ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པ། མིང་གཞན་རྟོག་གེའི་འཁྲུལ་འཇོམས་ཆེན་མོ། ཁ ༽

སྤྱིར་རྗེས་ཁྱབ་ཡིན་པ་ཙམ་གྱིས་རྗེས་འགྲོའི་ཁྱབ་པ་མཚན་ཉིད་པ་ཡིན་པའི་ངེས་པ་མེད་དེ། རྗེས་འགྲོའི་ཁྱབ་པར་འཇོག་པ་ལ་ནི། རྟགས་དེ་སྒྲུབ་བྱའི་ཆོས་དེ་ལ་འབྲེལ་དགོས་ལ། ཤེས་པའི་ཉེར་ལེན་དེ། ཤེས་པ་ལ་འབྲེལ་པ་མེད་ཀྱང༌། ཤེས་པའི་ཉེར་ལེན་ཡིན་ན། ཤེས་པ་ཡིན་པའི་རྗེས་ཁྱབ་གྲུབ་པའི་ཕྱིར་རོ། །འདི་ན། བྱས་པ་ཉིད་རྗེས་ཁྱབ་དང་ལྡོག་ཁྱབ་ཡིན་ནོ་ཞེས་འདོད་པ་ནི་ཚིག་དོན་གང་ལའང་མ་ཞུགས་པས་དེའི་ཕྱིར་དཔྱོད་པ་དང་ལྡན་པ་དག་གིས་ནི་འདི་ལ་རྣ་བ་གཏད་པར་མི་བྱ་སྟེ། འདི་ལྟར། ཁྱབ་པའི་དོན་ནི། ཆོས་གཉིས་ཁྱབ་བྱ་ཁྱབ་བྱེད་དུ་གནས་པའི་ཚོགས་དོན་ལ་བྱ་བ་ཡིན་ལ། ཆོས་ཅན་ཡན་གར་བ་ཅིག་ལ་དེ་ལྟ་བུ་མི་རུང་བའི་ཕྱིར་དང༌། བྱས་པ་ཉིད་རྗེས་ཁྱབ་ཡིན་ན། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པའི་ཚེའང་རྗེས་ཁྱབ་ཅིའི་ཕྱིར་མ་གྲུབ། དེ་ལྟ་ན་ནི། དེ་དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་སུ་ཇི་ལྟར་འགྱུར། གང་གཞི་གྲུབ་ན་རྗེས་ཁྱབ་ཡིན་པས་ཁྱབ་པ་འདིའང་གདོན་མི་ཟ་བར་ཁས་ལེན་དགོས་ལ། དེ་ལྟ་ན་ནི། རྗེས་ཁྱབ་མེད་པའི་གཏན་ཚིགས་འགའ་ཞིག་ཇི་ལྟར་འདོད། ཅི་སྟེ་བྱས་པས་མི་རྟག་པ་ལ་ཁྱབ་པའི་ཕྱིར་ཁྱབ་པ་ཉིད་དུ་འདོད་ན། བྱས་པ་རྟག་པ་དང་འགལ་བའི་ཕྱིར་བྱས་པ་འགལ་བ་ཉིད་དུའང་ཅིའི་ཕྱིར་མི་འདོད། ཡང༌། ཁ་ཅིག རྟགས་ཀྱི་ངོ་བོར་གྱུར་པའི་རྗེས་སུ་འགྲོ་ལྡོག་གཉིས་སྒྲུབ་ངག་གི་བསྟན་བྱར་གྱུར་པའི་རྟགས་ཀྱི་ཚུལ་མ་ཡིན་ནོ་ཞེས་འདོན་པ་འདིའང་གཞུང་ལུགས་ཀྱི་དགོངས་པ་ལས་རིང་དུ་གྱུར་པ་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲ་བར་བྱེད་དོ། །དེའི་རྒྱུ་མཚན་ཡང༌། གང་གཏན་ཚིགས་ཀྱི་ཚུལ་གསུམ་པོ་དེ་ཉིད་གསལ་བར་མི་སྟོན་ན་སྒྲུབ་པའི་ངག་ཡང་དག་ཏུ་འགལ་བའི་ཕྱིར་རོ། །དེའི་ཕྱིར་རྟགས་ཀྱི་ངོ་བོར་གྱུར་པའི་རྗེས་ཁྱབ་དང༌། སྒྲུབ་ངག་གི་བསྟན་བྱར་གྱུར་པའི་རྗེས་ཁྱབ་ཅེས་པའི་ཐ་སྙད་འདི་ཡང་ལེགས་པ་མ་ཡིན་ནོ། །རྗེས་སུ་འགྲོ་ལྡོག་གི་ཚུལ་དང༌། ཁྱབ་པ་འགལ་བ་ཡང་མ་ཡིན་ཏེ། རྗེས་སུ་འགྲོ་ལྡོག་གི་ཚུལ་གང་རུང་ཡིན་ན། དེ་དང་དེའི་ཁྱབ་པ་ཡིན་དགོས་པའི་ཕྱིར་རོ། །གཉིས་པ་ལ་ཤེས་བྱེད་ཀྱི་ལུང་དགོད་པ་དང༌། ལུང་གི་དོན་བཤད་པའོ། །དང་པོ་ནི། ཇི་སྐད་བརྗོད་པའི་དོན་དེ་རྣམས་ནི་ཚད་མ་མདོ་ལས། རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །ཞེས་དང༌། རང་འགྲེལ་ལས། ཚུལ་གསུམ་པའི་རྟགས་ཞེས་གང་བརྗོད་པ་དེ་བརྗོད་པར་བྱ་སྟེ། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ། །དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་བའི་རྗེས་ལ། དེའི་རིགས་དང་མཐུན་པ་ལ་ཡང་སྤྱིའི་ཚུལ་གྱིས་ཕྱོགས་ཐམས་ཅད་ཕྱོགས་གཅིག་ལ་ཡོད་པ་གྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བའི་ཕྱིར་རོ། །དེ་དང་མཐུན་པ་ལ་ཡོད་པ་ཁོ་ན་ཞེས་ནི་བརྗོད་པར་མི་བྱ་བའི་ཕྱིར་རོ། །མེད་པ་ལ་མེད་པ་ཉིད་ཅེས་པ་ནི། སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཉིད་ཡིན་གྱི། དོན་ལ་ཡང་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་པའི་དོན་ནོ། །བསྒྲུབ་པར་བྱ་བའི་རིགས་མཐུན་པ་ལ། ཡོད་པ་དང༌། མེད་པ་ལ་མེད་པ་ཉིད་དོ། །ཞེས་བྱ་བ་དེ་དག་གིས་ནི་གང་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་རྟོགས་སོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དང༌། རྣམ་ངེས་ལས། ཚུལ་གསུམ་པོ་དེ་ནི་རྗེས་དཔག་བྱ་དང་དེ་མཚུངས་ལ། ཡོད་དང་མེད་ལ་མེད་པར་ནི་ངེས་པ་རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ། དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་བའོ། །དེ་བཞིན་དུ་དེ་དང་མཐུན་པ་ཉིད་ལ་ཡང་ངོ༌། །ཞེས་པ་ནས་མེད་པ་ལ་མེད་པ་ཉིད་ནི་ཚུལ་གསུམ་པའི་གཏན་ཚིགས་ཏེ། དེ་ཡང་ངེས་པ་ཡིན་ནོ། །ཐ་མར་སྨོས་པའི་ངེས་པ་ནི། ཚུལ་གསུམ་ཀ་ལ་བལྟའོ་ཞེས་དང༌། རིགས་ཐིགས་ལས། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང༌། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །ཞེས་གསུངས་ཤིང༌། གཞུང་འགྲེལ་འདི་དག་གི་དོན་བཤད་ཚུལ་ལ། ཆོས་མཆོག་གི་ལུགས་དང༌། ལོ་ཆེན་གྱི་ལུགས་གཉིས། དང་པོ་ནི། དེའི་འགྲེལ་པ་དང་ཚད་མ་བརྟག་པ་ཞེས་པར་ཆོས་མཆོག་གིས། དེ་ལ་ཡོད་པའི་ཚིག་གིས་ནི་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་བ་ཡིན་ནོ། །ཉིད་ཀྱི་ཚིག་གིས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ནོ། །ཇི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་ཞེས་ལྗོན་ཤིང་ཕྱོགས་སུ་བྱས་པ་ལ་ལོ་མ་འཁུམས་པའི་མཚན་ཉིད་ཀྱི་ཉལ་བ་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི་མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་གྱི། འགའ་འགའ་ཁོ་ནར་ཟད་པ་ལྟ་བུའོ། །ཡོད་པའི་ཚིག་གི་རྗེས་ལ་ཉིད་སྨོས་པ་ནི། ཐུན་མོང་མ་ཡིན་པའི་ཆོས་བསལ་བ་ཡིན་ནོ། །ཅི་སྟེ་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་སྨོས་ན་ནི། མཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །མཐུན་པའི་ཕྱོགས་ནི་མཚན་ཉིད་འཆད་པར་འགྱུར་བའོ། །དེ་ཉིད་ལ་ཡོད་པར་ངེས་པ་ནི་ཚུལ་གཉིས་པ་ཡིན་ནོ། །འདིར་ཡང༌། ཡོད་པ་སྨོས་པས་འགལ་བ་བསལ་བ་ཡིན་ནོ། །དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཉིད་སྨོས་པས་ནི་ཐུན་མོང་གི་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། དེ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཉིས་ཀ་ལ་ཡང་ཡོད་པ་མ་ཡིན་ནོ། །ཡོད་པ་སྨོས་པ་ལས་སྔར་ངེས་པར་བཟུང་བ་སྨོས་པས་ནི། ཡོད་པ་ཡིན་ཡང་མཐུན་པའི་ཕྱོགས་ལ་ཁྱབ་པས། རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་སུ་བསྟན་པ་ཡིན་ནོ། །ཕྱིས་ངེས་པར་བཟུང་བར་བྱས་ན་ནི། དོན་འདིར་འགྱུར་ཏེ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་ཁོ་ན་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་འགྱུར་བས། རྩོལ་བ་ལས་བྱུང་བ་ཉིད་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ངེས་པའི་ཚིགས་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། ཇི་ལྟར་སྨྲ་བའི་ཕྱིར་འགའ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཞེས་བྱ་བ་བཞིན་ནོ། །མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་འཆད་པར་འགྱུར་བའི་མཚན་ཉིད་ཅན་དེ་ལ་མེད་པ་ཉིད་དུ་ངེས་པ་ནི་ཚུལ་གསུམ་པ་ཡིན་ནོ། །དེ་ལ་མེད་པ་སྨོས་པས་ནི། འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་ནོ། །ཉིད་སྨོས་པས་ནི་མཐུན་པའི་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་སྒྲུབ་པ་ལ། མི་རྟག་པ་ཉིད་སྒྲུབ་པ་ནི་མི་མཐུན་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ལ་ནི་མེད་པ་ཡིན་ནོ། །དེ་བས་ན་ངེས་པར་བྱེད་པས་འདི་བསལ་ཏེ། མེད་པའི་སྒྲའི་སྔ་རོལ་དུ་ངེས་པ་བཟུང་བར་བྱས་ན་ནི་དོན་འདིར་འགྱུར་ཏེ། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ལ། དེ་ལྟ་ན་ཡང༌། རྩོལ་བ་ལས་བྱུང་བ་ཉིད་མཐུན་པའི་ཕྱོགས་ལ་ཡང་མེད་དོ། །དེའི་ཕྱིར་གཏན་ཚིགས་མ་ཡིན་པར་འགྱུར་བར་སྔར་མ་བྱས་སོ། །ངེས་པ་སྨོས་པ་ནི་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་ཏོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བསྟན་ན་ནི། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་མཚན་གཞི། ཅིའི་ཕྱིར་དེ་གཉིས་ཀ་བཟུང་བར་བྱས་ཤེ་ན། བཤད་པ། རྗེས་སུ་འགྲོ་བའམ་ལྡོག་པ་ངེས་པ་དང་ལྡན་པ་ཁོ་ན་རབ་ཏུ་སྦྱར་བར་བྱ་ཡི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་གཉིས་ཀ་ཡང་བཟུང་བ་ཡིན་ནོ་ཞེས་གསུངས་སོ། །གཞུང་འགྲེལ་འདི་དག་གི་དོན་ལ་རྣམ་པར་བརྟགས་ན་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་ལ་སོགས་པ་རྣམས་ཀྱིས་ཕྱོགས་ཆོས་ལ་སོགས་པའི་མཚན་གཞི་བསྟན་པ་ཡིན་གྱི། དེ་དག་ཕྱོགས་ཆོས་ལ་སོགས་པའི་མཚན་ཉིད་དུ་བསྟན་པ་ནི་མ་ཡིན་ཏེ། མཚན་ཉིད་ལ་མཚན་ཉིད་གཉིས་པ་བཞག་དགོས་པ་རིགས་པའི་ཚུལ་ལས་འདས་པའི་ཕྱིར་དང༌། གཞུང་འགྲེལ་དེ་དག་ལས་ཀྱང༌། མཚན་གཞིར་གསལ་གྱི། མཚན་ཉིད་སྟོན་པ་མི་གསལ་བའི་ཕྱིར་རོ། །ཅི་སྟེ་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ལ་སོགས་པ་དེ། ཕྱོགས་ཆོས་ལ་སོགས་པའི་དོན་ནམ་ངོ་བོ་ཡིན་ན། མཚན་ཉིད་མ་ཡིན་པར་འགལ་ལོ། །ཞེས་ཀྱང་དོགས་པར་མི་བྱ་སྟེ། སྦྱོར་བ་དེ་སྐོར་གྱི་ཕྱིར་རྒོལ་གྱི་ཚད་མས་མ་གྲུབ་པ་སོགས་ལྔ་པོ། ངོ་བོ་ལ་སོགས་པ་ལྔའི་དོན་ནམ་མཚན་གཞི་ཡིན་ཀྱང༌། མཚན་ཉིད་མ་ཡིན་པ་ལྟ་བུ་དང༌། འབྲས་བུ་སྐྱེད་པ་དེ་དོན་བྱེད་ནུས་པའི་དོན་དུ་བཤད་ཀྱང༌། མཚན་ཉིད་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་དིང་སང༌། རང་ལྡོག་རྫས་སུ་མ་གྲུབ་པ་མཚན་ཉིད་ཀྱི་སྐྱོན་དུ་འདོད་བཞིན་དུ་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དང༌། ཚུལ་གསུམ་མཚོན་བྱར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །དེ་ལྟར་བཤད་ན་གཞུང་འགྲེལ་གྱི་དགོངས་པ་ལ་ཤིན་ཏུ་འགྲིག་ཀྱང༌། དིང་སང་གི་གྲགས་ཚོད་དང་བསྟུན་ན། སྔར་བཤད་པ་ལྟར་སྐྱོང་བདེ་བས་རེ་ཤིག་སྔ་མ་ལྟར་བྱའོ། །གཉིས་པ་ལོ་ཙྪ་བ་ཆེན་པོའི་ལུགས་བཤད་པ་ནི། དེ་ཡང༌། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་ཞེས་པས་ནི། མ་གྲུབ་པ་རྣམ་པ་བཅུ་གཉིས་སེལ་བར་བྱེད་དོ། །བཅུ་གཉིས་ནི། གཞི་དང་གཏན་ཚིགས་ཀྱི་ངོ་བོ་མ་གྲུབ་པ་གཉིས། བདག་ཉིད་ཐམས་ཅད་ཀྱིས་མ་འབྲེལ་བ་དང༌། ཕྱོགས་གཅིག་གིས་མ་འབྲེལ་བ་གཉིས་ཏེ། བཞི་པོ་རྣམས་རེ་རེ་ལ། དངོས་པོ་ལ་མ་གྲུབ་པ་དང༌། བློ་ལ་ཕྱིན་ཅི་ལོག་ཏུ་གྲུབ་པ་དང༌། ཐེ་ཚོམ་ཟ་བ་གསུམ་གསུམ་སྦྱར་བས་བཅུ་གཉིས་སོ། །བྱེ་བྲག་ཏུ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཅེས་བྱ་བས་ནི་དངོས་པོ་ལ་མ་གྲུབ་པ་གསུམ་བསལ་ཏོ། །ཉིད་ཀྱི་ཚིག་གིས་ནི་ཐ་མ་བསལ་ཏོ། །ངེས་པའི་ཚིག་གིས་བསལ་བར་ནུས་པ་རྣམས་ནི་དངོས་པོའི་ཆོས་རྣམ་པར་བཞག་པ་ཁོ་ནས་རྣམ་པར་བཅད་པ་གྲུབ་སྟེ། དེས་ན་འདི་ནི་རྟགས་ཀྱི་མཚན་ཉིད་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཐ་སྙད་སླ་ཆོས་སུ་བྱས་ཏེ། ངེས་པ་བརྗོད་པའི་ཚིག་གི་ནུས་པ་ཙམ་བརྗོད་ན་ནི། ཡོད་པར་ངེས་པས་ནི། ཕྱིན་ཅི་ལོག་ཏུ་གྲུབ་པ་གསུམ་དང༌། ཐེ་ཚོམ་ཟ་བ་དང་པོ་གསུམ་སྟེ་དྲུག་བསལ་ལོ། །ཉིད་ལ་ངེས་པས་ནི། ཕྱོགས་ཅིག་ལ་མ་གྲུབ་པ་གཉིས་བསལ་ཏོ་ཞེས་དང༌། མཚན་ཉིད་གཉིས་པའི་དབང་དུ་བྱས་ཏེ། ཁྱབ་པ་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་བཅུ་གཅིག་རྣམ་པར་བཅད་ནས་ཇི་ལྟར་འཐད་པའི་རྗེས་སུ་འགྲོ་བའི་ཆོས་གོ་བྱེད་ཀྱི་ཡན་ལག་ཏུ་བསྟན་པ་ནི་སྒྲའི་བྱེད་པའོ། །བཅུ་གཅིག་ནི་འགལ་བ་གཉིས། ཐུན་མོང་གི་མ་ངེས་པ་བཞི། རྗེས་འགྲོ་ལ་ཐེ་ཚོམ་ཟ་བ་གཉིས། ལྡོག་པ་ལ་ཐེ་ཚོམ་ཟ་བ་གཉིས། ཐུན་མོང་མ་ཡིན་པའི་ཆོས་གཉིས་ཀ་ལ་ཐེ་ཚོམ་ཟ་བའོ། །དེ་ལ་མཐུན་པའི་ཕྱོགས་ལ་ཡོད་པས་ནི་འགལ་བ་གཉིས་བསལ་ཏེ། ཉིད་ལ་ཡོད་པས་ནི། ཐུན་མོང་གི་མ་ངེས་པ་བཞི་བསལ་ཏོ། །མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པས་ནི། ཐུན་མོང་མ་ཡིན་པ་དང་རྗེས་འགྲོ་ལ་ཐེ་ཚོམ་ཟ་བ་གཉིས་ཏེ་གསུམ་བསལ་ཏོ། །ཉིད་ལ་ཡོད་པར་ངེས་པས་ནི། ལྡོག་པ་ལ་ཐེ་ཚོམ་ཟ་བ་གཉིས་བསལ་ཏོ། །ཞེས་དང༌། ཡང་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བས་ཀྱང༌། ཁྱབ་པ་མ་གྲུབ་པ་བཅུ་གཅིག་གཅོད། དེ་ལ་མི་མཐུན་ཕྱོགས་ལ་མེད་པའི་ཚིག་གིས་ནི་འགལ་བ་དང༌། ཐུན་མོང་གི་མ་ངེས་པ་མི་མཐུན་པ་ལ་ཁྱབ་པ་གསུམ་བསལ་ཏོ། །མེད་པ་ཉིད་ཀྱི་ཚིག་གིས་འགལ་བ་ཐུན་མོང་གི་མ་ངེས་པ། མི་མཐུན་པ་ལ་མ་ཁྱབ་པ་གསུམ་བསལ་ཏོ། །མེད་པར་ངེས་པས་ནི། མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པར་ཐེ་ཚོམ་ཟ་བའོ། །མེད་པ་ཉིད་དུ་ངེས་པས་ནི། ལྷག་མ་གསུམ་མོ་ཞེས་གསུངས་ཤིང༌། ངེས་པ་མཚན་ཉིད་ཀྱི་ཟུར་མ་ཡིན་པའི་ཚུལ་ཡང་གསུངས་ཏེ། ཇི་སྐད་དུ། འོ་ན་ངེས་པ་ཉིད་མཚན་ཉིད་གཞན་ཇི་ལྟར་མ་ཡིན་ཞེ་ན། མ་ཡིན་ཏེ་རྣམ་པར་བཅད་པ་མེད་པའི་ཕྱིར་དང༌། དངོས་པོའི་ཆོས་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཆོས་གང་ཞིག་རང་ངེས་པའི་བློས་ངེས་པ་ན་དེ་མ་ཡིན་པ་རྣམ་པར་གཅོད་པ་ནི་མཚན་ཉིད་ཡིན་ན། ཤེས་པ་ཉིད་དུ་ནི། གཏན་ཚིགས་ལ་རང་ངེས་པའི་བློས་ངེས་པ་ན་རྣམ་པར་གཅོད་བྱེད་མ་ཡིན་ནོ། །དངོས་པོའི་ཚུལ་གསུམ་ཡོད་པར་ངེས་ནས། ཤེས་པ་ཉིད་དུ་མ་ངེས་ཀྱང་དེ་མ་ཡིན་པ་ལས་ཐ་དད་པར་འབྱེད་པའི་ཕྱིར། དེ་ལྟ་ན་ཡང་ཤེས་པ་ཉིད་དུ་ཡོད་དོ་ཞེ་ན། འོ་ན་དངོས་པོ་ཉིད་ལ་སོགས་པ་ཡང་མཚན་ཉིད་དུ་འགྱུར་རོ། །གལ་ཏེ་ཤེས་པ་ཉིད་མ་གཏོགས་ན། ཐེ་ཚོམ་ཟ་བའི་མ་གྲུབ་པ་སོགས་ལས་ཇི་ལྟར་དབྱེ་ཞེ་ན། ཤེས་པ་ཉིད་ཡོད་པ་སྟེ། དངོས་པོའི་ཆོས་ངེས་པའོ། །འོ་ན་དེ་ཡང་མཚན་ཉིད་དུ་འགྱུར་རོ་ཞེ་ན། དངོས་པོ་ལ་ཡོད་དོ་ཅོག་མཚན་ཉིད་ཡིན་ན། ཧ་ཅང་ཐལ་བ་བརྗོད་ཟིན་ཏོ། །དེས་ན་ནོག་དང་ལྐོག་ཤལ་ཉིད་བ་གླང་གི་མཚན་ཉིད་ཡིན་ཡང༌། དེའི་ཤེས་པ་ཐ་སྙད་དུ་བྱེད་པས་འཕེན་པ་བཞིན་འདིར་ཡང་བལྟའོ། །རྣམ་པ་ཅིག་ཏུ་ན་དངོས་པོའི་ཆོས་མ་ཡིན་གྱི་བློའི་ཆོས་ཡིན་པས་རྟགས་ཀྱི་མཚན་ཉིད་མ་ཡིན་ཏེ། ཤེས་པར་བྱེད་པ་ལྟར་ཤེས་པར་བྱ་བ་ཉིད་ཀྱང༌། ཤེས་པ་མ་སྐྱེས་པར་མི་འཐད་པའི་ཕྱིར་དང༌། འཐད་ན་ཡང་ཐེ་ཚོམ་ཟ་བ་ལ་སོགས་པ་ངེས་བྱེད་ཀྱི་ཡུལ་དུ་མ་བྱས་པ་ཡང་ཤེས་པ་ཉིད་ཡིན་པས་རྣམ་པར་གཅོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དོན་འདི་ནི་ཤིན་ཏུ་དཔྱད་གཞི་ཆེ་བར་སྣང་ལ། གནས་འདི་ལ་རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེས་ནི། དགག་པ་འདི་ལྟར་མཛད་དེ། ཇི་སྐད་དུ། གལ་ཏེ་མ་ངེས་ཀྱང་མཚན་ཉིད་ཡིན་ནོ་ཞེ་ན། འོ་ན་བསྒྲུབ་བྱ་གྲུབ་ཟིན་པ་ལ་ཡོད་པ་རྟགས་ཡིན་པ་ཅིས་འགོག གྲུབ་ཟིན་པ་ལ་རྟགས་དགོས་པ་མེད་དོ་ཞེ་ན། མ་ངེས་པ་ལ་གོ་བར་བྱེད་པའི་ནུས་པ་མེད་དོ། །མ་ངེས་ཀྱང་ངེས་སོ་ཞེ་ན། གོ་བར་བྱེད་པས་རྟགས་ཡང་དག་ཡིན་ནོ་ཞེ་ན། གྲུབ་ཟིན་ཀྱང་མ་གྲུབ་བོ་ཞེ་ན། དགོས་པ་ཡོད་པས་གོ་བྱེད་ཡིན་ནོ། །གལ་ཏེ་གྲུབ་ཟིན་པ་ལ་རྟགས་འཇུག་གོ་ཞེ་ན། གལ་ཏེ་གྲུབ་ཟིན་པའང་ཤེས་འདོད་ཆོས་ཅན་ཡིན་ལ། ངེས་རུང་ཙམ་ཕྱོགས་ཆོས་ཡིན་ན། སྒྲ་བྱས་པ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ། བྱས་པ་གྲུབ་ཟིན་ཡང་མི་རྟག་པ་དེ་སྒྲ་ལ་ལྟོས་ནས་ཕྱོགས་ཆོས་ཡིན་པར་ཐལ། དེ་ལ་མི་རྟག་པ་ངེས་རུང་ཡིན་པའི་ཕྱིར། དེ་འདོད་ན། མི་རྟག་པ་ལ་བྱས་པས་ཁྱབ་པ་ནི་ཤིན་ཏུའང་ཡོད་པས། མི་རྟག་པ་དེ་བྱས་པ་ལ་ལྟོས་པའི་གཏན་ཚིགས་ཡང་དག་ཡིན་པར་འགྱུར་ན། མངོན་དུ་གྱུར་པའི་སྒྲུབ་བྱེད་དུ་ལྐོག་ཏུ་གྱུར་པ་བཀོད་ན་འཇིག་རྟེན་ཐམས་ཅད་ཀྱི་བཞད་གད་དུ་མི་འགྱུར་རམ་ཞེས་གསུངས། རིགས་གཏེར་ལས། ངེས་རུང་རྟགས་མིན་ཐེ་ཚོམ་ཕྱིར། །ངེས་པ་རྟགས་ཡིན་གོ་བྱེད་ཕྱིར། །ཞེས་གསུངས་སོ། །དེ་ལྟར་ན། ཚུལ་གསུམ་གྱི་ངོ་བོ་ངོས་བཟུང་བ་ཤེས་བྱེད་ཀྱི་ལུང་ཞར་ལ་འོངས་པ་དང་བཅས་པ་བརྗོད་ནས། ད་ནི་སྐབས་སུ་བབ་པ་ཚུལ་གསུམ་འགལ་མི་འགལ་དཔྱད་པར་བྱ་སྟེ། དེ་ཡང་འདི་ལྟར། སྤྱིར་ཕྱོགས་ཀྱི་ཆོས་དང༌། རྗེས་སུ་འགྲོ་བ་དང༌། ལྡོག་པ་ཙམ་ནི་མི་འགལ་ཏེ། བྱས་པ་དེ་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་དང༌། མི་རྟག་པ་ལ་རྗེས་སུ་འགྲོ་བ་དང༌། རྟགས་པ་ལས་ལྡོག་པ་གསུམ་ཀ་ཡིན་པའི་ཕྱིར། ཕྱོགས་ཆོས་ཀྱི་ཚུལ་དང༌། རྗེས་སུ་འགྲོ་བའི་ཚུལ་དང༌། ལྡོག་པའི་ཚུལ་གསུམ་ནི་འགལ་བ་ཁོ་ནར་ངེས་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཚུལ་དང་པོ་དང༌། གཉིས་པ་དང་གསུམ་པ་རྣམས་ཕན་ཚུན་འགལ་བའི་ཕྱིར། ཅི་སྟེ་བྱས་པ་ཉིད་སྦྱོར་བ་དེ་སྐོར་གྱི་ཚུལ་གསུམ་ཀའི་གཞི་མཐུན་དུ་འདོད་ན། སྦྱོར་བ་དེ་སྐོར་གྱི་རྟགས་ཀྱི་ཚུལ་དེ་གཅིག་ཁོ་ནར་མི་འདོད་བཞིན་དུ་ངེས་པར་ཁས་ལེན་དགོས་པར་འགྱུར་ཏེ། བྱས་པ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གང་རུང་གཅིག་གི་མཚན་གཞི་ཡིན་ལ། བྱས་པ་ལས་ལྡོག་པ་ཐ་དད་པའི་དེས་སྐོར་གྱི་ཚུལ་གསུམ་གང་རུང་གི་མཚན་གཞི་གཟུང་རྒྱུ་མི་སྣང་བའི་ཕྱིར་རོ། དེར་མ་ཟད་བྱས་པས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ལས་གང་རུང་གཅིག་ལ་ཚད་མར་སོང་ཞིང༌། ཅིག་ཤོས་ལ་དཔྱད་ཤེས་སུ་སོང་བ་དང༌། གཞན་དེ་ལ་མ་རྟོགས་པའི་བློར་སོང་བ་ལ་ཡང་མི་སྲིད་པར་འགྱུར་ཏེ། གང་སྦྱོར་བ་དེ་སྐོར་གྱི་ཕྱོགས་ཆོས་ཀྱི་ཚུལ་ལ་ཚད་མར་སོང་བའི་བློ་དེ་ཉིད་རྗེས་སུ་འགྲོ་བའི་ཚུལ་ལའང་ཚད་མར་འདོད་དགོས་པའི་ཕྱིར་ཏེ། དེ་སྐོར་གྱི་ཕྱོགས་ཆོས་ཀྱི་ཚུལ་ནི་ཡོད་ལ། དེའི་མཚན་གཞི་ལས་ལྡོག་པ་ཐ་དད་ན་དེ་སྐོར་གྱིས་རྗེ་འགྲོའི་ཚུལ་གྱི་མཚན་གཞིར་མི་རིགས་པའི་ཕྱིར། ཡང་དེ་གསུམ་འགལ་ཏེ། སྔར་ཇི་སྐད་བཤད་པ་ལྟར་རྒོལ་བའི་རྒྱུད་ཀྱི་ཚུལ་གསུམ་འཇལ་བའི་ཚད་མ་གསུམ་པོ་དེ་དག་གི་གཞལ་བྱ་འགལ་བའི་ཕྱིར་དང༌། དེ་ལྟ་མ་ཡིན་ན། གང་སྦྱོར་བ་དེ་སྐོར་གྱི་ཚུལ་དང་པོ་འཇལ་བའི་ཚད་མ་དེ་ཚད་མར་སོང་བའི་གཞལ་བྱ་ཡིན་ན། དེ་སྐོར་གྱི་ཕྱོགས་ཆོས་ཀྱི་ཚུལ་མ་ཡིན་པས། ཁྱབ་པ་སོགས་མི་འདོད་བཞིན་དུ་ཁས་ལེན་དགོས་པ་འབྱུང་ལ། དེ་ལྟ་ན་རྒོལ་བའི་རྒྱུད་ཀྱི་ཚུལ་གསུམ་འཇལ་བའི་ཚད་མས་ཚུལ་གསུམ་མི་འཇལ་བར་ཁས་ལེན་དགོས་པར་འགྱུར་རོ། །ཅི་སྟེ་འདི་སྙམ་དུ་སྒྲ་བྱས་པ་ཡིན་པ་དང༌། སྒྲ་མི་རྟག་པ་ཡིན་པ་མི་འགལ་ཡང༌། དེ་འཇལ་བའི་ཚད་མ་གཉིས་ཀྱི་གཞལ་བྱ་འགལ་བ་བཞིན་ནོ། །ཞེས་པས་ཀྱང་ལན་སྟོན་པར་ནུས་པ་མ་ཡིན་ཏེ། སྒྲ་བྱས་པར་འཇལ་བའི་ཚད་མའི་གཞལ་བྱ་ཡིན་ན་སྒྲ་བྱས་པ་ཡིན་དགོས་ལ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གཞལ་བའི་རྗེས་དཔག་གི་གཞལ་བྱ་ཡིན་ན། དེའི་རྗེས་ཁྱབ་མ་ཡིན་དགོས་པར་ཁྱེད་ཅག་གིས་ཁས་བླངས་པའི་ཕྱིར་རོ། །གང་ཡང་འདི་ན་བྱས་ན་མི་རྟག་པ་ཡིན་པས་ཁྱབ་པ་དེ། རྟག་ན་མ་བྱས་པའི་ཁྱབ་པ་མ་ཡིན་པ་འདོད་ཅིང༌། དེ་ཡང་ཅིག་ཤོས་མ་ཡིན་པར་འདོད་བཞིན་དུ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གང་ཡིན་པ་དེའི་ལྡོག་ཁྱབ་དང༌། དེའི་ལྡོག་ཁྱབ་གང་ཡིན་པ་དེ། དེའི་རྗེས་ཁྱབ་ཏུ་ཡང་ཁས་ལེན་པ་ནི་ཁོ་བོ་ཤེས་པ་རང་བཞིན་དུ་མི་གནས་སོ་ཞེས་གསལ་བར་སྒྲོག་པ་ཡིན་ལ། དེར་མ་ཟད་བྱས་ན་མི་རྟག་པས་ཁྱབ་པ་དེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མིན་ནོ་ཞེས་དེང་སང་མགྲིན་གཅིག་ཏུ་བསྡེབས་ན་འདོན་པ་ནི། དེ་སྐད་དུ་སྨྲ་བ་པོ་བདག་ནི་ཚིག་ཁོ་ན་ལ་འཆེལ་ཞིང་རྗེས་སུ་འཆེལ་ནས་དམ་པའི་ཆོས་རྣམས་རིང་དུ་སྤོང་བར་བྱེད་པ་ཡིན་གྱི། གསུང་རབ་ཀྱི་དོན་ལ་སྤྱོད་པའི་བློའི་ནུས་པ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ནོ་ཞེས་རང་ཉིད་ཀྱིས་གསལ་བར་བརྗོད་པ་སྟེ། འདི་ལྟར་གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མེད་པའི་རྒྱུ་མཚན་ཅི། གཞལ་བྱ་ཡིན་ན་མི་རྟག་པ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །སྙམ་ན། དེ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ཏེ། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡོད་ན། གཞལ་བྱ་ཡིན་ན་མི་རྟག་པས་ཁྱབ་པ་དེ། དེའི་རྗེས་ཁྱབ་ཏུ་ཁས་བླངས་པའི་ཕྱིར། བྱས་པ་དེ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་བོ་ཞེས་ཟེར་བ་ནི། རྟགས་དང་ཁྱབ་པ་སོ་སོར་ཤན་མི་ཕྱེད་པའི་གསང་ཚིག་ཡིན་པས་རིགས་པ་སྨྲ་བའི་རྭ་བ་ལས་རིང་དུ་འཁྱམས་པ་ཡིན་པས་བློ་དང་ལྡན་པ་དག་གིས་རྣ་བ་ཙམ་ཡང་གཏད་པར་མི་བྱའོ། །གཞན་ཡང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང༌། དེ་སྐོར་གྱི་རྗེས་ཁྱབ་ཡིན་ན་དེ་སྐོར་གྱི་ཕྱོགས་ཆོས་ཡིན་དགོས། །འོ་ན། དེ་སྐོར་གྱི་ཕྱོགས་ཆོས་ཡིན་ན་དེ་སྐོར་གྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་དགོས་པ་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་ན་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་དགོས་པར་འགྱུར་ལ། དེ་ལྟ་ན། སྦྱོར་བ་སྐོར་ཅིག་གིས་མཐུན་ཕྱོགས་ལ་མེད་པ་དེ། དེའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དང༌། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་མེད་པ་དེ་རྗེས་འགྲོའི་མཚན་ཉིད་ཀྱི་བསལ་བྱར་ཡང་འགྱུར་ལ། དེ་ཡང་དེ་ལྟ་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ལ་ངེས་བརྗོད་མཛད་པས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་མེད་དམ་སྙམ་པ་དང༌། མི་མཐུན་ཕྱོགས་ལ་ཡོད་དམ་སྙམ་པའི་ལོག་རྟོག་ཁེགས་པར་འགྱུར་ཞིང༌། དེ་སྐོར་གྱི་རྗེས་ཁྱབ་ལ་ངེས་བརྗོད་མཛད་པས། བྱས་པས་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་མ་གྲུབ་བམ་སྙམ་པའི་ལོག་རྟོག་ཀྱང་ཁེགས་པར་འགྱུར་ཏེ། དེ་སྐོར་གྱི་ཕྱོགས་ཆོས་ཡིན་ན། དེ་སྐོར་གྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་དགོས་པ་གང་ཞིག དེ་དགོས་པ་ལྟར་ངེས་བརྗོད་མཛད་པའི་ཚིག་གིས་མ་བརྗོད་ན། ཚུལ་གསུམ་ལ་ངེས་བརྗོད་མཛད་པའི་ཚིག་གིས། ཚུལ་གསུམ་སོ་སོའི་དོན་ལྡོག་རྫོགས་པར་མ་བརྗོད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཞན་ཡང་སྦྱོར་བ་སྐོར་ཅིག་གི་ཚུལ་གསུམ་སོ་སོ་ལ་ཚུལ་གསུམ་པོའི་མཚན་ཉིད་ཚང་བར་འདོད་པ་འདི་ནི། སྔོན་ཆད་གཞུང་ལུགས་རྣམ་པར་དག་པ་གང་ནས་ཀྱང་མ་བྱུང་བའི་བཞད་གད་ཀྱི་གནས་ཞིག་གོ །ཡང་སྦྱོར་བ་སྐོར་ཅིག་གི་རྗེས་ཁྱབ་དང་རྗེས་འགྲོའི་ཚུལ་ལ་རྣམ་དབྱེ་ཐ་དད་དུ་སྟོན་རྒྱུ་མེད་པར་འདོད་པ་འདི་ཡང་བཞད་གད་ཀྱི་གནས་ཏེ། འདི་ལྟར། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཚུལ་གྲུབ་པར་ཐལ། དེའི་རྗེས་ཁྱབ་གྲུབ་པའི་ཕྱིར། ཅི་སྟེ། རྟགས་མ་གྲུབ་བོ་སྙམ་ན། འོ་ན་དེའི་ཁྱབ་པ་ནི་གྲུབ་པར་ཁྱེད་འདོད་པས། རྗེས་ཁྱབ་ཀྱང་མིན། ལྡོག་ཁྱབ་ཀྱང་མིན་པའི་ཁྱབ་པ་ཞིག་ཁྱེད་ཀྱིས་ཁས་ལེན་དགོས་སོ། །འོན་ཀྱང་ཁོ་བོ་ནི་འདི་ལ། ཁྱབ་པ་ཡོད་པ་གཞུང་གི་དགོངས་པར་མི་འདོད་དེ། འདིའི་རྟགས་ཆོས་གཉིས་ལ་འབྲེལ་པ་ཡོད་པར་མི་འདོད་པའི་ཕྱིར། སྦྱོར་བ་སྐོར་ཅིག་གི་རྗེས་ཁྱབ་ཡིན་ན། རྗེས་འགྲོའི་ཚུལ་ཡིན་དགོས་ན། དེ་སྐོར་གྱི་རྟགས་སུ་གྲུབ་ན། དེ་སྐོར་གྱི་ཕྱོགས་ཆོས་ཡིན་དགོས་པར་ཡང་འགྱུར་རོ། །དེ་ལྟ་ན་རྟགས་སུ་གཟུང་བྱ་གཅིག་ཉིད། ཚུལ་གསུམ་ཀ་ཡིན་པར་འདོད་པ་འདི་ནི། ཕྱོགས་ཆོས་དང་དེའི་ཚུལ་དང༌། རྗེས་འགྲོ་དང་དེའི་ཚུལ་དང༌། ལྡོག་པ་དང་དེའི་ཚུལ་རྣམས་གཅིག་ཏུ་འདྲེས་པའི་ལོག་པར་རྟོགས་པ་ལས་བྱུང་བ་ཡིན་པས་འདི་ལྟར་ཤེས་པར་བྱ་སྟེ། བྱས་པ་དེ་ཚུལ་གསུམ་མ་ཡིན་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་དང༌། མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཙམ་ནི་ཡིན་ལ། དེ་ཡིན་པའི་རྒྱུ་མཚན་གྱིས་བྱས་པས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བར་འཇོག་པ་ཡིན་ཏེ། དཔེར་ན། སྒྲ་དེ་སྒྲ་མ་ཡིན་པ་དང༌། མ་བྱས་པ་དང༌། རྟགས་པ་ལས་ལྡོག་པའི་རྒྱུ་མཚན་གྱིས། སྒྲ་དེ་ལྡོག་པ་དེ་གསུམ་དང་ལྡན་པ་ནི་ཡིན་ཀྱང༌། སྒྲ་དེ་མ་བྱས་པ་ལས་ལོག་པའི་ལྡོག་པ་དང༌། མི་རྟག་པའི་ལྡོག་པར་མི་བརྗོད་པ་བཞིན་ནོ། །སྒྲ་རང་ཉིད་སྒྲའི་ལྡོག་པ་མ་ཡིན་པའི་ཚུལ་ཡང་འཆད་པར་འགྱུར་རོ། །དེས་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་གྲུབ་པའི་རྒྱུ་མཚན་ཡང༌། བྱས་པ་དེའི་ཕྱོགས་ཆོས་ཡིན་པ་ལ་ཐུག དེས་དེ་ལྟར་སྒྲུབ་པའི་རྗེས་འགྲོའི་ཚུལ་དང༌། ཁྱབ་པ་གྲུབ་པའི་རྒྱུ་མཚན་ཡང༌། བྱས་པ་དེ་མི་རྟག་པ་ལ་རྗེས་སུ་འགྲོ་བ་ལ་ཐུག་པ་ཡིན་ནོ། །བྱས་པ་དེ་མི་རྟག་པ་ལ་རྗེས་སུ་འགྲོ་མོད། བྱས་པ་དེ་བྱས་པ་མི་རྟག་པ་ལ་རྗེས་སུ་འགྲོ་བའི་རྗེས་འགྲོ་ཡིན་པར་ནི་མི་བརྗོད་དོ། །དཔེར་ན། བྱས་པ་དེ་མི་རྟག་པ་ལ་འབྲེལ་མོད། བྱས་པ་དེ་མི་རྟག་པ་ལ་འབྲེལ་བའི་འབྲེལ་པར་མི་བརྗོད་པ་བཞིན་ནོ། །སྐབས་འདིའི་དོན་ལ་ཁོ་བོ་ཅག་གི་འདྲེན་པ་དམ་པ་སྔོན་བྱོན་པ་དག་གིས། ཚུལ་གསུམ་མི་འགལ་བ་ལྟ་བུར་བཤད་པ་དག་ཀྱང་ཡོད་མོད་ཀྱི་དེ་ནི་རིགས་པའི་གཏེར་ལས་གསུངས་པའི་འགལ་བའི་རྣམ་གཞག་དང་བསྟུན་ནས་གནོད་བྱ་གནོད་བྱེད་མ་ཡིན་པ་ལ་དགོངས་ཤིང༌། ཡང་ན། ཕྱོགས་ཀྱི་ཆོས་དང༌། མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང༌། མི་མཐུན་ཕྱོགས་ལས་ལྡོག་པ་གསུམ་གྱི་གཞི་མཐུན་སྲིད་པ་ལ་དགོངས་སོ། །འདིར་ཇི་སྐད་བཤད་པ་དེ་དག་ནི་དིང་སང་གི་གྲགས་ཆོད་དང་བསྟུན་ནས། གཞི་མཐུན་མི་སྲིད་པ་ལ་འགལ་བར་མཛད་པ་དེ་དག་གི་དབང་དུ་བྱས་པ་ཡིན་ནོ། །དེ་ལ་དོགས་པ་འདི་སྙམ་དུ་འབྱུང་སྲིད་པར་འགྱུར་རོ། །བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་དེ་ཆོས་ཅན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པའི་ཚུལ་ཡིན་པར་ཐལ། བྱས་པ་རྟག་པ་ལས་ལོག་པར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་ཆ་ཡིན་པའི་ཕྱིར། ཁྱབ་སྟེ། ཕུང་པོ་གཉིས་ལས་གཅིག་ལ་ནི། །ངེས་པར་གྲུབ་ན་གཞན་ལས་ནི། །ལྡོག་གྲུབ། །ཅེས་དང༌། གང་ལ་གྲུབ་བྱའི་མི་མཐུན་ཕྱོགས། །བཟློག་པ་ཉིད་བརྗོད་དེ་ཉིད་ནི། །འདི་ཡི་ཆོས་མཐུན་འགྱུར་དེས་ན། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན། །ཞེས་གསུངས་པའི་ཕྱིར་རོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར། སྒྲ་རྟག་པ་མིན་པ་ཆོས་ཅན། སྒྲ་མི་རྟག་པར་རྟོགས་པའི་ཚད་མས་ངེས་པའི་ཆ་ཡིན་པར་ཐལ། སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་ཚད་མས་ངེས་པའི་ཆ་ཡིན་པའི་ཕྱིར། ཁྱབ་པ་ནི་ལུང་གིས་མཚུངས་ལ། འདོད་ན། སྒྲ་མི་རྟག་པར་རྟོགས་པའི་ཚད་མ་དེའི་འཛིན་སྟངས་ཀྱི་གཟུང་བྱར་ཐལ་ཞིང༌། དེ་ལྟ་ན་ནི། ཚད་མ་དེ་དགག་པའི་རྣམ་པ་ཅན་དུ་ཐལ་བར་འགྱུར་རོ། །དེས་ན་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་སྒྲ་རྟག་པ་མ་ཡིན་པར་རྟོགས་ཀྱང༌། སྒྲ་རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་སྒྲ་མི་རྟག་པར་རྟོགས་པའི་ཆ་ཉིད་དུ་ཁས་བླངས་ན། དེ་སྒྲུབ་པར་ཐལ་བ་བཟློག་ཏུ་མེད་དོ། །ལུང་དེ་དག་གི་དགོངས་པ་ཡང༌། དོན་ལ་གནས་པའི་མི་མཐུན་ཕྱོགས་ལ་མེད་ན། དོན་གྱི་མཐུན་ཕྱོགས་ལ་ཡོད་དགོས་པའམ། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་རྒྱུད་ལ་ལྡན་པའི་གང་ཟག་གིས། བྱས་པ་རྟག་པ་ལ་མེད་པར་ངེས་ན། མི་རྟག་པ་ལ་ཡོད་པར་ངེས་དགོས་པའི་དོན་ཡིན་གྱི། རྟག་པ་ལ་མེད་པར་ངེས་པའི་ཆ་དེ་ཉིད། མི་རྟག་པ་ལ་ཡོད་པར་ངེས་པའི་ཆར་སྟོན་པ་མ་ཡིན་ནོ། །མདོར་ན་ཚད་མ་རྣམ་པར་ངེས་པ་སོགས་ནས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་ཞེས་གསུངས་པ་ཡང་རྗེས་སུ་འགྲོ་ལྡོག་འགལ་བས་ཚུལ་གསུམ་དུ་གྲངས་ངེས་ཞེས་པའི་དོན་ཏེ། རྗེས་སུ་འགྲོ་ལྡོག་སྤྱིར་ལྡོག་པ་ཐ་དད་ཙམ་དུ་བསྟན་པ་ལ་སྐབས་འདིར་དགོས་ནུས་མེད་རྗེས་སུ་འགྲོ་ལྡོག ངོ་བོ་ཐ་དད་པ་ནི་འོག་ནས་འཆད་པ་ལྟར་གཞུང་གི་དགོངས་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །དེས་ན་སྦྱོར་བ་སྐོར་ཅིག་གི་རྗེས་སུ་འགྲོ་ལྡོག་ཡིན་ཁྱབ་མཉམ་དུ་འདོད་པས་ནི། རྟགས་ཀྱི་ཚུལ་དེ་གཉིས་ཁོ་ནར་ཐལ་བའི་ཉེས་པ་གཞན་གྱིས་རྣམ་འགྲེལ་མཛད་པ་ལ་བརྗོད་པ་དེ་ཉིད་འཇུག་པར་ཁས་བླངས་ཤིང༌། རྣམ་འགྲེལ་མཛད་པས་རྗེས་སུ་འགྲོ་ལྡོག་གཉིས་དོན་མི་གཅིག་ཅིང༌། ཐ་དད་པའི་སྒོ་ནས་ཉེས་པ་དེ་སྤོང་བར་མཛད་པའི་གཞུང་གི་དགོངས་པ་ལས་ཕྱི་རོལ་དུ་གྱུར་པར་སེམས་སོ། །དེ་སྐད་དུ་ཡང༌། རྣམ་པར་ངེས་པ་ལས། དེ་ཡང་རྗེས་འགྲོ་མེད་པར་བསྟན་པར་མི་ནུས་ཏེ། དེའི་ངོ་བོ་དང༌། རྒྱུའི་དངོས་པོ་མཐོང་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོ་ན་རྟགས་ཀྱི་ཚུལ་གཉིས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་རོ། །དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར་སྦྱོར་བ་བསྡུས་ཏེ་བརྗོད་པ་ཡིན་གྱི། ཚུལ་བསྡུས་པ་ནི་མ་ཡིན་ནོ། །ཞེས་གསུངས། དོན་ནི། རྗེས་སུ་འགྲོ་ལྡོག་གཉིས་འབྲེལ་པའི་སྲོག་གཅིག་ལ་ཐུག་ཅིང༌། ཕན་ཚུན་མི་འཁྲུལ་བས་གང་རུང་ཅིག་རྟོགས་པ་ན། ཅིག་ཤོས་ཀྱང་ཤུགས་ལ་རྟོགས་ནུས་པས། རྟོགས་བྱེད་ཀྱི་བློ་དང་སྦྱོར་བ་གཅིག་ཏུ་བསྡུ་ནུས་ཀྱང༌། ཚུལ་གཉིས་ཀྱི་རང་གི་ངོ་བོ་ལ་གཞི་མཐུན་མི་སྲིད་པས། གཅིག་ཏུ་བསྡུ་མི་ནུས་སོ། །ཞེས་པའི་དོན་ནོ། །དེ་ཡང་དཔེར་ན། སྒྲ་མི་རྟག་པའི་དོན་སྤྱི་དང༌། སྒྲ་རྟག་པ་མ་ཡིན་པའི་དོན་སྤྱི་གཉིས་སྒྲ་གཅིག་གིས་དངོས་ཤུགས་ལ་སྟོན་པ་དང༌། བློ་གཅིག་གིས་དངོས་ཤུགས་ལ་རྟོགས་པས་དེ་གཉིས་ཀྱིས་རྟོགས་བྱེད་ཀྱི་བློ་དང༌། བརྗོད་བྱེད་ཀྱི་སྒྲ་གཅིག་ཏུ་བསྡུ་བར་ནུས་ཀྱང༌། རང་གི་ངོ་བོ་གཅིག་ཏུ་བསྡུ་བར་མི་ནུས་པ་བཞིན་ནོ། །ཚུལ་གཉིས་ཡིན་ཁྱབ་མཉམ་ཡིན་ཅིང༌། མཚན་གཞི་གཅིག་ལས་གཟུང་རྒྱུ་མེད་ན་ཅིའི་ཕྱིར་ཚུལ་གཅིག་ཏུ་བསྡུ་མི་ནུས་པ་ཁྱེད་ཅག་གིས་སྟོན་ཅིག གསུམ་པ་ངོ་བོ་གཅིག་ཐ་དད་བསམ་པ་ནི། དིང་སང་མཁས་པ་དང་རྨོངས་པའི་སྐྱེ་བོ་རྟོག་གེ་སྨྲ་བ་མཐའ་དག་ལས་ཁ་ཅིག་ནི་ཚུལ་གསུམ་ཀ་ངོ་བོ་གཅིག་གོ་ཞེས་མཐའ་གཅིག་ཏུ་སྨྲ་ལ། ཁ་ཅིག་ནི། རྣམ་དབྱེ་མེད་པར་གསུམ་ཀ་ངོ་བོ་ཐ་དད་པའོ་ཞེས་སྨྲ་བར་བྱེད་པ་དེ་དག་ནི་རིགས་པའི་གཞུང་ལས་རྒྱང་རིང་དུ་གནས་པར་མཐོང་ནས་ཁོ་བོའི་བློ་གྲོས་ཀྱིས་གཞུང་གི་དགོངས་པ་ལ་རྣམ་པར་བརྟགས་པ་ནི་འདི་ལྟ་སྟེ། ཕྱོགས་ཆོས་དང་ཁྱབ་པའི་ཚུལ་ནི་སྤྱིར་ཡང་ངོ་བོ་ཐ་དད་དེ། འགལ་བ་དང་མ་ངེས་པའི་གཏན་ཚིགས་གཉིས་ལ་ཕྱོགས་ཆོས་ཀྱི་ཚུལ་གྲུབ་པའི་ཕྱིར་དང༌། མ་གྲུབ་པའི་གཏན་ཚིགས་ལའང་ཁྱབ་པའི་ཚུལ་གཉིས་གྲུབ་པ་དུ་མ་སྣང་བའི་ཕྱིར་རོ། །བྱེ་བྲག་ཏུ་རྟགས་ཡང་དག་གི་ཕྱོགས་ཆོས་དང་ཁྱབ་པའི་ཚུལ་གཉིས་ཀྱང་ངོ་བོ་ཐ་དད་དེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཕྱོགས་ཁྱབ་གཉིས་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ན། དེས་དེ་ལྟར་སྒྲུབ་པའི་ཁྱབ་པའི་ཚུལ་གཉིས་འགྲུབ་མི་དགོས་པའི་ཕྱིར་དང༌། དེའི་ཁྱབ་འབྲེལ་གྲུབ་ན། དེའི་ཕྱོགས་ཆོས་ཀྱང་གྲུབ་མི་དགོས་པའི་ཕྱིར་ཏེ། རྒོལ་བ་དེའི་བློ་ངོར་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་མ་གྲུབ་ན། རྒོལ་བ་དེའི་བློ་ངོར་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་མི་དགོས་པའི་ཕྱིར། ཁྱབ་པ་ཡོད་དེ། སློབ་དཔོན་ཉིད་ཀྱིས་ཐ་མར་སྨོས་པའི་ངེས་པ་ནི་ཚུལ་གསུམ་ཀ་ལ་བལྟ་བར་བྱ་ཞེས་རྒོལ་བའི་བློ་ངོ་ཁོ་ན་ལ་བལྟོས་ནས། རྟགས་ཀྱི་ཚུལ་བཞག་དགོས་པར་གསུངས་པའི་ཕྱིར། རྩ་བ་ལ། ཁྱབ་པ་ཡོད་དེ། ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་ན་བདག་གཅིག་ཏུ་འབྲེལ་དགོས་པའི་ཕྱིར་རོ། །དེ་ཡང་གོ་སླ་བར་བྱས་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་གྱི་ཚད་མས་བྱས་པ་སྒྲའི་སྟེང་དུ་ཡོད་པར་ངེས་པ་དེ་ཆོས་ཅན། ཁྱོད་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་གྱིས། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་ཆ་ལ་མ་འབྲེལ་བར་ཐལ། དེ་ཁེགས་ན་ཁྱེད་ཁེགས་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཚད་མས་ཤེས་ཤིང༌། ཁྱབ་འབྲེལ་མི་ཤེས་པའི་ཕྱིར་རྒོལ་གཅིག་མི་སྲིད་པར་ཐལ་ལོ། །རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ནི་ངོ་བོ་གཅིག་པ་སྟེ། ཕན་ཚུན་བདག་གཅིག་པའི་འབྲེལ་པ་མི་འཁྲུལ་བའི་ཕྱིར་ཏེ། ཕན་ཚུན་འབྲེལ་བ་མི་འཁྲུལ་བ་གང་ཞིག དེ་བྱུང་དུ་འབྲེལ་བ་ནི་མེད་པའི་ཕྱིར་རོ། །འབྲེལ་པ་ནི་ཡིན་ཏེ། ཕན་ཚུན་ཐ་དད་ནས་གཅིག་གིས་ཅིག་ཤོས་འདོར་བ་མི་སྲིད་པའི་ཕྱིར། གཞན་དུ་ན། རྗེས་སུ་འགྲོ་བ་རྐྱང་པ་ཅན་དང༌། ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་སྲིད་པར་ཐལ་བ་ཉིད་དུ་འགྱུར་རོ། །དོན་དེ་ཉིད་ནི། གང་ལ་སྒྲུབ་བྱའི་མི་མཐུན་ཕྱོགས། །ཞེས་སོགས་དང༌། དེ་ཕྱིར་རྗེས་འགྲོ་མེད་པ་ལ། །འདི་འདྲའི་མི་འཁྲུལ་གྲུབ་མ་ཡིན། །ཞེས་སོགས་དང༌། ཕུང་པོ་གཉིས་ལས་གཅིག་ལ་ནི། །ངེས་པར་གྲུབ་ན་གཞན་ལས་ནི། །ལྡོག་གྲུབ་ཅེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །གསུམ་པ་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ། རང་གི་འདོད་པ་བརྗོད་པ་དང༌། གཞན་གྱི་འདོད་པ་སུན་དབྱུང་བ་གཉིས་སོ། །དང་པོ་ལ། ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་བཤད་པ་དང༌། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། དུ་བས་ལ་མེ་ལྡན་དུ་སྒྲུབ་པ་ལ་སོགས་འབྲས་བུའི་རྟགས་ཕལ་ཆེ་བའི་ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ལ། སྐྱོབ་པ་ཉིད་ཡིན་པའི་རྟགས་ཀྱིས་བཅོམ་ལྡན་འདས་མཁྱེན་པ་གསུམ་ལྡན་ཐུགས་རྒྱུད་ལ་མངའ་བར་བསྒྲུབ་པ་དང༌། དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལས། བཀའ་བརྒྱད་སྟོང་པ་རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་སོང་དུ་སྒྲུབ་པ་ལྟ་བུ། ཕྱོགས་ཆོས་རྟགས་ཀྱིས་སྒྲུབ་དགོས་པའང་ཡོད་ཅིང༌། དེའི་རྟགས་དེ་དག་ཀྱང་མཐར་སྟུག་ན་མངོན་སུམ་གྱིས་འགྲུབ་དགོས་པ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་ཚུལ་གསུམ་གྱི་སྒྲུབ་བྱེད་མཐར་མངོན་སུམ་གྱིས་འགྲུབ་དགོས་པའི་ཕྱིར་ཏེ། སྒྲུབ་བྱེད་ཀྱི་ཚད་མ་གཅིག་ནི་དགོས་ལ། དངོས་སྟོབས་རྗེས་དཔག་རྐྱང་པས་སྒྲུབ་དགོས་ན་ཐུག་མེད་འགྱུར་ཞིང༌། ལུང་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ནི་མི་འཇུག་པའི་ཕྱིར་རོ། །རང་བཞིན་གྱི་རྟགས་ལའང༌། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་ལ། ཕྱོགས་ཆོས་དབང་རྣོན་གྱི་ངོར་མངོན་སུམ་གྱིས་འགྲུབ་ཅིང༌། དབང་རྟུལ་འགའ་ཞིག་ལ་རྒྱུ་རྐྱེན་ལས་སྐྱེས་པའི་རྟགས་ཀྱིས་སྒྲུབ་དགོས་པ་སྲིད་ལ། སྐྱེས་པ་དེ་ནི་མངོན་སུམ་གྱིས་འགྲུབ་པ་ཡིན་ནོ། །རྣམ་པ་ཀུན་ཏུ་ཚུལ་རོལ་མཐོང་བའི་ངོར། སྒྲ་བྱས་པ་ཡིན་པར་རྒྱུ་རྐྱེན་ལས་སྐྱེས་པའི་རྟགས་ཀྱིས་སྒྲུབ་དགོས་པ་མ་ཡིན་ཏེ། ཡིན་ན་དངོས་པོ་ཉིད་ནས་སྒྲ་མི་རྟག་པར་སྒྲུབ་པ་ལ་རྒྱུ་རྐྱེན་ལས་སྐྱེས་པ་རྟགས་སུ་བཀོད་པས་མི་ཆོག་པ་ཅི་ཡང་མེད་པའི་ཕྱིར་རོ། །ཡང་ནོག་སོགས་འདུས་པའི་དཀར་ཟལ་བ་གླང་དུ་སྒྲུབ་པ་ལ། ནོག་སོགས་འདུས་པའི་གོང་བུ་རྟགས་སུ་བཀོད་པ་ལྟ་བུ་ལ་ནི། ཕྱོགས་ཆོས་དང་པོ་ནས་མངོན་སུམ་གྱིས་འགྲུབ་པ་ཡིན་ནོ། །ཡང་ལུང་དོན་ལ་དཔྱད་པ་གསུམ་གྱིས་རྣམ་པར་དག་ནས། ཤིན་ལྐོག་ལ་དཔྱོད་པའི་ཚེ། འབྲས་བུའི་རྟགས་དང་རང་བཞིན་གྱི་རྟགས་ཀྱི་ཆ་མཐུན་འགའ་ཞིག་གི ཕྱོགས་ཆོས་དང་ཁྱབ་པ་ལུང་ཁོ་ནས་འགྲུབ་པ་ཡང་ཡོད་པ་ཡིན་ནོ། །མ་དམིགས་པའི་རྟགས་ཀྱི་ཕྱོགས་ཆོས་ནི། ཕར་ཆེར་མཐར་ཐུག་མངོན་སུམ་གྱིས་འགྲུབ་པ་ཉིད་ཡིན་ཏེ། ཇི་སྐད་དུ། གཞན་དུ་དོན་གྱིས་མེད་པ་ཉིད། །མི་དམིགས་པ་ལས་རྟོགས་པར་འགྱུར། །གཞན་གྱིས་དམིགས་པ་མེད་པ་ཉིད། །ཡིན་པའི་ཕྱིར་ན་ཐུག་མེད་འགྱུར། །ཞེས་དང༌། དེས་ན་མི་དམིགས་པ་འདི་ནི། རང་ཉིད་མངོན་སུམ་ལས་རྟོགས་པས། ཞེས་རང་བཞིན་མ་དམིགས་པའི་རྟགས་ཀྱི་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་པར་གསུངས་ལ། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། །ཅེས་མ་དམིགས་པའི་རྟགས་ཐམས་ཅད་ཀྱི་དགག་བྱ་འགོག་པ་དགག་པ་དམིགས་བྱེད་ཀྱི་ཚད་མ་དགག་པ་ལ་ཐུག་པར་གསུངས་པའི་ཕྱིར། འོན་ཀྱང༌། རིགས་གཏེར་ལས། དེས་ན་སྐད་ཅིག་གིས་སྟོང་ལ། དོན་བྱེད་འགོག་པའི་རྟགས་ཀྱིས་འགྲུབ། །ཅེས་གསུངས་པ་ལྟར། དགག་རྟགས་འགའ་ཞིག་གིས་ཕྱོགས་ཆོས་རྟགས་ཀྱིས་སྒྲུབ་དགོས་པ་ནི་སྲིད་ལ། རྟགས་དེ་ཉིད་ཀྱང་མཐར་མངོན་སུམ་གྱིས་འགྲུབ་པ་ཡིན་ནོ། །ལོ་ཆེན་གྱིས་རྟག་པ་ལ་རྟོག་པའི་རྟོག་པ་ཉམས་མྱོང་གིས་རིམ་དང་ཅིག་ཆར་དོན་བྱེད་པས་སྟོང་པའི་རྟགས་ཀྱིས། རྟག་པ་དངོས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་འགྲུབ་པ་དང༌། དུ་བས་ལ་མེ་ལྡན་དུ་སྒྲུབ་པ་ལྟ་བུའི་ཕྱོགས་ཆོས་གཞན་རིག་མངོན་སུམ་གྱིས་འགྲུབ་པ་དང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ཕྱོགས་ཆོས་རྗེས་དཔག་གིས་འགྲུབ་པ་ཡོད་པར་གསུངས་སོ། །གཉིས་པ་འབྲེལ་པ་ངེས་བྱེད་བཤད་པ་ལ། སྤྱིར་བཤད་པ་དང༌། ཁྱད་པར་དུ་བཤད་པའོ། །དང་པོ་ནི། སྤྱིར་འབྲེལ་པ་ཚར་གཅིག་ངེས་པར་བྱེད་པ་ལ། རྗེས་འགྲོ་ངེས་བྱེད་ཀྱི་ཚད་མ་དང༌། ལྡོག་པ་ངེས་བྱེད་ཀྱི་ཚད་མ་གཉིས་ཚང་དགོས་པ་ནི་རིགས་པ་མཁྱེན་པའི་དགོངས་པ་ཡིན་ལ། རྟགས་ཡང་དག་ཏུ་འགྱུར་བ་ལ། ཚུལ་གསུམ་ཚང་དགོས་པའི་གནད་ཀྱང་དེ་ཉིད་ཡིན་ནོ། །འབྲེལ་པ་ལ་ཡང་བདག་གཅིག་པ་དང༌། དེ་ལས་བྱུང་བའི་འབྲེལ་པ་གཉིས་སུ་གྲངས་ངེས་པར་གཞུང་འགྲེལ་དག་ལས་ལན་གཅིག་མ་ཡིན་པར་གསུངས་ཤིང༌། དེ་རེ་རེ་ལའང་རྗེས་སུ་འགྲོ་ལྡོག་ངེས་པར་བྱེད་པའི་ཚད་མ་གཉིས་གཉིས་ཚང་དགོས་པས་དེ་བྱུང་གི་འབྲེལ་པ་ངེས་པ་ན། འབྲས་རྟགས་ཡང་དག་དང༌། རྒྱུ་མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པ་དང༌། ཞར་ལ་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་ཁྱབ་འབྲེལ་ངེས་ནུས། བདག་གཅིག་པའི་འབྲེལ་པ་ལ། ཐ་སྙད་སྒྲུབ་པ་དང༌། དོན་སྒྲུབ་གཉིས་ལས། དང་པོ། ངེས་བྱེད་ཀྱི་ཚད་མས་མཚན་ཉིད་ཀྱི་མཚོན་བྱ་སྒྲུབ་པའི་རང་བཞིན་གྱི་རྟགས་དང༌། རང་བཞིན་མ་དམིགས་པའི་ཁྱབ་འབྲེལ་ངེས་པར་བྱེད་ཅིང་འགལ་ཟླ་དམིགས་པའི་རྟགས་འགའ་ཞིག་གི་ཁྱབ་འབྲེལ་ཀྱང་ངེས་པར་བྱེད་ནུས་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་རང་སྒྲས་བརྗོད་ན་ཡང༌། །དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན། །གང་ལ་དེ་ནི་ཚད་མིན་དེས། །དགག་པ་རྣམས་ཀུན་བརྗོད་བྱ་ཡིན། །ཞེས་དང༌། དགག་ལ་དེའམ་དེ་རྒྱུ་དང༌། །འགལ་བ་བརྗོད་པ་མཐོང་གང་ཡིན། །དེ་ཡང་དེ་ཡི་ཚད་མ་ཉིད། །མེད་པ་འཕེན་པར་བྱེད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དོན་སྒྲུབ་ཀྱི་འབྲེལ་པ་ངེས་པས་ནི། ཁྱབ་བྱ་རྟགས་སུ་བཀོད་ནས་ཁྱབ་བྱེད་སྒྲུབ་པའི་རང་བཞིན་གྱི་རྟགས་རྣམས་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་འབྲེལ་པ་ངེས་པར་བྱེད་ནུས་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། ཤེས་དང༌། དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ་དམིགས་པར་ནི། །རིགས་ལྡན་དེ་མི་དམིགས་པར་ཡང༌། །གཏན་ཚིགས་ཡིན་ཏེ། ཞེས་དང༌། རྒྱུ་དང་ངོ་བོ་བཟློག་ཉིད་ཀྱིས། །དོན་ལྡོག་པར་ནི་བརྗོད་པ་ལས། །མི་དམིགས་དཔེ་ནི་འགྲུབ་པའི་ཕྱིར། །ཞེས་གསུངས་སོ། །དེ་བྱུང་འབྲེལ་པ་ནི། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་ངེས་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང༌། མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྟོས་པ་ཡིན། །ཇི་ལྟར་མཐོང་དང་མ་མཐོང་ལས། །རྒྱུ་དང་འབྲས་ཉིད་སྒྲུབ་བཞིན་ནོ། །ཞེས་གསུངས་ལ། དེ་ཡང་ལོ་ཆེན་གྱིས། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་ལྔས་ངེས་པར་བཞེད་ལ། རིགས་གཏེར་ལས། དེ་ཡང་རྗེས་སུ་འགྲོ་ལྡོག་གི །སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས། །ཞེས་བཞེད་དོ། །འདི་ལ་བདག་ཉིད་ཆེན་པོ་ལོ་ཙྪ་བས། རྒྱུ་འབྲས་ཀྱི་རྗེས་འགྲོ་ནི་འབྲེལ་པ་དངོས་ཡིན་ལ། ལྡོག་པ་ནི་འབྲེལ་པ་དངོས་མ་ཡིན་ནོ། །རང་བཞིན་གྱི་ནི་རྗེས་སུ་འགྲོ་ལྡོག་གཉིས་ཀ་འབྲེལ་པ་དངོས་ཡིན་ནོ་ཞེས་གསུངས་པ་ནི་ཤིན་ཏུ་ལེགས་ཏེ། རྒྱུ་འབྲས་གཉིས་ཀྱི་དངོས་ཀྱི་འབྲེལ་པ་ནི་དེ་བྱུང་གི་འབྲེལ་པ་དངོས་ཡིན་ལ། ལྡོག་འབྲེལ་ནི་ཁས་ལེན་ན་བདག་གཅིག་གི་འབྲེལ་པ་ལས་མ་འདས་པའི་ཕྱིར། བདག་གཅིག་པའི་འབྲེལ་པ་ནི། འབྲེལ་ཟླ་གཉིས་པོ་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་དུ་ཤེས་པར་བྱེད་པའི་ཚད་མས་ངེས་པར་བྱེད་དོ། །དེ་ཡང༌། བྱས་མི་རྟག་པ་ལྟ་བུ་ནི། ལྟོས་མེད་ཀྱི་རྟགས་དང༌། གནོད་པ་ཅན་གྱི་རྟགས་གཉིས་ཀྱིས་ངེས་པར་བྱ་དགོས་ཏེ། དེ་སྐད་དུ། ཇི་ལྟར་རང་རྒྱུ་ལ་ལྟོས་ནས། །རང་བཞིན་མེད་ན་མི་འབྱུང་བར། །ཤེས་བྱ་འཇིག་དང་བྱས་པ་ཉིད། །གོང་དུ་ཇི་སྐད་བཤད་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་སོ་སོར་བཤད་པ་ལ། དེ་བྱུང་འབྲེལ་པ་ངེས་བྱེད་བཤད། བདག་གཅིག་འབྲེལ་པ་ངེས་བྱེད་བཤད་པའོ། །དང་པོ་ནི། རྗེས་འགྲོའི་སྒོ་ནས་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་དང༌། ལྡོག་པའི་སྒོ་ནས་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ཏེ། ཚད་མ་ཕྲུགས་གཉིས་ཀྱིས་ངེས་དགོས་ཤིང་ངེས་ཀྱང་ནུས་ལ། དེ་ཡང་མངོན་སུམ་ལ་སྣང་བའི་མེ་དུ་ལ་སོགས་པ་རྣམས་ཀྱི་འབྲེལ་བ་ནི། སྒྲུབ་བྱེད་ཀྱི་རིགས་པ་གཞན་ལ་མི་ལྟོས་པར། །ཐ་མལ་པ་རྣམས་ཀྱིས་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། ཇི་སྐད་དུ། འབྲེལ་པ་བརྟག་པ་ལས། གང་ཞིག་མཐོང་ན་མ་མཐོང་མཐོང༌། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་གསུངས་སོ། །དེ་ལྟ་ན། ཡུལ་གཅིག་ཏུ་མེ་དུ་རྒྱུ་འབྲས་སུ་ངེས་པ་ན་རང་བཞིན་ཁྱད་པར་མེད་པའི་ཕྱིར། ཞེས་པའི་རྟགས་པས། ཡུལ་གཞན་གྱི་མེ་དུ་རྒྱུ་འབྲས་སུ་ངེས་པ་ཡིན་ཏེ། རིགས་གང་གང་ལས་གྲུབ་པ་དེ། །ཁྱད་པར་མེད་དེ་མེ་ཤིང་བཞིན། །ཞེས་སོ། །དེ་ཡང་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་ལ་སོགས་པ་ལྐོག་ཏུ་གྱུར་པའི་རྒྱུ་འབྲས་རྣམས་ཀྱི་འབྲེལ་པ་ནི། ལུང་ལ་བརྟེན་པའི་སྒྲུབ་བྱེད་ཀྱི་རིགས་པ་ལ་བརྟེན་ནས། ཚད་མ་ཕྲུགས་གཉིས་སྐྱེད་པར་བྱས་ནས་དེས་འབྲེལ་པ་ངེས་པར་བྱེད་དགོས་པ་ཡིན་ནོ། །ཚད་མ་ཕྲུགས་གཉིས་ནི་འདི་ལྟར་ཏེ། ཐོག་མར་ས་ཕྱོགས་དག་པ་བར་མེ་དུ་གཉིས་ཀ་མ་དམིགས། དེའི་རྗེས་སུ་མེ་དམིགས། དེའི་རྗེས་སུ་དུ་བ་དམིགས་པ་སྟེ། ཚད་མ་དེ་གསུམ་གྱི་བྱེད་པས་དུ་བ་མེ་ལ་རྗེས་སུ་འགྲོ་བར་ངེས་ནུས་ཏེ། ཇི་སྐད་དུ། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་སོ། །ཡང་ཚང་མང་ལྟ་བུ་དུ་བ་དམིགས། རྗེས་སུ་མེ་མ་དམིགས། དེ་ནས་དུ་བ་ཡང་མ་དམིགས་པའི་ཚད་མ་དེ་གསུམ་གྱི་བྱེད་པས། མེ་ལོག་ན་དུ་མ་བཟློག་པའི་ལྡོག་པའང་ངེས་པར་བྱེད་པ་ཡིན་ཏེ། དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཞེས་སོ། །དེ་ལྟར་ཚད་མ་དེ་གཉིས་ཀྱི་བྱེད་པ་སྡོམས་པས་མེ་དུ་རྒྱུ་འབྲས་སུ་ངེས་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང༌། དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །ཞེས་སོ། །དེ་ཡང་ཕྲུགས་དང་པོས་དུ་བ་རྒྱུ་མེད་དུ་འཛིན་པའི་དོགས་པ་ཁེགས་ལ། ཕྲུགས་གཉིས་པས་ནི་མི་མཐུན་པའི་རྒྱུ་ལས་འབྱུང་བར་འཛིན་པའི་དགོས་པ་ཁེགས་པ་ཡིན་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་དང༌། གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །རང་བཞིན་ཡིན་ན་དེ་ཉིད་མེ། །ཞེས་གསུངས་སོ། །ཚད་མ་ཕྲུགས་གཉིས་ཀ་ལན་གཅིག་རྒྱུད་ལ་སྐྱེས་ཟིན་པའི་འོག་ཏུ་ནི། ཕྲུགས་གཉིས་ལས་གང་རུང་རེ་རེས་ཀྱང་རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་ནུས་སོ་ཞེས་བྱ་བ་ནི་རིགས་པའི་གཏེར་གྱིའོ། །དེ་ལྟར་མེ་དུའི་འབྲེལ་པ་གང་དུ་ངེས་པའི་གཞི་ཚང་མང་ལྟ་བུ་དེར་འབྲེལ་པ་ངེས་ཟིན་མ་བརྗེད་པའི་རྒོལ་བ་དེ་ལ་ནི་དཔེའི་སྟེང་དུ་མེ་དུའི་འབྲེལ་པ་ཤེས་ཟིན་མ་བརྗེད་པ་ཞེས་བྱ་ལ། དེ་འདྲའི་རྒོལ་བ་དེས། གཞི་ཁང་པའམ་ལ་རྒྱབ་ལྟ་བུར་མེ་ཡོད་མེད་ཐེ་ཚོམ་དུ་གྱུར་པ་ན་གཞི་དེ་ཤེས་འདོད་ཆོས་ཅན་ཡིན་ལ། གཞི་དེར་དུ་བ་མངོན་སུམ་གྱིས་མཐོང་བའི་ཚད་མ་སྐྱེས་པའི་ཚེ་དུ་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བ་ཡིན་ཞིང༌། དེའི་དེ་མ་ཐག་ཏུ་གཞི་དེར་མེ་ཡོད་པར་ངེས་པ་རང་སྟོབས་ཀྱིས་འདྲེན་གྱི། མེ་ཡོད་མེད་དུ་ཐེ་ཚོམ་འདྲེན་པ་མི་སྲིད་པས། དེ་འདྲའི་རྒོལ་བ་དེ་ལ་གཞི་དེར་དུ་བ་ཡོད་པར་ངེས་ནས། མེ་ཡོད་མེད་ཐེ་ཚོམ་ཟ་བའི་གནས་མེད་ལ། དེ་བཞིན་དུ་རྒོལ་བ་དེས། དུ་ལྡན་གྱི་ལ་ཚད་མས་ངེས་ནས། ཡང་དེར་མེ་ཡོད་མེད་ཀྱང་ཐེ་ཚོམ་ཟ་བས། དིང་སང་འདི་ན་རིགས་པ་སྨྲ་བར་རློམ་པ་ཚིག་ཁོ་ནའི་རྗེས་སུ་འབྲངས་པས། དོན་ལ་བློ་མ་ཕྱོགས་པ་རྣམས་མགྲིན་གཅིག་ཏུ། དུ་བ་དེ་དུ་བ་དང་ལྡན་པའི་ལ་ལ། མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ་ཞེས་དང༌། དེས་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་དེ། ལ་ལ་དུ་བ་ཡོད་པར་ངེས་ནས་མེ་ཡོད་མེད་ཐེ་ཚོམ་ཟའོ། །ཞེས་ཟེར་བ་དག་ནི་ཚིག་ཁོ་ན་ལ་འཆེལ་བའི་གཏམ་དུ་སྣང་ཞིང༌། དེར་མ་ཟད་ཀྱི་ཕྱོགས་ཆོས་སུ་འགྱུར་བ་ལ། རྟགས་དེ་ཆོས་ཅན་གྱི་སྟེང་དུ་ཚད་མས་ངེས་པ་གཅིག་དགོས་མོད། ཆོས་ཅན་དེ་རྟགས་དེར་ངེས་ནས་བསྒྲུབ་བྱ་ལ་ཐེ་ཚོམ་དང་ལྡན་པ་གཅིག་དགོས་པར་འདོད་པ་འདི་ཡང༌། གཞུང་འགྲེལ་པ་དང་བཅས་པ་གང་གི་ཡང་དགོངས་པར་མི་རུང་ངོ༌། །གཉིས་པ་བདག་གཅིག་འབྲེལ་པ་ངེས་བྱེད་བཤད་པ་ལ་དངོས་དང༌། མཚན་གཞི་དཔེར་བརྗོད་པའོ། །དང་པོ་ནི། ཐོག་མར་རྟགས་ཆོས་གཉིས་ལྡོག་པ་ཐ་དད་དུ་ངེས་པར་བྱེད་དགོས་ཏེ། ཐ་དད་མེད་ན་ཇི་ལྟར་འགྲེལ། །ཞེས་འབྱུང་བ་ལྟར་རོ། །ལྡོག་པ་ཐ་དད་པའི་ཚུལ་ཡང༌། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་རྟེན་པ་ཅན། །དེ་ཕྱིར་གང་དང་གང་ལ་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དག་རབ་ཏུ་བྱེད། །དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་དང༌། ཀུན་ལ་ཉེས་མཚུངས་ཤེ་ན་མིན། །ལྡོག་པའི་ཁྱད་པར་ཡོད་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །འདིར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་སྒྲོ་འདོགས་པའི་རྒྱུ་མཚན་ནི། འཇམ་པའི་དབྱངས་ཀྱིས། སྒྲ་དང་རྟོག་པའི་འཇུག་ཚུལ་ལྟར། །གཅིག་ལའང་ལྡོག་པ་ཐ་དད་རུང༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལྡོག་པ་ཐ་དད་དུ་ངེས་པར་བྱས་ནས། དེའི་རྗེས་སུ་བདག་ཉིད་གཅིག་ཏུ་ངེས་པར་བྱ་དགོས་ཏེ། འདི་ལྟར་བྱས་མི་རྟག་ངོ་བོའམ་རང་བཞིན་ནམ། བདག་ཉིད་གཅིག་པ་ཉིད་ཡིན་ཏེ། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། དེ་སྐད་དུའང༌། རང་བཞིན་ལའང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་པ་ཡིན། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཞེས་སོ། །གཞན་ཡང༌། བྱས་མི་རྟག་ལྟ་བུ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་གང་ཞིག རྒྱུ་འབྲས་མ་ཡིན་པའི་ཕྱིར་ཞེས་པས་ཀྱང༌། རང་བཞིན་གཅིག་པར་ངེས་སོ། །དེ་སྐད་དུའང༌། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཡིན་པར་གྱུར་ན་དེ་གཞན་ཉིད། །ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །འབྲས་བུ་ན་ཡང་ག་ལ་ངེས། །ཞེས་གསུངས་ཤིང༌། གལ་ཏེ་ཐ་དད་གྲུབ་ཅེ་ན། །ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །ཅེས་རྫས་སུ་གྲུབ་ནས། རྫས་གཅིག་མིན་ན། རྫས་ཐ་དད་ཡིན་དགོས་ཤིང༌། རྫས་ཐ་དད་ཅིང༌། དེ་ལ་འབྲེལ་པ་མི་འཁྲུལ་ན་དེའི་འབྲས་བུས་ཁྱབ་པར་གསུངས་སོ། །རང་བཞིན་གཅིག་པའི་དོན་ཡང༌། འཇམ་དབྱངས་ཆོས་ཀྱི་རྗེས། དོན་ལ་གནས་པའི་དངོས་པོ་རྣམས། །གཅིག་ལ་དུ་མ་མི་སྲིད་ཅིང༌། །དུ་མ་གཅིག་ཏུ་གནས་མི་སྲིད། །གཅིག་ལ་གསལ་དང་མི་གསལ་མེད། །ཅེས་གསུངས། དེ་ལྟར་ན། རང་བཞིན་དང༌། ངོ་བོ་དང༌། བདག་ཉིད་ཅེས་པ་རྣམས་དོན་གྱིས་ཆོས་ཡིན་ལ། ལྡོག་པ་ཞེས་པ་བློ་རྟོག་པས་བཏགས་པའི་ཆོས་སོ། །གཉིས་པ་མཚན་གཞི་དཔེར་བརྗོད་པ་ལ། བྱས་མི་རྟག་གི་རྗེས་འགྲོ་ངེས་བྱེད་ལྟོས་མེད་ཀྱི་རྟགས་དང༌། ལྡོག་པ་ངེས་བྱེད་གནོད་པ་ཅན་གྱི་རྟགས་གཉིས་སོ། །དང་པོ་ནི། ཕྱིར་རྒོལ་གྱིས་བྱས་པར་ངེས་པའི་མཚན་གཞི་བུམ་པ་ལྟ་བུ་གཅིག་ཆོས་ཅན། གྲུབ་ཙམ་ནས་འཇིག་ངེས་སམ། སྐད་ཅིག་མའམ་མི་རྟག་པ་ཡིན་ཏེ། རང་འཇིག་བྱེད་ཀྱི་རྒྱུ་དོན་གཞན་ལ་མི་ལྟོས་པར་འཇིག་པའི་ཕྱིར། དཔེར་ན། བློ་བཞིན་ནོ་ཞེས་པའི་རྟགས་ལ་བརྟེན་ནས། དཔེ་བུམ་པའི་སྟེང་དུ་བྱས་མི་རྟག་གི་འབྲེལ་པ་ངེས་པར་བྱེད་པ་ཡིན་པའམ། ཡང་ན་བྱས་པ་ཙམ་ཆོས་ཅན་དུ་བཟུང་ནས་མི་རྟག་པ་ལ་རྗེས་སུ་འགྲོ་བར་སྒྲུབ་པ་ཡིན་ནོ། །དེ་ལྟར་དཔེའི་སྟེང་དུ་འབྲེལ་པ་ངེས་པའི་རྒོལ་བ་དེ་ལ་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་དྲན་ལམ་དུ་འཕེན་པར་བྱེད་པ་ཡིན་ཅིང༌། ཁྱབ་འབྲེལ་དྲན་ལམ་དུ་སྟོན་པ་འདིའི་སྔོན་རོལ་དུའང༌། རྟག་པ་བྱས་སྟོང་དུ་སྒྲུབ་པའི་གནོད་པ་ཅན་གྱི་གཏན་ཚིགས་སམ་གཏན་ཚིགས་བཀོད་པ་ལ་ལྟོས་མི་དགོས་པས་དེ་དེར་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་ཏེ། དཔེའི་སྟེང་དུ་རྗེས་འགྲོ་ངེས་བྱེད་བཤད་མ་ཐག་པ་དེ་ཙམ་ནི། ཤེས་བྱ་དང་མི་རྟག་པ་དང༌། ཤེས་བྱ་དང་རྟག་པ་ལའང་ཡོད་པའི་ཕྱིར། དེ་ཡང༌། ཤེས་བྱའི་ཁྱད་པར་བུམ་པ་ལྟ་བུ་མཚན་གཞིར་བཟུང་ནས་མི་རྟག་པར་སྒྲུབ་ནུས་ཤིང༌། ཤེས་བྱའི་རང་ལྡོག་ནས་ཀྱང་རྟག་པར་སྒྲུབ་ནུས་པའི་ཕྱིར། བུམ་སོགས་འཇིག་རྒྱུ་དོན་གཞན་གྱིས་མི་འཇིག་པར་སྒྲུབ་པ་ཡང༌། རྟགས་ཀྱིས་ཐོག་མར་ངེས་པར་བྱ་དགོས་ཏེ། ཇི་སྐད་དུ། དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །དེ་རྒྱུ་མང་པོ་ཡོད་ན་ཡང༌། །འགའ་ཞིག་ལ་ནི་མི་སྲིད་འགྱུར། །ཞེས་སོགས་དང༌། མེ་ལས་དོན་གཞན་གྱུར་པ་དག །སྐྱེ་ན་འཇིག་པ་མེད་པའི་ཕྱིར། །ཞེས་སོགས་དང༌། དངོས་པོའི་རྒྱུ་ལས་བྱུང་ཡིན་ན། །བརྒྱུད་པ་དུབ་པར་ཅི་ཞིག་བྱ། །ཞེས་སོགས་གསུངས་པའི་རིགས་པ་རྣམས་སོ། །གྲངས་ཅན་ལྟ་བུ་བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་རྩ་བའི་གྲུབ་མཐའ་ལ་འདོད་པ་ལ་ལྟོས་མེད་རྐྱང་པས་ཆོག་གོ །གཉིས་པ་གནོད་པ་ཅན་ནི། རྟག་པའི་རང་ལྡོག་ནས་སམ། རྟག་པའི་བྱེ་བྲག་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ཆོས་ཅན། བྱས་པས་སམ་དངོས་པོས་སྟོང་སྟེ། རིམ་དང་ཅིག་ཆར་གྱི་དོན་བྱེད་པས་སྟོང་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་དཔེ་ནམ་མཁའི་སྟེང་དུ་རྟག་པ་དང་དངོས་མེད་དམ། མ་བྱས་པའི་འབྲེལ་པ་ངེས་པའི་ཚད་མའམ། རྟག་པ་དངོས་པོའི་བྱས་པ་ལས་ལྡོག་པ་ངེས་པའི་ཚད་མ་དེ་སྐྱེ་བ་ཡིན་ལ། དེ་ལྟར་ངེས་པའི་རྒོལ་བ་དེའི་ངོར། གང་རྟག་ན་དངོས་མེད་དམ་མ་བྱས་པས་ཁྱབ། དཔེ་ན་ནམ་མཁའ་བཞིན་ཞེས་བཀོད་ནས། ལྡོག་ཁྱབ་དྲན་ལམ་དུ་འཕེན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཁྱབ་པ་སྔ་ཕྱི་གཉིས་དྲན་ལམ་དུ་འཕངས་ཟིན་པའི་དེ་མ་ཐག་ཏུ་བསྒྲུབ་བྱ་རྟོགས་པའི་ཚད་མ་རང་སྟོབས་ཀྱིས་སྐྱེ་བར་ངེས་སོ། །དེ་ཡང༌། བཤད་མ་ཐག་པའི་རྗེས་སུ་འགྲོ་ལྡོག་ངེས་པའི་བློ་གཉིས་པོས། དཔེའི་སྟེང་དུ་བྱས་མི་རྟག་དང༌། རྟག་པ་དང་བྱས་སྟོང་ངམ་དངོས་མེད་ཀྱི་འབྲེལ་པ་ངེས་པའམ། བྱས་པའི་རང་ལྡོག་ནས་མི་རྟག་པར་ངེས་པ་དང༌། རྟག་པའི་རང་ལྡོག་ནས་བྱས་སྟོང་ངམ་དངོས་མེད་དུ་ངེས་ཀྱི། བྱས་ན་མི་རྟག་པས་ཁྱབ་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་ངེས་པ་ཡིན་ནོ། །ཞེས་མཐའ་གཅིག་ཏུ་བརྗོད་པར་མི་ནུས་ཏེ། གཞན་དུ་ན་སླར་ཡང་སྒྲུབ་པའི་ངག་བཀོད་པ་དོན་མེད་པར་ཧ་ཅང་ཐལ་བའི་ཕྱིར་རོ། །སྒྲུབ་པའི་ངག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ལ། སྒྲུབ་པའི་ངག་གཉིས་པོ་གང་རུང་བཀོད་པ་ན། ཁྱབ་པ་གཉིས་ཀ་ངེས་པར་དྲན་ཅིང༌། དེ་ལས་རྟགས་ཅན་རྗེས་དཔག་དངོས་སུ་སྐྱེ་བ་ཡིན་པས། དེའི་ཕྱིར་ཁྱབ་པ་ནི་སྒྲུབ་ངག་ལ་བརྟེན་ནས་ངེས་པར་རྟོགས་དགོས་པ་ཡིན་ནོ། །དེ་ལས་གཞན་དུ་ན། སྒྲུབ་ངག་འགོད་པ་སྐབས་སུ་བབ་པའི་ཚེ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཏེ། གང་བྱས་པ་ལ་མི་རྟག་པས་ཁྱབ་པར་ངེས་ཤིང་སྒྲ་ཡང་བྱས་པར་ངེས་ནས། དེའི་དེ་མ་ཐག་པ་ཁོ་ནར་སྒྲ་མི་རྟག་པའོ་སྙམ་དུ་མི་ངེས་པ་ནི་གནག་རྫི་མོའི་བར་ལ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མིན་ན། སྒྲུབ་ངག་བཀོད་པས་ཀྱང་བསྒྲུབ་བྱ་རྟོགས་པར་མི་འགྱུར་ཏེ། དེ་ལ་ཡང༌། སྔ་མ་དེ་ལས་གཞན་པའི་བྱེད་ལས་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་བཤད་པ་ན། འབྲེལ་པ་དཔེ་ཙམ་གྱི་སྟེང་དུ་ངེས་པར་བྱས་ནས་དེའི་ངོར། ཕྱིས་ཁྱབ་པ་སྟོན་པ་ནི་རིགས་པ་མཁྱེན་པའི་དགོངས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་གཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་དང༌། གང་ལ་འགྱུར་ཞེས་བྱ་དེ་ལས། །གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང༌། དོན་གནས་ཚོད་ལ། གང་ལ་འབྲེལ་པ་གྲུབ་པའི་གཞི་ལ་ཁྱབ་པ་གྲུབ་མོད། རྒོལ་བའི་རྒྱུད་ལ་བསྒྲུབ་བྱའི་རྟོགས་པ་སྐྱེད་པར་བྱེད་པའི་དུས་སུ་ནི་དཔེ་བུམ་པ་ལྟ་བུའི་གཞི་གཅིག་གི་སྟེང་དུ་མི་རྟག་པ་མེད་ན་བྱས་པ་མི་འབྱུང་བར་ངེས་པ་ལ་འབྲེལ་པ་ངེས་པ་ཞེས་བྱ་ལ། བྱས་པ་མཐའ་དག་ལ་རྟག་པ་སྲིད་པའི་དོགས་པ་ཁེགས་པའི་ཚེ་ནི་ཁྱབ་པ་ངེས་པ་ཞེས་བྱ་བ་ཡིན་ཏེ། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ། ཞེས་གསུངས་པས་སོ། །འོ་ན་ཕྱོགས་ཆོས་ལའང༌། དེ་ལྟ་བུའི་རྣམ་དབྱེ་སོ་སོ་བ་ཡོད་དམ། ཞེ་ན། དེ་ལ་ནི་དེ་ལྟར་ཡོད་པ་མིན་ཏེ། ཕྱོགས་ཆོས་ཤེས་ཟིན་པ་ལ། ཕྱིས་སྒྲུབ་ངག་གི་ཚེ་བརྗོད་པ་ནི། ཁྱབ་པ་དང༌། སྡོམས་ནས་དྲན་པའི་ཆེད་ཡིན་ལ། དེའི་དགོས་པ་ཡང༌། དེ་མ་ཐག་རྗེས་དཔག་སྐྱེད་པའི་ཆེད་ཡིན་ནོ། །གནོད་པ་ཅན་གྱི་གཏན་ཚིགས་ཀྱི་ཕྱོགས་ཆོས་ནི། ལོ་ཙྪ་བ་ཆེན་པོས། མངོན་སུམ་གྱིས་འགྲུབ་པར་བཞེད་ལ། རིགས་གཏེར་ལས། ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་ཟེར། །དགག་བྱས་འཛིན་པ་སྐྱེ་མི་དགོས། །ལ་ལ་རྟོག་མྱོང་གཅིག་ཡིན་ནོ། །ལོག་རྟོག་ཉིད་ཀྱང་མི་སྲིད་འགྱུར། །དེས་ན་སྐད་ཅིག་གིས་སྟོང་ལ། །དོན་བྱེད་འགོག་པའི་རྟགས་ཀྱིས་འགྲུབ། །ཅེས་གང་འགྱུར་བ་མེད་ན་དོན་བྱེད་མི་ནུས་པས་ཁྱབ། ནམ་མཁའ་བཞིན། དབང་ཕྱུག་རྟག་པའང་འགྱུར་མེད་དུ་ཁྱེད་ཀྱིས་ཁས་བླངས་སོ། །ཞེས་པའི་རྟགས་ཀྱིས་སྒྲུབ་པར་གསུངས་སོ། །མདོར་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དྲན་ལམ་དུ་འཕེན་པའི་ཕྱིར་དུ་སྒྲུབ་པའི་ངག་འགོད་པ་ལའང༌། ལྟོས་མེད་ཀྱི་རྟགས་ཀྱིས་རྗེས་འགྲོའི་འབྲེལ་པ་གཏན་ལ་ཕེབས་པ་ཞིག་སྔོན་དུ་འགྲོ་དགོས་ཏེ། སྒྲུབ་པའི་ངག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་ན། རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་གཅིག་སྨྲས་པས་ཅིག་ཤོས་དོན་གྱིས་གོ་ནུས་པ་ཞིག་དགོས་པའི་ཕྱིར་ཏེ། དོན་གྱིས་གོ་བས་གཅིག་ཤོས་ལ། །ཞེས་གསུངས་པའི་ཕྱིར། དེ་ལྟར་རྣམ་པར་བཤད་པ་ན་གྲུབ་པའི་དོན་འདི་ལྟ་བུ་ཞིག་ཀྱང་སྣང་སྟེ། དིང་སང་འདི་ན་རྟག་པ་བཀག་ན་བྱས་པ་ཁེགས་པ་ལྟ་བུ། བརྟགས་པ་མཐའ་བཟུང་གི་སྒོ་ནས། མེད་ན་མི་འབྱུང་བའི་སྒྲུབ་བྱེད་ཙམ་ཞིག་ཉེ་བར་བཟུང་ནས། གཞལ་བྱ་སོགས་ཁྱབ་བྱེད་ཀྱི་ཆོས་རྣམས་རྟག་པ་དང་མི་རྟག་པ་དང༌། ཤེས་པ་སོགས་ཁྱབ་བྱའི་ཆོས་འགའ་ཞིག་ལ་འབྲེལ་ལོ་ཞེས་སྒྲོག་པ་འདི་དག་ཀྱང༌། རིགས་པ་མཁྱེན་པའི་དགོངས་པའི་ཕྱོགས་ཙམ་དུའང་མི་འོང་སྟེ། འདི་ལྟར་གཞལ་བྱ་ཆོས་ཅན། ཁྱོད་དང་མི་རྟག་པ་སོགས་ལ་མེད་ན་མི་འབྱུང་བ་ངེས་བྱེད་ཀྱི་ཚད་མ་ཡོད་པར་ཐལ། ཁྱོད་དེ་དག་ལ་འབྲེལ་བའི་ཕྱིར། ཁྱབ་སྟེ། མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྟོས་པ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། གཞལ་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པ་ལ་སོགས་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་མི་རྟག་པ་དང་རྟག་པ་སོགས་པ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར། དེ་ནི་མ་ངེས་པའི་གཏན་ཚིགས་ཡང་དག་གི་གཏན་ཚིགས་སུ་ཐལ་བའོ། །འགལ་བའི་གཏན་ཚིགས་ཡང་དག་ཏུ་ཐལ་བའང་བརྗོད་པར་བྱ་སྟེ། བྱས་པ་ཡིན་པ་དང་རྟག་པ་ཡིན་པ་གཉིས་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་ཡོད་པར་ཐལ། དེ་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པའི་ཕྱིར། ཁྱབ་སྟེ། ཇི་སྐད་དུ། རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །གཞན་དུ་གཞན་ནི་གཞན་དག་དང༌། །ངེས་པར་ཡོད་པའི་ངེས་པ་གང༌། །ཞེས་བདག་གཅིག་དང་དེ་བྱུང་གང་རུང་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་ན་འབྲེལ་པ་མི་འགྲུབ་པར་བཤད་པ་དང༌། འབྲེལ་པ་ཡོད་པ་ཡིན་ན་ཡང༌། །དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། །ཞེས་དང༌། འབྲེལ་པ་ཉིད་ནི་ངེས་པ་ཉིད། །མེད་ན་མི་འབྱུང་ཡིན་པར་བརྗོད། །ཅེས་དང༌། འདི་ལས་རྣམ་པར་བཟློག་པས་ཀྱང༌། །འཁྲུལ་པ་མེད་པ་ཡོད་མ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །རྩ་བར་འདོད་ན། བྱས་པས་སྒྲ་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་མ་ཡིན་པར་ཐལ་ལོ། །གཞན་ཡང༌། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་ཚད་མ་དང༌། བྱས་པ་རྟག་པ་ལ་རྗེས་འགྲོ་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་གཉིས་ཀ་ཡོད་པའི་ཕྱིར། གཞན་ཡང༌། རྟ་ཕྱུགས་གཉིས་ཀ་ཡོད་པའི་ས་ཕྱོགས་ཀྱི། རྟ་ཕྱུགས་གཉིས་ལའང་འབྲེལ་པ་གྲུབ་པར་འགྱུར་ཏེ། དེ་གཉིས་ཐ་དད་ནས། གཅིག་བཀག་ན་གཅིག་ཤོས་ཁེགས་པའི་ཕྱིར། འདོད་ན། དེ་ལྟ་མིན་ན་གཅིག་བཟློག་པས། །ཇི་ལྟར་གཞན་ནི་བཟློག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །ཞེས་པ་དང་ཇི་ལྟར་མི་འགལ། དེ་བཞིན་དུ་བུམ་པ་དང་འབྲེལ་མེད་རྫས་གཞན་དུ་གྱུར་པའི་ཀ་བ་ཡང༌། བུམ་པ་དང་འབྲེལ་པར་ཁས་ལེན་དགོས་པ་སོགས། རིགས་པ་མཁྱེན་པའི་ལེགས་པར་བཤད་པ་ལས་ཕྱིར་རོལ་དུ་གྱུར་པ་མཐའ་དག་ཁས་བླངས་ནས། ད་དུང་རྣམ་འགྲེལ་མཛད་པའི་རྗེས་སུ་འཇུག་པར་རློམ་པ་དེ་དག་གི་སྙིང་ལ་ཅི་ཞིག་ཞུགས་སྙམ་དུ་སེམས་སོ། །དེ་ལྟར་ཤེས་པ་ན་གྲུབ་པའི་དོན་གཉིས་པ་ཞིག་ཀྱང་ཡོད་དེ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ལས་གང་རུང་གཅིག་ལ་ཡོད་པར་གྲུབ་པས་ཅིག་ཤོས་ལ་མེད་པར་དོན་གྱིས་འགྲུབ་པར་གཞུང་གི་ཆ་དུ་མར་གསུངས་པ་དེ་ཡང་རྟགས་ཆོས་དང༌། རྟགས་ལོག་དང༌། ཆོས་ལོག་གི་འབྲེལ་པ་ཤེས་པའི་དབང་དུ་བྱས་པ་ཡིན་གྱི། འབྲེལ་པ་མི་ཤེས་པ་ལ་དེ་ལྟ་མ་ཡིན་ཏེ། རྟག་པ་བྱས་སྟོང་དུ་ངེས་ཙམ་གྱིས་བྱས་པ་མི་རྟག་པ་ལ་རྗེས་སུ་འགྲོ་བར་ངེས་པའི་ཁྱབ་པ་མི་སྣང་བའི་ཕྱིར་ཏེ། བུམ་པ་མིན་པ་བྱས་སྟོང་དུ་ངེས་པ་ཙམ་གྱིས། བྱས་པ་བུམ་པ་ལ་རྗེས་སུ་འགྲོ་བར་ངེས་པ་མེད་པའི་ཕྱིར་དེ་ལ་དགོངས་ནས། སློབ་དཔོན་ཆོས་མཆོག་གིས། གནོད་པ་ཅན་གྱི་རྟགས་ཀྱི་ལམ་སྦྱོང་དུ་ལྟོས་མེད་ཀྱི་གཏན་ཚིགས་འགོད་དགོས་པར་གསུངས་པ་དང༌། རིགས་གཏེར་ལས་ཀྱང༌། དེས་ན་ལོག་རྟོག་རྣམ་གཉིས་ཀྱི། །གཉེན་པོར་གཏན་ཚིགས་རྣམ་གཉིས་གསུངས། །ཞེས་གཏན་ཚིགས་གཉིས་པོ་དེ་ལ་དགོས་པ་ཐ་དད་དུ་གསུངས་པའི་ཕྱིར་རོ། །གཞན་དུ་ན་འབྲེལ་པ་ངེས་བྱེད་ཀྱི་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་ལྡོག་གཉིས་གཉིས་ངེས་པ་ཁོ་ནར་དགོས་པ་ཉིད་དུ་གསུངས་པ་རྣམས་ལ་དགོས་པ་མེད་པར་འགྱུར་རོ། །དེའི་ཕྱིར་བྱས་མི་རྟག་ལྟ་བུའི་འབྲེལ་པ་གཅིག་ངེས་པར་བྱེད་པ་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་དགོས་ལ། དེ་གཉིས་པོ་ངེས་ཟིན་པའི་འོག་ཏུ་རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་གཅིག་སྨྲས་པས་གཅིག་ཤོས་དེ་ཡང་བློ་ཡུལ་དུ་ངེས་པར་ནུས་ཤིང༌། དེ་ལ་བརྟེན་ནས་འབྲེལ་པ་ཡོངས་སུ་རྫོགས་པར་ངེས་ནུས་པ་ཡིན་ནོ། །དེ་ལྟར་རང་གི་ལུགས་རྣམ་པར་བཞག་ནས། ད་ནི་གཞན་གྱི་འདོད་པ་སུན་ཕྱུང་བར་བྱ་སྟེ། ཆོས་ཀྱི་སྤྱན་ལྡན་ལོ་ཙྪ་བ་ཆེན་པོ་ནི། རྒྱུ་མ་དམིགས་པའི་རྟགས་ཀྱིས་འབྲས་རྟགས་ཀྱི་འབྲེལ་པ་ངེས་པར་བྱེད་དགོས་པ་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱིས་རང་བཞིན་རྟགས་ཀྱི་འབྲེལ་པ་ངེས་པར་བྱེད་དོ་ཞེས་གསུངས་མོད། དེ་ལྟ་ན། གཉིས་པོ་དེའི་འབྲེལ་པ་ངེས་པའང་འབྲས་བུའི་རྟགས་དང༌། རང་བཞིན་གྱི་རྟགས་གཉིས་ཀྱིས་ངེས་དགོས་པར་མཚུངས་ལ་དེ་ལྟ་ན་རྟོག་པ་ཕན་ཚུན་བརྟེན་པའི་ཉེས་པ་བཟློག་ཏུ་མེད་ཅིང༌། མེ་དུའི་འབྲེལ་པ་དང༌། ཤ་བ་ཤིང་གི་འབྲེལ་པ་ལྟ་བུ་ངེས་པ་ན། འབྲས་རྟགས་ཡང་དག་དང༌། རྒྱུ་མ་དམིགས་པ་དང༌། རང་བཞིན་གྱི་རྟགས་དང༌། ཁྱབ་བྱེད་མ་དམིགས་པ་བདེ་བླག་ཏུ་འགྲུབ་པ་རིགས་པ་མཁྱེན་པའི་དགོངས་པར་སྣང་གི ཐོག་མར་འབྲས་རང་ལ་སོགས་པའི་གཏན་ཚིགས་རྣམས་ངེས་པར་བྱས་ནས། ཕྱིས་འབྲེལ་པ་ངེས་པར་བྱེད་དགོས་པ་ནི། རིགས་པ་མཁྱེན་པའི་དགོངས་པར་ཤིན་ཏུ་ཡང་མི་རུང་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། དེ་ཉིད་ཀྱིས་ཕྱིར་འབྲེལ་ཤེས་ན། །ཞེས་དང༌། དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །ཞེས་སྦྲེལ་བར་གསུངས་པ་དང༌། དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཁྱབ་བྱ་ལྡོག་པའི་གོ་བྱེད་འདོད། །གལ་ཏེ་རང་གི་ལྡོག་པ་ནི། །རྣམ་འགར་ཡོངས་སུ་བཅད་ན་འོ། །ཞེས་འབྱུང་བའི་ཕྱིར་རོ། །ཡང་དར་ཊཱིཀ་མཛད་པ། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང༌། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་པའི་ཚད་མ་དང༌། ཕྱོགས་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དང་གསུམ་གྱི་བྱེད་པས་རྗེས་འགྲོ་ངེས་པར་བྱེད་དོ་ཞེས་གསུང་ཞིང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་ལྟ་བུ་ངེས་པའི་སྔོན་རོལ་དུ། བྱས་ན་མི་རྟག་པས་ཁྱབ་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་ལྟ་བུའི་འབྲེལ་པའི་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ་ཞེས་གསུང་ངོ༌། །འདི་ནི་རིགས་པར་མ་མཐོང་སྟེ། དེ་ལྟ་ན། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང༌། ཕྱོགས་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དང༌། རྟགས་མཐུན་ཕྱོགས་ལ་ཡོད་པར་ངེས་པའི་ཚད་མ་དང་གསུམ་གྱིས་ལྡོག་པ་ངེས་དགོས་པར་ཁས་ལེན་དགོས་པར་མཚུངས་ལ། དེ་ལྟ་ན་ནི། རྗེས་སུ་འགྲོ་ལྡོག་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་འགྱུར་ཏེ། རྗེས་འགྲོ་མ་ངེས་པར་ལྡོག་པ་ངེས་པ་མི་སྲིད། ལྡོག་པ་མ་ངེས་པར་ནི་རྗེས་འགྲོ་ངེས་པ་མི་སྲིད་པའི་ཕྱིར་ཏེ། རྗེས་འགྲོ་ངེས་པ་ལྡོག་པ་ལ་རག ལྡོག་པ་ངེས་པའང་རྗེས་འགྲོ་ངེས་པ་ལ་རག་པའི་ཕྱིར་ཏེ། རྗེས་འགྲོ་ངེས་པ་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་ལ་རག ལྡོག་པ་ངེས་པ་རྟགས་མཐུན་ཕྱོགས་ལ་ཡོད་པར་ངེས་པ་ལ་རག་པའི་ཕྱིར། དེར་མ་ཟད། རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ་གཉིས་ཀྱི་སྤུ་རིས་འབྱེད་ལུགས་ཀྱང་ལོག་པ་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་ཚད་མས་རྗེས་འགྲོ་ངེས་པ་དང༌། རྟགས་མཐུན་ཕྱོགས་ལ་ཡོད་པར་སྒྲུབ་པའི་ཚད་མས་ལྡོག་པ་ངེས་དགོས་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང༌། གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་ཚད་མས་རྗེས་འགྲོའི་ཚུལ་ངེས་པར་བྱེད་དགོས་སོ་ཞེས་ཟེར་བ་ནི། སྡེ་བདུན་གྱི་དགོངས་པ་ལས་ཕྱི་རོལ་དུ་གྱུར་པར་ངེས་སོ། །གང་ཡང༌། ལྡོག་པ་ངེས་བྱེད་ཀྱི་ཚད་མ་དེ་ལྟར་དུ་ཁས་ལེན་ན་ནི། གཞལ་བྱས་སྒྲ་རྟག་པར་སྒྲུབ་པའི་ལྡོག་པའི་ཚུལ་དང༌། མི་རྟག་པར་སྒྲུབ་པའི་ལྡོག་པའི་ཚུལ་ཚད་མས་གྲུབ་པར་འགྱུར་ཏེ། དེ་དག་ལའང༌། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང༌། ཕྱོགས་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དང༌། རྟགས་མཐུན་ཕྱོགས་ལ་ཡོད་པར་ངེས་པའི་ཚད་མ་གསུམ་པོ་ཚང་བར་ཁས་ལེན་དགོས་པའི་ཕྱིར། ཅི་སྟེ། འདི་སྙམ་དུ། ཉེས་པ་དེ་ཡོད་པའི་ཕྱིར། རྗེས་འགྲོ་ངེས་བྱེད་ཀྱི་ཚད་མ་ལ་ཕྲུགས་གསུམ་པོ་དེ་ཁས་ལེན་པར་བྱེད་ཀྱི། ལྡོག་པ་ངེས་བྱེད་ཁྱེད་ཅག་གིས་ནན་གྱིས་ཕུལ་བ་དེ་ཁོ་བོ་ཅག་ཁས་ལེན་པར་མི་བྱེད་དོ་སྙམ་ན། ཚད་མ་སྔ་མ་གཉིས་དང༌། གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་ཚད་མ་དང་གསུམ་གྱིས་རྗེས་འགྲོ་ངེས་པར་བྱེད་ནུས་ན། ཚད་མ་སྔ་མ་གཉིས་དང༌། ལྟོས་མེད་ཀྱི་རྟགས་ལ་བརྟེན་པའི་ཚད་མ་དང་གསུམ་གྱིས་ཅིའི་ཕྱིར་ལྡོག་པ་ངེས་པར་བྱེད་མི་ནུས་པའི་རྒྱུ་མཚན་ཕྱིན་ཅི་མ་ལོག་པ་རིག་པའི་ལུང་དང་སྦྱར་བ་ཞིག་ཁྱེད་ཀྱིས་སྟོན་དགོས་སོ། །གཞན་ཡང༌། རྗེས་འགྲོ་ངེས་པའི་སྔོན་དུ་ལྡོག་པ་ངེས་པ་སྔོན་དུ་འགྲོ་དགོས་པར་འགྱུར་ལ། འདོད་ན། ལྡོག་པ་ངེས་བྱེད་ལས་ལོགས་སུ་ལྟོས་མེད་ཀྱི་རྟགས་སོགས་རྗེས་འགྲོ་ངེས་བྱེད་ཀྱི་རིགས་པ་དང༌། དེ་ལ་བརྟེན་པའི་ཚད་མ་རྣམས་གསུངས་པ་དོན་མེད་པ་ཁོ་ནར་འགྱུར་ཏེ། རྗེས་འགྲོ་ངེས་པའི་སྔོན་དུ་ལྡོག་པ་ངེས་པ་འགྲོ་དགོས་ཤིང༌། ལྡོག་པ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་རྗེས་འགྲོ་ངེས་བྱེད་ཀྱི་ཚད་མ་ཡིན་གྱི་དེ་ལས་གཞན་པའི་རྗེས་འགྲོ་ངེས་བྱེད་ཁྱེད་ལ་བཤད་རྒྱུ་མེད་པའི་ཕྱིར། དེ་ལྟ་ན། ཚད་མ་སྔ་མ་དེ་ཉིད་མེད་པར་ལྟོས་མེད་ཀྱི་རྟགས་ཀྱིས་བྱས་མི་རྟག་གི་རྗེས་འགྲོ་ངེས་མི་ནུས་པ་དང༌། གནོད་པ་ཅན་གྱི་ཚད་མ་ཙམ་གྱིས་ལྡོག་པ་ངེས་མི་ནུས་སོ་ཞེས་སྨྲ་བ་འདི་ནི་ཤིན་ཏུ་མཛེས་པ་མིན་ཅིང༌། འདི་སྐད་འདོན་པ་འདི་ཡང༌། ལྡོག་པ་ངེས་པ་ན་རྗེས་འགྲོ་ངེས་པ་དང༌། དེ་ངེས་པ་ན་ཅིག་ཤོས་ངེས་དགོས་སྙམ་པའི་ལོག་པར་བསམ་པ་དག་གིས་བསླད་པ་ཡིན་པས། འདིའི་ཚུལ་ཡང་ཞར་ལ་བཤད་པར་བྱ་སྟེ། བྱས་མི་རྟག་གི་འབྲེལ་པ་གཏན་ནས་མི་ཤེས་པ་ལ། དང་པོར་ལྟོས་མེད་ཀྱི་རྟགས་ཀྱིས་བྱས་པ་མི་རྟག་པ་ལ་རྗེས་སུ་འགྲོ་བ་ཉིད་དུ་སྒྲུབ་པར་བྱེད་ཅིང༌། དེའི་འོག་ཏུ། གནོད་པ་ཅན་གྱི་ཚད་མས་བྱས་པ་རྟག་སྟོང་དུ་ངེས་པར་བྱེད་དེ། དེ་གཉིས་ལ་བྱས་མི་རྟག་གི་རྗེས་སུ་འགྲོ་ལྡོག་ངེས་པ་ཞེས་བྱ། དེ་གཉིས་ཀྱི་བྱེད་པས། བྱས་མི་རྟག་གཉིས་ཕན་ཚུན་མི་འཁྲུལ་བར་ངེས་པར་བྱེད། དེའི་ཚེ་ན་འབྲེལ་པ་ངེས་པ་ཞེས་བྱ། དེ་ལྟར་འབྲེལ་པ་ངེས་པའི་འོག་རོལ་དུ། རྗེས་སུ་འགྲོ་ལྡོག་གང་རུང་གཅིག་སྨྲས་པས་གཅིག་ཤོས་དོན་གྱིས་གོ་བ་ཡིན་གྱི། དེ་ལྟ་མིན་པར་ནི་རྗེས་འགྲོ་ངེས་པའི་ཚེ་ལྡོག་པའང་ངེས་ན། རིགས་པ་མཁྱེན་པས། འབྲེལ་པ་ངེས་བྱེད་དུ་རྗེས་སུ་འགྲོ་ལྡོག་གཉིས་ངེས་པ་ཁོ་ནར་གསུངས་པ་རྣམས་ཇི་ལྟར་དྲང་བརྟག་དགོས། དེ་ལྟར་ན་འབྲེལ་བའི་སྔ་རོལ་དུ་རྗེས་སུ་འགྲོ་ལྡོག་ངེས་པའི་བློ་སྔ་མ་ནི། རྗེས་སུ་འགྲོ་ལྡོག་ཙམ་ངེས་པའི་བློ་ཞེས་བྱ་ལ། འབྲེལ་པ་ངེས་པའི་འོག་རོལ་གྱི་འགྲོ་ལྡོག་གཉིས་ངེས་པའི་ཡུལ་ཅན་གྱི་བློ་ལ་ནི། འགྲོ་ལྡོག་ཁྱད་པར་ཅན་ངེས་པའི་བློ་ཞེས་བྱ་ཞིང༌། དུས་དེར་རྗེས་སུ་འགྲོ་ལྡོག་གི་ཚུལ་དུ་འཇོག་པ་ཡིན་ནོ། །ཚུལ་འདི་ལ་འགྲོ་ལྡོག་ཁྱད་པར་ཅན་ཞེས་བྱ་སྟེ། འབྲེལ་པ་ངེས་པའི་སྔོན་རོལ་གྱི་རྗེས་འགྲོ་ལས་ནི། མཐུན་ཕྱོགས་ལ་ཡོད་པ་ཙམ་དུ་གྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ངེས་པར་མི་འགྲུབ་ལ། འབྲེལ་པ་ངེས་པའི་འོག་གི་རྗེས་འགྲོ་ལས་ནི། མི་མཐུན་ཕྱོགས་ལ་བཀག་པའང་ངེས་པས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན། རྟགས་ཀྱི་ཚུལ་གསུམ་དུ་གྲངས་ངེས་པར་གསུངས་པ་དང༌། རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་གཅིག་བརྗོད་པས། གཅིག་ཤོས་དོན་གྱིས་གོ་བར་གསུངས་པའང་མི་འགལ་བར་གྲུབ་སྟེ། རྒོལ་བས་འབྲེལ་པ་ངེས་པར་བྱེད་པ་ལ་རྗེས་སུ་འགྲོ་ལྡོག་གཉིས་ངེས་པར་ཚང་དགོས་ཤིང༌། གཉིས་པོ་གཏན་ལ་ཕེབས་པ་ན་འབྲེལ་པ་ངེས་ཟིན་པ་ལ་རྗེས་སུ་འགྲོ་ལྡོག་གཉིས་ལས། གཅིག་བརྗོད་པས་གཅིག་ཤོས་དྲན་པར་ནུས་པའི་ཕྱིར་རོ། །དེའི་ཕྱིར་འབྲེལ་པ་ངེས་པ་ལ་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དགོས་སུ་ཆུག་ཀྱང༌། ཕྱོགས་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དོན་མེད་དོ། །གཞན་ཡང༌། ཁྱེད་ཀྱིས་བཤད་པའི་ཚད་མ་གཉིས་དང༌། ལྟོས་མེད་ཀྱི་རྟགས་དང་གསུམ་སྡོམས་པའི་བྱེད་པས། རྗེས་སུ་འགྲོ་ལྡོག་གང་རུང་རེ་རེ་ཡང་ངེས་པར་མི་ནུས་སོ་ཞེས་པ་འདི་ཡང་ཁྱེད་ཀྱིས་ངེས་པར་ཁས་བླངས་པས། ལྟོས་མེད་ཀྱི་རྟགས་ཀྱིས་འབྲེལ་པའི་ཆ་ཤས་ཅི་ཞིག་ངེས་པར་བྱེད་པ་དེ་ཁྱེད་ཀྱིས་སྟོན་དགོས་སོ། །གང་ཡང་རྗེས་སུ་འགྲོ་ལྡོག་ངེས་པའི་སྔོན་དུ་འབྲེལ་པའི་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་ཞེས་པ་འདི་ཡང་ངན་པའི་རྟོག་པས་བཏགས་པ་ཁོ་ནར་སྣང་སྟེ། རྗེས་སུ་འགྲོ་ལྡོག་ཉིད་འབྲེལ་པའི་དོན་ལྡོག་ཡིན་གྱི། དེའི་སྔོན་དུ་འབྲེལ་པའི་དོན་ལྡོག་གཞན་ཞིག་བཙལ་དགོས་ན་ཐུག་པ་མེད་པའི་ཕྱིར་དང༌། བྱས་ན་མི་རྟག་པས་ཁྱབ་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་ངེས་ཟིན་ནས། དེའི་འོག་ཏུ་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་འབྲེལ་པ་ཅི་ཡང་ངེས་པར་བྱར་རྒྱུ་མེད་པའི་ཕྱིར་རོ། །གང་ཡང་སྒྲུབ་ངག་གིས་ཚུལ་གསུམ་དྲན་མ་ཐག་རྟགས་ཅན་རྗེས་དཔག་སྐྱེ་བར་འདོད་པ་དང༌། སྒྲ་བྱས་པ་དང༌། བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་ནས་སླར་ཡང་བྱས་མི་རྟག་གི་འབྲེལ་པ་ངེས་པར་བྱེད་དགོས་སོ་ཞེས་ཟེར་བ་ནི། ཁོ་བོ་ལ་དོན་ལ་དཔྱོད་པའི་རྣམ་དཔྱོད་ལྟ་ཞོག་ཐ་མལ་གྱི་ཤེས་པའང་རང་བཞིན་དུ་མི་གནས་སོ་ཞེས་སྟོན་པ་ཡིན་ནོ། །རྒྱུ་མཚན་དེས་ན། རྗེས་སུ་འགྲོ་ལྡོག་གཉིས་ཀྱིས་འབྲེལ་པ་ངེས་པར་བྱེད་ཅིང༌། འབྲེལ་པ་ངེས་ནས་གང་འབྲེལ་པ་ངེས་པའི་གཞི་དཔེར་བྱས་ནས། ཁྱབ་པ་སྟོན་པར་བྱེད་ཅིང༌། ཁྱབ་པ་དང་ཕྱོགས་ཆོས་སྡོམས་ནས་དྲན་པའི་དེ་མ་ཐག་ཏུ་རྟགས་ཅན་རྗེས་དཔག་སྐྱེ་བར་འགྱུར་བ་ཡིན་ནོ། །ཇི་སྐད་དུ་ཚད་མའི་མདོར། གཏན་ཚིགས་སྒྲུབ་བྱའི་རྗེས་འགྲོ་བ། །བསྒྲུབ་བྱ་མེད་ན་མེད་པ་ཉིད། །ཆོས་མཐུན་གཅིག་ཤོས་དང་བཅས་པ། །དཔེ་ལ་རབ་ཏུ་བསྟན་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་བྱས་ན་མི་རྟག་པས་ཁྱབ་པ་དང༌། དེའི་ལྡོག་ཁྱབ་ཚད་མས་ངེས་ནས། ད་དུང་བྱས་མི་རྟག་འབྲེལ་པ་རྟགས་ཀྱིས་སྒྲུབ་དགོས་པར་འདོད་པ་ནི། བཞད་གད་ལས་ཀྱང་ཆེས་བཞད་གད་ཀྱི་གནས་ཏེ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་བ་མེད་པའི་ཕྱིར། །དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱི་དོན་ལས་ཕྱིན་ཅི་ལོག་པར་སྣང་བའི་ཕྱིར་རོ། །དེ་ལྟར་བཤད་པའི་གྲུབ་དོན་དང་པོ་ནི། གང་བྱས་ན་མི་རྟག་པས་ཁྱབ་ཞེས་སོགས་ཀྱི་རྟགས་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེས། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་དང༌། བྱས་མི་རྟག་གི་འབྲེལ་པ་ཤེས་པ་ཡིན་གྱི། བྱས་ན་མི་རྟག་པས་ཁྱབ་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་ནི་ངེས་པ་མ་ཡིན་ཏེ། དེ་ལྟ་ན། ཕྱོགས་ཆོས་ནི་སྔར་ནས་ངེས་ཟིན་པས་སྒྲུབ་པའི་ངག་འགོད་པ་དོན་མེད་པའི་ཕྱིར་རོ། །དེས་ན་དིང་སང་མགྲིན་གཅིག་ཏུ་དེ་སྐོར་གྱི་ཕྱིར་རྒོལ་བས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་སོ་ཞེས་རྣམ་དབྱེ་མེད་པར་སྨྲ་བ་འདི་དག་འཁྲུལ་པ་འབའ་ཞིག་ལ་ལོངས་སྤྱོད་པར་གྲུབ་བོ། །ད་ནི་གྲུབ་དོན་གཉིས་པ་ཞིག་ཀྱང་བརྗོད་པར་བྱ་སྟེ། སྔར་བཤད་པའི་རྒྱུ་མཚན་དེས་ན་དིང་སང་འདི་ན་བློ་ངན་གྱི་སྐྱེ་བོ་རྣམས་མགྲིན་གཅིག་ཏུ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་རྗེས་འགྲོ་དང༌། ལྡོག་པ་གྲུབ་པའི་སྒྲུབ་བྱེད་དུ། བྱས་པ་མི་རྟག་པ་ལ་འབྲེལ་ཞེས་འགོད་ཅིང༌། དེའི་སྒྲུབ་བྱེད་དུ། ཐ་དད་བཀག་ན་ཁེགས་པ་ཞེས་འགོད་པ་འདི་ཡང༌། སྡེ་བདུན་མཛད་པའི་ལུགས་བཟང་ཉམས་པར་བྱེད་པའི་ལུགས་ངན་འབའ་ཞིག་ཡིན་ཏེ། འབྲེལ་པ་གྲུབ་པའི་སྒྲུབ་བྱེད་དུ་རྗེས་སུ་འགྲོ་ལྡོག་གཉིས་སྒྲུབ་པ་རིགས་པ་མཁྱེན་པའི་དགོངས་པ་ཡིན་པ་ལ། རྗེས་སུ་འགྲོ་ལྡོག་གི་སྒྲུབ་བྱེད་དུ་འབྲེལ་པ་ངེས་པ་འགོད་པ་ནི་མི་མཁས་པ་ལས་ཀྱང་ཆེས་མི་མཁས་པའི་ཕྱིར་དང༌། བརྟགས་པ་མཐར་བཟུང་བ་མ་ཡིན་པར་ཞེ་འདོད་ཀྱིས་བཀག་ན་ཁེགས་པ་དེ་ཉིད་ཀྱང་རྗེས་སུ་འགྲོ་ལྡོག་གཉིས་ཀྱིས་སྒྲུབ་དགོས་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས་གཞུང་འགྲེལ་གང་དུ་ཚུལ་གཉིས་ཀྱི་མཚན་ཉིད་དམ། སྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ན། འབྲེལ་པ་ཞེས་གསུང་བ་གཅིག་ཀྱང་མེད་དོ། །དེ་ལྟ་ན། དེ་རིང་ཕྱིན་ཆད་ཤེས་ལྡན་དག་གིས་ཚུལ་གཉིས་ཀྱི་མཚན་ཉིད་ཀྱི་ཟུང་དུ་འབྲེལ་བ་ཞེས་སྦྱར་བར་མི་བྱའོ། །ད་ནི་ཞར་ལ་གྲུབ་པའི་དོན་གསུམ་པ་ཞིག་ཀྱང་བརྗོད་པར་བྱ་སྟེ། དུས་འདིར་རིགས་པ་སྨྲ་བར་ཁས་འཆེ་བ་ཚིག་ཁོ་ནའི་རྗེས་སུ་འཆེལ་བ་དག་མཐུན་པར། ཕྱོགས་ཆོས་ཀྱི་མཚན་ཉིད་དང༌། སྒྲུབ་བྱེད་ཀྱི་ཟུར་དུ་ཤེས་འདོད་ཆོས་ཅན་དེ། རྟགས་སུ་གཟུང་བྱ་དེ་ཡིན་པར་ངེས་ནས་བསྒྲུབ་བྱའི་ཆོས་དེ་ཡིན་མིན་ཐེ་ཚོམ་ཟ་བ་ཞིག་དགོས་པར་འདོད་པ་འདི་ཡང་མི་འཐད་པར་གྲུབ་སྟེ། ཁྱེད་ཅག་གི་ཕྱོགས་ལ་ཁས་བླངས་འགལ་བ་དང༌། ཕྱོགས་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྒྲུབ་བྱེད་ཚད་མ་མཐོང་བའི་ཕྱིར། དང་པོ་ནི། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་ངེས་ཤིང༌། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སྒྲ་བྱས་པར་ངེས་ནས་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་ཐེ་ཚོམ་རྒྱུན་ལྡན་མི་སྲིད་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་སྒྲ་བྱས་པར་ངེས་པའི་ངེས་ཤེས་དེ་ཡིན་ན། སྒྲ་མི་རྟག་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པས་ཁྱབ་པའི་ཕྱིར། རྟགས་ཁས་བླངས་སོ། །གཞན་ཡང༌། ཕྱིར་རྒོལ་བའི་རྒྱུད་ཀྱི་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་ཤིང༌། སྒྲ་བྱས་པར་ངེས་པའི་ཚད་མ་དེ་ཆོས་ཅན། སྒྲ་མི་རྟག་པ་ལ་ཐེ་ཚོམ་འདྲེན་བྱེད་མིན་པར་ཐལ། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་དེ་མ་ཐག་ཏུ་འདྲེན་ནུས་ཡིན་པའི་ཕྱིར་ཏེ། རྒོལ་བ་ཇི་ལྟར་བླུན་ན་ཡང༌། སྒྲ་བྱས་པར་ཚད་མས་ངེས་པར་བྱས་པ་ཐམས་ཅད་མི་རྟག་པར་ཚད་མས་ངེས་ནས་དེ་མ་ཐག་ཏུ་སྒྲ་འདི་ཡང་མི་རྟག་པའོ་སྙམ་དུ་ངེས་ནུས་པའི་ཕྱིར་ཏེ། གཞན་དུ་ཚུལ་གསུམ་དྲན་པའི་དྲན་ཤེས་ཀྱིས་རྗེས་དཔག་ཇི་ལྟར་སྐྱེད་སོམས་ཤིག ཕྱོགས་གཉིས་ཀ་ལ་སྒྲུབ་བྱེད་ཚད་མ་མཐོང་བ་ནི། རང་དོན་སྐབས་ཀྱི་རྟགས་ཡང་དག་ཕལ་ཆེ་བ་ལ། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་ངེས་པའི་དེ་མ་ཐག་ཁོ་ནར་བསྒྲུབ་བྱ་རྟོགས་པའི་ཡང་དག་ཤེས་པ་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་དག་གིས་ཆོས་ཅན་གྱི་སྟེང་དུ་རྟགས་ངེས་ནས། སླར་ཡང་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེ་བའི་གནས་ག་ལ་ཡོད། དེ་ཡང་འདི་ལྟར། བྱས་མི་རྟག་གི་ཁྱབ་འབྲེལ་ཤེས་ཤིང་མ་བརྗོད་པ་ཞིག་གིས། སྒྲ་བྱས་པར་ངེས་པའི་དེ་མ་ཐག་ཏུ་སྒྲ་མི་རྟག་པར་ངེས་མི་ནུས་པར། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བར་བྱེད་ན། ཕྱིས་རིག་པ་གང་གིས་སྒྲ་མི་རྟག་པ་ངེས་པར་བྱེད། དེ་ཁོ་ནར་མ་ཟད། བླུན་པོ་གནག་རྫི་མོས་ཀྱང༌། ཐོག་མར་ཁྱིམ་དེར་མེ་ཡོད་དམ་མེད་ཅེས་ཐེ་ཚོམ་དུ་གྱུར་པ་ལས། དེ་ནས་དེར་དུ་བ་མཐོང་བའི་མོད་ཁོ་ན་ལ་དེར་མེ་ཡོད་པར་ངེས་པ་ཡིན་གྱི། དེར་དུ་བ་ཡོད་པར་ངེས་ནས་དེར་མེ་ཡོད་དམ་མེད་ཅེས་ཐེ་ཚོམ་སྐྱེ་བའི་གོ་སྐབས་མེད་དོ། །དེ་བཞིན་དུ། གཞི་འགར་ཆུ་སྐྱར་ཁྱད་པར་ཅན་གྱི་ལུས་མཐོང་མ་ཐག་དེར་ཆུ་ཡོད་པར་ངེས་པ་ཡིན་གྱི། སླར་ཡང་ཐེ་ཚོམ་དུ་འགྱུར་ན། ཐེ་ཚོམ་དེ་རྟགས་གང་གིས་སེལ་བར་བྱེད། དེས་ན་ཕྱོགས་ཆོས་སུ་འགྱུར་བ་ལ་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཐེ་ཚོམ་ཞུགས་ནས་དེའི་རྗེས་སུ་ཆོས་ཅན་གྱི་སྟེང་དུ་རྟགས་དེ་ཚད་མས་མཐོང་བ་ཞིག་དགོས་པ་ཡིན་གྱི། ཆོས་ཅན་གྱི་སྟེང་དུ་རྟགས་ངེས་ནས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་དགོས་པ་ག་ལ་ཡིན། དེས་ན་ཚིག་ཙམ་ཡང་སྒྲིག་ལེགས་པོར་མི་ཤེས་ན། དོན་བཟང་པོ་ལྟ་ཅི་འཚལ་བའི་བླུན་པོ་དག་གིས་ཆོས་ལྟར་བཅོས་པའི་གླེགས་བམ་གྱི་ཚོགས་ཆེན་པོ་སྐྲུན་པ་དག་མཐོང་ནས། བློ་གྲོས་གཞོན་ནུ་མ་དག་ཀྱང༌། དེ་དག་ལ་ཉན་པ་དང༌། བཤད་པ་དང་བསམ་པ་ཁོ་ནས་དུས་འདས་ཏེ། དིང་སང་རིགས་པའི་གཞུང་ལུགས་དགོངས་འགྲེལ་དང་བཅས་པ་ནི་བྱེད་ལས་ཆུང་ངུར་གནས་སོ། །དོན་འདི་ལ་བློ་གྲོས་དང་ལྡན་པ་དག་གིས་ལེགས་པར་བསམས་ཏེ། གཞུང་ལུགས་དྲི་མ་མེད་པ་ཁོ་ན་ལ་ཉན་པ་དང་བཤད་པར་བྱའི། བླུན་པོས་རྨོངས་པའི་ཚོགས་ལོག་པའི་ལམ་དུ་བཀྲི་བར་བྱེད་པའི་ཡི་གེའི་ཚོགས་རྣམས་རྒྱང་རིང་དུ་དོར་བར་བྱའོ། །དེ་ལྟར་ན་ཡང༌། ཕྱོགས་ཆོས་ངེས་ནས་བསྒྲུབ་བྱ་ལ་ཐེ་ཚོམ་དང་ལྡན་པ་མི་སྲིད་པ་ནི་མིན་ཏེ། ཕྱོགས་ཆོས་ངེས་ཀྱང་ཁྱབ་འབྲེལ་མ་དྲན་པ་སྲིད་པའི་ཕྱིར་རོ། །དེས་ན་ཚད་ལྡན་གྱི་གཞུང་ཐམས་ཅད་དུ། ཕྱོགས་ཆོས་སུ་འགྱུར་བ་ལ་གཞི་གང་གི་སྟེང་དུ་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཞུགས་པའི་གཞི་དེའི་སྟེང་དུ། རྟགས་དེ་ཚད་མས་ངེས་པ་གཅིག་དགོས་པར་བཤད་ཀྱི། རྟགས་ངེས་པའི་འོག་ཏུ་བསྒྲུབ་བྱ་ལ་ཐེ་ཚོམ་དང་ལྡན་པ་དགོས་པར་བཤད་པ་མེད་དོ། །ཞར་ལ་འོངས་པས་ཆོག་གོ །གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་དགོད་པ་དང༌། དེ་ལ་རྣམ་པར་དཔྱད་པ་གཉིས། དང་པོ་ནི། དར་ཊཱིཀ་མཛད་པས་མི་གཡག་གི་མཚན་ཅན་ལ་འདི་སྐད་ཅེས་རྒོལ་བར་མཛད་དེ། གཞན་དག་ན་རེ། བྱས་ན་མི་རྟག་པས་ཁྱབ་པ་བྱས་པས་དེ་སྒྲུབ་ཀྱི་རྗེས་ཁྱབ་དང༌། རྟག་ན་མ་བྱས་པས་ཁྱབ་པ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་གཞི་ཡིན་གྱི། དེ་གཉིས་ལས་གཞན་དུ་གྱུར་པའི་དེ་སྐོར་གྱི་ལྡོག་ཁྱབ་ཀྱི་མཚན་གཞི་མེད་དོ་ཞེས་ཟེར་རོ། །དེ་ལྟ་ན་དངོས་པོའི་རྟགས་ཀྱི་མཉན་བྱའི་དངོས་པོ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་བློ་ཡིན་ན་བསྒྲུབ་བྱ་ངེས་པའི་བློ་ཡིན་དགོས་པར་ཐལ། དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་ན། རྟག་ན་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས། དེ་ཡིན་ན་རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས། དེ་ཡིན་ན་མཉན་བྱའི་དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས་པའི་ཕྱིར། རྟགས་སྔ་ཕྱི་གཉིས་ཁས་བླངས་དགོས་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པའི་མཚན་གཞི་སྔར་བཤད་པ་དེ་ཁོ་ན་ཡིན་གྱི། དེ་ལས་ལྡོག་པ་གཞན་འཛིན་མི་རིགས་པ་དང་འགལ་ལོ། །ཡང་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ན། མི་མཐུན་ཕྱོགས་ཁོ་ན་ལ་གྲུབ་པས་མ་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་དོན་ལྡོག་ཡིན་ན་དེ་ཁོ་ནའི་སྟེང་དུ་གྲུབ་པས་མ་ཁྱབ་པའི་ཕྱིར། འདོད་ན། ལྡོག་ཁྱབ་ཀྱི་མཚན་གཞི་ལྡོག་པ་གཅིག་པུ་དེ་ཁོ་ནར་ཟད་པ་ཉམས་སོ། །བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་དོགས་པ་བཟློག་པའི་ཆེད་དུ་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སྨྲས་པ་མི་རིགས་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་གཞི་ཡིན་ན། བྱས་པའི་སྟེང་དུ་འགོད་ཚུལ་ལྟར་གྲུབ་པ་འགལ་བའི་ཕྱིར། ཡང་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ། དཔེ་གཉིས་ཀྱི་ནང་ནས་མི་མཐུན་དཔེ་ཁོ་ནའི་སྟེང་དུ་གྲུབ་པ་དང༌། རྗེས་ཁྱབ་ལ་དཔེ་གཉིས་ཀྱི་ནང་ན་མཐུན་དཔེ་ཁོ་ན་ལ་གྲུབ་པ་ཞེས་འཇོག་པ་ནི་དཔྱད་མི་བཟོད་པས་བློ་དང་ལྡན་པ་དག་གིས་ལན་ལེགས་པར་ཐོབ་ཅིག བློའི་ཡུལ་དུ་བྱར་རུང་གི་རྟགས་ཀྱིས་བུམ་པ་ཤེས་བྱར་སྒྲུབ་པའི་ལྡོག་ཁྱབ་གྲུབ་པ་མི་སྲིད་པར་ཐལ། དེ་སྒྲུབ་ཀྱི་དཔེ་གཉིས་ཀྱི་ནང་ནས་མི་མཐུན་དཔེ་ཁོ་ན་ལ་གྲུབ་པ་མི་སྲིད་པའི་ཕྱིར། གཞན་ཡང༌། རྟགས་ཡང་དག་གི་མཚན་ཉིད་ཇི་ལྟ་བུ། མཚན་གཞི་ནི་གང་ཞེ་ན། བྱས་པ་མཚན་གཞིར་བཟུང་ནས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་མཚོན་པ་ལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་མཚན་ཉིད་དོ་ཞེ་ན། བྱས་པའི་སྟེང་དུ་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་མ་གྲུབ་པར་ཐལ། ཚུལ་གསུམ་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན་ལྡོག་ཁྱབ་ཡིན་ན་མི་མཐུན་ཕྱོགས་ཁོ་ན་ལ་གྲུབ་པ་ཉམས་སོ། །ཡང་མི་མཐུན་དཔེ་ཁོ་ན་ལ་གྲུབ་པའི་ལྡོག་ཁྱབ་ཀྱི་མཚན་གཞི་དེ་གང་ཡིན། རྟག་ན་མ་བྱས་པས་ཁྱབ་པ་དེ་ཡིན་ནོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་སྟེང་དུ་རྟག་ན་མ་བྱས་པར་གྲུབ་པ་མི་སྲིད་པར་ཐལ། རྟག་ན་མ་བྱས་པས་ཁྱབ་པ་ཁྱོད་ཀྱི་སྟེང་དུ་གྲུབ་པ་མི་སྲིད་པའི་ཕྱིར། མ་གྲུབ་ན། བུམ་པའི་སྟེང་དུ་ཁྱབ་པ་དེ་ཡོད་ན། ཁྱབ་པ་དེ། འདུས་མ་བྱས་ཀྱི་ནམ་མཁའ་ཁོ་ན་ལ་ཡོད་པར་འགལ་ལོ། །རྟག་ན་མ་བྱས་པས་ཁྱབ་པ་དང༌། དེས་ཁྱབ་པའི་ཁྱབ་པ་རྣམས་བུམ་པའི་སྟེང་དུ་ཡོད་མེད་ཀྱི་ཁྱད་པར་འབྱེད་ན། རི་བོང་རྭའི་རྩེ་མོར་སྐྱིལ་ཀྲུང་བཅའ་བར་ཟད་དོ། །ན་ཁྱབ་མི་འཛིན་གྱི་རྟག་པ་ལ་མ་བྱས་པས་ཁྱབ་པའི་ཁྱབ་པའོ་ཞེ་ན། མི་མཐུན་དཔེ་ནམ་མཁའ་ལ་ཁྱབ་པ་དེ་དངོས་སུ་འཇལ་བའི་ཚད་མ་དེ་ཆོས་ཅན། མི་མཐུན་དཔེ་ནམ་མཁའ་ལ་སྦྱོར་བ་དེ་སྐོར་གྱི་རྗེས་ཁྱབ་དེ་དངོས་ཤུགས་གང་རུང་ལ་གྲུབ་པར་ཐལ། ལྡོག་ཁྱབ་དངོས་སུ་གཞལ་བའི་ཕྱིར། འདོད་ན་འགལ་ལོ། །ཁྱབ་པ་མེད་ན་དོན་གྱིས་གོ་བས་ཞེས་སོགས་ཀྱི་དོན་ཇི་ལྟར་ཡིན། མི་མཐུན་དཔེ་ལ་ཁྱབ་པ་གཉིས་དངོས་ཤུགས་ལ་གཞལ་བའི་དོན་མིན་གྱི། ལྡོག་ཁྱབ་མི་མཐུན་དཔེ་ལ་ཡོད་པར་དངོས་སུ་གཞལ་ན། རྗེས་ཁྱབ་གཞི་གཞན་མཐུན་དཔེ་ལ་ཡོད་པར་ཤུགས་ལ་གྲུབ་པའི་དོན་ཡིན་ནོ་ཞེ་ན། ལྷོ་ཁ་ན་སྟག་ཡོད་པར་འཇལ་བའི་ཚད་མ་ཡིན་ན། བྱང་ཁ་ན་འབྲོང་ཡོད་པར་འཇལ་བའི་ཚད་མ་ཡིན་པར་འགྱུར་རོ། །ཚད་མ་གཅིག་གིས་འཇལ་བ་མ་ཡིན་གྱི། ལྡོག་ཁྱབ་འཇལ་བའི་ཚད་མས་དེ་མི་མཐུན་དཔེའི་སྟེང་དུ་གཞལ་བ་ན་རྗེས་ཁྱབ་འཇལ་བའི་ཚད་མས་རྗེས་ཁྱབ་མཐུན་དཔེའི་སྟེང་དུ་ངེས་པའི་དོན་ཡིན་ནོ་ཞེ་ན། བུམ་འཛིན་གྱིས་བུམ་པ་འཛིན་པ་སྣམ་བུ་འཛིན་པའི་ཤུགས་རྟོགས་སུ་འདོད་པ་ནི་སྔོན་མ་བྱུང་བ་ཞིག་ཡིན་ནོ། །འོ་ན་ཁྱེད་རང་གི་ལུགས་ལ་ཚུལ་གཉིས་ཀྱི་མཚན་གཞི་གང་ཡིན་ཞེ་ན། བྱས་པ་དེ་ཚུལ་གཉིས་ཀའི་མཚོན་གཞིར་རུང་ངོ་བྱས་པ་ལ། བྱས་པ་ཆོས་ཅན། ཁྱོད་དངོས་སུ་རྟོགས་ན་བྱས་པ་དེ་ཤུགས་ལ་རྟོགས་དགོས་པ་ཐལ། ཁྱོད་སྦྱོར་བ་སྐོར་གཅིག་པོ་དེའི་རྗེས་ཁྱབ་དང༌། བྱས་པ་དེ་དེའི་ལྡོག་ཁྱབ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས་ཤིང༌། འདོད་མི་རིགས་ཏེ། ལྡོག་པ་གཅིག་དངོས་ཤུགས་སུ་འགལ་བས་སོ་ཞེ་ན། ཁྱབ་པ་མེད་དེ། སྒྲུབ་ངག་གཉིས་ཀྱིས་དངོས་སུ་བསྟན་པའི་ཁྱབ་པ་གཉིས་དངོས་ཤུགས་ཀྱི་རྟོགས་བྱ་རྟོགས་བྱེད་ཡིན་གྱི། ཚུལ་གཉིས་ཡིན་ན་དེས་ཁྱབ་པ་མིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། སྔར་བཤད་པ་ལྟར། ཁྱབ་པ་གཉིས་གཅིག་དངོས་སུ་ངེས་པའི་ཤུགས་ལ་གཅིག་ཤོས་ཤུགས་ལ་ངེས་པར་བྱེད་པས་ཕན་ཚུན་མི་འཁྲུལ་བ་གཞུང་གི་དོན་ནོ། །ཕྱོགས་ཆོས་མ་བརྗོད་གོང་གི་དཔེ་གཉིས་ལ་དངོས་སུ་བསྟན་པ་ནི། འབྲེལ་པའི་རང་ལྡོག་དང་དོན་ལྡོག་གི་ཕྱོགས་གཅིག་ཁྱབ་པ་ངེས་པའི་རྒྱུར་བསྟན་པ་ཡིན་གྱི། དེ་ཙམ་གྱིས་བསྒྲུབ་ངག་གིས་བསྟན་པའི་ཁྱབ་པ་རྫོགས་པ་ཡིན་ཏེ། དེ་སྟོན་པ་ལ་རྟགས་ཀྱི་མཚན་གཞི་བརྗོད་པ་ལ་ངེས་པར་ལྟོས་དགོས་ཏེ། བྱས་པ་གཞིར་བཟུང་པའི་སྟེང་དུ་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང་མི་མཐུན་ཕྱོགས་ལ་མེད་པར་སྟོན་དགོས་ཀྱི་དེ་ལྟ་མ་ཡིན་ན་སྔར་བཤད་པའི་ཉེས་པ་དེ་དག་སྤང་བར་མི་ནུས་སོ། །ཞེས་བྱ་བ་དག་ལྷག་ཆད་མེད་པར་བྲིས་སོ། །དེ་ལ་རྣམ་པར་དཔྱད་པ་ལ་ཉེས་པ་བརྗོད་པ་དེ་དག་ཐམས་ཅད་ནི་རང་གི་ཚིག་ལ་ཐལ་བ་མཚུངས་པའི་ལྟག་ཆོད་ཡིན་པས། ཁྱེད་ཉིད་ལ་འཇུག་པར་བསྟན་ནས་ངེད་ཀྱི་ཕྱོགས་ལ་མི་འཇུག་པར་སྟོན་ཏེ། དེ་ལ་ཁྱབ་པ་ངེས་པའི་བློས་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་ཉེས་པ་ཁྱེད་ལ་ཡོད་པར་བསྟན་ཅིང༌། ངེད་ལ་མི་འཇུག་པར་བསྟན། མ་ངེས་པའི་རྟགས་ཀྱི་གཉེན་པོར་མི་མཐུན་སྦྱོར་གྱི་སྒྲུབ་ངག་སྨོས་པ་མི་འཐད་པའི་ཉེས་པ་ཁྱེད་ལ་ཡོད་ཅིང༌། ངེད་ལ་མེད་པར་བསྟན། བུམ་པ་ཤེས་བྱར་སྒྲུབ་པའི་ལྡོག་ཁྱབ་མི་སྲིད་པའི་ཉེས་པའང་ཁྱེད་ལ་ཡོད་ཀྱི་ངེད་ལ་མེད་པར་བསྟན། བྱས་པ་ཚུལ་གསུམ་མིན་ན་ཚུལ་གསུམ་མ་ཚང་བར་ཐལ་བའི་ཉེས་པ་དེ་ཡང་ཁྱེད་ལ་ཡོད་ཀྱི་ངེད་ལ་མེད་པར་བསྟན། བུམ་པའི་སྟེང་དུ་རྟག་ན་མ་བྱས་པར་མ་གྲུབ་པའི་ཉེས་པ་དེ་ཡང་ཁྱེད་ཉིད་ལ་ཡོད་ཀྱི་རང་ལ་མེད་པར་བསྟན། རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་གཅིག་གིས་གཅིག་ཤོས་མི་གོ་བར་ཐལ་བའི་ཉེས་པ་དེ་ཡང་ཁྱེད་ཉིད་ལ་བསྟན་ཅིང་ངེད་ལ་མི་འཇུག་པར་བསྟན་པའོ། །དང་པོ་ནི། ཁྱེད་ཀྱི་ཐལ་འགྱུར་དང་པོ་རྟགས་བར་པ་ཚད་གྲུབ་ཏུ་བྱས་པས། འོ་ན་དངོས་པོའི་རྟགས་ཀྱིས་མཉན་བྱའི་དངོས་པོ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་བློ་ཡིན་ན་བསྒྲུབ་བྱ་ངེས་པའི་བློ་ཡིན་དགོས་པར་ཐལ། དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་ན། མཉན་བྱའི་དངོས་པོ་ཡིན་ན། མི་རྟག་པ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་དགོས་པའི་ཕྱིར། དེ་མ་གྲུབ་ན། རྟག་ན་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློ་ཡིན་ན། རྟག་ན་མཉན་བྱའི་དངོས་པོ་མིན་པས་ཁྱབ་ངེས་པའི་བློ་ཡིན་དགོས་པ་འགལ། གཞན་ཡང༌། རྟག་ན་དངོས་པོ་མ་ཡིན་པས་ཁྱབ་པ། དྲན་པའི་དྲན་བློ་རང་འབྲས་རྟགས་ཅན་རྗེས་དཔག་གི་དངོས་རྒྱུར་གྱུར་པ་དེ་ཆོས་ཅན། རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པའི་བློར་ཐལ། རྟག་ན་དངོས་པོ་མིན་པས་ཁྱབ་པ་ངེས་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་དངོས་འགལ། མ་གྲུབ་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་འགྱུར་རོ། །འདོད་ན། མཉན་བྱའི་དངོས་པོ་རྟག་པ་མ་ཡིན་པར་རྟོགས་པར་ཐལ། མཉན་བྱའི་དངོས་པོ་དེས། རྟག་ན་མཉན་བྱའི་དངོས་པོ་མིན་པས་ཁྱབ་པར་ངེས་པའི་ཕྱིར། གཞན་ཡང་རྩོལ་བྱུང་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་བློ་ཡིན་ན། རྩོལ་སྒྲ་མི་རྟག་པར་རྟོག་པའི་བློ་ཡིན་དགོས་པར་ཐལ། རྩོལ་བྱུང་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་བློ་ཡིན་ན། རྟག་པ་ལ་རྩོལ་བྱུང་མེད་པར་ངེས་དགོས། དེ་ཡིན་ན་རྟག་པ་ལ་རྩོལ་སྒྲ་མེད་པར་ངེས་པའི་བློ་ཡིན་དགོས། དེ་ཡིན་ན། རྩོལ་སྒྲ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་བློ་ཡིན་དགོས་པའི་ཕྱིར། རྟགས་སྔ་ཕྱི་གཉིས་ཁས་བླངས་དགོས་ཏེ། སྒྲུབ་ངག་གིས་དངོས་སུ་བསྟན་པའི་ཁྱབ་པ་གཉིས་དངོས་ཤུགས་ལ་རྟོགས་བྱ་རྟོགས་བྱེད་དུ་ཁྱེད་རང་གིས་ཁས་བླངས་ཤིང༌། སྒྲུབ་ངག་གིས་བསྟན་པའི་ཁྱབ་པ་གཉིས་ཀྱི་མཚན་གཞི་ཡང༌། ཁྱེད་རང་གིས་དེར་ཁས་བླངས་ཏེ། ཁྱེད་རང་གི་རྣམ་བཤད་ལས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ནི་རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཅིག་གཞིར་བཟུང་ནས་དེ་ཉིད་དུ་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ། དེ་ལ་སྔར་བཤད་པའི་འབྲེལ་པའི་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ་ཞེས་གསལ་པོར་བྲིས་ནས་བཤད་པའི་ཕྱིར། དེ་ལྟར་རྟགས་སྔ་ཕྱི་གཉིས་ཀྱི་སྒྲིག་མཚམས་ཀྱང་ཁས་བླངས། རྟགས་བར་པ་འདི་ནི་དངོས་སུ་ཁས་བླངས་སོ། །གཞན་ཡང༌། ཉེས་པ་འདི་དག་ཐམས་ཅད་ཁྱེད་ལ་ཡོད་པ་ཡིན་ཏེ། དངོས་པོའི་རྟགས་ཀྱིས་མཉན་བྱའི་དངོས་པོ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་དངོས་སུ་བསྟན་པའི་རྗེས་ཁྱབ་དེ་ངེས་པའི་བློ་ཡིན་ན། བསྒྲུབ་བྱ་ངེས་པའི་བློ་ཡིན་དགོས་པར་ཐལ། དེ་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་བསྟན་པའི་ལྡོག་ཁྱབ་ངེས་པའི་བློ་ཡིན་དགོས། དེ་ཡིན་ན་རྟག་པ་མཉན་བྱའི་དངོས་པོ་ལ་མེད་པར་ངེས་པའི་བློ་ཡིན་དགོས། དེ་ཡིན་ན་མཉན་བྱའི་དངོས་པོ་མི་རྟག་པར་ངེས་པའི་བློ་ཡིན་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང༌། སྔར་བཤད་པ་ལྟར། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ངེས་པའི་བློ་ཡིན་ན། བསྒྲུབ་བྱ་ངེས་པའི་བློ་ཡིན་དགོས་པར་ཐལ། དེ་ཡིན་ན་སྒྲ་བྱས་པར་ངེས་པའི་བློ་དང༌། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་པའི་བློ་ཡིན་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང༌། བྱས་ན་མི་རྟག་པས་ཁྱབ་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་གཉིས་དངོས་ཤུགས་ལ་རྟོགས་བྱ་རྟོགས་བྱེད་མ་ཡིན་པར་འདོད་པ་དང༌། སྒྲུབ་ངག་གཉིས་ཀྱིས་བསྟན་པའི་ཁྱབ་པ་གཉིས་དངོས་ཤུགས་རྟོགས་བྱ་རྟོགས་བྱེད་དུ་འདོད་པའི་ཁྱད་པར་འཇིག་རྟེན་གྱི་མེས་པོས་ཀྱང་དབྱེ་བར་མི་ནུས་སོ། ཁོ་བོ་ཅག་ལ་ནི་ཁྱེད་ཀྱིས་ཇི་སྐད་བརྗོད་པའི་ཉེས་པ་དེ་དག་འཇུག་པ་མ་ཡིན་ཏེ། གཞན་དོན་སྐབས་ཀྱི་དབང་དུ་བྱས་ན། ཇི་སྲིད་སྒྲུབ་པའི་ངག་མ་བརྗོད་པ་དེ་སྲིད་དུ། དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དེ་ངེས་པར་མི་ནུས་ལ། སྒྲུབ་ངག་དེ་བརྗོད་པ་སྐབས་སུ་བབ་པའི་ཚེ། ངག་དེ་བརྗོད་པས། དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དང༌། རྟག་ན་དངོས་པོ་མིན་པས་ཁྱབ་པ་གཉིས་ཀ་དེའི་དེ་མ་ཐག་ངེས་པ་ཡིན་ཀྱང༌། མཉན་བྱའི་དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ནི། དེའི་སྐད་ཅིག་གཉིས་པར་ངེས་ནུས་ཀྱི་དུས་དེ་ཉིད་དུ་ངེས་པ་མ་ཡིན་པའི་ཕྱིར། གཞན་དུ་ན་ཚུལ་གསུམ་དྲན་པའི་བློ་དང་རྟགས་ཅན་རྗེས་དཔག་དུས་མཉམ་པ་ཉིད་དུ་འགྱུར་རོ། །ཁྱེད་ཀྱི་ལྟར་ན། གང་དུ་བ་ཡོད་པ་ཐམས་ཅད་མེ་ཡོད་དུ་ངེས་པའི་བློ་དེ་ཉིད་ཀྱིས་དུ་བ་དང་ལྡན་པའི་ལའང་མེ་ཡོད་དུ་ངེས་པར་ཁས་ལེན་དགོས་ལ། དེ་ལྟ་ན། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པའི་ཉེས་པ་ཐམས་ཅད་ཁྱེད་ལ་མི་འདོད་བཞིན་དུ་འབབ་པར་འགྱུར་རོ། །གཉིས་པ་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པ་བཟློག་པའི་ཕྱིར་དུ་དེ་སྒྲུབ་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བཀོད་པ་མི་རིགས་པར་ཐལ། བྱས་པ་དེ་དེ་སྒྲུབ་ཀྱི་ཆོས་མི་མཐུན་པའི་སྒྲུབ་ངག་གིས་བསྟན་པའི་ལྡོག་ཁྱབ་དེ་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། ཁྱབ་པ་ཡང་ཚིག་འགྲིག་པ་ཙམ་ལྟར་བྱེད་པ་མ་ཡིན་གྱི། དོན་གྱི་སྟེང་ན་ཁྱེད་ཀྱིས་ཁྱབ་པ་ཕྱི་མ་འདི་ངེས་པར་ཁས་ལེན་དགོས་དགོས་པ་མིན་ནམ་ལེགས་པར་སོམས་ཤིག ཅི་སྟེ། རྟགས་མ་གྲུབ་ན། བྱས་པ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་དངོས་སུ་བསྟན་པའི་རྗེས་ཁྱབ་ཏུའང་ཁས་ལེན་དགོས་པས། བྱས་པ་ཆོས་ཅན། ཁྱོད་དངོས་སུ་རྟོགས་ན་བྱས་པ་ཤུགས་ལ་རྟོགས་དགོས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་མཐུན་པའི་སྒྲུབ་ངག་གིས་དངོས་སུ་བསྟན་པའི་རྗེས་ཁྱབ་དང༌། བྱས་པ་དེ་གཅིག་ཤོས་ཀྱིས་དངོས་སུ་བསྟན་པའི་ལྡོག་ཁྱབ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་མ་ཡིན་ནམ། ཅི་སྟེ། བྱས་པ་ཆོས་མཐུན་པའི་སྒྲུབ་ངག་གིས་དངོས་སུ་བསྟན་པའི་རྗེས་ཁྱབ་ཏུ་ཁས་མི་ལེན་ནོ་ཞེ་ན་ཆེས་ངོ་མཚར་ཆེ་སྟེ། འོ་ན་བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་ཡིན་པ་ཟློག་པའི་ཆེད་དུ་དེ་སྒྲུབ་ཀྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་སྨོས་པ་མ་ཡིན་པར་ཐལ། བྱས་པ་དེ་དེ་སྒྲུབ་ཀྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་དངོས་སུ་བསྟན་པའི་རྗེས་ཁྱབ་མིན་པའི་ཕྱིར། གསུམ་ཆར་ཁས་བླངས། ཁོ་བོ་ཅག་གི་ཕྱོགས་ལ་ནི། ཁྱེད་ཀྱིས་བརྗོད་པའི་ཉེས་པ་དེ་ཤིན་ཏུ་མི་འཇུག་པ་ཡིན་ཏེ། བྱས་པ་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་མིན་ཀྱང༌། བྱས་པའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ལྡོག་པའི་ཚུལ་ཚང་བའི་རྒྱུ་མཚན་གྱིས་དེ་སྒྲུབ་ཀྱི་ལྡོག་པའི་ཚུལ་ལ་ངེས་བརྗོད་མཛད་པ་ན། བྱས་པ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་དོགས་པ་བཟློག་པར་ནུས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཉེས་པ་དེ་ནི་ཁྱེད་ཉིད་ལ་འཇུག་སྟེ། འོ་ན། བློའི་ཡུལ་དུ་བྱར་རུང་བའི་རྟགས་ཀྱིས་བུམ་པ་ཤེས་བྱར་སྒྲུབ་པའི་ཆོས་མི་མཐུན་པའི་སྒྲུབ་ངག་ཡང་དག་མི་སྲིད་པར་ཐལ། དེའི་མི་མཐུན་དཔེ་ཡང་དག་མི་སྲིད་པའི་ཕྱིར། འདོད་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགལ་ལོ། །ཅི་སྟེ། མི་མཐུན་དཔེ་ཡང་དག་མི་སྲིད་ཀྱང༌། རི་བོང་རྭ་བཞིན་ནོ་ཞེས་བརྗོད་པ་ཅི་འགལ་ཞེ་ན། འོ་ན་ངེད་ལའང་དེ་མི་སྲིད་ཀྱང༌། རི་བོང་རྭ་ལ་ཤེས་བྱ་མིན་ན་བློའི་ཡུལ་དུ་བྱར་རུང་མིན་པས་ཁྱབ་པ་གྲུབ་པ་ཅི་འགལ། དེ་ལྟར་མིན་ན། རི་བོང་རྭ་ཆོས་ཅན། ཁྱོད་ཀྱི་སྟེང་དུ་ཤེས་བྱ་མིན་ན་བློའི་ཡུལ་དུ་བྱར་རུང་མིན་པར་མ་གྲུབ་པར་ཐལ། དེ་འདྲའི་ཁྱབ་པ་ཁྱོད་ཀྱི་སྟེང་དུ་མ་གྲུབ་པའི་ཕྱིར། ཁྱབ་པ་ཁས་མ་བླངས་སམ། ཅི་སྟེ། དེ་འདྲའི་ཁྱབ་པ་རི་བོང་རྭའི་སྟེང་དུ་མ་གྲུབ་པར་ཁས་ལེན་ལ། རི་བོང་རྭའི་སྟེང་དུ་དེ་གྲུབ་པར་ཁས་མི་ལེན་ནོ་ཞེ་ན། དེ་གཉིས་གང་ཡིན་ཡང་རུང་སྟེ། དེ་འདྲའི་ཁྱབ་པ་ཆོས་ཅན། ཁྱོད་རི་བོང་རྭའི་སྟེང་དུ་གྲུབ་པར་ཐལ། ཁྱོད་དེའི་སྟེང་དུ་ཕྱིར་རྒོལ་བའི་ཚད་མས་ངེས་པའི་ཕྱིར། གཞན་དུ་ན་མེ་མེད་དང་དུ་མེད་ཀྱི་འབྲེལ་པ་ཆུ་ཀླུང་གི་སྟེང་དུ་མ་ངེས་པར་ཁས་བླངས་ན་ཅིས་འགོག གཞན་ཡང༌། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན་ཡོད་མི་དགོས་པར་འདོད་པ་དང༌། མི་མཐུན་དཔེ་ཡང་དག་ཡིན་ན་ཡོད་དགོས་པར་འདོད་པའང་ཁས་བླངས་འགལ་བ་ཡིན་ནོ། །ཅི་སྟེ། མཐུན་དཔེ་བུམ་པའི་སྟེང་དུའང༌། སྔར་གྱི་ཁྱབ་པ་དེ་འགྲུབ་པ་ལ་བསམས་ནས་དེ་སྐད་སྨྲ་བ་ཡིན་གྱི། དེ་སྒྲུབ་ཀྱི་མི་མཐུན་དཔེ་ཡང་དག་མི་སྲིད་པ་ལ་བསམས་ནས་དེ་སྐད་སྨྲ་བ་ནི་མིན་ནོ་སྙམ་ན། དེ་བས་ཆེས་ངོ་མཚར་ཏེ། བུམ་པ་ཆོས་ཅན། ཤེས་བྱ་དང་བློའི་ཡུལ་དུ་བྱར་རུང་མིན་པར་ཐལ། ཁྱོད་ཀྱི་སྟེང་དུ་ཤེས་བྱ་མིན་པ་དང་བློའི་ཡུལ་དུ་བྱར་རུང་མིན་པའི་ཁྱབ་འབྲེལ་གཏན་ལ་འབེབས་སུ་རུང་བའི་ཕྱིར། གཞན་དུ་ན་མི་རྟག་པ་མ་ཡིན་ན་མ་བྱས་པས་ཁྱབ་པ་དཔེ་བུམ་པའི་སྟེང་དུ་རྒོལ་བའི་ཚད་མས་གྲུབ་པར་ཁས་བླངས་ན་ཅིས་འགོག གཞན་ཡང༌། དཔེ་གཉིས་ཀྱི་ནང་ནས། རྗེས་ཁྱབ་མཐུན་དཔེ་ཁོ་ན་ལ་གྲུབ་པ་དང༌། ལྡོག་ཁྱབ་མི་མཐུན་དཔེ་ཁོ་ན་ལ་གྲུབ་པ་རྣམས་ནི་རྣམ་འགྲེལ་མཛད་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་ཏེ། དེ་ལྟ་མིན་ན་རྗེས་ཁྱབ་མི་མཐུན་དཔེའི་སྟེང་དུ་གཏན་ལ་འབེབས་སུ་རུང་བར་ཐལ་བ་དང༌། ལྡོག་ཁྱབ་མཐུན་དཔེའི་སྟེང་དུ་བསྟན་དུ་རུང་བར་ཐལ་ཞིང༌། དེ་འདྲ་གང་ནས་གང་བཤད་པ་མེད་དོ། །དེས་ན་རྗེས་ཁྱབ་ནི་རྟགས་ཆོས་གཉིས་ཀྱི་གཞི་མཐུན་གཅིག་གི་སྟེང་དུ་གཏན་ལ་འབེབས་ལ། ལྡོག་ཁྱབ་ནི་རྟགས་ལོག་དང་ཆོས་ལོག་གཉིས་ཀ་ཡིན་པ་གཅིག་གི་སྟེང་དུ་གཏན་ལ་འབེབས་པ་རིགས་པའི་གཞུང་ལུགས་ཡིན་ནོ། །གཞན་ཡང༌། ཁྱེད་ཀྱི་འདོད་པ་ནི་རྣམ་འགྲེལ་མཛད་པའི་ལུགས་ལས་རིང་དུ་རྒལ་ཞིང༌། དེའི་དབང་གིས་རང་གིས་ཁས་བླངས་པ་དག་ཀྱང་གཏིང་ཚུགས་པར་འཇོག་མ་ནུས་པས་ནང་འགལ་བ་ཁོ་ནར་སྣང་བ་ཆ་ཙམ་བརྗོད་པར་བྱ་སྟེ། འདི་ལྟར། རྟག་པ་བྱས་སྟོང་དུ་སྒྲུབ་པའི་གཏན་ཚིགས་སོགས་དང༌། ཆོས་མི་མཐུན་པའི་སྒྲུབ་པའི་ངག་གསུངས་པ་རྣམས་ཐམས་ཅད་མཐའ་ཅིག་ཏུ་ཕྱིན་ཅི་ལོག་ཡིན་པར་ཐལ། ལྡོག་ཁྱབ་མི་མཐུན་ཕྱོགས་ཁོ་ན་ལ་གྲུབ་པ་ལྟ་ཞོག ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་སྒྲུབ་པ་ཤེས་བྱ་ལ་ཁེགས་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། བྱས་པ་ལས་ཐ་དད་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ནི་ཁྱེད་ལ་མེད། དེ་ནི་མི་མཐུན་དཔེའི་སྟེང་དུ་གྲུབ་མི་སྲིད་པའི་ཕྱིར། ཅི་རྟགས་སྔ་མ་མ་གྲུབ་སྟེ། བྱས་པ་རྟག་པ་ལ་མེད་པ་ཁོ་ནར་ངེས་པ་དེ། དེས་དེ་ལྟར་སྒྲུབ་པའི་ལྡོག་ཁྱབ་ཡིན་ནོ་ཞེས་བརྗོད་ཟིན་པ་མིན་ནམ་ཞེ་ན། དེ་ནི་ལེགས་པར་བརྗོད་མོད། འོ་ན་དེ་འདྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་མིན་ནམ་ལེགས་པར་སོམས་ཤིག དེ་མ་ཟད། ཞར་ལ། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ་ལོ། །ཞེས་བརྗོད་ན་ཁྱེད་ལ་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་པར་འགྱུར་རོ། །ཡང་ན། ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་གྲུབ་པ་མི་སྲིད་པར་འདོད་ན་ནི། བྱས་པ་རྟག་པ་ལ་མེད་པ་ཁོ་ནར་ངེས་པ་དེ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ནམ་མཁའི་སྟེང་དུ་གྲུབ་པ་མི་སྲིད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། འོན་ཏེ། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་ཀྱི་སྟེང་དུ་བྱས་པ་རྟག་པ་ལ་མེད་པ་དེ་ཚད་མས་ངེས་པར་ཐལ། ཁྱོད་ཀྱི་སྟེང་དུ་རྟག་པ་བྱས་སྟོང་དུ་ཚད་མས་ངེས་པའི་ཕྱིར་ཏེ། ཁྱོད་ཀྱི་སྟེང་དུ་རྟག་པ་དང་བྱས་སྟོང་གི་འབྲལ་པ་ཚད་མས་ངེས་པའི་ཕྱིར། གཞན་ཡང༌། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་དེ། མི་མཐུན་དཔེ་ནམ་མཁའ་ལྟ་བུའི་སྟེང་དུ་གྲུབ་པ་སྲིད་དམ་མི་སྲིད། ཕྱི་མ་ལྟར་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་འགྱུར་ལ། འདོད་ན། དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་བ་བཟློག་ཏུ་མེད་དོ། །སྲིད་ན་མི་མཐུན་དཔེ་ནམ་མཁའི་སྟེང་དུ་ཁྱབ་པ་དེ་དངོས་སུ་འཇལ་བའི་ཚད་མ་དེ་ཆོས་ཅན། མི་མཐུན་དཔེ་ནམ་མཁའི་སྟེང་དུ་དེ་སྐོར་གྱི་ལྡོག་ཁྱབ་དངོས་ཤུགས་གང་རུང་ལ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་དངོས་སུ་འཇལ་བའི་ཕྱིར། ཁྱབ་པ་མེད་ན་དོན་གྱིས་གོ་བས་ཞེས་སོགས་ཀྱི་དོན་ནི་ཇི་ལྟར་ཡིན་ཞེས་བརྗོད་ན། འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་བརྒྱུད་མར་འབྱུང་ངོ༌། །འདོད་ན། དོན་འདི་ལ་ཁྱེད་ཅག་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་པར་ངེས་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་གྲུབ་པ་སྲིད་པར་ཡང་ཁས་ལེན་མ་ནུས། མི་སྲིད་པར་ཡང་ཁས་ལེན་མི་ནུས་པའི་ཕྱིར་རོ། །བཞི་པ་ནི། འོ་ན། སྒྲ་མི་རྟག་པ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ངོ་བོའི་དོན་སོགས་ཆོས་ལྔ་མ་ཚང་བར་ཐལ། བྱས་པ་དེ་ངོ་བོའི་དོན་སོགས་ཆོས་ལྔ་པ་མིན་པའི་ཕྱིར། ཁྱབ་པ་ཁས་བླངས། ཡང་བྱས་པ་སྒྲའི་སྟེང་དུ་ཡོད་པར་ངེས་པ་དང༌། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་དེ་ཆོས་ཅན། ཁྱོད་ཀྱི་སྟེང་དུ་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་མ་གྲུབ་པར་ཐལ། ཁྱོད་ཀྱི་སྟེང་དུ་དེ་སྒྲུབ་ཀྱི་ཚུལ་གསུམ་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། དེ་སྐོར་གྱི་ཚུལ་གསུམ་དེ་བྱས་པ་ཁོ་ནའི་སྟེང་དུ་གྲུབ་པ་ཉམས་སོ། །འདོད་ན། དེ་གཉིས་སོ་སོར་ཕྱོགས་ཆོས་དང་རྗེས་ཁྱབ་མཚན་གཞིར་འདོད་པ་འགལ། དེ་ལྟར་ན། ངེད་ལ་ཉེས་པ་དེ་མི་འཇུག་པར་ངེས་ཏེ། བྱས་པ་ཚུལ་གསུམ་མིན་ལ། མིན་ཀྱང་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་གྲུབ་པས་དེ་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བར་བཞག་པ་ཡིན་ལ། དེ་དེའི་ཚུལ་གསུམ་ཚང་བ་ཡིན་ཀྱང༌། ལྡོག་ཁྱབ་མི་མཐུན་དཔེ་ཁོ་ན་ལ་ཡོད་པ་དང་མི་འགལ་ཏེ། བྱས་པ་རྟག་པ་ལ་མེད་པ་ཡིན་པས། བྱས་པས་དེ་ལྟར་སྒྲུབ་པའི་ལྡོག་ཚུལ་ཚང་ལ། བྱས་པ་དེ་རང་ཉིད་རྟག་པ་ལས་ལོག་པའི་ཆ་དེ་མིན་པའི་ཕྱིར། གཞན་ཡང༌། ལྡོག་ཁྱབ་གང་ཡིན་ལྡོག་པའི་ཚུལ་ཡིན་མི་དགོས་པས་ཀྱང་གྲུབ་བོ། །ལྔ་པ་ནི། འོ་ན་བུམ་པའི་སྟེང་དུ། རྟག་ན་མ་བྱས་པར་མ་གྲུབ་པར་ཐལ། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་པའི་དཔེ་དེ་སྐྱོན་ཅན་ཡིན་པའི་ཕྱིར། ཡང་བུམ་པའི་སྟེང་དུ་དེ་མ་གྲུབ་པར་ཐལ། བུམ་པའི་སྟེང་དུ་རྟག་པ་དང་མ་བྱས་པའི་འབྲེལ་པ་མ་གྲུབ་པའི་ཕྱིར། དེས་ན། འདིར་ལྡོག་ཁྱབ་གྲུབ་མ་གྲུབ་ཅེས་པའང༌། བརྟགས་པ་མཐའ་བཟུང་དང་དགག་པ་མཐར་སོང་ཙམ་གྱིས་ཞེ་འདོད་རྫོགས་པ་མ་ཡིན་གྱི། ཁྱབ་པ་དེ་གཏན་ལ་འབེབས་པའི་གཞིར་རུང་མི་རུང་ལ་བློ་རྩེ་གཏོད་དགོས་པ་ཡིན་ནོ། །ཉེས་པ་དྲུག་པ་ངེད་ལ་མི་འཇུག་ཅིང་ཁྱེད་ལ་བསྟན་པ་ནི། འོ་ན་ཁྱེད་ཉིད་ཀྱིས་འདོད་པའི་རྟགས་ཀྱི་མཚན་གཞི་བྱས་པ་ངེས་པའི་ཚད་མ་དང༌། ཕྱོགས་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དང༌། བྱས་པ་ལ་རྟག་པ་ཡོད་པ་འགོག་བྱེད་ཀྱི་ཚད་མ་གསུམ་པོ་དེ་ཆོས་ཅན། ཁྱོད་ཀྱིས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དེ་ཤུགས་ལ་གྲུབ་པར་ཐལ། དེའི་རྗེས་ཁྱབ་དངོས་སུ་གྲུབ་པའི་ཕྱིར། རྟགས་དངོས་འགལ། མ་ཁྱབ་ན། དོན་གྱིས་གོ་བས་གཅིག་ཤོས་ལ། །ཞེས་སོགས་ཀྱི་དོན་ཇི་ལྟར་ཡིན། ཞེས་བརྗོད་པས་གསུམ་ཆར་ཁས་བླངས་སོ། །འདོད་ན། གནོད་པ་ཅན་གྱི་ཚད་མས་ལྡོག་ཁྱབ་ཤུགས་ལ་འཇལ་བར་འདོད་པ་སྔོན་མ་བྱུང་བའི་ལུགས་ཤིག་ཡིན་པས། ལུགས་དེ་བཟང་ངན་བརྟགས་དགོས་སོ། །ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་ལྡོག་ཁྱབ་དྲན་ལམ་དུ་འཕེན་པར་བཤད་པ་ཙམ་གྱིས། རྗེས་ཁྱབ་དངོས་སུ་འཇལ་བའི་ཚད་མ་དེ་ཉིད་ལྡོག་ཁྱབ་ཤུགས་ལ་འཇལ་བའི་ཚད་མར་ཁས་ལེན་དགོས་པ་མིན་པ་འདིའང་ཞར་ལ་ཤེས་དགོས་ཏེ། དེ་ལྟར་ན་རྗེས་ཁྱབ་འཇལ་བའི་ཚད་མ་དེ་ཉིད་བསྒྲུབ་བྱ་རྟོགས་པའི་ཚད་མར་ཡང་ཐལ་བར་འགྱུར་རོ། །རྗེས་ཁྱབ་འཇལ་བའི་ཚད་མ་དེ་ཉིད་ཀྱིས་བསྒྲུབ་བྱ་དྲན་ལམ་དུ་འཕེན་ནུས་པའི་ཕྱིར་ཏེ། དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལ་དེ་སྐྱེད་རྟགས་ཅན་བློ། །ཞེས་འབྱུང་བའི་ཕྱིར། ལུང་གི་དོན་ཡང༌། ཁྱེད་ཀྱིས་ལོག་པར་བཤད་སྣང་སྟེ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་པའི་དོན་ནི། རྗེས་སུ་འགྲོ་ལྡོག་འཇལ་བའི་ཚད་མ་གཉིས་སྐྱེས་ཟིན་པའི་འོག་ཏུ། སྒྲུབ་ངག་ལ་བརྟེན་ནས། གང་རུང་གཅིག་བསྟན་པས་གཅིག་ཤོས་ཀྱང་དེའི་དྲན་པའི་ལམ་དུ་འཕངས་ཏེ་སྐྱེ་བར་འགྱུར་ཞེས་པའི་དོན་ཡིན་གྱི། ཚད་མ་གཉིས་ཀྱིས་གང་རུང་གཅིག་དངོས་སུ་གཞལ་ན་གཅིག་ཤོས་ཤུགས་ལ་འཇལ་བར་སྟོན་པ་མིན་པའི་ཕྱིར་ཏེ། རྗེས་སུ་འགྲོ་ལྡོག་འཇལ་བའི་ཚད་མ་མ་སྐྱེས་པའི་གང་ཟག་གི་ངོར་སྒྲུབ་པའི་ངག་བཀོད་ཀྱང་དོན་དུ་མི་རུང་བའི་ཕྱིར་རོ། །དེ་ལས་གཞན་དུ་ན། རྗེས་ཁྱབ་འཇལ་བའི་ཚད་མ་གང་ཡིན་པ་དེ་ཉིད་ཀྱིས་ལྡོག་ཁྱབ་ཀྱང་གཞལ་ཟིན་དགོས་པས་ལྟོས་མེད་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གི་རྗེས་སུ་གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་ཚད་མ་བསྐྱེད་དུ་མེད་པར་ཐལ་བ་དང༌། གང་ཟག་གཅིག་ལ་རྗེས་སུ་འགྲོ་ལྡོག་འཇལ་བའི་ཚད་མ་གཉིས་རིམ་གྱིས་སྐྱེ་བ་མེད་པར་འགྱུར་བས་ཤིན་ཏུ་མཛེས་པ་མ་ཡིན་ནོ། །གཞན་ཡང༌། ལྷོ་ཁ་ན་སྟག་ཡོད་པར་འཇལ་བའི་ཚད་མ་ཡིན་ན། བྱང་ཁ་ན་འབྲོང་ཡོད་པར་འཇལ་བའི་ཚད་མ་ཡིན་དགོས་པར་ཐལ། གང་བྱས་པ་ཐམས་ཅད་མི་རྟག་པར་འཇལ་བའི་ཚད་མ་ཡིན་ན། གང་རྟག་པ་ཐམས་ཅད་མ་བྱས་པར་ངེས་པའི་ཚད་མ་ཡིན་དགོས་པའི་ཕྱིར། ཅི་སྟེ། ཁྱབ་པ་ཡོད་དེ། དེ་གཉིས་འབྲེལ་མེད་དོན་གཞན་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར་ཞེ་ན། དེ་ནི་ཅིའི་ཕྱིར་སྔ་མ་ལའང་མི་མཚུངས། དེ་ལྟ་ན། རྗེས་འགྲོ་ལ་གསར་དུ་མི་སླུ་བའི་རིགས་པ་གང་ཡིན་པ་དེ་ལྡོག་པ་ལའང་གསར་དུ་མི་སླུ་བའི་རིགས་པ་ཡིན་དགོས་ན། རྟགས་ཡང་དག་ཏུ་འགྱུར་བ་ལ་ཚུལ་གསུམ་ངེས་པར་ཚང་དགོས་པ་མིན་པར་འགྱུར་ཏེ། ཚུལ་གཉིས་ཀྱིས་ངེས་པར་ཆོག་པའི་ཕྱིར། ཚུལ་གསུམ་ཚང་དགོས་པའི་རྒྱུ་མཚན་ཡང༌། སྔར་བཤད་པ་ལྟར། འབྲེལ་པ་འགྲུབ་པ་ལ་རྗེས་སུ་འགྲོ་ལྡོག་སོ་སོར་རྟོགས་པའི་ཚད་མ་གཉིས་སོ་སོར་སྐྱེ་དགོས་ལ། ཚད་མ་དེ་གཉིས་ཀྱི་བྱེད་པ་བསྡོམས་པ་ལ་བརྟེན་ནས། ཕྱིས་གང་རུང་རེ་རེ་ངེས་པ་ན་ཅིག་ཤོས་ཀྱང་ངེས་ནུས་པ་ཡིན་པས། དེའི་ཚེ་རྗེས་འགྲོ་དེ་ཡང་སྔ་མ་ལས་ཁྱད་པར་ཅན་ཡིན་ལ། ལྡོག་པ་དེ་ཡང་སྔ་མ་ལས་ཁྱད་པར་ཅན་ཡིན་ནོ། །དེའི་ཚེ་ཡང་ཚུལ་གཉིས་ཀྱིས་ཆོག་པ་མ་ཡིན་ཏེ། རྗེས་འགྲོ་ཁྱད་པར་ཅན་དེ་ཉིད་བློ་ཡུལ་དུ་ངེས་པ་སྔར་གྱི་ལྡོག་པ་ངེས་བྱེད་ཀྱི་ཚད་མ་དེ་ལ་རག་ལས་པའི་ཕྱིར། དེ་ལྟ་ན་ཡང༌། ཕྱོགས་ཆོས་དང་ལྡོག་པའི་ཚུལ་གཉིས་ཀྱིས་ཆོག་པ་མ་ཡིན་ཏེ། རྟགས་ཆོས་ཅན་ལ་གྲུབ་ཅིང༌། མི་མཐུན་ཕྱོགས་ལ་མེད་ཀྱང་ཕུང་པོ་གསུམ་པ་ལ་དོགས་པ་མི་ཆོད་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར། རྟགས་ཡང་དག་གི་ཚུལ་གསུམ་ངེས་པར་དགོས་པའི་རྒྱུ་མཚན་གང་ཡིན་བཙལ་བ་ན་ཡང༌། ཕྱོགས་གཉིས་དངོས་འགལ་མིན་པར་གྲུབ་བོ། །རེ་ཤིག་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །དེ་ལྟར་ན། ཆོས་ཀྱི་གྲགས་པའི་རིང་ལུགས་དྲི་མ་མེད་པ། ཨིནྡྲ་ནཱི་ལ་ལྟར་ཡོངས་སུ་དག་ཅིང་དངོས་པོ་མཐའ་དག་གི་རང་བཞིན་ལ་ཁྱབ་པར་རྗེས་སུ་ཞུགས་པས་རིགས་པ་མཐའ་ཡས་པ་བསྐྱེད་པའི་གོ་སྐབས་འབྱེད་པའི་ལམ་དུ་གྱུར་པ་དེར། བདེ་བར་གཤེགས་པའི་བསྟན་པའི་ཉིན་བྱེད་ནུབ་ཀྱི་རི་བོའི་སྤོ་ལ་ཉེ་བར་གྱུར་པའི་ཚེ། བློ་གྲོས་ངན་པའི་སྐྱེ་བོ་དུ་མའི་ཐེ་ཚོམ་གྱི་ཁ་རླངས་ཀྱིས་བསྐྲུན་པའི་ལོག་པར་རྟོག་པའི་སྤྲིན་ཕུང་ནག་པོ་ཕྱོགས་བརྒྱ་ནས་བསྡུས་ཏེ་བརྟགས་ན་སྙིང་པོར་གྱུར་པ་ཅུང་ཟད་ཀྱང་མེད་པའི་ཚིག་གི་ཕྲེང་བའི་འཇའ་ཚོན་གསར་པའི་རི་མོ་རྣམ་པར་བཀྲ་བས་བློ་གྲོས་གཞོན་ནུ་དག་ལོག་པར་མགུ་ནུས་ཤིང༌། ང་རྒྱལ་དང་ཕྲག་དོག་གི་འབྲུག་སྒྲ་མི་བཟད་པས་རང་གཞན་གྱི་དགེ་རྩའི་མྱུ་གུ་འཇོམས་པར་བྱེད་ཅིང༌། ཆོས་ལྟར་བཅོས་པའི་ཆོས་མིན་གྱི་གླེགས་བམ་དུ་མའི་ཐིགས་པ་རགས་པས་རིགས་ཀྱི་གཞུང་ལུགས་ཀྱི་སྐྱེད་ཚལ་བཟང་པོ་མྱུར་དུ་ལྷག་མ་མེད་པར་བྱེད་པ་འདི་ལ་ལེགས་པར་བརྟགས་ཤིང་དཔྱད་ནས་བདུད་རིགས་ཀྱི་ཕྱོགས་ལ་དྲག་ཅིང་རྔམ་པའི་ལྷག་པའི་ལྷ་མཐུ་ལྡན་གྱིས་རྗེས་སུ་བཟུང་བའི་རྣམ་དཔྱོད་ཀྱི་ང་རོ་མཐོན་པོས་རིགས་ཤིང་གྲོལ་བར་སྨྲ་བའི་རིག་སྔགས་རྟག་ཏུ་སྒྲོག་པར་ནུས་པའི་མཐུ་ཐོབ་པར་དེ་དག་ལ་བཏང་སྙོམས་སུ་བྱ་བར་མི་རིགས་སོ། །ཞེས་བདག་ནི་ཐལ་མོ་ཕྱོགས་བརྒྱར་སྦྱར་ཏེ་གསོལ་བ་འདེབས་སོ། །གཞུང་ལུགས་ཉིན་མོའི་མགོན་གྱིས་རྒྱང་སྲིངས་པའི། །རང་བཟོའི་བསྟན་འཛིན་ནག་པོའི་ཐུན་མཚམས་སུ། །ལོག་རྟོག་འདབ་བརྒྱའི་སྦུབས་སུ་བཅིངས་མཐོང་ནས། །གྲགས་པའི་རིང་ལུགས་ཉིན་བྱེད་དེང་འདིར་ཤར། །གསུམ་པ་རྟགས་ཡང་དག་གི་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། རྟགས་སུ་གཟུང་བྱའི་མཚན་གཞི་ལ་ལོག་རྟོག་དགག་པ་དང༌། སྦྱོར་བའི་ངག་འགོད་ཚུལ་ལ་ལོག་རྟོག་དགག་པའོ། །དང་པོ་ནི། དིང་སང་འདི་ན། རྣམ་པར་དབྱེ་བ་ཅུང་ཟད་ཀྱང་མེད་པར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཁོ་ན་མཐའ་ཅིག་ཏུ་ངེས་ཤིང༌། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་འགྱུར་བའི་སྐབས་ཅུང་ཟད་ཀྱང་མེད་པར་སྨྲའོ། །རེ་ཤིག་རྩོད་པ་བདེ་བའི་ཕྱིར་དུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ་ཞེས་སྨྲས་པ་ལ་འགལ་བ་མེད་མོད། འོན་ཀྱང་རྣམ་པར་ཕྱེ་ནས་ཤེས་དགོས་ཏེ། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་དུ་འགྱུར་པའི་གོ་སྐབས་མེད་པ་ནི་མི་འཐད་དོ། །སྒྲ་བྱས་པར་མི་ཤེས་པའི་ངོར། དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཞིང༌། བྱས་མི་རྟག་གི་འབྲེལ་བ་མི་ཤེས་པའི་རྒོལ་བས། སྒྲ་བྱས་པར་ངེས་ཤིང་སྒྲ་རྟག་མི་རྟག་ཐེ་ཚོམ་ཅན་གྱི་ངོར། དེ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར་དང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཚུལ་གསུམ་དོན་ལ་གྲུབ་ཀྱང་སྔར་རྒོལ་གྱིས་མི་ཤེས་ན་ཡང་རྟགས་ཡང་དག་ཏུ་མི་རུང་བའི་ཕྱིར་ཏེ། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་དང༌། དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། །ཞེས་སོ། །ཅི་སྟེ། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར་དེ་ཡིན་པའི་ཕྱིར། གཞན་དུ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་གཞི་གཟུང་རྒྱུ་མེད་པར་འགྱུར་ལ། དེར་ཡང་མ་ཟད། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་དུ་ཁས་ལེན་དགོས་པས། གཏན་ཚིགས་ཡང་དག་ཏུ་འགྱུར་བའི་སྐབས་མི་སྲིད་པར་ཐལ་བའི་ཉེས་པ་མཚུངས་སོ་ཞེ་ན། འོ་ན་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་དགོས་ཤིང་དེའི་ཚུལ་གསུམ་མི་ཤེས་པའི་རྒོལ་བའི་ངོར་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། མ་ཁྱབ་ན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་གི་མཚན་གཞི་གཟུང་རྒྱུ་མེད་པར་ཐལ་ལོ་ཞེས་མཚུངས་སོ། །དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་ཀྱང༌། གཏན་ཚིགས་ལྟར་སྣང་དུ་ཁས་ལེན་མི་དགོས་ཏེ། དཔེར་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་དགོས་ཀྱི་ཕྱིར་རྒོལ་དེ། དེ་སྒྲུབ་ཀྱི་སྐབས་སུ་བབ་པའི་རྒོལ་བ་མིན་ཀྱང༌། མ་བབ་པའི་རྒོལ་བ་ཡིན་མི་དགོས་པ་བཞིན་ནོ། །དེ་ཡང་འདི་ལྟར། དེ་ཆོས་ཅན། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ཤེས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྐབས་སུ་བབ་པའི་རྒོལ་བ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་ངོར། དེ་སྒྲུབ་ཀྱི་ཚུལ་གསུམ་ལྟོས་གཞི་སོ་སོའི་སྟེང་དུ་སྟོན་མི་དགོས་པར་ཐལ་ལོ། །ཡང་སྐབས་སུ་མ་བབ་ན། ཁྱོད་ཀྱི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ་ལོ། །ཁོ་ན་རེ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པར་ཐལ། ཁྱོད་ཀྱིས་དེ་མ་ཚང་བའི་ཕྱིར། གསུམ་ཆར་དངོས་འགལ་ཞེ་ན། འདི་འདྲ་འདི་ནི་རྫས་སྤྱི་མ་ཞེས་བྱ་བ་ཡིན་པས། རིགས་པའི་གནས་ཅུང་ཟད་ཀྱང་མེད་མོད། འོན་ཀྱང་འདི་མི་བཟོད་ན། སྔར་བཤད་པ་ལྟར་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་བླངས་པས་ཆོག་མོད། རིགས་པ་འདི་དབང་བཙན་པར་བྱེད་ན་རྣམ་པར་བཞག་པ་དུ་མ་ཞིག་ཉམས་པར་འགྱུར་ཏེ། འདི་ལྟར་ཤེས་པ་དེ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ལས་གང་ཡིན། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་ལས་གང་ཡིན། ཞེས་སོགས་ཀྱིས་བརྟགས་ན་འཇིག་ཅིང༌། སྐྱེས་བུ་ཁྱོད་ལ་ལག་པ་དང་མིག་གཉིས་ལས་ལྷག་པ་ཡོད་ན་མངོན་སུམ་དང་འགལ། མེད་ན་ཁྱོད་ཀྱི་ལག་པ་ཙམ་དང་མིག་ཙམ་དེ་གང་ཡིན་ཞེས་བརྟགས་ན་འཇིག་གོ །དེས་ན་དོན་ལ་གནས་པ་ནི། སྒྲ་མི་རྟག་པར་སྒྲུབ་དགོས་ཀྱི་རྒོལ་བ་གཉིས་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ཤེས་པ་གཅིག་དང་མི་ཤེས་པ་དང་གཉིས་ལས། དང་པོའི་ངོར་ནི། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་ཞིང༌། དེའི་རྒྱུ་མཚན་གྱིས། དེའི་ངོར། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་རྒོལ་བས། བརྗོད་པའམ་ཡང་ན་ཕྱིར་རྒོལ་ཤེས་རབ་མྱུར་བ་ཞིག་ཡིན་ན། རང་ཉིད་ཀྱིས་དེ་ལྟར་བརྗོད་མ་ཐག་ཏུ་ཚུལ་གསུམ་དྲན་པའི་བློ་སྐྱེ་ཞིང༌། དེ་ལས་དངོས་སུ་རྗེས་དཔག་བསྐྱེད་པ་ཡིན་ནོ། །རྒོལ་བ་གཉིས་པ་དེ་ལ། དེ་ལྟར་བཀོད་ཀྱང་དོན་དུ་ཅུང་ཟད་ཀྱང་མི་འགྱུར་བ་ཡིན་ཏེ། རྒོལ་བ་དེ་ཚུལ་གསུམ་ཀ་མ་ཤེས་སམ་ཕྱོགས་ཆོས་མི་ཤེས་པ་ཞིག་ན་ནི། དེའི་ངོར་མ་གྲུབ་པའི་གཏན་ཚིགས་སུ་སོང་བས་ཐོག་མར་སྒྲ་བྱས་པ་ཡིན་པའི་ཤེས་བྱེད་ཡང་དག་འགོད་དགོས་ཤིང༌། དེ་ལ་བརྟེན་ནས་ཕྱོགས་ཆོས་ཚད་མས་ངེས་པར་བྱེད། ཕྱོགས་ཆོས་ཤེས་ཤིང་ཁྱབ་འབྲེལ་མི་ཤེས་པ་ཞིག་ཡིན་ན་ནི། དེའི་ངོར་བྱས་པ་དེ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ལས་མ་འདས་པས། ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རིགས་པས། ཁྱབ་འབྲེལ་ཚད་མས་ངེས་པར་བྱེད་དགོས་ལ། དེ་ངེས་པའི་ཚེ། སྐབས་སུ་བབ་པའི་རྒོལ་བ་ཞེས་བྱ་བ་ཡིན་པས། དེའི་ཚེ་རྟགས་འགོད་པ་སྐབས་སུ་བབ་པ་ཡིན་པས་དེའི་ཚེ་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཞེས་བརྗོད་ན། རྣམ་དབྱེ་ཆགས་པར་འགྱུར་གྱི། རྣམ་དབྱེ་གང་ཡང་མེད་པར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གོ་ཞེས་བརྗོད་ན་ཅུང་ཟད་སྒྲུབ་པར་ནུས་སུ་ཆུག་ཀྱང༌། རྟོག་གེའི་གོ་བ་ཅུང་ཟད་ཀྱང་མ་ཆགས་པའི་གཏམ་དུ་འགྱུར་རོ། །གཉིས་པ་སྦྱོར་ངག་འགོད་ཚུལ་ལ་དཔྱད་པ་ལ་གཉིས་ཏེ། གཞན་གྱི་འདོད་པ་སུན་ཕྱུང་བ་དང༌། རང་གི་འདོད་པ་བཞག་པའོ། །དང་པོ་ནི། དིང་སང་རིགས་པ་སྨྲ་བ་ཐམས་ཅད་ཞལ་འཆམ་པར། སྔར་བཤད་པ་ལྟ་བུའི་སྐབས་བབ་ཀྱི་རྒོལ་བ་དེ་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པ་ལ་བརྟེན་ནས། རྟགས་ཅན་རྗེས་དཔག་སྐྱེ་བར་མཐའ་ཅིག་ཏུ་འདོད་ཅིང༌། སྒྲུབ་ངག་ནི་གང་ལ་སྐབས་གང་དུ་འགོད་ཀྱི་གླེང་མོ་ཙམ་ཡང་མི་སྣང་ངོ༌། །གནས་འདི་ལ་ཁོ་བོའི་རྣམ་པར་རྟོག་པས་བརྟགས་ན། དོན་འདི་ནི་གྲགས་པའི་ཞབས་ཀྱིས་གང་བཀག་པ་དེ་ཉིད་ཡིན་པར་དོགས་ཏེ། འདི་ལྟར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་ངག་འདི་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་ནུས་ཀྱི་སྦྱོར་ངག་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ངོར་དེ་སྒྲུབ་ཀྱི་ཚུལ་གསུམ་དངོས་སུ་དྲན་ལམ་དུ་འཕེན་ནུས་ཤིང༌། སྒྲ་མི་རྟག་རྟོགས་ཀྱི་རྟགས་ཅན་རྗེས་དཔག་རྒྱུད་ནས་འདྲེན་ནུས་ཀྱི་སྦྱོར་ངག་ཡིན་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། དངོས་སམ་རྒྱུད་པ་གང་གི་སྒོ་ནས་ཀྱང་སྒྲ་མི་རྟག་པར་སྒྲུབ་མི་ནུས་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཚིག་གིས་ཟིན་པར་དངོས་སུ་བརྗོད་པའི་ངག་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་པར་ངེས་པ་ལས་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་ནོ། །འདིར་ཤུགས་ཉིད་ཀྱིས་སྒྲ་མི་རྟག་པའོ་ཞེས་བྱ་བར་འགྱུར་བ་ཡིན་ཏེ། དེས་ན་ཕྱོགས་གདོན་མི་ཟ་བར་བསྟན་པར་བྱའོ་ཞེས་དང༌། ཤུགས་ཀྱིས་འགྲུབ་པའི་ཕྱིར་རྗེས་སུ་དཔག་པར་བྱ་བ་མི་བརྗོད་དོ། །ཞེས་གསུངས་པ་དང༌། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །རྒྱུད་པ་ཡིས་ཀྱང་ནུས་པ་མེད། །གཏན་ཚིགས་དོན་གྱི་ཡུལ་ཉིད་ཀྱིས། །ནུས་མེད་དེ་ནི་བརྗོད་པར་ཟད། །ཅེས་སོགས་ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པ་འགོག་པ་རྒྱ་ཆེར་གསུངས་པའི་ཕྱིར། གཞན་ཡང༌། དེ་འདྲའི་སྦྱོར་ངག་དེ་ཆོས་ཅན། སྦྱོར་ངག་མ་ཚང་བའི་སྐྱོན་ཅན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་དེ་སྒྲུབ་ཀྱི་ཁྱབ་པ་མི་དྲན། དྲན་རུང་དུ་ཡོད་པ་དེའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པའི་ཚུལ་ཚིག་གིས་ཟིན་པར་མ་བརྗོད་པའི་ཕྱིར། དེ་སྐད་དུ་ཡང༌། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་གསུངས་སོ། །གཞུང་འདི་ཡང་རིགས་པ་ཅན་པས། སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཞེས་པའི་ངག་གིས་ཁྱབ་པ་མ་བརྗོད་པར་སྟོན་བྱེད་ཡིན་པས་མ་ངེས་པ་མིན་ནོ། །དེ་འདྲའི་སྦྱོར་ངག་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་ངག་ལྷག་པའི་སྐྱོན་ཅན་ཡིན་པར་ཐལ། དེ་སྒྲུབ་ཀྱི་དམ་བཅའ་ཚིག་གིས་ཟིན་པར་བརྗོད་པའི་ཕྱིར། དེ་སྐད་དུ། ཡང་རིགས་པའི་གཏེར་ལས། ཡན་ལག་ལྔ་ལས་དམ་བཅའ་དང༌། །ཉེར་སྦྱོར་འཇུག་བསྡུད་གསུམ་པོ་ལྷག །ཅེས་གསུངས་སོ། །དེ་ལ་འདི་སྙམ་དུ་ལན་ལྡོག་པར་དོགས་ཏེ། ཅི་སྟེ། ཁོ་བོ་ཅག་གིས། སྒྲ་ཆོས་ཅན་མི་རྟག་སྟེ། ཞེས་དམ་བཅས་པ་ཙམ་ཡིན་གྱི་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་འདོད་ལ། སྒྲུབ་བྱེད་ནི་བྱས་པའི་ཕྱིར་ཞེས་པ་དེ་ཉིད་དོ་སྙམ་ན། འདི་ཡང་ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་འདོད་པ་འགོག་པའི་གཞུང་དང་རིགས་པ་རྣམས་ཀྱིས། གང་བཀག་མི་ཤེས་པའི་རྣམ་འགྱུར་དུ་གསལ་བས་དེ་བཤད་ན། དེ་ཡང༌། རིགས་པ་ཅན་པས། སྤྱོད་པ་པ་ལ་སོགས་པའི་ངོར། སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར། བུམ་པ་བྱས་པ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་ན་སྒྲ་མི་རྟག་ཅེས་འགོད་ལ། འདི་ལ་ཡན་ལག་ལྔ་ལས། དང་པོ་ནི་དམ་བཅའ་ཡན་ལག་དང༌། ལྔ་པ་ནི་མཇུག་བསྡུད་པའི་ཡན་ལག་ཏུ་འདོད་ཅིང༌། མཇུག་བསྡུད་འདི་ནི་གྲུབ་པའི་དོན་ཡིན་པས། སྒྲུབ་བྱེད་ཀྱི་ཡན་ལག་ཏུ་འདོད་པ་ཤས་ཆུང་ལ། དེའི་རྒྱུ་མཚན་གྱིས། ཕྱོགས་ཚིག་སྒྲུབ་བྱེད་ཡིན་པ་འགོག་པའི་རིགས་པ་རྣམས་ཀྱང༌། མཇུག་བསྡུད་ལ་རྒལ་ཞིང་བརྟག་པ་གཙོ་བོར་མཛད་པ་མིན་གྱི། དང་པོ་དམ་བཅའ་སྦྱོར་བའི་ཡན་ལག་ཏུ་བཞག་པ་ལ་རིགས་པས་མི་འཐད་པར་སྟོན་པ་ཡིན་ནོ། །འདི་ལ་ཁྱེད་ལྟར་ན་རིགས་པ་ཅན་པས། སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་འདོད་དོ་ཞེས་པའི་ལན་ཅིའི་ཕྱིར་འདོན་པར་མི་ནུས་སོ། །དེའི་ཕྱིར་ན་སྒྲ་མི་རྟག་ཅེས་པའི་མཇུག་བསྡུད་ནི་སྒྲུབ་ངག་གི་ཡན་ལག་ཏུ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཐོགས་མེད་སོགས་ཀྱང་བཞེད་མོད། སྒྲུབ་བྱེད་དུ་མི་བཞེད་པས། དཔལ་ལྡན་གྲགས་པའི་ཞབས་ཀྱིས་དེ་འགོག་པར་མི་མཛད་དོ། །དེ་བཞིན་དུ། ཁྱེད་ཅག་ཀྱང་དམ་བཅས་པ་སྦྱོར་ངག་གི་སྐབས་སུ་མི་བརྗོད་ཀ་མེད་ན། མཇུག་བསྡུད་དུ་སྦྱོར་བར་མཛོད་ཅིག་དང༌། དཔལ་ལྡན་གྲགས་པའི་ཞབས་ཀྱི་གཞུང་དང་འགལ་བ་ཤས་ཆུང་ངོ༌། །དེ་ལྟར་ན་ཚུལ་གསུམ་ཤེས་ཤིང་མ་དྲན་པའི་སྐབས་བབ་ཀྱི་རྒོལ་བ་དེ་ལ། སྦྱོར་བ་དེ་ལྟར་འགོད་པར་འདོད་པ་ལ་ནི། དམ་བཅའ་ལྷག་པ་དང་ཁྱབ་པ་མ་ཚང་བའི་སྐྱོན་གཉིས་ཀྱི་ལྕགས་སྒྲོག་དམ་པོ་ལས་མི་གྲོལ་ལོ། །སྒྲུབ་ངག་གཅིག་ཀྱང་འདོད་པ་དག་གི་ངོར་ནི་ནང་འགལ་བའང་འདི་ལྟ་སྟེ། སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པའི་སྦྱོར་ངག་འདི་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་སྔར་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱི་ཚུལ་གསུམ་གང་རུང༌། དེ་གྲུབ་ཀྱི་ཕྱི་རྒོལ་ལ་ལྷག་ཆད་མེད་པར་སྟོན་པའི་གཏན་ཚིགས་གང་ཞིག རང་འབྲས་དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དྲན་ཤེས་དངོས་སུ་བསྐྱེད་ཅིང༌། བརྒྱུད་པས་རང་འབྲས་དེ་སྒྲུབ་རྟགས་ཅན་རྗེས་དཔག་བསྐྱེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་ལྟར་ན། ཁྱེད་ཅག་གིས་སྒྲུབ་པའི་ངག་ཡང་དག་འགོད་པའི་སྐབས་དེ་གང་ན་ཡོད་སྟོན་ཅིག གང་ཆོས་ཀྱི་གྲགས་པས་གསུངས་པའི་རྣམ་བཞག་ཐམས་ཅད་བོར་ནས་མ་གསུངས་པ་ཐམས་ཅད་འབད་པས་སྒྲུབ་པའི་དིང་སང་གི་རྟོག་གེ་པ་འདི་དག་གི་སྙིང་ལ་གདོན་གྱི་ཁྱད་པར་ཅི་ལྟ་བུ་ཞིག་ཞུགས་ཞེས་བརྟག་པར་བྱའོ། །གཉིས་པ་རང་གི་ལུགས་ལ་སྦྱོར་བ་ཇི་ལྟར་འགོད་པའི་ཚུལ་བརྗོད་པར་བྱ་སྟེ། གྲངས་ཅན་ལྟ་བུ་སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པ་ལ། དང་པོ་ནས་རྒོལ་བ་དེའི་བསམ་པ་མི་ཤེས་པས། ཐལ་འགྱུར་དང་སྦྱོར་བའི་ངག་གང་འགོད་དགོས་བརྟག་པའི་ཕྱིར། ཐོག་མར་སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པ་ན། དེ་ལ་ཕྱིར་རྒོལ་བ་ན་རེ། སྒྲ་བྱས་པ་ཡིན་པའི་རྒྱུ་མཚན་ཅི་ཡིན། བྱས་ན་མི་རྟག་པས་ཁྱབ་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལ་ཐོག་མར་ཕྱོགས་ཆོས་སྒྲུབ་དགོས་ཏེ། རྩ་བའི་ཕྱོགས་ཆོས་མ་གྲུབ་པའི་ངོར་མི་འདོད་པའི་ཆོས་ཐལ་བར་འཕེན་པའི་ཐལ་འགྱུར་འཇུག་པའི་གོ་སྐབས་མེད་པའི་ཕྱིར། ཕྱོགས་ཆོས་ཀྱི་ཚུལ་དང་པོར་འཇོག་པའི་ཤེས་བྱེད་ཀྱང་དེ་ཡིན་ནོ། །དེའི་ཚུལ་ཡང༌། སྒྲ་རྒྱུ་རྐྱེན་ལས་སྐྱེས་པར་ནི་མངོན་སུམ་གྱིས་གྲུབ་པས་གང་ཅུང་ཟད་རྒྱུ་རྐྱེན་ལས་སྐྱེས་ན་བྱས་པས་ཁྱབ། དཔེར་ན་རྫ་བུམ་བཞིན་སྒྲ་ཡང་རྒྱུ་རྐྱེན་ལས་སྐྱེས་སོ་ཞེས་པས། སྒྲ་བྱས་པར་ངེས་པར་བྱེད་དོ། །དེ་ལྟར་སྒྲ་བྱས་པར་ངེས་ཤིང་ད་དུང་རྟག་པར་བདེན་ཞེན་གྱིས་འདོད་པ་དེ་ལ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་མི་འདོད་པར་ཐལ་བ་འཕེན་པའོ། །དེའི་ཚེ་རྟགས་ནི་ཁས་བླངས། དམ་བཅའ་ལ་ཁས་བླངས་དང་ཚད་མས་བསལ་བ་ཞུགས་པས་ཕྱིར་རྒོལ་བ་ན་རེ། ཁྱབ་པ་ཚད་མས་གྲུབ་པའི་རྒྱུ་མཚན་ཅི་ཞེས་འདྲི་བར་འགྱུར་ཏེ། དེ་ལ་སྔར་རྒོལ་གྱི་ཁྱབ་པ་གཉིས་སྒྲུབ་དགོས་པར་སྣང་སྟེ། སྔར་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་རང་རྒྱུད་ཀྱིས་བསྟན་པའི་རྗེས་འགྲོའི་ཁྱབ་པ་དང༌། ཕྱིས་ཐལ་འགྱུར་གྱིས་བསྟན་པའི་ལྡོག་པའི་ཁྱབ་པ་གཉིས་སྒྲུབ་དགོས་པའི་ཕྱིར། སྒྲུབ་ཚུལ་ཡང་ཁྱབ་པའི་རྩ་བ་འབྲེལ་པ་ཡིན་པས་ཐོག་མར་འབྲེལ་པ་སྒྲུབ་དགོས་ལ། དེ་སྒྲུབ་པ་ཡང༌། རྗེས་སུ་འགྲོ་ལྡོག་གྲུབ་པ་ལ་རག་ལས་པས། དེ་གཉིས་སྒྲུབ་དགོས་ལ། དེ་ལ་ཡང༌། སྒྲ་ལས་མི་རྟག་པར་ངེས་སླ་བའི་ཆོས། བུམ་པ་ལྟ་བུ་གཅིག་གི་སྟེང་དུ་གྲུབ་པར་བྱ་དགོས་པས། ལྟོས་མེད་ཀྱི་རྟགས་ཀྱིས་བྱས་པའི་མཚན་གཞི་བུམ་པ་ལྟ་བུའི་སྟེང་དུ་མི་རྟག་པ་ངེས་པར་བྱེད་ལ། དེས་ནི་བྱས་པ་མི་རྟག་པ་ལ་རྗེས་སུ་འགྲོ་བའི་རྗེས་འགྲོ་སྒྲུབ་པ་ཡིན་ནོ། །གཉིས་པ་ལྡོག་པའི་ཚུལ་སྒྲུབ་པ་ལའང༌། རྟག་པའི་མཚན་གཞི་ནམ་མཁའ་ལྟ་བུ་གཅིག་གི་སྟེང་དུ་ངེས་པར་བྱ་དགོས་པས། གནོད་པ་ཅན་གྱི་གཏན་ཚིགས་འགོད་པར་བྱེད་དོ། །དེས་རྟག་པ་བྱས་པ་ལས་ལོག་པའི་ལྡོག་པ་སྒྲུབ་པས་དེའི་ཚེ་ནི། ཕྱིར་རྒོལ་གྱིས་ཚུལ་གསུམ་ལྟོས་གཞི་སོ་སོའི་སྟེང་དུ་གཏན་ལ་ཕེབས་པ་ཞེས་བྱའོ། །དེ་ལྟར་ན་བཤད་མ་ཐག་པའི་སྦྱོར་ངག་དེ་ཡང༌། སྦྱོར་བའི་དམ་བཅའ་ཡིན་ཅིང་སྦྱོར་ངག་ཡང་དག་འདྲེན་བྱེད་ཙམ་ཡིན་གྱི། སྒྲ་མི་རྟག་པར་སྒྲུབ་ནུས་ཀྱི་སྦྱོར་ངག་དངོས་མིན་ཏེ། དེའི་ཚེ་རྒོལ་བས་ཚུལ་གསུམ་མི་ཤེས་པས་རྟགས་དེ་ལ་སྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་ཏེ། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །ཞེས་གསུངས་སོ། །ཐལ་ངག་བཤད་མ་ཐག་པ་དེ་ཡང༌། ཐལ་འགྱུར་ཡང་དག་གི་དམ་བཅའ་ཙམ་མམ་ཐལ་འགྱུར་ཡང་དག་འདྲེན་བྱེད་ཙམ་ཡིན་གྱི། ལོག་རྟོག་བཟློག་ནུས་ཀྱི་ཐལ་འགྱུར་དངོས་མ་ཡིན་ཏེ། དེའི་ཚེ་ན། རྒོལ་བ་ཁྱབ་པ་ལ་ཐེ་ཚོམ་དུ་གྱུར་པའི་ཕྱིར་དང༌། འདོད་པ་བརྗོད་ནས་མི་འདོད་སྒྲུབ། །སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །ཞེས་ལྡོག་དོན་འཕེན་པའི་ཐལ་འགྱུར་ལ་ཁྱབ་པ་རྒོལ་བ་དེའི་ཚད་མས་གྲུབ་པ་གཅིག་དགོས་པར་བཤད་པས་སོ། །དེ་ལྟར་ཚུལ་གསུམ་ཚད་མས་ཤེས་པ་དེ་ལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་རང་རྒྱུད་ཡང་དག་འགོད་པར་བྱེད་དེ། དེ་ཡང་ཐོག་མར་ཐལ་འགྱུར་ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁྱེད་ཀྱིས་ཁས་བླངས་སོ་ཞེས་འཕེན་པར་བྱེད་ལ། དེའི་ཚེ་ལོག་རྟོག་རགས་པ་དེ་ལོག་ནས་སྒྲ་རྟག་མི་རྟག་ཐེ་ཚོམ་དུ་འགྱུར་ལ། དེའི་ངོར། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེས་འབྱུང་བ་ལྟར། ཐལ་བ་དེས་འཕངས་པའི་རང་རྒྱུད་ཀྱི་སྦྱོར་བ་འདི་ལྟར་འགོད་དེ། གང་བྱས་པ་ཡིན་ན། མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་བཀོད་པས་ཚུལ་གསུམ་དྲན་པའི་དྲན་བློ་དང༌། དེ་ལས་རྟག་ཅན་རྗེས་དཔག་དངོས་སུ་སྐྱེ་བར་ནུས་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་འབྱུང་བའི་ཕྱིར་རོ། །ཡང་རྒོལ་བ་འབྲེལ་པ་ཤེས་ཤིང་ཕྱོགས་ཆོས་མི་ཤེས་པ་ལ། ཕྱོགས་ཆོས་སྒྲུབས་ནས་ཐལ་འགྱུར་ཡང་དག་དེ་འཕེན་པར་བྱེད་ལ། ཕྱོགས་ཆོས་ཤེས་ཤིང་འབྲེལ་པ་མི་ཤེས་པ་ལ། ཕྱོགས་ཆོས་སྒྲུབ་མི་དགོས་ཀྱི་གཞན་སྔ་མ་ལྟར་རོ། །འོ་ན་ཅི་སྟེ། དེ་ལྟ་བུའི་ཚུལ་གསུམ་ཤེས་པའི་ཕྱིར་རྒོལ་བ་དེའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པས་རྗེས་དཔག་སྐྱེ་ནུས་པར་མྱོང་བས་འགྲུབ་བོ་སྙམ་ན། དེ་ནི་སྲིད་མོད། དེར་མ་ཟད། ཚུལ་གསུམ་དྲན་རུང་དུ་འདུག་ཅིང་ཁར་འབྱིན་པའི་ཕྱིར་རྒོལ་དེ་ལ་སྔར་རྒོལ་གྱིས། དེའི་ཕྱིར་སྒྲ་མི་རྟག་ཅེས་བརྗོད་པས་རྟོགས་པ་སྐྱེ་བ་གཅིག་འོང་བར་མྱོང་བས་འགྲུབ་པར་སྣང་ཡང༌། དེ་ལྟར་བརྗོད་ན་སྐྱོན་ཆགས་པ་ཡིན་ཏེ། གལ་ཏེ་ཡུལ་བསྟན་མེད་པར་ནི། །གཏན་ཚིགས་འཇུག་པ་མེད་པའི་ཕྱིར། །ཡུལ་བསྟན་པ་དག་ཉིད་ལས་ནི། །ནུས་པ་གྲུབ་པར་འདོད་ཅེ་ན། །ཁྱབ་སྔོན་ཅན་ལ་དེ་མེད་ཀྱང༌། །སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང༌། །དོན་གྱིས་དེ་ནི་འཇིག་བློར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །གཞན་དུ་ན། སྒྲ་ཆོས་ཅན། མི་རྟག་སྟེ། ཞེས་པའི་ངག་དེ་ཆོས་ཅན། སྒྲ་མི་རྟག་པར་བརྗོད་པའི་བསྒྲུབ་བྱ་བརྗོད་པ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་མ་གྲུབ་པ་བརྗོད་པ་ཡིན་པའི་ཕྱིར། ཞེས་པའི་ཉེས་པ་འདི་ཡང་འཇུག་པར་འགྱུར་རོ། །བཤད་མ་ཐག་པའི་ཐལ་འགྱུར་དང༌། རང་རྒྱུད་ཀྱི་སྦྱོར་ཚུལ་གོ་རིམ་དེ་ལྟར་བཤད་པའི་མང་པོ་པ་དེ་དག་ཀྱང༌། རྒོལ་བ་དབང་པོ་ཤིན་ཏུ་རྟུལ་པོ་ལ་ཆེས་ལྐོག་གྱུར་གྱི་དོན་སྒྲུབ་པའི་དབང་དུ་བྱས་ཀྱི། ལྐོག་གྱུར་གྱི་དོན་སྒྲུབ་པ་ཐམས་ཅད་ལ་མ་ངེས་ཏེ། བླུན་པོ་གནག་རྫི་མོས་ཀྱང༌། དུ་བ་མཐོང་བའི་མོད་ལ་གཞི་དེར་མེ་ཡོད་པར་རྟོགས་པའི་ཡང་དག་ཤེས་པ་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་ལྟ་ན། ཚུལ་གསུམ་དང་དེའི་ལྟོས་གཞི་གསུམ་དང༌། དེ་ངེས་བྱེད་ཀྱི་ཚད་མ་དང༌། རྟགས་ཡང་དག་གི་མཚན་གཞི་དང་བཅས་པ་རྣམས་ཀྱི་རྣམ་པར་བཞག་པ་རྣམས་ཅུང་ཟད་ཟློས་པ་ལྟ་བུའི་ངག་གིས་རྒྱས་པར་བཤད་པ་འདི་ནི། གནས་འདི་དག་གངས་ཅན་གྱི་ལྗོངས་ཀྱི་རྟོག་གེ་པར་རློམ་པ་རྣམས་ཀྱི་ངན་རྟོག་གིས། ཚོང་དུས་ཀྱི་འོ་མ་བཞིན་ཆེས་ཆེར་བསླད་ནས་གྲགས་པའི་ཞབས་ཀྱི་དགོངས་པའི་ཆ་ཤས་ཙམ་ཡང་མེད་པར་མཐོང་ནས་ཚད་མར་གྱུར་པའི་གཞུང་འགྲེལ་དཔང་པོར་བྱས་ཏེ། ཤིན་ཏུ་གསལ་བའི་ངག་གིས་ཞིབ་མོར་བཤད་པ་ཡིན་པས། བཟློག་པར་བཤད་པ་དང༌། ཟློས་པར་བཤད་པ་དང༌། ཧ་ཅང་བཤད་ཆེས་པ་ཡིན་ནོ་སྙམ་དུ་མི་བསམ་ཞིང༌། བློ་གསལ་ཞིང་ཡིད་གཞུངས་པའི་སྐྱེ་བོ་དག་གིས་བཀླགས་པ་ཙམ་གྱིས་དོན་གྲུབ་ཅིང༌། མཁས་པ་རྣམས་དགའ་བ་སྐྱེད་པའི་གཏམ་དུ་སྨྲས་པ་ཡིན་ནོ། །འདིར་སྨྲས་པ། ཚུལ་གསུམ་རྟགས་དང་དེའི་ངེས་བྱེད་དང༌། །ལྟོས་གཞི་གསུམ་དང་སྦྱོར་ངག་འགོད་ཚུལ་སོགས། །དིང་སང་འདི་ན་ལོག་པར་བཤད་མཐོང་ཞིང༌། །མི་གསལ་བློ་ཅན་སྐྱེ་བོ་རྟོགས་དོན་དུ། །ཅུང་ཟད་ཟློས་པའི་ངག་གིས་ཞིབ་མོར་བཤད། །ཇི་སྐད་བཤད་པའི་དོན་དེ་ཀུན། །ཉུང་ངུའི་ངག་གིས་མདོར་བསྡུ་ན། །དེ་ཡིས་དོན་གང་སྒྲུབ་པ་ལ། །ཚུལ་གསུམ་ཚང་ཕྱིར་རྟགས་ཡིན་གྱི། །རྟགས་དེ་ཁྱབ་པ་ཡིན་ཞེས་དང༌། །ཁྱབ་པའང་ཕྱོགས་ཆོས་ཡིན་ནོ་ཞེས། །རྟགས་ཁྱབ་ཕན་ཚུན་འཆོལ་བ་གང༌། །འདི་འདྲ་རིགས་པའི་གཞུང་ན་མེད། །འབྲེལ་པ་ངེས་ནས་རྗེས་འགྲོ་དང༌། །ལྡོག་པ་ངེས་པར་བྱེད་དོ་ཞེས། །མཚན་མཚོན་གོ་རིམ་བཟློག་སྟེ་སྨྲ། །འདི་ཡང་གྲགས་པའི་གཞུང་ན་མེད། །ལྟོས་གཞི་གསུམ་དང་ཚུལ་གསུམ་པོ། །ཇི་སྙེད་བློ་ཡི་ཆོས་མིན་ན། །མཐོང་དང་རབ་གསལ་བྱེད་ཅེས་པའི། །གཞུང་གིས་ཅི་ཞིག་བསྟན་པ་སྨྲོས། །ཕྱོགས་གཉིས་དངོས་འགལ་ཡིན་གྱུར་ན། །ཁྱབ་པའི་ཚུལ་གང་གཅིག་ཏུ་འགྱུར། །བྱས་ཀུན་འཇིག་པར་ངེས་གྱུར་ཅིང༌། །སྒྲ་ཡང་བྱས་པར་ངེས་གྱུར་ན། །རྒོལ་བས་མ་གྲུབ་དོན་གང་ཞིག །སྒྲུབ་ཕྱིར་བྱས་པའི་གཏན་ཚིགས་འགོད། །དམ་བཅའ་ཚིག་གིས་ཟིན་བརྗོད་པའི། །ཡང་དག་རྟགས་ཀྱི་སྦྱོར་བ་གང༌། །ཁས་ལེན་རྟོག་གེའི་གཞུང་འདི་ནི། །ཕྱོགས་གླང་གྲགས་པའི་གཞུང་ལས་རྒལ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གསུམ་པ་མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཁོ་བོའི་རྟོག་པ་ལ་འདི་ལྟར་སྣང་སྟེ། མཚན་ཉིད་དེ་དང་ལྡན་པའི་གཏན་ཚིགས་ལ་དབྱེ་བ་ཐམས་ཅད་གཉིས་སུ་བསྡུད་དེ། ཐ་སྙད་འབའ་ཞིག་སྒྲུབ་པ་དང༌། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་གཏན་ཚིགས་གཉིས། དང་པོ་ལ། དང་པོ་བརྡའ་མ་སྦྱར་གོང་དུ་ཐ་སྙད་འདོགས་རུང་གི་ཐ་སྙད་འབའ་ཞིག་སྒྲུབ་པ་དང༌། ཕྱིས་ཐ་སྙད་བྱེད་པའི་ཚེ་ཐ་སྙད་བྱས་ཟིན་གྱི་ཐ་སྙད་འབའ་ཞིག་སྒྲུབ་པ་གཉིས་སོ། །གཉིས་པ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་ལ་དངོས་པོ་སྟོབས་ཤུགས་ཀྱི་རྟགས་ཡང་དག་དང༌། ཡིད་ཆེས་པའི་རྟགས་ཡང་དག་གཉིས་སུ་འདུས། དང་པོ་ལ། སྒྲུབ་པའི་གཏན་ཚིགས་དང་དགག་པའི་གཏན་ཚིགས་གཉིས་སུ་འདུས། གཉིས་པ་དགག་པའི་གཏན་ཚིགས་ལ། གཞི་དེར་དགག་བྱའི་ཆོས་ཡོད་ན་སྣང་རུང་ལ་མེད་ངེས་ཀྱི་ཐ་སྙད་སྒྲུབ་པའི་གཏན་ཚིགས། གཞི་དེར་དགག་བྱའི་ཆོས་ཡོད་ཀྱང་སྣང་ཏུ་མི་རུང་བ་ཡོད་ངེས་ཀྱི་ཐ་སྙད་འགོག་པའི་གཏན་ཚིགས་དང་གཉིས་སུ་འདུས་སོ། །དེ་ལྟར་གྲངས་ངེས་པའི་རྒྱུ་མཚན་ཡང༌། འབྲེལ་པ་ལ། ཐ་སྙད་ཀྱི་འབྲེལ་པ་དང༌། དོན་གྱི་འབྲེལ་པ་གཉིས་སུ་ངེས། དང་པོ་ལ། ཐ་སྙད་བྱར་རུང་གི་འབྲེལ་པ་དང༌། ཐ་སྙད་བྱས་ཟིན་གྱི་འབྲེལ་པ་གཉིས་སུ་ངེས་སོ། །དང་པོ་ནི། དོན་ཐམས་ཅད་དང༌། ཟླ་བ་ཞེས་པའི་སྒྲས་བརྗོད་རུང་གི་འབྲེལ་པ་ལྟ་བུ། གཉིས་པ་ནི། དོན་བྱེད་ནུས་པ་དང༌། དངོས་པོའི་ཐ་སྙད་ཀྱི་འབྲེལ་པ་ལྟ་བུ་ཡིན་པས། དེའི་རྒྱུ་མཚན་གྱིས་གྲགས་པའི་རྟགས་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་རྣམས་བཞག་གོ །གཉིས་པ་དོན་སྒྲུབ་ཀྱི་འབྲེལ་བ་ལའང༌། དེ་བྱུང་གི་འབྲེལ་པ་དང༌། བདག་གཅིག་གི་འབྲེལ་པ་གཉིས། དང་པོ་ལ། དེ་བྱུང་གི་འབྲེལ་པ་དངོས་དང༌། དངོས་འབྲེལ་རྒྱུ་མཚན་དུ་བྱས་པའི་ལྡོག་འབྲེལ་གཉིས་སམ། ཡང་ན་རྒྱུ་འབྲས་ཀྱི་རྗེས་འགྲོའི་འབྲེལ་པ་དང༌། ལྡོག་པའི་འབྲེལ་པ་གཉིས་སུ་ངེས་པ་དང༌། དེའི་རྒྱུ་མཚན་གྱིས་འབྲས་བུའི་རྟགས་ཡང་དག་དང༌། རྒྱུ་མ་དམིགས་པའི་རྟགས་དང་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གཉིས་བཞག་པ་ཡིན་ནོ། །བདག་གཅིག་གི་འབྲེལ་པ་ལའང༌། རྗེས་འགྲོའི་འབྲེལ་པ་དང༌། ལྡོག་པའི་འབྲེལ་པ་གཉིས། དང་པོ་ལས་རང་བཞིན་གྱི་རྟགས་དང༌། གཉིས་པ་ལ། སྤྱི་དང་བྱེ་བྲག་གི་ལྡོག་འབྲེལ་དང༌། མཚན་ཉིད་དང་མཚོན་བྱའི་ལྡོག་འབྲེལ་གཉིས་ལས། དང་པོ་ལས། ཁྱབ་བྱེད་མ་དམིགས་པ་དང༌། གཉིས་པ་ལས་རང་བཞིན་མ་དམིགས་པ། དངོས་འབྲས་མ་དམིགས་པ། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་རྣམས་བཞག་གོ །དོན་དེ་ལ་དགོངས་ནས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐ་སྙད་འབའ་ཞིག་བསྒྲུབ་པའི་རྟགས་ཡང་དག་རྣམས་བཤད་པ་དང༌། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་གཏན་ཚིགས་ཡང་དག་རྣམས་བཤད་པའོ། །དང་པོ་ལ། ཐ་སྙད་བྱར་རུང་གི་ཐ་སྙད་འབའ་ཞིག་སྒྲུབ་པ་དང༌། ཐ་སྙད་བྱས་ཟིན་གྱི་ཐ་སྙད་འབའ་ཞིག་སྒྲུབ་པ་གཉིས། དང་པོ་ལ་མཚན་ཉིད་དང༌། མཚན་གཞི་ངོས་བཟུང་བ། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་གཟུང་བྱའི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་དེའི་ཐ་སྙད་བྱ་རུང་དུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བ། གཉིས་པ་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། ཡོད་པའི་ཕྱིར་ཞེས་དང༌། དོན་བྱེད་ནུས་པ་ཆོས་ཅན། དངོས་པོ་ཞེས་པའི་ཐ་སྙད་བྱར་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ཡང་ཐ་སྙད་འབའ་ཞིག་བསྒྲུབ་པ་ཡིན་གྱི་དོན་ཅུང་ཟད་ཀྱང་མི་འགྲུབ་སྟེ། ཆོས་ཅན་དུ་གཟུང་བྱ་རི་བོང་ཅན་དང༌། དོན་བྱེད་ནུས་པར་ངེས་པ་ན་བསྒྲུབ་བྱའི་ཆོས་ཀྱི་དོན་དེ་གྲུབ་ཟིན་པའི་ཕྱིར། འདི་དག་ཀྱང་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཏུ་བཞག་པར་མི་ནུས་ཏེ། རྟགས་དེ་དག་གིས་སྒྲུབ་པར་བྱ་བ་དེ་དག སྐྱེས་བུའི་རྣམ་པར་རྟོག་པས་བྱས་པ་ཡིན་གྱི་དངོས་པོའི་སྟོབས་ལས་ཞུགས་པ་མ་ཡིན་པའི་ཕྱིར་ཏེ། རི་བོང་ཅན་ལ་ཟླ་བ་ཞེས་དང༌། དོན་བྱེད་ནུས་པ་ལ་དངོས་པོ་ཞེས་པའི་བརྡའ་འདོགས་པ་སྐྱེས་བུའི་བརྗོད་འདོད་ཁོ་ན་ལ་རག་ལས་པ་ཡིན་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པ་སོགས་དང་འདི་མི་འདྲ་སྟེ། སྒྲ་མི་རྟག་པ་ཡིན་པ་ལྟ་བུ་ནི། འདོད་པས་བྱས་པ་མིན་གྱི་ཡེ་གདོད་མ་ནས་དངོས་པོའི་སྟོབས་ཀྱིས་འོངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་བོད་གང་དག ལྟོ་ལྡིར་བ་དངོས་པོའི་ཐ་སྙད་བྱར་རུང་དུ་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པ་འདི་ལྟ་བུ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཏུ་འདོད་པ་ཡང་བསལ་བ་ཡིན་ཏེ། ལྟོ་ལྡིར་བ་དངོས་པོའི་ཐ་སྙད་བྱར་རུང་ཡིན་པ་དེ་ཡང༌། སྐྱེས་བུའི་རྣམ་པར་རྟོག་པས་བཏགས་པ་ཙམ་ཡིན་གྱི། དངོས་པོའི་སྟོབས་ལ་ཞུགས་པ་མ་ཡིན་པའི་ཕྱིར། དེ་ལ་དངོས་པོ་མིན་པའི་ཐ་སྙད་ཀྱང་བྱར་རུང་བའི་ཕྱིར་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར་རོ། །དེས་ན་འདི་ནི་གྲགས་པའི་གཏན་ཚིགས་ཡང་དག་ཏུ་རྟོགས་ཏེ། དེའི་དོན་ལྡོག་གང་ཡོད་པ་དེ་དག་འདི་ལའང་རྗེས་སུ་ཞུགས་པའི་ཕྱིར་དང༌། དེའི་དངོས་པོའི་ཐ་སྙད་དུ་བྱར་རུང་མིན་པ་དེ་གྲགས་པས་བསལ་བ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། སྒྲ་ནི་བརྡའ་ལ་བརྟེན་པ་ཅན། །དེ་ཡང་འདོད་ཙམ་བརྟེན་པ་ཡིན། །སྒྲ་ཡིས་གྲུབ་པ་མ་གྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པ་གསུངས། །ཞེས་སོགས་ཀྱི་གཞུང་གི་དོན་མཐའ་དག་འདི་ལ་རྗེས་སུ་ཞུགས་པའི་ཕྱིར། གྲགས་པའི་རྟགས་ཡང་དག་དང༌། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གཉིས་མི་འགལ་ལོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། ཇི་སྐད་དུ། དེས་ནི་དངོས་རྣམས་ཡོད་མེད་པའི། །རྗེས་སུ་འཇུག་ཅན་རྗེས་དཔག་ལས། །ཐ་དད་དེ་དབང་མི་འཇུག་པ། །དེ་འདོད་ལས་སྐྱེས་ཡིན་ཞེས་བསྟན། །ཞེས་གནོད་ཡུལ་དང་བསྒྲུབ་བྱ་འགལ་བར་བཤད་པའི་ཕྱིར། དེ་ཡང་གང་རྟོག་ཡུལ་ན་ཡོད་པ་ཐམས་ཅད་ཟླ་བ་ཞེས་པའི་ཐ་སྙད་བྱར་རུང་བ་དེ་ཡང༌། དང་པོ་བརྡའ་འདོགས་པའི་ཚེ། དོན་གང་ལ་སྦྱར་ཡང་རུང་བ་ཙམ་ཡིན་མོད། ཕྱིས་ཐ་སྙད་ཀྱི་ཚེ་ནི། རི་བོང་ཅན་ལྟ་བུ་དོན་ཉི་ཚེ་བ་ཁོ་ན་ལ་འཇུག་པ་ཡིན་ཏེ། དེ་ལྟར་མིན་ན་ཐམས་ཅད་འཆོལ་བར་འགྱུར་བའི་ཕྱིར་དང༌། ནོག་ལྐོག་ཤལ་དང་མི་ལྡན་པའི་རྟགས་ཀྱིས་འགའ་ཞིག་བ་ལང་གི་ཐ་སྙད་བྱར་རུང་མིན་པར་སྒྲུབ་པའང་མེད་པར་འགྱུར་རོ། །དེ་སྐད་དུ། མིང་དུ་གདགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བཟློག་པའི་ཕྱིར། །མགོན་པོས་མིང་དུ་གདགས་པ་མཛད། །ཅེས་གསུངས་སོ། །དེ་བས་ན་ཐ་སྙད་ཀྱི་ཚེ། ཟླ་བ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་ན། བསིལ་ཟེར་ཅན་རང་མཚན་ནམ། དེའི་དོན་སྤྱི་གང་རུང་ཡིན་པས་ཁྱབ་པ་དང༌། བརྡའ་དུས་སུ་ནམ་མཁའ་ལའང༌། དངོས་པོ་ཞེས་པའི་ཐ་སྙད་བྱར་རུང་མོད། ཐ་སྙད་ཀྱི་ཚེ་དེའི་སྒྲའི་བརྗོད་བྱ་ཡིན་ན། དོན་བྱེད་ནུས་པ་རང་མཚན་ནམ་དེའི་དོན་སྤྱི་གང་རུང་ཡིན་པས་ཁྱབ་པའི་ཕྱིར་ན། ལྟོ་ལྡིར་བ་དངོས་པོར་སྒྲུབ་པ་ལ་དོན་བྱེད་ནུས་པ་དང༌། རི་བོང་ཅན་ཟླ་བར་བསྒྲུབ་པ་ལ་བསིལ་ཟེར་ཅན་རྟགས་སུ་བཀོད་པ་ནི། དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་སོ་ཞེས་བརྗོད་ཀྱང་འགལ་བ་ཆེར་མེད་ལ། ཡང་ན་འདི་ཐ་སྙད་བྱས་ཟིན་གྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་གྲགས་པའི་གཏན་ཚིགས་སོ་ཞེས་བྱ་བ་འདི་ལེགས་པ་ཡིན་ནོ། །རི་བོང་ཅན་ཟླ་བ་མིན་པ་དེ་གྲགས་བསལ་དུ་བཤད་པས་ཀྱང་འདི་གྲུབ་པ་ཡིན་ནོ། །ཞར་ལ་འདི་སྐད་བཤད་པ་བྱ་སྟེ། གྲགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི། རྟགས་གསུམ་ལས་གང་ཡིན་དཔྱད་པའོ། །དང་པོ་ནི། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་དེ་ཡིན་ན། ཚུལ་མཐོང་གི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གཞལ་བྱ་མིན་ཞིང༌། སྐྱེས་བུའི་བརྗོད་འདོད་ཙམ་གྱིས་གྲུབ་པའོ། །དེ་སྐད་དུ་ཡང༌། སྐྱེས་བུའི་འདོད་དང་རྗེས་འབྲེལ་བ། །འདོད་སྒྲའི་བརྗོད་བྱ་ཉིད་དོན་ལ། །བཀག་མེད་ཕྱིར་ན་གནོད་མེད་དག །ཅེས་དང༌། འདོད་པས་འཇུག་ཕྱིར་དགག་མེད་པ། །ཞེས་སོགས་དང༌། སྒྲ་ཡི་སྒྲུབ་པ་མ་གྲུབ་མིན། །ཞེས་སོ། །རི་བོང་ཅན་སོགས་ཟླ་བ་ཞེས་པའི་སྒྲའི་བརྗོད་རུང་ཡིན་པ་དེ་ཚུར་མཐོང་གི་དངོས་སྟོབས་ཚད་མས་མི་འགྲུབ་སྟེ། སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །ཞེས་དེ་འདྲ་དེ། ཚུར་མཐོང་གིས་མངོན་སུམ་གྱིས་མི་འགྲུབ་པར་བཤད་ཅིང༌། ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །ཞེས་དེ་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་མེད་པར་གསུངས་པའི་ཕྱིར། ཁ་ཅིག་ཚུལ་གསུམ་གྲགས་པས་གྲུབ་པ་དང༌། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པ་དང༌། ཚུལ་གསུམ་ཡིད་ཆེས་པའི་ཚད་མས་གྲུབ་པ་ཞེས་ཟེར་མོད། དེ་ཙམ་གྱིས་རྟགས་གསུམ་གྱི་ཁྱད་པར་དབྱེ་མི་ནུས་ཏེ། ཡུལ་གྱི་ཁྱད་པར་བསྟན་པ་ཡི། །ཕྱིར་ན་ཐ་དད་བྱས་པ་ཡིན། །ཞེས་གནོད་ཡུལ་དང་བསྒྲུབ་བྱའི་སྒོ་ནས་ཁྱད་པར་དབྱེ་དགོས་པར་གསུངས་པའི་ཕྱིར་དང༌། གྲགས་ཡིད་གཉིས་ཀྱི་ཚུལ་གསུམ་ཀའམ་གང་རུང་དངོས་པོ་སྟོབས་ཤུགས་ཀྱིས་གྲུབ་པའང་དུ་མ་ཡོད་པའི་ཕྱིར། གཉིས་པ་མཚན་གཞི་ནི། རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེ་ནི། རི་བོང་ཅན་གྱི་དོན་སྤྱི་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་དངོས་སུ་བརྗོད་དུ་རུང་བ་ཡིན་ཏེ། རྟོག་པའི་སྣང་ཡུལ་ན་ཡོད་པའི་ཕྱིར། ཞེས་དང༌། རི་བོང་ཅན་རང་མཚན་ཆོས་ཅན། དེས་ཞེས་པར་བརྗོད་དུ་རུང་སྟེ། རྟོག་པའི་གཟུང་ཡུལ་དང་ཞེན་ཡུལ་ན་ཡོད་པའི་ཕྱིར་ཞེས་གསུངས་ལ། རིགས་གཏེར་ལས། འཆད་ན་གཉིས་སུ་ཡོད་མོད་ཀྱི། །འཇུག་པའི་ཚེ་ན་དབྱེ་བ་མེད། །ཅེས་གསུངས་སོ། །དེས་ན་གང་རྟོག་ཡུལ་ན་ཡོད་པ་ཡིན་ན། ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པས་ཁྱབ། དཔེར་ན་ག་པུར་བཞིན་ནོ། །རི་བོང་ཅན་ཡང་རྟོག་པའི་ཡུལ་ན་ཡོད་ཅེས་པ་རང་བཞིན་གྱི་རྟགས་སོ། །དེ་སྐད་དུ། ག་པུར་དང་ནི་དངུལ་སོགས་ལ། །ཟླ་བའི་སྒྲ་ནི་གཞན་དུ་སྒྲགས། །དེ་ཉིད་དཔེར་བྱས་རི་བོང་ཅན། །ཟླ་བར་སྒྲུབ་པ་ཐུན་མོང་རྟགས། །ཞེས་གསུངས་པ་ལྟར་རོ། །དེ་ལ་དེའི་མཚན་ཉིད་ཚང་བའི་ཚུལ་ཡང༌། རི་བོང་ཅན་ཟླ་བ་ཞེས་པའི་སྒྲའི་བརྗོད་རུང་ཡིན་པ་དེ། གྲགས་པ་མཚན་ཉིད་པ། སྐྱེས་བུའི་རྣམ་རྟོག་གཏིང་ཚུགས་ཀྱིས་གྲུབ་ཅིང༌། དེ་མིན་པ་ལ། གྲགས་པ་བཏགས་པ་བ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་གིས་གནོད་པའི་ཕྱིར། དེ་སྐད་དུ་ཡང༌། ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །ཅེས་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་སྟེ། ཡུལ་གྱི་གྲགས་པ་བཏགས་པ་བ་དང༌། དེའི་ཡུལ་ཅན་གྱི་ཤེས་བརྗོད་དོན་མཐུན་ལ་ཡུལ་ཅན་གྱི་གྲགས་པ་མཚན་ཉིད་པར་གསུངས་ཤིང༌། སྒྲ་ཡི་རུང་བ་ཉིད་དེ་ཡིས། །མི་མཐུན་པ་དག་གནོད་པར་འགྱུར། །ཞེས་གྲགས་པ་བཏགས་པ་བ་དེ་སེལ་བྱེད་མཚན་ཉིད་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན། ཡུལ་གྱི་གྲགས་པ་ལ་སྒྲ་བྱུང་གི་གྲགས་པ་དང༌། ཡུལ་ཅན་གྱི་གྲགས་པ་ལ་ཐ་སྙད་ཀྱི་གྲགས་པ་ཞེས་པའི་བརྡའ་འཆད་ཀྱང་ལེགས་པ་ཡིན་ནོ། །རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེ་ལ་སོགས་པ་གྲགས་པ་ལ་བརྡའི་གྲགས་པ་དང༌། ཐ་སྙད་ཀྱི་གྲགས་པ་གཉིས་སུ་མཛད་ནས། མིང་གི་རྣམ་གྲངས་ཀྱིས་ཞེན་རུང་བརྡའི་གྲགས་པ་དང༌། དོན་ལྡོག་ལ་སྒྲ་བློས་ཞེན་རུང་ཐ་སྙད་ཀྱི་གྲགས་པ་ཞེས་བཞེད་ལ། རིགས་གཏེར་མཛད་པ་ནི། གྲགས་པ་འཆད་པའི་སྐབས་ཀྱི་ཐ་སྙད་དེ་ཡུལ་ཅན་གྲགས་པ་ལ་བྱེད་དགོས་ཀྱི། མཚོན་བྱ་ལ་བྱེད་པ་མ་ཡིན་པར་བཞེད་དེ། ཇི་སྐད་དུ། ལ་ལ་བརྡའ་དང་ཐ་སྙད་ཀྱི། །གྲགས་པ་གཉིས་སུ་འབྱེད་པ་ཡོད། །ཐ་སྙད་འདི་ཡི་སྐབས་དོན་མིན། །ཞེས་གསུངས་སོ། །དོན་དེ་ཉིད་ཀྱི་ཕྱིར་སྔར་བཤད་པ་ལྟར་ལྟོ་ལྡིར་བ་དངོས་པོའི་ཐ་སྙད་བྱར་རུང་ཡིན་པ་དེ་དང་དེའི་ཡུལ་ཅན་གྱི་རྣམ་རྟོག་རྣམས་གྲགས་པ་ཡིན་པ་དང༌། དེའི་ལོག་ཕྱོགས་གྲགས་བསལ་ཡིན་པར་ནི་ཁས་ལེན་དགོས་ལ། དེ་ཡང་བརྡའི་གྲགས་པ་དང་གྲགས་བསལ་ལམ། སྒྲ་བྱུང་གི་གྲགས་པ་དང༌། གྲགས་བསལ་དུ་བཞག་དགོས་སོ། །གཞུང་ལས། སྒྲ་བྱུང་གྲགས་པ་ཞེས་གསུངས་པ་ནི། བརྡའ་སྤྲོད་པ་དང༌། མདོའི་འབྲེལ་བྱེད་ཁ་ཅིག་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དེ་དངོས་པོའི་གྲགས་པ་དང༌། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དེ། དངོས་པོའི་གྲགས་བསལ་དུ་འདོད་པ་དགག་པའི་ཆེད་ཡིན་པར་ལྷ་ཤག་གིས་བཤད་དོ། །ཆོས་ཀྱི་སྤྱན་ལྡན་ལོ་ཙྭ་བ་ཆེན་པོས། རྣམ་པར་ངེས་པའི་རྣམ་བཤད་ལས། གྲགས་པ་ནི་རྣམ་པ་གཉིས་ཏེ། དངོས་པོའི་རུང་བ་དང༌། སྐྱེས་བུའི་ངེས་པའོ། །དང་པོ་ནི་བརྡའི་ཡུལ་དུ་རུང་བ་ཙམ་ཡིན་ནོ། །སྐྱེས་བུའི་ངེས་པ་ནི་བརྡའ་བྱས་པའི་འོག་ཏུ་དེ་དང་མཐུན་པའི་ཐ་སྙད་འདོགས་པའོ། །དེ་ལ་བརྡའི་རུང་བ་ནི་དོན་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། སྔོན་བརྡའ་བྱེད་པས་བུམ་པ་ལ་ཟླ་བའི་སྒྲ་སྦྱར་ཡང་མི་འགལ་བའི་ཕྱིར་རོ། །ཞེས་དང༌། ཐ་སྙད་ནི་ཉེ་ཚེ་བའི་ཡུལ་ཅན་ཡིན་པས་འགའ་ཞིག་ལ་དགག་པར་ནུས་པ་ཡིན་ནོ། །དཔེར་ན་འདི་ནི་བ་ལང་གི་ཐ་སྙད་དུ་བྱ་བ་ཡིན་ཏེ། ནོག་དང་ལྐོག་ཤལ་ལ་སོགས་པ་དང་མི་ལྡན་པའི་ཕྱིར། །ཞེས་བྱ་བ་བཞིན་ནོ། །དང་པོ་དོན་ཐམས་ཅད་ལ་བ་ལང་གི་བརྡར་རུང་བ་ཡིན་ཡང༌། སྔོན་སྐྱེས་བུས་དོན་ངེས་པ་ལ་བརྡའ་བྱས་པའི་ཕྱིར་རྒྱུ་མཚན་ངེས་པ་ལ་ལྟོས་ལ། དེས་རྒྱུ་མཚན་མེད་པ་གཞན་ལ་དགག་པར་ནུས་པ་ཡིན་ནོ། །ཞེས་གསུངས་སོ། །འདིར་ཕྱི་རབས་ཀྱི་རྟོག་གེ་པ་ཁ་ཅིག་ན་རེ། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། ཞེས་པ་ནི་བརྡའ་སྤྲོད་པའི་ངོར་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་འགྱུར་བ་ཡིན་ཏེ། དེས་རི་བོང་ཅན་དངོས་པོའི་དབང་གིས་བརྗོད་རུང་དུ་འདོད་པའི་ཕྱིར། དེས་ན་རི་བོང་ཅན་ཆོས་ཅན། བརྡའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་འགོད་དགོས་པ་ཡིན་ནོ། །ཞེས་གསུང་ངོ༌། །འདི་ཡང་བརྡའ་སྤྲོད་པས། གྲགས་བསལ་ཇི་ལྟར་ཁས་བླངས་པ་དང་བརྡའ་སྤྲོད་པའི་འདོད་པ་དང༌། རང་གི་སྡེ་པའི་འདོད་པ་སོ་སོར་མ་ཕྱེད་པའི་ལོག་རྟོག་ཡིན་པས་དེའི་ཚུལ་བཤད་ན། བརྡའ་སྤྲོད་པ་ན་རེ། ནམ་མཁའི་འོད་དཀར་ཅན་དེའི་མིང་ནི། རི་བོང་ཅན་ཞེས་བྱ་ལ། དེ་ཡང་སྒྲ་བཟང་པོ། བཤད་པ་རྒྱུ་མཚན་ཅན་ཡིན་ལ། མིང་དེ་དང་དོན་དེ་གཉིས་ལ། དངོས་པོའི་འབྲེལ་པ་གྲུབ་པ་ཡིན་པས། དོན་དེ་རི་བོང་ཅན་མིན་པར་དམ་བཅས་ན། དེ་ལ་གྲགས་པས་གནོད་པ་ཡིན་གྱི། རི་བོང་ཅན་ཟླ་བ་མིན་པར་དམ་བཅས་པ་ལ། གྲགས་པས་གནོད་པ་མིན་ཏེ། ཟླ་བ་ཞེས་པ་ནི། མིང་ངན་པ་འཇུག་མི་རུང་ཡིན་ཞིང༌། སྐྱེས་བུ་ལ་ལས་རང་དགར་སྦྱར་བ་ཡིན་པས། རི་བོང་ཅན་ཟླ་བ་མ་ཡིན་པར་དམ་བཅས་པ་ལ་ནི་གྲགས་པས་མི་གནོད་པར་མ་ཟད་དམ་བཅའ་ཡང་དག་ཡིན་ནོ། །དེ་ཡང་དཔེར་ན། ལྟོ་ལྡིར་བ་དང་བུམ་པ་ཁོ་ན་ལ་མིང་དོན་གྱི་འབྲེལ་པ་གྲུབ་ཀྱི། ཟླ་བ་སོགས་དང་མིང་དོན་གྱི་འབྲེལ་པ་མ་གྲུབ་པས། ལྟོ་ལྡིར་བ་ཟླ་བ་མིན་པར་དམ་བཅས་པ་ལའང༌། འཇིག་རྟེན་གྱི་གྲགས་པས་མ་གནོད་པ་བཞིན་ནོ་ཞེས་འདོད་དོ། །འདི་ལ། ཕྱོགས་ཀྱི་གླང་པོས་དགག་པ་ཇི་ལྟར་མཛད་ཚུལ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། རྗེས་སུ་དཔག་པ་ནི་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་བསལ་བ་དེ་ཡང་ཕྱོགས་མིན་ནོ་ཞེས་གསུངས་ལ། དེའི་དོན་འཆད་པ་ལ། དཔལ་ལྡན་གྲགས་པས་ནི། རྟོག་ཡུལ་ན་ཡོད་པའི་དོན་གང་ལ་ཡང་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་མི་སྲིད་པའི་ཕྱིར། རི་བོང་ཅན་དུ་མ་ཟད་ཀྱི། ཡོད་པའི་དོན་གང་ཡང་རུང་བ་ཅུང་ཟད་ཅིག ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མིན་པར་སྨྲས་ནའང༌། དེའི་ཞེན་དོན་ལ་གྲགས་པས་གནོད་པ་ཡིན་ནོ། །ཞེས་འཆད་ལ། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ནི། འཇིག་རྟེན་ན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་རི་བོང་ཅན་གཅིག་པུ་ལས་མེད་པས། དེ་སྒྲུབ་པའི་གཏན་ཚིགས་རྣམས་ཐུན་མོང་མིན་པའི་གཏན་ཚིགས་དང༌། དེའི་ལོག་ཕྱོགས་གཅིག་པུ་ལ་གྲགས་པས་གནོད་ཀྱི། བུམ་པ་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་སོགས་ལ་གྲགས་པས་མི་གནོད་པར་འདོད་དོ། །དེ་ལ་དཔལ་ལྡན་གྲགས་པས། དགག་པ་མཛད་པ་ནི། དེ་ལྟར་ན་ཟླ་བ་ཞེས་པའི་སྒྲ་དེ་དངོས་པོའི་དབང་གིས་འཇུག་པར་འགྱུར་ཏེ། རི་བོང་ཅན་ཁོ་ན་ལ་འཇུག་ལ་གཞན་གང་ལ་ཡང་འཇུག་ཏུ་མི་རུང་བའི་ཕྱིར། ཞེས་ཁས་བླངས་ནང་འགལ་བརྗོད་པར་མཛད་པ་ཡིན་ནོ། །དེས་ན་ཟླ་བ་ཞེས་པའི་མིང་དེ། རི་བོང་ཅན་ཁོ་ནའི་མིང་དུ་འདོད་པ་ནི། རང་གི་སྡེ་པའི་འདོད་པ་ཡིན་ལ། བརྡ་སྤྲོད་པ་སྤྱིར་རྗོད་བྱེད་ཀྱི་སྒྲ་དངོས་པོའི་དབང་གིས་འཇུག་པར་འདོད་ཀྱང༌། རི་བོང་ཅན་ལ་ནི་ཟླ་བ་ཞེས་པའི་སྒྲ་སྐྱེས་བུའི་འདོད་པས་སྦྱོར་བར་ཟད་ཀྱི་བརྗོད་དུ་རུང་བ་ནི་མིན་ཏེ། དེ་གཉིས་ལ་དངོས་པོའི་འབྲེལ་པ་མེད་པའི་ཕྱིར། དཔེར་ན་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བརྗོད་པ་བཞིན་ནོ། །ཞེས་འདོད་པར་ངེས་སོ། །དེས་ན་རང་གཞན་གྱི་སྡེ་པ་གང་གི་ངོར་ཡང་རུང་སྟེ། བུམ་པ་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་བཀོད་ན་འཁྲུལ་པ་མེད་དོ་སྙམ་དུ་ཁོ་བོ་སེམས་སོ། །དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ཡང༌། རྗོད་བྱེད་ཀྱི་སྒྲ་ནི་བརྡའ་ལ་བརྟེན། བརྡའ་དེ་ཡང༌། བརྗོད་འདོད་ལ་རག་ལས། སྐྱེས་བུའི་བརྗོད་འདོད་ལ་ནི་སུས་ཀྱང་གེགས་བྱ་བར་མི་ནུས་པའི་ཕྱིར་རོ་ཞེས་པའོ། །འདོད་པ་ཙམ་གྱིས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ་ཟེར་བ་ལྟར་ན། ཕྱི་རོལ་པས་གྲགས་རྟགས་ཡང་དག་མི་འདོད་པར་ཐལ་བ་དང༌། གྲགས་པའི་གཏན་ཚིགས་ཀྱི་ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་ཉེས་པ་འབྱུང་བར་འགྱུར་ཏེ། གྲགས་རྟགས་ཡང་དག་གི་ཁྱབ་པ་གྲུབ་པ་ན། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་རྗོད་བྱེད་དམ་བརྡའ་ཙམ་གྱིས་འཇུག་པའི་ཕྱིར་ཞེས་པ་ལས་ལྷག་པའི་རིགས་པ་ཆོས་ཀྱི་གྲགས་པས་མ་གསུངས་པའི་ཕྱིར། གཞན་ཡང་གྲུབ་ཟིན་སྒྲུབ་པའི་ཉེས་པ་ནི་ཁྱེད་ཀྱི་འདི་ལ་འཇུག་པ་ཡིན་ཏེ། ཟླ་བ་ཞེས་པའི་སྒྲ་དེ་རི་བོང་ཅན་ལ་འདོད་པ་ཙམ་གྱིས་སྦྱར་བ་ཡིན་གྱི། དངོས་པོའི་དབང་གིས་མིན་པས། དེ་ལ་སྒྲ་དེ་འཇུག་ཏུ་རུང་བ་མེད་དོ་ཞེས་པ་བརྡའ་སྤྲོད་པའི་ཞེ་འདོད་ཀྱི་རྩ་བར་སྣང་བའི་ཕྱིར་དང༌། དེ་སྐད་འདོད་པ་དེ་ལ་སངས་རྒྱས་པས། དེ་ཁོ་ནར་མ་ཟད་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བརྗོད་འདོད་ཀྱིས་འཇུག་པ་ཡིན་གྱི། གཞན་སྒྲ་འཇུག་པའི་རྒྱུ་མཚན་ལོགས་པ་མེད་དོ་ཞེས་སྒྲུབ་པ་དཔལ་ལྡན་གྲགས་པའི་གཞུང་གི་དེ་ཁོ་ན་ཉིད་དུ་ཞུགས་པའི་ཕྱིར། དེས་ན་འདོད་པས་འཇུག་པ་དང༌། བརྡའ་དབང་གིས་འཇུག་པ་ཞེས་པ་གྲགས་པ་འཆད་པའི་གཞུང་གི་ཆ་ཤས་གང་དུ་ཡང༌། སྒྲུབ་བྱེད་ཁོ་ནར་གསུངས་ཀྱི་བསྒྲུབ་བྱར་གསུངས་པ་མེད་དོ། །འོ་ན་རི་བོང་ཅན་དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲ་བརྗོད་རུང་དུ་སྒྲུབ་པའི་རྟགས་ཡང་དག་མེད་དོ་ཞེས་གཞུང་ལས་ཡང་ཡང་གསུང་ན། དེ་སྐད་འདོད་པ་དེ་སུ་ཞིག་གི་འདོད་པ་ཡིན་སྙམ་ན། འདི་ལྟར་སྒྲ་ཡུལ་ལ་དངོས་པོའི་དབང་གིས་འཇུག་པར་འདོད་པ་དེ་དགག་པར་བཞེད་ནས། དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པར་གསུངས་པ་མིན་ཏེ། དེ་ནི་སྔར་ལེའུ་དང་པོར་དངོས་སུ་བཀག་ཟིན་པའི་ཕྱིར་དང་འདིར་ནི་ཡོངས་གཅོད་ཀྱི་ཕྱོགས་ལ་སྒྲུབ་བྱེད་འཆད་པའི་སྐབས་སུ་བབ་པའི་ཕྱིར་རོ། །དེས་ན་འདི་ལྟར་ཡང་ན་འཇིག་རྟེན་བརྗོད་པ་ལ། ཞེས་སོགས་ཀྱི་སྒྲ་དངོས་དབང་གིས་འཇུག་པ་གཙོ་བོར་འགོག་པ་མིན་གྱི། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དེ། གཙོ་བོར་གྲགས་པས་བསལ་བར་སྟོན་པ་ཡིན་ནོ། །དེ་ཡང༌། དེ་ལྟ་བུ་དེ་གྲགས་པས་བསལ་བ་ཡིན་ཏེ། དེ་དེས་བརྗོད་རུང་མིན་པར་བསྒྲུབ་པ་ལ་སྒྲུབ་བྱེད་མེད་པའི་རྒྱུ་མཚན་གྱིས་དེ་དེས་བརྗོད་རུང་དེ་རྗེས་དཔག་གིས་ནི་གྲུབ་ལ། དེ་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་མེད་པའི་ཕྱིར་ཞེས་སྟོན་པ་ཡིན་ནོ། །དེ་ལྟར་བྱས་ན་གྲགས་བསལ་འཆད་པའི་སྐབས་སུ་སྒྲ་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་པ་དང༌། བརྡའ་ཙམ་གྱིས་འཇུག་པ་ནི་གྲགས་པའི་སྒྲུབ་བྱེད་ཡིན་གྱི། བསྒྲུབ་བྱ་གྲགས་པ་ཉིད་མིན་ལ། དོན་ཐམས་ཅད་ལ་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་འཇུག་ཏུ་རུང་བ་དེ། བསྒྲུབ་བྱ་དང་སེལ་བྱེད་གྲགས་པ་ཉིད་ཡིན་པར་གཞུང་གིས་བསྟན་ཏེ། ཇི་སྐད་དུ། བརྡའ་འགོག་མེད་ལས་སྐྱེས་པ་ཡི། །གྲགས་པ་ཞེས་བྱའི་རྗེས་སུ་དཔག །རུང་བ་ཡུལ་ཅན་གྱིས་གནོད་བྱེད། །ཅེས་བརྡའ་འགོག་པ་མེད་པ་སྒྲུབ་བྱེད་དང༌། གྲགས་པ་བསྒྲུབ་བྱར་གསུངས་སོ། །དེས་ན་སྐབས་དེ་དག་ཏུ། རི་བོང་ཅན་དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མིན་པར་སྒྲུབ་པའི་གཏན་ཚིགས་ཡང་དག་དང༌། བརྡའི་དབང་གིས་འཇུག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་གསུངས་པ་མེད་ཅིང༌། གསུང་མི་དགོས་པ་ཡིན་ནོ། །ཇི་སྐད་དུ། འཇམ་དབྱངས་ཀྱིས། བརྗོད་འདོད་དབང་གིས་འཇུག་པ་ཡང༌། །བསྒྲུབས་ཟིན་དེས་ན་གྲགས་པའང་འགྲུབ། །ཅེས་སོ། །ཞར་ལ་འདི་དཔྱད་དེ། གཞུང་ལས། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་དེ་ཐུན་མོང་མ་ཡིན་པར་བཤད་པའི་དགོས་པ་ནི། དེ་འདྲའི་གཏན་ཚིགས་དེ་བརྡའ་སྤྲོད་པས་སངས་རྒྱས་པའི་ངོར་བཀོད་པའི་ཚེ། སྔར་རྒོལ་གྱིས་ཕྱོགས་ཆོས་གྲུབ་ཅིང༌། ཕྱོགས་གཉིས་ཀ་ལ་སྔར་རྒོལ་གྱི་ཚད་མས་མ་མཐོང་བས་ཐུན་མོང་མིན་པའི་མ་ངེས་པ་ཡིན་ལ། དེའི་ཕྱིར་ཁོ་རང་གི་བློ་ངོར་ཁྱབ་པ་མི་འགལ་ལ། ཕྱིར་རྒོལ་གྱི་ངོར་ནི། ཕྱོགས་ཆོས་གྲུབ་ཅིང༌།  མི་མཐུན་པའི་ཕྱོགས་ཁོ་ན་ལ་ཞུགས་པས་འགལ་བའི་གཏན་ཚིགས་སུ་འགྱུར་བ་ཡིན་ནོ། །ཇི་སྐད་དུ། འཇམ་དབྱངས་ཀྱིས། གྲགས་པ་ཡུལ་འདིར་མི་འཇུག་ཅེས། །བརྗོད་པའི་དཔེ་གཞན་རྙེད་དཀའ་བས། །ཐུན་མོང་ཉིད་མིན་མཉན་བྱ་བཞིན། །ཞེས་དང༌། སྒྲ་ཡི་དོན་གྱི་ཡོད་པ་ལ། །ཟླ་བར་རུང་ཕྱིར་འགལ་བ་ཡིན། །ཞེས་གསུངས་ཤིང༌། ཆོས་མཆོག་གིས། དེས་ན་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པས། ཐུན་མོང་མིན་པ་ཉིད་ཡིན་གྱི། མ་ངེས་པ་ནི་མིན་ཏེ། འདི་ལྟར་རྣམ་པར་རྟོག་པ་གནས་པའི་ཡོད་པ་ནི་འགལ་བ་ཡིན་ཏེ། ཡོད་པ་ཉིད་ཟླ་བ་ཡིན་པའི་ཕྱིར། ཞེས་གསུངས་སོ། །དེ་ལྟར་ཡང༌། འདི་ཐུན་མོང་མ་ཡིན་པའི་མ་ངེས་པར་འགྱུར་བ་ཡེ་མི་སྲིད་པ་ནི་མ་ཡིན་ཏེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*