དང༌། བྱེད་ལས་ཏེ་བཞིས་སྟོན་ནོ། །གཉིས་པ་ནི། ས་དང་གཉེན་པོ་རྣམས་སོ། །གཉིས་པ་ནི། སྙིང་རྗེ་ལ་སོགས་པ་འདི་དག་གིས་ཞེས་སོ། །གསུམ་པ་ནི་ཚོགས་ཀྱི་བསྒྲུབ་པ་བཅུ་བདུན། ཞེས་སོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་དང༌། ས་དང༌། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་གསུམ། དང་པོ་ལ། ཡུལ་ཅན་ཡེ་ཤེས་དང༌། ཡུལ་སྟོང་ཉིད་བཤད་པ་གཉིས། དང་པོ་ལ་དངོས་དང༌། གཞན་མཚོན་པར་སྟོན་པའོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་ཞེས་སོགས་ཏེ། འགྲེལ་ཆེན་ལས་དང་པོ་གསུམ་ནི། མོས་སྤྱོད་ལ་སྤྱིར་བཞག བཞི་པ་ནི་ཆོས་མཆོག་ན། དེ་ནས་བདུན་ནི་མ་དག་པ་ས་བདུན། དེ་ནས་གཉིས་དང༌། གཉིས་དང༌། ཡང་གཉིས་དང༌། གསུམ་ནི་དག་པ་ས་གསུམ་དང༌། སངས་རྒྱས་ཀྱི་སར་བཞག་གོ །གཉིས་པ་ནི། འདིར་སྟོང་ཉིད་ཉི་ཤུ་སྟོན་པའི་མདོ་དེ་དག་རྗེ་བཙུན་གྱི་ཡེ་ཤེས་ཀྱི་ཚོགས་སུ་བསྡུས་པ་ལ་བརྟེན་ནས། མདོའི་སྐབས་ལ་ལར་མངོན་རྟོགས་ཀྱི་རིམ་པ་མི་སྟོན་པ་ལྟ་བུར་སྣང་བ་རྣམས་ཀྱིས་མངོན་པར་རྟོགས་པའི་རིམ་པ་མ་བསྟན་ནོ། །སྙམ་པའི་ལོག་རྟོག་ཀྱང་ལོག་པར་འཕགས་པས་གསུངས་ཏེ། འདིའི་ཐད་ཀྱི་ཉི་སྣང་ལས། ཕྱོགས་འདིས་ནི་སྐབས་གོ་རིམ་མ་ཚང་བ་རྣམས་ཀྱིས་སྐབས་ཀྱི་དོན་ལ་ཡང་བརྗོད་པར་བྱའོ། །དེ་དག་ནི་གཞན་དགག་པའི་སྒོ་ནས་སྟོང་པ་ཉིད་འབའ་ཞིག་ཁོ་ན་བརྗོད་པར་བྱེད་པ་ཡིན་གྱི། འདི་དག་ལ་མངོན་པར་རྟོགས་པའི་གོ་རིམ་ནི་འགའ་ཡང་ཡོད་པ་མིན་ནོ་ཞེས་ཟེར་བ་དེ་དག་གིས་ལྟར་ན་ནི་སྐབས་ཀྱི་དོན་ཁོ་ན་བརྗོད་པར་བྱ་བ་ཡིན་གྱི། གཙོ་བོ་བསྟན་བཅོས་ཀྱི་དོན་ནི་མ་ཚང་བར་འགྱུར་བ་དེས་ན་སྟོང་པ་ཉིད་ཀྱི་སྐབས་རྣམས་སོང་བ་དང་འགྲོལ་བར་བྱ་བའི་གོ་རིམ་དང་བྲལ་པའི་ཕྱིར་ཆེད་དུ་བྱ་བ་ཉམ་པའི་ངོ་བོར་སྟོན་པ་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །སློབ་དཔོན་གྱིས་ཀྱང་དོན་དེ་ཉིད་ཐུགས་ལ་བཞག་ནས་འདི་དག་ལ་ས་མཚམས་གསུངས་ཤིང༌། ཡང་རབ་ཏུ་དབྱེ་བ་ནི་ཞར་ལ་བརྗོད་པ་ཡིན་གྱི། ད་ལྟ་ཁོ་ནར་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་རྟོགས་པ་ནི་མིན་ཏེ། མངོན་པར་རྟོགས་པའི་གོ་རིམ་ལྷག་མ་སྟོན་པའི་ཕྱིར། ཞེས་ཀྱང་གསུངས་སོ། །གཉིས་པ་ཡུལ་སྟོང་ཉིད་བཤད་པ་ལ། མདོ་ལས་ནང་སྟོང་པ་ཉིད་གང་ཞེ་ན། མིག་དང༌། རྣ་བ་དང༌། ཞེས་སོགས་གསུངས་པ། སློབ་དཔོན་གྱིས་ཚིགས་སུ་བཅད་པར་བསྡུས་ཏེ་གསུངས་པ་ནི། ནང་དང་ཕྱི་རོལ་རྣམས་དང་ནི། །ཞེས་སོགས་སོ། །འདིར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ནི། འཕགས་སེང་སྟོང་ཉིད་རྟོགས་པའི་ཡེ་ཤེས་བཞེད་དེ། ཉི་ཁྲི་སྣང་བ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ནི་འདིར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། ཞེས་བཤད་པས་སོ། །ཟླ་བ་གྲགས་པ་ནི། བདེན་སྟོང་ཉིད་ལ་བཞེད། འདིར་རང་བཞིན་སྟོང་ཉིད་དང༌། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་གསུམ་གྱིས་སྟོང་གཞི་ཆོས་ཅན། སྟོང་པ་ཉིད་ཁོ་ན་ཡིན་པས་མི་འདྲ་བའི་ཁྱད་པར་སྟོན་དགོས་སོ་ཞེ་ན། ལོག་རྟོག་མི་འདྲ་བ་གསུམ་དགག་པའི་ཆེད་ཡིན་ཏེ། སྟོང་ཉིད་ཀྱི་འཕགས་པའི་ཤེས་མཐོང་གིས་གསར་དུ་བྱས་སམ་སྙམ་པ་དང༌། སྟོང་པ་ཉིད་ཀྱི་རང་བཞིན་གསར་དུ་སྒྲོ་འདོགས་པ་དང༌། གྲུབ་མཐའ་སྨྲ་བས་སྒྲོ་བཏགས་ནས་བཞག་པ་ཡིན་ནོ་སྙམ་པའི་ལོག་རྟོག་དགག་པའི་ཆེད་དོ། །ཞེས་པའི་དོན་དུ་ཉི་སྣང་དང༌། འགྲེལ་ཆེན་ལས་གསུང༌། ཡང་གོང་དུ་འདུས་མ་བྱས་བསྟན་པ་དང༌། འོག་ཏུ་དངོས་པོ་དངོས་མེད་བསྟན་པ་ཟློས་སོ་ཞེ་ན། སྐྱོན་མེད་དེ་གོང་དུ་མཚན་ཉིད་ཀྱི་ཆ་ནས་བསྟན། འོག་ཏུ་མཚན་གཞིའི་ཆ་ནས་བསྟན་པས་སོ། །ཞེས་མཁན་ཆེན་རིན་པོ་ཆེ་གསུང་ངོ༌། །ཡང་ན་འཇུག་པར་བཤད་པ་ལྟར། བཅུ་དྲུག་གིས་རྒྱས་པར་བཤད་པ་དང༌། ལྷག་མ་བཞི་ནི་བསྡུས་ཏེ་བསྟན་པ་ཡིན་ནོ། །ད་ནི་ཞར་ལ་ཡེ་ཤེས་ཀྱི་དམིགས་པ་དཔྱད་པར་བྱ་སྟེ། འོ་ན་ཇི་སྐད་བཤད་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་ཞེ་ན། འདི་ལ་བདེན་སྟོང་མེད་དགག་ལ་དམིགས་པར་འདོད་པ་གཞན་གྱི་ལུགས་དགག་པ་དང༌། རང་བཞིན་བདེན་སྟོང་ལ་དམིགས་པར་འཇོག་པའི་རང་ལུགས་ཏེ། དང་པོ་ནི་སེམས་ཙམ་པ་དང༌། དབུ་མ་སྣང་མེད་ཁ་ཅིག་ན་རེ། སྣང་བ་ལ་དམིགས་ན་གཟུང་འཛིན་གཉིས་སུ་སྣང་བར་འགྱུར་ཞིང༌། གཉིས་སྣང་ཡང་འཁྲུལ་པ་ཡིན་པའི་ཕྱིར་དང༌། གཟུང་འཛིན་གཉིས་སུ་སྣང་བ་ནི་རྟོག་པའི་ངོ་བོ་ཡིན་པའི་ཕྱིར། མི་རྟོག་པའི་ཡེ་ཤེས་སུ་ཇི་ལྟར་འཐད་ཅེས་ཟེར་རོ། །དེ་ལ་འཕགས་སེང་གི་དགག་པ་མཛད་ཚུལ་ནི། སྟོང་ཉིད་རྟོགས་པའི་མཉམ་གཞག་ཡེ་ཤེས་དང༌། སྟོང་པ་ཉིད་གཅིག་གམ་ཐ་དད། ཐ་དད་ན་ཡེ་ཤེས་ཀྱི་དེ་ཆོས་ཅན། ཁྱོད་རང་ལས་ཐ་དད་པའི་ཡུལ་ཅན་དུ་ཐལ། སྟོང་པ་ཉིད་ཀྱི་ཡུལ་ཅན་གང་ཞིག དེ་རང་ལས་ཐ་དད་པའི་ཕྱིར། འདོད་ན་གཉིས་སུ་སྣང་བར་ཐལ་བའི་ཉེས་པ་སོ་ན་གནས་སོ། །གཅིག་ན་སྟོང་ཉིད་ཆོས་ཅན། འདུས་བྱས་སུ་ཐལ། ཡུལ་ཅན་ཡེ་ཤེས་དང་གཅིག་ཡིན་པའི་ཕྱིར། དེ་སྐད་དུ་ཡང་ཉི་སྣང་ལས་ཁ་ཅིག་ནི་གཟུང་བ་འཛིན་པའི་ཆ་གཉིས་ལ་གནས་པ་ཉིད་ཀྱི་ན་ཆ་གཅིག་ལ་དམིགས་པ་ནི་མ་ཡིན་ནོ། །ཞེས་འདོད་དོ་ཞེས་དང༌། འགྲེལ་ཆེན་ལས། སྟོང་པ་ཉིད་ལ་དམིགས་པའི་ཕྱོགས་ལ་ནི། ཡེ་ཤེས་སྟོང་པ་ཡུལ་ཅན་དང༌། སྟོང་པ་ཉིད་འདུས་བྱས་སུ་ཐལ་བར་འགྱུར་ཏེ། གོ་རིམ་བཞིན་དུ། ཡེ་ཤེས་དང་དེའི་སྟོང་པ་ཉིད་དག དངོས་པོ་དང་དངོས་པོ་མེད་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པ་དང་ཐ་དད་པ་མིན་པར་རྣམ་པར་མི་རྟོག་པའི་ཕྱིར་རོ་ཞེས་གསུངས་སོ། །དེར་མ་ཟད། མདོ་དང་བསྟན་བཅོས་ལས། སྟོང་ཉིད་ཀྱི་རིམ་པ་ཙམ་བསྟན་གྱི། མངོན་རྟོགས་ཀྱི་རིམ་པ་མ་བསྟན་པར་འདོད་པ་ལ་རྣམ་པ་གཞི་མེད་བརྗོད་བྱར་བསྡུས་པའི་ཉེས་པ་བརྗོད་པ་དང༌། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་སྟོང་ཉིད་རྐྱང་པ་ལ་དམིགས་པར་འདོད་པ་ལ་རྟོགས་པ་གོང་ནས་གོང་དུ་འགྲོར་མེད་པའི་ཉེས་པ་བརྗོད་པར་མཛད་པ་ཡིན་ཞིང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཡུལ་ཅན་ཡེ་ཤེས་ལ་བཞེད་པ་ཡང་འདི་ཉིད་ལ་དགོངས་སོ། །དར་ཊཱིཀ་པ། འདིར་སེམས་ཙམ་པ་འགོག་པ་ན། སྟོང་ཉིད་ཆོས་ཅན། མི་རྟོག་ཡེ་ཤེས་དང་རྫས་གཅིག་དང་ཐ་དད་གང་རུང་དུ་ཐལ། ཁྱོད་བདེན་པར་གྲུབ་པས་དངོས་པོར་ཁས་ལེན་དགོས་པའི་ཕྱིར། འདོད་ན་རྫས་ཐ་དད་དམ། རྫས་གཅིག དང་པོ་ལྟར་ན་གཞན་དབང་དང་ཡང་རྫས་ཐ་དད་ཡིན་པར་འདོད་དགོས་པས། མི་རྟོག་ཡེ་ཤེས་ཆོས་ཅན། གཞན་དབང་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་མི་ཆོད་པར་ཐལ། དེ་དང་འབྲེལ་མེད་ཡན་གར་བའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། རྫས་གཅིག་ན། སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕེན་པ་ཡིན་གསུངས་པ་ནི་ཐུགས་མཉམ་པར་མ་བཞག་པའི་སྐབས་ཏེ། སེམས་ཙམ་པ་གཞིར་བཞག་ལ་གཟུང་འཛིན་རྫས་གཞན་གྱི་སྟོང་ཉིད་ཆོས་ཅན། དངོས་པོར་ཐལ། བདེན་གྲུབ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་ལོ། །དེ་ཡང་རྟགས་ཁྱབ་ད་ལྟ་དངོས་འགལ་བསལ་བ་ནི། ཡང་སེམས་ཙམ་པས་དེ་དངོས་པོར་ཁས་ལེན་ན། སླར་ཡང་འདུས་བྱས་སུ་ཐལ་བ་ཅིའི་ཕྱིར་འཕེན། སེམས་ཙམ་པ་ཆོས་ཅན། ཁྱོད་དངོས་པོ་དང་འདུས་བྱས་ཁས་ལེན་པའི་རྒོལ་བར་ཐལ། ཁྱོད་ཀྱི་སྟོང་ཉིད་དངོས་པོར་ཁས་བླངས་ཤིང༌། འདུས་བྱས་སུ་ཐལ་བ་དེ་ཁྱོད་མི་འདོད་པར་ཐལ་བར་འཕེན་པ་ཡིན་པའི་ཕྱིར་དང༌། འདིར་ཡེ་ཤེས་ཀྱི་དམིགས་པ་དཔྱོད་པའི་སྐབས་ཡིན་གྱི། སྟོང་ཉིད་བདེན་གྲུབ་འགོག་པ་སྐབས་མིན་པའི་ཕྱིར་རོ། །འདི་ནི་ཞར་ལ་འོངས་པ་སྟེ། རྒྱས་པར་ནི། རྩོད་སྤོང་མི་ཟད་པ་རྒྱན་གྱི་འཁོར་ལོར་བལྟ་བར་བྱའོ། །གཉིས་པ་ནི། འགྲེལ་ཆེན་ལས། གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་རྟ་ལ་སོགས་པའི་ངོ་བོ་ཉིད་ལ་དམིགས་པ་བཞིན། རྩོད་པའི་གནས་སུ་གྱུར་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ཡང་ཤེས་པ་ཡིན་ནོ། །ཞེས་གསལ་བར་གསུངས་པས། བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་པ་ཡིན་ཏེ། སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པའི་བློས་ཀྱང་ཆོས་ཅན་སྒྱུ་མ་ལྟ་བུ་ལ་དམིགས་ནས་གཞན་ལྟ་ཅི་སྨོས། སའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ། སྔ་ཕྱིའི་འབྲེལ་དང༌། དངོས་སོ། །དང་པོ་ལ་མདོའི་འབྲེལ་ནི། རབ་འབྱོར་གང་ཡང་ཁྱོད་ཇི་སྐད་དུ། ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་བྱང་སེམས་ཆེན་པོ་ཕྱིན་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ཏེ་ཞེས་པའོ། །བསྟན་བཅོས་ཀྱི་འབྲེལ་ནི། ས་བཅུ་དང་ཞེས་པ་དེ་གང་ཞེ་ན། དེ་ཉིད་ཡོངས་སྦྱོང་གི་སྒོ་ནས་ལུས་རྣམ་གཞག་གི་སྡོམ་གིས་ཟིན་པའི་བར་སྐབས་ཀྱི་ཚིགས་བཅད་ཉི་ཤུ་རྩ་གསུམ་གྱིས་འཆད་ཅེས་སྟོན་པ་ནི། སའི་ཚོགས་པ་ཞེས་སོགས་སོ། །ས་ཐོབ་ཟིན་སྦྱོང་ངམ་མ་ཐོབ་པ་སྦྱོང་ཞེ་ན། འགྲེལ་ཆེན་ལས། ས་གང་གིས་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་ནི། ས་དང་པོའི་ཡོངས་སྦྱོངས་ལྟ་བུ་ལ་མཚོན་ན་གཉིས་ཏེ། ཐོབ་བཞིན་པ་སྦྱོང་བ་དང༌། ཐོབ་ཟིན་སྦྱོང་བ་གཉིས། དང་པོ་ནི། ས་དང་པོ་ཉིད་ཡིན་ལ། ཕྱི་མ་ནི་ས་གཉིས་པའི་སྐབས་ཡིན་ཞིང༌། དེ་ཉིད་ས་གཉིས་པའི་ཡོངས་སྦྱོང་ཡང་ཡིན་ནོ། །གཉིས་ཀའང་ས་དང་པོ་ཐོབ་ནས་ཡིན་ཏེ། མདོ་ལས་ས་དང་པོ་ལ་གནས་པས་ཆོས་བཅུ་པོ་འདི་དག་བྱ་སྟེ་ཞེས་གསུངས་པས་སོ། །དེའི་ཕྱིར་ས་དགུ་པའི་ཡོངས་སྦྱོང་ལའང་གཉིས་ཡོད་པ་ལས། ཕྱི་མ་ས་བཅུ་པའི་ཡོངས་སྦྱོངས་དུ་འགྱུར་བའི་ཕྱིར། ས་བཅུ་པའི་ཡོངས་སྦྱོང་མདོ་ལས་ལོགས་པར་མ་གསུངས་སོ། །དེའི་ཕྱིར་ས་བཅུ་པ་ལ་ཡོངས་སྦྱོང་མེད་པ་ནི་མིན་ཏེ། འགྲེལ་ཆེན་ལས། སྦྱོང་བྱེད་ཀྱི་རབ་ཏུ་དབྱེ་བས་ས་བཅུར་རྣམ་པར་བཞག་ཅེས་གསུངས་པའི་ཕྱིར་རོ། །འོ་ན་ས་གཉིས་པ་སོགས་ལའང་ཡོངས་སྦྱོང་བཤད་མི་དགོས་པར་ཐལ་ལོ་སྙམ་ན། མི་མཚུངས་ཏེ། ས་གཉིས་པའི་ཡོངས་སྦྱོང་དེ་ཉིད་ཀྱིས་ས་གསུམ་པའི་དྲི་མ་སྦྱོང་དགོས་ཤིང༌། ས་བཅུ་པའི་ཡོངས་སྦྱོང་གིས་སངས་རྒྱས་སའི་དྲི་མ་སྦྱོང་དགོས་པ་མིན་པའི་ཕྱིར་རོ། །འགྲེལ་བཤད་བཤད་བྱེད་པའི་དགོངས་པ་ཡིན་ནོ། །སུ་ག་ཏ་ཤྲཱི་ན་རེ། ཆུ་འདྲེན་པའི་ཡུར་བ་སེལ་བ་ལྟར། ས་དང་པོའི་ཡོངས་སྦྱོང་ཆོས་མཆོག་ཏུ་སྦྱོང་ཞེས་གསུངས་པ་མདོ་དང་འགལ་བར་དོགས་སོ། །གཉིས་པ་འབྲེལ་པ་ཅན་དངོས་ལ། རྒྱུ་སའི་ཡོངས་སྦྱོང་དང༌། འབྲས་བུ་སའི་ངོ་བོ་གཉིས། དང་པོ་ལ་དགུ་ལས། བཤད་བྱའི་མདོ་ནི། རབ་འབྱོར་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱོང་བ་བཅུ་པོ་འདི་དག་བྱ་སྟེ། གང་ཞེ་ན། ཞེས་སོགས་དང༌། ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་ཡིད་ལ་བྱ་ཞིང་ནན་ཏན་དུ་བྱའོ། །ཞེས་སོགས་དང༌། ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ཞེས་དང༌། གཞན་ཡང་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་བཏང་བར་མི་བྱ་ཞིང༌། ཡང་དག་པར་བླངས་ཏེ་གནས་པར་བྱའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དགོན་པར་གནས་པ་དང༌། ཞེས་སོགས་དང༌། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་སྤང་བར་བྱའོ། །ཞེས་སོགས་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཆོས་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཞེས་སོགས་དང༌། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ། ཞེས་སོགས་དང༌། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱ་སྟེ། ཞེས་སོགས་དང༌། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཞེས་གོང་འོག་གཉིས་གསུངས་པ་དང༌། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱའོ་ཞེས་སོགས་གསུངས་པ་རྣམས་སོ། །དེའི་དོན་བསྡུས་པ་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །ནས། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་པའི་བར་གསུངས་སོ། །ཡོངས་སུ་སྦྱོང་བ་རྣམ་བརྒྱད་ཀྱིས། །ས་ནི་གཉིས་པ་ཐོབ་འགྱུར་ཏེ། །ཞེས་དང༌། འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་སོགས་སྦྱོར་བར་མཁན་ཆེན་རིན་པོ་ཆེས་གསུངས་ཤིང༌། ཐམས་ཅད་ལ་མཚམས་སྦྱར་ཐོབ་པར་ཆོས་ཀྱི་བཤེས་གཉེན་གྱིས་བཤད་པ་ལྟར་སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པ་ཉིད་ཀྱིས་ས་དང་པོའི་ཡོངས་སྦྱོང་ཐོག་མར་འཆད། ཅེས་དང༌། དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པ་ཉིད་ཀྱིས་ཞེས་སོགས་སྦྱོར་བར་རིན་ཆེན་བང་མཛོད་ལས་གསུངས་སོ། །ས་བདུན་པའི་སྐབས་ཀྱི་གཉེན་པོ་ཉེར་གཉིས་དང༌། སྤང་བྱ་ཉི་ཤུ་ཇི་ལྟར་སྦྱོར་ཞེ་ན། འགྲེལ་ཆེན་ལྟར་ན། འདུ་ཤེས་ལྟ་དང་ཉོན་མོངས་སྤོང་གཅིག་ཏུ་བྱས་ཤིང༌། ལོ་ཆེན་དང༌། ཨར་ཡང་དེ་བཞིན་དུ་བཞེད། ཁྱུང་རྣམ་ཐར་སྒོ་གསུམ་གཅིག་ཏུ་བཞེད། ས་བརྒྱད་པའི་ཡོངས་སྦྱོང་ལ། འཕགས་པ་བཞི་ཚན་གཉིས་གང་ཡང་རུང་བས་རྫོགས་པར་བཞེད། ཤཱནྟི་པ། བརྒྱད་ཁོ་ནར་བཞེད་དེ་རྩ་བ་དང་མཐུན་ནོ། །ས་དགུ་པའི་སྐབས་སུ་མངལ་དུ་འཇུག་པ་སོགས་ནི་ནུས་པའི་ངོ་བོར་ཐོབ་པ་ཡིན་གྱི། མཚན་ཉིད་པ་མངོན་དུ་བྱེད་པ་ནི་མིན་ཏེ། གལ་ཏེ་ཡིན་ན་འདི་དག་སྲིད་པ་ཐ་མ་པའི་མཛད་པ་མིན་པར་ཐལ་བའི་ཕྱིར་དང༌། འདི་དག་མངོན་དུ་གྱུར་པ་ནི་ས་བཅུ་པའི་ཚུལ་བཟུང་ཞིང༌། ཆོས་སྐུ་མངོན་དུ་གྱུར་པ་དེ་ཡིན་པའི་ཕྱིར་ཏེ། རྗེ་བཙུན་གྱིས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་སོགས་གསུངས་པའི་ཕྱིར་རོ། །དོན་འདི་ལ་དགོངས་ནས་ས་བཅུ་པ་སངས་རྒྱས་ཀྱི་སར་བཞག་པ་ཡིན་ནོ། །འོ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མིན་པར་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། མི་འགལ་ཏེ། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཅིག་འདིར་སངས་རྒྱ། །ཞེས་འབྱུང་བ་ལྟར་རོ། །དེ་བཞིན་དུ། ཞིང་སྦྱོང་སོགས་ཀྱང་ས་བརྒྱད་པའི་ཚེ་ནུས་པའི་ངོ་བོར་ཐོབ་པ་ཡིན་གྱི། མངོན་དུ་གྱུར་པ་ནི་ས་དགུ་པ་སྟེ། རྗེ་བཙུན་གྱིས་ཞིང་དག་པའི་སྦྱོར་བ་ས་དགུ་པ་ལ་གསུངས་པ་དང་མཐུན་ནོ། །འདི་དག་ནི་རང་གི་བློ་ལ་ཤར་བ་ཙམ་སྟེ། བླ་མའི་བཞེད་པ་འོག་ནས་སྟོན་ནོ། །ས་བཅུའི་གོ་རིམ་དང་གྲངས་ངེས་ལ། སྔ་རབས་བྱོན་པ་དག་ན་རེ། ཆོས་ཉིད་མངོན་དུ་མཐོང་བ་དང༌། མཐོང་ཟིན་གོམས་པར་བྱས་པ་གཉིས་ལས། དང་པོ་ནི། ས་དང་པོ་དང༌། གཉིས་པ་ལ། ཆུང་ངུ༌། འབྲིང༌། ཆེན་པོ་དགུ་ལས། རིམ་པ་བཞིན། ས་གཉིས་པ་སོགས་ཡིན་པར་བཞེད་ཀྱང༌། སློབ་དཔོན་གྱི་བཞེད་པ་ནི་མིན་ཏེ། སློབ་དཔོན་གྱི་འགྲེལ་ཆེན་ལས། དེ་བས་ན་ས་དང་པོའི་སྐད་ཅིག་དང་པོ་ནི། མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་པ་སྐད་ཅིག་གཉིས་པ་ལ་སོགས་པ་ནས་སྒོམ་པའི་ལམ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཐོབ་པའི་བར་འདི་དག་ཐམས་ཅད་ནི་མཆོག་གི་དོན་ལ་སོགས་པས་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་སྒོམ་པའི་ལམ་ཡིན་པར་བཤད་དོ་ཞེས་གསུངས་སོ། །གཉིས་པ་འབྲས་བུ་ས་བཅུ་པ་ལ་སྔ་ཕྱིའི་འབྲེལ་ནི། ཡོངས་སྦྱོང་རྣམས་བཤད་ཟིན་པའི་འོག་ཏུ་དེའི་འབྲས་བུ་འཆད་པའི་རྒྱུ་མཚན་ཡོད་དེ། ཡོངས་སྦྱོང་ཐ་མ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་རྒྱས་ཕྱིན་ཆད། སངས་རྒྱས་སུ་འཇོག་པའི་ཕྱིར་ཞེས་སྟོན་པ་ནི། རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་དེ་ལྟར་ངེས་པར་བསྟན་ནས་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ་བཤད་བྱའི་མདོ་ནི། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བཅུ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་གང་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སོ་སོར་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང༌། བག་ཆགས་ཀྱི་མཚམས་སྦྱར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་བ་དག་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པའོ། །ཞེས་གསུངས། དེའི་དོན་བསྟན་བཅོས་ཀྱིས། ས་དགུ་འདས་ནས་ཞེས་སོགས་སོ། །འདིར་རྩ་བ་ལ་དོགས་པ་བཅད་པ་དང༌། འགྲེལ་པ་ལ་དོགས་པ་བཅད་པ་གཉིས། དང་པོ་ནི། འདིར་སངས་རྒྱས་ཀྱི་སར་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལ། རང་གི་བློ་ལ་ཤར་བ་དང༌། བླ་མའི་བཞེད་པ་ལ་ནུས་པ་བཏོན་ཏེ་བཤད་པའོ། །དང་པོ་ནི། ཕལ་ཆེར་གོང་དུ་བརྗོད་ཟིན་ལ། སླར་ཡང་བཤད་པ་ནི། ས་དགུ་འདས་ནས་ཞེས་པ་སྤྱིར་ས་དགུ་པ་འདས་པ་ཙམ་ལ་མི་བྱ་སྟེ། དེ་ཙམ་གྱིས་སངས་རྒྱས་ཀྱི་སར་འཇོག་མི་ནུས་པའི་ཕྱིར་ཏེ། སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་ཏེ་ཞེས་དང་རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་འབྱུང་བར་འགྱུར་བའི་སངས་རྒྱས་ཞེས། སྲིད་པ་ཐ་མ་པ་ཁོ་ན་ལ་བཤད་པའི་ཕྱིར། དེས་ན་ཇི་སྐད་བཤད་པའི་སའི་ཡོངས་སྦྱོངས་དགུ་པ་ནུས་པའི་ངོ་བོར་རྫོགས་ནས་བཞེད་ན་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་བཞེད་པའི་བྱང་སེམས་རྒྱལ་བ་བྱམས་པ་ལྟ་བུ་ཆོས་ཅན། སངས་རྒྱས་ཀྱི་ས་ལ་གནས་པ་ཞེས་བརྗོད་དེ། སྟོབས་སོགས་ཡོན་ཏན་ཐམས་ཅད་རྫོགས་པའི་སྒོ་ནས་ཆོས་སྐུ་མངོན་དུ་མཛད་ཟིན་པའི་ཕྱིར། བྱང་སེམས་ས་བཅུ་པ་ཞེས་ཀྱང་བྱ་སྟེ། ས་དགུ་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་ཤིང་གཞན་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་མ་བསྟན་པའི་ཕྱིར་ཞེས་པའོ། །འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་མིན་ནོ་ཞེས་པ་ཉི་ཁྲི་ལ་མེད་ཅིང༌། ཉི་ཁྲི་སྣང་བ་ལས་ནི། སྡེ་པ་གཞན་དག་ལས་ཀྱང་དེ་བཞིན་གཤེགས་པ་ཞེས་བརྗོད་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་པར་མི་བྱའོ། །ཞེས་བཤད་དོ། །ཞེས་འབྱུང་བས་སོ། །ཞེས་གསུངས་པར་བཤད་ནའང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མིན་ནོ། །ཞེས་པའི་དོན་ནོ། །གཉིས་པ་ནི། བྱང་སེམས་ཀྱི་ས་བཅུ་པ་ཆོས་ཅན། ཁྱོད་ཡུམ་གྱི་མདོར་ཡོངས་སྦྱོང་གི་སྒོ་ནས་མ་བཤད་ཀྱང་ས་སྔ་མ་རྣམས་ལས་ལོགས་སུ་མི་རྟོགས་པའི་སྐྱོན་མེད་དོ། །ཁྱོད་ཡུམ་གྱི་མདོར་སངས་རྒྱས་ཀྱི་སར་བཤད་པས་དེ་ལྟར་རྟོགས་པའི་ཕྱིར་ཞེས་སྟོན་པ་ནི། ས་དགུ་ཞེས་སོགས་སོ། །དེ་ཡང་སངས་རྒྱས་དང་འཕྲིན་ལས་བྱེད་ཚུལ་མཉམ་པས་དེ་སྐད་བརྗོད་ཀྱི། དངོས་མིན་ཏེ། རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོད་ཀྱི་ས་རྡུལ་དང༌། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱིས། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་གསུངས་ཤིང༌། དོན་དེ་ཉིད་ཉི་ཁྲི་སྣང་བ་ལས་ཀྱང༌། དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི། དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པ་ནི་མིན་ནོ། །ཞེས་འབྱུང་བ་ཡིན་ནོ། །དེ་དག་གི་དོན་ཡང༌། ས་འདི་ལ་ཚོགས་གཉིས་ཡོངས་སུ་མ་རྫོགས་པས་ཆོས་སྐུར་སངས་རྒྱ་མི་ནུས་ཀྱང༌། སྨོན་ལམ་གྱི་མཐུས་གཟུགས་སྐུར་སངས་རྒྱས་ནས་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་ནུས་པ་ཡིན་ནོ། །རྒྱལ་བའི་ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང༌། སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལོང་ཤིང༌། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །འོ་ན་མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ནས་ཀྱང་སྨོན་ལམ་གྱི་མཐུས་སངས་རྒྱ་ནུས་པར་བཤད་པ་མིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་སྔ་མ་དེ་དག་ལས་འདི་ཁྱད་པར་འཕགས་པའི་ཕྱིར་རོ། །ཞེས་བཤད་པར་བྱའོ། །གཉིས་པ་འགྲེལ་པ་ལ་དོགས་པ་བཅད་པ་ལ། འདས་ས་དགུ་གང་ཞེ་ན། འཕགས་སེང༌། ཤཱནྟི་པ། རཏྣ་ཀིརྟི། བུདྡྷ་ཤྲཱི་རྣམས་གཞུང་འདིར་འབྱུང་བ་ལྟར་བཞེད། བཙུན་པ་གྲོལ་སྡེ་ཉན་ཐོས་ཀྱི་ས་དོར་ནས། དཀར་པོ་རྣམ་པར་མཐོང་བའི་ས་ཞེས་འདྲེན་པར་མཛད། འབུམ་ཊཱིཀ་ལས་ཀྱང་དཀར་པོ་རྣམ་པར་མཐོང་བའི་ས་བགྲངས་ཤིང་དེ་ལྟར་ན་ཉན་ཐོས་ཀྱི་ས་དང་ཞེས་གསུང༌། བཅོམ་ལྡན་རིགས་པའི་རལ་གྲི་ན་རེ། འགྲེལ་པ་མཛད་པ་དག་གི་ལུགས་མི་འཐད་དེ། མདོ་ཇི་ལྟ་བ་བཞིན་ཡིན་ན་ནི། དཀར་པོ་རྣམ་པར་མཐོང་བའི་ས་དང་བཅུར་འགྱུར་ལ། བསྟན་བཅོས་ཇི་ལྟ་བ་བཞིན་ཡིན་ན་ནི། བྱང་ཆུབ་སེམས་དཔའི་ས་དགུ་ལས་གཞན་མེད་དོ། །གཞན་ཡང་འདིར་ཐེག་པ་གསུམ་གྱི་ཡོན་ཏན་མཐའ་དག་འདུས་པ་ལ་འདས་པའི་དོན་དུ་འཆད་པ་ནི་ཡི་གེའི་དོན་མིན་ཏེ། འདས་པ་ནི་བྲལ་བ་ལ་བརྗོད་པ་ཡིན་པའི་ཕྱིར། ཞེས་གསུངས་སོ། །འོ་ན་ས་བཅུ་པོ་ནི་ཐོབ་པ་ལ་རྟགས་ཀྱི་ཁྱད་པར་ཇི་ལྟ་བུ་ཡོད་ཅེ་ན། ཆོས་ཀྱི་བཤེས་གཉེན་གྱིས། ས་དེ་དག་ཐོབ་པའི་རྨི་ལམ་གྱི་རྣམ་པ་ལས་ཤེས་པར་བྱའོ། །རྨི་ལམ་གྱི་རྟགས་ནི། གསེར་འོད་དམ་པ་ལས། ས་དང་པོ་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཕྲག་གིས་ཡོངས་སུ་གང་བ་མཐོང་ངོ༌། །གཉིས་པ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲི་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་ངོ༌། །གསུམ་པས་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ༌། །བཞི་པས། ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་ལ་མེ་ཏོག་སྣ་ཚོགས་མངོན་པར་མཐོང་ངོ༌། །ལྔ་པས་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམ་པ་ཀའི་འཕྲེང་བ་འདོགས་པ་མཐོང་ངོ༌། །དྲུག་པས། རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་བརྡལ་བ་རྙོག་པ་མེད་ཅིང་དྭང་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་ལ་མེ་ཏོག་ཨུཏྤ་ལ་དང༌། ཀུ་མུཏ་ཏ་དང༌། པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་སྟེ་དེ་ལ་བདག་ཉིད་རྩེ་དགའ་ཞིང་ཡོངས་སུ་ལོངས་སྤྱོད་པ་མཐོང་ངོ༌། །བདུན་པས། ཕྱོགས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ལ་བདག་ཉིད་མ་རྨས་མ་ཉམས་པར་སླར་ལྡོག་པ་མཐོང་ངོ༌། །བརྒྱད་པས། ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པཎ་ཐོགས་པས་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པར་མཐོང་ངོ༌། །དགུ་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ཁྲི་བརྒྱ་སྟོང་དུ་མས་བསྐོར་ཞིང་མདུན་གྱིས་ལྟས་ལ་མགོའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་དཀར་པོ་འཛིན་པར་མཐོང་ངོ༌། །བཅུ་པས་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། ཁ་དོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་བྱེ་བ་ཁྲག་ཁྲི་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང༌། མདུན་གྱིས་ལྟས་ནས་ཆོས་སྟོན་པ་མཐོང་ངོ༌། །ཞེས་གསུངས་སོ། །སྤྱིར་རྒྱལ་བའི་གསུང་རབས་ལས། སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ལ། ས་བཅུའི་རྣམ་གཞག་གསུངས་པའང་ཡོད་པར་བཤད་དེ། ཆོས་ཀྱི་རྗེ་པཎྜི་ཏས། སོ་སོ་སྐྱེ་བོའི་གང་ཟག་ལ། །ཆོས་མཐུན་ཙམ་ཞིག་སྒྲིག་ན་ནི། །ཆོས་ནས་བཤད་ན་འགལ་བ་མེད། །དཔེར་ན་རྨི་ལམ་ངེས་བསྟན་ལས། །ཐུབ་པའི་མཆོད་རྟེན་འཇིམ་པ་ལས། །བྱས་པ་མཐོང་ནས་ས་དང་པོ། །རྡོ་ལས་བྱས་མཐོང་ས་གཉིས་པ། །རྡོ་ཐལ་གྱིས་བྱུག་ས་གསུམ་པ། །སྟེགས་བུ་གདུགས་བྱས་ས་བཞི་པ། །རྡོ་སྐས་བྱི་དོར་བྱས་པ་ལྔ། །གསེར་གྱིས་སྦྲེལ་མཐོང་ས་དྲུག་པ། །རིན་ཆེན་དྲྭ་བས་གཡོགས་པ་བདུན། །ཡེར་ཀ་དྲྭ་བས་གཡོགས་པ་བརྒྱད། །ས་དགུ་དང་ནི་བཅུ་པ་ལ། །རྨི་ལམ་ལོག་པར་མཐོང་མེད་གསུང༌། །ཅེས་སོགས་རྨི་ལམ་བྱེ་བྲག་ལ། །ས་བཅུའི་དབྱེ་བ་མཛད་པ་མཐོང༌། །འདི་ནི་མོས་པ་སྤྱོད་པ་ཡི། །ས་བཅུ་ཡིན་གྱི་འཕགས་པའི་མིན། །ཞེས་གསུང་ལ། རྨི་ལམ་ངེས་བསྟན་ཞེས་པ་དཀོན་བརྩེགས་ན་ཡོད་དོ། །གསུམ་པ་གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ། སྔ་ཕྱིའི་འབྲེལ་ལ། མདོའི་འབྲེལ་འཇུག་སྒྲུབ་ལ་འཕྲོས་ཤིང༌། བསྟན་བཅོས་ཀྱི་འབྲེལ་ནི། གཉེན་པོ་ཚོགས་ཀྱི་བསྒྲུབ་པ་ཡི། །ཞེས་བཤད་པ་དེ་བསྟན་དགོས་སོ་ཞེ་ན། བཤད་པ། གཉེན་པོའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ། ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། བཤད་བྱའི་མདོ་ནི། རབ་འབྱོར་ཁྱོད་ཀྱི་ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བར་འགྱུར། ཞེས་སྨྲས་པ་ནི། དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ། །ཞེས་སོགས་ཀྱིས་མཐོང་སྤང་གཉེན་པོའི་ཚོགས་བསྒྲུབ་དང༌། རབ་འབྱོར་གཞན་ཡང་ཁྱོད་ཀྱིས་ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲ་བ་ནི། གང་དུ་ཡང་གནས་པར་འགྱུར་བ་མེད་དོ། །ཞེས་དང༌། རབ་འབྱོར་ཁྱོད་ཀྱིས་ཐེག་པ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། དེས་གང་ཡང་ངེས་པར་འབྱུང་བར་འགྱུར་བ་མེད་དོ། །འདི་ལྟར་ཐེག་པ་ཆེན་པོ་དེ་གང་ཡིན་པ་དང༌། གང་གིས་ངེས་པར་འབྱུང་བར་འགྱུར་བ་དང༌། གང་ངེས་པར་འབྱུང་བར་འགྱུར་བ་དང༌། གང་ནས་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། ཞེས་སོགས་ཀྱི་སྒོམ་སྤངས་གཉེན་པོ་ཚོགས་བསྒྲུབ་གསུངས་སོ། །དེའི་དོན་བསྟན་བཅོས་ཀྱིས་བསྡུས་པ་ནི། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་སོགས་སོ། །དེ་ཡང་འདིའི་མདོར་རྟོག་པ་དངོས་སུ་མ་གསུངས་ཀྱང༌། གཉེན་པོའི་དབྱེ་བ་བརྒྱད་དུ་ཕྱེ་ནས་གསུངས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་རྟོག་པ་བརྒྱད་ཡོད་པའི་དབྱེ་བ་ལས་སོ། །ཇི་ལྟར་ཞེ་ན། ཉི་སྣང་ལས་ནི། མཐོང་སྤངས་དངོས་པོ་ཙམ་ལ་བརྟེན་པ་དང༌། གཉེན་པོ་རྟེན་ཅན་གཉིས་མཐོང་སྤངས་རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས། སྒོམ་སྤངས་ལའང་སྔ་མ་གཉིས་དང༌། གང་ཟག་ཏུ་གདགས་པ་དང་གདགས་པའི་རྒྱུ་ལ་བརྟེན་པ་གཉིས་ཡོད་པས་སོ། །སློབ་དཔོན་ནི་སྒོམ་སྤངས་འཛིན་རྟོག་ལའང༌། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་ཞེས་པ་འདི་ཉིད་དོ། །རྩ་བའི་དོན་འགྲེལ་པས་འཆད་པ་ལ། འགྲེལ་པ་འདི་ལྟར་ན། ཆོས་ཀྱི་བཤེས་གཉེན་གྱིས་བཤད་པ་ལྟར་ན་ནི། བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་ནས་མངོན་དུ་བྱ་བའི་མཐོང་བསྒོམ་གྱིས་ལམ་གཉིས་པོ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་ལ་གཉེན་པོ་ཚོགས་སྒྲུབ་ཅེས་བྱའོ། །བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་པ་ཞེས་བྱ་སྟེ། རང་བཞིན་བདེན་སྟོང་གི་སྣང་བ་ལ་དམིགས་པའི་ཕྱིར། ས་བཅུ་བཤད་པ་ལས་ལོགས་ན་གཉེན་པོའི་ཚོགས་བསྒྲུབ་ཞིག་ཡོད་དམ་སྙམ་པ་བཟློག་པའི་ཕྱིར་ལམ་གཉིས་པོ་ཁོ་ནའི་ཞེས་སྨོས་སོ། །གནས་སྐབས་ཀྱིས་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་གནས་སྐབས་ན་གཉེན་པོའི་མིང་མི་ཐོབ་ཀྱི། མཐོང་བའི་ལམ་སྐད་ཅིག་མ་བརྒྱད་པ་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་རྒྱས་པས་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་མི་འགྱུར་ཞེས་པའི་དོན་དུ་བཤད་ཅིང༌། འོ་ན་སྔར་ཚོགས་བསྒྲུབ་བསྒོམ་ལམ་དུ་བཤད་པ་མིན་ནམ། འདིར་མཐོང་ལམ་དུའང་བཤད་ཅེ་ན། སྒྲུབ་པ་བཞི་ལམ་བཞིར་བསྟན་པ་ནི། ཤས་ཆེ་བའི་དབང་དུ་བྱས་ཞེས་གསུངས་སོ། །འགྲེལ་ཆེན་ལྟར་ན། རྣམ་བཤད་ལས་གསུངས་པ་ལྟར། དྲི་བ་ཐ་མ་གསུམ་གྱི་ལན་ནི་བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་པའི་ལན་གྱིས་གསུངས་སོ། །ངེས་པར་འབྱུང་བ་སོགས་ཁས་བླངས་པའི་ཀུན་རྫོབ་ཀྱི་ལན་གྱིས་མཐོང་སྤང་གཉེན་པོ་དང༌། དོན་དམ་པར་མི་དམིགས་པའི་དོན་དམ་གྱི་ལན་གྱི་སྒོམ་སྤངས་གཉེན་པོ་གསུངས་སོ། །དེ་ཡང་ཉི་ཁྲི་ལྟར་ན། སྔ་མ་ལྟར་སྣང་ལ། བརྒྱད་སྟོང་པ་ལྟར་ན་ཕྱི་མ་ལྟར་སྣང་ངོ༌། །འདིར་ཁོ་ནའི་སྒྲས་ནི། རྣམ་བཤད་ཀྱི་རྗེས་འབྲང་དུ་རློམ་པ་ལ། ཆོས་མཆོག་གཉེན་པོ་ཚོགས་བསྒྲུབ་ཏུ་འདོད་པ་ཁེགས་སོ། །བཞི་པ་ངེས་འབྱུང་བསྒྲུབ་པ་ལ། མདོའི་འབྲེལ་ནི། སྔར་ཐེག་ཆེན་བཤད་པ་རབ་འབྱོར་གྱི་ཁོངས་སུ་ཆུད་པ་ན། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་རང་གི་རྟོག་པ་ལྟར་ཞུས་པའོ། །བསྟན་བཅོས་ཀྱི་འབྲེལ། ངེས་པར་འབྱུང་བཅས་རྣམས་ཞེས་བཤད་པ་བསྟན་དགོས་སོ་ཞེ་ན། འགྲེལ་ཆེན་ལས། དེ་ལྟར་ཚོགས་བསགས་པ་རྣམས་ནི་འདི་ལྟར་འཕགས་པ་བྱམས་པས་བརྙེས་པ་ལྟར་ངེས་པར་འབྱུང་བ་ཡིན་པས་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་བརྗོད་པར་བྱའོ། །ཞེས་སོགས་སོ། །དེའི་ཕྱིར་ངེས་འབྱུང་སྒྲུབ་པ་ས་བཅུ་པའི་ཡང་སྟོད་ན་ཡོད་པར་གསལ་ལོ། །འབྲེལ་པ་ཅན་དངོས་ལ། བཤད་བྱའི་མདོ་ནི། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས། ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནན་ཏེ་འབྱུང་བར་འགྱུར་བས་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །ཞེས་སོགས་ངེས་འབྱུང་བརྒྱད་དངོས་སུ་གསུངས་ནས། ངེས་འབྱུང་སྒྲུབ་པ་ཤུགས་ལ་གསུངས་པའོ། །དེའི་དོན་བསྡུས་ལ་ནི། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སོགས་སོ། །ལམ་ཞེས་པ་ཡན་ངེས་པར་འབྱུང་བ་ཡིན་ལ། ཡུལ་ཅན་ཞེས་པས་སྒྲུབ་པ་ངོས་བཟུང་བ་ཡིན་ནོ། །ངེས་པར་འབྱུང་བའང་གཉིས་སུ་གྲངས་ངེས་ཏེ། མི་སློབ་ལམ་མཐར་ཐུག་དང༌། སློབ་ལམ་མཐར་ཐུག་གོ །དང་པོ་ལ། ཆེད་དུ་བྱ་བ་སོགས་བདུན་ཏེ། ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་ཕྱེའོ། །གཉིས་པ་ནི། རྡོ་རྗེ་ལྟ་བུ་སྟེ། སློབ་ལམ་མཐར་ཐུག་ནི་འདི་ཁོ་ནར་ངེས་པའི་ཕྱིར་རོ། །དེའི་ཕྱིར་ལམ་གྱི་ཡུལ་ཅན་གྱི། ངེས་འབྱུང་སྒྲུབ་པ་ནི་རྒྱུན་མཐའི་སྔ་ལོགས་ན་ཡོད་ལ། གཞན་བདུན་རྒྱུན་མཐའ་ཉིད་ན་ཡོད་པར་གྲུབ་བོ། །འདི་ནི་སློབ་དཔོན་གྱི་བཞེད་པ་དྲི་མ་མེད་པར་མངོན་ལ། མཁས་པ་དག འབྱུང་བ་ཐམས་ཅད་སངས་རྒྱས་ཀྱི་སར་བཞེད་ཅིང༌། ངེས་འབྱུང་བསྒྲུབ་པ་རྒྱུན་མཐའ་ཁོ་ནར་བཞེད་པའང་ཡོད་དོ། །ཆོས་ཀྱི་བཤེས་གཉེན་ལྟར་ན། འབྱུང་བ་དེ་དག་ཏུ་གདོན་མི་ཟ་བར་ངེས་པར་འབྱུང་བ་ལ་ངེས་འབྱུང་སྒྲུབ་པའི་དོན་དུ་བཤད་པས་བྱང་སེམས་ཀྱི་དྲོད་ནས་བཞག་ཏུ་རུང་སྟེ། བྱང་ཆུབ་ཆེན་པོར་གདོན་མི་ཟ་བར་ངེས་པར་འབྱུང་བའི་ཕྱིར། ཞེས་བྱམས་མགོན་བསྟན་པའི་ཉི་མ་སངས་རྒྱས་དཔལ་གསུང་ངོ༌། །དེ་ལྟར་བྱས་ན། ལུང་གི་སྙེ་མ་ལས། རྟེན་དང་དམིགས་འབྱེད་དེ་འབྲས་ཐོབ་པ་དང༌། །རིགས་ལ་བརྟེན་ནས་ཆོས་རྣམས་ལ་དམིགས་ཏེ། །འབྲས་བུ་གསུམ་ཕྱིར་སྒྲུབ་ཚུལ་རྣམ་པ་བཞིས། །རྒྱུ་དང་བཅས་པའི་རྣམ་མཁྱེན་ལེགས་པར་བཤད། །ཅེས་འབྱུང་བ་ལྟར། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་དེ་བཤད་ཟིན་ཏོ། །འདིར་སྨྲས་པ། རབ་འབྱོར་ལེའུས་རྣམ་པ་གཞི་མེད་ཙམ། །བརྗོད་བྱར་བསྡུས་ཤིང་དེ་དོན་རྟོགས་པའི་བློས། །སྣང་སྟོང་ནམ་མཁའ་ལྟ་བུ་དམིགས་སོ་ཞེས། །སྣང་མེད་སྨྲ་བའི་གཞུང་གིས་སྐྱེས་བུ་ལ། །ཉེ་བར་མཁོ་བའི་དོན་རྣམས་མི་སྟོན་པས། །རང་བཞིན་བདེན་སྟོང་མངོན་རྟོགས་སྐྱེ་བའི་རིམ། །ལེགས་པར་བཤད་པས་ཡུམ་དོན་ཕྱེ་བ་འདི། །འཕགས་སེང་གཞུང་གི་དགོངས་པའི་དེ་ཉིད་ཡིན། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། སྐབས་ནི་ལེའུ་སྟེ། བ་རི་ཚེ་དང་ཞེས་པ་ཡོངས་སུ་བཅད་པའོ། །དང་པོའི་ནི། གཉིས་པ་སོགས་ལ་ལྟོས་པའམ། མཆོག་གི་དོན་ཏེ་འདིས་སྐབས་མ་ལུས་པའི་བརྗོད་བྱའི་དོན་དངོས་ཤུགས་ཅི་རིགས་པར་བསྡུས་པའི་ཕྱིར། ཞེས་མཁས་པའི་ཞལ་ནས་བརྒྱུད་པའོ།།  །།མི་ཟད་ཚིག་གི་ཆ་ཤས་གཏེར། །འགྲོ་བ་སྐྱོབ་མཛད་ལ་བཏུད་ནས། །ལེགས་བཤད་རྦ་རླབས་གསར་པ་ཡིས། །ཕྲེང་བ་ཀུན་དགའི་དཔལ་དུ་སྤེལ། །གཉིས་པ་རྒྱུ་ལམ་ཤེས་ལ། འབྲེལ་དགོངས་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། མདོ་ལས་སེམས་བསྐྱེད་སོགས་ཆོས་བཅུས་མཚོན་ནས་བསྟན་པའི་རྣམ་མཁྱེན་གྱི་རྟོགས་པ་སྐྱེ་བ། མདོ་ལ་ཆོས་བཅུ་གཅིག་གིས་མཚོན་ནས་བསྟན་པའི་ལམ་ཤེས་ལ་རག་ལས་སོ་ཞེས་སྟོན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ཞེས་སོགས་སོ། །གཉིས་པ་ལ། ལམ་ཤེས་རྒྱས་པར་བཤད་པའི་དགོས་པ་དང༌། དགོས་པ་ཅན་གྱི་ལམ་ཤེས་དངོས་བཤད་པའོ། །དང་པོ་ནི། སྔར་གནས་པའི་འཁོར་གྱི་དབང་དུ་བྱ་ན། སྔར་བཤད་པའི་ཆོས་བཅུ་པོ་མཁྱེན་པ་རྣམ་མཁྱེན་ཡིན་ཡང༌། དེ་ཉིད་དེ་བཞིན་གཤེགས་པ་ཁོ་ནས་རྟོགས་ཀྱིས་གཞན་གྱིས་མི་རྟོགས་སོ་སྙམ་པ་དགག་པའི་ཕྱིར། དེ་དག་ལས་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བཤད་པ་ཡིན་ནོ་ཞེས་འགྲེལ་ཆེན་ལས་བཤད། གསར་དུ་ལྷགས་པའི་འཁོར་གྱི་དབང་དུ་བྱ་ན། སློབ་དཔོན་ཆོས་བཤེས་ཀྱིས་བཤད་པ་ལྟར་གསར་དུ་ལྷགས་པའི་འཁོར་རྣམས་ལ་རྣམ་མཁྱེན་གྱི་རྟོགས་པ་བསྐྱེད་དགོས་པས་རྒྱུས་འབྲས་བུ་མཚོན་པའི་ཕྱིར་དུ་གསུང༌། དེ་སྐད་དུ་ཡང་མར་མེ་མཛད་ཀྱིས། ཐམས་ཅད་མཁྱེན་པ་རྒྱལ་ཕྱིར་དང༌། །ལྷའི་ལོག་རྟོག་བསལ་བ་དང༌། །འདོད་ཆེན་མ་ཡིན་བྱང་སེམས་ཀྱི། །ལམ་འདི་བསྟན་ཕྱིར་ལམ་ཤེས་བཤད། །ཅེས་གསུངས་སོ། །གཉིས་པ་ལ་སྤྱིའི་འབྲེལ་དང༌། ཆོས་སོ་སོའི་འབྲེལ་ལོ། །དང་པོ་ནི། བཅུ་གཅིག་པོ་བསྡུས་ན་གཉིས་ཏེ། རྟེན་གྱི་གང་ཟག་གཅིག་ལ་རྒྱུ་ལམ་ཤེས་ཇི་ལྟར་སྐྱེད་པའི་རིམ་པ་དང༌། ལམ་ཤེས་དེས་ལམ་གསུམ་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་རིམ་པ་དང༌། སྐྱེས་ནས་གཞན་དོན་ཇི་ལྟར་བྱེད་པའི་རིམ་པའོ། །དང་པོ་ལ་འགལ་རྐྱེན་དང་བྲལ་དགོས་པར་བསྟན་པ་དང༌། མཐུན་རྐྱེན་ཚང་དགོས་པར་བསྟན་པ་གཉིས། གཉིས་པ་ལ་ལྷན་ཅིག་བྱེད་རྐྱེན་སོ་སོར་ངེས་པར་བསྟན་པ་དང༌། ཉེར་ལེན་གྱི་རྒྱུས་ཁྱབ་པར་བསྟན་པ་གཉིས་ཀྱིས་སྟོན་ཏེ། ང་རྒྱལ་དང་བྲལ་བ་ཙམ་གྱིས་ལམ་ཤེས་དངོས་སུ་སྐྱེ་ན་ཉན་རང་སོགས་ལའང་ཧ་ཅང་ཐལ་བ་གསལ་ནས། འོ་ན་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པ་དེ་དག་ལ་ལམ་ཤེས་གཏན་མི་སྐྱེ་བ་ཡིན་ནམ་ཞེ་ན། མིན་ཏེ་རྒྱུ་རང་བཞིན་དུ་གནས་པའི་རིགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཞེས་སྟོན་ནོ། །གཉིས་པ་ལ། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དང༌། རྒྱུ་དེ་ལ་བརྟེན་ནས་གཞན་དོན་ཇི་ལྟར་བྱེད་པའོ། །དང་པོ་ནི། ཉོན་མོངས་མི་སྤོང་བའི་རང་བཞིན་ཏེ། ཉོན་སྒྲིབ་ཙམ་སྤངས་པའི་ཐར་པ་དོན་དུ་མི་གཉེར་བས་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་ལས་ཁྱད་པར་འཕགས་པར་གྲུབ་བོ། །གཉིས་པ་ནི། བྱེད་ལས་ཏེ་ཉན་ཐོས་ལྟར་གཞན་དོན་རྒྱུན་ཆད་པའི་མྱང་འདས་མངོན་དུ་བྱེད་པ་མ་ཡིན་གྱི། སེམས་ཅན་སྨིན་པ་ལ་སོགས་པར་བྱེད་པས། ཉན་ཐོས་ཀྱི་ལམ་གྱི་འབྲས་བུ་ལས་ལམ་ཤེས་ཀྱིས་བྱེད་པའི་འབྲས་བུ་ཁྱད་པར་འཕགས་པར་གྲུབ་པ་ཡིན་ནོ། །ལམ་ཤེས་ཀྱི་རང་བཞིན་དང་བྱེད་ལས། ཉན་ཐོས་ཀྱི་ལམ་གྱི་རང་བཞིན་དང་འབྲས་བུ་ལས་ཁྱད་པར་དུ་འཕགས་པར་བསྒྲུབ་དགོས་པའི་རྒྱུ་མཚན་ཡང༌། ཁྱབ་པ་དང་ཞེས་བསྟན་པ་ལ། ལམ་ཤེས་ཀྱི་རྒྱུ་རང་བཞིན་གནས་རིགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་ཀྱང༌། ཉན་རང་དགྲ་བཅོམ་པས་ལམ་ཤེས་ལ་འཇུག་པ་དོན་མེད་དེ། ལམ་གྱི་འབྲས་བུ་མཐར་ཐུག་མངོན་དུ་བྱས་པའི་ཕྱིར་སྙམ་པའི་དོགས་པ་ཟློག་པའི་ཆེད་ཡིན་ནོ། །གཉིས་པ་ལམ་ཇི་ལྟར་ཤེས་པའི་ཚུལ་ལ། མདོ་ལས་ཤེས་པར་བྱ་ཞིང་བསྐྱེད་པར་བྱ་ཞེས་གསུངས་པ་ལྟར། གཞན་དོན་དུ་ཤེས་པར་བྱ་བའི་ལམ་དང༌། རང་དོན་དུ་བསྐྱེད་པར་བྱ་བའི་ལམ་གཉིས། དང་པོ་ལ། ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་དོན་དུ་དང༌། རང་རྒྱལ་གྱི་རིགས་ཅན་རྗེས་སུ་བཟུང་བའི་དོན་དུ་ཤེས་པར་བྱ་བའི་ལམ་གཉིས། དེ་གཉིས་ཀྱང་རིམ་པར་བསྟན་དགོས་ཏེ། ཉན་ཐོས་ཀྱི་རྟོགས་རིགས་ཇི་ལྟ་བར་མ་ཤེས་པར་རང་རྒྱལ་གྱི་རིགས་ཅན་རྗེས་སུ་འཛིན་མི་ནུས་པའི་ཕྱིར། བྱང་ས་ལས། རང་སངས་རྒྱས་ལ་ནི་ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ཉན་ཐོས་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར། ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ། སྒྲིབ་པ་ཕྱོགས་རེ་སྤོང་བའི་གཉེན་པོ་མཐོང་ལམ་དང༌། སྒྲིབ་པ་མཐའ་དག་སྤོང་བའི་གཉེན་པོ་སྒོམ་ལམ་སྟེ། སྒྲིབ་པ་ཀུན་བཏགས་མ་སྤངས་པར་ལྷན་སྐྱེས་མི་སྤོང་བའི་ཕྱིར་རིམ་པར་བསྟན་ནོ། །གཉིས་པ་ལ་སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། ཐོག་མར་འབྲས་བུ་ལ་སྤྲོ་བ་བསྐྱེད་ནས། དེའི་རྒྱུ་ལ་འཇུག་པའི་ཕྱིར་རིམ་པར་བསྟན་ནོ། །གཉིས་པ་ལའང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སོག་པར་བྱེད་པ་དང༌། མཉམ་གཞག་ཏུ་ཡེ་ཤེས་ཀྱི་ཚོགས་སོག་པར་བྱེད་པའོ། །དང་པོ་ལ། བསོད་ནམས་ཚོགས་སོག་པ་དངོས་དང་གོང་དུ་སྤེལ་བར་བྱེད་པ་སྟེ། དང་པོ་ལ། དགེ་རྩ་མ་སྐྱེས་པ་སྐྱེད་པར་བྱེད་པ་དང༌། སྐྱེས་ཟིན་ཆུད་མི་ཟ་བར་བྱེད་པ་གཉིས་རིམ་པར་སྟོན་པ་ནི། མོས་པ་དང་བསྔོ་བའོ། །དགེ་རྩ་མ་སྐྱེས་པ་མྱུར་དུ་བསྐྱེད་པར་བྱ་བའི་ཕྱིར། མོས་པ་དངོས་དང་ཕན་ཡོན་གཉིས་ཀྱི་སྒོ་ནས་སྟོན་ནོ། །གཉིས་པ་ནི་རྗེས་སུ་ཡི་རང་བའོ། །གཉིས་པ་མཉམ་གཞག་ཏུ་ཡེ་ཤེས་ཀྱི་ཚོགས་སྒོམ་པ་ལ། ངོ་སྐལ་གྱི་སྤང་བྱའི་ས་བོན་དང་ལྷན་ཅིག་གནས་པ་སྒྲུབ་པ་སྒོམ་ལམ་དང༌། ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་གྲོལ་བ་རྣམ་དག་སྒོམ་ལམ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར་རིམ་པར་སྟོན་ནོ། །འདི་དག་ནི་ཉི་ཁྲི་སྣང་བའི་དགོངས་པ་གཙོ་བོར་བྱས་ནས་བཀོད་པའོ། །ཆོས་བཅུ་གཅིག་པོ་འདི་དག་ཀྱང་སྐབས་གཉིས་པར་རྒྱུའི་ལྡོག་པ་ནས་བཤད་པ་ཙམ་མ་གཏོགས། སྐབས་དང་པོར་མ་བཤད་པ་ཞིག་བཤད་པ་ནི་མིན་ཏེ། འགྲེལ་ཆེན་ལས། རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཀྱང་དེར་སྨོས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བ་ལ་སོགས་པའི་ལམ་བསྟན་པ་ཡིན་པའི་ཕྱིར། ཡང་ཅིའི་ཕྱིར་བསྟན་ཞེ་ན། བརྗོད་པར་བྱ་སྟེ་རྒྱུ་དང་འབྲས་བུ་མ་ལུས་པ་ཐུགས་སུ་ཆུད་པ་ལ་ལྟོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་པས། རྒྱལ་བའི་སྲས་རྣམས་ཀྱིས་ལམ་ནི་དེ་ལས་མ་གསུངས་པ་ཡིན་ནོ་ཞེས་དོགས་པ་བསལ་བའི་ཕྱིར། དེ་ཉིད་ལས་རྒྱུ་ཙམ་ཞིག་དྲངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བ་ལ་སོགས་པའི་ལམ་གྱི་བདག་ཉིད་ཅན་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཟློས་པར་འགྱུར་རོ་ཞེ་ན། གསར་དུ་ལྷགས་པའི་འཁོར་གྱི་དབང་དུ་བྱས་ཏེ་བསྟན་ཚུལ་མི་འདྲ་བའི་སྒོ་ནས་བཤད་དོ། །ཞེས་བརྗོད་ཟིན་ནོ། །ད་ནི་སོ་སོའི་དོན་ལ་འཇུག་པར་བྱ་སྟེ། འཕགས་པ་ལྟར་ན། སྒོམ་པ་པོ་རྟེན་གྱི་གང་ཟག་དང༌། དེའི་ལམ་གཉིས། ཤེར་འབྱུང་བློ་གྲོས་ལྟར་ན། ལམ་གྱི་ཡན་ལག་དང༌། དེ་དང་ལྡན་པའི་ལམ་གཉིས། ལོ་ཙྪ་བ་ཆེན་པོ་ལྟར་ན། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་གཉིས། དང་པོ་ལ་ཡང༌། ཆུ་མིག་པ་ལམ་ཤེས་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ཡན་ལག་དང༌། སྐྱེས་ནས་ཕན་འདོགས་པའི་ཡན་ལག་གཉིས། རྣམ་བཤད་ལྟར་ན། གང་ལ་སྐྱེ་བའི་རྟེན། ཐོབ་པར་བྱེད་པའི་རྒྱུ། བརྟེན་པ་ལམ་ཤེས་ཀྱི་རང་བཞིན། གཞན་དོན་བྱེད་པའི་ལས་སོ། །དང་པོ་ལ་མདོ་ནི། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་པོ་ཆེན་པོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་སྟོང་ཕྲག་དུ་མ་དང༌། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། ཞེས་པ་ནས། འཛམ་བུ་ཆུ་བོའི་གསེར་གྱི་དྲུང་ན་ལྕགས་ནག་པོ་ལྷམ་མེ་མ་ཡིན། ལྷང་ངེ་མ་ཡིན། ལྷན་ནེ་མ་ཡིན། དེ་བཞིན་གཤེགས་པའི་འོད་ཀྱི་དྲུང་ན་ལྷ་དེ་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན། དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །མཆོག་ཅེས་བྱའོ། །ཞེས་གསུངས། དེའི་དོན། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱི་མོག་མོག་པོར་མཛད་དང༌། །ཞེས་པ་རྩ་འགྲེལ་ལོ། །དོན་ནི། དེ་འདྲའི་མདོ་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་དེ་ང་རྒྱལ་མངོན་འགྱུར་བ་དང་བྲལ་བ་གཅིག་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་པའོ། །འོ་ན་དེ་ཙམ་གྱིས་ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་དུ་རུང་ངམ་ཞེ་ན། གཉིས་པ་ཐོབ་པར་བྱེད་པའི་རྒྱུ་ལ་ལྷན་ཅིག་བྱེད་རྐྱེན་དང༌། སྐྱེ་རུང་གི་རྟེན་གཉིས། དང་པོ་ལ། མདོ་ནི། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་གང་དག་གི་བླ་མེད་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ལ་ནི་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར། ཞེས་པའི་དོན། ཡུལ་ངེས་པ་དང༌། ཞེས་པ་རྩ་འགྲེལ་ལོ། །མདོ་འདི་ལ་བསྟེན་ནས་འཕགས་པ་ཐོགས་མེད་ལ་སོགས་པ་ཡུམ་རྣམ་རིག་གི་ཚུལ་དུ་འགྲེལ་བར་མཛད་དོ། །ཡང་དག་པའི་སྐྱོན་མེད་པ་ནི་ཉན་ཐོས་ཀྱི་མྱང་འདས་སོ། །འཁོར་བའི་རྒྱུན་གྱི་མཚམས་བཅད་པ་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པར་སྤངས་པའོ། །དེས་ན་བྱིས་པ་སོ་སོའི་སྐྱེ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་འགལ་རྐྱེན་དམན་པའི་བསམ་པ་མངོན་གྱུར་དང་མི་ལྡན་ཞིང༌། མཐུན་རྐྱེན་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་དང་ལྡན་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་པའི་དོན་དུ་འགྲེལ་ཆེན་ལས་བཤད་དོ། །འོ་ན་མཐར་ཐུག་ཐེག་པ་གསུམ་གྲུབ་བམ་ཞེ་ན། གཉིས་པ་སྐྱེ་རུང་གི་རྟེན་གྱི་ཁྱབ་པ་སྟོན་པ་ལ། མདོ་ལས། འོན་ཀྱང་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་རྗེས་སུ་ཡི་རང་བར་བྱའོ། །ཞེས་གསུངས། དེའི་དོན་ཁྱབ་པ་དང༌། ཞེས་པ་རྩ་འགྲེལ་ལོ། །དོན་ནི། འགྲེལ་ཆེན་ལས། ཉན་ཐོས་ཆེན་པོ་དེ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་ངོ་ཞེས་སྦྱར་རོ། །སེམས་བསྐྱེད་པའི་མཐུ་མེད་ན་སེམས་བསྐྱེད་པ་ལ་ཇི་ལྟར་ཡི་རང་ཞེ་ན། ཁོ་བོས་གདུལ་བྱའི་ཁྱད་པར་ལ་ལྟོས་ཏེ། སྔར་དགོངས་པ་ཅན་གྱི་ཚིག་སྨྲས་པར་གྱུར་པ་དེ་ལྟ་ནའང༌། ཉན་རང་དག་གི་དགེ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མི་བྱ་སྟེ། གང་གི་ཕྱིར་ཁྱད་པར་དུ་འཕགས་པ་དགེ་བའི་བཤེས་གཉེན་སོགས་ལས། ཆེས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཆོས་རྣམས་ལ་དམིགས་པར་བྱ་ཞིང་དག་པར་བྱའོ། །ཞེས་པའི་དོན་དུ་བཤད། འོ་ན་ཉན་རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་རང་བཞིན་ཅི་ཞེ་ན། མདོ་ལས། ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ་ཞེས་གསུངས་སོ། །དེའི་དོན། རང་བཞིན་དང་ནི། ཞེས་པ་རྩ་འགྲེལ་ལོ། །འོ་ན་བསམས་བཞིན་དུ་སྲིད་པར་སྐྱེ་བ་བླངས་ནས་ཅི་ཞིག་བྱ་ཞེ་ན། མདོ་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཞེས་གསུངས། དེའི་དོན། དེའི་ལས། ཞེས་པ་རྩ་འགྲེལ་ལོ། །དེ་ལྟར་ན་ཁྱབ་པ་དང་ཞེས་པ་མན་ཉན་རང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དབང་དུ་བྱས་པར་མདོ་ལས་གསལ་བས། ཉན་རང་དགྲ་བཅོམ་པ་ལ་འདིའི་ཉོན་མོངས་མེད་པར་ཁས་བླངས་པར་མི་བྱ་བ་ཁོ་ནའོ། །གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། འབྲེལ་དང༌། འབྲེལ་པ་ཅན་དངོས་སོ། །དང་པོ་ལ་མདོའི་འབྲེལ་ནི། གསར་དུ་ལྷགས་པའི་འཁོར་རྣམས་ཀྱི་གཙོ་བོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ། སྔར་རབ་འབྱོར་གྱི་ལེའུར་གསུངས་པའི་ཤེར་ཕྱིན་གང་ཡིན་ཞེས་དྲིས་པའོ། །དེའི་ལན་དུ། ཐེག་པ་གསུམ་གྱི་ཤེས་པར་བྱ་བའི་ལམ་བྱང་སེམས་ཆེན་པོའི་རྒྱུད་ལ་ཡར་ལྡན་དུ། ཐོབ་པ་དེ་དག་དངོས་སུ་བཤད་ནས་ཡུལ་ཅན་ལམ་ཤེས་མཚོན་པའི་ཚུལ་གྱིས་གསུངས་སོ། །དེ་ལྟར་གསུངས་པ་ལ་བརྟེན་ནས། ལྷ་རྣམས་ཀྱི་རྒྱུད་ལ་ཐེག་པ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་སྐྱེས་ཏེ། སྔར་བཤད་པའི་རྣམ་མཁྱེན་དེ་ཉིད་མ་འོངས་པ་ན་འབྱུང་རུང་གི་ཚུལ་གྱིས་མཐོང་བར་འགྱུར་ཞིང༌། སྔར་གནས་པའི་འཁོར་རྣམས་ཀྱིས། སྔར་བཤད་པའི་རྣམ་མཁྱེན་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་ཐེག་པ་གསུམ་གྱི་རྟོགས་རིགས་མཐའ་དག་རྒྱུད་ལ་སྐྱེ་དགོས་པར་ཤེས་ཏེ། རྒྱུ་ལམ་ཤེས་ལ་འཇུག་པར་འགྱུར་བ་ཡིན་ནོ། །བསྟན་བཅོས་ཀྱི་འབྲེལ་ནི། སློབ་མ་བསེ་རུའི་ལམ་གང་དང༌། །ཞེས་སོགས་བསྟན་པ་དེ་གང་ཡིན། སྐབས་གཉིས་པར་ཉན་རང་གི་ལམ་འཆད་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དང་པོ་ནི། བྱང་སེམས་རང་རྒྱུད་ལ་ཡར་ལྡན་དུ་ཐོབ་པའི་ལམ་གྱི་རྟོགས་རིགས་རྣམས་ཡིན་ལ། རང་རྒྱུད་ལ་ཡར་ལྡན་དུ་སྐྱེ་དགོས་པའི་རྒྱུ་མཚན་ཡང༌། མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང༌། ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་སྟོན་པའི་དབང་དུ་བྱས་ནས། དེ་ལྟར་རྟེན་ལ་སོགས་པ་བརྗོད་ནས། ཞེས་སོགས་སོ། །གཉིས་པ་ལ་བསྟན་བཅོས་སུ། ཉན་ཐོས་ཀྱི་ལམ་དང༌། དེས་མཚོན་པའི་ལམ་ཤེས་གཉིས་ཀ་དངོས་སུ་བཤད་པ་དང༌། ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་དང༌། བྱང་སེམས་ཀྱི་ལམ་ཙམ་དངོས་སུ་བཤད་ནས་ཡུལ་ཅན་ལམ་ཤེས་མཚོན་ནུས་པར་བསྟན་པ་དང་གཉིས། དང་པོ་ལ་ཡུལ་ཅན་ལམ་ཤེས་དང༌། ཤེས་བྱ་ལམ་གྱི་རྒྱུ་ངེས་འབྱེད་ཆ་མཐུན་གཉིས། དང་པོ་ལ། བཤད་བྱའི་མདོ་ནི། ཀཽ་ཤི་ཀ་བྱང་སེམས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་གྱིས་གཟུགས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང་ཞི་བར་ཡིད་ལ་བྱའོ། །ཞེས་སོགས་ཉི་ཤུ་རྩ་དྲུག་གསུངས་སོ། །གཟུགས་མི་རྟག་པ་ཞེས་སོགས་ཀྱི་དོན་ནི། འཕགས་པའི་བདེན་པ་ཞེས་སོ། །མི་དམིགས་པར་ཡིད་ལ་བྱའོ་ཞེས་པའི་དོན། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཞེས་པའོ། །ཤེས་པར་བྱ་ཞེས་པ་སྦས་དོན་བསྟན་བཅོས་སུ་གསལ་བར་བཀོད་པའོ། །མདོ་ལས་ཡིད་ལ་བྱའོ། །ཞེས་པས་ཤེས་པར་བྱ་བ་བདེན་བཞིའི་ཤེས་རྣམ་བསྟན་པ་ཡིན་གྱི། ཡུལ་ཅན་ལམ་ཤེས་བསྟན་པ་ནི་མིན་ཏེ། ཡིད་ལ་བྱ་རྒྱུ་དེ་ལམ་མིན་པའི་ཕྱིར། མདོར་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། རྣམ་མཁྱེན་ཡིད་བྱེད་ཀྱིས་ཟིན་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྟོགས་པ་དེ་འདིར་དངོས་སུ་བསྟན་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ཏེ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བར་བྱ་བའི་ཆེད་དུ་ཤེས་པར་བྱ་བའི་ཉན་ཐོས་ཀྱི་རྟོགས་རིགས་ཡིན་པའི་ཕྱིར། དེ་ལ་དམིགས་ཏེ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་ནི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ཏེ། འགྲེལ་ཆེན་ལས། མི་དམིགས་པར་སྒོམ་པ་ལ་སོགས་པའི་རིམ་གྱིས་ཉན་ཐོས་ལ་སོགས་པའི་ལམ་བྱང་ཆུབ་སེམས་དཔས་བསྒོམ་པར་བྱའོ། །ཞེས་གསུངས་ཤིང༌། འདིར་ཡང༌། ཉན་ཐོས་རྣམས་ཀྱི་ལམ་ཡིན་པར་བྱང་ཆུབ་སེམས་དཔས་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མིན་པར་དར་ཊཱིཀ་པ་བཞེད་པ་ལྟར། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་དེ་ཉིད་ལམ་ཤེས་སུ་འདོད་ན། འཁྱོགས་བཤད་ཇི་ཙམ་བྱས་ཀྱང་སྐབས་གསུམ་པར་གཉེན་པོ་གཞི་ཤེས་བསྟན་པ་དང༌། ཁྱད་པར་དབྱེ་མི་ནུས་ཤིང༌། འགྲེལ་ཆེན་དང་ཡང་འགལ་ཏེ། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པ་འཕངས་པ་རྣམས་ཀྱིས་གཞི་མ་ལུས་པ་ཡོངས་སུ་ཤེས་པ་ཡིན་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་བཤད་པ་ཡིན་པར་བཟུང་ངོ༌། །ཞེས་གསུངས་པས་སོ། །གསུམ་པ་རྩ་བའི་དོན་འགྲེལ་པས་ཇི་ལྟར་བཤད་པ་ལ། ཤེས་བྱ་ལམ་གྱི་རྣམ་གཞག་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་གཉིས། དང་པོ་ལ་མདོ་ལས་བཤད་པའི་རྣམ་པ་གང་ཡིན་པ་དང༌། དེ་མངོན་པ་ནས་བཤད་པ་དང་ཇི་ལྟར་སྦྱོར་བ་གཉིས། དང་པོ་ལ་ཤེར་བློ་ཉི་ཤུ་རྩ་དྲུག་ཏུ་བཞེད་པ་དེ་ལྟར་བཤད་ན། སྡུག་བདེན་ལ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། ཀུན་འབྱུང་ལ། ནད་དང༌། འབྲས་དང༌། ཟུག་རྔུ་དང༌། སྡིག་པ་དང༌། སྡུག་ཀུན་ཐུན་མོང་བ་ལ། ཕ་རོལ་དང༌། འཇིག་པའི་ཆོས་ཅན་དང༌། གཡོ་བ་ཉིད་དང༌། རབ་ཏུ་འཇིག་པའི་རྣམ་པ་དང༌། འཇིགས་པ་དང༌། ནད་འགོ་བ་དང༌། འཚེ་བའི་རྣམ་པ་རྣམས་དང༌། འགོག་པ་ལ་བདག་མེད་པ་ཉིད་དང༌། ཞི་བ་དང༌། བདེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པའོ། །ལམ་ལ་ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པ། ཞེས་ཚིག་ལ་མ་གསུངས་ཀྱང་དོན་བཞི་ལས་ལྷག་པ་དང༌། མ་ཚང་བ་མེད་དོ། །མདོ་ལས་ཡང་དག་སྤོང་བ་དང༌། ཕར་ཕྱིན་དྲུག་སོགས་ཀྱིས་བཤད་ལ། དེ་འཕགས་སེང་གཉིས་ཀྱིས་ལམ་སོགས་བཞི་ཁོ་ན་དང་སྦྱར་བའི་ཕྱིར་རོ། །འདི་ཉིད་འཕགས་སེང་གི་དགོངས་པ་ཡིན་ནོ། །ཤཱནྟི་པ་དང༌། ཨ་བྷྱ་ནི། ལམ་བདེན་ལའང་འགོག་བདེན་ལྟར་བདུན་དུ་ཕྱེ་བས་ཉི་ཤུ་རྩ་དགུར་འཆད་ཅིང༌། བོད་ཀྱི་དགེ་བའི་བཤེས་གཉེན་ལ་ལ་ན་རེ། སྡུག་ཀུན་ཐུན་མོང་བའི་རྣམ་པ་བདུན་ཡོད་དེ། སྡུག་ཀུན་གཉིས་ལ་སོ་སོར་སྦྱར་བས་སུམ་ཅུ་སོ་གསུམ་ཞེས་ཀྱང་ཟེར་རོ། །གཉིས་པ་མངོན་པ་ནས་བཤད་པ་དང་ཇི་ལྟར་སྦྱོར་བ་ནི། སྦྱོར་དགོས་པའི་རྒྱུ་མཚན་དང༌། སྦྱར་བ་དངོས་སོ། །དང་པོ་ནི། དེ་གཉིས་སྦྱར་དགོས་ཏེ་མ་སྦྱར་ན་ཁ་ཅིག་འདི་སྙམ་དུ། བྱང་སེམས་འཕགས་པས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་འཛིན་མི་ནུས་ཏེ། མདོ་ལས་ཇི་སྐད་བཤད་པ་དེ་དག་ཉན་ཐོས་ཀྱི་ལམ་མིན་པའི་ཕྱིར་ཏེ། ཆོས་མངོན་པ་ནས་བཤད་པ་དང༌། མིང་དང་གྲངས་ལ་སོགས་པ་མི་མཐུན་པའི་ཕྱིར་སྙམ་དུ་དོགས་པ་དགག་དགོས་པའི་ཕྱིར་རོ། །དེ་སྐད་དུ་འགྲེལ་ཆེན་ལས། དེ་ལྟར་རིམ་པ་འདིས། ཐེག་པ་ཆེན་པོར། རྣམ་པ་ལ་ལ་ནི་རྣམ་གྲངས་ཀྱིས། ལ་ལ་ནི་རང་གི་ངོ་བོ་ཉིད་དུ་བསྟན་པ་ཡིན་པས། ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་སྦྱར་བ་དངོས་ལ། ཐ་སྙད་མཐུན་པ་རྣམས་ནི་ངོ་བོ་ཉིད་ཀྱི་རྣམ་པར་སྦྱར་ཞིང༌། མི་མཐུན་པ་རྣམས་ནི་རྣམ་གྲངས་ཀྱི་རྣམ་པར་སྦྱར་བས་སོ། །ཇི་ལྟར་སྦྱོར་ན། དོར་བྱའི་རྣམ་པ་དང༌། བླངས་བྱའི་རྣམ་པ་གཉིས། དང་པོ་ལ་སོ་སོའི་རྣམ་པ་དང༌། ཐུན་མོང་གི་རྣམ་པ་གཉིས་སོ། །དང་པོ་ལ། མི་རྟག་པ་དང་སྡུག་བསྔལ་གཉིས་ནི། ངོ་བོ་ཉིད་ཀྱི་རྣམ་པ། ཤེར་ཕྱིན་ལས། བདག་མེད་དང་ཞི་བ་གཉིས་གསུངས་པ་ནི། མངོན་པ་ནས། སྟོང་པ་བདག་མེད་གཉིས་གསུངས་པ་དང་རྣམ་གྲངས་ཀྱི་རྣམ་པའོ། །དེ་ལྟ་ནའང༌། འགྲེལ་པ་འདིའི་འགྱུར་ལ་ཅུང་ཟད་འཁྲུལ་གཞི་ཡོད་པས། མདོ་དང་ཉི་སྣང་འགྲེལ་ཆེན་གསུམ་གྱི་ལུགས་ལྟར་བཀོད་དོ། །ཤེར་ཕྱིན་ལས། ཀུན་འབྱུང་ལ། ནད་འབྲས་ཟུག་རྔུ་སྡིག་པའི་རྣམ་པ་རྣམས་གསུངས། མངོན་པ་ནས། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་གྲངས་ཀྱི་རྣམ་པའོ། །གཉིས་པ་ཐུན་མོང་བའི་རྣམ་པ་ལ། སྔ་མ་བརྒྱད་རེ་རེ་ཞིང་ཆོས་མངོན་པ་དང་སྦྱར་ཡོད་ན། ཕ་རོལ་གྱི་རྣམ་པ་སོགས་བདུན་གསུངས་པ་གང་དང་སྦྱོར་ཞེ་ན། སྡུག་ཀུན་རེ་རེ་ལའང་ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ། འགོག་པ་གསུམ་གསུམ་ཡོད་པ་དང་སྦྱར་རོ། །དེ་ཡོད་པར་མི་ཤེས་ཏེ། མངོན་པ་ནས་མ་བཤད་དོ་ཅེ་ན། མ་གྲུབ་སྟེ། རྣམ་གྲངས་བསྡུ་བ་ལས་བཤད་པའི་ཕྱིར་ཞེས་སྟོན་པ་ནི། དེ་ལ་སྡུག་བསྔལ་གྱི་བདེན་པའི་གོ་རིམ་བཞིན་དུ། ཞེས་སོགས་དང༌། ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། ཞེས་སོགས་སོ། །འདི་ལ་ཤེར་བློ་ལྟར་ན། སྔ་མ་བརྒྱད་པོ་རེ་རེའི་མཐར་ཡིད་འབྱུང་སོགས་གསུམ་གསུམ་ཞེས་གསུང༌། མཁན་ཆེན་རིན་པོ་ཆེ། བདག་མེད་དང་ཞི་བ་ལ་མི་འཐད་ཅེས་གསུངས་སོ། །ཤཱནྟི་པ་དང༌། ཨ་བྷྱ། ཀུན་འབྱུང་དེ་སྤངས་དགོས་པར་ཤེས་པའི་ཕྱིར། ནད་སོགས་བཞི་བསྟན། སྤངས་ནུས་པར་ཤེས་པའི་དོན་དུ་ཕ་རོལ་སོགས་བཞི་བསྟན། མྱུར་དུ་སྤངས་དགོས་པར་ཤེས་པའི་དོན་དུ་འཇིགས་པ་སོགས་གསུམ་བསྟན་པར་བཞེད། འདི་འཕགས་པའི་དགོངས་པའང་ཡིན་ནམ་སྙམ་སྟེ་བརྟག་དགོས་སོ། །གཉིས་པ་བླང་བྱའི་རྣམ་པ་ལ། ཤེར་ཕྱིན་ལས། འགོག་བདེན་གྱི་རྣམ་པ། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་རྣམས་མངོན་པ་ནས་བཤད་པའི་འགོག་པ། ཞི་བ་གྱ་ནོམ། ངེས་འབྱུང་བཞི་ལ། ཞི་བ་ངོ་བོ་ཉིད་ཀྱི་རྣམ་པ་དང༌། གཞན་རྣམ་གྲངས་ཀྱི་རྣམ་པར་སྦྱར་ཞིང༌། དེ་ཡང༌། སྟོང་པ་སོགས་དང་པོ་གསུམ་ནི། ཇི་ལྟར་ངེས་འབྱུང་དང༌། ཐ་མ་ནི་གང་ངེས་འབྱུང་དུ་སྦྱར་རོ། །ཞེས་སྟོན་པ་ནི། འགོག་པའི་བདེན་པའི་འགོག་པའི་རང་གི་ངོ་བོ་ཞེས་སོགས་སོ། །འདི་ནི་འཕགས་པའི་དགོངས་པ་ཡིན་ནོ། །ཡང་ཤེར་བློ་ནི། བདག་མེད་སོགས་གསུམ་པོ་རེ་རེའི་མཐར། སྟོང་པ་སོགས་བཞི་སྦྱར་གསུངས་ཏེ། སློབ་དཔོན་གྱི་འགྲེལ་པ་དང་མི་མཐུན་པར་མི་སྣང་ངོ༌། །གཉིས་པ་ཇི་ལྟར་ཤེས་པའི་ཚུལ་ནི། ཇི་སྐད་བཤད་པའི་ལམ་བདེན་པའི་རང་བཞིན་མེད་པར་ཤེས་པ་ནི་ཡུལ་ཅན་ལམ་ཤེས་སོ། །ཞེས་སྟོན་པ་ནི། ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཞེས་སོགས་སོ། །འགྲེལ་ཆེན་ལས་ཀྱང༌། དེ་བས་ན་ལམ་ཤེས་པའི་སྐབས་སུ་བྱང་ཆུབ་སེམས་དཔས་འཕགས་པའི་བདེན་པ་དང་འབྲེལ་བ་འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པར་བསྒོམ་པས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་འདི་ཡིན་ནོ། །དར་ཊཱིཀ་པ། བྱང་སེམས་འཕགས་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཁོ་ན་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སུ་འདོད་པ་ནི་ཁས་བླངས་ནའང་འགལ་བའམ། སྐབས་དོན་བོར་བའི་བཤད་པ་ཡིན་ཏེ། ཅི་སྟེ་མི་རྟག་སོགས་བཅུ་དྲུག་དངོས་སུ་རྟོགས་པའི་བྱང་སེམས་ཀྱི་མཁྱེན་པ་དེ་ཉིད་ཀྱིས། ཤེར་ཕྱིན་ནས་གསུངས་པའི་རྣམ་པ་ཉི་ཤུ་རྩ་དྲུག་པོ་དེ་མངོན་སུམ་དུ་རྟོགས་སམ་མ་རྟོགས། དང་པོ་ལྟར་ན། གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་སམ། གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་ཅེས་བརྗོད་ན་ཁས་བླངས་པའི་གྲུབ་པའི་མཐའ་ཐམས་ཅད་ཉམས་པར་འགྱུར་རོ། །གཉིས་པ་ལྟར་ན། སྐབས་དོན་བོར་བར་སོང་སྟེ། ཤེར་ཕྱིན་དགོངས་འགྲེལ་དང་བཅས་པ་ནས་བཤད་པའི་ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་དང༌། མངོན་པ་ནས་བཤད་པ་གཉིས་དོན་མི་གཅིག་བཞིན་དུ། མངོན་པ་ནས་བཤད་པ་དེ་འདིར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ། སྔ་ཕྱིའི་འབྲེལ་བཙལ་བ་དང༌། འབྲེལ་པ་ཅན་དངོས་སོ། །དང་པོ་ལ། ཉན་རང་གི་རྟོགས་རིགས་ཡར་ལྡན་དུ་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ནི་མི་སྲིད་པར་སྐབས་གསུམ་པ་ཉིད་དུ་འཆད་པར་འགྱུར་ལ། དེའི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་ནི། བཤད་མ་ཐག་པའི་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཡིན་ན་དེའི་རྒྱུ་ངེས་འབྱེད་ཆ་མཐུན་དེ་སྟོན་དགོས་སོ་ཞེ་ན། བཤད་པ་ཞེས་སྟོན་པ་ནི་བདེན་པ་བཞི་ཡོངས་སུ་ཤེས་པ་ནི་སོགས་སོ། །གཉིས་པ་ལ་བཤད་བྱའི་མདོ་ནི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། ཇི་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་གནས་པར་བྱ་བ་དང༌། མི་བྱ་བ་བདག་གིས་བཤད་དོ། །ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ༌། །ཞེས་པ་ནས། ས་བཅུ་མ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པའི་བར་རོ། །དེའི་དོན་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་སོགས་རྩ་འགྲེལ་ལོ། །དོན་ནི། སྤྱིར་ཐེག་ཆེན་སྦྱོར་ལམ་གྱི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པ་ལས་འདིར་ནི་ཉན་ཐོས་ཀྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱི་རྒྱུ་བྱེད་པའི་ཆ་ནས་བཤད་ཅིང༌། འོག་ཏུ་རང་རྒྱལ་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱི་རྒྱུ་བྱེད་པའི་ཆ་ནས་བཤད་པ་ཡིན་ནོ། །གཉིས་པ་རང་རྒྱལ་གྱི་ལམ་གྱིས་ལམ་ཤེས་མཚོན་ནས་བསྟན་པ་ལ། ལམ་གྱི་ཁྱད་པར་བྱེད་ཆོས་དང༌། ཁྱད་གཞི་ལམ་གྱི་ངོ་བོ་གཉིས། དང་པོ་ལ་འབྲེལ་ནི། ཤེས་པར་བྱ་བའི་ཉན་རང་གི་ལམ་གཉིས་ཀྱི་བར་དུ་རང་རྒྱལ་གྱི་ལམ་གྱི་ཁྱད་པར་བྱེད་ཆོས་འཆད་རིགས་ཏེ། དེ་མ་བཤད་ན་ལམ་གཉིས་ལ་ཁྱད་པར་མེད་པས་སོ་སོར་འཆད་མི་རིགས་སོ། །སྙམ་པའི་ལོག་རྟོག་སྐྱེ་སྲིད་པའི་ཕྱིར། ཞེས་སྟོན་པ་ནི། ཉན་ཐོས་ཀྱི་ལམ་གྱི་འཇུག་ཐོགས་སུ་ཞེས་སོགས་སོ། །དངོས་ལ། བཤད་བྱའི་མདོ་ནི། དེ་ནས་འཁོར་དེ་རྣམས་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱིས་གནོད་སྦྱིན་རྣམས་ཀྱི་སྐད་དང༌། ཚིག་དང༌། སྨྲས་པ་དང༌། རབ་ཏུ་སྐད་པ་གང་ཡིན་པ་དེ་དག་ནི་སྨྲས་པར་གྱུར་ན་ཤེས་པར་རུང་གི གང་འཕགས་པ་རབ་འབྱོར་ཡུམ་འཆད་པ་དང༌། རབ་ཏུ་བརྗོད་པ་དང༌། སྟོན་པ་དང༌། ཉེ་བར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ༌། །རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་དེ། གང་མ་བརྗོད་པ་དེ་ཐོས་པར་མི་རུང་ངོ༌། །གང་མ་ཐོས་པ་དེ་ཤེས་པར་མི་རུང་ངོ༌། །ཞེས་གསུང༌། དེའི་དོན་བསྟན་བཅོས་སུ་བསྡུས་པ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཀྱང་མི་དགོས་ལ། །ཞེས་གསུངས། ལམ་བགྲོད་ཚུལ་གྱི་ཁྱད་པར་ཡང་གི་སྒྲས་ཆོས་སྟོན་ཚུལ་གྱི་ཁྱད་པར་དེ་བསྟན། དེ་ནས་ལྷའི་བུ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཡུམ་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པར་སྟོན་པར་བྱེད། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བར་སྟོན་པར་བྱེད། ཅེས་པའི་དོན། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་གསུངས་ཏེ། སྔ་མའི་དོན་བསྡུས་པའོ། །མདོར་ན་རབ་འབྱོར་གྱིས་ཡི་གེ་གཅིག་ཀྱང་མ་བརྗོད་པ་ནི། ཆོས་སྟོན་ཚུལ་གྱི་ཁྱད་པར་ཡིན་ལ། མ་བརྗོད་ཀྱང༌། ལྷའི་བུ་རྣམས་ལ་རྟོགས་པ་སྐྱེས་པ་ནི་ལམ་བགྲོད་ཚུལ་གྱི་ཁྱད་པར་ཤུགས་ལ་སྟོན་པ་སྟེ། རབ་འབྱོར་རང་གིས་ཀྱང་གཞན་གྱི་བརྗོད་པ་ལ་མ་ལྟོས་པར་ཡུམ་དོན་ཁོང་དུ་ཆུད་པར་དོན་གྱིས་འཕངས་པའི་ཕྱིར། དེའི་ཕྱིར་མདོ་ལས། ཆོས་སྟོན་ཚུལ་གྱི་ཁྱད་པར་དངོས་སུ་བསྟན་པས། གཅིག་ཤོས་དོན་གྱིས་བསྟན། བསྟན་བཅོས་སུ་ལམ་བགྲོད་ཚུལ་གྱི་ཁྱད་པར་དངོས་སུ་བསྟན། གཅིག་ཤོས་དོན་གྱིས་བསྟན་དེ་ཡང་ཞེས་པ་མདོ་ལ་བསྙེག་པའི་ཚིག་གོ །འདིར་ཁྱད་ཆོས་གཉིས་སུ་བཞེད་པ་ནི་སློབ་དཔོན་གྱི་ལུགས་ཡིན་ལ། འཕགས་པ་ནི། འདིར་མདོ་དང་བསྟན་བཅོས་གཉིས་ཀ་ལས། ཆོས་སྟོན་ཚུལ་གྱི་ཁྱད་པར་ཁོ་ན་བསྟན་ཅིང༌། མདོ་གཞན་ལས་ལམ་བགྲོད་ཚུལ་གྱི་ཁྱད་པར་ཡང་གསུངས་པར་འཆད། གཉིས་པ་རྩོད་པ་སྤང་བ་ལ། སྔ་ཕྱིའི་འབྲེལ་བཙལ་བ་ནི། མདོ་ལས། རབ་འབྱོར་ཡུམ་འཆད་པ་དང༌། ཡི་གེ་གཅིག་ཀྱང་མ་བརྗོད་པར་བཤད་པ་འགལ་ལོ། །ཞེས་སྟོན་པ་ནི། ཡང་ཇི་ལྟར་སྒྲ་མེད་པར་ཆོས་སྟོན་སྙམ་པའི། ཞེས་སོགས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། ཡང་ཞེས་པའི་ནུས་པ་ལ་རྩོད་པའོ། །སློབ་དཔོན་ལྟར་ན། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་པས། ཆོས་སྟོན་ཚུལ་གྱི་ཁྱད་པར་སྟོན་པ་ལ་རྩོད་པ་ཡིན་ནོ། །འབྲེལ་པ་ཅན་དངོས་ལ། འདི་ལ་ཡུམ་གསུམ་ཆར་ན། བཤད་བྱའི་མདོ་ལོགས་པ་མི་སྣང་ལ། སློབ་དཔོན་ཆོས་ཤེས་ནི། མདོའི་ཡི་གེ་གཉིས་ཞེས་འཆད། འོན་ཀྱང་མདོ་སྔ་མ་ཉིད་འདིའི་ཡང་བཤད་བྱའི་མདོ་ཡིན་ནོ། །བསྟན་བཅོས་སུ་ཇི་ལྟར་བསྡུས་པ་ནི། སྒྲ་བཅས་ཀྱི་ཆོས་སྟོན་པ་མེད་ཀྱང༌། གདུལ་བྱའི་རྒྱུད་ལ་རྟོགས་པ་སྐྱེད་ནུས་པ་མི་འགལ་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་དེ་ལྟར་ནུས་པའི་ཕྱིར། དཔེར་ན་སངས་རྒྱས་བཞིན། ཞེས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་འདི་སངས་རྒྱས་སུ་གྱུར་ནས། ཞེས་སོགས་རྩ་འགྲེལ་གྱིས་སྟོན་ནོ། །དཔེ་སྒྲུབ་པ་ནི། རྣམ་པར་མ་བརྟགས་ཞེས་སོགས་སོ། །གཉིས་པ་ཤེས་བྱའི་ལམ་དངོས་ལ། མདོའི་འབྲེལ་ནི་གོང་དུ། རབ་འབྱོར་ནི་ཟབ་པ་བས་ཟབ་པ་ལ་འཇུག་ཅེས་པ་ལ་འཕྲོས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། ཁྱད་ཆོས་དེ་དག་དང་ལྡན་པའི་བསེ་རུ་ལྟ་བུའི་ལམ་དངོས་ཏེ་གང་ཞེ་ན། དེ་ལྟར་ཁྱད་ཞུགས་པ་བརྗོད་ནས་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ་བཤད་བྱའི་མདོ་ནི་རབ་འབྱོར་གྱིས་སྨྲས་པ། གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་པའི་ཕྱིར་རོ། །ཞེས་པ་ནས་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་པས་ནི་རང་རྒྱལ་རྣམས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱད་ཞུགས་པ་བསྟན། ཡང་མདོ་ལས་དེ་ན་གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་ཞིག་བཙལ་བར་བྱ་སྙམ་པ་དང༌། ཞེས་པ་སྟེ། འཛིན་རྟོག་མ་སྤངས་པར་གཟུང་རྟོག་སྤོང་བ་ཇི་ལྟར་འཐད་སྙམ་པའོ། །ལྷའི་བུ་བདག་ལ་ཆོས་མཉན་པ་ནི། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུར་བཙལ་བར་བྱའོ། །ཞེས་སོགས་ཏེ། ཡུལ་སྒྱུ་མའི་རྟ་གླང་སོགས་ལ་བདེན་འཛིན་སྒྲོ་འདོགས་ཆོད་ཀྱང༌། ཡུལ་ཅན་ཤེས་པ་ལ་བདེན་འཛིན་གྱི་སྒྲོ་འདོགས་མ་ཆོད་པ་དཔེར་བྱས་པའོ། །ཞེས་ཀུན་མཁྱེན་ཆོས་རྗེ་གསུང་ངོ༌། །ཡང་མདོ་ལས། ཡུམ་འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར། ཞེས་དྲིས་པའི་ལན་དུ། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ། བསམ་པ་ཡོངས་སུ་རྫོགས་པ་དག་གམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དག་གམ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ལེན་པར་འགྱུར་ཏེ། ཞེས་པས་ལམ་པ་གང་ཟག་གི་རྟེན་དང༌། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ནའང་ཡོད་པར་མ་མཐོང་སྟེ། འདི་དག་ནི་སྤྲུལ་པའོ། །ཞེས་པས་ཆོས་ཉིད་རིགས་ཀྱི་རྟེན་དེ་བསྟན། དོན་ནི། བྱང་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་ཐོབ་པའི་རང་རྒྱལ་གྱི་རྟོགས་རིགས་དེའི་རྟེན་གྱི་གང་ཟག་ནི། ཚོགས་ལམ་པ། སྦྱོར་ལམ་པ། མཐོང་ལམ་པ་གསུམ་ཡིན་ནོ། །ཞེས་པའི་དོན་ནོ། །འོ་ན་སྒོམ་ལམ་པ་ཅིའི་ཕྱིར་མ་བསྟན་ཞེ་ན། རང་རྒྱལ་གྱི་རྟོགས་རིགས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་སྒོམ་ལམ་མེད་པའི་ཕྱིར་རོ། །ཡང་སྤྲུལ་པའི་མེ་ཏོག་ལ་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཡུལ་དུས་སོ་སོར་ངེས་པ་བཞིན་དུ། དངོས་པོར་གྱུར་པའི་རྟེན་མེད་ཀྱང་ཀུན་རྫོབ་ཏུ་ཡུལ་དུས་སོ་སོར་ངེས་པ་བཞིན་དུ། དངོས་པོར་གྱུར་པའི་རྟེན་མེད་ཀྱང་ཀུན་རྫོབ་ཏུ་རྟོགས་པའི་རྟེན་སོ་སོར་ངེས་ཞེས་པའི་དོན་ནོ། །དེ་དག་གི་དོན་བསྟན་བཅོས་སུ་བསྡུས་པ་ནི། གཡག་ཊཱིཀ་ལྟར་ན། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་སྦྱར་བར་བཤད་དེ། འགྲེལ་ཆེན་དང་མཐུན་ནོ། །དེ་ལྟར་བྱས་ན་ཤེས་བྱའི་ལམ་གྱི་རྣམ་གཞག་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་བཤད་པ་དང༌། ལམ་དེ་མི་དམིགས་པར་བསྒོམ་པའི་ལམ་ཤེས་གཉིས་བཤད་དོ། །དེ་སྐད་དུ་ཡང་འགྲེལ་ཆེན་ལས། ཇི་སྐད་བཤད་པའི་ཉན་ཐོས་ཀྱི་བདེན་པ་བཞིའི་རྣམ་པ་མི་དམིགས་པར་སྒོམ་པས། དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ། སྔ་ཕྱིའི་འབྲེལ་ནི། བཤད་མ་ཐག་པའི་རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡོད་དམ་མེད། ཡོད་ན་བཤད་དགོས་སོ་ཞེ་ན། དེ་ཡོད་པར་སྟོན་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་ན་ཇི་སྐད་བཤད་པའི་ལམ་སྐྱེ་བས། ཞེས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། ཀྱེ་མ་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་མོ་དང་ལྡན་ནོ། །ཞེས་སོགས་སོ། །དེ་དག་གི་དོན་བསྡུས་པ་ནི།                  རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*