ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པ། མིང་གཞན་རྟོག་གེའི་འཁྲུལ་འཇོམས་ཆེན་མོ། ག ༽

བྱས་པའང་སྒྲ་རྟག་པར་སྒྲུབ་པའི་ཚེ་མ་ངེས་པར་འགྱུར་བ་སྲིད་པའི་ཕྱིར་རོ། །གསུམ་པ་གཏན་ཚིགས་གསུམ་ལས་གང་ཡིན་དཔྱད་པ་ལ། ཕལ་ཆེར་ནི། རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། ཕལ་ཆེར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པ་གང་ཞིག ཡོད་པ་ཐམས་ཅད་རང་གྲུབ་ཙམ་ནས། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཀྱིས་བརྗོད་དུ་རུང་བ་ཡིན་པའི་ཕྱིར། དོན་དེ་ལ་དགོངས་ནས། འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཞེས་གསུངས་སོ། །དགག་པའི་གཏན་ཚིགས་ཀྱང་མི་སྲིད་པ་ནི་མ་ཡིན་ནོ། །འདི་ཇི་ལྟར་སྲིད་པའི་ཚུལ་ལ་གཞན་གྱི་འདོད་པ་དགག་པ་དང༌། རང་གི་འདོད་པ་བཞག་པའོ། །དང་པོ་ནི། དིང་སང་རྟོག་གེ་བར་རློམ་པ་དག་ན་རེ། རི་བོང་ཅན་ཆོས་ཅན། དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་པ་གྲགས་པའི་རྟགས་ཡང་དག་དང་དགག་པའི་གཏན་ཚིགས་སོ་ཞེས་ཟེར་རོ། །དེ་ཡང་རིགས་པ་མིན་ཏེ། སྔར་བཤད་པ་ལྟར། རི་བོང་ཅན་དངོས་པོའི་དབང་གིས་ཟླ་སྒྲས་བརྗོད་རུང་མ་ཡིན་པ་དེ། གྲགས་པའི་སྒྲུབ་བྱེད་ཡིན་གྱི་བསྒྲུབ་བྱ་གྲགས་པ་ཉིད་མིན་པའི་ཕྱིར་དང༌། དེ་ལྟར་སྒྲུབ་པ་དེ་ཡང༌། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཏུ་གཞུང་ཉིད་ལས་ཆེས་གསལ་བ་ཡིན་ཏེ། གཉིས་ཀྱི་ནང་ནས་གྲགས་པའི་རྗེས་དཔག་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་པ་དང༌། དངོས་པོའི་དབང་གིས་སྒྲས་བརྗོད་རུང་མ་ཡིན་པ་དང༌། བརྡའི་དབང་གིས་བརྗོད་རུང་ཡིན་པ་རྣམས། གྲགས་པའི་རྩ་རྟགས་ཀྱི་ཁྱབ་པ་སྒྲུབ་བྱེད་དུ་གསུངས་ཤིང༌། དེ་ཡང་བརྗོད་འདོད་ཙམ་གྱིས་འཇུག་པའི་ཕྱིར། ཞེས་དངོས་སྟོབས་ཀྱི་གཏན་ཚིགས་ཀྱིས་གྲུབ་པར་གསུངས་པའི་ཕྱིར་ཏེ། དེ་ལ་བརྟེན་ནས་རུང་བ་ཅན། །འདོད་པས་འཇུག་ཕྱིར་དགག་མེད་པ། །བྱས་དང་མ་བྱས་པ་རྣམས་སུ། །སྣ་ཚོགས་རང་བཞིན་ཉིད་ཀྱིས་རུང༌། །ཞེས་ཁྱབ་བསྒྲུབ་ཏུ་གསུངས་ཤིང༌། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ནའང་མེད་མ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། ཡང་རི་བོང་ཅན་དངོས་པོའི་དབང་གིས་བརྗོད་རུང་མིན་པ་དེ། གྲགས་རྟགས་ཡང་དག་གི་བསྒྲུབ་བྱ་དང་གྲགས་པའི་རྗེས་དཔག་གི་གཞལ་བྱར་འཐད་པ་མ་ཡིན་ཏེ། གྲགས་པའི་རྗེས་དཔག་ནི། དོན་གང་ཞིག སྒྲ་དེས། བརྗོད་དུ་རུང་བ་ཁོ་ནའི་ཡུལ་ཅན་ཡིན་པ་ལས། འདིའི་ཡུལ་ཅན་ནི། བརྗོད་དུ་མི་རུང་བ་ཞིག་ཏུ་སྣང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གྲགས་པ་ཞེས་བྱའི་རྗེས་སུ་དཔག །རུང་བ་ཡུལ་ཅན། ཞེས་གསུངས་པའི་ཕྱིར་རོ། །དེར་མ་ཟད་ཀྱི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་བོང་ཅན་ལ་དངོས་པོའི་དབང་གིས་འཇུག་པ་མིན་ཏེ། རང་གིས་བསལ་བྱ་རི་བོང་ཅན་མིན་པ་རྣམས་པར་བསལ་བའི་ཚུལ་གྱིས་འཇུག་པའི་ཕྱིར། ཞེས་པའི་གཏན་ཚིགས་འདི་ཇི་ལྟར་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་མ་ཡིན་པ་ཁྱེད་ཀྱིས་སྟོན་དགོས་ཤིང༌། འདི་གྲགས་པའི་རྟགས་སུ་འདོད་ན། སྒྲ་དང་རྟོག་པ་སེལ་འཇུག་ཏུ་སྒྲུབ་པའི་སྐབས་ཀྱི་རིགས་པ་ཐམས་ཅད་གྲགས་པའི་རྟགས་སུ་ཁས་ལེན་པར་བྱེད་ན་ཉེས་པ་ཅི་ཞིག་ཡོད་སྨྲོས་ཤིག ཅི་སྟེ། ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །ཞེས་རི་བོང་ཅན་དངོས་པོའི་དབང་གིས་དེར་སྒྲུབ་པ་ལ་གྲགས་པའི་རྗེས་དཔག་མེད་པར་གསུངས་པས། དེའི་ལོག་ཕྱོགས་གྲགས་པའི་རྟགས་ཡང་དག་གི་བསྒྲུབ་བྱར་འགྲུབ་པ་ཡིན་ནོ་སྙམ་ན། འོ་ན། དེ་མ་ཡིན་དེ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱར་ཐལ། གཞུང་དེས་དེ་ལྟར་སྒྲུབ་པ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་མེད་པར་བསྟན་པ་ཡིན་པའི་ཕྱིར་གསུམ་ཆར་ཁས་བླངས། གཞུང་དེའི་དོན་ཇི་ལྟར་ཡིན་པ་ནི་གོང་དུ་བཤད་ཟིན་ནོ། །མདོར་ན། རྗོད་བྱེད་ཀྱི་སྒྲ། བརྗོད་འདོད་ཀྱི་དབང་གིས་འཇུག་པར་འདོད་པའི་ཕྱོགས་ལ་གྲགས་པ་དང༌། དེའི་བསལ་བྱ་སེལ་ཚུལ་སོགས་འཐད་ལ། སྒྲ་དངོས་དབང་གིས་འཇུག་པར་འདོད་པའི་ཕྱོགས་ལ་དེ་དག་མི་འཐད་དོ་ཞེས་གྲགས་བསལ་འཆད་པའི་གཞུང་ཆ་ཤས་དང་བཅས་པ་རྣམས་སུ་སྟོན་པ་ཡིན་ནོ། །དེ་ལྟར་ན། རི་བོང་ཅན་དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མིན་པའང་གྲགས་པའི་སྒྲུབ་བྱེད་ཡིན་གྱི་གྲགས་པ་དངོས་མིན་ཞིང༌། གྲགས་པའི་སྒྲུབ་བྱེད་དེ་ཡང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་འགྲུབ་པ་ཡིན་གྱི། དེ་ཡང༌། གྲགས་པས་སྒྲུབ་དགོས་ན་ཐུག་པ་མེད་ཅིང༌། སྒྲ་རྟོག་ཡུལ་ལ་སྒྲུབ་འཇུག་ཡིན་པ་འགོག་པ་ལ་གྲགས་པའི་གཏན་ཚིགས་གསུངས་པ་ཆོས་ཀྱི་གྲགས་པའི་གཞུང་འགྲེལ་པ་དང་བཅས་པ་ན་མེད་དོ། །གཉིས་པ་རང་གི་འདོད་པ་བརྗོད་པ་ནི། གྲགས་པའི་དགག་རྟགས་ཡང་དག་ཡོད་པ་ནི་འདི་ལྟ་སྟེ། བུམ་པའམ། རི་བོང་ཅན་ཆོས་ཅན། བདག་མེད་པའི་ཐ་སྙད་བྱར་རུང་བའམ། སྒྲས་བརྗོད་པར་རིགས་ཏེ། རྟོག་པའི་ཡུལ་ན་ཡོད་པའི་ཕྱིར་ཞེས་པ་སྟེ། འདི་གྲགས་པའི་རྟགས་ཡིན་པར་ནི་སྔར་ཇི་སྐད་བཤད་པའི་རིགས་པས་གྲུབ་ལ། འདིར་དགག་པའི་གཏན་ཚིགས་མ་ཡིན་ན། གཞི་འགའ་ཞིག་བུམ་པ་མེད་པའི་ཐ་སྙད་བྱར་རུང་དུ་སྒྲུབ་པའང་དེ་མིན་པར་འདོད་དགོས་ལ། དེ་ལྟར་ན་སྣང་བ་མ་མཐོང་ན་མེད་ཅེས་བྱ་བའི་ཐ་སྙད་འདི་གྲུབ་པས་ཞེས་གསུངས་པ་དང་ཇི་ལྟར་མི་འགལ། བདག་མེད་པ་དང༌། ཤིང་མིན་པའི་ཐ་སྙད་བྱར་རུང་སོགས་དགག་པར་མི་འདོད་པའང༌། དགག་པའི་དོན་གོ་མི་ཤེས་པར་ཟད་དོ། །སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་ཐ་སྙད་སྦྱར་ཟིན་གྱི། ཐ་སྙད་འབའ་ཞིག་སྒྲུབ་ལ་ཡང༌། མཚན་ཉིད་དང༌། མཚན་གཞི་ངོས་བཟུང་བའོ། །དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གང་ཞིག་ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་བསྒྲུབ་བྱའི་གཟུང་བྱ་དེ་དོན་ཡིན་པར་ཚད་མས་དམིགས་པའོ། །གཉིས་པ་ནི། ལྟོ་ལྡིར་བ་ཆོས་ཅན། དངོས་པོ་ཡིན་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་གཏན་ཚིགས་རྣམས་ཐམས་ཅད་ཡིན་ནོ། །དེ་ལྟར་བཤད་ན། བོད་སྔ་རབས་ཀྱི་མཁས་པ་རྣམས་མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པའི་རྟགས་ཐམས་ཅད་ལ། ཐ་སྙད་བྱར་རུང་སྦྱར་དགོས་པར་བཞེད་མོད། དང་པོ་བརྡའ་འདོགས་པ་དང༌། ཕྱིས་ཐ་སྙད་བྱེད་པའི་སྐབས་སོ་སོར་ཕྱེ་ནས་ཤེས་པར་བྱ་དགོས་སོ་ཞེས་ཁོ་བོ་སྨྲའོ། །དེ་ལྟ་མོད་ཀྱི་འདིས་དོན་ནི་ཅུང་ཟད་ཀྱང་མི་སྒྲུབ་ལ། དེ་ལ་དེའི་ཐ་སྙད་ནི་གྲགས་པ་ཁོ་ནས་འགྲུབ་ཀྱི་ཐ་སྙད་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་མེད་པའི་ཕྱིར། གྲགས་པའི་གཏན་ཚིགས་ལས་མ་འདས་སོ། །གལ་ཏེ་དེ་ཡོད་ན་ནི། ཇི་སྐད་དུ། ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན་དང་འགལ་ལོ་སྙམ་དུའང་སེམས་སོ། །དེ་བས་ན་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་གྲགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་བོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་གཏན་ཚིགས་བཤད་པ་ལ། ཅུང་ཟད་ལྐོག་གྱུར་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་བཤད་པ་དང༌། ཤིན་ཏུ་ལྐོག་གྱུར་སྒྲུབ་བྱེད་ཀྱི་ཡིད་ཆེས་པའི་གཏན་ཚིགས་ཡང་དག་བཤད་པའོ། །དང་པོ་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་ཡིན་ན། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་ཅིང་ཤིན་ཏུ་ལྐོག་གྱུར་མིན་དགོས་པའོ། །ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པ་ཙམ་གྱིས་ནི་མི་ཆོག་སྟེ། དེ་ནི་གྲགས་པའི་རྟགས་ཡང་དག་དང༌། ཡིད་ཆེས་པའི་རྟགས་ཡང་དག་གཉིས་ལའང་དགོས་པའི་ཕྱིར་ཏེ། འདི་ནི་ཁས་ལེན་ཐབས་ཡིན་ཏེ། །ཞེས་དང༌། དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་འཆོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན། ཞེས་ཡིད་ཆེས་པའི་རྟགས་ཡང་དག་ཏུ་འགྱུར་བ་ལ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ལུང་དོན་ལ་དཔྱད་པ་རྣམ་པ་དག་པ་དགོས་པར་གསུངས་ཤིང༌། མངོན་གྱུར་རམ་ཅུང་ཟད་ལྐོག་གྱུར་སྟོན་པའི་ལུང་གི་ཆ་ཤས་གཅིག་གི་སྟེང་དུ་ཁྱབ་པ་གཏན་ལ་ཕེབས་དགོས་པའི་ཕྱིར། གཉིས་པ་དབྱེ་བ་ལ། སྒྲུབ་རྟགས་ཡང་དག་དང༌། དགག་རྟགས་ཡང་དག་གཉིས་སོ། །དང་པོ་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་ཞེས་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དེ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པའོ། །དེ་ལ་དབྱེ་ན་འབྲས་བུའི་གཏན་ཚིགས་དང༌། རང་བཞིན་གྱི་རྟགས་ཡང་དག་གཉིས། དང་པོ་ལ་མཚན་ཉིད་ནི། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་གྲུབ་པའོ། །འདི་ན་ཁ་ཅིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན་ཁྱོད་ཀྱི་རྒྱུ་ཡིན་དགོས་པ་ཞེས་འདོད་པ་ནི་ཚིག་དོན་གཉིས་ཀ་ལ་ཡང་མ་ཞུགས་ཏེ། འདི་ལྟར་རེ་ཤིག་ཚིག་ལ་མ་ཞུགས་པ་ནི། མེ་ཡོད་པ་ཆོས་ཅན། དུ་བའི་རྒྱུར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་པའི་ཕྱིར། དེ་མ་གྲུབ་ན། ལ་ལ་མེ་ཡོད་པ་དེ་ཇི་ལྟར་བསྒྲུབ་བྱར་འཐད། གཞན་ཡང་མེ་བསྒྲུབ་བྱའི་ཆོས་ཡིན་ཞེས་པ་ཚིག་གི་ཟོལ་ཙམ་ཡིན་པ། དོན་མེ་ཡོད་པ་དང་ཡིན་པ་གཉིས་ལས་མ་འདས་པས། མེ་ཡིན་པ་ཆོས་སུ་འདོད་དགོས་པས། དུ་ལྡན་གྱི་ལ་མེ་ཡིན་པ་དེ་བསྒྲུབ་བྱར་ཐལ་བ་བཟློག་མི་ནུས་སོ། །དེར་མ་ཟད་མེ་མིན་དགག་བྱའི་ཆོས་སུ་འདོད་དགོས་ལ། དེ་ཡང་དེ་ལྟར་ན་དུ་ལྡན་ལ་མེ་མིན་པ་དེ། དེ་སྒྲུབ་ཀྱི་དགག་བྱར་ཐལ་བ་ཇི་ལྟར་བཟློག དོན་ལ་མ་ཞུགས་པའི་སྐྱོན་ལ། དངོས་དང༌། དེ་ལས་འཕྲོས་ནས་ཉེ་བར་མཁོ་བའི་དོན་བཟང་པོ་གཞན་གཞན་བཤད་པའོ། །དང་པོ་ནི། རྒྱུའི་རང་ལྡོག་སྒྲུབ་པ་དང་རྒྱུའི་ཁྱད་པར་དཔོག་པ་དང༌། རྒྱུ་ཆོས་རྗེས་སུ་དཔོག་པ་རྣམས་ལ་འབྲས་རྟགས་ཀྱི་མཚན་ཉིད་ཚང་བ་མི་སྲིད་པར་འགྱུར་ཞིང༌། སྨྲས་ཙམ་ལ་དགག་པའི་གཏན་ཚིགས་སུ་བཀོད་པ་ཞེས་འདོད་ལ་འབྲས་བུའི་གཏན་ཚིགས་སུ་སོང་བ་དེ་འདྲ་མི་སྲིད་པར་འགྱུར་རོ། །གཞན་ཡང་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། རང་ཐོབ་བྱེད་ཀྱི་རྒྱུ་ལམ་བདེན་སྔོན་དུ་སོང་བ་ཡིན་ཏེ། འགོག་པའི་བདེན་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་དེ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་ཁྱོད་ཀྱི་རྒྱུ་ཡིན་པས་ཁྱབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འབྲས་བུའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། ཁྱོད་འདུས་བྱས་སུ་ཐལ། ཁྱོད་ཀྱི་སྐྱེད་བྱེད་ཀྱི་རྒྱུ་ཚད་མས་དམིགས་པའི་ཕྱིར། ལུགས་འདི་ལ་འབྲས་བུ་ལ་འདུས་བྱས་ཀྱིས་ཁྱབ་ལ། ཆོས་མངོན་པ་ལས། བྲལ་འབྲས་ཀྱིས་འབྲས་བུའི་གོ་ཆོད་པར་གསུངས་ལ། ལུགས་དེ་ལ་ཡང་འགོག་བདེན་ལ་རྒྱུ་ཡོད་པར་མི་བཞེད་དེ། ལམ་བདེན་ལ་འགོག་བདེན་གྱི་རྒྱུ་དྲུག་པོ་གང་ཡང་བཞག་ཏུ་མེད་པའི་ཕྱིར་ཏེ། ཇི་སྐད་དུ་མཛོད་ལས། འདུས་མ་བྱ་ལ་དེ་དག་མེད། །ཅེས་གསུངས་སོ། །མི་ཤེས་པ་གང་དག་བྲལ་འབྲས་ཀྱིས་འབྲས་བུའི་གོ་ཆོད་ན། ཐལ་རྒྱུ་དེ་བྲལ་འབྲས་ཀྱི་རྒྱུར་བཞག་དགོས་སོ་ཞེས་ཟེར་མོད། གཞུང་ལུགས་མི་ཤེས་པའི་འཆོལ་གཏམ་ཡིན་པས་རྣ་བ་གཏད་པར་མི་བྱ་སྟེ། སྤྱིར་བྲལ་རྒྱུ་ཞེས་བྱ་བའི་རྒྱུའི་རྣམ་གཞག་རྒྱུ་དྲུག་ལས་ལོགས་སུ་བཤད་པ་མེད་ལ་ཡོད་དུ་ཆུག་ཀྱང༌། དེས་བྲལ་འབྲས་ལ་རྒྱུའི་བྱ་བ་དྲུག་པོ་གང་ཡང་མི་བྱེད་པའི་ཕྱིར་རོ། །དེས་ན། བྲལ་འབྲས་རྟགས་སུ་བཀོད་ནས་གཞི་འགའ་ཞིག་ཏུ་ཐོབ་བྱེད་ཀྱི་རྒྱུ་སྔོན་སོང་དུ་སྒྲུབ་པའི་རྟགས་ཡང་དག་ནི། བརྒྱ་ཕྲག་ཞིག་ལེའུ་གཉིས་པར་གསུངས་པས་ལུགས་འདི་ལ་ངེས་པར་ཁས་ལེན་དགོས་ལ། དེའི་རྟགས་ཆོས་གཉིས་རྒྱུ་འབྲས་སུ་ནི་མི་འགྲུབ་པས། རྟགས་དེ་རང་བཞིན་གྱི་རྟགས་སུ་ཁས་ལེན་པར་བྱེད་དམ། ལེགས་པར་སོམས་ལ་སྨྲོས་ཤིག དེ་ཡང་རྣམ་དཔྱོད་དང་མི་ལྡན་པ་དག་གིས་བསམས་ཏེ། སྨྲས་ན་ནི་ལོག་པ་ཁོ་ནར་སྨྲ་བར་འགྱུར་བས། དེ་དག་གིས་ནི་དད་པས་གཞན་ཁོ་ནའི་རྗེས་སུ་འབྲང་བར་བྱའི་རང་གིས་བསམས་ཏེ། གཞན་ལ་བསྟན་པར་མི་བྱ་ཞིག གཉིས་པ་ནི། དེ་སྐད་སྨྲས་པ་ལ་འདི་སྙམ་དུ་དོགས་པར་འགྱུར་ཏེ། འགོག་བདེན་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དེ་ལ་དེ་བྱུང་དུ་འབྲེལ་བར་ཐལ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར། འདོད་ན། ཁྱོད་དེ་ལས་བྱུང་བར་ཐལ་ལོ། །ཞེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་ཁྱོད་ཉོན་ཅིག ཐལ་བ་སྔ་མ་ལ་ཁྱབ་པ་མ་ངེས་ཏེ། མེ་མེད་པ་ཆོས་ཅན། དུ་བ་མེད་པ་ལ་དེ་བྱུང་དུ་འབྲེལ་བར་ཐལ། ཁྱོད་དང་དེ་གཉིས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར་ཏེ། མེ་དུ་གཉིས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གང་ཡིན་པ་དེ་ཉིད་ཀྱིས། ཁྱོད་དང་དེ་གཉིས་ཀྱི་འབྲེལ་པ་ངེས་པར་བྱེད་དགོས་ཀྱི་དེ་ལས་གཞན་པའི་ངེས་བྱེད་མེད་པའི་ཕྱིར་དང༌། མེ་མེད་ན་དུ་བ་མེད་པས་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ལས་མ་གཏོགས་པའི་མེ་དུའི་དེ་བྱུང་འབྲེལ་པའི་ལྡོག་འབྲེལ་ངེས་བྱེད་གཞན་མེད་པའི་ཕྱིར། འོ་ན་མེ་མེད་དང་དུ་མེད་ལ་འབྲེལ་པ་མེད་པར་འགྱུར་ཏེ། བདག་ཅིག་དང་དེ་བྱུང་འབྲེལ་གཉིས་ཀ་མེད་པའི་ཕྱིར་སྙམ་ན། བདེན་མོད་ཀྱི་འོན་ཀྱང་ཉེས་པ་མེད་དེ། དངོས་འབྲེལ་གྱི་དབང་དུ་བྱས་པའི་དེ་གཉིས་ཀ་མེད་ཀྱང༌། ལྡོག་པ་ལ་དེ་བྱུང་གི་འབྲེལ་པ་གྲུབ་པའི་ཕྱིར་དང༌། ཕྱོགས་ཆོས་ཀྱི་ཚུལ་དང་ལྡོག་འབྲེལ་ཁྱད་པར་ཅན་གྲུབ་པ་ཙམ་གྱིས་རྟགས་ཡང་དག་ཏུ་འཇོག་པར་ཡང་ནུས་པའི་ཕྱིར་རོ། །ཇི་སྐད་དུ། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །དོན་ལྡོག་པར་ནི་བརྗོད་པ་ལས། །མི་དམིགས་དཔེ་ནི་འགྲུབ་པའི་ཕྱིར། །ཐ་དད་པར་ནི་མ་བཤད་དོ། །ཞེས་གསུངས་སོ། །དེར་མ་ཟད། ཚ་རེག་སྟོབས་ཆེན་པ་དང་གྲང་རེག་མེད་པ་ལྟ་བུ་ལ་དངོས་འབྲེལ་དང་དངོས་ཁྱབ་དེ་ཉིད་ལྡོག་པའི་ལྡོག་འབྲེལ་གཉིས་ཀ་མེད་ཀྱང༌། རྒྱུད་པའི་འབྲེལ་པ་གྲུབ་པས་རྟགས་ཡང་དག་ཏུ་བཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། དགག་ལ་དེའམ་དེ་རྒྱུ་དང༌། །འགལ་བ་བརྗོད་པ་མཐོང་གང་ཡིན། །དེ་ཡང་དེ་ཡི་ཚད་མ་ཉིད། །མེད་པ་འཕེན་པར་བྱེད་པ་ཡིན། །ཞེས་སོགས་དང༌། དེ་ཕྱིར་རང་སྒྲས་བརྗོད་ན་ཡང༌། །དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན། །ཞེས་དང༌། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། །ཅེས་གསུངས་པ་ཡིན་ནོ། །ཚ་རེག་སྟོབས་ཆེན་པ་དང་གྲང་རེག་རྒྱུན་ཆགས་མེད་པ་གཉིས་ལ། ཐ་དད་བཀག་ན་ཁེགས་པ་ཡོད་མོད་ཀྱི། དེ་ཙམ་གྱིས་དངོས་འབྲེལ་དང་དངོས་ཀྱི་བཟློག་འབྲེལ་གང་དུ་ཡང་ནི་བཞག་མི་ནུས་ཏེ། གྲང་རེག་ཚད་མས་མ་དམིགས་པ་དང༌། གྲང་རེག་མེད་པ་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མ་ཁོ་ནས་སྔ་མ་གཉིས་ཀྱི་འབྲེལ་པ་ངེས་དགོས་པར་གསུངས་ཀྱི། ཚ་རེག་སྟོབས་ཆེན་ཡོད་ན་གྲང་རེག་མེད་དགོས་པར་དངོས་སུ་འཇལ་བའི་ཚད་མ་ལྟ་བུས་དེ་གཉིས་ཀྱི་འབྲེལ་པ་ངེས་པར་མ་གསུངས་པའི་ཕྱིར། གཉིས་པ་འབྲས་བུའི་རྟགས་ཀྱི་དབྱེ་བ་ལ། བོད་རྣམས་ལྔར་མཛད་དེ། རྒྱུ་དངོས་སྒྲུབ་པའི་དང༌། རྒྱུ་སྔོན་སོང་སྒྲུབ་པའི་དང༌། རྒྱུའི་ཁྱད་པར་སྒྲུབ་པའི་དང༌། རྒྱུ་ཆོས་རྗེས་སུ་དཔོག་པའི་དང༌། རྒྱུའི་རང་ལྡོག་སྒྲུབ་པའི་འབྲས་རྟགས་ཡང་དག་ལྔར་མཛད་དོ། །དང་པོ་ལ་དཔེར་བརྗོད་དངོས་དང༌། རྟགས་སུ་གཟུང་བྱའི་མཚན་གཞི་ལ་དོགས་པ་བཅད་པའོ། །དང་པོ་ནི། དཔེར་ན། གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན། ཚང་མང་བཞིན། གང་ལ་ཤེས་འདོད་ཞུགས་པའི་ལ་དེ་ལ་ཡང་དུ་བ་ཡོད་དོ། །ཞེས་པ་ལྟ་བུ་རྒྱུ་དངོས་བསྒྲུབ་པའི་འབྲས་རྟགས་སོ། །འདི་ལ་རྟགས་སུ་གཟུང་བྱ་ནི། དུ་བ་ཡོད་པ་དེ་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་པོ་དེ། དུ་བ་ཡོད་པའི་སྟེང་ནས་རྩི་བ་ཡིན་གྱི། དུ་བ་ཡིན་པའི་སྟེང་དུ་རྩི་བ་མ་ཡིན་པའི་ཕྱིར་ཏེ། དེའི་སྟེང་ནས་རྩི་ན། ཕྱོགས་ཆོས་མ་གྲུབ་ཅིང༌། རྟགས་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་རོ། །བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ནི་མེ་ཡོད་པ་དེ་ཉིད་ཡིན་ཏེ། ལའི་སྟེང་དུ་མེ་ཡོད་པ་ལ་ཤེས་འདོད་ཞུགས་པ་ཡིན་གྱི། མེ་ཡིན་པ་ལ་མ་ཞུགས་པའི་ཕྱིར་དང༌། སྒྲུབ་པ་ན་མེ་ཡོད་དེ་ཞེས་སྒྲུབ་ཀྱི་ཡོད་པས་ཁྱད་པར་དུ་མ་བྱས་པར་མེ་ཙམ་སྒྲུབ་ཏུ་མེད་པའི་ཕྱིར་རོ། །ཆོས་ཅན་ནི། དིང་སང་རྩོད་པ་བདེ་བའི་ངོར་དུ་བ་དང་ལྡན་པའི་ལ་ཆོས་ཅན་ཞེས་ཟེར་མོད། ཞེས་འདོད་ལ་ནི། གཞི་གང་ན་མེ་ཡོད་མེད་ཐེ་ཚོམ་ཟ་བའི་ལ་རྒྱབ་བམ། ཁང་པ་ལྟ་བུ་ཅིག་ཆོས་ཅན་དུ་སོང་བ་ཡིན་གྱི་སྔ་མ་མིན་ཏེ། དུ་བ་དང་ལྡན་པའི་ལ་དེར་མེ་ཡོད་དམ་མེད་སྙམ་པ་ནི། བ་གླང་རྫི་ལའང་མི་འབྱུང་བའི་ཕྱིར་ཏེ། དེར་དུ་བ་དང་ལྡན་པར་ངེས་པའི་དེ་མ་ཐག་ཏུ་དེར་མེ་ཡང་ཡོད་པར་ངེས་དགོས་པའི་ཕྱིར། གཞན་དུ་ན་དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་ཀྱང་ཇི་ལྟར་ངེས་པར་བྱེད། རང་གི་མྱོང་བ་ལ་བཀར་ན་ཡང་ཁྱིམ་དེར་མེ་ཡོད་དམ་མེད་ཅེས་རྟོག་པར་བྱེད་ཀྱི་དུ་བ་ཡོད་པའི་ཁྱིམ་དེར་མེ་ཡོད་དམ་མེད་ཅེས་རྟོག་པ་ནི་ཅུང་ཟད་ཀྱང་མི་འབྱུང་ངོ༌། །ཚིག་ཁོ་ནའི་སྨིག་རྒྱུའི་ཕུང་པོ་ལ་ཆེར་ཞེན་པ་དག་ནི་དོན་རྟོགས་པར་སླ་བ་འདི་ཙམ་ལའང་དོགས་པ་མི་འཇུག་པར་སྣང་ངོ༌། །ཕྱིན་ཆད་ཀློག་པ་བ་དག་ལ་གཏམ་དུ་བྱ་བ་ནི། བློ་གྲོས་ཀྱི་འཇུག་པ་མྱུར་བ་དང་བུལ་བ་གང་ཡིན་ཡང་རུང་སྟེ། ཚད་ལྡན་གྱི་གཞུང་དགོངས་འགྲེལ་དང་བཅས་པ་ཁོ་ན་ལ་ཉན་པ་དང་བསམ་པར་བྱས་ན། བློ་གྲོས་ཀྱི་འཇུག་པ་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་ཞིང་དེའི་དབང་གིས་རྒྱལ་བ་རྣམས་དགྱེས་པར་འགྱུར་ལ། ཡུལ་གངས་ཅན་གྱི་ལྗོངས་འདིར་རང་བཟོའི་གཏམ་ལ་སྙིང་སྟོབས་ལྷུར་ལེན་པའི་ཕྱི་རབས་ཀྱི་རྟོག་གེ་པ་རྣམས་ཀྱི་སྦྱོར་བའི་ཡི་གེའི་ཚོགས་ཁོ་ན་ལ་བལྟ་བ་དང༌། བཤད་པས་དུས་འདའ་བར་བྱས་ན་ལུང་གིས་བསྡུས་པའི་རྒྱལ་བའི་བསྟན་པ་དྲི་མ་མེད་པ་རྣམས་ལ་གནོད་པ་ཆེན་པོ་བྱས་པར་འགྱུར་ཞིང༌། རང་གི་བློ་གྲོས་ཀྱི་ལུས་ཀྱང་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་རྒྱ་མཚོར་ལྷུང་སྟེ་དོན་མེད་པ་ཁོ་ནར་འགྱུར་བས་དེའི་ཕྱིར། རྙོག་པ་དང་བྲལ་བའི་ལུང་ཁོ་ན་ལ་ཐོས་བསམ་ལྷུར་བླངས་པའི་སྒོ་ནས་བག་ཡོད་པར་བྱའོ་ཞེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །གཉིས་པ་ནི། ཁ་ཅིག་ན་རེ། དུ་བ་ཡོད་པ་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མིན་པར་ཐལ། འབྲས་བུ་མིན་པའི་ཕྱིར་ཏེ། རྟག་པའི་ཕྱིར། ཞེས་ཟེར་རོ། །འོ་ན་མཁྱེན་པ་ཁྱད་པར་ཅན་གསུམ་ལྡན་ཐུགས་རྒྱུད་ལ་མངའ་བ་དེ་ཆོས་ཅན། ཐུབ་པ་བཅོམ་ལྡན་འདས་རྒྱུ་དུས་ཀྱི་སྟོན་པ་སྔོན་སོང་སྒྲུབ་པའི་འབྲས་བུའི་རྟགས་ཡང་དག་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་རོ། །འདོད་ན། དེའི་ཕྱིར། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང༌། ལུགས་འབྱུང་གི་སྐབས་ནས་བཤད་པའི་བདེ་བར་གཤེགས་པ་དེ་ཆོས་ཅན། ཐུབ་པ་ཆེན་པོའི་རྒྱུད་ཀྱི་སྤངས་པ་དེ། རང་ཐོབ་བྱེད་ཀྱི་རྒྱུ་དུས་ཀྱི་སྟོན་པ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་མིན་པར་ཐལ། རྟག་པ་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པ་འདི་ནི་རྒྱུ་རུ་བཤད། །ཅེས་གསུངས་པའི་ཕྱིར། དོན་འདི་ཡང་ཤེས་དགོས་ཏེ། བདག་མེད་རྟོགས་པའི་བར་ཆད་མེད་ལམ་དེ་ཁྱད་པར་གསུམ་ལྡན་གྱི་སྤངས་པ་དེའི་ཐོབ་བྱེད་ཀྱི་རྒྱུ་ལྟ་བུ་ཡིན་པས། དེ་ལས་དེ་དཔོག་པ་ཡང་འབྲས་བུའི་རྟགས་ཁོ་ནར་བཞག་དགོས་ལ། དེ་གཉིས་རྒྱུ་འབྲས་སུ་ཁས་ལེན་པའི་ཤིང་རྟའི་སྲོལ་འབྱེད་སྔོན་བྱུང་བ་མེད་དོ། །དེ་ལྟར་ངེད་ལ་སྐྱོན་མེད་པར་མ་ཟད་ཁྱེད་ལ་ཉེས་པ་དུ་མ་འབྱུང་སྟེ། དུ་བ་དེ་ཁྱེད་ཀྱིས་རྟགས་སུ་གཟུང་བྱར་ཁས་བླངས་པས་དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་ཐལ། དུ་ལྡན་གྱི་ལ་དེ་ཁྱོད་མིན་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་ལྟར་ཡོད་ཕྱིར་ཏེ། དེ་སྒྲུབ་ལ་ཁྱོད་འགོད་ཚུལ་ཡོད་འགོད་གང་ཞིག དེ་ཁྱོད་ཡོད་པ་ཡིན་པའི་ཕྱིར་སྙམ་ན། དེ་ནི་བདེན་མོད་དེ་ལྟར་ན། འགོད་ཚུལ་ལྟར་གང་གྲུབ་པ་དེ་ཕྱོགས་ཆོས་ཡིན་པ་དེ་བས་ན། དུ་བ་ཡོད་པ་དེ་ཕྱོགས་ཆོས་སུ་སོང་བ་མིན་པར་འདུག་གམ། བློ་གྲོས་ཡོད་ན་སོམས་ཤིག ཚིག་ལྟར་ན། དོན་བྱེད་ནུས་པ་མིན་པ་ཆོས་ཅན། བུམ་པ་དངོས་པོ་མིན་པར་སྒྲུབ་པའི་ཕྱོགས་ཆོས་སུ་ཐལ། སྒྲུབ་བྱེད་ཁྱེད་རང་གི་དེ་དག་གི་ཕྱིར་ཏེ། དེ་དེར་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡོད་འགོད་གང་ཞིག དེ་ཁྱོད་ཡོད་པ་ཡིན་པའི་ཕྱིར། རྟགས་སྔ་མ་མཚུངས་པས་སྒྲུབ་ཅིང༌། རྟགས་སྦྱོར་ཇི་ལྟར་བཀོད་ཀྱང༌། དེ་ཉིད་དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ལས་མ་འདས་སོ། །དེས་ན། གང་རྟགས་སུ་མ་བཀོད་པ་ཞིག་རྟགས་སུ་གཟུང་བྱའོ་ཞེས་དང༌། གང་ཆོས་སུ་མ་བཟུང་བ་ཞིག་བསྒྲུབ་བྱའི་ཆོས་ཞེས་ཟེར་བ་ནི། གྲངས་ཅན་གྱིས། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པ་ལྟར་ཟོལ་སྦྱོར་འབའ་ཞིག་ལྷུར་བྱེད་པའི་གཏམ་དུ་སྣང་བས་མཁས་པ་མགུ་བར་བྱེད་པ་མ་ཡིན་ནོ། །གཉིས་པ་ནི། ནམ་མཁའི་དུ་བ་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་བ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་ནི། གཟུགས་འཛིན་མིག་ཤེས་ཆོས་ཅན། དམིགས་རྐྱེན་དང་དེ་མ་ཐག་རྐྱེན་ལས་མ་གཏོགས་པའི་རང་གི་རྒྱུ་ཞིག་ཡོད་པ་ཡིན་ཏེ། དེ་མེད་པར་ཁྱོད་མི་སྐྱེ་ཞིང་རེས་འགའ་སྐྱེ་བའི་ཕྱིར་ཞེས་པའོ། །ལྔ་པ་ནི། མྱུ་གུ་ཆོས་ཅན། རྒྱུ་དང་བཅས་པར་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར་ཞེས་པའོ། །བཞི་པ་རྒྱུ་ཆོས་རྗེས་དཔོག་ལ་རིགས་པ་སྨྲ་བ་རྣམས་མཐུན་པར་འདི་སྐད་གསུངས་ཏེ། ཁ་ནང་གི་བུ་རམ་གྱི་གོང་བུ་ད་ལྟར་བ་ཆོས་ཅན། བུ་རམ་གྱི་གཟུགས་སྔ་མའི་ནུས་པ་ཡོད་དེ། བུ་རམ་གྱི་གཟུགས་ད་ལྟར་བ་ཡོད་པའི་ཕྱིར་ཞེས་པ་ཡིན་ལ། དེའི་ཤེས་བྱེད་ཀྱི་དཔེ་ལ་ཡང༌། དུ་ལྡན་གྱི་ལ་ཆོས་ཅན། མེས་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ནུས་པ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་དཔེར་མཛད་དོ། །འདི་མི་འཐད་པ་ལ་གཞན་གྱི་འདོད་པ་སུན་དབྱུང་བ་དང༌། རང་གི་འདོད་པ་བཞག་པའོ། །དང་པོ་ནི། དཔེར་བརྗོད་མ་ཐག་པ་གཉིས་པོ་དེ་དག་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ལས་ལོགས་སུ་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཅེས་བྱའི་དཔེར་བརྗོད་དུ་མི་རིགས་ཏེ། དེ་དག་ནི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ལས་ཁྱད་ཆོས་ལོགས་པ་ཅི་ཡང་མི་སྣང་བའི་ཕྱིར་དང༌། དུ་བས་ལ་ལ་མེ་དངོས་སུ་དཔག་སྟོབས་ཀྱིས་བུད་ཤིང་གི་འགྱུར་བ་རྟོགས་པ་དང༌། བུ་རམ་གྱི་རོ་ད་ལྟར་བས། གོང་བུའི་སྟེང་དུ་བུར་གཟུགས་སྔ་མ་དེ་དཔག་སྟོབས་ཀྱིས་བུར་གཟུགས་ད་ལྟར་པ་དཔོག་ནུས་ཤེས་པ་གཞུང་གི་དོན་དུ་ལེགས་པར་གསལ་བས། ཁྱེད་རང་གིས་འདོད་པའི་འབྲས་རྟགས་བཞིའི་དཔེར་བརྗོད་ལས་ལོགས་སུ་རྒྱུ་ཆོས་རྗེས་དཔོག་གི་རྗེས་སུ་དཔག་པའི་རྟེན་གཏན་ཚིགས་ཡང་དག་ཅིག་ཡོད་པ་མི་འཐད་པར་ཐལ། སྔར་བཤད་པའི་འབྲས་རྟགས་ཡང་དག་བཞི་པོ་དེ་དག་གིས་རང་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ། རང་རང་གི་ཆོས་དེ་དག་དངོས་སུ་དཔག་སྟོབས་ཀྱིས་རང་དང་དངོས་རྒྱུ་ཚོགས་པ་ཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་ཆོས། རང་དང་དུས་མཉམ་པ་འགའ་ཞིག་དཔོག་པར་ནུས་པའི་རྗེས་དཔག་སྐྱེ་བ་དེ་ཡིན་པའི་ཕྱིར། དེ་ལྟར་ན་འབྲས་རྟགས་ཀྱི་དབྱེ་བ་ལྔར་འདོད་པ་དང༌། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་དཔེར་བརྗོད་བཤད་མ་ཐག་པ་དེ་ལྟར་མཛད་པ་ནི། མཁས་པ་མགུ་བ་སྐྱེད་པའི་ཡན་ལག་ཏུ་མ་མཐོང་ངོ༌། །གཉིས་པ་རང་གི་འདོད་པ་བརྗོད་པ་ནི། འབྲས་བུའི་གཏན་ཚིགས་དངོས་དང་ཆ་མཐུན་ཁོངས་སུ་བསྡུ་བ་གཉིས་སོ། །དང་པོ་ནི། སྔར་བཤད་པ་བཞི་པོ་རྣམས་སོ། །གཉིས་པ་ནི། ཁ་ནང་གི་བུར་རྡོག་ཆོས་ཅན། བུར་གཟུགས་ད་ལྟར་བ་ཡོད་དེ། བུར་རོ་ད་ལྟར་བ་ཡོད་པའི་ཕྱིར་ཞེས་སམ། ལ་ཆོས་ཅན། བུད་ཤིང་གི་འགྱུར་བ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའོ། །འདི་དག་གི་རྟགས་ཆོས་གཉིས་ལ་དངོས་ཀྱི་འབྲེལ་པ་མེད་ཀྱང༌། དེ་དང་དེ་སྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། རྟགས་ཆོས་གཉིས་ཀྱི་ཁྱད་པར་བྱེད་ཆོས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་ལེགས་པར་འགྲུབ་པའི་ཕྱིར། དེ་ཡང་དེའི་རྟགས་ཆོས་གཉིས་ལ་དངོས་འབྲེལ་མེད་ཀྱང༌། ཁྱད་གཞི་དེ་གཉིས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་དེ། དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་ངེས་པ་ཡིན་ཏེ། བུ་རམ་གྱི་རོ་ད་ལྟར་བ་དང༌། བུར་གཟུགས་སྔ་མའི་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱིས། རོ་གཟུགས་ད་ལྟར་བ་གཉིས་པོ་ཚོགས་པ་གཅིག་ལ་རག་ལས་སུ་གྲུབ། ཚོགས་པ་གཅིག་ལ་རག་ལས་པའི་ཆོས་ཐ་དད་པ་གཉིས། གང་རུང་གཅིག་ཡོད་པའི་གཞིར་གཅིག་ཤོས་ཡོད་དགོས་པའི་རྒྱུ་མཚན་གྱིས། རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་ཆོས་ཅན། འབྲེལ་པ་མེད་པར་ཐལ། འབྲེལ་པ་གཉིས་པོ་གང་ཡང་མེད་པའི་ཕྱིར། ཁྱབ་སྟེ། འདི་དངོས་རང་བཞིན་ནམ་འབྲས་མིན། །འདི་ལས་རྣམ་བཞག་ཟློས་པས་ཀྱང༌། །འཁྲུལ་པ་མེད་པ་ཡོད་མ་ཡིན། །ཞེས་གསུངས། རྩ་བར་འདོད་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་ཐལ། རྟགས་ཆོས་གཉིས་ལ་འབྲེལ་བ་མེད་པའི་ཕྱིར་ཞེ་ན། དོན་དེ་སྐད་དུ་བརྗོད་པ་ཁྱོད་ནི་རྣམ་པར་དཔྱོད་པ་དང་ལྡན་པས་ལན་བརྗོད་པར་བྱ་སྟེ། སྤྱི་ཙམ་ནས་འབྲེལ་བ་དེ་གཉིས་སུ་ངེས་ཤིང༌། ཆོས་དེ་གཞི་དེ་ལ་དངོས་སུ་འབྲེལ་པ་ལ་དེ་གཉིས་སུ་ངེས་པས་འབྲེལ་པ་ངེས་བྱེད་ལའང༌། དེ་གཉིས་ཀྱི་ངེས་བྱེད་ལས་གཞན་མ་གསུངས་པ་ཡིན་ཀྱང༌། ཆོས་དེ་གཞི་དེ་ལ་མ་འབྲེལ་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་མི་དགོས་ཏེ། སྔར་བཤད་པ་ལྟར་མེ་མེད་དང་དུ་མེད་ལྟ་བུ་དང༌། ཚ་རེག་སྟོབས་ཆེན་དང་གྲང་རེག་མེད་པ་ལྟ་བུ་ལ་དངོས་ཀྱི་འབྲེལ་བ་མེད་ཀྱང༌། ལྡོག་འབྲེལ་དང་བརྒྱུད་པའི་འབྲེལ་པ་ཅི་རིགས་པ་ཡོད་པའི་ཕྱིར་དང༌། དངོས་འབྲས་མ་དམིགས་པའི་གཏན་ཚིགས་ལ། དངོས་ཀྱི་འབྲེལ་པ་དང༌། ལྡོག་པའི་འབྲེལ་པ་གཉིས་ཀ་མེད་ཀྱང༌། བརྒྱུད་ནས་རང་བཞིན་མ་དམིགས་པའི་འབྲེལ་པ་ངེས་བྱེད་ཀྱི་འབྲེལ་པ་ངེས་དགོས་པར་ཚད་མ་རྣམ་པར་ངེས་པ་ནས་གསུངས་པའི་ཕྱིར་རོ། །དེ་ཡང་མེ་མེད་དེ་དུ་བ་མེད་པ་ལ་བདག་ཅིག་ཏུ་འབྲེལ་ལོ་ཞེས་བརྗོད་མི་ནུས་ཏེ། མེ་མེད་དང་དུ་མེད་ཀྱི་ལྡོག་འབྲེལ་ངེས་བྱེད་ཀྱི་ཚད་མ་ཡིན་ན་བདག་ཅིག་འབྲེལ་པ་ངེས་བྱེད་ཀྱི། ཚད་མར་འགལ་བའི་ཕྱིར། ཡང་རྒྱུ་ནུས་པ་ཐོགས་མེད་ཀྱང་དུ་བ་ལ་མ་འབྲེལ་བར་ཐལ། འབྲེལ་བ་གཉིས་པོ་གང་ཡང་མེད་པའི་ཕྱིར། འདོད་ན། རྣམ་ངེས་སོགས་ལས། དུ་བ་བཀག་ནས། དེ་འགོག་པ་འབྲེལ་ཡུལ་མ་དམིགས་པར་གསུངས་པ་དང་འགལ་ལོ། །དེ་བཞིན་དུ་འདི་ཡང་བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་དུས་མཉམ་རྫས་གཞན་ཡིན་པས་དངོས་ཀྱི་འབྲེལ་པ་མེད་ཀྱང༌། བརྒྱུད་པས་འབྲེལ་བར་བཞག་སྟེ། དེ་གཉིས་དངོས་ཀྱི་རྒྱུ་ཚོགས་གཅིག་ལས་སྐྱེས་པའི་ཕྱིར་རོ། །དཔེར་ན། གཙོ་བོ་སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ་བཞིན་ནོ། །དེ་དེ་ལ་བརྒྱུད་ནས་འབྲེལ་བ་དང༌། བརྒྱུད་ནས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་བཞག་གོ །དེའི་རྒྱུ་མཚན་ཡང་རྒྱུ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་རྒྱུ་མཚན་གྱིས་འབྲས་བུ་ལའང་དེར་འཇོག་པའི་ཕྱིར་ཏེ། རྒྱུ་རྗེས་སུ་དཔག་སྟོབས་ཀྱིས་ཆོས་རྗེས་སུ་དཔག་པའི་དོན་ནི་དེ་ལས་གཞན་མེད་པའི་ཕྱིར་རོ། །གང་ཡང་དེས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་གྲུབ་པར་ཁས་བླངས་ནས་དེ་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པར་ཁས་ལེན་པ་དང་ཐ་དད་བཀག་ན་ཁེགས་པ་ཙམ་གྱིས་འབྲེལ་པའི་དོན་ལྡོག་ཡོངས་སུ་རྫོགས་པར་ཁས་བླངས་ནས་དེ་གཉིས་ལ་འབྲེལ་པ་མེད་དོ་ཞེས་འདོད་པ་ནི། ཁོ་བོ་ལ་རང་ཉིད་ཀྱི་འདོད་པ་གཏིང་ཚུགས་པ་བཞག་རྒྱུ་མེད་དོ་ཞེས་པའི་སྐད་དོ། །དེ་ལྟ་ན་ཡང་དེ་གཉིས་བརྒྱུད་ནས་འབྲེལ་ན། དེ་གཉིས་འབྲེལ་མི་དགོས་པ་དང༌། དེ་གཉིས་ཀྱི་ལྡོག་འབྲེལ་གྲུབ་ན་དེ་གཉིས་འབྲེལ་མི་དགོས་པ་ནི་དུ་བ་དྲག་ཕྱུར་བ་དེ་རང་གི་རྒྱུ་བུད་ཤིང་གི་བརྒྱུད་པའི་རྒྱུར་གྱུར་པའི་གྲང་རེག་རྒྱུན་ཆགས་དང་བརྒྱུད་ནས་འབྲེལ་ཀྱང་འབྲེལ་མི་དགོས་པ་བཞིན་དང༌། ཤེས་བྱ་མིན་པ་དེ་བློའི་ཡུལ་དུ་བྱ་རུང་མིན་པ་གཉིས་ལ་ལྡོག་འབྲེལ་གྲུབ་ཀྱང་འབྲེལ་མི་དགོས་པ་བཞིན་ནོ། །འོ་ན་བརྒྱུད་འབྲེལ་སྒྲུབས་པས་ཅི་ཞིག་བྱ་ཞེ་ན། རྟགས་དེ་དོན་གང་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་གཞི་དེ་དང༌། དངོས་ཀྱི་ཆོས་དེ་གཉིས་ཀྱི་འབྲེལ་པ་སྒྲུབ་དགོས་པས་སོ། །གཞན་ཡང་དེ་དེ་ལྟར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ན། ལྟར་སྣང་གསུམ་ལས་གང་ཡིན། མ་ངེས་པའོ་ཞེ་ན། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་མིན་པར་ཐལ་ལོ། །དེ་ཡང་ཁས་ཀྱང་བླངས་མོད། བུར་གཟུགས་ད་ལྟར་བ་མེད་པ་ལ་བུར་རོ་ད་ལྟར་བ་ཡོད་པ་སྲིད་ན། བུར་རྡོག་དེ་རྡུལ་རྫས་བརྒྱད་འདུས་པའི་གོང་བུ་མིན་པར་ཐལ་བའི་ཉེས་པ་གནས་སོ། །དོན་དེ་ཉིད་གཞུང་དང་སྦྱར་བར་བྱ་སྟེ། ཕྱོགས་སྔ་མ་ན་རེ། རྟགས་ཡང་དག་ལ་གསུམ་དུ་ངེས་ན། རོ་ལས་དུས་མཉམ་པའི་གཟུགས་དཔོག་པ་རྟགས་གསུམ་ལས་གང་ཡིན། འབྲས་བུའི་གཏན་ཚིགས་སུ་མི་འཐད་དེ། དེ་གཉིས་དུས་མཉམ་པའི་ཕྱིར་ཞེ་ན་མ་ངེས་ཏེ། འདི་ལྟར་བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། རང་དང་རྒྱུ་ཚོགས་པ་གཅིག་ལ་རག་ལས་པའི་བུར་གཟུགས་ད་ལྟར་བ་རྟོགས་ཤིང་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་རྒྱུ་བུར་གཟུགས་སྔ་མ་དང་དངོས་སུ་འབྲེལ་སྟོབས་ཀྱི། དེའི་ཆོས་བུར་གཟུགས་ད་ལྟར་བ་རྗེས་སུ་དཔོག་ནུས་པའི་ཕྱིར། དཔེར་ན། དུ་བ་མེ་དང་དངོས་སུ་འབྲེལ་སྟོབས་ཀྱིས་རང་དང་དུས་མཉམ་པའི་བུད་ཤིང་གི་འགྱུར་བ་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བ་བཞིན། ཞེས་སྟོན་པ་ནི་ཚོགས་པ་གཅིག་ལ་རག་ལས་པའི་ནས་བཞིན་གྱི་བར་རོ། །བུར་གཟུགས་སྔ་མ་དང་དངོས་སུ་འབྲེལ་པའི་རྒྱུ་མཚན་གྱིས་བུར་གཟུགས་ད་ལྟར་བ་དང་བརྒྱུད་ནས་འབྲེལ་བར་ཅིས་སྒྲུབ་ཅེ་ན། དེ་འགྲུབ་སྟེ། བུར་གཟུགས་སྔ་མ་དེ་བུར་གཟུགས་ད་ལྟར་བའི་དངོས་ཀྱི་ཉེར་ལེན་དང༌། ཁྱོད་ཀྱི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་ཞེས་པ་ནི། ནུས་པ་འཇུག་པ་མེད་པར་ནི། ནུས་རྒྱུ་ཞེས་པའི་བར་རོ། །དེ་ལྟར་ན། བུར་རོ་ད་ལྟར་བའི་རྟགས་ལས་གཞི་དེར་བུ་རམ་གྱི་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་གི་དངོས་ཀྱི་རྟེན་གཏན་ཚིགས་དེ་རྟགས་ཡང་དག་ཡིན་ཏེ། དེ་འདྲ་དེ་གཞི་དེར། བུར་གཟུགས་སྔ་མ་སྒྲུབ་པ་དང༌། བུར་གཟུགས་ད་ལྟར་བསྒྲུབ་པ་གཉིས་ཀ་ལ་ཚུལ་གསུམ་ཚང་བའི་ཕྱིར། དེ་ལྟར་ན་བཀོད་ཚོད་མི་འདྲ་བ་གཉིས་བཀོད་ཀྱང་སོང་ཚོད་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས་གཅིག་གིས་རྗེས་དཔག་གཉིས་ཀྱི་རྟེན་བྱེད་པའི་ཕྱིར་ཞེས་པ་ནི། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་པའོ། །མདོར་བསྡུ་ན་རྒྱུའི་ཆོས་ཤེས་པ་གཟུགས་ད་ལྟར་བ་ལ་བྱེད་དགོས་ཏེ། གཞན་དུ་ན་དེ་དཔོག་པ་ལ་རྒྱུ་ཆོས་རྗེས་དཔོག་ཏུ་ཇི་ལྟར་བཞག དེ་ལྟར་མིན་པར་རྒྱུའི་ནུས་པ་ཉིད་ལ་རྒྱུ་ཆོས་སུ་བྱེད་ན། རྒྱུ་དངོས་སྒྲུབ་པ་སོགས་ཐམས་ཅད་རྒྱུ་ཆོས་རྗེས་སུ་དཔོག་པར་ཇི་ལྟར་མིན། ཤཱཀྱ་བློའི་འགྲེལ་པར་ཁྱེད་ཅག་གི་འདོད་པ་དེ་བཤད་དོ། །ཞེས་པ་ཡང་རྣམ་པར་བརྟག་དགོས་ཏེ། ཤཱཀྱ་བློས། འདི་སྐད་དུ། རོ་ལས་གཟུགས་དངོས་སུ་རྗེས་སུ་དཔོག་པ་ནི་མིན་ནོ། །འོན་ཀྱང་རོའི་རྒྱུ་ཁོ་ནའི་གཟུགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུའི་ནུས་པ་ཐོགས་མེད་ཉིད་རྗེས་སུ་དཔོག་པར་བྱེད་དེ། དེ་བཞིན་དུ་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པའི་འབྲས་བུའི་གཏན་ཚིགས་ཀྱི་ནང་དུ་འདུའོ་ཞེས་གསུངས་ལ། ཁྱེད་ལྟར་ན། དེའི་ནང་དུ་འདུའོ་ཞེས་གསུང་ཅི་ཞིག་དགོས་ཏེ། རྒྱུ་ཆོས་རྗེས་དཔོག་གི་གཏན་ཚིགས་གང་ཡིན་ཐམས་ཅད། འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པའི་འབྲས་རྟགས་ཡིན་པའི་ཕྱིར། རོ་ལས་གཟུགས་དངོས་སུ་མི་དཔོག་པར་གསུངས་པ། དེ་གཉིས་ལ་དངོས་ཀྱི་འབྲེལ་པ་མེད་པ་ལ་དགོངས་ཤིང༌། ནུས་པ་དཔོག་པར་གསུངས་པ་ཡང་ནུས་པ་དང་དངོས་ཀྱི་འབྲེལ་པ་གྲུབ་པ་ལ་དགོངས་སོ། །འདི་ལ་རྟོགས་ལྡན་དག་འདི་སྐད་དུ་རྒོལ་བ་སྲིད་དེ། འོ་ན་བུར་གཟུགས་ད་ལྟར་བ་དེ་ཡང་བུར་རྡོག་ལ་བུ་རམ་གྱི་རོ་ད་ལྟར་བ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་ཞེ་ན་ནི། དེ་རིགས་པ་མཚུངས་པས་ཤིན་ཏུ་འདོད་དོ། །འདོད་ན་བསྒྲུབ་བྱ་སྒྲུབ་བྱེད་རྟོགས་པ་ཕན་ཚུན་བརྟེན་པའམ། རེས་འགའ་ལྐོག་གྱུར་ཡང་མངོན་གྱུར་གྱི་སྒྲུབ་བྱེད་ཡིན་ལ། བུ་རམ་གྱི་རོ་ད་ལྟར་བ་དེ་ཁ་ནང་གི་བུར་རྡོག་ལ་བུར་གཟུགས་ད་ལྟར་བསྒྲུབ་པའི་རྟགས་ཡང་དག་དང༌། ཅིག་ཤོས་ཚུལ་ལ་སྒྲུབ་པའི་ཡང་རྟགས་ཡང་དག་ཡིན་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། རྟགས་སུ་འགྲོ་ཚུལ་གཉིས་པོ་རྒོལ་ཕྱིར་རྒོལ་སོ་སོ་ལ་ཡིན་པས། རེས་འགའ་ནི་བུར་གཟུགས་མངོན་དུ་གྱུར་ནས། བུ་རམ་གྱི་རོ་ལྐོག་ཏུ་གྱུར་པ་སྲིད་པས། མཁར་གཞོང་གི་ནང་གི་བུར་རྡོག་ལ། རོ་བསྒྲུབ་པ་ལ། གཟུགས་ད་ལྟར་བ་རྟགས་ཡང་དག་ཏུ་འགྱུར། རེས་འགའ་ནི་རོ་མངོན་དུ་གྱུར་ནས། གཟུགས་ལྐོག་ཏུ་གྱུར་པ་སྲིད་པས། ཁ་ནང་གི་བུར་རྡོག་ལ་གཟུགས་སྒྲུབ་པ་ལ་རོ་རྟགས་སུ་འགྱུར་བ་ཡིན་ནོ། །ཆོས་ཅན་གཅིག་གི་སྟེང་དུ་གཉིས་ཀ་ཡང༌། གཉིས་ཀའི་གཏན་ཚིགས་སུ་འགྱུར་བ་ནི་མིན་ནོ། །རྣམ་འགྲེལ་དུ། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །ཞེས་དང༌། འདས་ད་ལྟར་གཉིས་ལས། གཞན་མ་འོངས་པ་སྒྲུབ་པའི་འབྲས་རྟགས་ཡང་དག་མ་གསུངས་ལ། རྣམ་པར་ངེས་པ་ལས། འདིས་ནི་གྲོག་མ་འཕོ་བ་དང་ཉ་འཕར་བ་ལ་སོགས་པ་ལས་ཆར་ལ་སོགས་པ་རྗེས་སུ་དཔོག་པ་ཡང་བཤད་པ་ཡིན་ཏེ། ཞེས་མ་འོངས་པ་དཔོག་པའི་འབྲས་རྟགས་ཡང་དག་ཀྱང་སྲིད་པ་ལྟ་བུར་གསུངས་པ་དང༌། ཡང༌། ཚོགས་པ་རྣམ་པར་བཞག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་པས། །དེ་དག་མེད་ན་དེ་མེད་ཕྱིར། །བ་ལང་ཉིད་ལས་རྭ་ཅན་ཡིན། །ཞེས། བ་ལང་ཡིན་པའི་རྟགས་ཀྱིས་འགའ་ཞིག་རྭ་ཅན་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་དང༌། ཆུ་ཡི་བདག་ཉིད་དེ་འདྲ་བ། །གཞི་ལས་མངོན་པར་གྲུབ་པའི་ཕྱིར། །དེ་ཡི་འབྲས་ཡིན། ཞེས་སྔ་མ་དེ་དག་ཏུ་མ་འདུས་པ་ལྟར། སྣང་བའི་འབྲས་བུའི་གཏན་ཚིགས་གསུམ་གསུངས་སོ། །དགོངས་པ་ནི། ཉ་འཕར་བ་དང༌། ཀློག་འཁྱུག་པ་དང༌། སྦལ་པ་སྐད་འབྱིན་པ་སོགས་རང་དུས་མཉམ་པའི་ཆར་སྤྲིན་རུམ་ན་གནས་པ་དེ། དངོས་ཀྱི་རྒྱུ་ཚོགས་ཚར་གཅིག་ལ་རག་ལས་པ་དང༌། ནོག་ལྐོག་ཤལ་དང་རྭ་ཅན་གྱི་ཚོགས་དོན་དེ་ལ་བ་ལང་གི་ཐ་སྙད་འཇོག་ལ། དེ་ཚེ་ཚོགས་པ་ཅན་རེ་རེ་བ་དེ་ཚོགས་དོན་དེའི་རྒྱུ་ཡིན་པ་འདི་ལའང༌། ཁ་ཅིག་མགོ་བོ་རྩིག་པའི་ཕག་ཏུ་སོང་བའི་གོང་བུ་རྭ་ཅན་དུ་སྒྲུབ་པ་ཡིན་གྱི་གཞན་ལ་ཤེས་འདོད་མེད་དོ་ཞེས་ཟེར་ལ། རྔོག་ལོ་ཆེན་པོ་ནི། ཐག་རིང་པོའི་གོང་བུ་དེར་སྒྲུབ་བོ་ཞེས་གསུང༌། འདི་ལ་ཚོགས་པས་ཡ་གྱལ་སྒྲུབ་པའི་འབྲས་རྟགས་ཞེས་བྱའོ། །འདི་ལ་ཅིག་ནི་རྣམ་གཞག་གི་འབྲས་བུ་ལས་རྣམ་འཇོག་གི་རྒྱུ་སྒྲུབ་པས་འབྲས་རྟགས་སོ་ཟེར་བ་ལ། ལོ་ཆེན་གྱིས། དེ་ལྟ་ན་བདག་གཅིག་གི་འབྲེལ་པར་སོང་བའི་ཕྱིར་འབྲས་བུའི་གཏན་ཚིགས་སུ་མི་འཐད་ཅེས་དང༌། མཚོན་བྱ་རྟགས་སུ་བཀོད་ནས་མཚན་ཉིད་སྒྲུབ་པའི་གཏན་ཚིགས་ཡང་དག་ཀྱང་མི་སྲིད་པའི་ཕྱིར་ཞེས་གསུངས་སོ། །ཉེ་བར་མཁོ་བའི་དོན་གཞན་ཡང་ཞར་ལ་བརྗོད་པར་བྱ་སྟེ། རྟགས་ཆོས་གཉིས་ལ་དངོས་ཀྱི་འབྲེལ་པ་མེད་ཀྱང༌། བརྒྱུད་ནས་མི་འཁྲུལ་བའི་འབྲེལ་པ་ལ་བརྟེན་ནས། རྟགས་ཡང་དག་ཏུ་འགྱུར་བ་ནི་དུ་མ་མཐོང་སྟེ། མིག་ཤེས་ཀྱིས་ཁ་དོག་མཐོང་བ་ལ་བརྟེན་ནས། གཞི་འགའ་ཞིག་ཏུ་ཆུ་ཡོད་པར་གསར་དུ་རྟོགས་པའི་ཤེས་པ་སྐྱེ་བ་མངོན་སུམ་གྱིས་འགྲུབ་ལ། ཆུ་དང་ཆུའི་ཁ་དོག་ལ་འབྲེལ་པ་གཉིས་པོ་ནི་གང་ཡང་མེད་པའི་ཕྱིར། ཅི་སྟེ་དེ་འདྲ་མངོན་སུམ་ཡིན་གྱི་རྗེས་དཔག་མིན་ནོ་ཞེས་དོགས་པར་མི་བྱ་སྟེ། ཆུ་ནི་རེག་བྱའི་སྐྱེ་མཆེད་ཡིན་པས། མིག་ཤེས་ཀྱི་གཟུང་དོན་དུ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་དབྱིབས་དང་ཁ་དོག་གི་ཁྱད་པར་འགའ་ཞིག་མཐོང་བ་ལ་བརྟེན་ནས། གཞི་འགར་བྱེ་མ་དང༌། རྡོ་བ་ལ་སོགས་པ་སའི་ཁྱད་པར་ཅན་འགའ་ཞིག་དཔོག་པ་དང༌། རླུང་གི་འུར་སྒྲ་དང༌། ཆུའི་ཤར་སྒྲ་ལས། གཞི་འགར་རླུང་དང་ཆུ་དཔོག་པའི་རང་དོན་གྱི་གཏན་ཚིགས་ཡང་དག་ནི་མྱོང་བས་འགྲུབ་པ་དང༌། ལག་པས་རེག་བྱ་མྱོང་བ་ན་དུང་གི་དབྱིབས་གསར་དུ་རྟོགས་པ་ཡང་དམིགས་པའི་ཕྱིར། འདི་དག་ནི་ཕལ་ཆེར་རང་དོན་སྐབས་ཀྱི་གཏན་ཚིགས་ཡིན་ལ། དོན་ལ་མིག་ཤེས་ཀྱི་ཁ་དོག་མཐོང་བ་ལས། སའི་རེག་བྱ་དཔོག་པ་ཡིན་ཀྱང༌། ཚུ་རོལ་མཐོང་བ་རྣམས་ཀྱིས་ས་དང་སའི་ཁ་དོག་གཅིག་ཏུ་འཁྲུལ་ནས་འདི་ནི་སའོ་ཞེས་ཞེན་པས། རྟགས་ལས་བསྒྲུབ་བྱ་རྗེས་སུ་དཔོག་པའི་སྔ་ཕྱིའི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མེད་དོ། །གཞན་དོན་གྱི་རྟགས་སུ་འགྱུར་བའང་སྲིད་ལ། དེའི་ཚེ། ཕྱོགས་དེར་ཆོས་ཅན། ས་ཡོད་དེ། ཁ་དོག་སྐྱ་བོ་དང་ལྡན་པའི་ཕྱིར། ཞེས་སམ། ཡང་སའི་ཁ་དོག་དང་ལྡན་པའི་ཕྱིར་ཞེས་བརྗོད་ཀྱང་འགལ་བ་མེད་དེ། དེ་ལ་ཡང་སའི་ཁ་དོག་ཡོད་པར་ངེས་ནས་ས་ཡོད་མེད་ཐེ་ཚོམ་ཟ་བ་ནི་མི་དགོས་ཏེ། སྔར་བཤད་པ་དང་སླར་ཡང་འཆད་པར་འགྱུར་བ་ལས་རྟོགས་སོ། །ཡིད་ཆེས་པའི་གཏན་ཚིགས་འབྲས་བུའི་རྟགས་ཡང་དག་གི་ཁོངས་སུ་བསྡུ་བའི་ཚུལ་ནི་ཤིན་ཏུ་དཀའ་བར་སྣང་བ་འོག་ཏུ་དཔྱད་པར་བྱའོ། །གཉིས་པ་རང་བཞིན་གྱི་རྟགས་ཡང་དག་ལ་མཚན་ཉིད། དབྱེ་བ། ཆ་མཐུན་ཁོངས་སུ་བསྡུ་བ་དང་གསུམ། དང་པོ་ནི། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་ངེས་པ་དེའོ། །སྔ་རབས་བྱོན་ཟིན་པའི་མཁས་པ་ཆེན་པོ་རྣམས་མཐུན་པར། རྟགས་དེ་ཆོས་ལ་བདག་གཅིག་འབྲེལ་དགོས་པར་བཞེད་པས། དེ་དཔྱད་པར་བྱ་སྟེ། འདི་ལྟར་དུ་རྒྱུ་ནུས་པ་ཐོགས་མེད་དེ་ཆོས་ཅན་མི་རྟག་པའི་དུ་བ་ལ་བདག་གཅིག་ཏུ་འབྲེལ་བར་ཐལ། གཞི་འགའ་ཞིག་མི་རྟག་པའི་དུ་བ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་འགྱུར་ཏེ། རྟགས་ཡང་དག་གསུམ་པོ་གང་དུ་ཡང་མི་རུང་བའི་ཕྱིར། འདོད་ན། ཚུལ་གསུམ་ལས་གང་མ་གྲུབ་པ་ཡིན་བརྟགས་ན་འཇིག་གོ །འདི་གཉིས་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་པ་ཡིན་ཏེ། རྣམ་ངེས་ལས། དེའི་རང་གི་ངོ་བོ་དང་ཁྱད་པར་མེད་པས་དེ་མ་དམིགས་པ་ནི་རང་བཞིན་མ་དམིགས་པར་བཤད་དོ། །ཞེས་རང་བཞིན་མ་དམིགས་པའི་རྟགས་དང་འབྲེལ་པ་ངེས་བྱེད་འདྲ་བར་བཤད་པའི་ཕྱིར། འོ་ན། འབྲས་བུ་ན་ཡང་ག་ལ་ངེས། །ཞེས་རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་སྒྲུབ་པ་ལ་ཁྱབ་པ་མ་ངེས་པར་བཤད་པ་མ་ཡིན་ནམ་ཞེ་ན། རྒྱུ་ཙམ་འཁྲུལ་ཡང༌། རྒྱུ་ནུས་པ་ཐོགས་མེད་མི་འཁྲུལ་བར་བཤད་དེ། རིགས་གཏེར་རང་འགྲེལ་ལས། མུ་སྟེགས་བྱེད། རྟགས་ལོག་པར་འདོད་པའི་རྒྱུ་ནུས་པ་ཐོགས་མེད་ཀྱིས། འདུས་བྱས་ཀྱི་དུ་བ་སྒྲུབ་པའང་དོན་གཞན་ལ་མི་ལྟོས་པའི་ཕྱིར་རང་བཞིན་གྱི་ཁོངས་སུ་འདུའོ་ཞེས་གསུངས་སོ། །རྣམ་ངེས་ལས། རྒྱུའི་རྫས་སྤྱི་ལ་བསམས་ནས་འབྲས་བུ་མི་དམིགས་པ་གོ་བར་བྱེད་པ་ཡིན་པར་བཤད་དེ། དཔེར་ན་འདི་ན་མེ་མེད་དེ་དུ་བ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ་ཞེས་གསུངས། རྣམ་འགྲེལ་ལས། འབྲས་བུའི་ལས་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་དང༌། རྒྱུ་ལས་འབྲས་བུ་སྒྲུབ་པ་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་དང༌། རྣམ་པར་ངེས་པ་ལས། ནུས་པ་ལ་ནི་གེགས་བྱ་བར་མི་ནུས་ཏེ། །ཐ་མའི་གནས་སྐབས་ན་ཡོངས་སུ་འགྱུར་བ་མེད་ཕྱིར་ཏེ། སྐད་ཅིག་ལ་ཆ་ཤས་མེད་པའི་ཕྱིར་ཞེས་གསུང་ཞིང༌། རྒྱུ་མ་དམིགས་པས་ནི་དངོས་པོ་མེད་པ་གོ་བར་བྱེད་ལ། རང་བཞིན་མ་དམིགས་པས་ནི་རང་བཞིན་མེད་པ་ཁོ་ན་ཡིན་ཏེ། དེ་ལ་ཡུལ་ཅན་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །དེ་ཡི་ངོ་བོས་ཁྱབ་པའི་འབྲས་བུ་མ་དམིགས་པ་ནི་མེད་པ་ཡང་ཡིན་ནོ་ཞེས་གསུངས་སོ། །རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེས་ཀྱང༌། རང་བཞིན་གྱི་རྟགས་ལ་དོན་གཞན་སྒྲུབ་པ་དང༌། དོན་གཞན་མིན་པ་སྒྲུབ་པ་གཉིས་སུ་མཛད་ནས། དང་པོ་དུ་བའི་རྒྱུ་ནུས་པ་ཐོགས་མེད་ཀྱིས་མི་རྟག་པའི་དུ་བ་སྒྲུབ་པ་ལྟ་བུ་ལ་བྱེད་པར་གསུངས་སོ། །གཞན་ཡང༌། འབྲས་བུའི་ལས་ལ་གེགས་བྱེད་པ་དང༌། མེད་པ་ཅན་གྱི་རྒྱུ་ཚོགས་རྟགས་སུ་བཀོད་ནས། གཞི་འགར་འབྲས་བུ་བསྐྱེད་ངེས་སུ་སྒྲུབ་པའི་གཏན་ཚིགས་གསུངས་པ་གང་དུ་བསྡུད། དེ་མ་གསུངས་སོ་སྙམ་ན། གང་དག་དེ་ཡོད་གཞན་ལྟོས་མེད། །དེ་དག་དེ་ཡོད་པ་ངེས་ཡིན། །འབྲས་བུའི་ལས་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་པའི་དཔེ་ཇི་ལྟར་སྒྲུབ་སྙམ་དུ་ཁོ་བོ་དོགས་སོ། །འཇིག་པ་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་པོ་རྟགས་སུ་བཀོད་ནས། བུམ་པ་དང་པོ་གྲུབ་ཙམ་ནས་འཇིག་ངེས་སུ་སྒྲུབ་པའང༌། རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་སྒྲུབ་པའི་གཏན་ཚིགས་སུ་མཐོང་ངོ༌། །དངོས་རྒྱུ་རྟགས་སུ་བཀོད་ནས་དངོས་འབྲས་སྒྲུབ་པའི་གཏན་ཚིགས་འདི་ལ་ཚད་མ་རྣམས་པར་ངེས་པར་ཕྱོགས་ཆོས་ལ་དཔྱད་པ་མཛད་ལ། ཁྱབ་པ་ལ་མ་མཛད་དོ་ཞེས་ཤེས་དགོས་སོ། །ཕྱི་རབས་ཀྱི་ཚིག་ཕྲེང་བ་དག་མཐུན་པར། རང་བཞིན་གྱི་རྟགས་ཡང་དག་གི་ཟུར་དུ། དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། ཁྱོད་དང་བདག་ཉིད་གཅིག་ཡིན་པས་ཁྱབ་པ་ཞེས་ཟེར་བའང༌། སྡེ་བདུན་གྱི་དགོངས་པ་དང་འགལ་བར་དོགས་ཏེ། རྩོལ་བྱུང་ཆོས་ཅན། དུང་སྒྲ་མི་རྟག་པར་སྒྲུབ་པའི་དེར་ཐལ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་རྩོལ་བྱུང་དང་བདག་ཉིད་གཅིག་ན། མི་རྟག་པ་ཆོས་ཅན། རྩོལ་མ་བྱུང་གི་དངོས་པོ་ལ་རྗེས་སུ་མི་འགྲོ་བར་ཐལ་ལོ། །ཁྱབ་སྟེ། རིགས་ལྡན་རིགས་མིན་གང་གི་ཕྱིར། །གསལ་བའི་ངོ་བོ་གཞན་རྟེན་མེད། །ཅེས་དང༌། ངོ་བོ་གཉིས་ཉིད་ཡོད་ན་ཡང༌། །དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། །ཞེས་མི་རྟག་པ་ལ། རྩོལ་བྱུང་དང་ངོ་བོ་གཅིག་མི་གཅིག་གཉིས་སུ་དབྱེར་ཡོད་ན་མཐའ་གཅིག་ཏུ་ངོ་བོ་གཅིག་པ་འགལ་ལོ་ཞེས་གསུང༌། དེ་བཞིན་དུ་ཤིང་ཡང་ཤ་པ་དང་ངོ་བོ་གཅིག་ཏུ་ཁས་ལེན་དགོས་པས། རིགས་གཏེར་ལས། ཤིང་མིན་ལས་ལྡོག་དངོས་པོ་དེ། །ཤ་པ་ཡིན་ན་གཞན་ཤིང་མིན། །གཞན་ཤིང་ཡིན་ན་ཤ་པ་མིན། །དེ་ཡི་རང་བཞིན་གཞན་མིན་ཕྱིར། །ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས། །བདག་ཉིད་ཆེན་པོའི་རིགས་པ་འགོག །ནགས་ལ་གནས་པའི་སྤྲེ་འུ་དག །ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་བཀག་པར་མཛད་པའི་དོན་དེ་ཉིད་ཁས་བླངས་པ་ཡིན་ནོ། །དེས་ན་སྤྱི་གསལ་བ་དང་རྫས་གཅིག་པར་ཁས་ལེན་པ་གྲངས་ཅན་གྱི་གྲུབ་པའི་མཐའ་བླ་ན་མེད་པ་ཡིན་པས། དངོས་པོ་བུམ་པ་དང་རྫས་གཅིག་ཏུ་ཁས་ལེན་པར་བྱེད་པ་སྡེ་བདུན་ལས་རང་ལུགས་སུ་བཤད་པ་མེད་དོ། །དེ་ལྟར་ཡང་བུམ་པ་ནི་དངོས་པོ་དང་རྫས་གཅིག་ཡིན་ཏེ། བུམ་པ་ཉིད་དངོས་པོའི་རྫས་ཡིན་ཅིང༌། དངོས་པོ་ལས་མ་གཏོགས་པའི་བུམ་པའི་རྫས་མེད་པའི་ཕྱིར། དེའི་ཕྱིར་བྱེ་བྲག་གི་དངོས་པོ་རྣམས་རང་གི་ཁྱབ་བྱེད་དང༌། བདག་ཉིད་དམ་ངོ་བོ་གཅིག་ཏུ་ཁས་བླངས་པར་བྱ་བ་ཡིན་གྱི་ཁྱབ་བྱེད་ཀྱི་དངོས་པོ་རང་གི་བྱེ་བྲག་དང་བདག་ཉིད་གཅིག་པ་ཡིན་པར་ཁས་ལེན་དུ་མི་རུང་ངོ༌། །དེ་དང་ཐ་དད་ནས་བདག་ཉིད་དམ་ངོ་བོའམ། རང་བཞིན་ནམ། དངོས་པོའམ། རྫས་གཅིག་ན་བདག་གཅིག་ཏུ་འབྲེལ་དགོས་པ་ཡིན་ཏེ། བདག་གཅིག་ཏུ་འབྲེལ་བ་ལ། ཐ་དད་ཀྱི་སྟེང་དུ་ངོ་བོ་གཅིག་པ་ལས། སྒྲུབ་བྱེད་ཀྱི་རིགས་པ་གཏན་མ་གསུངས་བའི་ཕྱིར་ཏེ། རང་བཞིན་ལའང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིས། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །ཞེས་དང༌། དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཞེས་དང༌། རང་བདག་རྣམ་དབྱེར་མེད་གང༌། ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །རྒྱས་པར་ནི་སྤྱི་དང་བྱེ་བྲག་བརྟག་པའི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་དབྱེ་བ་ལ། རིགས་གཏེར་ལས། སྒྲུབ་བྱེད་རྟགས་ཀྱི་སྒོ་ནས་དབྱེ་བ་དང༌། བསྒྲུབ་བྱའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཁྱད་པར་མ་ལྟོས་པ་དང༌། ལྟོས་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ་དག་པ་དང༌། གཉིས་པ་ལ། རང་གི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་དང༌། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་གཉིས། དང་པོ་ལ་གཉིས་ཏེ། ལྟོས་པོ་ཁོང་ན་ཡོད་པ་བྱས་པ་བཀོད་པ་ལྟ་བུ་དང༌། ལྟོས་པ་དངོས་སུ་བརྗོད་པ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་རྟགས་སུ་བཀོད་པ་འབྲེལ་པ་གཞན་ལ་ལྟོས་པ། སྐྱེ་བ་དང་ལྡན་པ་རྟགས་སུ་བཀོད་པ་ལྟ་བུའོ། །བསྒྲུབ་བྱས་དབྱེ་བ་ལ། དོན་སྒྲུབ་དང་ཐ་སྙད་བསྒྲུབ་སྟེ། ཞེས་གསུངས་སོ། །འདིར་དག་ལྟོས་ཀྱི་ཁྱད་པར་ལ། དེ་སྒྲུབ་ཀྱི་རང་བཞིན་གྱི་གཏན་ཚིགས་ཡང་དག་གང་ཞིག རང་མིང་ལས་རང་གི་ངོ་བོ་ངེས་པ་རང་གི་ཁྱད་པར་བྱེད་ཆོས་ངེས་པ་ལ་ལྟོས་པ་དང་མི་ལྟོས་པའོ། །དཔེར་བརྗོད་པ་ནི་སྔ་མ་དེ་ཉིད་དོ། །འདི་ལ་དར་ཊཱིཀ་མཛད་པ་ན་རེ། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རྟགས་ཡང་དག་ཏུ་ཐལ། མཚན་ཉིད་དེ་ཚང་བའི་ཕྱིར་ཏེ། རང་གི་ངོ་བོ་ངེས་པ་དོན་བྱེད་ནུས་པ་ངེས་པ་ལ་བལྟོས་པའི་ཕྱིར་ཏེ། དོན་བྱེད་ནུས་པ་དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་སྐྱོན་བརྗོད་ནས། རང་བརྗོད་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་འཕངས་པ་དང༌། མ་འཕངས་པ་ཞེས་ཁྱད་པར་འབྱེད་དོ། །ཉེས་པ་སྔ་མ་དེ་ནི། འདི་ལ་ཆེར་འཇུག་སྟེ། དངོས་པོ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་བློས་ཡུལ་དུ་འཕངས་པར་ཐལ། དེས་དོན་བྱེད་ནུས་པ་བློ་ཡུལ་དུ་འཕངས་པའི་ཕྱིར་ཏེ། དངོས་པོ་ཞེས་བརྗོད་པའི་སྒྲ་དེ་དོན་བྱེད་ནུས་པ་ཐུན་མོང་མིན་པར་གོ་ནུས་ཀྱི་མིང་ཡིན་པའི་ཕྱིར་ཏེ། དེ་དེའི་མཚོན་བྱ་ཡིན་པའི་ཕྱིར། ཁྱེད་ཀྱིས་འདོད་པའི་ཁྱད་པར་དེ་ནི་ཡི་གེའི་དོན་ལ་མ་ཞུགས་ཏེ། རང་བརྗོད་པའི་སྒྲས་རང་གི་ལྟོས་པ་དེ་བློ་ཡུལ་དུ་འཕངས་ན། རང་བརྗོད་པའི་སྒྲ་ལ་བརྟེན་ནས། རང་གི་ལྟོས་པ་དེ་ཉིད་ཀྱང་གོ་ནུས་ལ་དེ་ལྟ་ན་བྱས་པ་བརྗོད་པའི་སྒྲ་དེ་ཉིད་ཀྱིས། རྒྱུ་རྐྱེན་གྱིས་བྱས་པ་དེ་གོ་ནུས་པར་འགྱུར་ལ། དེ་ཡང་དེ་ལྟར་འདོད་ན། དངོས་པོ་བརྗོད་པའི་སྒྲས་ཀྱང་དོན་བྱེད་ནུས་པ་བློ་ཡུལ་དུ་འཕངས་པར་མཚུངས་སོ། །དེས་ལྟོས་པ་འཕངས་པ་དང༌། ལྟོས་པ་ཞིག་ལ་ལྟོས་པར་འཕངས་པའི་ཁྱད་པར་མ་ཕྱེད་དོ། །དེས་ན་ཁྱད་པར་ནི་འདི་ཡིན་ཏེ། བྱས་པའི་ཕྱིར་ཞེས་བརྗོད་པ་ན། སུ་ཞིག་གིས་བྱས་སྙམ་པའི་དོགས་པ་སྐྱེ་བ་ཡིན་ལ། དེ་ཡང་བྱས་པའི་དོན་ཤེས་པ་ལ་ནི། རྒྱུ་རྐྱེན་གྱིས་སོ་སྙམ་པའི་བློ་ངང་གིས་སྐྱེ་ལ། དེ་མི་ཤེས་པ་ལ་ནི་བྱེད་པ་པོ་རྒྱུ་རྐྱེན་ནོ་ཞེས་བསྟན་པ་ལ་བལྟོས་པ་ཡིན་ནོ། །དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལ་ནི། དེ་ལྟ་བུའི་ཁྱད་གཞི་ལ་དོགས་པ་སྐྱེ་བའི་གནས་དེ་ལྟ་བུ་མེད་དོ། །འདིར་སྒྲ་མི་རྟག་པར་སྒྲུབ་པ་ལ་དངོས་པོ་རྟགས་སུ་གསུངས་པ་ནི། རིག་བྱེད་པ། རིག་བྱེད་ཀྱི་སྒྲ་མ་བྱས་པ་ཡིན་པའི་སྒྲུབ་བྱེད་དུ། རྟག་པ་ཡིན་པ་འགོད་པར་བྱེད་པས། དེའི་ངོར་རིག་བྱེད་སྒྲ་མི་རྟག་པར་སྒྲུབ་པ་ལ། བྱས་པ་ཕྱོགས་ཆོས་སུ་མི་འགྲུབ་པས། དངོས་པོ་རྟགས་སུ་འགོད་པ་ཡིན་ནོ། །འོ་ན་གཞུང་གི་སྐབས་དུ་མར་ཡོད་པ་རྟགས་སུ་འགོད་པར་གསུངས་པས་ཡོད་པ་ཡིན་ན། མི་རྟག་པས་ཁྱབ་པར་ཁས་ལེན་ནམ་ཞེ་ན། དབྱིངས་ཀྱི་མདོ་ལས། བྷུ་ཡོད་པ་ལའོ་ཞེས་གསུངས་པས། བྷུ་ཝ་ཞེས་པ། དངོས་པོ། ཡོད་པ། སྲིད་པ། རང་བཞིན། ངོ་བོ། འབྱུང་བ་རྣམས་ལ་འཇུག་ལ། དེ་ཡང་ཡོད་པ་དང་དངོས་པོ་གཉིས་ཀའི་སྒྲ་ཡངས་པར་བྱས་པའི་ཚེ། ཤེས་བྱ་ཐམས་ཅད་ལ་འཇུག་སྟེ་གང་ཚད་མས་གྲུབ་པ་ཐམས་ཅད་ལ་ཡོད་པ་དང་དངོས་པོའི་སྒྲ་འཇུག་པའི་ཕྱིར་སྟེ། དབུ་མ་ལ་འཇུག་པར། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་ཤེས་བྱ་ཀུན་ལ་དངོས་པོའི་སྒྲས་གསུངས་པ་དང༌། སྟོང་པ་ཉིད་ལ། མཐོང་བ་ཡང་དག་པས་རྙེད་པའི་དངོས་པོ་ཞེས་གསུངས་པ་དང༌། མངོན་པ་ཀུན་ལས་བཏུས་ལས། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་དེ། གང་ཞེ་ན། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དང༌། ཞེས་སོགས་འདུས་མ་བྱས་ཀྱི་དངོས་པོ་གསུངས་པ་དང༌། རྣམ་འགྲེལ་མཛད་པས། མེད་པ་རྟག་ཉིད་གང་ལས་ཡིན། །ཞེས་དང༌། མེད་པ་ཡིན་ཞེས་གསུངས་པ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན། །ཞེས་སོགས་དུ་མར་གསུངས་པ་ལྟར་རོ། །ཡོད་པ་དང་དངོས་པོ་གཉིས་ཀའི་སྒྲ་དོག་པར་བྱས་པའི་ཚེ་ནི། དོན་བྱེད་ནུས་པ་ཁོ་ན་ལ་འཇུག་པ་ཡིན་ཏེ། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པ་ཡོད་མ་ཡིན། །ཞེས་ཀུན་བརྟགས་མེད་པར་གསུངས་པ་དང༌། འདུལ་བའི་མདོ་ལས་ནམ་མཁའ་ནི་བར་དུ་ཆོད་པར་འགྱུར་བ་ཡིན་པས་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན། འབྲེལ་པ་ལྟ་ག་ལ་ཡོད། ཅེས་དང༌། རིགས་གཏེར་ལས། རང་མཚན་མེད་ཕྱིར་མངོན་སུམ་མེད། །འབྲེལ་བ་མེད་ཕྱིར་རྗེས་དཔག་མེད། །དེས་ན་ནམ་མཁའ་ཡོད་དོ་ཞེས། །སྒྲུབ་པར་བྱེད་ལ་ཚད་མ་མེད། །ཅེས་དང༌། རི་བོང་རྭ་སོགས་མེད་མོད་ཀྱི། །འདུས་མ་བྱས་དང་འཁྲུལ་ཡུལ་གཉིས། །དེར་སྣང་བ་ཡི་སྟོབས་ཉིད་ལས། །དེ་ཡུལ་ཡོད་པར་གྲུབ་ཅེ་ན། །དེར་སྣང་བ་དེ་ཤེས་པ་ཡིན། །ཕྱིར་འདོད་ཚད་མས་གཞལ་མི་ནུས། །དེས་ན་འདུས་མ་བྱས་གསུམ་དང༌། །འཁྲུལ་ཡུལ་གཉིས་ལ་ཚད་མ་མེད། །ཅེས་འདུས་མ་བྱས་རྣམས་ཐ་སྙད་དུ་ཡང་མེད་པར་ཡང་གསུངས་ལ། ཐད་ཀ་དང་ནི་གོང་མ་ཡི། །སྤྱི་དང་བྱེ་བྲག་གཉིས་གཉིས་ཡོད། །ཅེས་འདུས་མ་བྱས་ཡོད་པར་ཡང་གསུངས་པའི་གནས་སྐབས་རྣམས་སོ་སོར་འབྱེད་དགོས་ཀྱི་མཐའ་གཅིག་ཏུ་བཞག་པར་མི་ནུས་ཏེ། དཔེར་ན། གཽ་ཞེས་པའི་སྒྲ་བཞིན་ནོ། །དེ་ལྟ་མོད་ཀྱི་སྐབས་འདི་ནས་བསྟན་པའི་ཡོད་པ་དེ་ཡིན་ན་མི་རྟག་པས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། སྐབས་འདིར་ཡོད་པ་དང༌། མི་རྟག་པའི་ཁྱབ་འབྲེལ་སྒྲུབ་པ་ན། རྣམ་ངེས་ལས། ནུས་པ་ཐམས་ཅད་རྟོག་པ་དེ་ནི་ཡོད་པའི་མཚན་ཉིད་ལས་མ་འདས་པ་ཡིན་ནོ། །ཞེས་དང༌། རྩོད་རིག་ཡིན། གཏན་ཚིགས་ཐིགས་པར་ཡོད་པའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་ལ་དེ་ལས་ལྟོས་པའི་ཕྱིར་མེད་པ་ཁོ་ནར་འགྱུར་ཏེ། ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །དེ་འབའ་ཞིག་ཏུ་མ་ཟད། གཞལ་བྱ་ཞེས་བྱ་བའི་སྒྲ་དོག་པར་བྱས་པ་ན། གཞལ་བྱ་ལའང༌། རང་མཚན་གྱིས་ཁྱབ་པར་གསུངས་སོ། །ཤེས་བྱ་ལ་ནི་གྲུབ་མཐའ་གོང་འོག་གང་དུ་ཡང་དེ་ལྟར་གསུངས་པ་མེད་དོ་ཞེས་ཁོང་དུ་ཆུད་པར་བྱའོ། །དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། ཡོད་ན་མི་རྟག་པས་ཁྱབ་པ་ཆོས་ཅན་གྱིས་མ་ངེས་པ་བསྟན་ན། འཁོར་གསུམ་དངོས་འགལ་དུ་འགྱུར་རོ་ཞེས་གསུང་མོད། དེ་ལ་དེས་ཁྱབ་པར་ཁས་བླངས་ཀྱི། ཁྱབ་པ་ཡོད་པར་ཁས་མ་བླངས་སོ། །ཅི་སྟེ། དེ་ཉིད་འགལ་ལོ་སྙམ་ན། འོ་ན་ཤེས་བྱ་མིན་པ་ལ་མེད་པས་ཁྱབ་པ་ཡོད་པར་ཐལ། དེ་ལ་དེས་ཁྱབ་པའི་ཕྱིར། འདོད་ན། ཤེས་བྱ་མིན་པ་ཆོས་ཅན། ཁྱོད་ལ་མེད་པས་ཁྱབ་པ་མེད་པར་ཐལ། དེ་ཁྱོད་ཀྱི་ཁྱབ་བྱེད་ཡིན་པ་དེ་མེད་པའི་ཕྱིར། ཅི་སྟེ། ཅིག་ཤོས་ལའང༌། ཁྱོད་ལ་དེས་མ་ཁྱབ་པར་ཐལ། དེ་ཁྱོད་ཀྱི་ཁྱབ་བྱེད་མིན་པའི་ཕྱིར། ཞེ་ན། རྟགས་ཤིན་ཏུ་མ་གྲུབ་བོ། །སྔ་མའང་མ་གྲུབ་བོ་ཞེ་ན། དེ་ཆོས་ཅན། ཡོད་པར་ཐལ། ཁྱོད་ཁྱབ་བྱེད་ཡིན་པ་ཡོད་པའི་ཕྱིར། ཅི་སྟེ། དེ་ལ་ཡང་དེར་ཐལ། ཁྱབ་བྱེད་ཡིན་པའི་ཕྱིར་ཞེ་ན། འོ་ན་ཤེས་བྱ་མ་ཡིན་པ་ཆོས་ཅན། ཁྱོད་མཚོན་བྱ་ཡིན་པ་ཡོད་ན་ཁྱོད་ཡོད་མི་དགོས་པར་ཐལ། ཁྱོད་མཚོན་བྱ་ཡིན་ན་ཁྱོད་ཡོད་མི་དགོས་པའི་ཕྱིར། མཚུངས་རྐང་མ་ཆག་གམ། ཅི་སྟེ། མཚུངས་རྐང་མ་ཆག་སྟེ། ཤེས་བྱ་མ་ཡིན་པ་མཚོན་བྱ་ཡིན་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཡོད་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། རྟགས་བསལ་དངོས་འགལ། ཁྱབ་པ་ཚད་མས་གྲུབ་བོ་སྙམ་ན། འོ་ན་ཤེས་བྱ་མ་ཡིན་ན་མེད་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཡོད་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། འཁོར་གསུམ་དངོས་འགལ་མ་ཡིན་ནམ། གཞན་ཡང༌། ཤེས་བྱ་མིན་པའི་རྟགས་ཀྱིས། བདག་མེད་པར་ཐལ་བའི་རྗེས་ཁྱབ་ཡོད་པར་ཐལ། ཤེས་བྱ་མ་ཡིན་པ་ལ་མེད་པའི་ཁྱབ་པ་ཡོད་པའི་ཕྱིར། དེ་འདོད་ན། དེའི་ལྡོག་ཁྱབ་ནི་ཤིན་ཏུའང་ཡོད་པས་ཤེས་བྱ་མིན་པ་ཆོས་ཅན། མེད་པ་ལ་འབྲེལ་བར་ཐལ། དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། ཁ་ཅིག བདག་མེད་པ་ཆོས་ཅན། ཞེས་སོགས་ཀྱི་སྤྲོས་པ་བྱེད་པ་ཡང༌། ཕུགས་ཀྱི་ཧ་མ་གོ་བར་དགག་པ་མཐར་སོང་བ་ཙམ་ཞིག་ལ་འཁྲི་བར་སྣང་བས་བརྟགས་ན་སྙིང་པོ་མི་སྣང་ངོ༌། །འོན་ཀྱང་ཚིག་ཉིད་ཀྱིས་སུན་འབྱིན་ན། བདག་ཆོས་ཅན། ཁྱོད་རྟག་པ་ཡོད་པར་ཐལ། ཁྱོད་མི་འཇིག་པའམ་དེའི་ཆོས་ཡིན་པ་ཡོད་པའི་ཕྱིར། བདག་གི་མི་འཇིག་པ་མེད་ན་ནི། བདག་ཆོས་ཅན། མི་རྟག་པར་ཐལ། འཇིག་པའི་ཕྱིར། གསུམ་ཆར། དེའི་ཆོས་མེད་པར་འདོད་ན་ནི། བདག་མི་འཇིག་པ་ཆོས་ཅན། ཁྱོད་ཀྱི་ཆོས་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར། མ་གྲུབ་ན། ཁྱོད་འཇིག་པར་ཐལ་ལོ། །ཁྱོད་མི་འཇིག་པ་མེད་པའི་ཕྱིར། གསུམ་ཆར་ཁས་བླངས། ཞར་ལ་འོངས་པའོ། །དེ་ལྟར་ན་དིང་སང་བུམ་པ་དངོས་པོ་ཡིན་པ་དེ་དངོས་པོར་འདོད་བཞིན་དུ་བུམ་པ་ཡོད་པ་སོགས་དངོས་པོ་མིན་པར་འདོད་པ་ནི། གཞུང་གི་དགོངས་པ་མ་ཡིན་པར་སྣང་སྟེ། སྒྲ་དོག་པའི་བུམ་པ་ཡོད་པ་དང༌། བུམ་པ་དངོས་པོ་ཡིན་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དེ་ལྟར་བཤད་ན། དོན་དམ་པའི་དངོས་པོ་དང༌། ཀུན་རྫོབ་པའི་དངོས་པོ་གཉིས་སུ་དབྱེ་བ་གཞུང་ལས་མ་བཤད་དོ་ཞེས་ཟེར་བ་ཡང་བཀག་སྟེ། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་དངོས་པོ་ཡིན། །གཞན་ནི་ཀུན་རྫོབ་དངོས་པོ་སྟེ། །ཞེས་བྱ་བར་འགྱུར་བའི་ཕྱིར། །འོན་ཀྱང་ཀུན་རྫོབ་པའི་དངོས་པོ་ཞེས་རྟོག་པ་ལ་དངོས་པོར་སྣང་བ་གཅིག་ལ་མཛད་པར་སྣང་སྟེ་འཆད་པར་འགྱུར་རོ། །གཉིས་པ་ཆ་མཐུན་ཁོངས་སུ་བསྡུ་བ་ལ། དངོས་དང་དོགས་པ་བཅད་པ་གཉིས། དང་པོ་ནི། རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་ནས་གཞི་འགའ་ཞིག་ཏུ། འབྲས་བུ་བསྒྲུབ་པའི་གཏན་ཚིགས་འདི་གཏན་ཚིགས་ཕུང་པོ་གསུམ་པར་ཐལ། རྟགས་ཆོས་རྫས་ཐ་དད་པས་རང་བཞིན་གྱི་གཏན་ཚིགས་སུ་མི་རུང་ཞིང༌། མི་དམིགས་པ་ཡང་མི་རུང་ལ། རྒྱུ་རྟགས་སུ་བཀོད་པས་འབྲས་བུའི་རྟགས་སུ་མི་རུང་བའི་ཕྱིར་རོ་ཞེ་ན། དངོས་སུ་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལ་དངོས་འབྲེལ་མེད་ཀྱང༌། ལྟོས་མེད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ཀྱི་འབྲེལ་པ་གྲུབ་པའི་ཕྱིར་རང་བཞིན་གྱི་རྟགས་སོ་ཞེས་སྟོན་པ་ནི། དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་པའོ། །གནས་འདི་ལ་ཁོ་བོ་འདི་སྙམ་དུ་སེམས་ཏེ། འདིར་རྒྱུ་ཚོགས་གྲངས་ཚང་ཞེས་པ་དངོས་ཀྱི་རྒྱུ་ཚོགས་ལ་བྱེད་དགོས་ཏེ། དོན་གཞན་ལ་ནི་མི་ལྟོས་ཕྱིར། །ཞེས་པ་དང་འབྲེལ་བའི་ཕྱིར། རྒྱུད་རྒྱུ་ཡིན་ན་རྒྱུ་དོན་གཞན་ལ་མི་ལྟོས་པ་ཇི་ལྟར་འགྲུབ་ཅེས་དཔྱད་དགོས་པ་ཡིན་ནོ། །མ་ངེས་པ་ནི་ཉིད་ཡིན་ཏེ། །ཞེས་པའང༌། རྒྱུད་པའི་རྒྱུ་ཚོགས་གྲངས་ཚང་ལ་བྱེད་དགོས་ཏེ། གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་པས་སོ། །དེ་ལྟར་བཤད་ན། ནས་མྱུག་གི་དངོས་ཀྱི་རྒྱུ་ཚོགས་གྲངས་ཚང་དེ་ཆོས་ཅན། ནས་མྱུག་གི་དངོས་ཀྱི་རྒྱུ་ཚོགས་གྲངས་ཚང་བའི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེད་ངེས་སུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་པོ་ལྟོས་མེད་དང་གནོད་པ་ཅན་གྱི་རྟགས་གཉིས་ལ་བརྟེན་པའི་ཚད་མས་ངེས་པའི་ཕྱིར། ཞེས་པ་ནི། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་པའོ། །ལྟོས་མེད་ཀྱི་རྟགས་ཀྱིས་རྗེས་འགྲོ་ཇི་ལྟར་སྒྲུབ་ཅེ་ན། ནས་མྱུག་གི་དངོས་ཀྱི་རྒྱུ་ཚོགས་གྲངས་ཚང་དེ་ཆོས་ཅན། ནས་མྱུག་སྐྱེད་ངེས་པ་ཡིན་ཏེ། དེ་སྐྱེད་པ་རྒྱུ་དོན་གཞན་གྱི་ལྟོས་པ་མེད་པའི་ནས་མྱུག་གི་རྒྱུ་ཚོགས་ཡིན་པའི་ཕྱིར་ཞེས་པ་ནི། དོན་གཞན་ལ་ནི་ལྟོས་མེད་ཕྱིར། །ཞེས་པའོ། །དོན་འདི་ནི། འབྲས་བུའི་ལས་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་པས་བཤད་དོ། །གནོད་པ་ཅན་གྱི་ལྡོག་པ་ཇི་ལྟར་སྒྲུབ་ཅེ་ན། མྱུ་གུའི་བརྒྱུད་པའི་རྒྱུ་ཚོགས་ཆོས་ཅན། རང་འབྲས་མྱུ་གུ་སྐྱེད་ངེས་མིན་ཏེ། དེ་སྐྱེད་པ་ལ་གེགས་བྱེད་པ་སྲིད་པའི་ཕྱིར། ཞེས་པ་ནི་ཚོགས་པའི་འབྲས་བུ་ཞེས་པའོ། །ཡང་ན། གཞུང་གཉིས་པོ། དངོས་ཀྱི་རྒྱུ་ཚོགས་རྟགས་སུ་འགོད་ན་རང་བཞིན་གྱི་རྟགས་ཡིན་ལ། བརྒྱུད་པའི་རྒྱུ་ཚོགས་རྟགས་སུ་བཀོད་ན་ཁྱབ་པ་མ་ངེས་སོ་ཞེས་སྟོན་པར་གསལ་ལོ། །དེ་ལྟ་མིན་པར། མྱུ་གུ་འབྱུང་རུང་སྒྲུབ་པ་ལ་ནི་རྒྱུ་ཚོགས་གྲངས་ཚང་རྟགས་སུ་འགོད་མི་དགོས་ཏེ། ནས་ཀྱི་ས་བོན་དང་ལྡན་པ་རྐྱང་པས་ཀྱང༌། དེ་སྒྲུབ་ནུས་པའི་ཕྱིར་ཏེ། ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་མེད་པས། །ཞེས་འབྱུང་བ་ལྟར་རོ། །འོན་ཀྱང་རྣམ་ངེས་ལྟར་ན་འདིའི་ཕྱོགས་ཆོས་ལ་དཔྱད་དགོས་ལ། རིགས་གཏེར་ལས་འདི་རྟགས་ཡང་དག་ཏུ་གསུངས་སོ། །གནས་འདི་ལ་དར་ཊཱིཀ་འདི་སྐད་དུ། འདིར་རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་པ་མི་འཐད་དེ། ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཏེ། ནས་མྱུག་གི་རྒྱུར་ངེས་ནས་མྱུག་བསྐྱེད་བྱེད་དུ་མ་ངེས་པ་མི་སྲིད་པའི་ཕྱིར། སྐྱེད་བྱེད་དེ་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་གསུང་ཞིང༌། ནས་མྱུག་སྐྱེད་ན་ནས་མྱུག་སྐྱེད་ངེས་ཡིན་པས་ཁྱབ་སྟེ། གལ་ཏེ་མ་ཁྱབ་ན། ཚད་མ་ཞེན་ཡུལ་ལ་འཁྲུལ་བར་ཐལ། ཚད་མའི་སྟོབས་ཀྱིས་བསྐྱེད་པ་ངེས་ནས་སྐྱེད་ངེས་མ་ཡིན་པའི་ཕྱིར། ནས་དང་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་ཚང་བའི་ཞིང་དེ་ནས་མྱུག་སྐྱེད་ངེས་ཡིན་ཀྱང༌། དེ་ཡིན་ན། དེ་བསྐྱེད་པས་ཁྱབ་པ་མ་ངེས་ཏེ། དེ་ཡང་ཡིན། དེ་སྐྱེད་པ་ལ་འགལ་རྐྱེན་གྱི་གེགས་བྱེད་པ་ཡང་ཡིན་པའི་གཞི་མཐུན་སྲིད་པའི་ཕྱིར། དེས་དེ་བསྐྱེད་པ་ལ་གེགས་སྲིད་ན། དེས་དེ་སྐྱེད་ངེས་མིན་པས་ཁྱབ་པ་མེད་དེ། བུམ་པ་ཡོད་ངེས་མ་ཡིན་པར་ཐལ། བུམ་པ་ཡོད་པ་ལ་གེགས་བྱེད་སྲིད་པའི་ཕྱིར་དང༌། བྱང་སེམས་ས་བརྒྱད་པ་བ་དེས་སངས་རྒྱ་ངེས་མ་ཡིན་པར་ཐལ། དེ་སངས་རྒྱ་བ་ལ་གེགས་བྱེད་པ་སྲིད་པའི་ཕྱིར་ཞེས་གསུང་ངོ༌། །འདི་དག་ནི། ཚིག་ཕྱི་མ་རྣམས་ནི་རང་གི་ཚིག་ལ་ཐལ་བ་མཚུངས་པའི་ལྟག་ཆོད་དུ་སྣང་བས་ཏེ་སུན་ཕྱུང་བ་དང༌། གསུང་སྔ་མ་དེ་ལ་དགོས་པའི་གནས་ཅུང་ཟད་ཀྱང་སྣང་བས་དེ་དཔྱད་པ་གཉིས་སོ། །དང་པོ་ནི། འོ་ན་ནས་དང་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་ཚང་བའི་ཞིང་ཡིན་ན། ནས་མྱུག་སྐྱེད་པའི་ཁྱབ་པ་ངེས་པར་ཐལ། དེ་ཡིན་ན་དེ་སྐྱེད་པས་ཁྱབ་པའི་ཕྱིར་ཏེ། ནས་མྱུག་གི་རྒྱུ་ཡིན་ན། རང་འབྲས་ནས་མྱུག་སྐྱེད་པས་ཁྱབ་པའི་ཕྱིར། གསུམ་ཆར་དངོས་འགལ་དང་འདྲ་བ་མིན་ནམ། འོན་ཀྱང་ཁྱབ་པ་མེད་དོ་ཞེ་ན། ཚད་མ་ཞེན་ཡུལ་ལ་འཁྲུལ་པར་ཐལ། ནས་མྱུག་གི་རྒྱུ་ཡིན་ན་རང་འབྲས་ནས་མྱུག་སྐྱེད་པ་དེ་ཚད་མས་ངེས་པས་ཁྱབ་ལ། དེ་ཡིན་ན་དེ་སྐྱེད་པའི་ཁྱབ་པ་མེད་པའི་ཕྱིར། གསུམ་ཆར་རོ། །བུམ་པ་ཡིན་ན་ཡོད་པས་མ་ཁྱབ་པར་ཐལ། བུམ་པ་ཡང་ཡིན། ཡོད་པ་ལ་འགལ་རྐྱེན་གྱི་གེགས་ཡོད་པ་ཡང་ཡིན་པའི་གཞི་མཐུན་སྲིད་པའི་ཕྱིར། གསུམ་ཆར་དོན་གྱི་སྟེང་ན་དངོས་འགལ། བྱང་སེམས་ས་བརྒྱད་པ་བ་ཡིན་ན། སངས་རྒྱ་བ་ཡིན་པས་མ་ཁྱབ་པར་ཐལ། དེ་ཡང་ཡིན། དེ་ལ་འགལ་རྐྱེན་གྱི་གེགས་ཡོད་པའང་ཡིན་པའི་གཞི་མཐུན་སྲིད་པའི་ཕྱིར། གསུམ་ཆར་དངོས་འགལ། གང་ཡང་རྣམ་ངེས་ལས། རྒྱུ་རྣམ་ཤེས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མིན་ཏེ། མ་ཚང་བ་དང་གེགས་བྱེད་པ་སྲིད་པའི་ཕྱིར་ཞེས་གསུངས་པ་འདི་ལ་ཡང༌། བུམ་པ་ཆོས་ཅན། གདོན་མི་ཟ་བར་ཡོད་པ་མ་ཡིན་པར་ཐལ། ཡོད་པའི་རྒྱུ་མ་ཚང་བ་དང༌། ཡོད་པ་ལ་གེགས་སྲིད་པའི་ཕྱིར་ཞེས་འཕེན་པར་བྱེད་དམ་སོམས་ཤིག གཉིས་པ་ནི། འོ་ན་ཁྱོད་ཀྱི་རྟགས་སྦྱོར་དེ་ལ་ཡང་ཕྱོགས་ཆོས་མི་འགྲུབ་པར་ཐལ། ནས་དང་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་ཚང་བའི་ཞིང་དུ་ངེས་ནས་ནས་མྱུག་སྐྱེད་བྱེད་དུ་མ་ངེས་པ་མི་སྲིད་པའི་ཕྱིར་ཏེ། ཞིང་གི་དོན་མྱུ་གུ་སྐྱེད་པའི་ས་ཕྱོགས་ལ་མི་འདོད་པ་སུ་གང་ཡང་མེད་པའི་ཕྱིར་དང༌། སུ་ཞིག་ཇི་ལྟར་བླུན་པ་ཡང༌། ཞིང་དུ་ངེས་ནས་མྱུ་གུ་སྐྲུན་པར་མ་ངེས་པ་མི་སྲིད་པའི་ཕྱིར། གཞན་ཡང༌། ཤིང་ཤ་པ་ཡིན་པ་དེ་ཤ་པ་ཤིང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་མ་ཡིན་པར་ཐལ། དེ་འདྲའི་ཐེ་ཚོམ་མི་སྲིད་པའི་ཕྱིར། འདོད་ན། རྣམ་པར་ངེས་པ་ལས། རང་བཞིན་རྟགས་ཀྱི་དཔེར་བརྗོད་དུ་ཤིང་ཤ་པ་ཡིན་པའི་ཕྱིར། འདི་ནི་ཤིང་ངོ་ཞེས་གསུངས་པ་དང་ཇི་ལྟར་མི་འགལ། དེས་ན་འདི་ཡང་སྔར་བཤད་པ་ལྟར། ཕྱོགས་ཆོས་སུ་གྱུར་པ་ལ་ཤེས་འདོད་ཆོས་ཅན་རྟགས་དེ་ཡིན་པར་ངེས་ནས། བསྒྲུབ་བྱའི་ཆོས་དེ་ཡིན་མིན་ཐེ་ཚོམ་དང་ལྡན་པ་གཅིག་དགོས་སོ་ཞེས། རང་གི་བློ་ཕྱིན་ཅི་ལོག་གིས་བཏགས་པའི་དོགས་པ་ཞིག་རྒྱུ་མཚན་དུ་བྱས་ནས། དཔལ་ལྡན་གྲགས་པའི་རིགས་པ་འགོག་པའི་གཏམ་དུ་ཤེས་པར་བྱ་སྟེ། དེ་ཡང་རང་གི་མྱོང་བ་ལ་བཀར་ན་དྭ་ལོ། ཁོ་བོ་རང་གི་ཞིང་དེ་ལ་སྟོན་ཐོག་འབྱུང་ངམ་མི་འབྱུང༌། ཞིང་པས་སོ་ནམ་བྱས་སམ་མ་བྱས་ཞེས་དོགས་པས་གྱུར་པ་ལས། རེ་ཤིག་གི་ཚེ་དེ་འདྲའི་ཞིང་དེ་ལ། ཞིང་པས་སོ་ནམ་བྱས་ཏེ། ས་བོན་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་ཁྱད་པར་ཅན་དུ་གྱུར་པ་མཐོང་བའི་མོད་ལ། ཁོ་བོའི་ཞིང་ལ་ལོ་ཐོག་འབྱུང་དུ་རུང་ངོ་སྙམ་པའི་ཤེས་པ་སྐྱེ་བ་དེ་ཙམ་གྱིས་རྟགས་ཡང་དག་གི་དོན་མ་ལུས་པ་ཚང་བ་ཡིན་གྱི། འདི་སྙམ་དུ། ཁོ་བོའི་ཞིང་དེ་ལ་ས་བོན་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་ནི་ཚང་ལོ་ཐོག་འབྱུང་དུ་རུང་ངམ་མི་རུང་སྙམ་དུ་དོགས་པ་ག་ལ་ཡིན། དེ་ལྟར་དོགས་ན་དེ་འདྲའི་དོགས་པ་དེ། གཏན་ཚིགས་ཡང་དག་གང་གིས་ཇི་ལྟར་སེལ་བར་བྱེད། དེ་ལྟ་བུའི་ཐེ་ཚོམ་དོགས་ན། ཁྱེད་ཀྱི་འདི་ལ་ཕྱོགས་ཆོས་མི་སྲིད་དེ། ཐ་སྙད་འབའ་ཞིག་སྒྲུབ་ཙམ་མ་གཏོགས་གཞན་ལ་དེ་འདྲའི་དོགས་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང༌། རང་དོན་སྐབས་ཀྱི་གཏན་ཚིགས་ཕལ་ཆེར་ལ། ཆོས་ཅན་གྱི་སྟེང་དུ་རྟགས་མཐོང་བའི་མོད་ལ་དེ་མ་ཐག་ཏུ་རྗེས་དཔག་སྐྱེ་བ་ཡིན་གྱི། ཆོས་ཅན་དེ་རྟགས་དེར་ངེས་ནས་ཆོས་དེར་དོགས་པ་ཟ་བ་མི་སྲིད་དོ། །དེ་ལྟར་ན་ཤིང་ཤ་པ་ཡང༌། ཤིང་གི་ཁྱད་པར་འགའ་ཞིག་ཤིང་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་ཏེ། ཐོག་མར་གོང་བུ་འདི་ཤིང་ངམ་རྔོ་ཞེས་ཐེ་ཚོམ་ཟ་བར་བྱེད་ཅིང༌། དེའི་འོག་ཏུ་ཤིང་ཤ་པར་ངེས་པ་ན་དེ་མ་ཐག་ཏུ། ཤིང་ཤ་པ་ཡིན་པའི་ཕྱིར་འདི་ནི་ཤིང་ངོ་ཞེས་ངེས་པར་བྱེད་དོ། །དེ་ལྟར་རྣམ་པར་བསམས་པ་ན་ནོར་བུའི་འོད་ཀྱི་རྟགས་ལས་ནོར་བུ་དཔོག་པའི་ཕྱོགས་ཆོས་དང༌། ས་ལུའི་མྱུ་གུས་ས་ལུ་དཔོག་པའི་ཕྱོགས་ཆོས་མི་འགྲུབ་བོ་ཞེས་སྐད་གཟེངས་གཏོད་དེ་སྨྲ་བའང་ཁེགས་སོ། །གསུམ་པ་མ་དམིགས་པའི་གཏན་ཚིགས་ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། དགག་པ་རྐྱང་པ་ཅན་ཡིན་པས་ཁྱབ་པའོ། །གང་དག་འདི་ན་དགག་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། མེད་དགག་ཡིན་པས་ཁྱབ་བོ་ཞེས་མགྲིན་གཅིག་ཏུ་སྨྲ་བ་འདི་ཡང་བརྟག་པར་བྱ་སྟེ། ལམ་པོ་ཆེའི་སྐྱེས་བུ་དེ་བྲམ་ཟེ་དང་དམངས་རིགས་གཉིས་ལས་གང་ཡང་རུང་བར་ནི་ངེས། ནང་ཚན་མ་ངེས་པའི་ཕྱིར་རྒོལ་བའི་ངོར། རྒོལ་བས་སྐྱེས་བུ་དེ་དམངས་རིགས་སུ་སྟོན་པར་འདོད་ནས། ལམ་པོ་ཆེའི་སྐྱེས་བུ་ཆོས་ཅན། བྲམ་ཟེ་མིན་ཏེ། ཁྲུས་དང་གཙང་སྦྲ་དང་དཀའ་ཐུབ་དང་ཐོས་པ་ལ་སོགས་པའི་ཆོས་དང་མི་ལྡན་པའི་ཕྱིར་ཞེས་བཀོད་པའི་ཚེ། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། མིན་དགག་ཡིན་དགོས་པར་ཐལ། དེ་ཡིན་ན་དགག་པ་ནི་ཡིན་དགོས་ཤིང༌། ཁྱོད་ཀྱི་དེ་ལྟར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། རང་གི་དངོས་མིན་གྱིས་ཆོས་གཞན་ཤུགས་ལ་འཕེན་དགོས་པའི་ཕྱིར། མ་གྲུབ་ན་དེ་ལྟར་བཀོད་པའི་ཚེ་ན་བྲམ་ཟེ་མིན་ཞེས་བརྗོད་པའི་ངག་དེ་ཆོས་ཅན། རང་གི་ཚིག་ཟིན་གྱི་བརྗོད་བྱ་དེ་ལས་གཞན་ཞིག་ཤུགས་ལ་འཕངས་པར་ཐལ། ཁྱོད་ཆོས་ཅན་དང་གཅིག་པ་གང་ཞིག ལམ་པོ་ཆེའི་སྐྱེས་བུ་དམངས་རིགས་ཡིན་པ་དེ་ཁྱོད་ཀྱིས་ཤུགས་ལ་འཕངས་པའི་ཕྱིར། དེ་མིན་པར་དགག་པ་ཡིན་པར་ཡང༌། རྟོག་གེ་འབར་བ་ལས། མིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པ་དེ་དང་འདྲ་བ། དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན། འདི་བྲམ་ཟེ་མིན་ནོ་ཞེས་བཀག་པས། དཀའ་ཐུབ་དང་ཐོས་པ་ལ་སོགས་པས་དམན་པའི་ཕྱིར་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ། །ཞེས་གསུངས་ཤིང༌། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མ་ཡིན་དགག་པ་ལ་གསུམ་དུ་མཛད་ནས་བཤད་མ་ཐག་པ་འདི་ཆོས་གཞན་རང་ཚིག་གིས་མི་སྟོན་པའི་མིན་དགག་ཏུ་གསུངས་པའི་ཕྱིར་རོ། །ཁ་ཅིག་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མེད་དགག་«་་་་་འདི་ཕན་ཚུན་ཐམས་ཅད་ལ་འབྲེལ་»ཡིན་པས་ཁྱབ་ཅེས་ཟེར་ལ་དེ་བས་ཀྱང་མི་རིགས་ཏེ། ཞེ་འདོད་ལ་ནམ་མཁའ་འཇིག་མེད་དུ་སྒྲུབ་པར་འདོད་ནས། ངག་ཏུ་ནམ་མཁའ་རྟག་པར་སྒྲུབ་པ་ལ་དོན་བྱེད་ནུས་སྟོང་རྟགས་སུ་བཀོད་པའི་ཚེ་དེས་མ་ངེས་སོ། །འདོད་ན་ཁྱེད་རྟག་པ་མེད་དགག་མིན་པར་འདོད་ཅིང་སྒྲུབ་པར་འདོད་པ་དང༌། ཁྱེད་ཀྱང་རྟག་པ་མེད་དགག་ཏུ་འདོད་ན། །འོ་ན་ཞེ་འདོད་ལ་ནམ་མཁའ་རྟག་པར་སྒྲུབ་འདོད་ནས། རང་དུས་ལས་ལྷག་པར་གནས་ཏེ། མི་འཇིག་པའི་ཆོས་ཡིན་པའི་ཕྱིར་ཞེས་བཀོད་པས་མ་ངེས་སོ། །དེ་ལ་འདི་སྙམ་དུ་དོགས་པ་འབྱུང་བར་ངེས་ཏེ། དུ་བ་དང་ལྡན་པའི་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་གཏན་ཚིགས་དུ་བ་ལ་སོགས་པ་རྣམས་ཀྱང་དགག་པའི་གཏན་ཚིགས་སུ་ཐལ་བར་འགྱུར་ཏེ། རྟག་དངོས་ཀྱིས་སྟོང་པའི་མེ་དེ་ཡང་མ་ཡིན་པར་དགག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ་ཞེ་ན། འདི་ལ་དངོས་པོའི་ལན་དང༌། ཚིག་གི་ལན་གཉིས། དང་པོ་ནི། དེ་འདྲའི་རྟགས་དེ་དགག་པ་དང་སྒྲུབ་པའི་རྟགས་གང་རུང་དུ་འགྱུར་བ་ནི། རྒོལ་བའི་བསམ་པ་ལས་གཞག་དགོས་ཏེ། མེ་ཡོད་པ་ཙམ་ཞིག་བསྒྲུབ་བྱའི་ཆོས་སུ་བྱ་སྟེ་སྒྲུབ་པར་འདོད་ན་ནི། སྒྲུབ་པའི་གཏན་ཚིགས་ཡིན་ལ། མེ་རྟག་པའི་དངོས་པོས་སྟོང་པ་བསྒྲུབ་བྱའི་ཆོས་སུ་བྱས་ཏེ་སྒྲུབ་པར་འདོད་ན་ནི། དགག་པའི་གཏན་ཚིགས་སོ། །དེ་ཡང་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཙོ་བོ་དང༌། རྟགས་སུ་གཟུང་བྱ་གཉིས་ལ། དེ་བྱུང་འབྲེལ་པ་ངེས་བྱེད་ཡོད་མེད་ལ་རག་པ་ཡིན་ནོ། །རིགས་གཏེར་ལས་མ་ཡིན་དགག་ནི་དགག་སྒྲུབ་ཚོགས་པ་ཡིན་པས། སྒྲུབ་པ་གཙོ་ཆེ་ན་སྒྲུབ་པ་དང༌། དགག་པ་གཙོ་ཆེ་ན་དགག་པར་འདོགས་དགོས་སོ་ཞེས་གསུངས་སོ། །དེས་ན་མེའི་སྟེང་དུ་རྟག་པས་སྟོང་པ་ལ་དཔག་འདོད་དང༌། ཤེས་འདོད་གང་ཡང་མེད་པར་མེ་ཙམ་ཞིག་ལ་དེ་དག་ཡོད་པ་ཡིན་ན། རྟག་དངོས་ཀྱིས་སྟོང་པ་ཞེས་སྦྱར་བ་དག་ལྷག་པོའི་སྐྱོན་ཅན་དུ་འགྱུར་བ་ཡིན་ཏེ། བསྒྲུབ་བྱའི་གཙོ་བོ་རྟོགས་པ་ལ་ཕན་གནོད་ཅི་ཡང་མེད་ཅིང༌། བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་རྟག་དངོས་ཀྱི་སྟོང་པ་ལ་ཐེ་ཚོམ་ཙམ་འདྲེན་པར་བྱེད་པས། མི་རྟག་པ་ཡིན་པས་ཕྱིས་རྟགས་གཞན་གྱི་སྒྲུབ་པར་བྱེད་དགོས་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དུ་ལྡན་གྱི་ལ་ལ་ཆུ་མིན་པའི་མེ་ཡོད་པར་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པའང༌། ཆུ་མིན་པ་ཞེས་པ་ཚིག་ལྷག་པ་ཙམ་དགོས་པར་ཟད་ཀྱི། ཆུ་མིན་པ་ཞེས་བརྗོད་པས་བསྒྲུབ་བྱའི་ཆོས་མེའི་ངོ་བོ་རྟོགས་པ་ལ་ཕན་པ་མེད་ཀྱི་སྟེང་དུ་སྔ་མ་ལྟར། ཆུ་ཡིན་པའི་མེ་གཅིག་སྲིད་པའི་དོགས་པ་འདྲེན་པར་འགྱུར་བས་སྐྱོན་དང་བཅས་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ། སྒྲ་ཆོས་ཅན་རྟག་པ་ཡིན་པའི་མི་རྟག་པ་ཡིན་ཏེ་ཞེས་པའང་ལྟག་ཆོད་ཀྱི་གནས་འབའ་ཞིག་གོ །དེ་ལྟར་དགག་ཚིག་ཅུང་ཟད་འབྱར་བ་ཙམ་གྱིས་དགག་པར་འཇོག་ནུས་པ་མིན་ཏེ། དགག་པ་གཉིས་ཀྱིས་རྣལ་མ་གོ་བའང་ཡོད་པའི་ཕྱིར། གཉིས་པ་ཚིག་གི་ལན་ནི། རྟག་དངོས་ཀྱིས་སྟོང་པའི་མེ་ལྟ་བུ་དགག་པ་ཡིན་དུ་ཆུག དེ་ཙམ་གྱིས་དགག་རྟགས་ཀྱི་བསྒྲུབ་བྱའི་ཆོས་སུ་མི་འགྱུར་ཏེ། དགག་རྟགས་ཡང་དག་ནི་མཚན་ཉིད་ཀྱི་ཟུར་དུ་དེ་སྒྲུབ་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། རང་མིང་གི་མཐའ་ཁོ་ནར་དགག་ཚིག་འབྱར་བའི་དགག་པ་ཡིན་པས་ཁྱབ་ཅེས་སམ་ཡང་ན་དགག་པ་རྐྱང་པ་ཅན་ཡིན་པས་ཁྱབ་ཅེས་འཇོག་པ་ཡིན་པའི་ཕྱིར། དེ་འདྲའི་དགག་པ་དེ་ཡིན་ན། མེད་དགག་གི་ཁྱབ་པ་མེད་དེ། སྔར་བཤད་པ་བཞིན་ནོ། །དེ་ལྟར་ན་སྒྲུབ་རྟགས་ཡང་དག་དང་མིན་དགག་བསྒྲུབ་བྱའི་ཆོས་སུ་བྱེད་པའི་གཞི་མཐུན་སྲིད་པ་ལ་འགལ་བར་མི་བསམ་སྟེ། བློ་ཡུལ་དུ་བྱ་རུང་གིས་བུམ་པ་ཤེས་བྱར་གྲུབ་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པ་སོགས་མི་སྲིད་པའི་ཕྱིར་རོ། །དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་མདོ་བརྒྱད་སྟོང་པ་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པ་ལྟ་བུ་ཡང་དམིགས་པའི་ཕྱིར་དང༌། དེ་དགག་པའི་གཏན་ཚིགས་སུ་འདོད་ན་ནི་འབྲེལ་པ་དང་འགལ་ཞིང་ཁྱེད་ཅག་གིས་དེ་ལྟར་འདོད་པའང་མ་ཡིན་ནོ། །རྒྱས་པར་དགག་སྒྲུབ་ཀྱི་སྐབས་སུ་འབྱུང་ངོ༌། །གཉིས་པ་དབྱེ་བ་ལ། དབྱེ་བ་རྒྱས་པར་བཤད་པ་དང༌། དབྱེ་བ་མདོར་བསྡུ་བའི་ཚུལ་གཉིས། དང་པོ་ལ། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་དང༌། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ལ་མཚན་ཉིད་དང༌། དཔེ་བརྗོད་པའོ། །དང་པོ་ལ། གཞན་ལུགས་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ནི། སྙིགས་དུས་ཀྱི་རྟོག་གེ་པ་དག་ཁ་འཆམ་པར། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྤྱིར་ཡོད་ཀྱང་སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་མི་རུང་བ་ཞེས་འཇོག་པ་ནི་མི་རིགས་ཏེ། དེ་ལྟ་ཡིན་ན། རང་བཞིན་མ་དམིགས་པ་མ་གཏོགས་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཐམས་ཅད་ཀྱང་མི་སྣང་བ་མ་དམིགས་པའི་ཚིགས་སུ་ཧ་ཅང་ཐལ་བའི་ཕྱིར། ཇི་ལྟར་ཞེ་ན། དུ་བ་ལྟ་བུ་རང་གི་ངོ་བོ་ཡོད་ན་སྣང་དུ་རུང་བ་ཉིན་མོའི་རྒྱ་མཚོར་དེ་མེད་པར་སྒྲུབ་པ་ལ། དེ་ཉིད་སྣང་རུང་མ་དམིགས་པ་རྟགས་སུ་འགོད། རང་གི་ངོ་བོ་སྣང་དུ་མི་རུང་ཀྱང་རྒྱུ་མེ་ལྟ་བུ་སྣང་དུ་རུང་བ་མཚན་མོའི་རྒྱ་མཚོར་མེ་སྣང་རུང་མ་དམིགས་པ་རྟགས་སུ་འགོད། རང་དང་རྒྱུ་གཉིས་ཀ་སྣང་དུ་མི་རུང་བ་ཐག་རིང་པོའི་ཤ་པ་ལྟ་བུ་ལ་ཁྱབ་བྱེད་ཤིང་སྣང་རུང་མ་དམིགས་པ་རྟགས་སུ་འགོད། དེ་གསུམ་ཀ་སྣང་དུ་མི་རུང་བ་གྲང་རེག་སྟོབས་ཆེན་པས་ཁྱབ་པའི་གཞི་ལྟ་བུར། དུ་བ་མེད་པར་སྒྲུབ་པ་ལ་སྣང་རུང་གི་གྲང་རེག་སྟོབས་ཆེན་པོ་རྟགས་སུ་དགོད། ངོ་བོ། རྒྱུ། ཁྱབ་བྱེད། འབྲས་བུ། འགལ་ཟླ་གང་ཡང་སྣང་དུ་མི་རུང་བ་ལ་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཁོ་ན་འཇུག་ཅིང་སྣང་རུང་མ་དམིགས་པ་འཇུག་པའི་གོ་སྐབས་མི་སྲིད་པར་རྣམ་ངེས་ལས་རྒྱས་པར་འབྱུང་བའོ། །གཉིས་པ་ནི། དེ་ལྟར་སྒྲུབ་པའི་དགག་པའི་གཏན་ཚིགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེའི་ཁྱད་པར་གྱི་གཞི་དེ་ཡོད་ཀྱང་སྐབས་བབ་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་མི་རུང་བའོ། །འདིར་དགག་བྱའི་ཆོས་སུ་བཏགས་པའི་དོན་ཞེས་པའི་ཐ་སྙད་བྱེད་པ་ནི་མི་རིགས་ཏེ། གང་དགག་བྱའི་ཆོས་ཡིན་པ་དེ་ཉིད་ལ། དགག་བྱའི་ཆོས་སུ་སྨྲ་བ་པོའི་རྟོག་པས་སྒྲོ་འདོགས་དགོས་པ་ཡིན་གྱི། དེ་མིན་པ་ཞིག་ལ། དེར་སྒྲོ་བཏགས་པ་ལ་འདོད་ན་དེ་ནི་ལོག་ཤེས་ཀྱིས་དེར་བཏགས་པ་འདོད་དགོས་ལ། དེ་ཡང་རིགས་པ་མ་ཡིན་པའི་ཕྱིར། དེ་བཞིན་དུ། གང་བསྒྲུབ་བྱའི་ཆོས་ཡིན་པ་དེ་ཉིད་ལ། བསྒྲུབ་བྱའི་ཆོས་སུ་རྒོལ་བའི་བསམ་པས་སྒྲོ་བཏགས་པ་ཡིན་ནོ། །གཞན་ཡང༌། ཁྱེད་ཅག་རང་ལྟར་ན། ཤ་ཟ་བསྐལ་དོན་དུ་སོང་བའི་རྒོལ་བའི་རྒྱུད་ཀྱི་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་དེ་ཆོས་ཅན། ཁྱོད་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པར་ཐལ། ཁྱོད་དེའི་དགག་བྱའི་ཆོས་སུ་སྨྲ་བ་པོའི་བསམ་པས་བཏགས་པའི་ཕྱིར། དེས་ན་བཏགས་དོན་ཞེས་པའི་བློ་རྩེ་རང་ལ་གཏད་རྒྱུ་མེད་བཞིན་དུ་ཐ་སྙད་བྱེད་པར་ཟད་དོ། །གཉིས་པ་དཔེར་བརྗོད་པ་ལ། གཞན་གྱི་འདོད་པ་སུན་ཕྱུང་བ་དང༌། རང་གི་འདོད་པ་བཞག་པའོ། །དང་པོ་ནི། སྙིགས་དུས་ཀྱི་གངས་ཅན་པ་རྣམས་མཐུན་པར། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་གང་ལ་བསྐལ་དོན་དུ་སོང་བའི་རྒོལ་བའི་ངོར་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མི་འཇུག་སྟེ། དེའི་རྒྱུད་ཀྱི་ཚད་མས་དེ་མ་དམིགས་པའི་ཕྱིར་ཞེས་དཔེར་བརྗོད་པར་བྱེད་དོ། །དེ་ནི་སྐྱོན་དང་བཅས་པ་ཁོ་ནར་མཐོང་སྟེ། རྟགས་འདི་ཁྱབ་པ་གྲུབ་པའི་དུས་སུ་བསྒྲུབ་བྱ་ངེས་པར་འགྱུར་ཏེ། དེ་སྐོར་གྱི་ཁྱབ་པ་ངེས་པ་ན་དེ་སྐོར་གྱི་བསྒྲུབ་བྱའི་ཆོས་དེ་ངེས་དགོས་ལ། ཤ་ཟ་བསྐལ་དོན་དུ་སོང་བའི་རྒོལ་བའི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མི་འཇུག་པ་དེ་ཚད་མས་ངེས་པའི་རྒོལ་བ་ཡིན་ན། མདུན་གྱི་གཞི་འདིར་ཡང༌། དེ་འདྲ་མི་འཇུག་པར་ངེས་དགོས་པའི་ཕྱིར། དོན་ལ་སོམས་ཤིག གཞན་ཡང༌། མདུན་གྱི་གཞི་འདིར་ཆོས་ཅན། གསེར་བུམ་གང་ལ་བསྐལ་དོན་དུ་སོང་བའི་ངོར་གསེར་བུམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་སྟེ། དེའི་རྒྱུད་ཀྱི་ཚད་མས་གསེར་བུམ་མ་དམིགས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། དེ་ཆོས་ཅན། ཁྱེད་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་དུ་ཐལ། ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ནི་མ་ཡིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཕྱི་མ་མ་གྲུབ་ན། སྣང་རུང་མ་དམིགས་པའི་རྟགས་ཀྱི་སྦྱོར་བ་འགོད་ཚུལ་འདི་ནི་སྔོན་ཆད་མ་བྱུང་བ་ཞིག་གོ །གཞན་ཡང་མདུན་གྱི་གཞི་འདིར་ཆོས་ཅན། སྒྲ་མི་རྟག་པ་ཡིན་ཏེ། སྒྲ་བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་པ་དེ་ཡང་རྟགས་ཡང་དག་ཏུ་འདོད་ན་ཅིས་འགོག དེ་ཡང་དེ་ལྟར་འདོད་ཅེ་ན། མི་འཐད་དེ། ཁྱབ་པ་སྒྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་ཕྱིར། སྒྲ་བྱས་པ་ཡིན་པ་དེ་སྒྲ་མི་རྟག་པ་ལ་འབྲེལ་བར་ངེས་ན་སྒྲ་མི་རྟག་པར་ངེས་དགོས། སྒྲ་མི་རྟག་པར་ངེས་ན་མདུན་གྱི་གཞི་འདིར་ཡང་སྒྲ་མི་རྟག་པར་ངེས་དགོས་པའི་ཕྱིར། གཞན་ཡང༌། ཁྱེད་ཀྱི་རྟགས་སྦྱོར་འགོད་ཚུལ་འདི་ནི་སྐྱོན་དང་བཅས་པ་འབའ་ཞིག་ཡིན་ཏེ། ཤ་ཟ་བསྐལ་དོན་དུ་སོང་བའི་རྒོལ་བ་དེ། རྟགས་འགོད་པའི་ཡུལ་གྱི་རྒོལ་བར་བྱེད་རྒྱུ་ཡིན་པ་ལ་ཁྱོད་ཀྱིས་རྟགས་ཆོས་ཀྱི་ཁྱད་པར་དུ་སྦྱར་བའི་ཕྱིར། དཔེར་ན། གྲངས་ཅན་གྱི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་འགོད་རྒྱུ་ཡིན་གྱི། སྒྲ་ཆོས་ཅན། གྲངས་ཅན་གྱི་ངོར་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་ན་ཉེས་པ་ཅིར་འགྱུར་པ་དེ་ཇེ་དང་པོ་ཁོ་ནར་སོམས་ལ། རྗེས་སུ་སྐྱོན་དང་བཅས་པར་མཐོང་ན་དེའི་སྦྱོར་བའི་འགོད་ཚུལ་སྔ་མ་དེ་ཡང་དོར་བར་བྱའོ། །ཡང་དར་ཊཱིཀ་པ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་རང་གང་ལ་བསྐལ་དོན་དུ་སོང་བའི་རྒོལ་བས། ཤ་ཟ་ཡོད་ཅེས་དམ་བཅའ་བ་མི་རིགས་ཏེ། དེ་དེའི་རྒྱུད་ཀྱི་ཚད་མས་ཤ་ཟ་མ་དམིགས་པའི་ཕྱིར་ཞེས་ཀྱང་དཔེར་བརྗོད་པར་མཛད་དེ། འདི་ཡང་འཐད་པ་དང་བྲལ་བ་ཁོ་ནར་མཐོང་སྟེ། ཉེས་པ་སྔར་བརྗོད་པ་དེ་དག་ཇི་ལྟ་བ་བཞིན་འཇུག་པར་མ་ཟད། བརྗོད་པ་ལ་སྐྱོན་ཆགས་ཏེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་དེ་ཆོས་ཅན། ཁྱོད་ཀྱིས་ཤ་ཟ་ཡོད་པར་དམ་བཅའ་རིགས་པར་ཐལ། ཤ་ཟ་ཡོད་པར་ཁྱོད་ཀྱིས་ཚད་མས་གྲུབ་པའི་ཕྱིར། མ་གྲུབ་ན་དེ་དེར་ཐལ། མདུན་གྱི་གཞི་འདིར་རྡོ་རྗེ་གདན་བསྐལ་དོན་དུ་སོང་བའི་རྒོལ་བས། སྤྱིར་རྡོ་རྗེ་གདན་ཡོད་པར་ཚད་མས་གྲུབ་པའི་ཕྱིར། མདུན་གྱི་གཞི་འདིར་ལྷའི་དབང་པོ་བརྒྱ་བྱིན་བསྐལ་དོན་དུ་སོང་བའི་རྒོལ་བས། སྤྱིར་ལྷ་དབང་བརྒྱ་བྱིན་ཚད་མས་གྲུབ་པ་བཞིན་ནོ། །གཉིས་པ་རང་གི་འདོད་པ་བཞག་པ་ལ་གཉིས་ཏེ། གཞུང་དང་མཐུན་པར་བཞག་པ་དང༌། རྩོད་པ་བདེ་བའི་ངོར་བཞག་པ་གཉིས་སོ། །དང་པོ་ལ་དངོས་དང༌། ཉེས་པ་སྤང་བའོ། །དང་པོ་ནི། སྤྱིར་མ་དམིགས་པའི་གཏན་ཚིགས་ཡང་དག་ལ་གཉིས་ཏེ། རང་ཕྱོགས་ཆོས་སུ་སྒྲུབ་པའི་གཞིར། རང་གི་དགག་བྱའི་ཆོས་ཀྱི་ཁྱད་གཞི་དེ་ཡོད་ངེས་ཀྱི་ཐ་སྙད་ཙམ་འགོག་པ་དང༌། དེ་འགོག་ནུས་པར་མ་ཟད་མེད་ངེས་ཀྱི་ཐ་སྙད་ཀྱང་སྒྲུབ་ནུས་པ་གཉིས། དང་པོ་ནི། མདུན་གྱི་གཞི་འདིར་ཆོས་ཅན། འདྲེ་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་སྟེ། འདྲེ་ཤ་ཟའི་བུམ་པ་ཐ་མལ་པའི་ཚད་མས་མ་མཐོང་བའི་ཕྱིར་ཞེས་པ་ལྟ་བུ་ཡིན་ལ། གཉིས་པ་ནི། མདུན་གྱི་གཞི་འདིར་ཆོས་ཅན། མིའི་བུམ་པ་མེད་ངེས་ཀྱི་ཐ་སྙད། དོན་མཐུན་འཇུག་སྟེ། དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ཡང་རྟགས་སྔ་མ་དེས། མདུན་གྱི་གཞིར་འདྲེའི་བུམ་པ་མེད་ངེས་ཀྱི་ཐ་སྙད་བྱར་རུང་དུ་སྒྲུབ་མི་ནུས་ཏེ། མདུན་གྱི་གཞི་འདིར་དེ་འདྲ་དེ་དེའི་ངོ་བོ་རྒྱུ་འབྲས་བུ་ཁྱབ་བྱེད་འགལ་ཟླ་གང་ཡོད་ཀྱང་སྣང་མི་རུང་ཡིན་པའི་ཕྱིར་ཏེ། དེར་དེ་ཐམས་ཅད་བསྐལ་དོན་ཡིན་པའི་ཕྱིར། གཉིས་པ་ནི། འདི་ལ་དར་ཊཱིཀ་པ་ན་རེ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་ངེས་སུ་ཐལ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་ཡོད་ན་ཀུན་མཁྱེན་གྱིས་དམིགས་དགོས་པའི་ཕྱིར། ཞེས་དང༌། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟའི་བུམ་པ་མེད་ངེས་ཡིན་པར་ཐལ། ཡོད་ངེས་མིན་པའི་ཕྱིར། ཁྱབ་པ་ནི་དངོས་འགལ་བར་དུ་ཕུང་གསུམ་མི་སྲིད་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཤ་ཟ་ཡོད་པ་མ་ཡིན་པར་ཐལ། ཡོད་ངེས་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡོད་ན་ཡོད་ངེས་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མེད་པར་ཚད་མས་གྲུབ་པར་ཐལ། ཡོད་པ་མིན་པའི་ཕྱིར། འདོད་ན་བསྐལ་དོན་ཡིན་པ་ཉམས་སོ། །ཞེས་ཟེར་བ་དག་ཀྱང་སྣང་ངོ༌། །འདི་དག་ནི་ལྟར་སྣང་བ་འབའ་ཞིག་ཏུ་ཁོ་བོས་རྟོགས་ཏེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། ཞེས་པའི་གཏན་ཚིགས་འདི་སྣང་རུང་མ་དམིགས་པའི་གཏན་ཚིགས་གང་ལ་འཇུག་པའི་གཞི་གཅིག་གི་སྟེང་དུ་རུང་བ་ཡིན་གྱི། གང་ལ་མི་སྣང་བ་མ་དམིགས་པའི་རྟགས་ཁོ་ན་འཇུག་པའི་ཆོས་ཅན་ཤ་ཟའི་བུམ་པ་ལྟ་བུའི་སྟེང་དུ་འགོད་པ་ནི་བཞད་གད་ལས་ཀྱང་ཆེས་བཞད་གད་ཀྱི་གནས་སུ་སྣང་བའི་ཕྱིར་ཏེ། རང་བཞིན་ཤེས་བྱེད་མི་ཤེས་ལ། །རིགས་པ་འདི་ནི་བརྗོད་པ་ཡིན། །ཞེས་དང༌། འབྲས་བུ་ངེས་མེད་ཅན་འདིས་ནི། །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ངེས་པ་སྒྲུབ་ཕྱིར་གཏན་ཚིགས་ལ། །དངོས་པོའི་དབང་དུ་བྱས་པ་ཡིན། །ཞེས་གསུངས་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་དང༌། མདུན་གྱི་གཞི་འདིར་ཤ་ཟ་ཡོད་ན་དམིགས་སུ་རུང་དགོས་པ་མ་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་ཀྱང་སྣང་མི་རུང་ཡིན་པའི་ཕྱིར་ཏེ། བསྟན་བཅོས་སྐབས་དང་འབྲེལ་མེད་དང༌། །དོན་རྣམས་དབང་པོ་ལས་འདས་དང༌། །རྟགས་མེད་པ་ཅན་དེ་རྣམས་ནི། །མི་དམིགས་ཕྱིར་ན་ཇི་ལྟར་མེད། །ཅེས་བསྐལ་དོན་མི་དམིགས་པས་མེད་ངེས་སུ་སྒྲུབ་མི་ནུས་པར་གསུངས་པའི་ཕྱིར་དང༌། མི་སྣང་ངེས་པ་མི་རུང་ཕྱིར། །ཞེས་གསུངས་པའི་ཕྱིར། ཀུན་མཁྱེན་ལ་སྣང་རུང་ཡིན་པས། འདིའི་སྐབས་ཀྱི་སྣང་རུང་དུ་འཇོག་ནུས་ན། སྣང་མི་རུང་མི་སྲིད་པར་ཐལ། ཡོད་ན་ཀུན་མཁྱེན་ལ་སྣང་རུང་དུ་ཡོད་པས་ཁྱབ་པའི་ཕྱིར། འདོད་ན། མི་སྣང་བ་མ་དམིགས་པའི་གཏན་ཚིགས་འཇུག་པའི་གཞི་མེད་པར་འགྱུར་རོ། །གང་ཡང་ཁྱེད་ཀྱི་ལྟ་ན། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཀྱང་མེད་པར་ཐལ། ཀུན་མཁྱེན་ལ་སྣང་རུང་གི་བུམ་པ་དམིགས་མ་དམིགས་ཐེ་ཚོམ་ཟ་བའི་ཕྱིར། གཏན་ཚིགས་ཡང་དག་ཡིན་ན་སྣང་རུང་དམིགས་དགོས་པའི་ཕྱིར་ཏེ། དེ་ཡིན་ན་ཀུན་མཁྱེན་གྱིས་དམིགས་དགོས་པའི་ཕྱིར། སྒྲ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་དགོས་པར་ཡང་ཐལ་ལོ། །གཞན་ཡང་འདྲེ་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པ་དེ་སྣང་རུང་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་སྣང་རུང་ཤ་ཟའི་བུམ་པ་མེད་ངེས་སུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བ་གང་ཞིག ཤ་ཟ་སྣང་རུང་ཡིན་པའི་ཕྱིར། འདོད་ན། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་སོགས་དང་ཇི་ལྟར་མི་འགལ། གཞན་ཡང༌། ཤ་ཟ་ཡོད་པར་ཡང་མ་ངེས། མེད་པར་ཡང་མ་ངེས་པའི་རྒོལ་བ་ཆོས་ཅན། ཤ་ཟ་ཡོད་པར་ངེས་པར་ཐལ། མེད་པར་མ་ངེས་པའི་ཕྱིར། གསུམ་ཀར་ཇི་ལྟར་ཁས་མ་བླངས། ཤ་ཟ་ཡོད་པར་མ་ངེས་པའི་རྒོལ་བ་ཆོས་ཅན། ཤ་ཟ་ཡོད་པར་ངེས་པར་ཐལ། ཤ་ཟ་ཡོད་པའི་ཕྱིར། གསུམ་ཆར་ཁས་བླངས། ཡོད་པར་ངེས་པ་དང་ཡོད་ངེས་ཀྱི་ཁྱད་པར་ནི་ཀུན་མཁྱེན་གྱིས་ཀྱང་མི་གཟིགས་སོ། །དེས་ན་མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཡོད་དམ་མེད་ནི་ཐེ་ཚོམ་ཟ་བ་ཡིན་ལ། དེའི་རྒྱུ་མཚན་གྱིས་མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཡོད་པར་ངེས་པའང་མིན། མེད་པར་ངེས་པའང་མིན་ཞེས་ཁས་ལེན་དགོས་པ་ཡིན་གྱི། ཡོད་མེད་ཐེ་ཚོམ་ཟ་བ་བཞིན་དུ་ཡོད་པར་ངེས་མ་ངེས་ཀྱང་ཐེ་ཚོམ་ཟ་ཞེས་ཟེར་དུ་རུང་བ་མིན་ཏེ། དེ་ལྟར་འདོད་ན། ཡོད་མེད་ཐེ་ཚོམ་ཟ་བ་བཞིན་དུ་ཡོད་མེད་ཐེ་ཚོམ་ཟ་བ་ཉིད་ལ་ཡང་ཐེ་ཚོམ་ཟ་ཞེས་པར་སོང་བའི་ཕྱིར། དེ་ཡང་འདི་ལྟར། རྒོལ་པ་ཁྱོད་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བ་མ་ཡིན་ནམ་མིན་ཀྱང་ཐེ་ཚོམ་ཟ་བར་ཐལ། ཤ་ཟ་ཡོད་པར་ངེས་པའང་མིན། མེད་པར་ངེས་པའང་མིན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། ཐལ་འགྱུར་འདི་ལ་ཁྱེད་འཁོར་དང་བཅས་པ་ལ་ལན་མེད་དོ། །ཅི་སྟེ་མ་ཁྱབ་ན། ཐེ་ཚོམ་གྱི་གོ་བ་ཁྱོད་ཀྱིས་སྟོན་ཅིག ངེད་ལྟར་ན་ནི། ཁྱིམ་དེར་མེ་ཡོད་པར་ཡང་མ་ངེས། མེད་པར་ཡང་མ་ངེས་པ་དེ་ཁྱིམ་དེར་མེ་ཡོད་མེད་ཐེ་ཚོམ་ཟ་བའི་དོན་ཡིན་ནོ། །གཞན་དུ། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་དོན། །ཡོད་མེད་ངེས་པ་ཡོད་མ་ཡིན། །ཞེས་དང༌། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཞེས་པར་ཆོས་ཀྱི་གྲགས་པས་དངོས་འགལ་ཚིག་གཅིག་གི་ནང་དུ་ཁས་བླངས་སོ། །ཞེས་ཁྱེད་ཅག་འདོད་དམ། གཉིས་པ་ནི། བློ་གྲོས་ཆུང་ངུ་དག་གིས་རྟགས་སྦྱོར་བཤད་མ་ཐག་པ་དེ་སྐྱང་བར་མི་ནུས་ན། མདུན་གྱི་གཞི་འདིར་འདྲེ་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་རྒོལ་བ་དེ་ཆོས་ཅན། རང་རྒྱུད་ལ་ཤ་ཟའི་བུམ་པ་ཡོད་ངེས་ཐ་སྙད་དོན་མཐུན་མི་འཇུག་སྟེ། རང་རྒྱུད་ཀྱི་ཚད་མས་ཤ་ཟའི་བུམ་པ་མ་དམིགས་པའི་ཕྱིར་ཞེས་དཔེར་བརྗོད་པར་བྱའོ། །དར་ཊཱིཀ་པ་སོགས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་གང་ཡིན་པ་དེ་དག རྒྱུ་མ་དམིགས་པའམ། ཁྱབ་བྱེད་མ་དམིགས་པའི་ནང་དུ་འདུས་སོ་ཞེས་ཟེར་བ་ནི། མ་དམིགས་པ་ནི་འདི་ཙམ་ཞིག །མེད་པར་ངེས་པའི་འབྲས་ཅན་ཡིན། །དེ་ཡང་སྣང་བ་འདོད་པ་ཡི། །རྒྱུ་འམ་རང་བཞིན་སྣང་མེད་ཉིད། །ཅེས་གསུངས་པ་དང་འགལ་བར་དོགས་ཤིང༌། ལྟར་རུང་རང་གི་ངོ་བོའམ། །རང་རྒྱུ་མཐོང་བའི་རྒྱུ་ཡང་དག །ཡོད་པར་སྣང་བ་མེད་ན་ནི། །དེ་དང་ལྡན་པའང་ཇི་ལྟར་ཡོད། །ཅེས་ལྟར་རུང་གི་འབྲས་བུ་ལ་རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་འཇུག་པར་གསུངས་སོ། །ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལས་ལོགས་སུ་མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་དཔེར་བརྗོད་ཅིང་སྨོས་པའི་རྒྱུ་མཚན་གསུངས་པའང་མི་འཐད་པར་འགྱུར་རོ། །རིགས་པའི་གཏེར་དུ། མི་སྣང་མ་དམིགས་པའི་རྟགས་ཀྱི་རྣམ་བཞག་མ་གསུངས་པ་ནི་རང་གི་དགག་བྱ་ཡོད་ངེས་ཀྱི་ཐ་སྙད་ཙམ་འགོག་ཀྱང༌། མེད་ངེས་ཀྱི་ཐ་སྙད་སྒྲུབ་མི་ནུས་པས་དགག་རྟགས་ཡང་དག་མཚན་ཉིད་པ་མིན་པ་ལ་དགོངས་པར་སྣང་སྟེ། རང་འགྲེལ་ལས། དགག་རྟགས་མཐའ་དག་ནི་སྣང་རུང་མ་དམིགས་པར་འདུ་བའི་ཕྱིར་ཞེས་གསུངས་སོ། །དེ་ཡང་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཐ་སྙད་བཀག་པ་ཙམ་དགག་པ་མཚན་ཉིད་པར་མི་རུང་སྟེ། དགག་པ་ཡིན་ན་རང་གི་ཡུལ་ཅན་གྱི་བློས་དགག་བྱ་དེ་རྣམ་པར་བཅད་ནས་རྟོགས་བྱ་ཡིན་དགོས་པ་རང་གི་ཡུལ་ཅན་གྱི་བློ་གང་ལ་ཐེ་ཚོམ་ཞུགས་པའི་དོན་དེ་ལ་བློ་དེས་དགག་བྱ་རྣམ་པར་གཅོད་མི་ནུས་པའི་ཕྱིར། ཞེས་དགོངས་སམ་སྙམ་སྟེ། དཔྱད་པར་བྱའོ། །གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་རྟགས་སམ། རྟགས་ལོག་གི་ཁྱད་པར་གྱི་གཞིར་བཟུང་བ་དེ་ཡོད་ན་སྐབས་བབ་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་རུང་བའོ། །དབྱེ་བ་ལ། དབྱེ་བ་རྒྱས་པར་བཤད་པ་དང༌། སོ་སོའི་རང་བཞིན། ངོ་བོ་ངོས་བཟུང་བའོ། །དང་པོ་ནི། སྤྱིར་དགག་བྱའི་ཆོས་ལ་གཞི་དེར་སྣང་དུ་རུང་བ་དང༌། མི་རུང་བ་གཉིས་སུ་ཁ་ཚོན་ཆོད། དང་པོ་ལ། ངོ་བོ་སྣང་དུ་རུང་བ་དང༌། ངོ་བོ་སྣང་དུ་མི་རུང་ཡང་དེའི་རྒྱུ་སྣང་དུ་རུང་བ་དང༌། དེ་གཉིས་ཀ་སྣང་དུ་མི་རུང་ཡང་དེའི་ཁྱབ་བྱེད་སྣང་དུ་རུང་བ་དང༌། དེ་གསུམ་ཀ་སྣང་དུ་མི་རུང་ཡང་དེའི་དངོས་འབྲས་སྣང་དུ་རུང་བའོ། །དེ་བཞི་ཀ་སྣང་དུ་མི་རུང་ཡང་དེའི་འགལ་ཟླ་སྣང་དུ་རུང་བ་རང་གི་ངོ་བོ་དང༌། འབྲལ་ཡུལ་དང༌། འགལ་ཟླ་གསུམ་གང་ཡང་སྣང་དུ་མ་རུང་བ་རྣམས་སུ་ཁ་ཚོན་ཆོད། དེ་དག་ལ་རིམ་པ་བཞིན་དུ། འབྲེལ་ཡུལ་མ་དམིགས་པ་བཞི་དང༌། འགལ་དམིགས་རྣམས་དང༌། མི་སྣང་བ་མ་དམིགས་པ་རྣམས་བཞག་གོ་ཞེས་བྱ་བ་ནི་ལེགས་པར་བཤད་པ་དང་པོའོ། །ཡང་གཉིས་པ་ནི། སྤྱི་སྣང་རུང་གི་དགག་བྱའི་ཆོས་ལ་དགག་བྱའི་ཆོས་དེའི་རྒྱུ་དང༌། ངོ་བོ་དང༌། འབྲས་བུ་དང་གསུམ། དེ་འགོག་པའི་གཏན་ཚིགས་ལའང་གཉིས་ཏེ། འབྲེལ་ཡུལ་བཀག་པས་འགོག་པ་དང༌། འགལ་ཟླ་རྟགས་སུ་བཀོད་པས་འགོག་པ་གཉིས། འབྲེལ་ཡུལ་ཡང༌། རྒྱུའི་འབྲེལ་ཡུལ་དངོས་འབྲས་དང༌། ངོ་བོའི་འབྲེལ་ཡུལ་ལ་ཁྱབ་བྱའི་འབྲེལ་ཡུལ་ཁྱབ་བྱེད་དང༌། ཁྱབ་མཉམ་པའི་འབྲེལ་ཡུལ་རང་བཞིན་དང་གཉིས། འབྲས་བུའི་འབྲེལ་ཡུལ་རྒྱུ་སྟེ་བཞི་པོ་བཀག་ནས། འབྲེལ་ཟླར་གྱུར་པའི་དགག་བྱའི་ཆོས་འགོག་པ་ལ་རིམ་པ་བཞིན། དངོས་འབྲས་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པ་དང༌། རང་བཞིན་མ་དམིགས་པ་དང༌། རྒྱུ་མ་དམིགས་པ་རྣམས་བཞག་པ་ཡིན་ནོ། །གཉིས་པ་འགལ་ཟླ་ཡང་གཉིས་ཏེ། ལྷན་ཅིག་མི་གནས་པའི་འགལ་ཟླ་དང༌། ཕན་ཚུན་སྤངས་འགལ་གྱི་འགལ་ཟླ་གཉིས། དང་པོ་ལ། ལྷན་ཅིག་མི་གནས་པའི་འགལ་ཟླ་དངོས་དང༌། དེའི་རྒྱུ་དང༌། འབྲས་བུ་དང༌། ཁྱབ་བྱ་སྟེ་བཞི་ཡིན་ལ། སྔར་བཤད་མ་ཐག་པ་ལྟར། དགག་བྱའི་ཆོས་ལའང༌། དངོས་དང༌། དེའི་རྒྱུ་དང༌། དེའི་འབྲས་བུ་དང༌། དེའི་ཁྱབ་བྱ་སྟེ་བཞི་ཡིན་ནོ། །འདི་ལ་ཡང་ལོ་ཙྭ་བ་ཆེན་པོ་དང༌། ཕྱཱ་པ་ནི། འགལ་ཟླ་དངོས་ཀྱི་རྒྱུ་དགག་བྱ་སྐོར་བཞི་པོ་འགོག་པར་བྱེད་མི་ནུས་ལ། འགལ་ཟླ་གཞན་གསུམ་པོས་དགག་བྱ་སྐོར་བཞི་འགོག་ནུས་པས། ལྷན་ཅིག་མི་གནས་འགལ་བཅུ་གཉིས་ལ་བརྟེན་པའི་རྟགས་བཅུ་གཉིས་ཡིན་པར་བཞེད་ལ། གཙང་ནག་པ་བཅུ་དྲུག་ཏུ་བཞེད་པར་གྲགས་སོ། །ཕན་ཚུན་སྤངས་འགལ་ལ་ཡང༌། འགོག་བྱེད་ཀྱི་འགལ་ཟླ་དངོས་དང༌། དེའི་རྒྱུ་དང༌། དེའི་འབྲས་བུ་དང༌། དེའི་ཁྱབ་བྱ་དང་བཞི་ཡིན་ལ། དགག་བྱ་ལའང་དེ་ལྟར་བཞི་སྟེ་བཅུ་གཉིས་དང་བཅུ་དྲུག་ཅི་རིགས་པར་བཞེད་དོ། །དེ་ཡང་དཔེར་ན། དགག་བྱ་ནི་མེ་མེད་པ་དང༌། དེ་འཛིན་པའི་ཤེས་པ་དང༌། མེ་མེད་ཀྱི་རྒྱུ་དང༌། མེ་མེད་པའི་དངོས་པོ་དང་བཞི། དེ་འགོག་བྱེད་ལ། མེ་དང༌། དུ་བ་དང༌། མེ་རྒྱུ་ནུས་པ་ཐོགས་མེད་དང༌། ཙནྡན་གྱི་མེ་དང་བཞི། དེ་ཡང༌། ལོ་ཆེན་ལྟར་ན་རྒྱུ་བཞི་པོས་འགལ་བ་འགོག་མི་ནུས་པས་བཅུ་གཉིས་ཡིན་ལ། བཅུ་གཉིས་ཀྱི་ནང་ནས་ཀྱང་རྟགས་ཡང་དག་ཡིན་པ་བརྒྱད། མིན་པ་བཞིར་བཞེད་དོ། །རིགས་གཏེར་ལས་ནི། ཕན་ཚུན་སྤངས་པ་དངོས་ལ་ནི། །རྟགས་དང་རྟགས་ཅན་ཡོད་མ་ཡིན། །དེ་ཡི་ཁྱད་པར་བྱས་པ་ནི། །ཁྱབ་བྱེད་འགལ་བ་དམིགས་པར་འདུས། །ཞེས་གསུངས་པས། དངོས་འགལ་གྱི་ཁྱད་པར་དུ་བྱས་པའི་ཕན་ཚུན་སྤངས་འགལ་དང༌། རྒྱུད་འགལ་ལམ། ཚད་མས་གནོད་འགལ་ལ་བརྟེན་པའི་ཕན་ཚུན་སྤངས་འགལ་གཉིས་སུ་གསུངས་སོ། །རྣམ་འགྲེལ་ལས་ནི་འབྲེལ་ཟླ་མ་དམིགས་པ་གསུམ་དང༌། འགལ་དང་འབྲས་བུ་དག་གྲུབ་དང༌། །ཞེས་པར། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་དང༌། ཁྱབ་བྱེད་འགལ་བའི་རང་བཞིན་དམིགས་པ་གཉིས་དང༌། དེ་གཉིས་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་དང༌། དེ་དང་དེ་འགལ་ལ་སོགས་པ། །ཞེས་པས། རྒྱུ་དང་འགལ་བའི་རང་བཞིན་དང༌། འབྲས་བུ་དམིགས་པ་གཉིས་དང༌། ཚད་མ་གཞན་གྱི་གདོན་ཕྱིར་ཡང༌། །ཞེས་ཕན་ཚུན་སྤངས་འགལ་གྱི་གཏན་ཚིགས་དང༌། བཅུར་གསུངས་སོ། །རྣམ་པར་ངེས་པ་ལས། སྔ་མ་དེའི་སྟེང་དུ། དངོས་འབྲས་མ་དམིགས་པ་དང༌། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་དང༌། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་དངོས་སུ་གསུངས་ལ། དེ་གཉིས་དངོས་འབྲས་མ་དམིགས་པའི་ནང་དུ་བསྡུས་ནས། དེ་ལྟར་ན་སྦྱོར་བའི་དབྱེ་བས་བཅུའོ། །ཞེས་གསུངས་ཤིང༌། ཕན་ཚུན་སྤངས་འགལ་དེའི་འོག་ཏུ་འཆད་པར་འགྱུར་བ་ལ་དགོངས་ནས་དེར་མ་བསྡུས་སོ། །དེ་ལྟར་ན་འགལ་བའི་ཁྱབ་བྱ་དམིགས་པ་ནི་གཞུང་རྩ་བར་མ་གསུངས་ལ། འགྲེལ་པ་རྣམས་ཀྱིས་སྦྱོར་བའི་དབྱེ་བས་འབྱེད་པར་གསུངས་ཤིང་འཐད་པ་ཡང་ཡིན་ནོ། །ཕན་ཚུན་སྤངས་འགལ་གྱི་དབྱེ་བ་སྔར་བཤད་པ་དེ་དག་ནི། ལོ་ཆེན་གྱི་བཤད་སྲོལ་ལ་སྣང་ལ། རྒྱ་གར་གྱི་འགྲེལ་པ་བོད་དུ་འགྱུར་བ་རྣམས་ཀྱི་བཤད་པ་ལ་མེད་པར་སྣང་ངོ༌། །གཉིས་པ་སོ་སོའི་ངོ་བོ་ངོས་བཟུང་བ་ལ། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་བཤད་པ་དང༌། འགལ་ཟླ་དམིགས་པའི་གཏན་ཚིགས་བཤད་པའོ། །དང་པོ་ལ། དངོས་དང༌། དེ་དག་སྣང་རུང་མི་དམིགས་པར་བསྡུ་བའོ། །དང་པོ་ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། དེ་སྒྲུབ་ཀྱི་དགག་པའི་གཏན་ཚིགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་རྟགས་ལོག་དང༌། ཆོས་ལོག་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའོ། །གཉིས་པ་དབྱེ་བ་ནི། བསྡུ་ན་རྒྱུ་མ་དམིགས་པ་དང༌། བདག་གཅིག་པའི་ཁྱབ་བྱེད་མ་དམིགས་པ་གཉིས་སུ་འདུ་བ་ཡིན་ཏེ། རང་བཞིན་མ་དམིགས་པ་ཁྱབ་བྱེད་མ་དམིགས་པར་འདུ་བ་བཞིན་དུ་དངོས་འབྲས་མ་དམིགས་པ་རང་བཞིན་མ་དམིགས་པ་ཉིད་དུ་འདུ་བར་རྣམ་པར་ངེས་པ་ལས་གསུངས་པའི་ཕྱིར། འོན་ཀྱང་ཁྱབ་བྱེད་མ་དམིགས་པ་ལ་དོན་དང་ཐ་སྙད་སྒྲུབ་པའི་དབྱེ་བས་ཕྱེ་ན། དོན་གྲུབ་པའི་ཁྱབ་བྱེད་མ་དམིགས་པ་དང༌། ཐ་སྙད་འབའ་ཞིག་སྒྲུབ་པའི་རང་བཞིན་མ་དམིགས་པ་གཉིས་སུ་འགྱུར་ལ། དངོས་འབྲས་མ་དམིགས་པ་ཡང་རང་བཞིན་མ་དམིགས་པར་འདུ་བས་ཕལ་ཆེར་ཐ་སྙད་སྒྲུབ་ལ། དོན་སྒྲུབ་པ་ཡང་ཡོད་དེ། རྣམ་ངེས་ལས། རང་བཞིན་མ་དམིགས་པ་ནི་རང་ཉིད་མེད་པ་ཁོ་ན་ཡིན་ཏེ། དེ་ལ་ནི་ཡུལ་ཅན་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །དེའི་ངོ་བོས་ཁྱབ་པའི་འབྲས་བུ་མེད་པས་ནི་མེད་པ་ཡང་ཡིན་ནོ་ཞེས་གསུང་སོ། །དང་པོ་རྒྱུ་མ་དམིགས་པ་ནི། དེ་སྒྲུབ་ཀྱི་དགག་པའི་གཏན་ཚིགས་ཡང་དག་གང་ཞིག རྟགས་ལོག་ཏུ་གཟུང་བྱ་དེའི་ཚིག་ཟིན་གྱི་ཁྱད་གཞི་དེ་ཡིན་ན། དེ་སྒྲུབ་ཀྱི་ཆོས་ལོག་ཏུ་གཟུང་བྱ་དེའི་ཚིག་ཟིན་གྱི་ཁྱད་པར་གྱི་གཞི་དེའི་རྒྱུ་ཡིན་དགོས་པ་ཞེས་སམ། དེ་སྒྲུབ་ཀྱི་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ཡང་དག་གང་ཞིག ལྡོག་པ་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའོ། །སྤྱིར་རྒྱུ་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པ་འགལ་བ་མིན་ཏེ། དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཁྱབ་བྱ་ལྡོག་པའི་གོ་བྱེད་འདོད། །ཅེས་གསུངས་ཤིང༌། རྒྱུའང་འབྲས་བུའི་ཁྱབ་བྱེད་དུ་འདོད་དགོས་པའི་ཕྱིར་རོ། །འོན་ཀྱང་བདག་གཅིག་པའི་ཁྱབ་བྱེད་མ་དམིགས་པའི་དབང་དུ་བྱས་ནས་སོ་སོར་འབྱེད་པ་ཡིན་ནོ། །དཔེར་བརྗོད་པ་ནི། སྔོ་འཕྱུར་པ་དང་ལྡན་པའི་མཚན་མོའི་རྒྱ་མཚོ་ཆོས་ཅན། དུ་བ་མེད་དེ། སྣང་རུང་གི་མེ་མེད་པའི་ཕྱིར་ཞེས་པ་ཡིན་ལ། ཅི་འདི་ལ་དུ་བ་ཚད་མས་མ་དམིགས་པ་ཉིད་རྟགས་སུ་མི་སྦྱོར་བའི་རྒྱུ་མཚན་ཅི་ཡིན། ཅི་སྟེ། དེས་དེ་སྒྲུབ་མི་ནུས་པའམ། ནུས་ཀྱང་རྣམ་གྲངས་པ་ཡིན་ནོ་སྙམ་ན། དེས་དེ་སྒྲུབ་པ་ལ་རྟགས་རྣམ་གྲངས་པར་བཀོད་པ་ནི་མ་ཡིན་ཏེ། དེས་དེ་སྒྲུབ་ནུས་པའི་དུས་སུ་ནི། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་འཇུག་པའི་རྒོལ་བར་ངེས་པས། དེ་ལ་དོན་སྒྲུབ་པའི་གཏན་ཚིགས་འགོད་མི་དགོས་པའི་ཕྱིར་རོ། །དེས་ན། དེས་དེ་སྒྲུབ་མི་ནུས་པའི་དབང་དུ་བྱས་ནས་འགོད་པ་ཡིན་ཏེ། རྒྱུ་མ་དམིགས་པ་རྟགས་སུ་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེས། མཚན་མོའི་རྒྱ་མཚོའི་སྟེང་གི་སྔོ་འཕྱུར་བ་དེ། དུ་བར་ཡོད་མེད་ཐེ་ཚོམ་ཟ་བ་བཞིན། དུ་བར་ཚད་མས་དམིགས་མ་དམིགས་ཀྱང་ཐེ་ཚོམ་ཟ་བའི་ཕྱིར། དུ་བ་ཚད་མས་མ་དམིགས་པར་ཡང་སྒྲུབ་དགོས་ལ། དེ་ལ་མེ་མེད་པ་ལས་ལྷག་པའི་སྒྲུབ་བྱེད་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། མཚན་མོའི་རྒྱ་མཚོར་དུ་བ་ཡོད་ཀྱང་སྣང་དུ་མི་རུང་བའི་རྒྱུ་མཚན་གྱིས་དེ་མེད་པར་སྒྲུབ་པ་ལ་དེ་རྟགས་སུ་མི་རུང༌། མེ་ནི་གལ་ཏེ་ཡོད་ན་སྣང་དུ་རུང་དགོས་པའི་ཕྱིར་ཞེས་པའོ། །དེས་ན་དེའི་ངོར། དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་དགོས་པ་ཡིན་ནོ། །དོན་དེ་ལ་དགོངས་ནས། རྣམ་པར་ངེས་པ་སོགས་ནས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་དང༌། རང་འགྲེལ་ལས། འབྲས་བུ་ཡོད་ཀྱང་སྣང་བར་མི་འགྱུར་ན། དེའི་ཕྱིར་དེ་ལ་འདི་སྦྱར་བར་བྱའོ་ཞེས་དང༌། དེའི་འགྲེལ་བཤད་དུ། ཤཱཀྱ་བློས། ཕྱོགས་གང་དུ་མེ་མེད་དང་དུ་བ་དམིགས་པའི་མཚན་ཉིད་ཀྱི་གཞིར་གྱུར་པ་དེར། མེ་མེད་པ་བཞིན་དུ་དུ་བ་མེད་པ་ཡང་རང་བཞིན་མ་དམིགས་པས་ངེས་པར་བྱེད་ལ། དེ་ལ་རྒྱུ་མ་དམིགས་པ་སྦྱོར་བ་ནི་མིན་ནོ། །འོ་ན་ཅི་ཞེ་ན། མཚོ་ཆེན་པོ་རླངས་པ་འཕྱུར་བ་ལ་སོགས་པ་དུ་བ་དང་འདྲ་བས་བསླུས་པ་དེར། མེ་མེད་པ་ནི་རང་བཞིན་མ་དམིགས་པས་ངེས་པར་བྱེད་ལ། དུ་བ་མེད་པ་དེ་ཁོ་ན་ལ་རྒྱུ་མ་དམིགས་པ་སྦྱོར་རོ་ཞེས་གསུངས་སོ། །གཞུང་འགྲེལ་དེ་དག་གི་དོན་ལ་བསམས་ན། འབྲས་བུ་དང་ཁྱབ་བྱ་སྣང་མི་རུང་གི་གཞི་ལ་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡང་དག་འཇུག་ལ། འབྲས་བུ་དང་ཁྱབ་བྱ་སྣང་རུང་གི་གཞི་ལ། འབྲས་བུ་དང་ཁྱབ་བྱ་འགོག་པ་ལ། རང་བཞིན་མ་དམིགས་པའི་རྟགས་ཡང་དག་འཇུག་པ་ཡིན་ནོ། །དེ་ལྟར་ན་རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པའི་གཏན་ཚིགས་འདི་གཉིས། མི་སྣང་བ་མ་དམིགས་པའི་གཏན་ཚིགས་སུ་ཐལ་བའི་སྐྱོན་བཟློག་པར་མི་ནུས་ཏེ་དགག་བྱའི་ཆོས་སྣང་མི་རུང་འགོག་པ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་འཇུག་པར་འདོད་པ་ཆེས་མི་རིགས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྣང་རུང་མ་དམིགས་པ་དང་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་ཁྱད་པར་ཡང་རྟགས་སུ་གཟུང་བྱ་དེའི་ཁྱད་གཞི་སྣང་དུ་རུང་མི་རུང་ལས་འབྱེད་པ་ཡིན་གྱི། དགག་བྱའི་ཆོས་ཀྱི་སྒོ་ནས་འབྱེད་པར་བཤད་པ་མེད་པའི་ཕྱིར་དང༌། སློབ་དཔོན་ཆོས་མཆོག་གིས་འབྲས་བུ་དང་ཁྱབ་བྱ་ལྟར་མི་རུང་བ་ལ་ནི། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པས་དངོས་པོ་མེད་པ་དང་མེད་པའི་ཐ་སྙད་གཉིས་ཀ་གོ་བར་བྱེད་ལ། འབྲས་བུ་དང་ཁྱབ་བྱ་ལྟར་རུང་བ་ལ་མེད་པའི་ཐ་སྙད་འབའ་ཞིག་སྒྲུབ་ཏུ་ཟད་དོ་ཞེས་གསུངས་པས། འབྲས་བུ་དང་ཁྱབ་བྱ་སྣང་མི་རུང་གི་གཞི་ལ། འབྲས་བུ་དང་ཁྱབ་བྱ་ཉིད་སྣང་རུང་མ་དམིགས་པ་རྟགས་སུ་བཀོད་ནས། འབྲས་བུ་དང་ཁྱབ་བྱ་འགོག་པ་ཆེས་བཞད་གད་ཀྱི་གནས་སུ་འགྱུར་ཡང༌། འབྲས་བུ་དང་ཁྱབ་བྱ་སྣང་མི་རུང་གི་གཞི་ལ། རྒྱུ་དང་ཁྱབ་བྱེད་སྣང་རུང་མ་དམིགས་པས་འབྲས་བུ་དང་ཁྱབ་བྱ་འགོག་པ་ཆེས་འབྲེལ་པ་ཡིན་ནོ། །དེ་ལྟ་ན། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་དང༌། ཐ་སྙད་འབའ་ཞིག་སྒྲུབ་པའི་དཔེར་བརྗོད་པ་ནི། སྔོ་འཕྱུར་བ་དང་ལྡན་པའི་མཚན་མོའི་རྒྱ་མཚོ་ཆོས་ཅན། དུ་བ་མེད་དེ། སྣང་རུང་གི་མེ་མེད་པའི་ཕྱིར་ཞེས་པ་ནི། རྒྱུ་སྣང་རུང་མ་དམིགས་པའི་གཏན་ཚིགས་དང༌། ཉིན་མོའི་རྒྱ་མཚོ་ཆོས་ཅན། དུ་བ་མེད་དེ། དུ་བ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་དང༌། ཁྱབ་བྱེད་མ་དམིགས་པ་ལ་ཤིང་མེད་ཀྱི་བྲག་རྫོང་ཆོས་ཅན། ཤིང་ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་དང༌། ཤིང་མེད་ཀྱི་ས་ཕྱོགས་སྐྱ་ཐེར་པ་ཆོས་ཅན། ཤིང་ཤ་པ་མེད་དེ། དེ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ཁྱབ་བྱེད་མ་དམིགས་པ་ལ་མཚན་ཉིད་དང༌། དཔེར་བརྗོད་པའོ། །དང་པོ་ནི། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་སྐབས་བབ་ཀྱི་རྒོལ་བས། དེ་སྒྲུབ་ཀྱི་ལྡོག་འབྲེལ་དེ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་གྲུབ་པའོ། །གང་ཡང་འདི་ན་དེ་སྒྲུབ་ཀྱི་ཆོས་ལོག་ཏུ་གཟུང་བྱ་དེ། དེ་སྒྲུབ་ཀྱི་རྟགས་ལོག་ཏུ་གཟུང་བྱ་དེའི་ཁྱབ་བྱར་དམིགས་པ་ཞེས་པ་ལ་ནི། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། ཤ་ཟའི་བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པས་མ་ངེས་སོ། །ངེད་ཀྱི་ཕྱོགས་ལ་ནི་ཉེས་པ་དེ་མི་མཚུངས་ཏེ། དེ་སྒྲུབ་ཀྱི་སྐབས་བབ་ཀྱི་རྒོལ་བས། ཤ་ཟའི་བུམ་པ་དང༌། བུམ་པ་ཙམ་གྱི་འབྲེལ་པ་མི་ཤེས་པའི་ཕྱིར་རོ། །གཉིས་པ་དཔེ་ནི། ཤིང་མེད་ཀྱི་བྲག་རྫོང་ཆོས་ཅན། ཤིང་ཤ་པ་མེད་དེ། སྣང་རུང་གི་ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །འདིའི་དོན་སྒྲུབ་ཀྱི་གཏན་ཚིགས་སུ་འཇོག་པའི་དོན་ཡང༌། ཤིང་ཚད་མས་མ་དམིགས་པའི་རྟགས་ཀྱིས། གཞི་དེར་ཤ་པ་ཚད་མས་མ་དམིགས་པར་སྒྲུབ་དགོས་པའི་དོན་ཡིན་ལ། འོན་ཀྱང༌། དེ་ལྟར་སྒྲུབ་པ་ལ་ཤ་པ་སྣང་རུང་མ་དམིགས་པས་ཕྱོགས་ཀྱི་ཆོས་སུ་མི་འགྱུར་བ་དང༌། ཤིང་སྣང་རུང་མ་དམིགས་པ་ཕྱོགས་ཆོས་སུ་འགྱུར་པའི་ཁྱད་པར་འདི་ཡང་འབྱེད་དཀའ་ཞིང༌། གཞན་གྱིས་དམིགས་པ་མེད་པ་ཉིད། །ཡིན་པའི་ཕྱིར་ན་ཐུག་མེད་འགྱུར། །ཞེས་པའི་ཉེས་པ་འདི་ཡང་ཇི་ལྟར་སྤོང་དཔྱོད་ལྡན་དག་གིས་བསམ་པར་བྱའོ། །དེ་ལྟར་བསམ་པ་ན། རྒྱང་རིང་པོའི་ཤ་པ་ནི་སྣང་དུ་མི་རུང་ལ། ཤིང་ནི་ཡོད་ན་སྣང་དུ་རུང་བའི་རྒྱུ་མཚན་གྱིས་ཡིན་ནོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །མཚན་མོའི་རྒྱ་མཚོར་དུ་བ་ལྟར་མི་རུང་བའི་རྒྱུ་ནི་རླངས་པས་འཁྲུལ་གཞི་བྱས་པ་ཡིན་ལ། ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་ལྟར་མི་རུང་བའི་རྒྱུ་ནི་ཐག་རིངས་པའི་རྒྱུ་མཚན་གྱིས་སོ་སྙམ་ལ། སྣང་རུང་མ་དམིགས་པ་རྟགས་ཀྱིས་སྒྲུབ་མི་དགོས་པར་བཤད་པ་ནི་ཁྱད་གཞི་དེ་ལ་བློ་ཁ་ཕྱོགས་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་བསམ་མོ། །དེ་ལྟར་བསམས་པ་ན་དུ་བ་དང་ཤ་པ་ཡོད་ཀྱང་སྣང་མི་རུང་གི་གཞིར། དེ་དང་དེ་མ་དམིགས་པ་རྟགས་ཀྱིས་སྒྲུབ་དགོས་ལ། དེ་དང་དེ་སྣང་རུང་གི་གཞིར། དེ་མ་དམིགས་པ་རྟགས་ཀྱིས་སྒྲུབ་མི་དགོས་པ་ནི་དགོངས་པ་ཡིན་ནོ། །དེ་ལྟར་བཤད་པ་ན། སྔར་གྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ལ་དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེ་ཡི་ཁྱད་པར་བྱེད་ཆོས་ཀྱི་གཞི་དེ་ཡོད་ཀྱང༌། སྐབས་ཀྱི་ཕྱིར་རྒོལ་གྱི་ཚད་མ་ལ་སྣང་དུ་མི་རུང་བ་ཞེས་སྦྱར་བར་བྱ་དགོས་པ་འདྲའོ་སྙམ་དུའང་སེམས་སོ། །གསུམ་པ་རང་བཞིན་མ་དམིགས་པ་ལ་མཚན་ཉིད་དང༌། མཚན་གཞི་དཔེར་བརྗོད་པའོ། །དང་པོ་ནི། དེ་སྒྲུབ་ཀྱི་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ཡང་དག་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ལ་མཚན་མཚོན་གྱི་འབྲེལ་པ་ཚད་མས་གྲུབ་པའོ། །དཔེར་བརྗོད་པ་ནི། བུམ་པས་དག་པའི་ས་ཕྱོགས་འདིར་ཆོས་ཅན། སྣང་རུང་གི་བུམ་པ་མེད་དེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པའོ། །འདི་ལ་སྣང་རུང་ཞེས་ངེས་པར་སྦྱར་དགོས་ཏེ། སྣང་རུང་མཐོང་བ་མེད་པའི་རྒྱུ། །མི་སྲིད་པར་ནི་གྱུར་པ་ན། །སྣང་རུང་དངོས་པོ་མ་དམིགས་པས། །དངོས་པོ་མེད་པར་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་མ་དམིགས་པས་མེད་པར་སྒྲུབ་ནུས་པའི་གཏན་ཚིགས་ཐམས་ཅད་ལ་རྟགས་སུ་གཟུང་བྱ་ལ་སྣང་རུང་ཞེས་སྦྱར་དགོས་སོ། །དོན་དེ་ལ་དགོངས་ནས། རྟགས་འདི་ལ་སྣང་བ་མ་དམིགས་པ་ཞེས་བའི་ཐ་སྙད་ཀྱང་སློབ་དཔོན་ཆོས་མཆོག་དང༌། ལོ་ཆེན་དཔོན་སློབ་ཀྱིས་མཛད་དོ། །དེར་མ་ཟད་སྔ་མ་གཉིས་ལའང་དུ་བ་མེད་དེ། མེ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་དང༌། ཤ་པ་མེད་དེ། ཤིང་སྣང་རུང་མ་དམིགས་པའི་ཕྱིར། ཞེས་རྟགས་ལ་སྣང་རུང་ངེས་པར་འགོད་དགོས་ཏེ། རྒྱུ་དང་ངོ་བོ་ལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པ། །ཞེས་དང༌། དེ་ལའང་སྐྱེས་བུ་མཐོང་མེད་པས། །སྲོག་སོགས་བཟློག་པ་མེད་པའི་ཕྱིར། །གཏན་ཚིགས་ཐེ་ཚོམ་ཟ་བཤད་པས། །ལྟར་རུང་དོན་ལ་དེ་ཞེས་བསྟན། །ཞེས་གསུངས་པ་ཡིན་ནོ། །བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ལ་ནི་སྣང་རུང་ངེས་པར་སྦྱར་དགོས་པ་མ་ཡིན་ཏེ། དགག་བྱའི་ཆོས་གཞི་དེ་སྣང་རུང་ཡིན་ན། དེ་འགོག་པ་ལ་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་འཇུག དེར་དེ་སྣང་དུ་མི་རུང་བའི་ཚེ་རང་གི་འབྲེལ་ཡུལ་ལམ། འགལ་ཟླ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས། དང་པོ་ལ། རྒྱུ་མ་དམིགས་པ། ཁྱབ་བྱེད་མ་དམིགས་པ། དངོས་འབྲས་མ་དམིགས་པ་དང༌། འགལ་ཟླ་དམིགས་པའི་གཏན་ཚིགས་རྣམས་འཇུག་པ་ཡིན་པའི་ཕྱིར་དང༌། གཉིས་པ་ལ། མི་སྣང་བ་མ་དམིགས་པའི་གཏན་ཚིགས་འཇུག་དགོས་པའི་ཕྱིར། གཏན་ཚིགས་འདི་དག་གི་དོན་ལ་བསམས་ནས། དིང་སང་གི་རྟོག་གེ་པ་རྣམས། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན་དུ་བཟུང་ནས་བུམ་པ་དང་རི་བོང་གི་རྭ་མེད་མཚུངས་སུ་སྒྲུབ་ནུས་ཤིང༌། དེའི་རྒྱུ་མཚན་གྱིས་གཞི་གྲུབ་ན་བུམ་པ་མེད་པས་ཁྱབ་པར་ཡང་སྒྲུབ་ནུས་པ་ཡིན་ནོ་ཞེས་ཟེར་བ་ནི་རིགས་པའི་ལམ་མ་ཡིན་ཏེ། དེ་ལྟར་ན་སྒྲིབ་པ་མེད་པའི་ཤེས་རྒྱུད་ཆོས་ཅན་དུ་བཟུང་ནས། གཞི་གྲུབ་ན་སྒྲིབ་པ་མེད་པས་ཁྱབ་པ་དང༌། རྣམ་མཁྱེན་མེད་པའི་ཤེས་རྒྱུད་ཆོས་ཅན་དུ་བཟུང་ནས། རྣམ་མཁྱེན་དང་རི་བོང་གི་རྭ་མེད་མཚུངས་སུ་ཐལ་བ་དང༌། དངོས་མེད་ཆོས་ཅན་དུ་བཟུང་ནས་དངོས་པོ་མེད་པར་ཐལ་བའི་ཕྱིར་རོ། །ཅི་སྟེ། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་ཡོད་པའི་ས་ཕྱོགས་མི་སྲིད་པར་ཐལ། བུམ་པ་མི་སྲིད་པའི་ཕྱིར། ཞེས་པ་རིགས་པའི་ལམ་མ་ཡིན་ནམ་ཞེ་ན། འཁྲུལ་གཞི་ཐམས་ཅད་འདི་ལས་འབྱུང་བས་བཤད་པར་བྱ་སྟེ། འོ་ན་སྒྲིབ་པ་མེད་པའི་ཤེས་རྒྱུད་དེ་ཆོས་ཅན། སྒྲིབ་པ་ཡོད་པའི་ས་ཕྱོགས་མི་སྲིད་པར་ཐལ། སྒྲིབ་པ་མི་སྲིད་པའི་ཕྱིར། འདོད་ན་སེམས་ཅན་མི་སྲིད་པར་ཐལ། དེ་ཡང་འདོད་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། སེམས་ཅན་གྱི་དོན་མཛད་པའི་འཕྲིན་ལས་དང༌། སེམས་ཅན་ཡོད་པར་གཞལ་བའི་ཚད་མ་མི་སྲིད་པར་ཐལ་ལོ། །གཞན་ཡང༌། བུམ་པ་དང་ངོ་བོ་ཐ་དད་དུ་སྐྱེས་པ་དེ་ཆོས་ཅན། བུམ་པས་དག་པའི་ས་ཕྱོགས་བུམ་པ་དང་རྫས་ཐ་དད་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་ཏེ། བུམ་པས་དག་པའི་ས་ཕྱོགས་དེ་ཁྱོད་ཡིན་པ་གང་ཞིག ཁྱོད་བུམ་པ་དང་རྫས་ཐ་དད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། བུམ་པ་ཡོད་པར་ཐལ། བུམ་པ་དང་རྫས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་དང་ངོ་བོ་ཐ་དད་དུ་སྐྱེས་པའི་ཕྱིར། གསུམ་ཀར་དངོས་འགལ་ལོ། །གཞན་ཡང༌། མེ་སྟོབས་ཆེན་པས་ཁྱབ་པར་ནོན་པ་དེ་ཆོས་ཅན། ཁྱོད་གྲང་རེག་རྒྱུན་ཆགས་པ་དང་ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་པ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་དང་ལྷན་ཅིག་མི་གནས་འགལ་མ་ཡིན་པའི་ཕྱིར། འདོད་ན། ཁྱོད་དེ་སྒྲུབ་ཀྱི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་ནི་ཡིན། འདོད་པ་དེའི་ཕྱིར། འདོད་ན། སྔར་བཤད་པའི་ལྷན་ཅིག་མི་གནས་འགལ་གྱི་འགལ་དམིགས་བཅུ་གཉིས་པོ་ཐམས་ཅད། རང་ཆོས་ཅན་དུ་བཟུང་ནས། དེ་དང་དེ་སྒྲུབ་པའི་ཕན་ཚུན་སྤངས་འགལ་གྱི་སྦྱོར་བ་བཅུ་གཉིས་སུ་ཁས་ལེན་དགོས་པས། གང་ཆོས་ཀྱི་གྲགས་པའི་གཞུང་ལས་མ་བཤད་པ་ཐམས་ཅད་ཁས་ལེན་དགོས་པར་འགྱུར་ཞིང༌། བཤད་པ་ཐམས་ཅད་དོར་དགོས་པར་འགྱུར་བ་དང༌། གཞི་གྲུབ་ན། མེ་སྟོབས་ཆེན་པའི་གཞིར་གྲང་རེག་སྐོར་བཞི་མེད་པར་སྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་གཏན་ཚིགས་མིན་པས་ཁྱབ་པར་ཁྱོད་ཀྱིས་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་མེ་སྟོབས་ཆེན་པས་ཁྱབ་པའི་ཤར་གཞིར། གྲང་རེག་རྒྱུན་ཆགས་མེད་པར་སྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་ཚུལ་གསུམ་ཚང་བ་དེ་ཆོས་ཅན། ཁྱོད་མེ་སྟོབས་ཆེན་པས་ཁྱབ་པར་ནོན་པ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། འདོད་ན། གསུམ་ཆར་བརྒྱུད་མར་འབྱུང་ངོ༌། །འོན་ཀྱང་ཕྱོགས་སྔ་མ་ལའང་སྨྲ་རྒྱུ་ཅུང་ཟད་ཡོད་པས། རྩོད་པ་བདེ་བའི་ངོར་བྱེད་ན། མེ་ཆོས་ཅན། མེ་མེད་པའི་རྒྱ་མཚོར་མེད་དེ། དེར་ཚད་མས་མ་དམིགས་པའི་ཕྱིར། ཞེས་དང༌། བུམ་པ་ཆོས་ཅན། བུམ་པས་དག་པའི་ས་ཕྱོགས་སུ་མེད་དེ། དེར་སྣང་རུང་མ་དམིགས་པའི་ཕྱིར་ཞེས་སོ། །དཔྱད་པ་འདི་ཞུགས་པའི་ཚེ་བཀོད་ཀྱང༌། གཞུང་དོན་ལས་ཉམས་པ་ཅུང་ཟད་ཀྱང་མི་འབྱུང་ངོ༌། །བཞི་པ་དངོས་འབྲས་མ་དམིགས་པ་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་རྟགས་ལོག་ཏུ་གཟུང་བྱ་དེའི་ཚིག་གིས་ཟིན་པའི་ཁྱད་གཞིར་གཟུང་བྱ་དེ་ཡིན་ན། དེ་སྒྲུབ་ཀྱི་ཆོས་ལོག་ཏུ་གཟུང་བྱ་དེའི་ཚིག་ཟིན་གྱི་ཁྱད་གཞིར་གཟུང་བྱ་དེའི་དངོས་ཀྱི་འབྲས་བུར་དམིགས་པའོ། །འདི་ལ་ཕྱཱ་པས། ཐ་སྙད་འབའ་ཞིག་སྒྲུབ་པ་དང༌། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་གཉིས་སུ་མཛད་ནས། དང་པོ་ནི། ཕྱོགས་བཞི་ཀུན་ནས་སྐོར་ཞིང་བླ་གབ་དང་དུ་བ་མེད་པའི་དང་རྭ་ཆོས་ཅན། དུ་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ལ། གཉིས་པ་ནི། མི་རྟག་པའི་དུ་བ་བཀག་པས། དུ་ཙམ་གྱི་རྒྱུ་ནུས་པ་ཐོགས་མེད་བཀག་པ་ལྟ་བུའོ་ཞེས་གསུང་ངོ༌། །འདི་འབྲེལ་ཡུལ་མི་དམིགས་པར་བཤད་ན་བཟློག་པ་ལ་འབྲེལ་པ་ཇི་ལྟར་ཡོད་ཅེ་ན། རིགས་གཏེར་འགྲེལ་པ་ལས། བཟློག་པ་ལ་དེ་བྱུང་འབྲེལ་པ་ཡོད་པར་བཤད། ཆོས་ཀྱི་སྤྱན་ལྡན་ལོ་ཙྭ་བས་ནི། བརྒྱུད་པས་འབྲེལ་བར་བཞེད་དེ། ཁོ་རང་གི་མཚན་ཉིད་དུ་བ་དངོས་སུ་སྐྱེད་བྱེད་ལ་འབྲེལ་ལ། དེ་ཡང་བདག་གཅིག་ཏུ་འབྲེལ། དེའི་རྒྱུ་མཚན་གྱིས་དུ་བ་སྐྱེད་བྱེད་ཀྱི་ཁྱད་པར་བྱེད་ཆོས་དུ་བ་ལའང་བརྒྱུད་ནས་འབྲེལ་བར་བཞེད་ཅིང༌། རྣམ་པར་ངེས་པ་ལས་ཀྱང༌། འདི་རང་བཞིན་མ་དམིགས་པའི་ནང་དུ་འདུས་པར་བཤད་དོ། །འོ་ན་དུ་བའི་རྒྱུ་ནུས་པ་ཐོགས་མེད་དེ། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་དུ་བ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་བར་འགྱུར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ཚད་མས་ངེས་པའི་ཕྱིར་ཞེས་དོགས་ན། ཉེས་པ་མེད་དེ། གཞི་དེར་དུ་བའི་རང་ལྡོག་ནས་བསྒྲུབ་བྱའི་ཆོས་སུ་བྱེད་པ་ལ་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཏེ། དུ་བའི་རྒྱུ་ནུས་པ་ཐོགས་མེད་དུ་ངེས་པ་དེ། དུ་བ་ངེས་པ་ལ་ལྟོས་དགོས་པའི་ཕྱིར། གཞན་དུ་ཕྱོགས་ཆོས་ངེས་པ་ན་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་སྐྱོན་ཡོད་དེ། དེ་སྐད་དུ་རྣམ་ངེས་ལས། ཐ་མའི་གནས་སྐབས་ཀྱི་ཁྱད་པར་ལ་འཁྲུལ་པ་མེད་དོ་ཞེ་ན་མ་ཡིན་ཏེ། དེ་ལས་འབྲས་བུ་སྐྱེ་བ་ནི་རྟོགས་པ་མེད་པའི་ཕྱིར་རོ། །མཐའི་སྐད་ཅིག་བར་དུ་ནི་སྐྱེ་བ་ལ་གེགས་སྲིད་ལ། མཐའི་སྐད་ཅིག་ལ་ནི་གེགས་མེད་པས། རྟགས་དེ་མཐོང་བ་ལས་འབྲེལ་པ་དྲན་པ་ལ་ལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པ་ན། མཐའི་སྐད་ཅིག་ལ་བར་ཆད་མེད་པའི་ཕྱིར། དེའི་སྔོན་རོལ་དུ་འབྲས་བུ་སྐྱེད་པ་ཉིད་མངོན་སུམ་དུ་འགྱུར་རོ། །འབྲས་བུ་མངོན་སུམ་མིན་པ་ལ་ནི་རྒྱུའི་དངོས་པོ་རྟོགས་པ་མེད་དོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་མི་འགྲུབ་བོ་ཞེས་འབྲས་བུ་སྒྲུབ་པ་ལ་རྒྱུ་ཆོས་ཁྱབ་པ་འཁྲུལ། དངོས་རྒྱུ་ཐོགས་མེད་ལ་ཕྱོགས་ཆོས་མི་འགྲུབ་པར་བཤད་དོ། །འོན་ཀྱང་སྔར་བཤད་པ་ལྟར། ཕྱིས་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་མྱུ་གུའི་རྒྱུ་ཚོགས་རྟགས་སུ་བཀོད་ནས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་རང་འབྲས་མྱུ་གུ་སྐྱེད་ངེས་སུ་སྒྲུབ་པ་དང༌། དངོས་པོའི་རྒྱུ་ཚོགས་རྟགས་སུ་བཀོད་ནས། དངོས་པོའི་རྒྱུ་ཚོགས་སྐད་ཅིག་དང་པོ་མི་རྟག་པར་སྒྲུབ་པ་དང༌། ཤེས་པའི་ཉེར་ལེན་རྟགས་སུ་བཀོད་ནས་ཤེས་པའི་ཉེར་ལེན་སྐད་ཅིག་དང་པོ་ཤེས་པར་སྒྲུབ་པའི་རྟགས་ཡང་དག་ནི་ངེས་པར་ཁས་ལེན་དགོས་སོ། །གཉིས་པ་ནི། དེ་ལྟར་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་བཞི་པོ་གང་རུང་ཡིན་ན། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པ་ཡིན་ཏེ། སྣང་མི་རུང་གི་རྒྱུ་ཁྱབ་བྱེད། རང་བཞིན་དངོས་འབྲས་བཀག་པས། དགག་བྱའི་ཆོས་དེ་ཁེགས་པ་ཡིན་ན། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ལའང་བཞིར་འབྱེད་པར་མཚུངས་པའི་ཕྱིར། ཅི་སྟེ། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་རྒྱུ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་བཀག་ནས། འབྲས་བུ་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་འགོག་པར་གསུངས་པའང་རྒྱུ་མ་དམིགས་པའོ་ཞེ་ན། དེ་ལྟར་ན་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་ཀྱང་རྒྱུ་མ་དམིགས་པར་ཧ་ཅང་ཐལ་བར་འགྱུར་ཏེ། རྒྱུ་བུམ་པ་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས་འབྲས་བུ་བུམ་པ་ཡོད་ངེས་ཀྱི་དཔྱད་ཤེས་འགོག་པར་གསུངས་པའི་ཕྱིར། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ལའང་སྣང་རུང་མ་དམིགས་པ་ལྟར། འབྲེལ་ཟླ་མ་དམིགས་པ་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པ་སོགས་ཅིའི་ཕྱིར་མི་སྦྱོར། གཉིས་པ་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ། མཚན་ཉིད་དང༌། དབྱེ་བ་གཉིས། དང་པོ་ནི། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་དགག་བྱའི་ཆོས་སུ་གཟུང་བྱ་དེ་ལ་གནོད་བྱེད་དུ་རྒོལ་བའི་རྒྱུད་ཀྱི་ཚད་མས་དམིགས་པའོ། །དེ་ལ་དབྱེ་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའོ། །དང་པོ་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་སུ་གཟུང་བྱའི་ཚིག་ཟིན་གྱི་ཁྱད་གཞི་དེ། དགག་བྱའི་ཆོས་སུ་གཟུང་བྱའི་ཚིག་ཟིན་གྱི་ཁྱད་གཞི་གཉིས་པོ་ལྷན་ཅིག་མི་གནས་འགལ་དུ་སྐབས་བབ་ཀྱི་རྒོལ་བའི་རྒྱུད་ཀྱི་ཚད་མས་དམིགས་པའོ། །དབྱེ་བ་ནི། གནོད་བྱེད་ཚ་རེག་སྐོར་གསུམ་གྱིས་གནོད་བྱ་གྲང་རེག་སྐོར་བཞི་བཀག་པའི་སྦྱོར་བ་བཅུ་གཉིས་སམ། ཡང་ན། གྲང་རེག་སྐོར་གསུམ་གྱིས་ཚ་རེག་སྐོར་བཞི་བཀག་པའི་སྦྱོར་བ་བཅུ་གཉིས་སོ། །མེ་རྒྱུ་ནུས་པ་ཐོགས་མེད་དང༌། གྲང་རྒྱུ་ནུས་པ་ཐོགས་མེད་ཀྱིས་གནོད་བྱ་སྐོར་བཞི་བཀག་མི་ནུས་ཏེ། དེ་དང་འགལ་བ་ཡི་ནི་རྒྱུ། །དམིགས་པའི་སྦྱོར་བ་གང་ཡིན་ཏེ། །རྒྱུ་མཚན་དག་ནི་འགལ་བ་ཉིད། །མེད་ན་འཁྲུལ་པ་ཅན་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་རྒྱུ་ཙམ་གྱི་དབང་དུ་བྱས་སོ་ཞེ་ན། བྱས་མོད། དེ་ལྟ་ན་ཡང་དེས་དེ་འགོག་མི་ནུས་ཏེ། ནུས་པ་ཐོགས་མེད་རྟགས་སུ་བཀོད་པ་ལ་ནི་བསྒྲུབ་བྱ་ལ་ཐེ་ཚོམ་བཟློག་མ་ཟིན་གྱི་བར་དུ་ཕྱོགས་ཆོས་ངེས་མི་སྲིད་པའི་ཕྱིར་དང༌། འཇམ་པའི་དབྱངས་ཀྱིས། ནུས་པ་ཐོགས་མེད་མེ་མིན་ཅིང༌། །རྒྱུན་མེད་ཕྱིར་ན་འགོག་མི་ནུས། །ཞེས་གསུངས་པའི་ཕྱིར། དེ་ཡང་ལྷན་ཅིག་མི་གནས་འགལ་གྱི་གནོད་བྱེད་ལ་རྒྱུན་དགོས་པ་ཡིན་གྱི། གནོད་བྱ་ལ་རྒྱུན་དགོས་པ་མིན་ནོ། །དེ་ལྟར་ན། འགལ་བའི་རང་བཞིན་དམིགས་པ་བཞི། འབྲས་བུ་དམིགས་པ། ཁྱབ་བྱ་དམིགས་པ་བཞི་སྟེ། དེ་དག་སྣང་རུང་མ་དམིགས་པར་འཇོག་པ་ཡང༌། ཕུགས་གྲང་རེག་སྣང་རུང་མ་དམིགས་པའི་རྟགས་ཀྱིས་གྲང་རེག་བཀག་པ་ལ་ཐུག་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཅི་སྟེ། འོ་ན། འདི་དག་ཐམས་ཅད་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་ཐལ་བར་འགྱུར་ཏེ། རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེ་མིན་ན་དེའི་ནང་དུ་འདུས་པའི་རྒྱུ་མཚན་ཅི་ཡིན་སྙམ་པའི་དོགས་པ་འདི་ནི་རྟོགས་ལྡན་ལ་སྐྱེ་བའི་དོགས་པ་ཡིན་པས། རྣམ་པར་དཔྱད་དགོས་སོ། །དེ་ལྟར་དཔྱད་པའི་ཚེ་ལེགས་པར་བཤད་པ་གཅིག་ནི་འདི་ཡིན་ཏེ། འགལ་དམིགས་ཀྱི་གྲང་རེག་འགོག་པ་ནི། གྲང་རེག་སྣང་མི་རུང་གི་ཆོས་ཅན་ཁོ་ནའི་སྟེང་དུ་ཡིན་ལ། དེའི་ཚེ་ན་གྲང་རེག་མེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་དགོས་པས་དོན་ནི་འགལ་ཟླ་རྟགས་སུ་བཀོད་པ་ཉིད་ཀྱིས་འགྲུབ་དོན་དེ་དག་གིས་ཐ་སྙད་དེ་ཡང་སྒྲུབ་དགོས་ཏེ། དེའི་ཐ་སྙད་སྒྲུབ་བྱེད་ནི་དེ་ལས་གཞན་མེད་པའི་ཕྱིར་ཞེས་དགོངས་པ་ཡིན་ནོ། །ཡང་ལེགས་པར་བཤད་པ་གཉིས་པ། དེ་ཡང༌། འདི་ལྟར་དབྱེ་གཞིར་གྱུར་པའི་སྣང་རུང་མ་དམིགས་པའི་རང་བཞིན་མ་དམིགས་པ་ལ་ནི། དོན་དང་ཐ་སྙད་སྒྲུབ་གཉིས་ཀ་ཡོད་པས། སོ་སོར་རྣམ་པར་དབྱེ་བའི་དུས་ཀྱི་སྣང་བ་མ་དམིགས་པའམ། རང་བཞིན་མ་དམིགས་པ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱིས་ཁྱབ་པ་ཡིན་ནོ། །ཚ་རེག་གིས་གྲང་རེག་འགོག་པ་རང་བཞིན་མ་དམིགས་པར་འདུས་པ་ཡང༌། དངོས་སུ་གྲང་རེག་བཀག་ནས་ཤུགས་ལ་གྲང་རེག་མ་དམིགས་པ་བློ་ཡུལ་དུ་འཕེན་ལ། དེ་ལྟར་འཕངས་པ་ན། ཚ་རེག་གིས་གྲང་རེག་འགོག་པའི་ཁྱབ་འབྲེལ་བདེ་བླག་ཏུ་འགྲུབ་པའི་དོན་ཡིན་གྱི། སྣང་རུང་མ་དམིགས་པ་ཉིད་རྟགས་སུ་བཀོད་བྱར་སོང་བས་རང་བཞིན་མ་དམིགས་པར་བཞག་པ་ཡིན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་གཏན་ཚིགས་ཡང་དག་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་སུ་གཟུང་བྱ་དང༌། ཆོས་ལོག་ཏུ་གཟུང་བྱ་གཉིས་ཕན་ཚུ་སྤངས་འགལ་དུ་སྐབས་བབ་ཀྱི་རྒོལ་བའི་རྒྱུད་ཀྱི་ཚད་མས་དམིགས་པའོ། །དབྱེ་ན། དངོས་འགལ་གྱི་ཁྱད་པར་དུ་བྱས་པ་དང༌། ཚད་མས་གནོད་འགལ་ལ་བརྟེན་པ་གཉིས། དང་པོ་ནི། སྒྲ་ཆོས་ཅན། རྟག་པའི་དངོས་པོས་སྟོང་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། བྱས་པ་དེ་རྟག་དངོས་ཀྱི་ཁྱབ་བྱེད་མ་བྱས་པ་དང་དངོས་འགལ་དུ་དམིགས་པའི་ཕྱིར། ཇི་སྐད་དུ། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །བསྟན་དངོས་དང་ནི་འཇིག་པ་བཞིན། །ཞེས་སོ། །མྱུ་གུ་ཆོས་ཅན། སྐྱེས་ཟིན་སླར་ཡང་སྐྱེ་དགོས་པ་མིན་ཏེ། ཡོད་པའི་ཕྱིར་ཞེས་པ་ཡོད་གནོད་བཞིན་ཞེས་པའི་གཞུང་གིས་བསྟན་པ་འདི་ཡང༌། དངོས་འགལ་གྱི་ཁྱད་པར་དུ་བྱས་པར་མངོན་ནོ། །གཉིས་པ་ལ་ལྟོས་པས་ངེས་པ་འགོག་པ་དང༌། ངེས་པས་ལྟོས་པ་འགོག་པ་དང་གཉིས། དང་པོ་ནི། གོས་དཀར་པོ་ཆོས་ཅན། གྲུབ་ཙམ་ནས་ཚོན་ཅན་དུ་མ་ངེས་ཏེ། དེར་འགྱུར་བ་ཕྱིས་རྒྱུ་དོན་གཞན་ལ་ལྟོས་བཅས་ཡིན་པའི་ཕྱིར། ཞེས་པ་སྟེ། དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །ཞེས་སོ། །གཉིས་པ་ནི། བུམ་པ་ཆོས་ཅན། འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་མེད་དེ། འཇིག་ངེས་ཡིན་པའི་ཕྱིར་ཞེས་པ་སྟེ། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །ཅེས་པས་སྟོན་ནོ། །རིགས་གཏེར་རང་འགྲེལ་ལས། དང་པོ་ནི། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་དང༌། གཉིས་པ་ནི། འགལ་བྱའི་ཁྱབ་བྱེད་དམིགས་པ་དང༌། གསུམ་པ་འགལ་བའི་ཁྱབ་བྱ་དམིགས་པར་གསུངས་སོ། །དེའི་དབང་དུ་བྱས་ན། རྩ་བར། ཚད་མས་གནོད་པའི་འགལ་བ་ཡང༌། །འགལ་བའི་ཁྱབ་བྱ་དམིགས་པར་འདུས། །ཞེས་ཟེར་དགོས་སོ། །གསུམ་པ་དབྱེ་བ་མདོར་བསྡུ་བ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། གསུམ་དུ་བསྡུ་བ། གཉིས་སུ་བསྡུ་བ། གཅིག་ཏུ་བསྡུ་བའོ། །དང་པོ་ནི། དེ་ལྟར་མ་དམིགས་པའི་གཏན་ཚིགས་ལ་དུ་མར་དབྱེ་བ་དེ་ཐམས་ཅད་ནི་སྦྱོར་བའི་སྒོ་ནས་ཡིན་ལ། ངོ་བོའི་སྒོ་ནས་བསྡུ་ན། གསུམ་དུ་འདུས་པ་ཡིན་ཏེ། དོན་སྒྲུབ་ཐམས་ཅད་རྒྱུ་ཁྱབ་བྱེད་མ་དམིགས་པར་འདུས། ཐ་སྙད་འབའ་ཞིག་སྒྲུབ་རྣམས་རང་བཞིན་མ་དམིགས་པར་འདུས་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ལྟར་མི་དམིགས་འདི་རྣམ་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ། །དེ་དང་དེ་འགལ་ལ་སོགས་པ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །ཞེས་དང༌། དེའི་རང་འགྲེལ་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་སོ། །ཞེས་གསུངས་ཤིང༌། དེའི་ཤུགས་ཀྱིས་རང་བཞིན་མ་དམིགས་པ་ཐ་སྙད་འབའ་ཞིག་སྒྲུབ་ཏུ་གསལ་བའི་ཕྱིར་རོ། །རྣམ་ངེས་ལས། དེའི་ཕྱིར་དོན་འབའ་ཞིག་དགག་པ་སྒྲུབ་པར་འདོད་པས་ཀྱང༌། རྒྱུ་རང་བཞིན་ཁྱབ་པར་བྱེད་པ་ལྡོག་པ་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ་ཞེས་རྒྱུ་དང་ཁྱབ་བྱེད་གང་རུང་བཀག་ནས། དགག་བྱ་དངོས་སུ་འགོག་དགོས་པར་གསུངས་སོ། །གསུམ་པ་ནི། རང་བཞིན་མ་དམིགས་པ་ཡང་ཁྱབ་བྱེད་མ་དམིགས་པར་འདུས་ཏེ། མཚན་ཉིད་གང་ཡིན་ཐམས་ཅད་རང་གི་མཚོན་བྱའི་ཁྱབ་བྱེད་ཡིན་པའི་ཕྱིར་རོ། །གཅིག་ཏུ་བསྡུ་བ་ནི། དེ་ཐམས་ཅད་རང་བཞིན་མ་དམིགས་པར་འདུ་བར་བཤད་དེ། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། །ཅེས་སོ། །དེ་ལྟར་ན། རང་བཞིན་མ་དམིགས་པ་ཞེས་པ་འདི། སྒྲ་ཡངས་པར་བྱས་ན། སྣང་རུང་མ་དམིགས་པའི་དངོས་མིང་ཡིན་ལ། སྒྲ་དོག་པར་བྱས་ན། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རང་བཞིན་མ་དམིགས་པ་ཁོ་ནའི་མིང་དུ་མཛད་དོ། །དངོས་འབྲས་མ་དམིགས་པ་ནི། རྣམ་པ་ཐམས་ཅད་དུ་རང་བཞིན་མ་དམིགས་པའི་ནང་དུ་འདུ་བར་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། འགལ་ཟླ་དམིགས་པ་རྣམས་སྔ་མ་གཉིས་སུ་ཇི་ལྟར་འདུ་ཞེ་ན། ཆོས་ཀྱི་སྤྱན་ལྡན་འཇིག་རྟེན་གྱི་མིག་ནི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་བཅུ་གཉིས་ནི་རྒྱུ་མ་དམིགས་པར་འདུས། ཕན་ཚུན་སྤངས་འགལ་ལ་རྟེན་པ་འགའ་ཞིག་ནི་སྒྲུབ་རྟགས་ཡིན་ལ། དགག་པའི་གཏན་ཚིགས་སུ་རུང་བ་རྣམས་ཁྱབ་བྱེད་མ་དམིགས་པར་འདུས། རང་བཞིན་མ་དམིགས་པ་ཡང་ཁྱབ་བྱེད་མ་དམིགས་པར་འདུས་མོད། ལོགས་སུ་བཞག་པ་ནི་ཐ་སྙད་འབའ་ཞིག་སྒྲུབ་པའམ། ཡང་ན་འདིས་ནི། ལྐོག་ཏུ་མ་གྱུར་པའི་དགག་པ་སྒྲུབ་པར་བྱེད་ལ། སྔ་མ་གཉིས་པོས་ལྐོག་ཏུ་གྱུར་པའི་དགག་པ་ཁོ་ན་སྒྲུབ་པས་ལོག་པར་བཞག་པ་ཡིན་ནོ་ཞེས་གསུངས་ལ། རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེས་ནི། དོན་དེ་ཉིད་འཆད་པ་ན་འདི་ལྟར་མཛད་དེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་བཅུ་གཉིས་པོ་རྒྱུ་མ་དམིགས་པར་འདུས་ཤིང༌། ལྡོག་པ་ལ་དེ་བྱུང་འབྲེལ་ལ་བརྟེན་པ་ཡིན་ཏེ། ཚ་རེག་སྐོར་གསུམ་གྱིས་གྲང་འབྲས་སྤུ་ལོང་བྱེད་འགོག་པ་ནི། དེའི་རྒྱུ་གྲང་རེག་བཀག་པས་འགོག་པ་ཡིན། དེ་གསུམ་གྱིས་གྲང་རེག་དང༌། བ་མོའི་རེག་པ་འགོག་པ་ནི། གྲང་རྒྱུ་ནུས་པ་ཐོགས་མེད་བཀག་པས་འགོག་པ་ཡིན་ལ། གསུམ་གྱིས་གྲང་རྒྱུ་ཐོགས་མེད་འགོག་པ་ནི། དེའི་རྒྱུ་བཀག་པས་འགོག་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། གྲང་རྒྱུ་ཐོགས་མེད་ཀྱི་རྒྱུ་ནི། མེ་དང་དུ་བ་དང་ཙནྡན་སོགས་ཀྱི་མེ་དང་མ་ཕྲད་པའི་རྒྱུ་ཚོགས་ཡིན་པས། དེ་གསུམ་མཐོང་བ་ན། དེ་གསུམ་གང་རུང་དང་མ་འཕྲད་པའི་རྒྱུ་ཚོགས་ཁེགས་པས། ནུས་པ་ཐོགས་མེད་ལ་ལྟོས་ཏེ་དངོས་རྒྱུ་མ་དམིགས་པ་དང༌། གྲང་རེག་ལ་ལྟོས་ཏེ་བརྒྱུད་རྒྱུ་མ་དམིགས་པ་དང༌། སྤུ་ལོང་བྱེད་ལ་ལྟོས་ཏེ་སུམ་རྒྱུད་ཀྱི་རྒྱུ་བཀབ་ནས་འགོག་པ་ཡིན་ནོ། །ཕན་ཚུ་སྤངས་འགལ་ལ་བརྟེན་པ་ལའང༌། ཙནྡན་གྱི་མེས་མེ་མེད་པར་འཛིན་པ་འགོག་པ་ལྟ་བུ་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། དུ་བས་མེ་མེད་པར་འཛིན་པའི་ཤེས་པ་དང༌། མེ་མེད་ཀྱི་དངོས་པོ་དང༌། མེ་མེད་ཀྱི་རྒྱུ་འགོག་པ་ལྟ་བུ་རྒྱུ་དང་ཁྱབ་བྱེད་དང༌། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་གསུམ་གྱིས་ཀྱང༌། སྔར་གྱི་རིགས་པས་རང་གི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་ནས་འགོག་པ་ཡིན་པས། རྒྱུ་མ་དམིགས་པར་འདུས། དེའི་ལྷག་མ་རྣམས་དང༌། དངོས་འབྲས་མ་དམིགས་པ་དང༌། རང་བཞིན་མ་དམིགས་པ་རྣམས་བཟློག་པ་ལ་བདག་གཅིག་འབྲེལ་པ་སྒྲུབ་པས་ཁྱབ་བྱེད་མ་དམིགས་པའི་ནང་དུ་འདུ་བར་བཤད་དོ། །དེ་ཡང་ཕན་ཚུན་སྤངས་འགལ་གྱི་སྦྱོར་བར་མི་རུང་བ་བཞི་ནི། མེ་ཡོད་ཀྱིས་མེ་མེད་འགོག་པ་ལ་རྟགས་དང་རྟགས་ཅན་ཐ་དད་མེད། མེས་མེ་མེད་དེ། འཛིན་པའི་ཤེས་པ་འགོག་པ་རྒྱུ་མ་དམིགས་པར་སོང༌། མེས་མེ་མེད་ཀྱིས་རྒྱུ་འགོག་པ་འབྲས་བུ་མ་དམིགས་པར་འདུས། དུ་བས་མེ་མེད་འགོག་པ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །ཞེས་བཞེད་པར་སྣང་ངོ༌། །ཚད་མ་རིགས་པའི་གཏེར་ལས་ནི། །དོན་འདི་དག་འགོག་པ་ན། དངོས་འབྲེལ་བཀག་ཟིན་ལྷན་ཅིག་ན། །མི་གནས་ཚོགས་པས་སྐྱེད་པ་འཁྲུལ། །འབྲེལ་ཡུལ་བཟློག་པས་འབྲེལ་ཆོས་ཉིད། །བཟློག་པས་བཟློག་འབྲེལ་བློ་ངོར་གྲུབ། །ཅེས་དང༌། འགྲེལ་པ་ལས་འགལ་ཟླ་དམིགས་པ་ལ། འགལ་ཟླ་གྲུབ་པ་ན་གཅིག་ཤོས་ཁེགས་པའི་ཕྱིར། འབྲེལ་ཡུལ་བཀག་པ་ལ་མི་ལྟོས་པས། བཟློག་འབྲེལ་དཔྱད་མི་དགོས་སོ་ཞེས་དང༌། ཕན་ཚུན་སྤངས་འགལ་ཡང་ལྷན་ཅིག་མི་གནས་འགལ་བཞིན་དུ་ཁས་བླངས་ནས་འཆད་པ་ནི་རང་གི་འཇུག་པ་ལ་ཅོ་འདྲི་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་རྣམ་པར་བཤད་པ་ན་སྣང་རུང་མ་དམིགས་པའི་གཏན་ཚིགས་འདི་དག་རིགས་ཀྱི་སྒོ་ནས་མི་འགལ་བའི་ཚུལ་དང༌། སྦྱོར་བའི་སྒོ་ནས་སོ་སོར་དབྱེ་བའི་ཚུལ་རྣམས་མ་འདྲེས་པར་ཁོང་དུ་ཆུད་པར་བྱའོ། །གསུམ་པ་ཡིད་ཆེས་པའི་རྟགས་ཡང་དག་ལ། མཚན་ཉིད་དང༌། དཔེར་བརྗོད་པའོ། །དང་པོ་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་གྲུབ་ཅིང༌། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་སྒྲུབ་བྱ་ཡིན་ན། ཤིན་ཏུ་ལྐོག་གྱུར་ཡིན་དགོས་པའོ། །གཉིས་པ་ལ་རང་གི་འདོད་པ་བརྗོད་པ་དང༌། དེ་ལ་བརྟེན་ནས་གཞན་གྱི་འདོད་པའང་ཁེགས་པར་བསྟན་པའོ། །དང་པོ་ལ། ཤིན་ཏུ་ལྐོག་གྱུར་ལ་དང་པོར་དཔྱད་པའི་སྐབས་ཀྱི་ཡིད་ཆེས་པའི་རྟགས་ཡང་དག་གི་དཔེར་བརྗོད་པ་དང༌། ཤིན་ཏུ་ལྐོག་གྱུར་རྒྱས་པར་གཏན་ལ་འབེབས་པའི་སྐབས་ཀྱི་རྟགས་ཀྱི་དབྱེ་བ་མང་པོ་བསྟན་པའོ། །དང་པོ་ལ། རྟགས་བཀོད་པ་དང༌། ཚུལ་གྲུབ་པའོ། །དང་པོ་ནི། སྦྱིན་སོགས་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་སྟེ། སྤྱད་པ་ལས་བདེ་བ་འབྱུང་བར་རིན་ཆེན་ཕྲེང་བར་གསུངས་པའི་ཕྱིར་ཞེས་པའོ། །འོ་ན་དོགས་པ་འདི་སྙམ་དུ། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པར་རིན་ཆེན་ཕྲེང་བར་གསུང་པའི་ཕྱིར། ཕྱོགས་ཆོས་ནི་མངོན་སུམ་གྱིས་གྲུབ། ཁྱབ་པ་སྒྲུབ་བྱེད་ནི། རིན་ཆེན་ཕྲེང་བ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་སྟེ་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པས་མི་འགྲུབ་པ་ཅི་ཞིག་ཡོད་ཅེ་ན། དེའི་ཁྱབ་འབྲེལ་རྟགས་དེ་ལྟར་འགྲུབ་མོད། ཁྱབ་པ་ངེས་པའི་དུས་སུ། བསྒྲུབ་བྱ་གྲུབ་ཟིན་པས་དེ་འདྲའི་གཏན་ཚིགས་དོན་མེད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། བྱས་པའི་རྟགས་ལྟ་བུ་ཅིག་ལ་བརྟེན་ན། སྒྲ་མི་རྟག་པར་ཚད་མས་མ་ངེས་ན། སྒྲ་མི་རྟག་པར་སྟོན་པའི་ལུང་དཔྱད་པ་སྐབས་གསུམ་གྱིས་དག་པར་བྱས་པའི་ཕྱིར་ཞེས་བྱ་བ་འདི་ཤེས་དགོས་པ་ཡིན་ནོ། །དེའི་ཕྱིར་རྟགས་དེ་ལ་ཤེས་འདོད་མེད་པར་ངེས་སོ། །འདིར་དཀར་ཆོས་ཆོས་ཅན་དུ་བྱེད་ན། ཆོས་ཅན་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པའི་ཉེས་པ་འབྱུང་ཞིང༌། ལུང་རྣམ་དག་ལས་དོན་མཐུན་དུ་གསུངས་པའི་ཕྱིར་ཞེས་འགོད་ནའང༌། ཕྱོགས་ཆོས་གྲུབ་པའི་དུས་དེ་ཉིད་དུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བས་མི་འཐད་དོ། །ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་སྟེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་གསུངས་པ་མངོན་སུམ་གྱིས་མཐོང་བའི་ཕྱིར་རྒོལ་ཞིག་ལ་རྟགས་འདི་འགོད་པ་ཡིན་པའི་ཕྱིར། ཁྱབ་པ་སྒྲུབ་པ་ལ་རྗེས་འགྲོ་སྒྲུབ་པ་དང༌། ལྡོག་པ་སྒྲུབ་པའོ། །དང་པོ་ནི། རིན་ཆེན་ཕྲེང་བ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཁྱབ་སྟེ། རང་གི་བསྟན་བྱའི་དོན་ལ། ཚད་མ་གསུམ་གང་རུང་གིས་གནོད་ན། ཚད་མ་གསུམ་གྱི་དཔྱད་པ་གསུམ་པོས་མ་དག་དགོས་པའི་ཕྱིར། རིན་ཆེན་ཕྲེང་བ་ཆོས་ཅན། དཔྱད་པ་གསུམ་གྱིས་རྣམ་པར་དག་པ་ཡིན་ཏེ། ཁྱོད་ཀྱིས་གཞལ་བྱ་མངོན་གྱུར་སྟོན་པའི་ཆ་ལ། མངོན་སུམ་གྱིས་གནོད་པ་མེད་ཅིང་གྲུབ། གཞལ་བྱ་ལྐོག་གྱུར་སྟོན་པའི་ཆ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་གནོད་པ་མེད་ཅིང་གྲུབ། ཁྱོད་ཀྱིས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྟོན་པའི་ཆ་ལ། ཁྱོད་ཀྱི་ཆ་ཤས་སུ་གྱུར་པའི་ཚིག་སྔ་ཕྱི་དང༌། དངོས་ཤུགས་འགལ་བ་མེད་ཀྱི་སྟེང་དུ། ཚིག་སྔ་མའི་དོན་དེ་ཉིད་ཚིག་ཕྱི་མ་ལས་ལེགས་པར་བསྒྲུབས་ཤིང༌། དངོས་བསྟན་དང༌། ཤུགས་བསྟན་གྱི་དོན་གཉིས་པོ་ཕན་ཚུན་གཅིག་གིས་གཅིག་ཤོས་གྲུབ་པ་ཡིན་པའི་ཕྱིར། རྗེས་ཁྱབ་འདི་ལྟར་སྒྲུབ་པའི་རྒྱུ་མཚན་ཡང༌། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་མ་མི་འབྱུང་ཉིད་མེད་ཕྱིར། །ཞེས་ཚིག་ཙམ་ལས། བརྗོད་བྱའི་དོན་སྒྲུབ་མི་ནུས་པར་བཤད་ནས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལ་རྗེས་སུ་དཔག་པ་ཉིད། །ཅེས་ཡིད་ཆེས་པའི་ཚིག་ལས་རང་གི་བརྗོད་བྱའི་དོན་སྒྲུབ་ནུས་པར་བཤད་ནས། དེའི་རྒྱུ་མཚན་དུ། མི་བསླུ་བའི་སྤྱི་ལས་ཞེས་ཡིད་ཆེས་པའི་ཚིག་དང༌། ཁོ་རང་གི་བརྗོད་བྱ་ལ་འབྲེལ་པ་སྒྲུབ་པའི་ཤེས་བྱེད་དུ། མི་བསླུ་ཞེས་པའི་གཞུང་རྒྱས་བཤད་དང་བཅས་པ་གསུངས་ལ། སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །རྗེས་སུ་དཔག་པ་ཉིད་དུ་གསུངས། །ཞེས་དང༌། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཉིད། །ཅེས་པ་མི་བསླུ་བ་སྒྲུབ་བྱེད་དུ་གསུངས་པ་ལ། བློ་གྲོས་དང་ལྡན་པ་སུས་ཀྱང་བསྙོན་པར་མི་ནུས་པའི་ཕྱིར་རོ། །དེས་ན་བསྟན་བྱའི་དོན་ལ་མི་བསླུ་བ། ཡིད་ཆེས་པའི་གཏན་ཚིགས་ཀྱི་བསྒྲུབ་བྱར་བཤད་པའི་སྐབས་མེད་དོ། །གལ་ཏེ་ཡོད་ན་བསྟན་པར་མཛོད་ཅིག་ཅེས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་སོ། །གཉིས་པ་ལྡོག་ཁྱབ་བསྒྲུབ་པ་ནི། ཆགས་སོགས་སྡིག་པ་ཡིན་པ་དང༌། ཁྲུས་ཀྱིས་ཆགས་སོགས་འདག་པར་སྟོན་པའི་ལུང་དང༌། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་དང༌། ངའི་མ་མོ་གཤམ་ཞེས་སོགས་བསྟན་བྱའི་དོན་ལ་བསླུ་བའི་ཚིག་རྣམས་ཆོས་ཅན། དཔྱད་པ་གསུམ་གྱིས་དག་པ་མིན་ཏེ། སྔ་ཕྱི་དང་དངོས་ཤུགས་འགལ་བའི་བདག་ཉིད་ཅན་གྱི་ཚིག་ཡིན་པའི་ཕྱིར་ཞེས་པ་སྟེ། འདི་ལ་རྟག་པ་ཕལ་ཆེར་ནི། །ཞེས་སོགས་ཀྱིས་སྟོན་ནོ། །དེ་ལྟར་ན་རྗེས་འགྲོ་སྒྲུབ་བྱེད་ཀྱི་རིགས་པ་རྣམས་ཀྱིས། རིན་ཆེན་ཕྲེང་བའི་ཆ་ཤས་སུ་གྱུར་པའི་གཟུགས་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དང༌། སྒྲ་མི་རྟག་པར་སྟོན་པའི་གཞུང་ལྟ་བུའི་སྟེང་དུ་ཡིད་ཆེས་པའི་ཚིག་དོན་གྱི་འབྲེལ་པ་གཏན་ལ་ཕབ་པ་ཡིན་ལ། ལྡོག་ཁྱབ་སྒྲུབ་བྱེད་ཀྱི་རིགས་པ་ནི་མི་མཐུན་དཔེ་ཁྲུས་ཀྱིས་སྡིག་པ་འདག་པར་སྟོན་པ་ལྟ་བུའི་སྟེང་དུ། ཚིག་དོན་ལ་འབྲེལ་པ་མེད་པར་སྒྲུབས་ནས། ཡིད་ཆེས་པའི་རྟགས་ཡང་དག་གི་བཟློག་འབྲེལ་སྒྲུབ་པ་ཡིན་ནོ། །འོ་ན་དོགས་པ་འདི་སྙམ་དུ། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པར་རིན་ཆེན་ཕྲེང་བར་གསུངས་པའི་ཕྱིར་ཕྱོགས་ཆོས་ནི་མངོན་སུམ་གྱིས་གྲུབ། ཁྱབ་པ་སྒྲུབ་བྱེད་ནི། རིན་ཆེན་ཕྲེང་བ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པས་མི་འགྲུབ་པ་ཅི་ཞིག་ཡོད་ཅེ་ན། དེའི་ཁྱབ་རྟགས་དེ་ལྟར་འགྲུབ་མོད། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པས་དེ་འདྲའི་གཏན་ཚིགས་དོན་མེད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། བྱས་པའི་རྟགས་ལྟ་བུ་ལ་བརྟེན་ནས། སྒྲ་མི་རྟག་པར་ཚད་མས་མ་ངེས་ན། སྒྲ་མི་རྟག་པར་སྟོན་པའི་ལུང་དཔྱད་པ་གསུམ་གྱིས་དག་པར་འཇོག་མི་ནུས་པའི་ཕྱིར་ཞེས་བྱ་བ་འདི་ཤེས་དགོས་པ་ཡིན་ནོ། །དེའི་ཕྱིར་རྟགས་ཤེས་འདོད་མེད་པར་ངེས་སོ། །དེ་ལྟར་ན། ཡིད་ཆེས་པའི་རྟགས་ཡང་དག་གི་ཚུལ་གསུམ་ནི་དངོས་པོ་སྟོབས་ཞུགས་ཀྱིས་ཚད་མས་གྲུབ་པ་ཡིན་ཏེ། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་རྣམ་པར་དག་པའི་གང་ཟག་གཅིག་གིས། རིན་ཆེན་ཕྲེང་བ་ལྟ་བུ་ཞིག་གཞིར་བཟུང་ནས། དེ་ནས་བཤད་པའི་མངོན་ལྐོག་སྟོན་པའི་ཆ་ལ། ཚད་མ་གཉིས་ཀྱིས་མི་གནོད་པའི་ཚུལ་དང༌། ཤིང་ལྐོག་སྟོན་པའི་ཆ་ལ་སྔ་ཕྱི་དང་དངོས་ཤུགས་མི་འགལ་བའི་ཚུལ་རྣམས་ལེགས་པར་བཤད་ནས་ཁོང་དུ་ཆུད་པ་ན་ལུང་དོན་ལ་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་ཞེས་བྱ་ཞིང༌། དེའི་དེ་མ་ཐག་ཏུ་རིན་ཆེན་ཕྲེང་བ་རང་གི་བསྟན་བྱའི་དོན་ལ་འབྲེལ་པ་མི་བསླུ་བར་ངེས་ནུས་པའི་ཕྱིར་རོ། །དེ་ལས་གཞན་དུ་ན་ཡིད་ཆེས་པའི་རྟགས་ཡང་དག་གི་ཚུལ་གསུམ་སྒྲུབ་བྱེད་ཐུག་མེད་དུ་ཐལ་བར་འགྱུར་རོ། །ཁྱབ་འབྲེལ་སྒྲུབ་པའི་ཚེ་རིན་ཆེན་ཕྲེང་བའམ། བརྒྱད་སྟོང་པ་ལྟ་བུའི་རང་ལྡོག་ནས། རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་སོང་དུ་སྒྲུབ་པ་ཡིན་ཅིང་དེ་ལྟར་གྲུབ་པ་དེ་བྱུང་གི་འབྲེལ་པ་གྲུབ་པར་འཇོག་པ་ཡིན་གྱི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་ལྟ་བུ་ཤིན་ལྐོག་སྟོན་པའི་ལུང་ཁྱད་པར་བ་རེ་རེ་དེར་སྒྲུབ་པ་ནི་མིན་ཏེ། གལ་ཏེ་ཡིན་ན་ཁྱབ་འབྲེལ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །འབྲས་རྟགས་སུ་འགྱུར་བའི་ཚུལ་ཡང་འདི་ཁོ་ན་ཡིན་ལ། མངོན་ལྐོག་སྟོན་པའི་ལུང་རྣམ་དག་དང༌། རང་གི་བསྟན་བྱའི་དོན་རྒྱུ་འབྲས་ཡིན་ཀྱང་ཕྱོགས་ཆོས་མི་འགྲུབ་པའི་རྒྱུ་མཚན་གྱིས་ཡིད་ཆེས་པའི་གཏན་ཚིགས་སུ་མ་བཞག་པ་ཡིན་ནོ། །དེས་ན་ཁྱབ་པ་སྒྲུབ་བྱེད་ཀྱི་རིགས་པ་བཤད་མ་ཐག་པ་དེ་ནི། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཡིན་ཏེ། རིན་ཆེན་ཕྲེང་བ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ། དངོས་སྟོབས་ཀྱི་རྟགས་ཡང་དག་གིས་གྲུབ་པའི་ཕྱིར་དང༌། དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ་ཤིན་ཏུ་ལྐོག་གྱུར་ཡིན་ན། དེ་དཔྱད་པ་གསུམ་གྱིས་དག་པ་དེ་ཡང་ཤིན་ལྐོག་ཏུ་ཐལ་བར་འགྱུར་རོ། །དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ཡང༌། གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་དེ་གཉིས་མཚན་མཚོན་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ་ནི། ཤིན་ཏུ་ལྐོག་གྱུར་མིན་ལ། དེའི་བསྟན་བྱའི་དོན་དེ་ཤིན་ཏུ་ལྐོག་གྱུར་ཡིན་ཏེ། དཔེར་ན། བྱང་སྒྲ་མི་སྙན་གྱི་མེ་ལས་དུ་བ་འབྱུང་ངོ་ཞེས་པའི་ཚིག་རྫུན་པ་མིན་པ་དེ་ལྐོག་གྱུར་མིན་ལ། དེའི་བསྟན་བྱའི་དོན་སྒྲ་མི་སྙན་གྱི་མེ་དང་དུ་བ་ཤིན་ཏུ་ལྐོག་གྱུར་ཡིན་པ་ལྟ་བུའོ། །འོ་ན་ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཏེ། སྤྱིན་པས་ལོངས་སྤྱོད་ཅེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་གྲུབ་པ་ན། སྦྱིན་པ་ལས་ལོངས་སྤྱོད་འབྱུང་བར་ཡང་གྲུབ་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་ངེས་པའི་དོན་ནི། དེ་དང་འབྲེལ་པ་མི་འཁྲུལ་བར་ངེས་པ་ལ་བྱེད་པ་ཡིན་ལ། དེ་ཙམ་གྱིས་དེར་མི་འགྱུར་བའི་ཕྱིར། གཞན་དུ་ན་ལུང་དཔྱད་པ་གསུམ་གྱིས་དག་པར་ངེས་པའི་དུས་དེ་ཉིད་དུ་བསྒྲུབ་བྱ་གྲུབ་པར་ཐལ་བའི་ཉེས་པ་ཁྱེད་ཀྱིས་ཀྱང་བཟློག་པར་མི་ནུས་སོ། །སྔ་མའི་དོན་དེ་ལྟར་ཡིན་པ་ཡང༌། རྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་བསླུ་བྱེད་ཉིད་མ་ཡིན། །ཞེས་སོགས་དོན་དེ་ལ་དགོངས་ནས་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་དཔྱོད་པ་དེ་ལུང་སྒྲུབ་བྱེད་དུ་ཁས་ལེན་པའི་ཐབས་སུ་གསུངས་པ་ཡིན་ནོ། །དེ་ལྟར་བཤད་པ་ན། ཡིད་ཆེས་པའི་རྟགས་ཀྱི་འགོད་ཚུལ་ལ་གཉིས་ཏེ། ཡིད་ཆེས་པའི་ལུང་ཉིད་རྟགས་སུ་བཀོད་པ་དང༌། ལུང་དོན་རྟགས་སུ་བཀོད་པ་གཉིས། དེ་ཡང་རང་དོན་རྗེས་དཔག་གི་ལེའུ་དང༌། བསལ་བ་འཆད་པའི་སྐབས་སུ་ནི་ལུང་ཉིད་རྟགས་སུ་བཀོད་པའི་དབང་དུ་བྱས་ནས་གསུངས་ལ། ལེའུ་གཉིས་པ་སོགས་སུ་ནི། ལུང་དོན་རྟགས་སུ་བཀོད་ནས། ཤེས་འདོད་ཆོས་ཅན་ལུང་ལ་བརྟེན་པ་གཅིག་གི་སྟེང་དུ། ལུང་དོན་ཉིད་བསྒྲུབ་བྱར་མཛད་དོ། །དེ་ཡང་ལུང་ཉིད་རྟགས་སུ་བཀོད་པ་ལ་ནི། འགོད་ཚུལ་སྔར་བཤད་པ་ཁོ་ན་ལྟར་ཡིན་གྱི། དེ་ལས་གཞན་དུ་མི་འཐད་ལ། དེ་ལས་བརྩམས་ཏེ། གཞུང་འགྲེལ་རྣམས་སུ་ཡིད་ཆེས་པའི་རྟགས་དང༌། རྗེས་དཔག་མཚན་ཉིད་པ་མིན་པའི་ཚུལ་དང༌། སྐབས་ལ་ལར་ཡིན་པའི་ཚུལ་མང་དུ་གསུངས་པ་ཡིན་གྱི། མདོ་བརྒྱད་སྟོང་པ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པ་ལྟ་བུའི་གཏན་ཚིགས་དང༌། ཤིན་ལྐོག་ལས་བརྩམས་པའི་རྟགས་ཀྱི་རྣམ་གཞག་གཞན་ལ་ནི། དེ་ལྟ་བུའི་དཔྱད་པ་གཞུང་འགྲེལ་ལས་གསུངས་པ་མེད་པའི་དོན་འདི་ཡང་ཞར་ལ་ངེས་པར་བྱ་དགོས་སོ། །འོ་ན་ཁྱེད་ཅག་ཕྱོགས་གང་ཁས་ལེན་པར་བྱེད་ཅེ་ན། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་དེ་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་བར་སངས་རྒྱས་ཀྱི་ལུང་ལས་གསུངས་པ་དེ་ཁྱོད་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡིན་ཏེ། ཚུལ་རོལ་མཐོང་བས་ཁྱོད་རྟོགས་པའི་ཚད་མ་གཅིག་ནི་ཡོད་ལ། དེ་ཡོད་ན་དེ་ཁྱོད་ཀྱི་སྒྲུབ་བྱེད་ཡང་དག་ཡིན་དགོས་པའི་ཕྱིར། དེ་དགོས་ཏེ། ཚུར་མཐོང་གི་མངོན་སུམ་དང་དངོས་སྟོབས་རྗེས་དཔག་གིས་དེ་རྟོགས་པའི་གོ་སྐབས་མེད་པའི་ཕྱིར། ཇི་སྐད་དུ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་གསུངས། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་འབྲས་རྟགས་ཀྱི་ཁོངས་སུ་འདུ་བ་ཡིན་ཏེ། ལུང་དང་བརྗོད་བྱའི་དོན་གྱི་འབྲེལ་པ་དེ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་ངེས་དགོས་པའི་ཕྱིར། ཇི་སྐད་དུ་རྣམ་ངེས་ལས། དོན་ཇི་ལྟ་བ་བཞིན་མཐོང་བའི་སྒོ་ནས་ངག་འཇུག་པར་འདོད་པ་ནི་ཡིད་ཆེས་པ་ཡིན་ནོ། །དེའི་ཚིག་ནི་དེ་ལྟ་བུའི་དོན་གྱི་དངོས་པོ་མེད་ན་མི་འཇུག་པའི་ཕྱིར། དེའི་འབྲས་བུ་ཡིན་ནོ། །ཞེས་གསུངས་པས་སོ། །འོན་ཀྱང་ལུང་དང་བརྗོད་བྱའི་དོན་གྱི་འགྲེལ་པ་དེ། རྟོག་དང་ལུང་དག་བྱེད་པ་པོའི། །འདོད་པ་ཙམ་དང་རྗེས་འབྲེལ་དང༌། །ཞེས་པ་ལྟར། སྐྱེས་བུའི་འདོད་པ་ཙམ་གྱིས་བཞག་པའི་འབྲེལ་པ་ཡིན་གྱི་མེ་དང་དུ་བ་ལྟར། དངོས་པོའི་སྟོབས་ཀྱིས་ཞུགས་པའི་འབྲེལ་པ་མིན་པས། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ལ་ལྟོས་ཏེ། དེའི་ཁོངས་སུ་འདུ་བ་དང༌། མཚན་ཉིད་པ་མིན་པ་དང༌། དེ་ལས་ཕྱི་རོལ་དུ་གྱུར་པ་མིན་པ་ལ་སོགས་པའི་རྣམ་གཞག་རྒྱ་ཆེར་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྗེས་དཔག་ལས། ཕྱི་རོལ་གྱུར་པ་མིན་ན་ཡང༌། །ཡུལ་གྱི་ཁྱད་པར་བསྟན་པ་ཡི། །ཕྱིར་ན་ཐ་དད་བྱས་པ་ཡིན། །ཞེས་རྗེས་དཔག་མཚན་ཉིད་པ་ཡིན་པ་དང༌། དངོས་སྟོབས་རྗེས་དཔག་མ་ཡིན་པར་གསུངས་སོ། །དོན་དེ་ཉིད་ལ་དགོངས་ནས། སློབ་དཔོན་ཉིད་ཀྱི་རང་འགྲེལ་ལས། དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཉེས་པ་མེད་པ་མིན་ཏེ། སྒྲ་རྣམས་ནི་དོན་དག་ལ་མེད་ན་མི་འབྱུང་བ་ནི་མིན་ནོ། །ཞེས་བསྟན་ཟིན་ཏོ་ཞེས་དང༌། ཤཱཀྱ་བློས། ལུང་ལ་བརྟེན་པའི་ཞེས་པ་ཉེས་པ་མེད་པ་མིན་ཏེ། སྐྱོན་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་དག་ནི་དོན་རྣམས་དང་མེད་ན་མི་འབྱུང་བ་མིན་ཏེ། འབྲེལ་པ་མེད་པའི་ཕྱིར་ཞེས་དང༌། རྒྱན་མཛད་པས། ཡིད་ཆེས་པའི་ཚིག་ནི་འབྲས་བུ་དང་མཐུན་པ་ཡིན་ལ། གྲགས་པ་ནི་རང་བཞིན་དང་མཐུན་པ་ཡིན་ནོ། །ཅིའི་ཕྱིར་རྟགས་འདི་དངོས་ཉིད་མིན་ཞེ་ན། །ཞེས་པ་ནས། དེར་ནི་ཁས་བླངས་པའི་འགྲེལ་པ་ཡོད་པ་ཡིན་གྱི། ཚད་མས་གྲུབ་པ་ནི་མིན་པས་འབྲས་བུའི་གཏན་ཚིགས་དངོས་ཉིད་ནི་མིན་ནོ། །དེ་ལ་གལ་ཏེ་གྲགས་པ་ཡང་དངོས་པོའི་འབྲེལ་པ་ཅན་ཉིད་ཡིན་ན། དེའི་ཚེ་རང་བཞིན་གྱི་རྟགས་དངོས་ཉིད་ཡིན་པར་འགྱུར་རོ། །ཞེས་སོགས་རྟགས་ཡང་དག་དངོས་མིན་པ་ལྟ་བུར་གསུངས་པའི་གཞུང་འགྲེལ་ཤིན་ཏུ་མང་མོད། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་དཔྱོད་པའི་སྐབས་ལ་དགོངས་ནས་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་འདོད་མ་ཡིན། །ཞེས་དང༌། འདི་ནི་ཁས་ལེན་ཐབས་ཡིན་ཏེ། །དེ་ཚེ་ཡོད་ཀྱང་ཡན་ལག་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གཏན་ཚིགས་འདིས་ནི། དངོས་སུ་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བའི་ནུས་པ་དཔགས་ནས། འབྲས་བུ་ལོངས་སྤྱོད་དཔོག་པར་བྱེད་པ་རྒྱུ་ཆོས་རྗེས་དཔོག་གོ་ཞེས་གཡག་མི་ཕམ་ཆོས་རྗེའི་ཞལ་སྔ་ནས་གསུང་ངོ༌། །དེ་ལྟར་ལུང་ཉིད་རྟགས་སུ་བཀོད་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་འབྲས་བུའི་རྟགས་སུ་གསུངས་པ་དེ་ཡང་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། དགག་པའི་གཏན་ཚིགས་ཀྱང་མི་སྲིད་པ་ནི་མིན་ཏེ། འདི་ལྟར་སྦྱིན་སོགས་ཆོས་ཅན། སྤྱད་པ་ལས་སྡུག་བསྔལ་མི་འབྱུང་སྟེ། དེ་ལྟར་སངས་རྒྱས་ཀྱིས་ལུང་ལས་གསུངས་པའི་ཕྱིར་ཞེས་པའི་ཡིད་ཆེས་ཀྱི་རྟགས་ཀྱང་གདོན་མི་ཟ་བར་ཁས་ལེན་དགོས་པའི་ཕྱིར་དང༌། དེར་གྲུབ་བྱའི་ཆོས་མེད་པར་དགག་པ་ཉིད་ཡོད་པའི་ཕྱིར། ལུང་ཉིད་རྟགས་སུ་བཀོད་པའི་ཡིད་ཆེས་ཀྱི་རྟགས་ལ་རང་བཞིན་གྱི་རྟགས་ཡང་དག་མི་སྲིད་དེ། ཚིག་དོན་ལ་བདག་གཅིག་གི་འབྲེལ་པ་གྲུབ་པ་མི་སྲིད་པའི་ཕྱིར་རོ། །འདི་ལ་ཁ་ཅིག་ན་རེ། བདག་ཡོད་པར་ཐལ། བདག་ཡོད་པར་སངས་རྒྱས་ཀྱིས་ལུང་ལས་གསུང་པའི་ཕྱིར། ཞེས་ཟེར་བ་ནི་མཚུངས་པ་མ་ཡིན་ཏེ། བདག་ཡོད་པར་སྟོན་པའི་སངས་རྒྱས་ཀྱི་ལུང་དེ་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་བདག་མེད་པར་སྟོན་པའི་སངས་རྒྱས་ཉིད་ཀྱི་རང་ཚིག་གིས་གནོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་གསུང་ཡིན་ན། དངོས་བསྟན་ལ་དཔྱད་པ་གསུམ་གྱིས་དག་པས་ཁྱབ་བོ་སྙམ་དུ་བསམ་པར་ཡང་མི་བྱ་སྟེ། དེ་ལྟ་ན་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ་བར་འགྱུར་ཞིང༌། སངས་རྒྱས་ཀྱི་གསུང་འགའ་ཞིག་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འཆད་དགོས་པ་མིན་པར་ཐལ། རང་གི་བསྟན་བྱའི་དོན་ལ་དངོས་ལ་གནོད་བྱེད་ཀྱི་ཚད་མ་སྟོན་རྒྱུ་ཡོད་པའི་སངས་རྒྱས་ཀྱི་གསུང་མི་སྲིད་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་དང༌། དེ་ལ་གནོད་བྱེད་སྟོན་རྒྱུ་ཡོད་ན་སངས་རྒྱས་ཉིད་ཀྱི་གསུང་གིས་བསྟན་དགོས་ཀྱི། གཞན་གྱིས་བསྟན་པར་མི་ནུས་ལ། དེས་དེ་ཉིད་ལ་གནོད་པ་སྟོན་རྒྱུ་ཡོད་ན། བདག་ཡོད་པར་སྟོན་པའི་གསུང་དེ་ལ་རང་ཚིག་གིས་གནོད་པ་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་བཤད་པ་དེ་དག་ནི། ཤིན་ལྐོག་ལ་དངོས་པོར་དཔྱོད་པའི་སྐབས་སུ། ལུང་ཉིད་རྟགས་སུ་འགོད་པའི་དབང་དུ་བྱས་ལ། ཕྱིས་ལུང་དོན་རྒྱས་པར་གཏན་ལ་ཕེབས་པའི་འོག་ཏུ་ནི། ལུང་ཉིད་རྟགས་སུ་འགོད་པར་མི་བྱེད་ཀྱི། ལུང་གི་དོན་དངོས་པོ་སྟོབས་ཞུགས་ཀྱི་རིགས་པའི་ལམ་ནས་དྲངས་ཏེ། ཡིད་ཆེས་པའི་གཏན་ཚིགས་འགོད་པར་བྱེད་དེ། འདི་ལྟར། སངས་རྒྱས་བཅོམ་ལྡན་འདས་མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། སྔོན་རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ཉམས་སུ་བླངས་པ་སྔོན་དུ་སོང་བ་ཡིན་ཏེ། ད་ལྟ་འབྲས་བུ་དོན་གཉིས་ཕུན་ཚོགས་ཐུགས་རྒྱུད་ལ་འཁྲུངས་པའི་ཕྱིར་ཞེས་པ་འབྲས་བུའི་རྟགས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུར་ཡིད་ཆེས་པའི་རང་བཞིན་གྱི་རྟགས་དང༌། དེ་ཆོས་ཅན། ཆགས་སོགས་ཉོན་མོངས་པ་དང་མི་ལྡན་པ་ཡིན་ཏེ། རྒྱུ་འཇིག་ལྟ་མ་ལུས་པར་སྤངས་པའི་ཕྱིར་ཞེས་པ་ལྟ་བུ་མ་དམིགས་པའི་རྟགས་ཡང་དག་རྣམས་སོ། །འདི་དག་ནི་མདོར་སྨོས་པ་ཙམ་སྟེ། དེའི་རིགས་ཅན་གཞན་ཡང་སྦྱར་བར་བྱའོ། །འདི་དག་ནི་སྒྲུབ་བྱ་ཤིན་ཏུ་ལྐོག་གྱུར་ཡིན་ཡང་རྟགས་ཆོས་གཉིས་ལ་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་སྒྲུབ་པས། ཤིན་ཏུ་ལྐོག་གྱུར་དངོས་པོ་སྟོབས་ཞུགས་ཀྱི་རིགས་ལམ་ནས་དྲངས་ཏེ་འཆད་པའི་གཏན་ཚིགས་ཞེས་བྱ་ལ། དེ་དག་ནི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་དང་ཆ་འདྲ་བ་ཙམ་དུ་བཞག་མི་དགོས་པས་སྔ་མ་དང་འདྲ་བ་མིན་ལ། གཞུང་འགྲེལ་པ་དང་བཅས་པར་ཡང༌། འདི་དག་ལ་རྟགས་ཡང་དག་ཡིན་མིན་གྱི་སྤྲོས་པ་མཛད་པ་མེད་དོ། །ཁ་ཅིག་ན་རེ། འདི་དག་དངོས་སྟོབས་ཀྱི་གཏན་ཚིགས་སོ་ཞེས་ཟེར་རོ། །འོ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱི་སྟེང་དུ་ཁྱད་པར་གྱི་ཆོས་ལ་དཔྱོད་པ་འཇུག་པ་ཡིད་ཆེས་པའི་ལུང་ཁོ་ན་ལ་རག་ལས་པར་ཐལ། ཁྱོད་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། ཇི་སྐད་དུ། དེས་ན་རབ་གྲགས་དོན་དག་ལ། །བསྟན་འཆོས་དོར་ནའང་ཉེས་པ་མེད། །ལྐོག་གྱུར་དག་ལ་བསྟན་འཆོས་ནི། །མི་འདོད་སྤྱོད་པ་ཉིད་མི་འཇུག །ཅེས་སོ། །གཏན་ཚིགས་འདི་དག་གི་ཚུལ་གསུམ་གང་རུང་ལུང་གིས་སྒྲུབ་ལ། དེ་ཡང་མཐར་ནི་དངོས་པོ་སྟོབས་ཞུགས་ལས་མ་འདས་སོ་ཞེས་བྱ་བ་འདི་ནི་སྔ་མ་དང་མི་འདྲ་བའི་ཁྱད་པར་ཡིན་ལ། འདི་ལ་དགོངས་ནས་སྔ་རབས་པ་དག ཡིད་ཆེས་པའི་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ལུང་གིས་གྲུབ་པ་ཞེས་གསུང་ངོ༌། །གཉིས་པ་དེ་ལ་བརྟེན་ནས་གཞན་གྱི་འདོད་པ་ཁེགས་པར་བསྟན་པ་ནི། དིང་སང་གི་གངས་ཅན་པ་ཚིག་ཁོ་ན་ལ་འཆེལ་པ་དག་མཐུན་པར། སྔར་བཤད་པའི་རྟགས་ཀྱི་རྣམ་གཞག་གཞུང་ལུགས་ལས་གསུངས་པ་དེ་དག་ནི། སྐྱོན་ལྟར་སྣང་ཅུང་ཟད་རེ་རྒྱུ་མཚན་དུ་བྱས་ནས། རྒྱང་རིང་དུ་དོར་ཏེ། བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་འབྲས་བུའི་རྟགས་དང༌། དེ་ཆོས་ཅན། དེ་ལ་མི་བསླུ་སྟེ། དེ་ཡིན་པའི་ཕྱིར་ཞེས་པ་རང་བཞིན་གྱི་རྟགས་དང༌། དེ་ཆོས་ཅན། དེ་ལ་བསླུ་བ་མིན་ཏེ། དེ་ཡིན་པའི་ཕྱིར་ཞེས་པ་དགག་པའི་གཏན་ཚིགས་སོ། །ཞེས་སྨྲ་བར་བྱེད་དོ། །ཆེས་མི་རིགས་ཏེ། བསྒྲུབ་བྱ་དེ་དག་ཤིན་ཏུ་ལྐོག་གྱུར་མིན་པའི་ཕྱིར་དང༌། མདོ་བརྒྱད་སྟོང་པ་རང་གི་བསྟན་བྱའི་དོན་ལ་བསླུ་བ་ལ་སོགས་ཡིད་ཆེས་ཀྱི་བསལ་བར་གསུངས་པ་མེད་ཅིང་མི་རིགས་པའི་ཕྱིར་དང༌། སྦྱིན་སོགས་ཚེ་འཕོས་ནས་བདེ་བ་སྟེར་བྱེད་མིན་པ་དེ། ལུང་དང་འགལ་བའི་རྣམ་པ་གསལ་བའི་དཔེར་གསུངས་པའི་ཕྱིར་དང༌། ཁྱོད་ཀྱིས་འདོད་པ་དེ་དག་ནི། ཡིད་ཆེས་པའི་རྟགས་ཡང་དག་གི་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རིགས་པ་ཁོ་ནར་སྣང་བའི་ཕྱིར་དང༌། དཔྱད་པ་གསུམ་གྱིས་དག་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ་ཡིད་ཆེས་པའི་རྟགས་ཡང་དག་གི་སྒྲུབས་བྱ་ཡིན་ན། ཡིད་ཆེས་རྟགས་ཡང་དག་གི་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་སྐྱེས་པ་ན། བསྒྲུབ་བྱ་གྲུབ་པར་ཐལ་བའི་ཕྱིར་རོ། །དར་ཊཱིཀ་པ། དཔྱད་པ་གསུམ་གྱིས་དག་པའི་ལུང་རང་གི་བསྟན་བྱའི་དོན་སྒྲུབ་པའི་རྟགས་ཡང་དག་དང༌། རང་གི་བརྗོད་བྱ་གྲུབ་པའི་རྟགས་ཡང་དག་མིན་ནོ། །ཞེས་གསུངས་པའི་ཁྱད་པར་ནི། ཀུན་མཁྱེན་གྱིས་དབྱེ་བར་མི་ནུས་ཤིང༌། བསྟན་བྱའི་དོན་ལ་མི་བསླུ་བ་དང༌། བསླུ་བ་མིན་པ་གཉིས་ལ་དགག་སྒྲུབ་ཀྱི་ཁྱད་པར་དབྱེ་བ་ནི། གང་ན་སུའི་ལུགས་སུ་སྣང་ཡང་མི་ཤེས་པ་ཁོ་ནས་ཀུན་ནས་བསླང་བ་ཡིན་ཅིང༌། ཡིད་ཆེས་པའི་དགག་རྟགས་ཀྱིས། ཕོངས་པའི་གཏམ་ཁོ་ནར་སྣང་བས། དཔྱོད་པ་དང་ལྡན་པ་དག རི་བོང་གི་ཅལ་བཞིན་དུ་རྒྱུ་མཚན་མེད་པར་འདི་དག་གི་རྗེས་སུ་རྒྱུག་པར་མི་བྱའོ། །གཞུང་ལུགས་དོན་དུ་གཉེར་བའི་སློབ་མ་དག་གི་བློ་གྲོས་ཆུད་བསན་པར་གྱུར་ཏ་རེ་ཞེས་ཁོ་བོ་སྨྲའོ། །ཡང་དར་ཊཱིཀ་མཛད་པ། ལུང་རང་གི་བརྗོད་བྱ་སྒྲུབ་པ་ལ་རྟགས་ཡང་དག་ཏུ་འགྱུར་བ་མི་སྲིད་དེ། ལུང་རང་གི་བརྗོད་བྱའི་དོན་དང་འབྲེལ་པ་ཚད་མས་གྲུབ་ན་ནི། དེའི་ཚེ་བརྗོད་བྱ་དེ་ཉིད་གྲུབ་ཟིན་པས་སྒྲུབ་མི་དགོས་ལ། འབྲེལ་པ་མ་གྲུབ་ན་སྒྲུབ་མི་ནུས་པའི་ཕྱིར་རོ། །དེས་ན་ལུང་རང་གི་བརྗོད་བྱའི་དོན་གྱི་ཕྱོགས་ལ་གེགས་བྱེད་ཙམ་ཡིན་གྱི་གནོད་བྱེད་མིན་ཏེ། དཔེར་ན། སྒྲ་མི་རྟག་ཅེས་བརྗོད་པའི་ཚིག་དེ། སྒྲ་མི་རྟག་པའི་སྒྲུབ་བྱེད་ཡང་དག་དང༌། སྒྲ་རྟག་པ་ལ་གནོད་བྱེད་མིན་པ་བཞིན་ནོ་ཞེས་གསུངས་མོད། དེ་ལྟ་ན་དཔྱད་པ་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཅེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་སོང་དུ་སྒྲུབ་པའི་ཡང་རྟགས་ཡང་དག་མིན་པར་ཐལ་བ་མཚུངས་ཏེ། ལུང་དང་རང་གི་བསྟན་དོན་རྟོགས་པའི་ཚད་མ་གཉིས་ཀྱིས་འབྲེལ་པ་ཚད་མས་ངེས་ན་ནི། དེ་ཉིད་ཀྱིས་དེ་སྔོན་སོང་དུ་གྲུབ་ལ། འབྲེལ་བ་མ་གྲུབ་ན་ནི་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །ཁྱེད་རང་ལྟར་ནའང༌། སྒྲ་མི་རྟག་པར་སྟོན་པའི་དཔྱད་པ་གསུམ་གྱིས་དག་པའི་ལུང༌། དེ་འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་པའི་ལུང་རང་གི་བསྟན་དོན་རྟོགས་                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*