དཔལ་འཁོར་ལོ་སྡོམ་པ་ལ་རྒྱུན་ཆགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་བསྟོད་པ་དང༌། བདེ་མཆོག་རྣམ་བཤད། ཁ ༽

སྔ་མ་ལ་བསྲེ་བ་ནི་སྟོང་ཉིད་བསྒོམས་རྗེས་ཀྱི་ནཱ་ད་དེ་མངོན་བྱང་གསུམ་པའི་དུས་ཉིད་དུ་འཇུག་པར་ཁས་བླངས་སོ། །བླངས་མོད་ཅིར་འགྱུར་ཞེ་ན། དུས་དེའི་བར་དོ་རྫས་གཞན་གཉིས་ཁས་བླངས་པར་འགྱུར་ཏེ། རྒྱུའི་རྡོར་འཛིན་ཞལ་ཕྱག་གྲུབ་མ་གྲུབ་གཉིས་ལས་སོ་སོར་འཇུག་པའི་ཕྱིར། ཞལ་ཕྱག་ཏུ་གྲུབ་ནས་བར་དོ་མི་འཇུག་ཀྱང་ཞུ་བའི་རྐྱེན་བདེ་བ་ཉིད་དོ། །ཞེ་ན། རྒྱུ་རྡོ་རྗེ་འཛིན་པ་ཕ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་སོགས་ཁས་ལེན་པ་དང་འགལ་བར་འགྱུར་ཏེ། བར་དོ་མ་ཞུགས་པར་ཕ་མི་འབྱུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། རང་ལུགས་དང་པོ་ལ་བརྗོད་པ་དང༌། གཉིས་པ་ལ་བརྗོད་པའོ། །དང་པོ་ནི། ནག་པོ་འཁྲུལ་སྤོང་ལས་ནི་མངོན་བྱང་གསུམ་པའི་དུས་སུ་བར་དོ་བསྲེ་བ་མི་མཛད་ཅིང༌། སྔར་ནམ་མཁར་བཞག་པ་དེ་རྒྱུའི་རྡོར་འཛིན་པ་ཞུ་བ་གླུས་བསྐུལ་དགོས་པའི་རྐྱེན་དུ་བཞེད། སྤྱིར་མངོན་བྱང་གསུམ་པའི་དུས་ཀྱི་ཕྱག་མཚན་དང་ཡིག་འབྲུ་རྣལ་འབྱོར་པ་རང་གི་གཞི་དུས་ཀྱི་ཡེ་ཤེས་ལ་ངོས་འཛིན་པ་གཅིག་ངེས་པར་དགོས་རྒྱུ་ཡིན་ཡང༌། མཛད་པ་པོ་འདི་ལྟ་བུས་ཀྱང་དེ་འདྲའི་རྣམ་གཞག་ཡེ་མ་མཛད་པར་བར་དོའི་རྣམ་ཤེས་མངལ་དུ་ཞུགས་པའི་གནས་སྐབས་དང་འདྲ་མཚུངས་སྦྱོར་བའི་རྣམ་གཞག་མང་དུ་མཛད་ཀྱང་ལེགས་པ་མ་ཡིན་ཏེ། གཞི་དུས་སུ་བར་དོའི་རྣམ་ཤེས་མ་ཞུགས་པར་མངལ་གྱི་གནས་སྐབས་མི་འབྱུང་ཞིང༌། ལམ་དུས་སུ་བར་དོའི་རྣམ་ཤེས་མ་ཞུགས་ན་དེ་དང་འདྲ་མཚུངས་ཇི་ལྟར་སྦྱར་ཡང་མི་འགྲིག་པའི་ཕྱིར། གཉིས་པ་ནི། འཁྲུལ་སྤོང་དུ་འཇིགས་མེད་ཀྱི་ལུགས་ལ་ལེགས་སོ་བྱིན་པ་ནི་སྟོང་ཉིད་ཀྱི་རྗེས་ལ་ནམ་མཁར་ནཱ་ད་འཇོག་པ་ནི་རྒྱུད་གཞུང་མང་པོ་དག་ཏུ་མ་བཤད་པས་ངེས་པར་མི་དགོས་ལ། མངོན་བྱང་གསུམ་པ་དང་ཞུ་བའི་རྐྱེན་དུ་འཇུག་པ་པོ་དེ་སྲིན་བུ་པདྨའི་ལུས་ཀྱི་དཔེས་མཚོན་པའི་སེམས་ཅན་ཁ་ཅིག་འཆི་སྲིད་ཆད་ནས་བར་སྲིད་དུ་སྐྱེ་བ་དང༌། སྡོང་པའི་ལོང་མེད་པར་ཕོ་མོའི་སྦྱོར་བ་མཐོང་མ་ཐག་ཏུ་མངལ་དུ་འཇུག་པ་ཞིག་ཡོད་པ་དེ་དང་སྦྱོར་བའི་བཤད་པ་དང་མན་ངག་སྙེ་མའི་ལུང་འདྲེན་པར་མཛད་དོ། །འདི་ལ་བརྒལ་ཞིང་བརྟག་པ་ནི། གཞི་ལམ་འབྲས་བུའི་རྣམ་གཞག་རྒྱས་པར་མཁྱེན་པ་ཀུན་དང་སྐྱེ་འཆི་བར་དོ་གསུམ་གྱི་སྦྱོང་བྱེད་ལ་ངོ་མཚར་མཆོག་ཏུ་འཛིན་པ་རྣམས་ཀྱིས་བྱ་བའི་རིགས་སོ། །གཉིས་པ་ནི། འདོད་འཇོ་ལས་སྦྱང་གཞི་བར་དོ་མངལ་དུ་ཁུ་རྡུལ་དང་འདྲེས་པའི་ཚེ་ཤི་བ་ཡིན་ལ་ཤི་རྗེས་སུ་གྲུབ་པའི་གནས་སྐབས་ལྔ་དང་སྐྱེ་བ་སྦྱོང་བྱེད་མངོན་བྱང་ལྔ་དང་ཆོས་མཐུན་སྦྱོར་ཞེས་དང༌། འཁྲུལ་སྤོང་དུ་མངོན་བྱང་གསུམ་པའི་ཚེ་ཧཱུྃ་དང་ཨོཾ་སྟེ་ས་བོན་གཉིས་འཇོག་པ་དང༌། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྐྱེད་པ་སོགས་མངལ་གྱི་གནས་སྐབས་དང་ཆོས་མཐུན་སྦྱོར་ཞིང༌། གོང་དུ་བར་དོ་ནམ་མཁར་བཞག་པ་ཞིག་ཡོད་ཀྱང་འདིར་མི་འཇུག་ཅིང་འོག་ཏུ་འཇུག་ལ། ཉི་ཟླའི་བར་དུ་རྣམ་ཤེས་ཤིག་ཅིས་ཀྱང་འཇུག་དགོས་ན་བར་སྲིད་དུ་སྐྱེ་ལོང་མེད་པའི་འཆི་སྲིད་ཆད་མ་ཐག་པ་ཞིག་འཇུག་པར་མན་སྙེ་ལས་བཤད་པའི་ལུང་དྲངས་ནས་རང་ལུགས་ལྟ་བུར་མཛད་དོ། །འདི་མི་འཐད་པ་ལ་གཉིས་ལས། དང་པོ་མི་འཐད་པ་ལ་གཉིས་ཏེ། སྦྱང་གཞི་བར་དོ་མངལ་དུ་ཤི་བ་མི་འཐད། ཆོས་མཐུན་སྦྱོར་ལུགས་མི་འཐད་པའོ། །དང་པོ་ནི། སྤྱིར་ཆོས་མངོན་པ་ལས་བར་དོའི་སྲིད་པ་ནི་གང་དུ་སྐྱེ་འགྱུར་གྱི་སྔོན་དུས་སྲིད་པ་དང་རྣམ་སྨིན་འཕེན་པ་གཅིག་གིས་འཕངས་ཤིང་ཚེ་གཅིག་གིས་བསྡུས་པར་བཤད་པའི་ཕྱིར་ན་སྐྱེ་སྲིད་དུ་མཚམས་སྦྱོར་བ་བར་སྲིད་འཆི་བ་ལ་ལྟོས་མི་དགོས་པ་དང༌། ཐེག་བསྡུས་སུ་ཡང༌། ཁུ་རྡུལ་གྱི་བར་དུ་བརྒྱལ་བར་བཤད་ཀྱི་འཆི་བར་མ་བཤད་པ་དང༌། ཀུན་བཏུས་སུ་འཆི་འཕོ་ཞིང་ཉིང་མཚམས་སྦྱོར་རོ། །ཞེས་པ་ཡང་ཁྱེད་འདོད་པ་ལྟར་འཆད་རྒྱུ་མ་ཡིན་པའི་ཕྱིར། གཉིས་པ་ནི། མངལ་དང་ཆོས་མཐུན་པར་སྦྱོར་དགོས་པ་མ་ཡིན་ཞིང་ནུས་པ་ཡང་མ་ཡིན་ཏེ། མངོན་བྱང་ནི་མངལ་གྱི་སྲིད་པ་ལ་གནོད་བྱེད་ཀྱི་འགལ་ཟླ་ཡིན་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་བཞིན་ནོ། །དེས་དེ་ལ་གནོད་པའི་ཚུལ་ཡང་རྣལ་འབྱོར་པ་རང་གི་ཤེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་ནཱ་དའི་རྣམ་པ་གང་ཡང་རུང་བས་ཉི་ཟླའི་བར་དུ་ཞུགས་གནས་མངོན་བྱང་ཡོངས་སུ་རྫོགས་པའི་རྣལ་འབྱོར་མངོན་སུམ་གྱིས་ཐ་མལ་གྱི་མངལ་དུ་སྐྱེ་བའི་བག་ཆགས་དང་ས་བོན་དྲུང་འབྱིན་པར་བྱེད་པ་ཡིན་ལ། དེ་ལྟར་བྱེད་པ་ལ་ནི་སྲིད་པ་ཕྱི་མར་སྐྱེ་འགྱུར་གྱི་བར་སྲིད་དེས་རང་གི་སྐྱེ་བ་སྔ་མར་རྣལ་འབྱོར་གྱིས་སྦྱངས་པའི་མངོན་བྱང་དྲན་པའི་སྟོབས་ཀྱིས་ཉམས་སུ་ལེན་དགོས་པ་ག་ལ་སྲིད། ཁྱད་པར་དུ་སྦྱང་གཞིའི་བར་སྲིད་དེ་མ་ཤི་ཚུན་ཆད་བར་སྲིད་དུ་གཏོགས་པ་ཡིན་ནམ། སྐྱེ་སྲིད་ཕྱོགས་ཀྱི་གནས་སྐབས་སུ་གཏོགས་པ་ཡིན། དང་པོ་ལྟར་ན་ཁྱེད་རང་གི་བར་དོའི་ས་མཚམས་ནཱ་ད་ནམ་མཁར་འཇོག་ཚུན་ཆད་ལ་འཆད་པ་དང༌། མངལ་དུ་མ་ཤི་ཚུན་ཆད་བར་དོ་ཉིད་དུ་ཁས་ལེན་པ་དང་འགལ། གཉིས་པ་ལྟར་ན་མཉམ་གཞག་ཐུན་གཅིག་གིས་སྦྱོང་བྱེད་མངོན་བྱང་ལྔ་པོ་འདི་སྦྱང་གཞིའི་ཚེ་སྔ་རྟིང་གཉིས་སྡོམས་པའི་སྦྱོང་བྱེད་དུ་ཐལ་བར་འགྱུར་ཏེ། སྦྱང་གཞིའི་མངལ་དུ་བར་སྲིད་ཀྱིས་སྐྱེ་བ་དང་འཆི་བ་གཉིས་ཀ་ཚང་བར་བྱས་པའི་ཕྱིར་དང༌། སྦྱོང་བྱེད་མངོན་བྱང་གསུམ་པའི་དུས་སུ་ཡང་ནཱ་ད་རྒྱུན་ཆད་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། ཆོས་མཐུན་སྦྱོར་བའི་ཕྱིར་རོ། །བོད་ཕྱི་མས་བསྐྱེད་རིམ་དང་སྐྱེ་འཆི་བར་དོ་གསུམ་སྦྱང་གཞི་སྦྱོང་བྱེད་དུ་སྦྱར་བ་འདི་ལ་ལེགས་པར་བཤད་པ་མཆོག་ཏུ་འཛིན་པ་དག་ཡོད་ན་འདི་ལྟར་ཞལ་གྱིས་བཞེས་ན་ལེགས་པ་ཡིན་ཏེ། མཉམ་གཞག་ཐུན་གཅིག་གི་ཡེ་ཤེས་ཚོགས་གསོག དེ་དེ་དུས་རང་གི་འཆི་བ་མཚོན་བྱེད་དང༌། ནཱ་ད་སྔ་དུས་དེ་ཉིད་ཀྱི་བར་དོ་མཚོན་བྱེད་དུ་མོས་པར་བྱས་ནས། མངོན་བྱང་ལྔ་པོ་གོམས་པ་རབ་ཀྱི་མཐར་ཕྱིན་པས་ནི། སྣོད་བཅུད་གཉིས་ཀ་ཡི་དམ་ལྷའི་ཡེ་ཤེས་སུ་གསལ་སྣང་མཆེད་ནུས་པ་དང༌། ཐ་མལ་གྱི་སྐྱེ་འཆི་བར་དོ་མ་འོངས་པ་ན་འབྱུང་འགྱུར་རྣམས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་དང༌། བྱས་པའི་འགོག་བདེན་མངོན་དུ་བྱེད་པ་ཡིན་ནོ་ཞེས་ཁས་ལོང་ཞིག གཉིས་པ་ནི། འཁྲུལ་སྤོང་གི་རང་ལུགས་གོང་དུ་ནཱ་ད་འཇོག་པའི་ཞལ་བཞེས་མཛད་ནས་དེ་ཉི་ཟླའི་བར་དུ་མི་འཇུག་པ་ནི་ཚིག་ཟིན་ལ་མཛད་བྱུང་བས་སྔར་བཞག་པ་ལ་དགོས་པ་གང་ཡང་མ་བྱུང་སྟེ། རྣལ་འབྱོར་པ་རང་གི་ཤེས་པ་བདེ་མཆོག་སྒྲུབ་བྱེད་ཀྱི་ལམ་ཟབ་ཤོས་དེར་མི་འཇུག་པར་ནམ་མཁའི་དབྱིངས་སུ་བཞག་པའི་ཕྱིར། ཁྱེད་ལ་ཡང་ལམ་སྒྲུབ་པ་པོ་ཅི་ཞེ་ན། ནཱ་ད་འཇོག་པ་ལ་ལྟོས་མི་དགོས་ཀྱི་དང་པོ་སངས་རྒྱས་ཉིད་ཀྱི་མངོན་པར་བྱང་ཆུབ་པ་ལྔ་མཛད་དོ། །ཁོ་བོ་ཅག་ཀྱང་དེ་ལྟར་རོ། །ཞེ་ན། དེའང་ཕྱིན་ཆད་དེ་ལྟར་ཞལ་གྱིས་བཞེས་ལ། འབྲེལ་མེད་ཀྱི་སེམས་ཅན་གཞན་གྱི་འཆི་སྲིད་ཆད་པ་གྱི་འཆི་སྲིད་ཆད་པ་མངོན་བྱང་དུ་འཇུག་པའི་རྣམ་དཔྱོད་འདོར་བ་དང༌། བདེ་གཤེགས་སྙིང་པོའི་རྣམ་གཞག་ལ་མདོ་དང་སྔགས་ཀྱི་ཤན་འབྱེད་སོ་སོར་མཛད་ནས་ཞལ་གྱིས་བཞེས་པའི་རིགས་སོ། །དྲུག་པ་ལཱུ་དྲིལ་ནག་གསུམ་གྱི་སྒྲུབ་ཐབས་ཀྱི་གཞུང༌། ཤིང་རྟའི་སྲོལ་སོ་སོར་ངེས་པའི་ཤེས་བྱེད་ནི་འོག་ནས་འཆད་འགྱུར་གྱིས་མཆོག་པའི་ཕྱིར་འདིར་མི་སྤྲོ་ལ། བྱེ་བྲག་སྤྱོད་པའི་རྡོ་རྗེ་ཉིད་ཀྱི་བསྐྱེད་རིམ་གྱི་ཟབ་རྒྱས་ལ་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་སྐུ་མདོག་དང་ཕྱག་མཚན་མི་འདྲ་ཞིང་ཤེས་རྒྱུད་རྫས་ཐ་དད་པ་ལྟ་བུ་དང༌། རྒྱུའི་རྡོར་འཛིན་ཕ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། ཡུམ་གྱི་མངལ་དུ་སེམས་ཅན་གཞན་མང་པོ་རིགས་ལྔའི་གོ་འཕང་ལ་བཀོད་ནས་ཞིང་གཞན་དུ་བཞུགས་པར་གསོལ་བ་སྤུན་ཟླ་ལྟ་བུ་ཏིང་ངེ་འཛིན་དང༌། བར་དོའི་ཡེ་ཤེས་ཞལ་དུ་ཞུགས་པའི་རྐྱེན་གྱིས་ཞུ་བ་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་གྱི་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་གདུང་མི་གཅོད་པ་རྒྱལ་བུ་གཞོན་ནུ་ལྟ་བུར་འཁྲུངས་པའི་ཏིང་ངེ་འཛིན་ཏེ། འདིར་ཡང་ཏིང་ངེ་འཛིན་གསུམ་དང་ལུས་ཀྱི་དཀྱིལ་འཁོར་དང་བཅས་པའི་བསྙེན་སྒྲུབ་ཡན་ལག་བཞི་ཁྱད་པར་ཅན་དུ་གྲུབ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཚོགས་སྤྲོ་བ་དང༌། དེ་ཡང་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་མཐར་ཕྱིན་པར་བྱ་བ་རྣམས་གསུངས་སོ། །རྒྱ་གཞུང་རྣམས་ནས་བཤད་མ་བཤད། །ཙམ་གྱི་ངག་འདོན་ཚང་མ་ཚང༌། །འདིར་བཤད་མི་དགོས་མཁས་མི་མཁས། །ངེས་དོན་རྒྱུད་ལ་སྦྱོར་མི་སྦྱོར། །ཡིན་ནོ་གྲུབ་མཐའ་གཙང་མི་གཙང༌། །གཞན་ཟེར་དབྱངས་སུ་ལེན་མི་ལེན། །ཕྱེ་ན་ལ་ལར་འཕོག་མི་འཕོག །བལྟས་པའི་ཚེ་ན་གཟོ་མི་གཟོ། །སྲིད་ཀྱང་མཁའ་འགྲོ་དགྱེས་ན་དགྱེས། །བཞི་པ་བདེ་གཤེགས་སྙིང་པོའི་འཆད་ཚུལ་ལ་ལ་དག་ལ་འགལ་བ་སྤང་བ་ལ་གཉིས་ཏེ། མདོ་རྒྱུད་བསྟན་བཅོས་ལས་ཇི་ལྟར་བཤད་པ། བཤད་པ་དེ་དག་ལ་གསང་སྔགས་པས་ཇི་ལྟར་ཁས་ལེན་པའི་ཚུལ་ཤེས་པར་བྱ་བའོ། །དང་པོ་ལ། གཉིས་ཏེ། དཔྱོད་ལྡན་ལ་སྐྱེ་བའི་དོགས་པའི་གནས་མདོ་ཙམ་དུ་བཀོད་པ། དེས་ན་ངོས་འཛིན་སྔོན་ཆད་མ་གྲགས་པ་དག་ལ་རྩལ་དུ་བཏོན་ནས་བཤད་པའོ། །དང་པོ་ནི། ལུང་རིགས་ལ་སྦྱང་པའི་དཔྱོད་ལྡན་དག་གི་བསམ་པ་ལ་འདི་ལྟར། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཉི་མ་ལྟར་གྲགས་པའི་ངོས་འཛིན་ནི། བཀའ་འཁོར་ལོ་གསུམ་པར་འཆད་དགོས་པའི་མདོ་རྒྱུད་དག་ན་སྟོབས་སོགས་ཡོན་ཏན་ཀུན་གདོད་མ་ནས་ཚང་བར་བཞུགས་པའི་སེམས་ཀྱི་རྡོ་རྗེ་ལ་བཤད་པ་ནི་ཆེས་ཤིན་ཏུ་མང་ཞིང༌། དེ་ལྟ་བུའི་ཡེ་ཤེས་དེས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དང༌། མ་ཁྱབ་པའི་ལུགས་གཉིས་ཀ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་དག་ན་འཆད་ཚུལ་མི་མཐུན་པ་སོ་སོར་བཞུགས་པ་དང༌། ཡང་དེ་འདྲ་དེ་ནི་སངས་རྒྱས་ཀྱི་སྙིང་པོ་དང་སེམས་ཅན་ལ་ཁྱབ་པ་ལྟ་ཅི་སྨོས། ཤེས་བྱ་ལ་སྲིད་པ་ཉིད་ལུང་རིགས་རྣམ་དག་དང་འགལ་བ་ཉིད་དུ་འཆད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། སྙིང་པོའི་ངོས་འཛིན་གཞན་ལ་གྲགས་པ་རྣམས་རྟོགས་སླ་བ་དང༌། སྙིང་པོའི་ངོས་འཛིན་ཡིན་ངོ་ཤེས་པ་དེ་ངོས་བཟུང་ནས་འཆད་ཚུལ་སོ་སོ་བ་དག་མི་འགལ་བར་གྲུབ་པའོ། །དང་པོ་ནི། བོད་སྔ་ཕྱི་མང་པ་པོ་དག་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ལ་དང༌། སེམས་རང་བཞིན་གྱིས་འོད་གསལ་བ་ལ་ངོས་འཛིན་པ་དག་ནི་མཚན་ཉིད་དང་ལྡན་པར་འགྱུར་ངོ་ཤེས་པ་དེའི་ཕྱོགས་གཅིག་ལ་བསམས་པ་ཡིན་མོད། སྙིང་པོའི་མཚན་ཉིད་རྫོགས་པར་མ་ཚང་བས་རེ་ཞིག་དཔྱད་པའི་གཞི་རྟོགས་སླ་བ་དང༌། ཡང་སྙིང་པོའི་ངོས་འཛིན་དུ་བཤད་ངོ་ཤེས་པ་དེ་ལ་དཀའ་བའི་གནས་སུ་གྱུར་ནས་སྙིང་པོའི་དགོངས་པ་གཞི་ཡིན་ཞེས་གསུང་བ་མང་པོ་པ་དེ་དག་གིས་ཀྱང་སྙིང་པོའི་ངོས་འཛིན་དུ་བཤད་ངོ་ཤེས་པ་དེ་མི་སྲིད་པ་ཉིད་དུ་ཐག་བཅད་བྱུང་པས་འཆད་ཚུལ་དེ་ཡང་རེ་ཞིག་རྟོགས་པ་སླ་བ་ཡིན་ནོ། །གཉིས་པ་ནི། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། དཔལ་དང་པོའི་སངས་རྒྱས་ཞེས་བྱ་བའི་ངོས་འཛིན་དེ་རང་གི་མཚན་ཉིད་ཡོངས་སུ་རྫོགས་པར་བཤད་པ་དེ་དཔྱིས་ཕྱིན་པར་མ་ཤེས་ན་རྡོ་རྗེ་ཐེག་པའི་ངེས་དོན་གྱི་རྩ་བར་ལྟ་ཅི་སྨོས་བཀའ་འཁོར་ལོ་གསུམ་པའི་ངེས་དོན་གྱི་མཐར་ཐུག་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ཕྱོགས་ལྷུང་ཅན་གྱི་བསམ་པས་སྲོལ་གཞན་དུ་འདྲེན་པའམ། ཤེས་རབ་ཀྱི་དབང་པོ་ལེ་ལོར་གྱུར་པས་བཏང་སྙོམས་སུ་བཞག་པ་ཁོ་ནར་ངེས་སོ། །དེ་ལྟར་ཡིན་པ་དེའི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཅང་ཤེས་གཟུ་བོར་སྤྱོད་པའི་སྲབ་ཀྱིས་བཅུན་པས་ལམ་སྲོལ་མ་ཡིན་པ་དག་ཏུ་འཕྱན་པར་མི་བྱེད་ཅིང༌། དྲན་པའི་ཁ་ལོ་པ་དང༌། ལེ་ལོ་མེད་པའི་ལྕག་གིས་རིགས་པར་བསྐུལ་ནས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་པོའི་སངས་རྒྱས་འགྱུར་མེད་ཆེན་པོ་དོན་དམ་པའི་སེམས་ཅན་མ་ལུས་པའི་འཁོར་གྱིས་བསྐོར་བ་དེའི་དྲུང་དུ་མྱུར་བ་ཉིད་དུ་འཇུག་པ་བརྩམ་པར་བྱ་སྟེ། དེ་ཡང་འདི་ལྟར་ངེས་པའི་དོན་ཟབ་མོ་འདི་ཉིད་གདུལ་བྱ་གང་ལ་དུས་ནམ་གྱི་ཚེ་སྟོན་པའི་གོ་རིམ་ནི། སྨན་པ་མཁས་པས་བྲོ་འཚལ་བ་ལ་སྨན་གཏོང་བའི་གོ་རིམ་དང་མཚུངས་པར་གསུངས་པ་ནི། བཀའ་འཁོར་ལོ་བར་མཐའ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱས་ཉམས་སུ་བླང་བྱ་ནི་བདེ་བར་གཤེགས་པའི་སྙིང་པོ་ཡིན་པར་དགོངས་ནས་གདུལ་བྱ་དེ་ལ་ཐོག་མར་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་དེའི་འོག་ཏུ་བདེ་བར་གཤེགས་པའི་སྙིང་པོ་སྟོན་དགོས་པར་གསུངས་ཏེ། ཐོག་མ་ཉིད་དུ་ཤེར་ཕྱིན་མ་གསུངས་པར་སྙིང་པོ་བསྟན་ན་གྲངས་ཅན་གྱི་འདོད་པ་ལྟར་བདག་ལས་སྐྱེ་བ་དང་བདག་ཏུ་སྨྲ་བའི་གཞུང་བཙུགས་པར་འགྱུར་བས་སོ། །ཆོས་འཁོར་རིམ་ཅན་པ་དེ་ལྟར་བསྐོར་བས་ནི་སྙིང་པོ་ལ་བདག་ཏུ་རྟོག་པ་གོ་སྐབས་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་རང་སྟོང་གཏན་ལ་ཕེབས་པའི་ཚད་མ་བཟློག་མི་ནུས་པའི་ཕྱིར། འོ་ན་སྙིང་པོ་ཉིད་ཀྱང་རང་སྟོང་དུ་ཐལ་བ་མ་ཡིན་ནམ། ཞེ་ན། དེ་ལྟར་གཏན་ལ་ཕེབས་པའི་རིགས་ངོར་ཧ་ཅང་ཐལ་བ་མེད་མོད། སྙིང་པོ་དེ་ཉམས་པར་འགྱུར་བ་ནི་མ་ཡིན་ཏེ། སོ་སོ་རང་གིས་རིག་པས་མྱོང་བར་བྱ་བ་ཉིད་ཡིན་པའི་ཕྱིར། རང་རིག དེ་གནས་ཚུལ་དང་མ་མཐུན་པར་སོང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྙིང་པོ་ནི་རྟོག་པའི་ཡུལ་ལས་འདས་པའི་ཕྱིར། རྟོག་པས་རང་སྟོང་དུ་གཏན་ལ་ཕེབས་པ་དགོས་མེད་མ་ཡིན་ཏེ། རྟོག་ངོར་མཚན་འཛིན་འགོག་བྱེད་ཉིད་སོང་བའི་ཕྱིར། ཡང་གཞན་སྟོང་གི་འཆད་ཚུལ་ལྟར་ན་འཁོར་ལོ་བར་པར་ཀུན་བཏགས་རང་སྟོང་དུ་གཏན་ལ་ཕེབས་པའི་འོག་ཏུ་སྙིང་པོ་སྟོན་པའི་ཚེ་སྙིང་པོའི་རང་ལྡོག་ནས་མི་ཁེགས་ཀྱང༌། དེ་ལ་མཚན་འཛིན་གྱི་རྟོག་པ་རང་ཤུགས་ཀྱིས་ཁེགས་པ་ཡིན་ཏེ། མཚན་འཛིན་གྱི་རྟོག་པ་ཇི་སྙེད་པ་ནི་ཀུན་བརྟགས་སུ་འདུ་བའི་ཕྱིར། འཆད་ཚུལ་སྔ་མ་ནི་མདོ་སྡེ་མྱང་འདས་ལས་བྱུང་ལ། འཆད་ཚུལ་ཕྱི་མ་ནི་རྒྱུད་བླ་མའི་བསྟན་བཅོས་ལས་འབྱུང་བའོ། །དེའི་ཚེ་འཁོར་ལོ་བར་པར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་ནི་སྙིང་པོའི་ངོས་འཛིན་དུ་བཤད་པ་མེད་ཅིང་འཐད་པ་ཡང་མ་ཡིན་ཏེ། སྐབས་དེར་ཡོད་པ་ཞེས་བྱ་བའི་ཆོས་འབད་ནས་འགོག་པའི་ཕྱིར། བཀའ་འཁོར་ལོ་གསུམ་པ་ན་བཤད་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཙམ་དེ་ཡང༌། ཁྱད་པར་གྱི་ཆོས་སུ་གཟུང་བྱ་དང་ཟུང་དུ་སྦྲེལ་ལུགས་མ་བཤད་ན་སྙིང་པོའི་ངོས་འཛིན་དུ་མི་རུང་སྟེ། དེ་ཙམ་ཞིག་ནི་ལམ་ལྔ་དང་ས་བཅུའི་ཡེ་ཤེས་གསར་བྱུང་རྣམས་ལའང་ཡོད་པའི་ཕྱིར། གློ་བུར་རྣམ་དག་གི་ཆོས་སྐུ་ཡང་འདིར་སྙིང་པོའི་ངོས་འཛིན་དུ་མི་རུང་སྟེ། དོན་དམ་པའི་སེམས་ཅན་མཐའ་དག་ལ་མ་ཁྱབ་པའི་ཕྱིར། སྙིང་པོ་འདི་ངོས་འཛིན་པ་ན་དྲི་མ་དང་བཅས་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་དང་མི་ལྡན་པ་ཉིད་དུ་འཆད་ནུས་པ་མ་ཡིན་ཏེ། གཞན་དུ་སྙིང་པོ་དེ་བསལ་བཞག་ཅན་དུ་ཐལ་བས་སོ། །དེ་བས་ན་དྲི་མ་སེལ་མི་དགོས་ཤིང་ཡོན་ཏན་བཞག་མི་དགོས་པའི་གཞི་དུས་ཀྱི་ཡེ་ཤེས་སོ། །སེལ་མི་དགོས་པ་ནི་སྤང་བྱ་མཐའ་དག་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་ན་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་དང༌། དྲི་མ་དང་བཅས་ན་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་ཡང་འགལ་བས་སོ། །ཉེས་པ་གློ་བུར་བ་དང་ལྡན་ཞེས་འཆད་པའི་ཚེ་ནི་མི་ལྡན་པའི་དོན་ཉིད་དུ་བཤད་པ་ཡིན་ཏེ། ནམ་མཁའ་ལ་སྤྲིན་དང༌། གསེར་ལ་གཡའ་བཞིན་ནོ། །ཡོན་ཏན་བཞག་མི་དགོས་པ་ནི་གདོད་མ་ནས་གྲུབ་པའི་དོན་ཏོ། །སྒྲིབ་པ་རྣམས་གདོད་མ་ནས་མ་གྲུབ་པ་དང༌། ཡོན་ཏན་རྣམས་གདོད་མ་ནས་གྲུབ་པ་ནི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་མཚན་ཉིད་ཅན་ཡིན་པས་ན། གཞི་གཅིག་ལ་འབྲལ་མི་རུང་དུ་འདུ་བ་དང༌། གནས་ཚུལ་ལ་མ་ཞུགས་པ་དང་ཞུགས་པའི་ཁྱད་པར་ལས་དང༌། ཀུན་རྫོབ་དང་དོན་དམ་པའི་ཁྱད་པར་ལས་སོ། །འོ་ན་མཐོང་སྤངས་མ་གྲུབ་པའི་ཚེ་མཐོང་ལམ་རང་ཆས་སུ་ཡོད་པ་ཡིན་ནམ་ཞེ་ན། མི་མཚུངས་ཏེ་མཐོང་ལམ་ནི་གློ་བུར་རྣམ་དག་གི་དབང་དུ་བྱས་པས་སོ། །དེས་ན་དྲི་མ་རང་བཞིན་གྱིས་དག་པ་རང་བཞིན་རྣམ་དག་གི་ཡོན་ཏན་ལྷུན་གྲུབ་དང༌། དྲི་མ་སྤངས་པའི་ཚེ་གློ་བུར་རྣམ་དག་གི་ཡོན་ཏན་ལྷུན་གྲུབ་ཅེས་བྱའོ། །དྲི་མའི་ཆ་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་ལ་མཚོན་བྱེད་ཀྱི་ཁྱད་པར་ཇི་ཙམ་ཡོད་པ་དེ་ཙམ་ཞིག་སངས་རྒྱས་ཀྱི་སྟོབས་སོགས་ཡོན་ཏན་ལའང༌། རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་ཆ་ནས་མཚན་ཉིད་སོ་སོར་འབྱེད་དགོས་པས། བདེ་གཤེགས་སྙིང་པོའི་ཞལ་འཛིན་དག་གིས་དམིགས་ཕྱེད་པར་བྱ་དགོས་ཏེ། དཔེར་ན་རང་བཞིན་རྣམ་དག་གི་ནམ་མཁའ་གནས་ཚུལ་ལ་སྤྲིན་དང་བཅས་པར་འགལ་བའི་རྒྱུ་མཚན་གྱིས་གློ་བུར་རྣམ་དག་གི་ནམ་མཁའ་དེར་འགལ་བ་བཞིན་དང༌། རང་བཞིན་རྣམ་དག་གི་གསེར་སོགས་གནས་ཚུལ་ལ་གཡའ་དང་བཅས་པར་འགལ་བའི་རྒྱུ་མཚན་གྱིས། གློ་བུར་རྣམ་དག་གི་དེ་དག་དེར་འགལ་བ་བཞིན་ནོ། །འོ་ན་རང་བཞིན་རྣམ་དག་གི་སངས་རྒྱས་དང་སྟོབས་སོགས་ཡོན་ཏན་རྣམས་སྐུ་དང་ཡེ་ཤེས་གོ་ཆོད་པོ་ཉིད་དུ་ཐལ་བར་གྱུར་པ་མ་ཡིན་ནམ། ཞེ་ན། ཁོ་བོ་ཅག་ནི་སྐབས་འདིར་དང་པོའི་སངས་རྒྱས་དང་ལུས་ཀྱི་དཀྱིལ་འཁོར་རྫོགས་པའི་སངས་རྒྱས་མཚན་ཉིད་དང་ལྡན་པ་ཁོ་ནར་རྣམ་དཔྱོད་ཀྱི་རྩལ་དུ་བཏོན་ནས་སྒྲུབ་པའི་ཕྱིར་ན་ཧ་ཅང་ཐལ་བ་མེད་པའི་ཚུལ་འདི་ལྟར། སྤྱིར་ཤེས་བྱ་ཐམས་ཅད་ལ་གང་དང་གང་དུ་སྣང་བའི་རྣམ་རིག ཙམ་ལས་གཞན་དུ་ངོས་འཛིན་པ་ནི་ཐེག་པ་ཆེན་པོ་པ་དག་གི་སྤྱི་ལུགས་ཡིན་ལ། དེའི་ཚེ་ཤེས་བྱའི་ཁྱད་པར་རེ་རེ་ལའང༌། ཀུན་རྫོབ་དང་དོན་དམ་གཉིས་གཉིས་སུ་ཕྱེ་ནས། ཀུན་རྫོབ་ནི་དེ་དང་དེའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱི་སྣང་ཆ་དང༌། དོན་དམ་ནི་གཉིས་མེད་ཀྱི་ཡེ་ཤེས་ལ་འཇོག་པར་གསུངས་པ་དེའི་དུས་སུ་ཀུན་རྫོབ་པའི་སངས་རྒྱས་ནི་གཞན་སྣང་གཟུགས་ཀྱི་སྐུར་ཤར་བ་དག་དང༌། དོན་དམ་པའི་སངས་རྒྱས་ནི་རང་སྣང་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ལ་ཡང་རང་བཞིན་རྣམ་དག་གི་དང་གློ་བུར་རྣམ་དག་གི་དབང་དུ་བྱས་པ་གཉིས་ལས། སྔ་མ་ཉིད་གདོད་མ་ནས་སངས་ཀྱི་གནས་ཚུལ་དུ་གྲུབ་པའི་ཕྱིར་དོན་དམ་པའི་བདེན་པར་ངེས་ལ། དོན་དམ་བདེན་པ་ལས་ལྷག་པའི་ཆོས་གཞན་ཡེ་ཤེས་ཉིད་དབང་བཙན་པར་འཆད་པའི་སྐབས་འདིར་ཡོད་པ་མ་ཡིན་ནོ། །གང་ཡང་ཁྱོད་ཀྱིས་དོན་དམ་པའི་སངས་རྒྱས་སུ་ཁས་ལེན་པ་འདིར་ནི། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་མེད་པའི་ཕྱིར་དོན་དམ་པའི་སངས་རྒྱས་སུ་འགྲུབ་པ་མ་ཡིན་ནོ་ཞེ་ན། མཛད་པ་དེ་ལྟར་སྟོན་པ་དག་ནི་ཀུན་རྫོབ་པའི་སངས་རྒྱས་སུ་མཚོན་པར་བྱེད་པའི་མཚན་ཉིད་དག་ཏུ་གསུངས་པའི་ཕྱིར། ཁྱབ་འབྲེལ་མ་གྲུབ་པ་ཉིད་དོ། །རྗེ་བཙུན་ས་སྐྱ་པས་ནི་ལམ་དུས་སྒྲུབ་པ་པོ་ཉིད་སངས་རྒྱས་སུ་ཤར་བ་དེ་ཡིན་པ་ལ་ཡིན་པར་ཤེས་ནས་སྒོམ་དགོས་ཀྱི། གཞན་དུ་ན་སྤྲང་པོ་རྒྱལ་པོར་རློམ་པ་དང་འདྲ་ཞེས་གསུངས། སྙིང་པོའི་ངོས་འཛིན་འདི་ལ་གཞི་དུས་སུ་དྲི་མ་རང་བཞིན་གྱིས་དག་ཀྱང་རྣམ་ཤེས་ཀྱི་ངོར་དག་པ་ཞེས་ནི་མི་བྱ་སྟེ། དེར་འཇོག་པ་ལ་ལུང་རིགས་སམ་མན་ངག་སྔོན་སོང་གི་སྒོ་ནས་ལམ་དུ་བྱས་པ་ལ་རག་ལས་པའི་ཕྱིར། ལམ་དུ་བྱས་པའི་གནས་སྐབས་སུ་ནི་དག་ལ་མ་དག་པའི་སྐབས་དང་མཐར་ཐུག་གི་ཚེ་རྣམ་པར་དག་པ་ཞེས་གསུངས་མོད། དག་ཆའི་རང་ལྡོག་ནས་འགོག་བདེན་ཉིད་ཀྱི་ཕྱིར་དང༌། ཡང་ན་གསར་དུ་བླངས་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་སྙིང་པོའི་ངོས་འཛིན་ཉིད་དུ་མི་བསམ་མོ། །གལ་ཏེ་སོ་སོ་སྐྱེ་བོའི་དུས་ཀྱི་སྟོབས་སོགས་མཐའ་དག་རྣམ་མཁྱེན་ཉིད་ཀྱི་ཕྱིར། ཤེས་བྱ་ཇི་སྙེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེ་ན། དེ་ལྟར་མཐོང་བ་ནི་འབྲས་དུས་ཀྱི་སངས་རྒྱས་ལ་ཡང་མི་འབྱུང་ན། གཞི་དུས་སུ་ལྟ་ཅི་སྨོས། འོ་ན་གཞི་འབྲས་དབྱེར་མེད་དུ་ཁས་ལེན་ནམ་ཞེ་ན། སྙིང་པོའི་རང་ལྡོག་རང་བཞིན་རྣམ་དག་ཆ་ལ་ཡེ་ཤེས་ཀྱི་གཟིགས་ངོ་ན་གཞི་འབྲས་ལ་དབྱེ་བ་མེད་ཀྱང༌། འབྲས་དུས་ཀྱི་སྤངས་པ་དང་རྟོགས་པའི་ཁྱད་པར་འཇོག་པ་ནི་ལམ་དུས་སུ་གྲོགས་རྣམ་ཤེས་ཀྱིས་ས་བཅུའི་ལམ་གྱི་རིམ་པས་བྱས་པ་ལ་རག་ལས་སོ། །རྣམ་ཤེས་ལ་མ་རག་པར་ཡེ་ཤེས་ཀྱིས་དེ་ལྟར་ཕྱེ་ནུས་པ་མི་སྲིད་དམ་ཞེ་ན། ཡེ་ཤེས་འབའ་ཞིག་པ་ནི་རྟོག་པའི་འཆར་ཚུལ་གང་དང་ཡང་མ་འདྲེས་པ་ཉིད་ཀྱི་ཕྱིར། སྔོན་འགྲོ་ཐོས་བསམ་གྱི་ཤེས་རབ་དང་སྒོམ་བྱུང་འཇིག་རྟེན་པའི་ཤེས་རབ་སོགས་ཀྱི་ཉེར་བསྡོགས་སྔོན་དུ་སོང་བ་མེད་པར་ནི་དོན་དམ་པའི་བདེན་པ་ལ་མཉམ་པར་འཇོག་མི་ནུས་སོ། །གལ་ཏེ་སྙིང་པོ་དང་པོའི་སངས་རྒྱས་ཀྱི་ངོས་འཛིན་ཡེ་ཤེས་འབའ་ཞིག་ལ་བཤད་པའི་ཕྱིར་རང་རིག་པར་འདོད་དགོས་པ་མ་ཡིན་ནམ། དེ་ལྟ་ན་ལམ་དུ་མ་ཞུགས་གོང་གི་རང་རིག་རྒྱུན་ཆགས་དེས་སྒྲིབ་པའི་ས་བོན་འབད་མེད་དུ་སྤོང་ནུས་པར་འགྱུར་ཏེ། དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་བའི་ཤེས་རབ་གདོད་མ་ནས་རྒྱུན་ཆགས་པ་ཉིད་ཀྱི་ཕྱིར་རོ། །ཞེ་ན། རང་རིག་གི་རྣམ་གཞག་འཆད་ཚུལ་རྣམ་འགྲེལ་མཛད་པ་གཉིས་སུ་གསུངས་ཏེ། རང་རིག་རང་གསལ་ཞེས་བྱ་བའི་མིང་ཅན་རང་ཉིད་རིག་པར་སྐྱེས་ཙམ་ཞིག་ལ་འཆད་པ་དང༌། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རྗེན་ཅེར་དུ་མཐོང་བ་བཀག་ནས་དོན་གྱི་རྣམ་པ་ཤར་བ་ལ་རང་རིག་པའི་མིང་གིས་འདོགས་པར་གསུངས་པ་དག་ལས་འདིར་སྔ་མ་ལྟར་ཁས་ལེན་དུ་རུང་ཡང༌། རང་གིས་རང་མངོན་སུམ་དུ་མཐོང་བར་ཁས་མི་ལེན་པ་ནི་རྒྱུད་བླ་རྩ་འགྲེལ་དུ་གསལ་བ་དང༌། སློབ་དཔོན་སེང་བཟང་དང་ཤཱཀྱ་བློས་གཉིས་མེད་ཀྱི་ཡེ་ཤེས་རང་གིས་རང་མཐོང་བ་ནི་སོ་སོ་སྐྱེ་བོ་ལ་ཡོད་ཀྱང༌། ངེས་པ་མི་འདྲེན་པས་ཚད་མའི་བྱེད་ལས་མེད་པར་བཤད་དོ། །གལ་ཏེ་འོ་ན་དང་པོའི་སངས་རྒྱས་ཡེ་ཤེས་འབའ་ཞིག་པ་དེ་ཐོག་མར་ལམ་དུ་བྱེད་པ་གྲོགས་རྣམ་ཤེས་ལ་རག་ལས་ན། འདས་ལམ་དུ་ཞུགས་ནས་མཐར་ཕྱིན་གྱི་སར་སླེབ་ཀྱི་བར་དུ་གྲོགས་རྣམ་ཤེས་ལ་ངེས་པར་ལྟོས་སམ་ཞེ་ན། ཕར་ཕྱིན་ཐེག་པ་རྐྱང་པས་སྙིང་པོ་ལམ་དུ་བྱེད་པའི་ཚེ་ནི་མཉམ་གཞག་ཟག་མེད་ཀྱི་སྦྱོར་འཇུག་དང༌། རྗེ་ཐོབ་དག་པ་འཇིག་རྟེན་པའི་ཚེ་ནི་གྲོགས་རྣམ་ཤེས་ལ་ངེས་པར་ལྟོས་དགོས་ཏེ། དེ་མེད་ན་འབྲས་བུའི་དུས་སུ་རང་དོན་གློ་བུར་རྣམ་དག་གི་ཆོས་སྐུ་དང༌། གཞན་དོན་གཟུགས་སྐུའི་རྣམ་རོལ་སྟོན་མི་ནུས་པའི་ཕྱིར། བླ་མེད་རྡོ་རྗེ་ཐེག་པའི་མངོན་པར་རྟོགས་པ་འབའ་ཞིག་གིས་སྙིང་པོ་ལམ་དུ་བྱེད་པ་ལ་ནི་གྲོགས་རྣམ་ཤེས་དང་བཅས་པ་དག་ཀྱང་སྲིད་མོད་ཀྱི། ངེས་པར་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། ཡེ་ཤེས་འབའ་ཞིག་པའི་ལམ་གྱི་བསོད་ནམས་ཀྱི་ཚོགས་མཐའ་དག་རྫོགས་པར་ནུས་ཞིང༌། སྒྲིབ་པ་མཐའ་དག་སྤོང་བའི་སྦྱོར་འཇུག་ཀྱང་རྣམ་ཤེས་ཀྱི་ཆོས་ཉིད་ལས་ཡང་དག་པར་འདས་པའི་ཡེ་ཤེས་རྗེས་མཐུན་པ་དག་གིས་ངེས་པར་འགྲུབ་པའི་ཕྱིར། དེ་གང་ཞེ་ན་ལུང་རིགས་རྣམ་དག་ལ་བརྟེན་པའི་ཐོས་བསམ་གྱི་ཤེས་རབ་ལྟ་བུ་སྟེ། འདི་ནི་མ་རིག་པའི་བག་ཆགས་ཀྱི་དབང་གིས་ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བ་ནི་མེད་པའི་ཕྱིར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་འདས་སོ། །དེ་ལྟར་བཤད་པ་འདིས་ནི་བཀའ་འཁོར་ལོ་གསུམ་པའི་མདོ་དང༌། བདེ་དགྱེས་རྩ་བཤད་ཀྱི་རྒྱུད་བྱང་ཆུབ་སེམས་དཔའི་འགྲེལ་ཆེན་དག་ནས་གསུངས་པའི་ངེས་དོན་མཐར་ཐུགས་དཔལ་དང་པོའི་སངས་རྒྱས་དང༌། རང་བཞིན་ཆོས་སྐུ་དང༌། བདེ་གཤེགས་སྙིང་པོ་ཞེས་བྱ་བའི་མཚན་གྱི་རྣམ་གྲངས་ཅན་དག་གིས་ལུས་ཅན་མཐའ་དག་ལ་ཁྱབ་པ་ཁོ་ན་ཉིད་དུ་གསལ་བར་གསུངས་པའི་ཁྱབ་བྱེད་ཐུན་མོང་བ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཟོལ་ཟོག་སྤངས་ནས། རྣམ་པར་དཔྱོད་པ་ཞིབ་མོས་རྩལ་དུ་བཏོན་ནས་ངོས་བཟུང་བ་ཡིན་ནོ། །འདི་ལ་གཞན་དག་ན་རེ། ཚུར་མཐོང་ལྷ་སྦྱིན་ལྟ་བུ་སངས་རྒྱས་གོ་ཆོད་པོ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་རྒྱུད་ཀྱི་སྙིང་པོ་དེ་སངས་རྒྱས་གོ་ཆོད་པོ་ཉིད་ཀྱི་ཕྱིར་ཞེས་ཟེར་བའི་ལན་ནི་བདེན་པ་གཉིས་སོ་སོར་དབྱེ་དགོས་སོ། །དོན་དམ་པའི་ལྷ་སྦྱིན་རྩོད་གཞིར་བྱེད་ན་ཧ་ཅང་ཐལ་བ་མེད་དེ་དོན་དམ་པའི་སངས་རྒྱས་ཉིད་དུ་འདོད་པས་སོ། །ཀུན་རྫོབ་པའི་ལྷ་སྦྱིན་རྩོད་གཞིར་བྱེད་ན་གཏན་ཚིགས་མི་འགྲུབ་སྟེ། འཇིག་ལྟ་ལྷན་སྐྱེས་ཀྱི་གཟུང་ཆ་ནི་བདེ་གཤེགས་སྙིང་པོའི་རྟེན་དུ་འགལ་བས་སོ། །གལ་ཏེ་ཤེས་བྱ་མཐའ་དག་ལ་གཉིས་ཚན་དུ་འབྱེད་པའི་ཚེ་དོན་དམ་པ་དབང་བཙན་ན། དོན་དམ་པའི་དགེ་བ་དང་ཉོན་མོངས་པས་དེ་དང་དེའི་གོ་ཆོད་པར་ཁས་ལེན་ནམ་ཞེ་ན། རྣམ་བྱང་གི་ཕྱོགས་ལ་དེ་ལྟར་ཁས་ལེན་པ་ཡིན་གྱི། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་མ་ཡིན་ཏེ། ཕྱོགས་དེར་ནི་ཀུན་རྫོབ་དང་རྣམ་ཤེས་དབང་བཙན་པར་མ་བཞག་ན་འཁོར་བ་རྒྱུ་འབྲས་ཀྱི་རྣམ་གཞག་མི་འབྱུང་བའི་ཕྱིར། ཡུལ་ཅན་ཡེ་ཤེས་འབའ་ཞིག་པ་ཉིད་ཀྱི་ཚེ་དོན་དམ་པའི་སེམས་ཅན་གྱི་གོ་ཆོད་པ་དེ་ལྟ་ན་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་གཞན་ལ་ཡང་དེ་ལྟར་ཁས་ལེན་དགོས་པ་མ་ཡིན་ནམ། ཞེ་ན། སྤྱིར་སེམས་ཅན་དང་སེམས་དཔའ་སྐད་དོད་གཅིག་པས་དྲི་བཅས་ཉིད་དུ་འཆད་དགོས་པ་མ་ཡིན་ལ། དོན་དམ་པའི་འཁོར་བ་ནི་མྱ་ངན་ལས་འདས་པའི་ངོས་འཛིན་དུ་གསལ་བར་གསུངས་པ་དེ་ཉིད་ཀྱི་ཕྱིར་ན། ཡུལ་ཅན་ཡེ་ཤེས་འབའ་ཞིག་པའི་གཟིགས་ངོ་ན་ཀུན་བྱང་གི་ཆོས་མཐའ་དག་ལ་གཉིས་སུ་ཆེ་བའི་དོན་དམ་འབའ་ཞིག་ལས་གཞན་གྱི་གཟིགས་པ་མངའ་བར་ཁས་མི་ལེན་ནོ། །གཉིས་པ་སྙིང་པོ་ངོས་ཟིན་པའི་འོག་ཏུ་དེས་སེམས་ཅན་མཐའ་དག་ལ་ཁྱབ་མ་ཁྱབ་ཀྱི་འཆད་ལུགས་ཇི་ལྟར་ཡིན་པ་ནི། གོང་དུ་ངོས་བཟུང་མ་ཐག་པའི་སྙིང་པོ་དེས་སེམས་ཅན་མ་ལུས་པ་ལྟ་ཅི་སྨོས། ཤེས་བྱ་མཐའ་དག་ལ་ཁྱབ་པར་འཆད་པའི་མདོ་རྒྱུད་བསྟན་བཅོས་ནི་མང་ལ། དེ་ལྟར་འཆད་པའི་ཚེ་འཆད་ཚུལ་འཁྲུལ་མེད་ཅིག་ཤེས་དགོས་པའང་ཡིན་ཞིང༌། ཤེས་བྱ་མཐའ་དག་ལྟ་ཅི་སྨོས་སེམས་ཅན་མཐའ་དག་ལ་ཡང་མ་ཁྱབ་པའི་ཚུལ་གསལ་བར་འཆད་པའི་མདོ་གཞུང་ཁུངས་ཐུབ་མང་བས། དེ་ལྟར་འཆད་པའི་ཚུལ་ལུང་རིགས་དང་མི་འགལ་བ་ཞིག་རྩལ་ཏུ་བཏོན་ནས་བཤད་དགོས་སོ། །འདི་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི་སྤྱིར་དེ་ཐམས་ཅད་ལ་དེ་དག་གིས་ཁྱབ་པར་བཤད་པ་ནི་ཡུལ་ཅན་ཡེ་ཤེས་འབའ་ཞིག་པའི་དབང་དུ་བྱས་པ་དང༌། ཡུལ་དོན་དམ་པའི་བདེན་པ་ཁོ་ནའི་དང༌། ཉམས་སུ་མྱོང་བྱེད་སྒོམ་བྱུང་གི་ཤེས་རབ་དང༌། ཆེད་དུ་བྱ་བ་ཆོས་ཀྱི་རྗེས་སུ་འབྲང་བའི་བློ་ཅན་ཁོ་ན་དང༌། གནས་སྐབས་ཀྱི་ཁྱད་པར་རྡོ་རྗེ་ཐེག་པའི་རྒྱུད་གསུམ་གྱི་ངོས་འཛིན་གཏན་ལ་འབེབས་པའི་སྐབས་དང༌། ངོ་བོའི་ཁྱད་པར་རང་བཞིན་རྣམ་དག་གི་ཆོས་ཉིད་ཁོ་ན་ལ་ངོས་འཛིན་པའི་དབང་དུ་བྱས་པའོ། །བཤད་ཚུལ་གཉིས་པ་ཁྱད་ཆོས་དེ་དག་གི་ཁྱད་གཞི་དེ་དང་དེ་ལ་མ་ཁྱབ་པར་བཤད་པའི་དགོངས་པ་ནི་ཡུལ་ཅན་རྣམ་ཤེས་གཙོ་ཆེ་བའི་དབང་དུ་བྱས་པ་དང༌། ཡུལ་ཀུན་རྫོབ་ཀྱི་བདེན་པ་དང༌། གཏན་ལ་འབེབས་བྱེད་ཐོས་བསམ་གྱི་ཤེས་རབ་དང༌། ཆེད་དུ་བྱ་བ་ཐེག་པ་ཐུན་མོང་བ་དང༌། ངོ་བོའི་ཁྱད་པར་གློ་བུར་རྣམ་དག་གི་ཆོས་སྐུའི་དབང་དུ་བྱས་པའོ། །གཉིས་པ་ལ་གཉིས་ཏེ། རགས་པར་བསྟན་པ་དང༌། ཞིབ་མོར་ཕྱེ་བའོ། །དང་པོ་ནི། སྐབས་སུ་བབ་པའི་གནས་བརྗོད་བྱ་དོན་གྱི་རྒྱུ་དང༌། བདེ་གཤེགས་སྙིང་པོའི་རྣམ་གཞག་ལུང་རིགས་མང་པོས་གཏན་ལ་འབེབས་པའི་ཚེ་དྲི་མ་རང་བཞིན་གྱིས་རྣམ་པར་དག་པ་དང༌། དྲི་མས་བསྒྲིབས་པ་དག་གཞི་གཅིག་གི་སྟེང་དུ་རྣམ་བཅད་མེད་པར་ཁས་ལེན་དུ་མི་རུང་བ་ནི་རིགས་པ་དང་ལུང་མཐའ་དག་གི་རྩ་བ་ཉིད་དུ་གོ་བར་བྱས་ནས་འཆད་པའི་ཚུལ་འདི་ལྟར། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་དྲི་མ་རང་བཞིན་གྱིས་དག་པ་སྟེ་གདོད་མ་ནས་ཡོད་མ་མྱོང་བ་ནི་དོན་དམ་པའི་བདེན་པ་ཉིད་དོ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་དང༌། དེ་བསལ་ན་ནི་ཞེས། རྣམ་ཤེས་ལ་སྣང་ཚུལ་དང་བསལ་བྱ་ཡོད་པར་འཆད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །སངས་རྒྱས་ཉིད་ཅེས་སྔ་ཕྱི་ལ་བདེན་གཉིས་ཀྱི་དབྱེ་འབྱེད་དང༌། དྲི་མ་ཡོད་མེད་པའང་དེ་ལྟར་མ་ཕྱེ་ན་སྙིང་པོ་འཆད་བྱེད་ཀྱི་རྩ་བའི་གཞུང་དུ་བསལ་བཞག་མེད་པ། ཞེས་མདོ་སྔགས་ཀུན་ཏུ་མཐུན་པར་གསུངས་པ་དེ་སྤངས་པར་འགྱུར་རོ། །འོ་ན་རྗེ་བཙུན་ཉིད་ཀྱིས། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་སྣང་གནས་སོ་སོར་ཕྱེ་བའི་བཤད་པ་ཉིད་ཡིན་ཏེ། ཇི་སྐད་དུ། འདོད་ཆགས་སོགས། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་བཤད་ལ། དེའི་ཚེ་ཉོན་མོངས་པར་མི་འགྱུར་ན་གྲོལ་བ་ལས་གཞན་ཅི་ཞིག་ཡོད། དོན་དམ་པར་གྲོལ་བ་ཡང་ཡིན་ཏེ། འཁོར་བའི་ཕྱོགས་ཀྱི་རྒྱུ་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་གང་དུ་ཡང་མི་རུང་ཞིང་བཤད་པ་ཡང་མེད་པའི་ཕྱིར། དེ་བཞིན་དུ་སྣང་གནས་སོ་སོར་ཕྱེ་བ་ན་འབད་པ་འབྲས་མེད་དུ་ཐལ་བ་ལས་ཀྱང་གྲོལ་ཏེ། ལམ་དུས་སུ་ནི་རྣམ་ཤེས་ལ་སྣང་ཆ་གཙོ་ཆེ་བའི་ཕྱིར་དང༌། གཞི་འབྲས་ཀྱི་གཙོ་བོ་སྔར་མེད་གསར་དུ་སྒྲུབ་མི་དགོས་པའི་ཕྱིར། ཡང་རྩ་བཤད་ཀྱི་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་གསུངས་པ་དེ་རང་བཞིན་ལྷན་སྐྱེས་དང་ཞུ་བདེ་ལྷན་སྐྱེས་ལ་སྦྱོར་ཚུལ་གཉིས་ལས། འཆད་ཚུལ་དང་པོ་རང་བཞིན་རྣམ་དག་དང༌། སྙིང་པོས་ཀུན་ལ་ཁྱབ་པའི་ཚུལ་དང༌། འཆད་ཚུལ་ཕྱི་མས་སྣང་ཚུལ་དང་གནས་ཚུལ་འདྲེན་མ་དང་གློ་བུར་རྣམ་དག་གི་དབང་དུ་མཛད་ནས་སྙིང་པོས་སྒྲུབ་པ་པོ་ལས་གཞན་ལ་མ་ཁྱབ་པའི་ཚུལ་དེ་གསུངས་པ་དང༌། མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ཏུ་སྙིང་པོའི་ངོས་འཛིན་མེད་དགག་གི་ཆ་ལ་འཇོག་པ་བཀག་ནས། མ་ཡིན་པར་དགག་པ་ཞིག་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་རྟོགས་བྱར་བཤད་ནས། སེམས་རྟོགས་ན་སངས་རྒྱས་ཞེས་སོགས་ཀྱི་མདོ་སྡེ་སྒྲ་ཇི་བཞིན་པ་ཡིན་པར་འཆད། ཆོས་ཀྱི་རྗེས་དེ་འདྲ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་མོད། རྣམ་ཤེས་དང་ཡེ་ཤེས་ཀྱི་སྣང་ཚུལ་སོ་སོ་བ་ལ་དགོངས་སོ། །ཞེས་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཞན་ཡང་དེ་བཞིན་ཉིད་ཀྱི་དག་པ་དང་ལྷ་སོ་སོའི་དག་པ་ཞེས་དང༌། བདེན་གཉིས་ཟུང་འཇུག་དང་ཟུང་འབྲེལ་གྱི་སྐབས་དང༌། འཁོར་འདས་དབྱེར་མེད་དང་དབྱེར་ཡོད་ཀྱི་སྐབས་དང༌། མ་དག་པའི་སྣང་བ་དང་དག་པའི་སྣང་བ་སོགས་ཀྱི་འཆད་ཚུལ་དཔྱིས་ཕྱིན་པ་ཉིད་དུ་ཤེས་ཟིན་པའི་འོག་ཏུ་སྙིང་པོས་སེམས་ཅན་ལ་ཁྱབ་མ་ཁྱབ་ཀྱི་རྣམ་པར་བཤད་པ་འགལ་བ་ལྟ་བུར་སྣང་བ་དག་མི་འགལ་བ་ཉིད་དུ་ཁོང་དུ་ཆུད་པར་བྱ་དགོས་པའི་མཐུན་དཔེ་གཞན་ཡང་འདི་ལྟར། རྒྱུད་བླ་མའི་བསྟན་བཅོས་སུ་སྙིང་པོའི་རྣམ་གཞག་འཆད་པ་ན། མཚན་ཉིད་ཀྱི་ཁྱད་པར་རང་བཞིན་རྣམ་དག་ལ་དང༌། གློ་བུར་རྣམ་དག་ལ་འཆད་པའི་སྐབས་གཉིས་དང༌། རྟེན་གྱི་ཁྱད་པར་སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཡོད་པ་དང༌། སངས་རྒྱས་ལ་ཡོད་པ་དང་སེམས་ཅན་ལ་མེད་པར་འཆད་པའི་སྐབས་གཅིག་དང༌། སེམས་ཅན་ལ་ཡང་གཉིས་སུ་ཕྱེ་ནས་སྙིང་པོ་ཡོད་མེད་སོ་སོར་འབྱེད་པ་ཞིག་དང༌། གནས་སྐབས་ཀྱི་ཁྱད་པར་ས་ཐོབ་མ་ཐོབ་ལས་སོ་སོར་འབྱེད་པ་ཞིག་དང༌། སྤངས་གཉེན་གྱི་ཁྱད་པར་སྒྲིབ་བྱེད་ཀྱི་དྲི་མ་ཡོད་མེད་གཉིས་དང༌། སྒྲིབ་བྱེད་ཡོད་པ་ལའང་ངོ་བོར་གྱུར་པའི་སྒྲིབ་བྱེད་མེད་ཀྱང་འབྲལ་རུང་གི་སྒྲིབ་བྱེད་ཡོད་པ་དང༌། གློ་བུར་གྱི་སྒྲིབ་བྱེད་ཉིད་ཀྱང་མེད་པར་འཆད་པའི་སྐབས་སོ་སོ་བ་དག་བྱུང་ངོ༌། །དེ་ལྟ་བུའི་འགལ་བ་ལྟག་སྤྲོད་དུ་བྱུང་བ་དེ་རྣམས་ལ་གནས་སྐབས་སོ་སོར་འབྱེད་དགོས་ཏེ། རྣམ་ཤེས་དང་ཡེ་ཤེས་ཀྱི་དང༌། ཀུན་རྫོབ་དང་དོན་དམ་པའི་དང༌། ཐོས་བསམ་དང་སྒོམ་བྱུང་གི་དང༌། གཞི་ལམ་དབྱེར་ཡོད་དབྱེར་མེད་དུ་འཆད་ཚུལ་སོ་སོ་བའི་སྐབས་ལས་སོ། །དེ་ཡང་འདི་ལྟར་རང་བཞིན་རྣམ་དག་ཁོ་ནའི་ཆ་ནས་འཆད་པ་ནི་རྣམ་གཞག་བཅུའི་ནང་གི་ཡོན་ཏན་དབྱེར་མེད་པའི་གཞུང་གིས་སོ། །གློ་བུར་རྣམ་དག་དང་གཞི་ལམ་དབྱེར་ཡོད་ཀྱི་སྒོ་ནས་འཆད་པ་ནི། དཔེ་དོན་དགུ་ཚན་དུ་སྦྱར་བའི་སྐབས་ནས་སོ། །སེམས་ཅན་ལ་སྙིང་པོས་མ་ཁྱབ་པ་ནི་སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད་ཅེས་པ་སྟེ་ཀུན་རྫོབ་པའི་སེམས་ཅན་གྱི་དབང་དུ་མཛད་པའོ། །དྲི་མ་མེད་པས་སྤངས་མི་དགོས་པ་ནི་བསལ་བཞག་མེད་པའི་སྐབས་ཏེ་རང་བཞིན་རྣམ་དག་གི་ཚེ་ནའོ། །གནས་སྐབས་ཀྱི་ཁྱད་པར་ནི་ཡེ་ཤེས་ཁོ་ནའི་གཟིགས་ཚུལ་ལས་ཏེ་འདི་ནི་རྣམ་ཤེས་ཀྱི་ཡུལ་ལས་འདས་པའོ། །གཞི་དུས་ན་སྙིང་པོའི་ཡོན་ཏན་རྫོགས་པར་ཡོད་ཀྱང་དེ་ལྟར་མངོན་སུམ་དུ་མཐོང་བའི་གློ་བུར་རྣམ་དག་གི་སངས་རྒྱས་ལས་གཞན་ལ་མེད་དོ། །ཞེས་བདེན་པ་གཉིས་ཀའི་དབང་དུ་བྱས་སོ། །འདིར་གློ་བུར་རྣམ་དག་འགོག་བདེན་ལ་ངོས་བཟུང་ན་གཞི་འབྲས་དབྱེར་མེད་ཀྱི་སྙིང་པོར་འཆད་མི་ནུས་སོ། །སེམས་ཅན་ལ་བདེན་པ་གཉིས་སུ་འབྱེད་པ་ནི་དེ་བཞིན་ཉིད་ལ་གསུམ་དུ་ཕྱེ་བའི་སྐབས་ལས་ཏེ། དེའི་ཚེ་དོན་དམ་པའི་སེམས་ཅན་ནི་གཞི་འབྲས་དབྱེར་མེད་ཀྱི་སྙིང་པོ་ཅན་ཁོ་ནར་སྒྲུབ་པ་ནི། རྫོགས་སངས་སྐུ་ནི་སོགས་རྐང་པ་གཉིས་ཏེ་རྩ་བའི་རྟགས་དང་དེ་སྒྲུབ་པའོ། །ཀུན་རྫོབ་པའི་སེམས་ཅན་སྙིང་པོ་ཅན་དུ་གསུངས་པའི་དགོངས་གཞི་འཆད་པ་ནི། རིགས་ཡོད་ཕྱིར་ན་སོགས་རྐང་པ་གཉིས་སོ། །གཉིས་པ་ཞིབ་མོར་བཤད་པ་ནི། སྤྱིར་གསུང་རབ་རྣམས་སུ་འཁོར་འདས་ཀྱི་རྣམ་གཞག་གཏན་ལ་འབེབས་པའི་ཚེ་ཡེ་ཤེས་ཁོ་ན་དབང་བཙན་པར་བྱས་པའི་སྐབས་དང༌། རྣམ་ཤེས་ཁོ་ན་དང་གཉིས་པོ་མཉམ་རྗེས་ཀྱི་ཚུལ་དུ་ཆ་མཉམ་པར་བཞག་ནས་འཆད་པའི་སྐབས་སོ་སོ་བ་དག་མ་འདྲེས་པར་བྱ་དགོས་པ་ལས། བྱེ་བྲག་ཏུ་སྙིང་པོས་སེམས་ཅན་མཐའ་དག་ལ་ཁྱབ་མ་ཁྱབ་དང་སྙིང་པོའི་ངོས་འཛིན་མཛད་པ་པོ་སྔོན་གངས་ཅན་དུ་བྱོན་པ་དག་ནི་ཕྱོགས་རེ་རེ་བ་ཁོ་ན་ཉིད་དུ་རྟོག་ཅིང་དཔྱོད་པ་ཉིད་དུ་གྱུར་ཏོ། །ཞེས་བསམ་ནས་འདིར་བརྟགས་པ་ནི། སྙིང་པོ་སོགས་ཀྱི་ངོས་འཛིན་ཡུལ་རང་བཞིན་རྣམ་དག་ཁོ་ན་དང༌། ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཉིད་དང༌། ཡོན་ཏན་གྱི་ཁྱད་པར་དྲི་མས་རྣམ་པར་དག་ཚུལ་དང༌། སྟོབས་སོགས་ལྷུན་གྱིས་གྲུབ་ཚུལ་རྣམས་གསུངས་པ་དེའི་ཚེ་ནི་སྙིང་པོས་སེམས་ཅན་དང་ཤེས་བྱ་མཐའ་དག་ལ་ཁྱབ་པར་ཁས་ལེན་ཅིང༌། དེ་ལས་གཞན་པའི་ཤེས་བྱ་ཡོད་པ་མ་ཡིན་པ་ཉིད་དུ་ཡང་ངོ༌། །ཡང་དེ་དག་གི་ངོས་འཛིན་ཡུལ་གློ་བུར་རྣམ་དག་དང༌། ཡུལ་ཅན་རྣམ་ཤེས་དང༌། ཡོན་ཏན་གྱི་ཁྱད་པར་སྤངས་པ་ལ་རག་ལས་པ་ཉིད་དུ་འཆད་པ་དེའི་ཚེ་ནི་སྙིང་པོས་ཀུན་ལ་ཁྱབ་པར་ཁས་ལེན་པ་མ་ཡིན་ཏེ། འབད་མེད་དུ་གྲོལ་བ་དང་ལམ་གྱི་རྣམ་གཞག་ཐམས་ཅད་ཉམས་པར་ཐལ་བ་སོགས་ཀྱི་ཉེས་པ་མང་པོ་དང་བཅས་པས་སོ། །ཡེ་ཤེས་འབའ་ཞིག་འབད་མེད་དུ་གྲོལ་བ་ལ་འདོད་ལེན་བཏབ་ཟིན་པ་ལ་ཡིན་ནམ་ཞེ་ན། གཞི་འབྲས་དབྱེར་མེད་ཀྱི་ཡེ་ཤེས་འབའ་ཞིག་པ་ནི་གདོད་མ་ནས་འཁོར་བའི་སྡུག་བསྔལ་གསུམ་པོ་མྱོང་མི་སྲིད་ཅིང༌། ལས་ཉོན་གྱི་ངོ་བོར་སྐྱེ་མ་མྱོང་བས་འབད་མེད་དུ་གྲོལ་བར་ཁས་ལེན་ཡང༌། འབྲས་དུས་སུ་རང་དོན་ཆོས་ཀྱི་སྐུ་ཡོངས་རྫོགས་དང༌། གཞན་དོན་གཟུགས་ཀྱི་སྐུའི་སྣང་བ་འབད་མེད་དུ་འཆར་བ་ལ་ནི་རྣམ་ཤེས་དབང་བཙན་དུ་བྱས་པའི་ས་བཅུ་རིམ་ཅན་པ་དག་ལམ་དུ་མ་བྱས་ན། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མངོན་དུ་འགྱུར་བ་མ་ཡིན་ནོ། །འདི་ནི་རྣམ་ཤེས་དང་ཡེ་ཤེས་འདྲན་མའི་དབང་དུ་བྱས་པ་སྟེ། ཡེ་ཤེས་འབའ་ཞིག་པས་རློམ་ཚོད་ལ་ས་ལམ་མཐར་ཕྱིན་བྱེད་མི་སྲིད་པ་མ་ཡིན་པར་ནི་གོང་དུ་བཤད་ཟིན་ལ། རྣམ་ཤེས་རྐྱང་པས་ས་ལམ་མཐར་ཕྱིན་པ་མི་སྲིད་དོ། །སྙིང་པོའི་རྟེན་དུ་གྱུར་པའི་སེམས་ཅན་ཡང་ཀུན་རྫོབ་དང་དོན་དམ་གཉིས་ལས། ཀུན་རྫོབ་ནི་འཇིག་ཚོགས་ལ་ལྟ་བའི་འཛིན་སྟངས་ཀྱི་བཟུང་བྱར་བྱས་པ་དེ་ལས་གཞན་དུ་ངོས་འཛིན་པར་མི་བྱེད་ལ། དེ་འདྲ་དེ་སྟོབས་སོགས་ཡོན་ཏན་གྱི་རྟེན་དུ་ངོས་བཟུང་ན་གྲངས་ཅན་གྱིས་བརྟགས་པའི་བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་ཉིད་པ་སྙིང་གི་དཀྱིལ་དུ་གནས་པར་ཁས་ལེན་པ་དང་ཁྱད་པར་འགའ་ཡང་མི་རྙེད་པས་ན། དེ་ལྟར་འཆད་པའི་མདོ་རྒྱུད་གང་ན་འདུག་ཀྱང་སྒྲ་ཇི་བཞིན་པ་ཉིད་མ་ཡིན་པར་བཤད་དགོས་ཏེ། ཇི་སྐད་དུ། མུ་སྟེགས་བདག་དང་མཚུངས་པ་དང༌། །ཞེས་གསུངས་པ་ལྟར་རོ། །ཡང་རྣམ་གཞག་དེ་གཏན་ལ་འབེབས་བྱེད་སྤྱིར་ཐོས་བསམ་དང༌། བྱེ་བྲག་བཀའ་འཁོར་ལོ་བར་པའི་བསམས་བྱུང་གི་རིག་པ་ཉིད་ཀྱི་ཚེ་ནི་སྙིང་པོའི་ངོས་འཛིན་དུ་བཤད་མ་ཐག་པ་དེ་ལྟ་བུ་ཡོད་པ་ཙམ་དུ་ཡང་ཁས་བླངས་པར་བྱ་བ་མ་ཡིན་ཏེ། ཤེས་བྱའི་ཆོས་སུ་སྣང་བ་ཇི་སྙེད་པ་རང་སྟོང་དུ་གཏན་ལ་འབེབས་པའི་སྐབས་ཉིད་ཀྱི་ཕྱིར། ཇི་སྐད་དུ། བདེན་པའི་དངོས་པོར་འགྱུར་བ་དང༌། །ངེས་པའི་དོན་གྱི་མདོ་སྡེ་དང༌། །རྣམ་པ་ཀུན་ཏུ་འགལ་ཞེས་བཤད་པ་དེ་ཁོ་ནར་མ་ཟད། དབུ་མ་ལས། དེ་བཞིན་གཤེགས་པའི་རང་བཞིན་གང༌། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་གསུངས་སོ། །དོན་དམ་པའི་སེམས་ཅན་མཐའ་དག་ལ་སྙིང་པོས་ཁྱབ་པར་ཁས་ལེན་པ་དེའི་ཚེ། ཀུན་རྫོབ་པའི་སེམས་ཅན་ལ་དེས་མ་ཁྱབ་པར་ཁས་ལེན་པ་ནི་ཕན་ཚུན་འགལ་བ་ཡིན་ཏེ། གཉིས་པོ་དག་ཆོས་ཅན་དང་ཆོས་ཉིད་དུ་ཁས་ལེན་དགོས་པས་སོ། །ཞེ་ན། དེ་སྐད་དེ་ནི་ཕྱིས་ཀྱི་རྟོག་གེ་ངན་པས་འགལ་བ་ཉིད་འགལ་ཟླའི་སྒྲུབ་བྱེད་དུ་ཁས་བླངས་པ་དེ་ཉིད་ངོ་སོར་བྱས་པ་ཡིན་ཏེ། བུམ་སོགས་རང་རང་གིས་སྟོང་པ་དེ་ཉིད་སོ་སོའི་ཆོས་ཉིད་དུ་འཆད་པ་ངོ་བོ་ཉིད་མེད་སྨྲའི་ལུགས་དང༌། བུམ་སོགས་རང་རང་གིས་གཟུང་འཛིན་གཉིས་པོ་ཆོས་ཅན་དང༌། གཉིས་མེད་གང་ཡིན་པ་དེ་སོ་སོའི་ཆོས་ཉིད་དུ་འཆད་པ་སྔགས་ཀྱི་ལུགས་ཏེ། དེ་ལས་གཞན་གྱི་འཆད་ཚུལ་ཐེག་པ་ཆེན་པོའི་ཆོས་ལ་མེད་དོ། །གལ་ཏེ། ཤེས་བྱ་ཀུན་ལ་སྙིང་པོས་ཁྱབ་པར་གཏན་ལ་འབེབས་བྱེད་ཀྱི་ལུང་རིགས་པའི་རྣམ་དཔྱོད་དེ་ཡང་རྣམ་པར་ཤེས་པ་ཉིད་ཀྱི་ཕྱིར། དེའི་དོན་ཡང་སྙིང་པོས་ཀུན་ལ་ཁྱབ་པ་ཉིད་དུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། གོང་དུ་བརྟགས་པ་ནི་སྙིང་པོ་ཉིད་ཡུལ་དུ་བྱེད་པའི་ཐོས་བསམ་སྒོམ་གསུམ་རྣམ་དཔྱོད་སོ་སོ་ལ་བསམ་པ་ཡིན་མོད། ཅུང་ཟད་སྤྲོས་ན། ལུང་རིགས་རྣམ་དག་ལ་བརྟེན་པའི་ཐོས་བསམ་ནི་གཟུང་འཛིན་དུ་སྣང་བའི་ཆ་ནས་རྣམ་ཤེས་རྗེས་མཐུན་པ་དང༌། ཆོས་ཀྱི་སྐུའི་བདག་རྐྱེན་ལས་བྱུང་བའི་ཆ་ནས་ཡེ་ཤེས་རྗེས་མཐུན་པར་འཇོག་པས་གནས་ཚུལ་སེམས་དཔའ་ལ་ཞུགས་པའི་ཚེ་ཕྱི་མ་དབང་བཙན་པར་འཆད་དགོས་པ་དང༌། དོན་དམ་པའི་བདེན་པ་ནི་ཡུལ་ཅན་ཡེ་ཤེས་ཀྱི་གང་དུ་དམིགས་པ་དེར་ཡོད་པ་དང༌། མ་དམིགས་པ་དེར་མེད་དགོས་པ་ནི་ཡུལ་ཅན་གནས་ཚུལ་ལ་ཞུགས་པ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ནི་ཡུལ་རྣམ་ཤེས་ཀྱིས་གང་དུ་དམིགས་པ་དེར་ཡོད་དགོས་པར་ལྟ་ཅི་ཕལ་ཆེར་འགལ་ལ། ཡུལ་ཅན་རྣམ་ཤེས་ཀྱིས་མ་དམིགས་ན་སྤྱིར་མེད་མི་དགོས་ཀྱང་དེ་ཉིད་ཀྱི་ངོ་བོར་མེད་དགོས་པ་དང༌། སྤྱིར་བཏང་དུ་ཡོད་ངེས་ཀྱི་ཐ་སྙད་འགོག་ནུས་པ་ནི་རྣམ་འགྲེལ་མཛད་པའི་རིགས་པ་ལས་ཏེ། འདིར་ཀུན་རྫོབ་པའི་སེམས་ཅན་གྱི་ཤེས་རྒྱུད་འདིར་ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་ངེས་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་སྟེ། དེ་འདྲ་དེ་ཚད་མར་གྱུར་པའི་རྣམ་ཤེས་དང་ཡེ་ཤེས་གང་གིས་ཀྱང་མ་དམིགས་པའི་ཕྱིར། ཞེས་པ་འདི་ཡང་སྤང་བྱ་སྤོང་བ་དང་བསོད་ནམས་ཀྱི་ཚོགས་གསོག་པ་ལ་གཙོ་བོར་གྱུར་པའི་ཚེ་ན་སྟེ་དྲི་མ་མེད་པ་དང་ཡོན་ཏན་ལྷུན་གྱིས་གྲུབ་ན་ཚོགས་གཉིས་གསར་དུ་གསོགས་པའི་བྱ་བ་ལ་གེགས་བྱེད་པ་དག་མི་སྲིད་པས་སོ། །འདི་ནི་ཇི་སྐད་དུ། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེའང་བརྗོད་པར་མི་བྱ་སྟེ། །ཞེས་དང༌། ལས་འབྲས་རྣམས་ལ་སེམས་དཔའང་དགག་པ་མཛད། །ཅེས་བཤད་པ་དང་ཆ་མཐུན་ནོ། །གལ་ཏེ། ཇི་སྐད་དུ། སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཞེས་སོགས་ཀྱི་ལུང་དེས་རྣམ་ཤེས་ངོར་ཚོགས་གཉིས་གསོག་པ་གོང་འཕེལ་གྱི་དགོས་པ་ཅན་དུ་བཤད་པ་མ་ཡིན་ནམ། ཁྱེད་ནི་གཞི་གཅིག་གི་སྟེང་དུ་གནོད་བྱ་དང་གནོད་བྱེད་དུས་མཉམ་དུ་ཁས་ལེན་པ་ཉིད་དོ་ཅེ་ན། དགོངས་པ་ཅན་དུ་འགྲེལ་དགོས་ཀྱི་ལུང་མཐའ་དག་དགོས་པའི་ཁྱད་པར་ཡིན་ངོ་ཤེས་པ་རེ་འཆད་དགོས་མོད་དེ་དང་དངོས་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པ་བརྗོད་བྱའི་དོན་གཅིག་གི་སྐབས་སུ་མཐུན་པར་ཚོགས་དགོས་པ་ནི་ཁྱོད་ཀྱི་མ་ཤེས་པས་ནོངས་སོ། །དེ་ལྟར་ན་གཞི་དུས་སུ་སྒྲིབ་པ་མེད་ཀྱང་ལམ་དུས་གཉེན་པོས་སྤོང་བ་དང༌། གཞི་དུས་སུ་སྟོབས་གྲུབ་ཟིན་ཀྱང་ལམ་དུས་སུ་འབད་རྩོལ་གྱིས་སྒྲུབ་དགོས་པ་ནི་གཞི་ལམ་དབྱེར་ཡོད་ཀྱི་གོ་བ་ཡིན་ལ། དེའི་ཚེ་དབྱེར་མེད་ནི་གནས་ཚུལ་དང༌། དབྱེར་ཡོད་སྣང་ཚུལ་དང༌། ཡང་དག་པའི་ཀུན་རྫོབ་དང༌། དགོས་པ་ཁྱད་པར་ཅན་གྱི་མེད་མི་འབྱུང་བའི་རྒྱུ་ཉིད་དུ་ངེས་ལ། གནས་ཚུལ་ལ་རྣམ་ཤེས་ཀྱི་གནོད་བྱེད་སྟོན་པ་དང༌། སྣང་ཚུལ་ལ་ཡེ་ཤེས་ཀྱི་གནོད་བྱེད་སྟོན་པ་གཉིས་ཀ་སྐབས་སོ་སོར་བྱུང་བ་ལ། ཡེ་ཤེས་ཚོགས་གསོག་གི་ཚེ་ཕྱི་མ་དབང་བཙན་པ་དང༌། བསོད་ནམས་ཚོགས་གསོག་གི་ཚེ་སྔ་མ་དབང་བཙན་པ་ཉིད་དུ་ཐག་བཅད་ནས། རིགས་པ་དག་གིས་ཕྱིར་རྒོལ་བ་ན་དོན་དམ་སྒོ་ཅན་དང་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་ལན་འདེབས་པའི་མངོན་པར་རྟོགས་པའི་རྒྱན་དང༌། དབུ་མའི་རྩ་བ་ལས་ཆེས་ངོ་མཚར་བ་དང་ཡ་མཚན་སྨད་དུ་བྱུང་བ་དག་ཇི་སྐད་དུ་གསུངས་པ་ཉིད་ཁས་བླངས་པར་བྱ་བ་ཡིན་གྱི། བྱིས་པས་བརྟགས་པའི་རིགས་པ་དང༌། རྨོངས་པས་བཙལ་བའི་གཞུང་དང༌། ཡང་ཡང་ཕྱིན་པའི་ལམ་དུ་འཇུག་པར་མི་བྱའོ། །གཉིས་པ་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལ་ཞུགས་པ་དག་གིས་རྣམ་གཞག་ཇི་ལྟར་ཁས་ལེན་པའི་ཚུལ་ལ། གསུམ་སྟེ། གཙོ་བོར་འཁོར་ལོ་སྡོམ་པ་དང་དེས་མཚོན་ནས་གསང་སྔགས་བླ་མེད་ཀྱི་ལུང་གང་དུ་ལུས་དཀྱིལ་རྣམ་གཞག་གསུངས་པ་དག་ལ། གཞི་དུས་ཀྱི་གནས་ཚུལ་གང་ཡིན་དང༌། གཞི་འབྲས་དབྱེར་མེད་དུ་གནས་པ་དེ་བླ་མ་གང་གིས་སློབ་མ་སུ་ཞིག་ལ་སྟོན་པ་དང༌། སྟོན་པ་དེ་ཇི་ལྟར་ཉམས་སུ་བླངས་པས་སྔགས་ཀྱི་ལམ་མཐར་ཐུག་པའི་ཚུལ་རྣམས་སོ། །དང་པོ་ལ་གཉིས་ཏེ། དངོས་དང་གཞན་ལ་ཇི་ལྟར་ཡིན་པའི་ཚུལ་ལོ། །དང་པོ་ནི། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་སྲོལ་ཕྱེ་བའི་ལུས་ཀྱི་དཀྱིལ་འཁོར་འདི་ནི། གཞི་དུས་རང་བཞིན་རྣམ་དག་གི་སངས་རྒྱས་ཉིད་དེ། སྒྲིབ་པ་གདོད་མ་ནས་ཡོད་མ་མྱོང་བས་སངས་པ་དང༌། ངེས་པའི་དོན་གྱི་ཡོན་ཏན་ལྷུན་གྲུབ་པས་རྒྱས་པའོ། །དེ་ཡང་བདེ་བ་དང་སྟོང་པ་ཟུང་འཇུག་པ་སྟེ་ལྷན་སྐྱེས་པའི་ཡེ་ཤེས་དྲི་མས་སྟོང་པ་ཉིད་དོ། །དེ་ལ་ཡོན་ཏན་གྱི་དབྱེ་བས་ཕྱེ་ན་ཉོན་མོངས་པ་དུག་ལྔ་པོ་དག་གིས་སྟོང་པའི་གཞི་དུས་ཉིད་ཀྱི་ཡེ་ཤེས་ལྔ་ནི་ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་འཁོར་ལོ་ལྔ་པོ་ཉིད་དོ། །འཁོར་ལོ་ལྔ་པོ་དེ་དག་སོ་སོ་ལ་ཡང་དྲི་མས་སྟོང་པ་དང༌། བདེ་བ་རྒྱས་པའི་ཆ་ཤས་དག་ལ་ཆོས་ཀྱི་དབྱིངས་སུ་གྱུར་པའི་དཔའ་བོ་རྣལ་འབྱོར་མ་དག་ཏུ་ཕྱེ་ནས་མིང་དབྱེ་བ་སོ་བདུན་པོ་དེ་དག་ཀྱང་ངེས་པའི་དོན་གྱི་བྱང་ཕྱོགས་སོ་བདུན་པོ་ཉིད་དུ་གནས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་པ་དེས་ནི་དོན་དམ་པའི་སེམས་ཅན་ལྟ་ཅི་སྨོས། དེ་ལས་མ་གཏོགས་པའི་ཤེས་བྱ་གཞན་མེད་པས་ན། ཇི་སྐད་དུ། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་ཏེ་བདེ་སྟོང་གཉིས་སུ་མེད་པའོ། །དོན་དམ་པའི་དཀྱིལ་འཁོར་འདི་ནི་སྤྱིར་རྣམ་ཤེས་ཀྱི་ཡུལ་ལས་འདས་པ་ཙམ་དུ་མ་ཟད། སོ་སོའི་སྐྱེ་བོའི་དུས་སུ་རང་རིག་པའི་མངོན་སུམ་གྱི་ཚད་མ་ཡོད་པར་ཁས་མི་ལེན་ཏེ། ངེས་པའི་དོན་ལ་མངོན་སུམ་པར་གྱུར་པའི་ཚད་མ་ནི་རྣལ་འབྱོར་མངོན་སུམ་ལས་གཞན་མི་འབྱུང་བའི་ཕྱིར། གཞི་དུས་ཀྱི་མངོན་པར་རྟོགས་པ་དེས་ཤེས་བྱ་མཐའ་དག་ལ་ཁྱབ་ཀྱང༌། གཞི་འབྲས་དབྱེར་མེད་ཀྱི་མངོན་པར་རྟོགས་པ་ལམ་དུས་སུ་བྱེད་པ་ནི་རྟེན་ཁྱད་པར་ཅན་དུ་ངོས་བཟུང་བ་ལས་གཞན་དུ་མི་སྲིད་དེ། གཞན་ལ་ནི་རྩ་ཁམས་ཁྱད་པར་ཅན་གྱི་ཆོས་ཉིད་ལྷ་དང་ཡེ་ཤེས་སུ་གོ་ནས། རྣམ་སྨིན་གྱི་རྩ་ཁམས་ལ་སྔགས་ལམ་གྱིས་གནད་དུ་བསྣུན་པ་མི་འབྱུང་བའི་ཕྱིར། གཉིས་པོའི་ཁྱད་པར་ཅི་ཞེ་ན། རྣམ་སྨིན་གྱི་ལུས་སུ་སྣང་བའི་རྣམ་རིག་ལས་གཞན་པའི་ལུས་བེམ་པོའི་རྡུལ་དུ་གྲུབ་པ་ནི་ཐེག་པ་ཆེན་པོ་པས་ཁས་མི་ལེན་ལ། རྣམ་རིག་དེ་ལ་ནི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་ཁམས་གསུམ་པའི་རྣམ་པ་ཅན་ཞེས་བྱ་བ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་མཚན་ཉིད་ཚང་བ་དང༌། དེའི་ཆོས་ཉིད་ནི་མཚན་ཉིད་དེ་དང་བྲལ་བའི་ཡེ་ཤེས་སོ། །འོ་ན་ཆོས་ཉིད་ལྷར་སྒོམ་པ་ལུས་རྟེན་ཁྱེད་པར་ཅན་ལ་ལྟོས་དགོས་པར་མི་འཐད་དེ། ཆོས་ཉིད་གང་དང་གང་ཡིན་པ་དེ་རང་རང་གི་ཆོས་ཅན་གང་དང་གང་ཡིན་པ་དེ་འཇིག་བྱེད་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་ཞེ་ན། དེ་ལྟ་མོད་ཀྱི་ཆོས་ཅན་རྩ་ཁམས་ལ་གནད་དུ་བསྣུན་པ་མེད་པར་དེའི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚད་མ་མི་འབྱུང་སྟེ། དཔེར་ན། མཚན་ཉིད་པར་ཁས་འཆེ་བ་དག་ཀྱང་ཆོས་ཅན་བུམ་སོགས་ཁྱད་གཞིར་བཟུང་ནས་རིགས་པའི་དཔྱད་པ་སྔོན་དུ་མ་བཏང་ན། དེའི་ཆོས་ཉིད་ངེས་པའི་ཚད་མ་མི་སྐྱེ་བར་འདོད་པ་བཞིན་ནོ། །གཉིས་པ་ནི། གཞི་འབྲས་དབྱེར་མེད་ཀྱི་སྙིང་པོས་ཁྱབ་པ་ནི་བཅོས་མའི་དཀྱིལ་འཁོར་དུ་སྣང་བ་དག་ལ་ཡང་ཡོད་པ་མ་ཡིན་ནམ། བཅོས་མིན་པ་དག་གི་ཟབ་ཁྱད་དུ་འཇོག་པ་ཅི་ཞེ་ན། བཅོས་མ་བ་དག་ལ་ཡང་རྣམ་གཞག་གཏན་ལ་འབེབས་པ་དང༌། ཉམས་ལེན་ལམ་དུ་བྱ་བའི་སྐབས་གཉིས་ལས། དང་པོར་ནི། ཡུལ་ཅན་རྣམ་ཤེས་དང་ཡུལ་ཀུན་རྫོབ་བདེན་པར་དབང་བཙན་པར་བྱས་ནས་བཅོས་མའི་དཀྱིལ་འཁོར་དུ་སྣང་བ་གང་ཡིན་པ་དེ་ཀུན་རྫོབ་དང་གློ་བུར་བ་ཉིད་དུ་ཁས་ལེན་གྱི་དོན་དམ་དང་གདོད་མ་ནས་གྲུབ་པར་ཁས་མི་ལེན། ཉམས་ལེན་ལམ་དུ་བྱ་བའི་ཚེ་ནི་སྔོན་འགྲོ་ཀུན་རྫོབ་ཀྱི་ཚོགས་ཇི་སྙེད་པ་མི་དམིགས་པར་བྱས་ནས། ཉེར་ལེན་གྱི་རྒྱུ་ཡེ་ཤེས་ལས་གྲུབ་པའི་དཀྱིལ་འཁོར་དུ་ཁས་ལེན་པ་ཡིན་ལ། ཡེ་ཤེས་དེ་ཡང་སློབ་དཔོན་དང་སློབ་མ་སོ་སོ་བ་དག་ལ་རང་རང་སོ་སོའི་ཐུན་མོང་མ་ཡིན་པར་ཁས་ལེན་གྱི་ཁྱབ་བྱེད་ཐུན་མོང་བར་གྱུར་པའི་ཡེ་ཤེས་ཤིག་ཁས་ལེན་པ་ནི་མ་ཡིན་པ་དང༌། ཉེར་ལེན་ཡེ་ཤེས་དེ་ཡང་ས་བོན་ཕྱག་མཚན་ལས་གསར་དུ་སྒྲུབ་པ་ཡིན་གྱི་གདོད་མའི་ཡེ་ཤེས་སུ་མི་འཇོག་པ་དང༌། བཅོས་མའི་དཀྱིལ་འཁོར་དུ་འབྲས་བུ་ལམ་བྱེད་ཀྱི་འབྲས་བུ་ནི་གཞི་འབྲས་དབྱེར་ཡོད་ཀྱི་དབང་དུ་བྱས་པ་ཡིན་ཏེ། མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པའི་རིམ་པས་སྒྲུབ་དགོས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སློབ་མ་གང་ལ་སློབ་དཔོན་གང་གིས་སྟོན་པ་དང༌། བསྟན་པའི་དོན་དེ་གཞི་འབྲས་གཉིས་ཀའི་དུས་སུ་ཡོད་པར་བཤད་པ་དང༌། དེ་ལྟ་ན་ཉམས་ལེན་དོན་མེད་དུ་ཐལ་བའི་བརྒལ་ལེན་ནོ། །དང་པོ་ལ། སློབ་དཔོན་ནི་གཉིས་ཏེ། དོན་དམ་པའི་དང༌། ཀུན་རྫོབ་ཀྱིའོ། །དང་པོ་ནི། དོན་དམ་པའི་ལུས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བའི་ཡེ་ཤེས་དངོས་སམ་རྗེས་མཐུན་པ་ཞིག་གོ །གཉིས་པ་ནི། ཡེ་ཤེས་དེ་འདྲ་དེ་རྒྱུད་ལྡན་དུ་འཛིན་པར་ཐ་སྙད་བྱས་པའི་གང་ཟག་ཞིག་གོ །སློབ་མ་ལ་ཡང་གཉིས་ལས། དོན་དམ་པའི་ནི། དང་པོར་འཇུག་པའི་ཚེ་དོན་དམ་པའི་སངས་རྒྱས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་ཤིང༌། སངས་རྒྱས་དེ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཞིག་སྟེ། ཇི་སྐད་དུ། སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཞེས་བཤད་པ་ལྟ་བུའོ། །དད་པ་དེ་ལ་ཡང་སད་བྱེད་ཀྱི་རྐྱེན་འཁོར་ལོ་བཞི་སྔོན་དུ་སོང་བ་ཞིག་དགོས་ཏེ། དེ་མེད་ན་མི་འབྱུང་བའི་ཕྱིར། གཉིས་པ་ནི། སྔགས་ལམ་གྱིས་སངས་རྒྱ་བའི་སློབ་མ་དངོས་ནི་སྤྱིར་ཆོས་ཀྱི་དབྱིངས་སུ་ངེས་ཀྱང༌། ལམ་དེ་ཉམས་སུ་ལེན་པ་ཀུན་རྫོབ་པའི་ལུས་རྟེན་མངོན་སུམ་དུ་བྱས་པ་ལ་རག་ལས་ཏེ། ཐ་སྙད་དུ་དེ་མེད་པར། གཅིག་ཤོས་མི་འབྱུང་བའི་ཕྱིར། དེ་ཡང་གླིང་གསུམ་འཛམ་བུ་གླིང་གི་མི་ལུས་ཁྱད་ཅན་འདི་རྟེན་དང༌། རྟེན་དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲོ་བཏགས་པའི་ང་ཙམ་ནི་གང་ཟག་གོ །འདིར་དཔོན་སློབ་གཉིས་ཀ་ཡང་ཐོག་མར་ཀུན་རྫོབ་ཀྱི་དབང་དུ་བྱས་པ་དེ་སྔོན་དུ་མ་སོང་བར། དོན་དམ་འབའ་ཞིག་གི་དབང་དུ་བྱས་པས་མི་ཆོག་པ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོ། །གཉིས་པ་ནི། ལམ་དུས་སུ་ཉམས་སུ་བླང་བར་བྱ་བའི་ཡུལ་ནི་སྤྱིར་གསང་སྔགས་ཀུན་ལ་འབྲས་བུ་ལམ་བྱེད་དུ་གྲགས་པ་ཡིན་མོད། བཤད་པ་འདི་ལྟར་ན་གཞི་དུས་ཀྱི་མངོན་པར་རྟོགས་པ་ལམ་བྱེད་དུ་སོང་བ་དང༌། འབྲས་བུ་གཞི་དང་དབྱེར་མེད་ཡིན་ན་གྲུབ་ཟིན་པས་བསྒྲུབ་པར་བྱ་དགོས་པ་མ་ཡིན་ནོ། །ཞེ་ན། སྤྱིར་ལམ་སྒྲུབ་པ་ཐམས་ཅད་ཀྱིས་གཞི་དུས་དང་མཐུན་པར་སྒྲུབ་དགོས་པ་ཡིན་ཏེ། གཞིའི་གནས་ཚུལ་ནི་དོན་དམ་པའི་བདེན་པ་ཁོ་ནར་གནས་པའི་ཕྱིར། བདེན་མི་བདེན་དང༌། འཁྲུལ་མ་འཁྲུལ་དང༌། འཁོར་འདས་སོགས་ཕན་ཚུན་སྤངས་འགལ་དུ་གྱུར་པའི་གཉིས་ཆོས་ཐམས་ཅད་ལམ་དུས་སུ་གཞིའི་གནས་ཚུལ་དུ་མཐུན་མི་མཐུན་ཁོ་ན་ལས་བྱུང་བ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་བཞིན་ནོ། །དེའི་ཕྱིར་གཞིའི་གནས་ཚུལ་མྱང་འདས་ཁོ་ནར་གནས་པ་ལ། ལམ་འཁྲུལ་པའི་རྐྱེན་གྱིས་འཁོར་བའི་རྒྱ་མཚོར་འཁྱིལ་ཞིང་འཕྱུར་བ་ཡིན་ནོ། །ཞེས་བྱ་བ་འདི་ནི་འཁོར་འདས་དབྱེར་མེད་ཀྱི་ངེས་པའོ། །གཞི་དུས་སུ་འབྲས་བུ་གྲུབ་ཟིན་ཀྱང་གྲུབ་ཟིན་སྒྲུབ་པ་ཞེས་བྱ་བའི་སྐྱོན་དུ་མི་འགྱུར་བ་ནི། རང་ལ་གྲུབ་ཟིན་ཀྱང་རང་གིས་མངོན་སུམ་དུ་མ་མཐོང་བ་མཐོང་བར་བྱ་དགོས་པའི་ཕྱིར། དེའི་ཕྱིར་སྔགས་པས་རྒྱུད་གསུམ་གྱི་རྣམ་གཞག་མ་ནོར་བར་ཤེས་དགོས་པ་ལས་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ལ་ཁྱབ་བྱེད་དུ་འཇུག་པ་ནི་རང་བཞིན་རྣམ་དག་གི་རྒྱུད་ཉིད་དུ་ངེས་ཏེ། གློ་བུར་རྣམ་དག་ནི་བརྗོད་བྱ་དོན་གྱི་རྒྱུད་དེ། རྗོད་བྱེད་ཚིག་གི་རྒྱུད། གཞུང་དུ་བསྟན་པའི་དགོས་པ་དང༌། ཉམས་སུ་བླངས་པའི་འབྲས་བུ་ཉིད་ཀྱི་ཕྱིར་དང༌། གཞི་དུས་ལ་མ་ཁྱབ་པའི་ཕྱིར་རོ། །གལ་ཏེ་འོ་ན་ཉམས་ལེན་གྱི་ཚེ་དོན་དུ་གཉེར་བྱའི་གཙོ་བོ་རང་ལ་ཡོད་པའི་གཞི་དུས་ཀྱི་སངས་རྒྱས་དེ་ཉིད་མངོན་སུམ་དུ་མ་མཐོང་བ་མཐོང་བའི་ཕྱིར་དུ་ཡིན་ནོ་ཟེར་བ་དང༌། ལམ་དུས་ཀྱི་རྣལ་འབྱོར་པས་མ་དག་པའི་ལུས་ཀྱི་དབྱིབས་གཞལ་ཡས་ཁང་དང༌། དེའི་རྩ་ཁམས་ལྷ་ཉིད་དུ་གོམས་པར་བྱེད་པར་མ་ཡིན་ནམ། དེ་འདྲ་དེ་གཞི་དུས་ཀྱི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་ཁྱབ་པའི་ཚུལ་སྟོན་ཞིག་ཅེ་ན། དད་པ་ཅན་མཁས་པའི་རྣམ་དཔྱོད་མ་བསྟེན་པ་ཁ་ཅིག་གིས་དེ་ལྟར་གོམས་པ་འབྲས་བུ་མེད་པ་ཁོ་ནར་མ་ངེས་མོད། ལམ་དུས་ཀྱི་རྣལ་འབྱོར་པ་ནེ་ཙོའི་འདོན་པ་ལྟ་བུ་ཅན་ཁོ་ནར་མ་སོང་བ་དག་གིས་བརྟག་དགོས་པ་ནི་འདི་ལྟར། སྤྱིར་བཅོས་མིན་དོན་དམ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་ཉམས་སུ་བླང་བྱ་ནི་བསྐྱེད་རིམ་གྱི་ལྷ་དང་རྫོགས་རིམ་གྱི་ཡེ་ཤེས་དག་ཏུ་ངེས་ལ། དེ་དག་ནི་ལམ་གྱི་དུས་སུ་འབད་རྩོལ་གྱིས་སྒྲུབ་དགོས་པ་མ་ཡིན་ཏེ། གཞི་དུས་སུ་གྲུབ་ཟིན་པ་དེ་ངོ་ཤེས་པ་ཙམ་གྱིས་ཆོག་པའི་ཕྱིར། བཅོས་མ་བ་དག་གི་ལྷ་དང་ཡེ་ཤེས་ནི་ལམ་གྱི་ཚེ་གསར་བྱུང་དུ་སྒྲུབ་དགོས་པ་ཡིན་ཏེ། བསྐྱེད་རིམ་གྱི་ལྷ་ནི་བསྐྱེད་ཆོག་གིས་སྒྲུབ་པའི་ཕྱིར་དང༌། རྫོགས་རིམ་གྱི་ཡེ་ཤེས་ནི་རང་བྱིན་གྱིས་བརླབས་པ་དང༌། གཞན་རྐྱེན་ཕྱག་རྒྱའི་མཐུ་ལས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར། དེའི་ཕྱིར་བཅོས་མིན་གྱི་དཀྱིལ་འཁོར་གཞན་ལས་ཟབ་པ་ཉིད་དུ་གསུངས་པ་དེའི་ཚེ། གཞི་དུས་ཀྱི་དཀྱིལ་འཁོར་པ་རང་གིས་རང་རིག་པའི་ཚུལ་དུ་མཐོང་བ་དངོས་སམ་རྗེས་མཐུན་པ་ཙམ་གྱི་ཚེ་ལམ་གྱི་དུས་ཞེས་བྱ་ལ། དེའི་ཚེ་ཐབས་གང་གིས་མངོན་དུ་བྱེད་པ་ནི་ཡེ་ཤེས་རྗེས་མཐུན་པ་ཐོས་བསམ་གྱི་ཤེས་པས་སྒྲུབ་པ་པོ་རང་གི་རྒྱུད་ཞལ་ཕྱག་གི་དབྱིབས་སུ་གྲུབ་པའི་ལྷ་དག་གི་ཚོགས་སུ་གསལ་འདེབས་པར་བྱེད་དོ། །གསལ་ཐེབས་པ་དེའི་ཚེ་བདག་པོའི་རྐྱེན་ནི་ཡེ་ཤེས་རྗེས་མཐུན་པར་གྱུར་པའི་ཐོས་བསམ་དང་སྒོམ་བྱུང་གི་ཤེས་རབ་བོ། །དེ་མ་ཐག་པའི་རྐྱེན་ནི་རང་རྒྱུད་ཀྱི་ཡེ་ཤེས་སྔ་མ་དེའོ། །དམིགས་པའི་རྐྱེན་ནི་ཡེ་ཤེས་སྔ་མ་དེའི་སྟེང་དུ་ཐོས་བསམ་དང་སྒོམ་བྱུང་འཇིག་རྟེན་པ་རིགས་འདྲ་ཕྱི་མ་ལྷའི་དབྱིབས་ཅན་དུ་གསལ་ཐེབས་པའི་ནུས་པ་བཞག་པ་དེའོ། །དེ་ལྟར་གསལ་ཐེབས་པའི་ལྷ་དེ་དག་བསྐྱེད་རིམ་དངོས་ཡིན་གྱི་དེ་ཡུལ་དུ་བྱེད་པ་པོ་བསྐྱེད་རིམ་དངོས་སུ་གྱུར་པ་ནི་རྫས་ཐ་དད་པ་ལྟ་ཅི། ལྡོག་པ་ཐ་དད་པ་ཙམ་དུ་ཡང་འཇོག་པ་མ་ཡིན་གྱི། རང་གིས་རང་རིག་པའི་ཚུལ་དུའོ། །དེ་ཡང་མངོན་སུམ་དུ་མཐོང་ན་འདས་ལམ་དུ་སླེབ་ལ། གྲོགས་ཡེ་ཤེས་རྗེས་མཐུན་པར་གྱུར་པའི་རྟོག་པ་དང་མཚུངས་པར་ལྡན་ན་ངེས་འབྱེད་ཆ་མཐུན་ནོ། །ལྷར་སྣང་གི་ཡེ་ཤེས་དེ་དང་མཚུངས་ལྡན་གྱི་རྟོག་པ་ཅི་ཤར་ཡང་བསྐྱེད་རིམ་དངོས་མ་ཡིན་ཏེ། ཤེས་སྒྲིབ་ལས་མ་འདས་པའི་ཕྱིར། འདིར་བོད་ཕྱི་མ་དག་ན་རེ། རྣལ་འབྱོར་པས་རང་གིས་མ་དག་པའི་ཕུང་ཁམས་སྐྱེ་མཆེད་དམ། ཡུལ་གཞན་གང་དང་གང་ལ་དམིགས་ནས་ལྷག་པའི་ལྷར་གོམས་པས་ལྷ་དེ་དང་དེར་སྣང་བའི་རྣམ་རིག་ནི་ཡིད་དམ་བདེ་མཆོག་ལྟ་བུའི་གཟུང་རྣམ་ཡིན་ལ། གཟུང་རྣམ་དེ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བ་ཉིད་དུ་གོམས་པར་བྱེད་པ་ནི་བསྐྱེད་རིམ་སྒོམ་པའི་དོན་ནོ། །ཞེས་འཆད། འདི་མི་འཐད་པ་ལ་གསུམ་སྟེ། གཟུང་རྣམ་དང༌། འཛིན་རྣམ་གྱི་གོ་བ་མ་རྙེད་པས་མི་འཐད། ལྷའི་སྒྲུབ་གཞི་བེམས་པོར་ཁས་བླངས་པ་མི་འཐད། ཐོས་བསམ་གྱི་རྟོག་པ་སྒོམ་བྱུང་གི་ཡེ་ཤེས་སུ་ཁས་བླངས་པས་མི་འཐད་པའོ། །དང་པོ་ནི། གཟུང་རྣམ་དང་འཛིན་རྣམ་གྱི་ཐ་སྙད་གང་ལས་བྱུང་བ་ནི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ཉིད་ལས་ཡིན་པ་དེ་འཆད་ཤེས་ན་ཐེག་པ་ཆེ་ཆུང་གི་ལམ་དང་སྤང་གཉེན་གྱི་རྣམ་གཞག་འཆད་པའི་ཚེ་ལེགས་པར་འབྱོར་མོད། སྨྲ་བ་པོ་འདིས་ནི་གཟུང་རྣམ་འཆད་བྱེད་དུ་དགོས་པའི་ཆ་ཤས་གང་ཡང་མེད་པར་གཟུང་རྣམ་ཞེས་པའི་ཚིག་ཙམ་ལ་འཕྱོར་ཆས་སུ་བྱས་པ་འདི་ལྟར། སྤྱིར་གཟུང་རྣམ་དུ་འཇོག་པ་ལ་རྣམ་པ་དེ་གཏོང་བྱེད་དང་འཇོག་བྱེད་ཀྱི་རྒྱུ་དགོས་ཤིང༌། རྒྱུ་དེ་ནི་ཕྱི་རོལ་གྱི་དོན་ལས་གཞན་ལ་བཤད་པ་མེད་མོད། རེ་ཤིག་ཁྱེད་ལ་རང་འཛིན་ཤེས་པ་ལ་བདེ་མཆོག་གི་དབྱིབས་སུ་གྲུབ་པའི་རྣམ་པ་དེ་གཏོང་བྱེད་ཀྱི་ལྷ་ཞིག་ལོགས་ན་ཡོད་པར་འགྱུར་ཏེ། སྒྲུབ་པ་པོའི་ཤེས་པ་ལ་ལྷ་དེའི་གཟུང་རྣམ་ཤར་བའི་ཕྱིར། གལ་ཏེ་དེ་ལྟར་མི་དགོས་ཀྱི། སྒྲུབ་པ་པོའི་ཤེས་རྒྱུན་སྔ་མ་ཉིད་རྣམ་པ་དེ་འཆར་བྱེད་ཀྱི་རྐྱེན་ནོ་ཞེ་ན། འོ་ན་སྒྲུབ་པ་པོའི་ཤེས་རྒྱུན་ལ་ཤར་བའི་ལྷའི་གཟུང་རྣམ་དེ་ལྷ་དངོས་སམ་དེའི་གཟུགས་བརྙན་དུ་འདོད། དང་པོ་ལྟར་ན། སྒྲུབ་པ་པོ་འབད་མེད་དུ་གྲོལ་བར་འགྱུར། གཉིས་པ་ལྟར་ན་བསྐྱེད་རིམ་པས་ལྷའི་གཟུགས་བརྙན་ལམ་དུ་བྱེད་པར་ཁས་ལོངས་ཤིག གཉིས་པ་ནི། དེ་སྐད་དུ་སྨྲ་བ་ཁྱེད་ཀྱིས་ནི་ལྷག་པའི་ལྷ་གང་ལས་སྒྲུབ་པའི་གཞི་ཡེ་ཤེས་ལ་འཇོག་མ་ཤེས་པ་ཡིན་ཏེ། རང་ངམ་གཞན་གྱི་མ་དག་པའི་ཕུང་ཁམས་ལྷར་གོམས་པས་ལྷ་དེའི་གཟུགས་བརྙན་འཆར་བར་ཁས་བླངས་པའི་ཕྱིར། གསུམ་པ་ནི། ཁྱེད་ཀྱིས་བསྐྱེད་རིམ་གྱི་ལྷ་ཤེས་སྒྲིབ་ཏུ་ཁས་བླངས་ཏེ། རྟོག་པའི་གཟུང་རྣམ་ནི་རྟོག་པ་ཉིད་ལས་མ་འདས་པའི་ཕྱིར། ཁོ་བོ་ཅག་ལྟར་ན། རྟོག་པ་ལ་གང་དང་གང་ཇི་ལྟར་སྣང་ཡང་སྣང་ཡུལ་དངོས་ནི་དོན་སྤྱི་ཙམ་ལས་གཞན་དུ་མེད་པའི་ཕྱིར། ལྷ་ཉིད་དུ་མི་འཐད་ལ། ལྷར་སྣང་གི་རྟོག་པ་དེའི་ངོ་བོ་གསལ་རིག་གི་ཆ་ནི་འཛིན་རྣམ་དང་ཡེ་ཤེས་སུ་གྱུར་པས་བསྐྱེད་རིམ་དངོས་ཡིན་ལ། བསྐྱེད་རིམ་ངོ་བོ་རྟོག་པར་འདོད་པ་དག་གིས་ནི་བསྐྱེད་རིམ་དངོས་ཀྱི་སྒྲུབ་བྱེད་དང་བསྒྲུབ་བྱ་གཅིག་ཏུ་འཁྲུལ་པས་ནོངས་སོ། །དེ་ལྟར་ཞར་ལས་བྱུང་བ་བརྗོད་ནས་དཀྱུས་མ་ནི་བཅོས་མིན་གྱི་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཀ་གཞི་འབྲས་དབྱེར་མེད་དུ་གྲུབ་ཀྱང་ལམ་དུ་བྱ་བའི་ཚེ་བསྐྱེད་རིམ་གྱི་བདག་རྐྱེན་ཐོས་བསམ་གྱི་ཤེས་རབ་ལ་ལྟོས་པ་དང༌། རྫོགས་རིམ་གྱི་བདག་རྐྱེན་རྣམ་སྨིན་གྱི་ཕུང་པོར་གནད་དུ་བསྣུན་པ་ཉིད་ལ་ལྟོས་དགོས་པ་ན། ལུས་དཀྱིལ་རྐྱང་པས་བསྐྱེད་རྫོགས་ཟུང་འབྲེལ་དུ་འཆད་ནུས་པའི་སྐབས་འདིར་མ་དག་པའི་ལུས་དགོས་མེད་དུ་འཆད་པ་མ་ཡིན་མོད། བདེ་ཆེན་ཡེ་ཤེས་ཀྱི་དངོས་རྒྱུར་འཆད་པ་དེའི་ཚེ་ནི་མ་དག་པའི་ལུས་ཀྱང་དག་པའི་ལུས་སུ་གནས་གྱུར་པ་ཞིག་དགོས་ཏེ། ཇི་སྲིད་རླུང་སེམས་གཟུང་འཛིན་གྱི་ལམ་ལས་མ་འཕོས་པ་དེ་སྲིད་དུ་མ་དག་པའི་ལུས་དང་འཁོར་བ་ཉིད་དུ་ངེས་ལ། དབུ་མའི་ལམ་དུ་ཞུགས་ནས་ནི་རྣམ་པར་དག་པའི་ཕུང་པོ་ཉིད་དུ་གནས་གྱུར་པའི་ཚུལ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་དངོས་སུ་འདྲེན་པའི་ཕྱིར། དེ་ནས་ཅུང་ཟད་རྒྱས་པར་བཤད་པ་ནི། སྒྲུབ་པ་པོས་ལུས་དཀྱིལ་གྱི་མངོན་པར་རྟོགས་པ་འདི་ཉམས་སུ་ལེན་པའི་ཐོག་མར་སྐུའི་དགའ་བ་དྲན་པར་བྱས་པས་ནི། རང་ལ་མ་དག་པའི་ཕུང་སོགས་སུ་སྣང་བ་དེ་ཐམས་ཅད་མི་དམིགས་པ་ཉིད་དུ་བྱས་པའོ། །དེ་ལྟར་བྱེད་ནུས་པ་ཡིན་ཏེ། གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར། བྱེད་དགོས་པའང་ཡིན་ཏེ། འཁྲུལ་པའི་སྣང་བ་ཉིད་ཀྱིས་དོན་དམ་པའི་རྣལ་འབྱོར་ལ་གེགས་བྱེད་པའི་ཕྱིར། ཐུགས་ཀྱི་དགའ་བ་དྲན་པའི་མིང་ཅན་རང་གི་རྒྱུད་གདོད་མ་ནས་ཡེ་ཤེས་ལྔའི་ངོར་ལྷུན་གྱིས་གྲུབ་པ་དེ་གསལ་བཏབ་པའོ། །འོད་ཟེར་འཕྲོས་པས་མངོན་གྲུབ་པ། །བཀུག་ནས་ཕྱག་བཙལ་རང་ལུས་གཞུག །ཅེས་པ་ནི་ཤེས་བྱ་མཐའ་དག་ལ་ཁྱབ་བྱེད་དུ་ཞུགས་པའི་དང་པོའི་སངས་རྒྱས་ཏེ་རང་དང་སྣང་བ་ཐམས་ཅད་ལ་ཁྱབ་བྱེད་དུ་ཞུགས་པར་གསལ་བཏབ་པའོ། །བཏབ་པ་འདི་ནི་མུན་ཁུང་དུ་སྒྲོན་མེ་བཏེག་པ་དང་འདྲ་བར་གསལ་བར་བྱེད་པའི་རྐྱེན་དུ་འགྱུར་གྱི། ལུས་དཀྱིལ་མ་གྲུབ་པ་གྲུབ་པར་བྱེད་པའི་རྒྱུར་ཁས་ལེན་པ་མ་ཡིན་ནོ། །རྐྱེན་དེས་ཇི་ལྟར་གསལ་བའི་ཚུལ་ནི་རང་ལ་སྣང་བ་ཐམས་ཅད་དང༌། རང་གི་ཀུན་རྫོབ་པའི་ལུས་བྱིན་གྱིས་བརླབས་ཤིང༌། དོན་དམ་པའི་ལུས་སམ་ཤེས་རྒྱུད་དུ་ནི་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་འདྲེས་པར་སྣང་བའོ། །ཉམས་ལེན་གྱི་སྔོན་འགྲོ་དེ་དང༌། སྨིན་བྱེད་དབང་གི་དུས་དང༌། གཏན་ལ་འབེབས་བྱེད་ཐོས་བསམ་གྱི་དུས་སུ་རང་བཞིན་ཆོས་ཀྱི་སྐུ་ལྷུན་གྲུབ་ཏུ་བཞུགས་པར་ཐག་ཆོད་པ་དེ་ལམ་དུ་བྱེད་པ་ལ་ནི་གཟུགས་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་རྟེན་དང་བརྟེན་པར་བཅས་པ་ཀུན་ཚང་བར་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་གསལ་འདེབས་དགོས་ཏེ། ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ནི་ཇི་སྲིད་མཐོང་བའི་ལམ་མངོན་དུ་མ་གྱུར་པ་དེ་སྲིད་དུ་མི་འབྱུང་བའི་ཕྱིར། འདི་ལ་གསུམ་སྟེ། གང་གསལ་འདེབས་པ། གང་གིས་དང༌། གནས་གང་དུ་གསལ་བཏབ་པས། ཡུལ་ཅན་གང་ལ་གསལ་བར་སྣང་བའོ། །དང་པོ་ནི། འཁོར་ལོ་སྡོམ་པ་རྟེན་དང་བརྟེན་པར་བཅས་པའི་རྟེན་གཞལ་ཡས་ཁང་དབྱིབས་དང༌། བརྟེན་པ་ཞལ་ཕྱག་དང༌། ཁ་དོག་ཡོངས་སུ་རྫོགས་པ་དེའོ། །འདི་ཡང་ཐོས་བསམ་གྱིས་ངེས་པ་སྔོན་དུ་བཏང་ནས་ཉམས་ལེན་གྱི་ཚེ། དུས་སྐད་ཅིག་མ་གཅིག་ལ་ཆ་ཤས་ཡོངས་སུ་རྫོགས་པ་ཉིད་དྲན་རྫོགས་གཙོ་བོ་ཡིན་ཏེ། སྔར་མ་གྲུབ་པ་བསྐྱེད་ཆོག་གི་སྒོ་ནས་སྒྲུབ་པར་བྱེད་དགོས་པ་དག་དང་འདི་ནི་འདྲ་བ་མ་ཡིན་པའི་ཕྱིར། འོ་ན་གཞི་དུས་ཀྱི་གནས་ཚུལ་ཆོས་ཉིད་དུ་གནས་པ་ལ། ལམ་དུས་སུ་གཟུགས་ཀྱི་སྐུར་སྣང་དགོས་ན་སྣང་གནས་མ་མཐུན་པའི་སྐྱོན་ནོ་ཞེ་ན། སྣང་ཚུལ་འདི་ནི་རེ་ཞིག་རྣམ་ཤེས་ཀྱི་དབང་དུ་བྱས་ཏེ། རྣལ་འབྱོར་མངོན་སུམ་གྱི་སྒྲུབ་པ་ཐམས་ཅད་རྣམ་ཤེས་ཀྱི་སྣང་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཡེ་ཤེས་ཉིད་ལ་ཡང་གཟུགས་ཀྱི་སྐུར་སྣང་བ་ནི་མི་འགལ་ཏེ། ཇི་སྐད་དུ། གཟུགས་རྣམས་སྣ་ཚོགས་སྣང་བའི་དཔལ། །ཞེས་སོ། །ཐོག་མར་རྣམ་ཤེས་ལ་གཟུགས་ཀྱི་སྐུར་སྣང་བ་དེ་གོམས་པས་གསལ་སྣང་མཆེད་པ་ན། རང་གི་རྒྱུད་དང་དབྱེར་མེད་དུ་འདྲེས་པ་ཞིག་བྱུང་བ་དེ་ནི་སྣང་གནས་མཐུན་པའི་སྟོབས་ལས་ཡིན་ཏེ་དེ་མེད་ན་མི་འབྱུང་བའི་ཕྱིར། དཔེར་ན། ཡང་དག་པ་མ་ཡིན་པའི་དོན་གོམས་པར་བྱས་པས་རེ་ཞིག་གསལ་བར་སྣང་ཡང༌། གོམས་པ་པོའི་རྒྱུད་ཀྱི་བདག་ཉིད་དུ་མི་འགྱུར་བ་ནི་སྣང་གནས་མི་མཐུན་པའི་དོན་གྱིས་ཡིན་པ་བཞིན་ནོ། །དོན་དམ་པའི་དཀྱིལ་འཁོར་པ་ཇི་སྙེད་ཡུལ་ཅན་ཡེ་ཤེས་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ་ནི་སྣང་ཚུལ་ཇི་ལྟར་སྣང་ཡང་གནས་ཚུལ་ཆོས་ཀྱི་དབྱིངས་ཁོ་ནར་ངེས་ཏེ། འཇིག་རྟེན་ལས་འདས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །གཉིས་པ་བྱེད་པ་པོ་གང་གིས་གཞི་གང་དུ་གསལ་བཏབ་པ་ནི། བྱེད་པ་པོ་རྣམ་ཤེས་བཏགས་པ་བ་དང༌། ཡེ་ཤེས་རྗེས་མཐུན་པ་ལུགས་འདི་ཉིད་ཀྱི་དབང་དུ་བྱས་པའི་ཐོས་བསམ་དང་སྒོམ་བྱུང་གི་ཤེས་རབ་རྟོག་བྱས་དག་གིས་སོ། །དེ་དག་ལ་ཡུལ་དང་ཡུལ་ཅན་ཐ་དད་དུ་སྣང་ཞེན་ཡོད་པས་རྣམ་ཤེས་ཀྱི་མཚན་ཉིད་ཚང་ཡང༌། གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས་བདག་པོའི་རྐྱེན་བྱས་པ་མ་ཡིན་པའི་ཕྱིར་ན་ཡེ་ཤེས་རྗེས་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཞི་གང་དུ་ན། སྒྲུབ་པ་པོའི་སེམས་རྒྱུད་ཉིད་ཀྱི་སྟེང་དུ་དེ་མ་ཐག་པའི་རྐྱེན་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་ཉིད་ལས་ལམ་དུས་ཀྱི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་རེ་གཉིས་པོ་དག་གསལ་བཏབ་པའོ། །གསལ་ཐེབས་པའི་ཚད་ནི་རྒྱུ་ཆོས་དབྱིངས་ལས་གྲུབ་ཅིང༌། ངོ་བོ་བྱང་ཆུབ་ཕྱོགས་མཐུན་དུ་གནས་པའི་ལྷ་དེ་དག་རང་གིས་རང་ཉིད་ཉམས་སུ་མྱོང་བའི་ཡེ་ཤེས་ཏེ། མཚན་ཉིད་པ་འདས་ལམ་ནས་དང༌། རྗེས་མཐུན་པ་ངེས་འབྱེད་ཆ་མཐུན་ནས་སོ། །སེམས་རྒྱུད་ལྷའི་ངོ་བོར་གསལ་བཏབ་ཙམ་དེ་ནས་བཟུང་སྟེ། གོམས་བྱེད་ཀྱི་ཡན་ལག་དྲན་ཤེས་བཞིན་སོགས་དང༌། བྱེད་པ་པོ་ཐོས་བསམ་གྱི་ཤེས་རབ་དག་དང་མ་བྲལ་བ་ཉིད་དུ་གོམས་པར་བྱས་པས་གོམས་བྱའི་དོན་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ་ན་ཡན་ལག་དེ་དག་ནི་གྲོགས་མཚུངས་ལྡན་དུ་ངེས་པར་དགོས་ཀྱང་བསྐྱེད་རིམ་དངོས་མ་ཡིན་ཏེ། དེ་དག་ནི་རྣམ་བྱང་གི་ཕྱོགས་སུ་གྱུར་པའི་གཟུང་འཛིན་གྱི་རྟོག་པ་གང་རུང་ལས་མ་འདས་ལ། གོམས་བྱའི་དོན་ནི་ཆོས་ཀྱི་དབྱིངས་སུ་གྲུབ་པའི་ཕྱིར། གལ་ཏེ་གོམས་བྱའི་ལྷ་རེ་གཉིས་པོ་སྒྲུབ་པ་པོའི་རྩ་ཁམས་གང་ན་ཡོད་པའི་གཞི་དེ་དང་དེར་གསལ་འདེབས་དགོས་པ་མ་ཡིན་ནམ། དེ་དག་ཀྱང་ཆོས་དབྱིངས་སུ་ཁས་ལེན་ན་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་འཇོག་མཚམས་འཆོལ་ལ། ལྷའི་གནས་ཤེས་རྒྱུད་གཅིག་པུ་ལས་མེད་ན་ལུས་དཀྱིལ་གྱི་ལྷའི་གནས་སོ་བདུན་པོ་སོ་སོར་བཀོད་པས་ཅི་ཞིག་བྱ་ཞེ་ན། ལྷའི་གནས་ཤེས་རྒྱུད་གཅིག་པུར་བཞག་པ་ནི་གནས་ཚུལ་དོན་དམ་པའི་དབང་དུ་བྱས་པ་ཡིན་ཏེ། སྦྱོར་བའི་དུས་སུ་རྣམ་ཤེས་ཀྱི་སྣང་བ་མཐའ་དག་དམིགས་མེད་དུ་བཏང་ནས་སྐད་ཅིག་དྲན་རྫོགས་སུ་གསལ་ཐེབས་པའི་བདེ་མཆོག་དེ་གནས་ཚུལ་ཆོས་དབྱིངས་ཁོ་ནར་ངེས་པའི་ཕྱིར། ལྷ་གནས་སོ་སོའི་རྣམ་པར་བཞག་པ་ནི། ཀུན་རྫོབ་ཀྱི་སྣང་ཚུལ་དང༌། ལྷ་སོ་སོར་འབྱེད་པ་པོ་ཡེ་ཤེས་རྗེས་མཐུན་པའི་དབང་དུ་བྱས་པ་ཡིན་ཏེ། འདིའི་སྒྲུབ་པ་པོ་ཁྱད་པར་ཅན་ཡིན་ཡང་ཇི་སྲིད་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུང་མ་ཕྱུང་བ་དེ་སྲིད་དུ་ཀུན་རྫོབ་པའི་ལུས་ཀྱི་སྣང་བ་རྩ་བ་ནས་བཟློག་མི་ནུས་ལ། དེའི་ཚེ་ལུས་དེའི་ཆ་ཤས་སོ་སོ་བ་ཉིད་དུ་རྣམ་ཤེས་ལ་སྣང་བའི་གནས་དེ་དང་དེར་ལྷ་སོ་སོ་བ་དེ་དང་དེར་གསལ་མ་བཏབ་ན། ལུས་ཀྱི་ཆ་ཤས་དེ་དག་གི་སྦྱང་གཞིའི་སྟེང་དུ་སྦྱང་བྱའི་དྲི་མ་སྦྱོང་མི་ནུས་པའི་ཕྱིར། གནས་དེ་དག་གི་སྦྱང་གཞི་ཀུན་རྫོབ་པ་ནི་དེ་དང་དེ་ན་ཡོད་པར་སྣང་བའི་འཁོར་བའི་རྩ་ཁམས་སོ་སོ་བ་དག་ཡིན་ལ། དོན་དམ་པའི་སྦྱངས་གཞི་ནི་ཐ་མལ་གྱི་རྩ་ཁམས་སོགས་དེ་དག་ཏུ་སྣང་ཞེན་གྱི་དྲི་མ་དང་བཅས་པའི་རྒྱུད་ཀྱི་ཆོས་དབྱིངས་ཡེ་ཤེས་སོ། །ལྷ་སོ་སོའི་གསལ་སྣང་དེ་དག་གིས་སྦྱངས་གཞི་སོ་སོ་བ་དག་སྦྱོང་ནུས་པ་ཡིན་ཏེ། གནས་དེ་དག་ཏུ་ལྷ་སོ་སོའི་གསལ་སྣང་གིས་སྦྱང་གཞི་ཀུན་རྫོབ་པ་རྣམས་སྦྱོང་ནུས་པ་ནི། སྦྱོང་བྱེད་གནས་དེ་དང་དེར་གནས་ཚུལ་ལ་ཞུགས་པ་ཉིད་ཀྱི་ཕྱིར་དང༌། གཅིག་ཤོས་དེ་དག་ནི་གནས་དེར་ཡོད་མ་མྱོང་བའི་གློ་བུར་བ་ཉིད་ཀྱི་ཕྱིར། རྣམ་ཤེས་ཀྱི་ངོར་ནི་དྲི་མ་སོ་སོ་བ་དེ་དག་གནས་ཐ་དད་པ་དེ་དང་དེ་ཉིད་དུ་སྦྱོང་དགོས་པ་ཡིན་ཏེ། དེ་ལྟར་མ་སྦྱངས་ན་རྣམ་ཤེས་ཀྱི་ངོར་ཡང་རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་སོ་སོ་ཐ་དད་འཆར་མི་ནུས་པའི་ཕྱིར། གལ་ཏེ་ལུས་དཀྱིལ་གྱི་ཚེ་དོན་དམ་པའི་ལུས་ཉིད་དབང་བཙན་པར་ཁྱེད་ཀྱིས་བཤད་པ་མ་ཡིན་ནམ། རྣམ་ཤེས་ལ་སྣང་ཚུལ་ཐད་སོར་འཇོག་པ་མི་འཐད་དོ་ཞེ་ན། གཞི་དུས་སུ་དོན་དམ་པ་དབང་བཙན་ཡང་དོན་དམ་དེ་ཉིད་ལམ་དུ་བྱེད་པའི་ཀུན་སློང་གི་རྒྱུ་དང་མཚུངས་ལྡན་གྱི་གྲོགས་སུ་ནི་རྣམ་ཤེས་མཚན་བཏགས་གང་རུང་ངེས་པར་ཁས་ལེན་དགོས་ཏེ། དེ་མ་བླངས་ན་ལམ་གྱི་མངོན་རྟོགས་ཉམས་ལེན་གྱི་ཚེ་མེད་མི་རུང་དུ་དགོས་པའི་རྒྱུ་དུས་དང་དེ་དུས་ཀྱི་ཀུན་སློང་མི་འབྱུང་བའི་ཕྱིར། གལ་ཏེ་འོ་ན། ལམ་གྱི་མངོན་རྟོགས་ཉམས་སུ་ལེན་བྱེད་ཡེ་ཤེས་འབའ་ཞིག་པ་གཅིག་ཡོད་པར་ཁྱེད་ཀྱིས་ཁས་བླངས་པ་མ་ཡིན་ནམ། ཞེ་ན། རློམ་ཚོད་ལ་དེ་ལྟར་ཁས་བླངས་པ་ཡིན་ཏེ། སྔོན་འགྲོ་ཡེ་ཤེས་ཚོགས་གསོག་གི་ཚེ་རྣམ་ཤེས་ཡུལ་དང་བཅས་པ་རང་སྟོང་དུ་གཏན་ལ་ཕབ་ནས། དེའི་གསལ་ན་མདངས་མ་ཉམས་པའི་ངང་ཉིད་ནས་ལམ་དུ་འཇུག་དགོས་པའི་ཕྱིར། འོན་ཀྱང་སོང་ཚོད་ལ་ནི་སློབ་པའི་ལམ་དུ་ཀུན་རྫོབ་པའི་སྣང་བ་རང་ཤུགས་ཀྱིས་འཆར་བ་ནི་བཟློག་དཀའ་ཞིང༌། མཚན་མར་ཞེན་པ་ནི་བཟློག་སླ་བས། དམིགས་མེད་ཀྱི་གོ་བ་ཞེན་མེད་ལ་འཆད་པ་ཞིག་རྒྱུད་པའི་སྲོལ་ལས་བྱུང་བ་དེའི་ཚེ། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རྟོག་པ་དང་བཅས་པས་རྣམ་ཤེས་མཚན་ཉིད་པ་དང༌། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བས་ཡེ་ཤེས་རྗེས་མཐུན་པར་གྱུར་པ་ཞིག་མདོ་སྔགས་ཐམས་ཅད་ཀྱི་སྐབས་སུ་ངེས་པར་ཁས་ལེན་དགོས་པ་ཞིག་ཡོད་པ་དེའི་ཚེ། རྣམ་ཤེས་དང་ཡེ་ཤེས་འདྲེན་མའི་ཚུལ་གྱིས་ཉམས་ལེན་དུ་ཤེས་པར་བྱ་ཞིང༌། གསང་སྔགས་སུ་འདས་ལམ་གྱི་ཚེ་ཡེ་ཤེས་འབའ་ཞིག་གིས་བསྐྱེད་པའི་རིམ་པ་དང༌། སྦྱོར་བ་འབད་རྩོལ་ལ་མི་ལྟོས་པའི་བདེ་ཆེན་ཉམས་སུ་ལེན་པ་ལྟ་བུའི་ཚེ་ནའོ། །ཞར་ལ་རྣམ་ཤེས་འབའ་ཞིག་པའི་ལམ་ནི་མངོན་པར་མཐོ་བ་ཁོ་ན་དོན་དུ་གཉེར་བའི་ལམ་དག་སྟེ། འདིར་ཡེ་ཤེས་རང་ལ་ཡོད་ཀྱང་ལམ་དུ་བྱེད་མ་ནུས་པའོ། །མདོར་བསྡུ་ན། གཞི་འཁྲུལ་མེད་དང་པོའི་སངས་རྒྱས་ཀྱི་གནས་དེ་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་གྲོང་ཁྱེར་གང་དུ་འགྲོ་བར་བྱེད་ཀྱང༌། ཐོག་མའི་ལམ་གྱི་འབྱེད་པ་པོ་ནི་རྣམ་པར་ཤེས་པ་ཁོ་ན་ཉིད་ལས་མ་འདས་པས་ན། རྣམ་ཤེས་དབང་བཙན་ཏུ་བྱས་པའི་བདེན་པ་གཉིས་ཀྱི་རྣམ་དབྱེ་ལ་མཁས་པར་བྱའོ། །གསུམ་པ་ཇི་ལྟར་གསལ་བཏབ་པས་སྣང་བ་ཇི་ཙམ་དུ་འཆར་བ་ནི། དོན་དམ་པའི་དཀྱིལ་འཁོར་གསལ་འདེབས་བྱེད་དུ་ཇི་སྐད་བཤད་པ་དེ་དག་རྣམ་དཔྱོད་ཀྱི་རྩལ་རྒྱ་ཆེ་འཛམ་བུ་གླིང་གི་རྡོ་རྗེའི་གདན་ཕྱོགས་བཞིའི་གནས་བཅས་དང་ཡུལ་ཉི་ཤུ་རྩ་བཞི་པོ་གང་ན་ཡོད་པའི་གནས་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པ་ཉིད་དུ་བཞུགས་པར་བཤད་པའི་དཔའ་བོ་དང་རྣལ་འབྱོར་མ་མཐའ་དག་དང༌། བདེ་མཆོག་འཁོར་ལོའི་དབང་དུ་བྱས་པའི་སྟུག་པོ་བཀོད་པའི་ཞིང་བརྟེན་པར་བཅས་པ་མཐའ་དག་གསལ་འདེབས་ཤིང་བཏབ་པ་ལྟར་སྣང་བ་ཉིད་དོ། །ཡུལ་ཅན་གང་ལ་སྣང་བ་ནི་སྦྱོར་བའི་དུས་གསལ་འདེབས་བྱེད་ཀྱི་ཡེ་ཤེས་རྗེས་མཐུན་པ་ཉིད་ལ་དང༌། དངོས་གཞིའི་དུས་སུ་ནི་གསལ་ཐེབས་པའི་ཡེ་ཤེས་རང་གིས་རང་རིག་པའི་ཚུལ་དུའོ། །རང་རིག་པའི་ཡེ་ཤེས་འདི་ཐོག་མར་སྐྱེ་བ་ས་དང་པོ་ནས་ཡིན་ཏེ། ས་དེ་ནས་བདེ་གཤེགས་སྙིང་པོའི་ཕྱོགས་གཅིག་མཐོང་བའི་མགོ་ཚུགས་པར་ཐོགས་མེད་ཞབས་ཀྱིས་བཤད་པ་བཞིན་ནོ། །འོ་ན་ས་དེར་ཕྱོགས་གཅིག་ལས་མི་མཐོང་ན་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྣང་བ་མ་ཡིན་ནམ་ཞེ་ན། དཀྱིལ་འཁོར་གྱི་དངོས་པོ་ཡོངས་སུ་རྫོགས་པར་མི་སྣང་བ་ནི་མ་ཡིན་གྱི། ཡོན་ཏན་མཐའ་དག་རྫོགས་པར་སྣང་བ་ལ་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱེད་དགོས་པའི་དོན་ཏེ། སྙིང་པོ་ནི་གདོད་མ་ནས་ཡོན་ཏན་ཀུན་རྫོགས་ཞིག་ལ་ངོས་གཟུང་བའི་ཕྱིར། དེ་ལྟ་ན་ཡང་གཞི་དུས་ཀྱི་ཡེ་ཤེས་རང་གིས་རང་མ་རིག་པ་དང༌། ཡོན་ཏན་གྱིས་ཀུན་ཏུ་འོད་ཀྱི་ས་དང་འདྲ་བའི་བྱ་བ་མ་བྱས་པ་ནི་དབུལ་པོའི་ཁྱིམ་ནང་གི་གཏེར་བཞིན་ནོ། །སྒྲུབ་པ་པོ་བློའི་རྩལ་ཆེ་བས་དེ་ལྟར་གསལ་ཐེབས་པའི་ཚེ། གང་དང་གང་སྣང་བ་དེ་ཐམས་ཅད་སྣང་མཁན་རང་གི་རྒྱུད་གཅིག་པུར་འདུས་པ་ཡིན་ཏེ། སྤྱིར་རྣམ་ཤེས་ལ་གང་སྣང་ཇི་སྙེད་པ་རང་གི་སེམས་སུ་ཐག་གཅོད་དགོས་ན་ཡེ་ཤེས་ལ་ལྟ་ཅི་སྨོས་པས་སོ། །དེ་ལྟར་ངེས་པ་དེའི་ཕྱིར་ཕོ་ཉ་རྣམ་གསུམ་བསྲེ་བའི་གོ་བ་དམ་ཚིག་པ་ལ་ཡེ་ཤེས་པ་སྤྱན་འདྲེན་ཚུལ་དུ་བསམས་ན་ནི། སྤྱིར་ནོངས་པ་དང༌། བྱེ་བྲག་བསྙེན་སྒྲུབ་བཞིའི་ཚུལ་དང་བཟློས་པར་འགྱུར་རོ། །འོ་ན་སྒྲུབ་པ་པོ་རང་ཉིད་འོག་མིན་དུ་སངས་རྒྱས་ཟིན་པ་དང༌། འཛམ་བུ་གླིང་ན་རང་སྣང་ལས་རྫས་ཐ་དད་པའི་གནས་གཞན་སོ་སོ་བ་དག་མེད་པར་འགྱུར་རོ། །ཞེ་ན། རང་ཉིད་གཞི་དུས་ཀྱི་འོག་མིན་དུ་སངས་རྒྱས་ཟིན་པར་ཐལ་བ་ནི་འདོད་ལ། ཇི་སྲིད་སྒྲུབ་པ་པོ་རྫས་ཐ་དད་པ་དག་ཁས་ལེན་པ་དེ་སྲིད་དུ་ནི། གནས་སོགས་རྫས་གཞན་མང་པོ་ཁས་བླངས་ཆོག་པ་ཡིན་ཏེ། སྒྲུབ་པ་པོ་སོ་སོའི་ཤེས་རྒྱུད་དང་འབྲེལ་བ་དག་རྫས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །སོ་སོའི་སྣང་ཡུལ་ཐུན་མོང་བ་རྫས་གཞན་ཞིག་ཁས་བླང་བར་བྱ་བ་ནི་མ་ཡིན་ཏེ། གཞན་དུ་ན་གཟུང་བ་ཆོས་ཀྱི་བདག་ཁས་བླངས་པར་ཐལ་བས་སོ། །རྒྱུད་གཞན་ཁས་ལེན་པ་དང་མི་ལེན་པའི་གནས་སྐབས་སོ་སོ་བ་ནི། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་གསུངས་པ་ཉིད་ཁས་བླང་ངོ༌། །གལ་ཏེ་ལུས་དཀྱིལ་མངོན་སུམ་དུ་མཐོང་བའི་སྒྲུབ་པ་པོ་འབྲས་དུས་ཀྱི་འོག་མིན་དུ་སངས་རྒྱས་ཟིན་པར་འགྱུར་ཏེ། ཁས་བླངས་རྟགས་སུ་བཀོད་པ་དེ་ཉིད་ཀྱི་རྟགས་མི་མཐུན་ཕྱོགས་ལས་བཟློག་པ་ནི་གཞི་འབྲས་དབྱེར་མེད་དུ་ཁས་བླངས་པས་སོ་ཞེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་གཞི་འབྲས་དབྱེར་མེད་དུ་ཁས་ལེན་གྱི། གཞི་དུས་དང་ཀུན་ཏུ་འོད་ཀྱི་ས་ཡོན་ཏན་ཁྱད་མེད་དུ་ཁས་ལེན་པ་ནི་མ་ཡིན་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ནུས་པ་དང༌། མི་ནུས་པའི་ཁྱད་པར་བཞིན་ནོ། །རྟེན་གྱི་འོག་མིན་ལ་ནི་འབྲས་དུས་ལས་ཀྱང་གཞི་དུས་དབང་བཙན་པ་ཡིན་ཏེ། ངོ་བོ་ཆོས་དབྱིངས་སུ་གྲུབ་པ་དང༌། དུས་ཐོག་མཐའ་མི་དམིགས་པ་དང༌། ཡུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་གྱུར་པ་དང༌། ཞིང་འདི་ཡོངས་སུ་རྫོགས་པར་གཟིགས་པ་ནི་ཀུན་ཏུ་འོད་ཀྱི་ས་ལས་གཞན་མ་དམིགས་པའི་ཕྱིར། འོ་ན་ས་བཅུ་པའི་བྱང་སེམས་སོ་སོ་བ་དག་ལ་སོ་སོར་སྣང་བའི་ཞིང་རྫས་ཐ་དད་པ་རེ་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ། ཞེ་ན། ས་བརྒྱད་པ་ཡན་ཆད་ཡེ་ཤེས་གཅིག་ཏུ་འདྲེས་པར་བཤད་པས་ཕྱོགས་གཅིག་མཚོན་པར་ནུས་མོད་ཀྱང༌། ས་བཅུ་པ་དང་ཀུན་ཏུ་འོད་པའི་ཡེ་ཤེས་རྫས་ཐ་དད་པར་ཁས་ལེན་པ་ལྟར་ན། རང་རང་གི་སྣང་ཡུལ་དུ་གྱུར་པའི་ཞིང་འོག་མིན་ཡང་དེ་ལྟ་བུ་ཉིད་དོ། །དེ་སྐད་དུ་ཞར་ལ་བྱུང་ནས་དཀྱུས་མ་ནི། དོན་དམ་པའི་ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མཐའ་དག་རྣལ་འབྱོར་པ་ཆོས་ཀྱི་རྗེས་སུ་འབྲང་བ་དག་གི་ཡེ་ཤེས་ལ་རང་གི་རྒྱུད་བདེ་སྟོང་དབྱེར་མེད་དང་རོ་གཅིག་པ་ཉིད་དུ་དང༌། དད་པས་རྗེས་སུ་འབྲངས་པའི་བློ་ཅན་དག་གི་རྣམ་ཤེས་ལ་ཀུན་རྫོབ་པའི་ལུས་ཀྱི་གནས་དེ་དང་དེར་ལྷ་སོ་སོའི་རྣམ་པ་གནས་དང་བཅས་པ་ཤར་བ་དེའི་ཚེ་ལྷ་དབྱིབས་དང་ཁ་དོག་ཏུ་ཞེན་པ་སྤང་བའི་ཕྱིར་དུ་རྣམ་ཤེས་ལ་སྣང་བའི་རྟེན་བརྟེན་པ་མཐའ་དག་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་མོས་པར་བྱས་ལ། དེ་ལྟར་བྱས་པས་ནི་ཇི་ལྟར་སྣང་བ་དེ་དག་རྣམ་ཤེས་ཀྱི་ཡུལ་ལས་འདས་པར་བསྟན། དེའི་འོག་ཏུ་བྱང་ཕྱོགས་ཀྱང་ལྷ་སོ་སོའི་ངོ་བོ་ཉིད་དུ་རྣམ་པར་དག་པའི་ཚུལ་གྱིས་མོས་པར་བྱ་ལ། དེ་ལྟར་བྱས་པས་ནི་གཞི་དུས་ཀྱི་བྱང་ཕྱོགས་དང་འདྲ་བར་རང་གི་ངོ་བོའི་ལས་མི་བྱེད་པར་དོགས་པ་བསལ་ནས། ལམ་གྱི་དུས་སུ་སྤང་བྱ་སྤོང་བ་དང་ཚོགས་ཡོངས་སུ་རྫོགས་པའི་བྱ་བ་བྱེད་པར་བསྟན་ནོ། །དོན་དམ་ཀུན་རྫོབ་ཏུ་བསྲེས་པའི་རྣམ་དག་ཇི་ལྟར་རུང་ཞེ་ན། རྣམ་དག་ཅེས་པ་ནི་མཚན་མར་ཞེན་པས་རྣམ་པར་དག་པ་སྟེ། ཀུན་རྫོབ་ལ་ཞེན་པ་སྤང་བའི་ཕྱིར་དོན་དམ་དུ་མོས་པ་ལྟ་ཅི་སྨོས། དེ་ལ་ཞེན་པ་སྤང་བའི་ཕྱིར་ཀུན་རྫོབ་ཀྱི་སྣང་བ་དག་ཏུ་ཡང་མོས་པ་བྱེད་མོད། ཇི་སྐད་བཤད་པའི་ཚུལ་གྱིས་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་ཤར་བ་ལ། དབང་རྣོན་གྱིས་ནི་བསྲེ་བ་དང་དག་པ་དྲན་པས་དུག་མེད་པ་ཉིད་ཀྱིས་ཉམས་སུ་མྱོང་བ་དང༌། དབང་བརྟུལ་གྱིས་དེ་ཙམ་མ་ནུས་ནའང་ཡབ་ཡུམ་གྱི་གོ་ཆར་བཤད་པ་རྣམས་བཀོད་ནས་ཡན་ལག་བཞི་རྫོགས་རྗེས་ཀྱི་བྱ་བ་དང་བཅས་པ་ནི་ལུས་དཀྱིལ་གྱི་མངོན་པར་རྟོགས་པ་རགས་པའི་ཉམས་ལེན་ཏེ། འཁོར་རྣམས་ལའང་ཡན་ལག་བཞི་རྫོགས་སུ་རིགས་པའི་ཕྱིར་ན། སོ་སོའི་གནས་སུ་གོ་ཆ་འགོད་ནུས་ན་ལེགས་ལ། གཙོ་འཁོར་ཐམས་ཅད་རྒྱུད་གཅིག་པའི་ཕྱིར། གཙོ་བོ་ཡབ་ཡུམ་ལ་བཀོད་པ་ཉིད་ཀྱིས་ཆོག་པ་བྱས་ནའང་འགལ་བ་མེད་དོ། །སྒྲུབ་པ་པོ་དད་པའི་རྗེས་འབྲང་ནང་གི་བསྐྱེད་རིམ་རགས་པ་ཙམ་ཞིག་དོན་དུ་གཉེར་ཞིང་སྒྲུབ་པར་བྱེད་པ་པོས་ནི། རྒྱུ་དུས་སུ་ལུས་དཀྱིལ་གྱི་དབང་དུ་བྱས་པའི་བུམ་དབང་ཙམ་གྱིས་རྒྱུད་ཡོངས་སུ་སྨིན་པར་བྱས་ན་དེས་ཆོག་པར་མངོན་ལ། ཆོས་ཀྱི་རྗེས་འབྲང་ལུས་དཀྱིལ་གྱི་ཉམས་ལེན་རྫོགས་པའི་རིམ་པར་བྱེད་ནུས་པ་དག་ལ་ནི། རྒྱུ་དུས་ནས་དབང་བཞི་ཡོངས་སུ་རྫོགས་པའམ། བུམ་གསང་ཟུང་འབྲེལ་སྟན་ཐོག་གཅིག་ལ་བསྐུར་བ་མེད་མི་རུང་གི་ཡན་ལག་གོ །ལུས་དཀྱིལ་རྫོགས་པའི་རིམ་པར་ཉམས་སུ་ལེན་ཚུལ་ཇི་ལྟ་བུ་ཞེ་ན། རང་གི་ཤེས་རྒྱུད་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ་གསལ་ཐེབས་པའི་སྐུ་ལ། ཆོས་ཉིད་ཀྱི་རྩ་ཁམས་སོ་སོར་གསལ་བ་དང༌། རྣམ་ཤེས་ཀྱི་ངོར་ཀུན་རྫོབ་ལུས་ཀྱི་རྩ་ཁམས་སོ་སོར་གསལ་བ་ལ། གསལ་འདེབས་བྱེད་ཡེ་ཤེས་རྗེས་མཐུན་པའི་དབང་གིས་བསྐྱེད་རྫོགས་ཀྱི་དབྱེ་བ་འབྱེད་ཚུལ་གཉིས་སུ་འགྱུར་ཏེ། ལྷ་དང་ཡེ་ཤེས་སུ་གསལ་ཐེབས་པ་ལས་སོ། །དེ་ཡང་རྣམ་སྨིན་གྱི་རྩ་ཁམས་ལ་ལྷ་དང་ཡེ་ཤེས་གང་དུ་གསལ་མ་ཐེབས་ན་འཁོར་བའི་རྒྱུ་ཉིད་ལས་མ་འདས་ཤིང༌། ལྷ་སོ་སོར་གསལ་ཐེབས་པ་ནི་བསྐྱེད་པའི་རིམ་པར་ངེས་ལ། ལྷ་དེའི་སྒྲུབ་གཞི་ཉིད་དུ་ཁས་འཆེ་བའི་རྩ་ཁམས་ལ་གནད་དུ་བསྣུན་པ་ལས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་ནི་རྫོགས་པའི་རིམ་པའོ། །རིམ་པ་གཉིས་པོ་དེ་སྒྲུབ་པར་བྱེད་པའི་རྒྱུ་དུས་དང་དེ་དུས་ཀྱི་ཀུན་སློང་དང་གྲོགས་སུ་ངེས་པར་དགོས་པའི་རྣམ་ཤེས་མཚན་ཉིད་པ་དང༌། ཡེ་ཤེས་རྗེས་མཐུན་པ་རྟོག་པའི་དངོས་པོར་གྱུར་པ་དག་ནི་རིམ་པ་གཉིས་པོ་སོ་སོའི་མཚན་གཞིར་འཇོག་ནུས་པ་མ་ཡིན་ཏེ། གཞན་དབང་གི་མཚན་ཉིད་རྫོགས་པར་ཚང་བས་ན་སྤང་བར་བྱ་བ་ཉིད་ཀྱི་ཕྱིར། སྔོན་བྱོན་མང་པོ་དག་གིས་བསྐྱེད་རྫོགས་ཀྱི་དངོས་པོ་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་འབྱེད་ཚུལ་འདི་གསལ་པོར་མ་བཀོད་པས་རྗེས་འཇུག་དག་ལ་ནོངས་པར་སྨྲ་བ་མང་པོ་རྣམས་བྱུང་བར་སེམས་སོ། །གཞན་ཡང་བཅོས་མའི་དཀྱིལ་འཁོར་དག་ལ་ནི་བསྐྱེད་ཆོག་མི་འདྲ་བའི་སྒོ་ནས་ལྷར་བསྐྱེད་པ་དེ་དག་ལས་ཀྱང༌། འདིར་ནི་རྩ་ཁམས་དངོས་སམ་དེའི་ཆོས་ཉིད་ལས་སྐད་ཅིག་གིས་ལྷར་བསྐྱེད་པས་ན། བསྐྱེད་རིམ་གྱི་ཚེ་ཡང་རྩ་ཁམས་ལ་གནད་དུ་བསྣུན་པ་འཕུལ་ཆེ་བར་བྱུང་ལ། དབང་རྣོན་གྱིས་ནི་ཁམས་དཔའ་བོར་བསྐྱེད་པ་དེ་དང༌། རྩ་རྣལ་འབྱོར་མར་གསལ་བཏབ་པ་དག་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་རང་གི་ངང་གིས་སམ། རྟོག་པར་གྱུར་པའི་གོམས་བྱེད་ཀྱིས་གོམས་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་དེ་ལ་ནི་རྩ་ཁམས་ལ་གནད་དུ་བསྣུན་པ་ཞེས་བྱ་ཞིང༌། གསང་དབང་གི་བསྒོམ་བྱ་བསྐྱེད་རིམ་པས་ཉམས་སུ་མྱོང་བ་ནི། དེ་ལྟ་བུ་ཉིད་དོ། །ལྷའི་རྩ་ཁམས་ཆོས་ཉིད་དང༌། རྣམ་སྨིན་གྱི་རྩ་ཁམས་ཆོས་ཅན་དུ་འཇོག་པའི་ཁྱད་པར་ཅི་ཞེ་ན། རྩ་ཁམས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྣང་དང༌། གཉིས་མེད་ཀྱི་ཡེ་ཤེས་སོ། །གཉིས་སྣང་གི་ཆ་ལྷར་མོས་པས་ནི་ཐ་མལ་གྱི་སྣང་ཞེན་སྤོང་ལ། གཉིས་མེད་ཀྱི་ཡེ་ཤེས་ལྷར་མོས་པས་ནི་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་སུན་འབྱིན་པར་མ་ཟད། ལྷག་པའི་ལྷ་ཉིད་ཀྱི་སྒྲུབ་གཞིར་ངོ་ཤེས་པ་དེ་བརྡ་འཕྲོད་པར་གྱུར་ནས་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཉིད་དུ་བྱེད་དོ། །གལ་ཏེ་ཆོས་ཅན་དང་ཆོས་ཉིད་ཀྱི་ངོས་འཛིན་ངོ་བོ་ཉིད་མེད་སྨྲ་ལྟར་ཕན་ཚུན་སྤངས་པའི་འགལ་བ་ཉིད་དུ་འདོད་དམ། རྣལ་འབྱོར་སྤྱོད་པ་པ་ལྟར་ཚོགས་པ་གཅིག་ལ་རག་ལས་སུ་ཁས་ལེན་ཞེ་ན། སྔགས་སུ་ཕྱི་མ་ལྟར་ཁས་ལེན་དགོས་པ་ཡིན་ཏེ། རང་གི་ངོ་བོ་གསལ་རིག་གི་ཆ་མེད་ན་གཉིས་སྣང་འཆར་བའི་གོ་སྐབས་མི་འབྱུང་ལ་གཉིས་སུ་སྣང་བའི་རྣམ་ཤེས་དང་བྲལ་ན་གསལ་རིག་གི་ཆ་རྐྱང་པ་དེས་ནི་འཁོར་བའི་གནས་སྐབས་སུ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གང་གི་ཡང་ཕྱོགས་འཛིན་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་ལུས་དཀྱིལ་གྱི་ལྷ་སྐད་ཅིག་དྲན་རྫོགས་ལས་གཞན་ས་བོན་ནམ་ཆོ་ག་གསུམ་གྱིས་བསྐྱེད་པ་མི་རུང་ན། ལུས་དཀྱིལ་དུ་རིག་པའི་དབང་ལྔ་སོགས་བསྐུར་ལེན་གྱི་ཚེ་བསྐྱེད་ཆོག་འཆད་པ་རྒྱུད་པའི་སྲོལ་ལས་བྱུང་བ་མ་ཡིན་ནམ་ཞེ་ན། རྒྱུ་དུས་སུ་ནི་བསྐྱེད་ཆོག་གི་ཚུལ་རྡོ་རྗེ་སློབ་དཔོན་གྱི་དགོངས་པས་བསམ་པར་བྱ་བ་ཡིན་ལ། སློབ་མ་དག་གི་བློ་ངོར་ནི་ནང་དབང་གི་ཚུལ་དུ་བསྐུར་བ་ཉིད་དབང་གི་དངོས་གཞིར་གོ་དགོས་པ་ཡིན་ཏེ། གཞན་དུ་ན་སྐབས་དེར་ཕྱི་ནང་གི་དབང་བསྐུར་ཚུལ་གཉིས་གསུངས་པའི་དགོངས་པ་གང་ཡིན་དཔྱད་ནས་ཤེས་པར་བྱའོ། །ཡང་ལམ་དུས་སུ་སློབ་མ་རང་གིས་ལུས་དཀྱིལ་དུ་དབང་ལེན་པའི་ཚེ་ནི། ལྷག་པའི་ལྷ་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ་ཟིན་པ་དེ་ཉིད་བྱེད་ལས་ཀྱི་སྒོ་ནས་རིགས་ལྔ་ལ་སོགས་པར་ང་རྒྱལ་འཕོ་བ་ཡིན་གྱི། མི་བསྐྱོད་པ་བཤིག་པའི་ཤུལ་དུ་རིན་འབྱུང་བསྐྱེད་པ་ལྟ་བུའི་ཚུལ་གྱིས་དབང་ལེན་པར་བྱེད་ན་ནི། འཇིག་པར་མི་ནུས་པ་བཤིག་པ་དང་གསར་དུ་བསྐྱེད་བྱ་མ་ཡིན་པ་བསྐྱེད་པའི་ཉེས་པར་སོང་ངོ༌། །འོ་ན་ལུས་དཀྱིལ་འདི་རྟག་བརྟན་དུ་ཁས་ལེན་ནམ། ཞེ་ན། རྟག་སོགས་ཆོས་བཞི་པོའི་ངོ་བོར་ཁས་ལེན་པ་ཡིན་ཏེ། བདེ་བར་གཤེགས་པའི་སྙིང་པོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གསུམ་པ་དེ་ལྟར་བཤད་པས་དགྱེས་རྡོར་མན་ངག་ལུགས་སུའང་མཚོན་ནུས་པ་ནི། ལུགས་དེར་ཕྱི་དཀྱིལ་གྱི་ལྷ་གྲངས་ཆོ་ག་བཞིན་བསྐྱེད་ཟིན་པ་དེ་ལ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་པའི་རྐྱེན་གྱིས་ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་གསལ་ཐེབས་པ་དེས་དབང་བཞི་ཡོངས་སུ་རྫོགས་པར་ལེན་པ་ནི་དབང་གི་ཆུ་བོ་མི་ནུབ་པའི་ཕྱག་ལེན་གྱི་རིམ་པར་མཛད་དོ། །འདི་ལ་གཉིས་ཏེ། མཐའ་གཞན་དུ་དོགས་པའི་གནས་སེལ་བ་དང༌། རང་གཞུང་དཔྱིས་ཕྱིན་པའི་དོན་འགའ་ཞིག་བརྗོད་པའོ། །དང་པོ་ནི། སྐབས་འདིར་འབྲས་བུ་རྡོ་རྗེ་འཛིན་པའི་སྐུ་ལ་ལུས་དཀྱིལ་གསལ་འདེབས་པར་བཤད་པས་ན། བཅོས་མིན་ཆོས་ཉིད་དུའང་མ་སོང་ལུས་དཀྱིལ་དུའང་མ་སོང༌། མ་དག་པ་ཐ་མལ་གྱི་ལུས་དཀྱིལ་དུའང་མ་སོང་བས། སོམ་ཉིའི་གནས་སོ་ཞེ་ན། ཕྱི་དུས་ཀྱི་གསང་སྔགས་པ་དག་ནི། འབྲས་བུ་རྡོར་འཛིན་གྱི་སྐུ་དང༌། ཐ་མལ་གྱི་ལུས་ལ་ཁྱད་པར་མི་འབྱེད་མོད། འབྲས་བུ་རྡོར་འཛིན་ནི་ཆོས་དབྱིངས་ཀྱི་ངོ་བོར་བཤད་པས་བཅོས་མིན་དུ་མི་འགལ་ལ། བསྐྱེད་ཆོག་གིས་བསྐྱེད་པ་ནི། རྣམ་ཤེས་ཀྱི་ངོར་སྦྱང་གཞིའི་སྟེང་གི་དྲི་མ་སྦྱོང་ཚུལ་གྱི་དབང་དུ་བྱས་མོད། དེའི་ཚེ་ཡང་དོན་དམ་པའི་ལུས་དཀྱིལ་ལ་ནི་འཆགས་འཇིག་གང་ཡང་བྱས་པ་མེད་དོ། །སྐབས་འདིར་བརྟེན་པའི་ལྷ་ཚོགས་ལ་དབང་བསྐུར་ལེན་གཉིས་ཀ་གསལ་བར་བྱོན་མོད། སྒྲུབ་པ་དང་ཉེར་སྒྲུབ་ཀྱི་ཡན་ལག་སྒྲས་ཟིན་ལ་ངེས་པར་མི་དགོས་ཀྱང༌། དོན་གྱིས་ཚང་དགོས་པ་ཡིན་ཏེ། མཆོག་སྒྲུབ་པའི་ལམ་ཉིད་དུ་ངེས་པའི་ཕྱིར། དེ་ཡང་རྟེན་གྱི་ལྷ་ཚོགས་མཐའ་དག་རྩ་ཡི་གེའི་ངོ་བོ་ཉིད་དུ་གནས་པ་དང༌། དབང་གི་ཆུ་རྒྱུན་དང་དུས་མཉམ་དུ་ཡེ་ཤེས་སྤྱན་འདྲོངས་པས་ན། སྒྲུབ་པ་དང་ཉེ་བར་སྒྲུབ་པ་དག་ཀྱང༌། ཚང་བར་དགོངས་པའོ། །གཉིས་པ་ནི། འདིར་དབང་ལེན་པ་པོ་ནི་ཕྱི་དཀྱིལ་གྱི་གཙོ་བོ་འབྲས་བུ་རྡོ་རྗེ་འཛིན་པ་འཁོར་ལྷ་མོ་བརྒྱད་པོར་བཅས་པ་དག་དང་ལྷན་ཅིག་ཏུ་ལུས་ཀྱི་ཕོ་བྲང་ལྔའི་གཙོ་འཁོར་མཐའ་དག་གི་དབང་བླངས་ཤིང་བསྐུར་ནས་རྒྱས་གདབ་ཀྱི་བར་ལམ་དུ་བྱེད་པས་ཕྱིའི་དཀྱིལ་འཁོར་དུ་བདག་འཇུག་ལེན་བསྐུར་དང་དོན་སྤྱི་འཆར་ལུགས་འདྲ་བ་ཙམ་ནི་རགས་པའི་རྣམ་གཞག་མཛད་ལ། སྐབས་འདིའི་ཁྱད་པར་དུ་ནི་དོན་དམ་པའི་དཀྱིལ་འཁོར་དུ་ཞེས་བཤད་ཟིན་ལ། དོན་དམ་པའི་སློབ་མ་ནི་ཕྱིའི་འབྲས་བུ་རྡོར་འཛིན་དང༌། ནང་ཕོ་བྲང་ལྔའི་ལམ་དུས་ཀྱི་རྒྱལ་བ་རིགས་ལྔ་པོ་ལ་དོན་དམ་པའི་སློབ་དཔོན་ནི་འབྲས་དུས་ཀྱི་རྒྱལ་བ་རིགས་ལྔ་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་བཅས་པར་བཞུགས་པའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་སུ་གནས་པ་ངེས་སོ། །དོན་དམ་པའི་དབང་གང་ཞིག་བསྐུར་བ་ནི། དོན་དམ་པའི་བུམ་དབང་དོན་དམ་པའི་སློབ་མའི་ལུས་ལ་དང༌། དེའི་གསང་དབང་དེ་ཉིད་ཀྱི་ངག་ལ་དང༌། དེའི་དབང་གསུམ་པ་དེ་ཉིད་ཀྱི་སེམས་ལ་དང༌། དེའི་བཞི་པ་དེ་ཉིད་ཀྱི་ཡེ་ཤེས་ལ་བསྐུར་བར་བྱ་བ་ཉིད་དུ་ངེས་པ་དེའི་ཚེ། དོན་དམ་པའི་བུམ་དབང་གང་ལ་བསྐུར་བ་ནི་སློབ་མའི་སེམས་ཀྱི་རྡོ་རྗེ་གཏི་མུག་མེད་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཡེ་ཤེས་གནས་ཀྱི་དབྱེ་བས་སོ་སོར་ཤར་བ་རྣམས་དང་བཅས་པ་ནི་དོན་དམ་པའི་ལུས་རྟེན་སྐུ་རྡོ་རྗེ་ཞེས་ཀྱང་བྱའོ། །དབང་གང་ཞིག་བསྐུར་བ་ལ་ལུས་དཀྱིལ་གྱི་སློབ་མར་བྱེད་པ་རིག་པའི་དབང་ལྔ་བརྟུལ་ཞུགས་སུ་བཅས་པ་དང༌། དེའི་སློབ་དཔོན་དུ་བྱེད་པ་དོན་དམ་པའི་དམ་ཚིག་གསུམ་སྦྱིན་ལེན་དང་བཅས་པ་དག་ལས་དང་པོ་ལ། དོན་དམ་པའི་ཆུ་དབང་ནི་སྣང་ཚུལ་ཆོ་ག་གསུམ་གྱིས་བསྐྱེད་པའི་བུམ་ཆུར་སྣང་ཡང༌། གནས་ཚུལ་དོན་དམ་པའི་རྣམ་ཤེས་ཕུང་པོའི་མིང་ཅན་སློབ་མའི་ཤེས་རྒྱུད་ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྡོ་རྗེ་ཉིད་དུ་ངོ་འཕྲོད་པར་བྱས་པ་སྟེ། དེ་ལྟར་བྱས་པའི་རྟགས་སུ་མི་བསྐྱོད་པས་དབུ་བརྒྱན་པའོ། །དེ་བཞིན་དུ་དོན་དམ་པའི་ཅོད་པཎ་གྱི་དབང་ནི། རྣམ་ཤེས་ལ་སྣང་ཚུལ་ཆོ་ག་གསུམ་གྱིས་བསྐྱེད་པའི་རིན་འབྱུང་ཞུ་བ་ལས་བྱུང་བའི་ཅོད་པཎ་དུ་སྣང་ཡང༌། གནས་ཚུལ་དཔོན་སློབ་གཉིས་ཀའི་སེམས་རྒྱུད་ཚོར་ཕུང་རྣམ་པར་དག་པའི་མིང་ཅན་ང་རྒྱལ་དང་སེར་སྣ་མེད་པའི་དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་སེམས་རྒྱུད་ཉིད་དུ་ངོ་འཕྲོད་པར་བྱས་པ་དང༌། དེའི་རྟགས་སུ་རིན་འབྱུང་གིས་དབུ་བརྒྱན་པར་སྣང་བའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་འདོད་ཆགས་མེད་པ་དང༌། ཕྲག་དོག་མེད་པ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བ། ཞེས་གོང་མ་ཇི་ལྟ་བ་བཞིན་དུ་སྦྱར་ནས་ཤེས་པར་བྱའོ། །སྐབས་འདིར་དབང་གི་རྟོགས་པ་བརྗོད་པ་ན། ཕུང་པོ་ལྔ་གནས་གྱུར་ཞེས་པ་ཀུན་རྫོབ་པའི་ཕུང་པོ་ལྔ་པོ་དོན་དམ་པའི་ཕུང་པོ་ལྔ་པོ་ཉིད་དུ་གནས་པར་ཡིད་ལ་བྱེད་པ་སྟེ། རྣམ་ཤེས་ལ་ཕུང་པོ་ལྔ་པོ་སོ་སོའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྣང་གི་ཆ་ནི་ཀུན་རྫོབ་པའི་ཕུང་པོ་ལྔའི་ངོས་འཛིན་དང༌། དེ་དག་སོ་སོ་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་པར་གོ་བ་ནི་དོན་དམ་པའི་ཕུང་པོ་ལྔ་པོ་སོ་སོ་བ་ཉིད་དུ་གྱུར་པའི་དོན་ཡིན་གྱི། མདོ་སྔགས་པ་ཕལ་ཆེར་ལ་གྲགས་པའི་གནས་གྱུར་ལ་ནི་ཀུན་ཏུ་འོད་ཀྱི་སར་སླེབ་པ་དགོས་པས་འདི་ནི་ལམ་དུས་ཀྱི་གནས་གྱུར་རོ། །དེ་བཞིན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་མངོན་དུ་བྱས་ཞེས་པ་ཡང༌། གཞི་དུས་སུ་གཞིའི་ཡེ་ཤེས་ལྔ་པོ་རྒྱུ་དང་དབྱེར་མེད་དུ་གནས་ཀྱང་རང་གིས་རང་རིག་པའི་ཚད་མ་མ་བྱུང་ཞིང༌། ངོ་སྤྲོད་བྱེད་པ་གཞན་དང་ཡང་མ་ཕྲད་པས་དོན་བྱེད་མ་ནུས་པ། དབུལ་པོའི་ཁྱིམ་ནང་གི་གཏེར་ལྟ་བུར་གྱུར་པ་དེ། འདིར་དབང་བསྐུར་བས་ཐ་ནའང་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་ཞིག་མངོན་དུ་གྱུར་པ་ནི་ལམ་དུས་ཀྱི་ཡེ་ཤེས་ཏེ་འདིའང་སྔ་མ་དང་འདྲ་བ་ཉིད་དོ། །ཡང་མི་བསྐྱོད་པ་སོགས་ཀྱི་བག་ཆགས་རྒྱུད་ལ་བཞག་ཅེས་གསུངས་པ། གཞི་དུས་ཀྱི་བག་ཆགས་སད་བྱེད་ཀྱི་རྐྱེན་དང་ཕྲད་པ་ཉིད་དུ་བཤད་པ་ལ་དགོངས་ཀྱི། བག་ཆགས་དེ་གསར་དུ་འཇོག་དགོས་པ་མ་ཡིན་ཏེ། རང་བཞིན་དུ་གནས་པའི་རིགས་ཀྱི་ཐོག་མ་བཟུང་དུ་མེད་པའི་ཕྱིར་རོ། །དྲུག་པ་བརྟུལ་ཞུགས་ཀྱི་དབང་ནི་བཅོས་མའི་ཚེ་ཡང་དོན་དམ་པའི་དབང་དུ་བཤད་ན་འདིར་ལྟ་ཅི་སྨོས་ཏེ། དོན་དམ་པའི་ཕུང་པོ་ལྔ་ཡང་ལྷ་རྡོར་སེམས་ཀྱི་ངོ་བོ་ཉིད་དུ་རྣམ་པར་དག་པ་དང༌། ལྷ་དེ་ཡང་ཆོས་ཀྱི་དབྱིངས་སུ་རྣམ་པར་དག་པའི་དབང་ངོ༌། །གཉིས་པ་ནི། ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་གྱིས་སྨིན་ནས་ལམ་དུས་སུ་སློབ་མའི་ཉམས་ལེན་མཐར་ཕྱིན་པའམ། དུས་དེར་མ་ཕྱིན་ཡང་མཐར་ཕྱིན་པར་བྱས་ནས་རྡོ་རྗེ་སློབ་དཔོན་དུ་བྱེད་པའི་འདུན་པ་དང༌། དེ་ལྟར་བྱེད་ནུས་པའི་སྐལ་བ་ཅན་དེས་གསོལ་བ་ཇི་ལྟར་བཏབ་པ་བཞིན་སློབ་དཔོན་དུ་བྱེད་པའི་དམ་ཚིག་དང་སྡོམ་པ་ནི་དམ་ཚིག་གསུམ་དུ་གྲགས་པ་དེ་བྱིན་ནས། གཙོ་བོས་ཇི་ལྟར་སོགས་ཀྱི་ཁས་ལེན་ལན་གསུམ་བཟུང་བ་དེ་ཡིན་ལ། དམ་ཚིག་གསུམ་བཟུང་བའི་སྡོམ་པ་འདི་ནི་སློབ་མའི་དབང་དུས་ཀྱི་སྡོམ་པ་ལ་ལྟོས་ནས་དོན་དམ་པའི་སྡོམ་པར་འཇོག་དགོས་པ་ཡིན་ཏེ། སྔར་ནི་རྟེན་གྱི་སློབ་མ་རིགས་ལྔ་སོ་སོ་བ་ཉིད་དུ་བྱིན་གྱིས་བརླབས་ལ། འདིར་ནི་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་བྱིན་གྱིས་བརླབས་པ་འབྲས་བུའི་ཁྱད་པར་དང༌། རྒྱུའི་ཁྱད་པར་ཕུང་པོ་ལྔ་སོ་སོའི་ཆོས་དབྱིངས་ལས་གྲུབ་པ་དང༌། ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པའི་ཆོས་དབྱིངས་ལས་གྲུབ་པའི་ཁྱད་པར་ཅན་དེར་བྱིན་གྱིས་བརླབས་པ་བཞིན་སློབ་མས་ངོ་འཕྲོད་པ་ནི། སློབ་དཔོན་དག་ཀྱང་བཟུང་བར་བགྱི་ཞེས་པའི་སྡོམ་པ་དེར་ངེས་པ་དང༌། དབང་ལྔའི་དུས་སུ་རྟགས་ཀྱི་རྡོར་དྲིལ་དང་སློབ་མ་ཕྱག་རྒྱ་ཅན་དུ་བླ་མས་མོས་པ་ཙམ་ཡོད་ཀྱང་དོན་དམ་དུ་བརྡ་མ་འཕྲོད་ལ། འདིར་ནི་རྡོར་དྲིལ་ཕྱག་རྒྱ་གསུམ་ཀ་དོན་དམ་པའི་དེ་དང་དེར་ངོ་འཕྲོད་ནས་བཟུང་བའི་ཕྱིར། དེ་ཙམ་ཞིག་བརྟུལ་ཞུགས་ཀྱི་དུས་སུ་ཡང་བཟུང་བ་མ་ཡིན་ནམ་ཞེ་ན། དེར་བརྡ་སྤྲོད་པ་ཙམ་ཡོད་ཀྱང་བཟུང་བ་ནི་མེད་ལ། འོན་ཀྱང་བརྟུལ་ཞུགས་གོང་དུ་བཤད་པ་ནི་རེ་ཞིག་སློབ་མའི་དབང་ལ་ཐག་གཅོད་པའི་དབང་དུ་མཛད་ཀྱི། བརྟུལ་ཞུགས་ཀྱི་དབང་འདི་དཀྱིལ་ཆོག་ཕལ་ཆེ་བ་དག་ཏུ་བུམ་དབང་བསྐུར་ཟིན་པའི་རྗེས་ལ་མཛད་དོ། །གལ་ཏེ་བསྙེན་པ་ལས་སུ་རུང་བ་དང་རྩ་བཤད་ཀྱི་རྒྱུད་ལ་བསླབ་སྦྱངས་ཆ་མཐུན་ཙམ་ཡང་མེད་པར་དབང་སྟེགས་ཀྱི་ཁྲི་ལ་འཇོག་པ་སོགས་ཀྱི་སྐབས་ནས་འབྱུང་བའི་བཀུར་བསྟིའི་བྱ་བ་མང་པོ་པ་དེ་དག་དམ་ཚིག་གསུམ་སྦྱིན་བཟུང་ཁོ་ནའི་མཐུ་ལམ་སམ། ཞེ་ན། མ་ཡིན་གྱིས་རིགས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བའི་མཐུ་ལས་སོ། །བརྟུལ་ཞུགས་ལའང་ཐལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་བཤད་མ་ཐག་པ་བཞིན་གྱི་ཤེས་བྱེད་ལས་དང༌། བརྟུལ་ཞུགས་ལ་སློབ་དཔོན་དུ་བྱེད་པར་གསོལ་བ་མ་བཏབ་ཅིང༌། རྡོ་རྗེ་སེམས་དཔའ་ཉིད་དུ་དབང་བསྐུར་ནས་རྒྱས་གདབ་མཛད་མི་མཛད་ནི་དཀྱིལ་ཆོག་སོ་སོའི་དགོངས་པ་ལས་ཤེས་དགོས་པའི་ཕྱིར་རོ། །ཕྱག་རྒྱའི་དམ་ཚིག་ཀྱང་དོན་དམ་པའི་ཕྱག་རྒྱ་སྟེ། ལག་པའི་སྟབས་ལ་ཕྱག་རྒྱའི་མིང་གིས་བཏགས་ནས་དོན་དམ་གྱི་དེ་འཛིན་པར་དམ་བཅས་པ་ཡིན་གྱི། ཤེས་རབ་བཅུ་དྲུག་ཅེས་སོགས་སྒྲ་ཇི་བཞིན་པ་ཉིད་ལག་ཏུ་བླངས་པར་བྱ་བ་མ་ཡིན་ཏེ། དབང་གོང་མ་སྔོན་དུ་སོང་བ་མེད་པའི་ཕྱིར་རོ། །སྔར་སྟ་གོན་ལྟ་བུའི་དུས་སུ་རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་དང་བཅས་པའི་སྡོམ་པ་ལན་གསུམ་གྱིས་བཟུང་བ་ནི། འདིར་དབང་བསྐུར་ཕྱག་ལེན་བཞིན་གྲུབ་པ་ཉིད་ཀྱི་ཚེ་སྡོམ་པ་སྐྱེས་ལ། སྔར་མ་བཟུང་ན་དབང་གི་གསོལ་བཏབ་གྲུབ་མ་ཐག་ཏུ་སློབ་དཔོན་གྱིས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །བྱང་ཆུབ་སེམས་གང་སོགས་ཀྱིས་བསྒྲགས་ནས། སློབ་མས་གཙོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་ཁས་བླངས་ནས། དབང་བསྐུར་བ་ཉིད་ཀྱིས་བུམ་དབང་དངོས་གཞིའི་དུས་ཀྱི་དོན་དམ་པའི་སྡོམ་པ་སྐྱེས་པར་ཁས་ལེན་པ་ཡིན་ལ། འདིར་དབང་བསྐུར་མཛད་ཀྱི་སློབ་དཔོན་རྡོ་རྗེ་སེམས་དཔའ་དང༌། དབང་ལེན་བྱེད་སློབ་མ་ཕོ་བྲང་ལྔའི་གཙོ་བོ་ཕྱིའི་ཧེ་རུ་ཀ་དང་བཅས་པར་བཤད་པ་ཉིད་ཀྱིས་ན། ཕྱིས་ཀྱི་གསང་སྔགས་པ་གང་དག་རྒྱུ་ལམ་དུས་ཀྱི་སློབ་དཔོན་དང་སློབ་མའི་ངོས་འཛིན་གདགས་གཞི་ཟག་བཅས་ཀྱི་ཕུང་པོ་ལ་བཏགས་པའི་གང་ཟག་ཏུ་ཁས་ལེན་པ་ནི་གནས་འདི་ལ་རྣམ་པར་རྨོངས་པ་ཆེན་པོ་ཉིད་དོ། །གཉིས་པ་དོན་དམ་པའི་ལུས་དཀྱིལ་དུ་ཞུགས་པས་དབང་གོང་མ་ཇི་ལྟར་ཉམས་སུ་མྱོང་བའི་ཚུལ་ལ་གསུམ་ལས། དང་པོ་དོན་དམ་པའི་གསང་དབང་ལ་གང་གིས་དང༌། གང་ལ་བསྐུར་བ་ནི་སློབ་དཔོན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གསུང་གི་རྡོ་རྗེས་སློབ་མ་ཡང་དེ་ལྟར་གྱུར་པའི་དོན་དམ་པའི་ངག་ལའོ། །ངག་དེ་དག་གི་ངོས་འཛིན་ནི། དཔོན་སློབ་སོ་སོའི་རྒྱུད་ཀྱི་འདོད་ཆགས་མེད་པའི་དགེ་རྩ་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྡོ་རྗེ་ལ་ཤེས་པར་བྱ་ཞིང༌། དབང་རྫས་གང་ཞིག་མྱོང་བ་ནི་བླ་མ་ཡབ་ཡུམ་དུ་སྣང་བའི་སྐུ་ལས་འཁྲུངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་པ་ཉིད་ཉམས་སུ་མྱོང་བའོ། །གཉིས་པོའི་ཁྱད་པར་ནི་ཁུ་རྡུལ་གྱི་དབང་དུ་བྱས་པའི་གཉིས་སྣང་དྲི་མའི་ཆ་དང་གཉིས་མེད་ཡེ་ཤེས་ཀྱི་ཆའོ། །འདི་ལམ་དུ་བྱེད་པའི་གཏུམ་མོ་ཡང་དོན་དམ་པའི་གཏུམ་མོ་ཉིད་དེ་ཀུན་རྫོབ་ཀྱི་སྒྲུབ་བྱེད་ལ་མ་ལྟོས་པའི་བདེ་སྟོང་ཟུང་དུ་འཇུག་པའོ། །གཉིས་པ་དབང་གསུམ་པ་ལ་གང་གིས་གང་ལ་བསྐུར་བ་ནི། སློབ་དཔོན་རྡོ་རྗེ་སེམས་དཔར་གྱུར་པའི་ཐུགས་ཀྱི་རྡོ་རྗེས་སློབ་མ་ཡང་རིགས་དྲུག་པོ་གང་རུང་དུ་གྱུར་པའི་སེམས་ཀྱི་རྡོ་རྗེ་ལས་ཏེ། དེ་དག་གི་ངོས་འཛིན་ནི་གཏི་མུག་མེད་པའི་དགེ་རྩ་དང་ཞེས་སོགས་སུ་སྦྱར་རོ། །དབང་རྫས་གང་ཞིག ཉམས་སུ་མྱོང་བ་ནི་གཞན་རྐྱེན་ཤེས་རབ་ལས་བྱུང་བའི་ཟུང་འཇུག་ཉམས་སུ་མྱོང་བར་བྱས་པ་ཡིན་པ་ལས། ཤེས་རབ་ལ་ཡང་གཉིས་སུ་ཕྱེ་ནས། འདིར་དོན་དམ་པའི་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་ན། འདི་དང་གོང་མ་གཉིས་ཀའི་ཉམས་ལེན་གྱི་ཚེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་མཐར་ཕྱིན་པ་ཉིད་དེ། ཡང་དག་པར་ན་ལུགས་འདིའི་བུམ་པའི་དབང་ལ་ཡང་ངོ༌། །ཞེས་བྱ་བ་འདི་གྲུབ་པའོ། །གཉིས་པ་དེ་དག་གི་བརྒལ་ལན་གཏན་ལ་ཕབ་པ་ལ་གཉིས་ཏེ། སྤྱིར་བཏང་གི་བརྒལ་ལན་དང༌། སོ་སོའི་བརྒལ་ལན་ནོ། །དང་པོ་ལ་གཉིས་ཏེ། རྒོལ་བ་དང་ལན་ནོ། །དང་པོ་ལ་གཉིས་ཏེ། རྒྱུད་ཀྱི་དངོས་བསྟན་མི་འགལ་བར་ཤེས་དགོས་པའི་རྒོལ་བ་དང༌། རྒྱུད་བླའི་བསྟན་བཅོས་ཀྱི་དངོས་བསྟན་ཡང་དེ་དང་འདྲ་བར་རྒོལ་བའོ། །དང་པོ་ནི། འདི་སྙམ་དུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་རྒྱུད་ཀྱི་གཞུང་ཤིང་དུ་འདུག་པས་གཏིང་ཚུགས་པར་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་ལེན་དགོས་པ་ལས། ཐོས་བསམ་གྱིས་གཏན་ལ་འབེབས་ལོང་མེད་པར་དེ་མ་ཐག་ཏུ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ཞེས་དང༌། དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པའི་ཚིག་གཉིས་ཀྱིས་དམ་བཅའ་བ་སྔ་མའི་དོན་ལ་གེགས་བྱས་པ་མ་ཡིན་ཏེ། ཤེས་རྒྱུད་གཅིག་ཉིད་དྲི་མས་བསྒྲིབས་པ་དང༌། སངས་རྒྱས་ཡིན་པ་ཕན་ཚུན་འགལ་བའི་ཕྱིར་དང༌། དེ་བསལ་ན་ནི་ཞེས་པས་མ་བསལ་ན་སངས་རྒྱས་མ་ཡིན་པར་དོན་གྱིས་བསྟན་ལ། འོན་ཀྱང་ཞེས་པས་མ་བསལ་བར་དངོས་སུ་བསྟན་པའི་ཕྱིར། རང་བཞིན་གྱིས་རྣམ་པར་དག་ཅེས་བཤད་པར་ཡང་མི་ནུས་ཏེ། དག་བྱའི་དྲི་མ་དེ་གང་ཡིན་དྲིས་པ་ལ་གློ་བུར་གྱི་དྲི་མའོ་ཞེ་ན། དེས་དག་ནས་བསྒྲིབས་པར་འགལ་ཏེ་སྤྲིན་ཚོགས་ཀྱི་ཉི་མ་བཞིན་ནོ། །རང་བཞིན་དང་གློ་བུར་གྱི་དབྱེ་བས་སོ་སོ་འབྱེད་དོ། །ཞེ་ན། དྲི་མ་རང་བཞིན་གྱིས་དག་ན་མ་དག་པར་འགལ་ཏེ། རང་བཞིན་གནས་ཚུལ་གཏན་དུ་བ་དང༌། གློ་བུར་ནི་ས་དེར་མི་གནས་པ་དང༌། རེས་འགའ་བ་ཉིད་ཀྱི་ཕྱིར་ཞེས་རྒོལ་བར་འགྱུར་རོ། །གཉིས་པ་ནི། རྒྱུད་བླ་མའི་བསྟན་བཅོས་ལས། སྤྱིར་དྲི་མ་དང༌། བྱེ་བྲག་སྙིང་པོ་ལ་སྒྲིབ་བྱེད་མེད་པ་ནི། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །སོགས་དང༌། ཉོན་མོངས་ངོ་བོ་མེད་གཟིགས་པ། །ཞེས་དང༌། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་པས། སྤྱིར་དྲི་མ་མེད་པ་ཉིད་དང༌། བཞག་པར་བྱ་བ་ཅུང་ཟད་མེད་དང༌། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །སོགས་ཀྱིས་ནི། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བཤད་པའི་དོན་ལས་མ་འདས་ལ། ཡང་ཇི་སྐད་དུ། གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལའང་དེ་བཞིན་ཁམས་འདི་གནས། །ཞེས་སོགས་ཀྱིས་ནི། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ཞེས་པའི་དོན་དེ་ཉིད་གསལ་བར་བཟླས་པ་ཡིན་པས། རྒྱུད་ཀྱི་དཀའ་བའི་གནས་ལ་བརྗོད་པའི་རྩོད་པ་རྣམས་སྤོང་དགོས་པ་ཁོ་ནར་མ་ཟད། མངོན་རྟོགས་རྒྱན་ལས། སྤྱིར་དྲི་མ་ཟད་སྐྱེ་མེད་པ་དང༌། ཡོད་ན་སངས་རྒྱས་ཀྱིས་སྤངས་པར་འགལ་བ་དང༌། ཡང་མདོ་སྡེའི་རྒྱན་དང་དབུས་མཐར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་དང༌། ཉོན་མོངས་མེད་ན་ལུས་ཅན་འབད་མེད་དུ་གྲོལ་བར་ཐལ་བ་དང༌། དྲི་མ་ཡོད་ཀྱང་མི་སྤོང་ན་འབད་པ་འབྲས་བུ་མེད་པར་ཐལ་བ་སོགས་སྙིང་པོའི་གནས་འདི་ལ་འཆད་ཚུལ་འགལ་བ་ཅན་དུ་སྣང་བ་རྣམས་སེལ་དགོས་ཏེ། སྙིང་པོའི་གནས་འདི་ནི་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གིས་རྟོགས་པར་བྱ་བའི་ངེས་དོན་མཐར་ཐུག་པ་ཉིད་ཡིན་པར་རྒྱ་བོད་ཀྱི་ཤིང་རྟའི་སྲོལ་ཆེན་པོ་རྣམས་ལས་བཤད་པའི་ཕྱིར་སྙམ་ན། ལན་ལ་གཉིས་ཏེ། གཞན་ལན་མི་འཐད་པ་དང༌། རང་ལན་བཏབ་པའོ། །དང་པོ་ནི། རྔོག་ལོ་ཆེན་པོས་བདེ་གཤེགས་སྙིང་པོའི་ངོས་འཛིན་ཤེར་ཕྱིན་གྱི་མདོའི་དངོས་བསྟན་གྱི་སྟོང་པ་ཉིད་ལ་ངོས་བཟུང་ནས། དེ་ཉིད་རྒྱུད་བླའི་བསྟན་བཅོས་ཀྱི་བསྟན་བྱའི་གཙོ་བོར་འཆད། སྒྲུབ་བརྒྱུད་འཛིན་པ་ལ་གཙོ་བོར་མཛད་པ་དག་ཕལ་ཆེ་བས་ནི་རྩ་བའི་རྒྱུད་ལས་ཇི་སྐད་བཤད་པ་དེ་ཉིད། མདོ་སྡེ་མང་པོར་ཡང་གསུངས་པས་ན་དེ་ཉིད་རྒྱུད་བླའི་བསྟན་བཅོས་ཀྱི་དགོངས་པར་ཡང་འཆད། ཕྱིས་བྱོན་རྩོད་བྲལ་གྱི་ལོ་ཙྪ་བ་ཆེན་པོ་དག་གིས་ནི་སྙིང་པོའི་ངོས་འཛིན་མདོ་རྒྱུད་ཕལ་ཆེར་ལས་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འཆད་བྱེད་ཀྱི་མདོ་རྒྱུད་མང་པོ་འདྲེན་པར་མཛད། ཕྱིས་བྱོན་གྱི་མཚན་ཉིད་པ་དག་ནི་ལོ་ཙྪ་བ་ཆེན་པོའི་དེ་ཉིད་གཞིར་བཞག་ནས། རང་རང་གི་འདོད་པས་བཏགས་པ་ཙམ་གཙོ་བོར་བྱེད་པས་སྙིང་པོའི་རྣམ་གཞག་བྱིངས་པོ་ཆེ་རྒྱ་ཞིང་གཏིང་ཟབ་པ་དེ་ཉིད་རྟོག་དཔྱོད་ཀྱི་གནས་སུ་འཇོག་པ་ཆེས་ཤིན་ཏུ་དཀོན་པར་གྱུར་ཏོ། །གཉིས་པ་ནི། དེ་ལྟར་དཔྱོད་ལྡན་དག་གི་དོགས་པ་ལ་རང་ལན་གཏིང་ཚུགས་པར་བྱས་པས། གཞན་ལན་སོ་སོ་བ་དག་མི་འཐད་པ་ཉིད་དུ་གོ་བའི་ཚུལ་གྱིས་བཤད་པར་བྱ་སྟེ། འདི་ལྟར་དོགས་པ་དང་པོའི་ལན་དང་གཉིས་པའི་ལན་ནོ། །དང་པོ་ནི། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ། སྒྲ་ཇི་བཞིན་པར་བཞག་ནས་གཞི་ལམ་འབྲས་བུའི་གཞུང་ཤིང་ཉིད་དུ་ཁས་ལེན་དགོས་ཏེ། གཞན་དུ་ན་རྩ་བ་བོར་བའི་རྟོག་དཔྱོད་དུ་སོང་བའི་ཕྱིར། དེ་ཡང་གནས་ཚུལ་ལ་འཇུག་པའི་ཡུལ་ཅན་ཡེ་ཤེས་དབང་བཙན་པ་ཡིན་གྱི། སྣང་ཚུལ་སྣ་ཚོགས་པའི་ཡུལ་ཅན་རྣམ་ཤེས་དབང་བཙན་དུ་བྱས་པ་ནི་མ་ཡིན་ཏེ། སེམས་ཅན་དང་སངས་རྒྱས་ཀྱི་ངོས་འཛིན་ཡང་དོན་དམ་པའི་དེ་དང་དེའི་མིང་ཅན་རང་བཞིན་རྣམ་དག་གི་སྒོ་ནས་འཆད་དགོས་པའི་ཕྱིར་དང༌། བདེན་པ་གཉིས་པོའི་ངོས་འཛིན་ཡང་དེ་དང་དེའི་གཟུང་འཛིན་དུ་སྣང་བ་དྲི་མའི་ཆ་དང༌། གཉིས་མེད་ཡེ་ཤེས་ཀྱི་ཆ་ལས་འབྱེད་པ་དང༌། དེ་དག་ཀྱང་གཞི་ལམ་གྱི་དུས་སུ་ཕལ་ཆེར་ཚོགས་པ་གཅིག་ན་ཡོད་ཀྱང༌། མཚན་ཉིད་ཀྱི་སྒོ་ནས་ཤེས་རབ་ཀྱིས་སོ་སོར་འབྱེད་པའོ། །དེ་ལ་དགོངས་ནས་ཇི་སྐད་དུ། འཇིག་རྟེན་འཇིག་རྟེན་འདས་པ་དང༌། །ཞེས་གསུངས་སོ། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ། གློ་བུར་རྣམ་དག་དང་ཡུལ་ཅན་རྣམ་ཤེས་དབང་བཙན་དགོས་ཏེ། སྒྲིབ་བྱེད་ཀྱི་དྲི་མ་དང་སེལ་བྱེད་ཀྱི་གཉེན་པོ་ཁས་བླངས་པའི་ཕྱིར། རང་བཞིན་རྣམ་དག་གི་ཚེ་ནི་དྲི་མ་གདོད་མ་ནས་ཡོད་མ་མྱོང་ན། གང་ཞིག་གང་གིས་སྒྲིབ་པ་སེལ་བར་བྱེད། ཚིག་རྐང་པ་སྔ་རྟིང་གིས་དྲི་མ་ཡོད་མེད་འགལ་བ་ཕན་ཚུན་མ་འཁྲུལ་བར་ཁས་ལེན་པ་མ་ཡིན་ཏེ། འགལ་འདུས་སྐྱོན་མེད་ནི་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པས་ན་ཟབ་པ་ཉིད་དོ། །དེ་བཞིན་དུ་སེམས་ཅན་ལ་སངས་རྒྱས་ཀྱིས་ཁྱབ་པ་དང་མི་འགལ་བར་བཤད་པ་ཡང་དེ་དང་འདྲ་སྟེ་འགལ་འདུས་སྐྱོན་མེད་ཉིད་ཀྱི་ཕྱིར། དེ་སྐད་དུ་ཡང༌། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། རྟོག་གེ་པ་དག་གིས་ནི་དོན་དམ་པའི་སེམས་ཅན་ངོས་འཛིན་པར་ག་ལས་ནུས་ཏེ། འཇིག་རྟེན་ལྷན་སྐྱེས་དང༌། མུ་སྟེགས་ལ་གྲགས་པ་ཉིད་ལས་གཞན་མི་རྙེད་དོ། །གལ་ཏེ། རང་བཞིན་རྣམ་དག་གི་སངས་རྒྱས་སུ་འཆད་པ་འདི་ལ་སངས་རྒྱས་སུ་འཇོག་བྱེད་ཀྱི་མཚན་ཉིད་སྒྲིབ་པ་མ་ལུས་པར་སྤངས་པ་དང༌། ཤེས་བྱ་མ་ལུས་པ་མངོན་སུམ་དུ་མཁྱེན་པ་ཞེས་པ་དེ་མ་ཚང་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་ཞུགས་པར་འཆད་པ་དེ་ཇི་ལྟར་རུང་ཞེ་ན། བཤད་པ་ཡུལ་ཅན་རྣམ་ཤེས་ཀྱི་ངོ་དང༌། རྟེན་ཀུན་རྫོབ་པའི་སེམས་ཅན་ལ་ནི་སངས་རྒྱས་སུ་འཇོག་བྱེད་ཀྱི་མཚན་ཉིད་དེ་དག་ཚང་བར་ཁས་མི་ལེན་པའི་ཕྱིར། སངས་རྒྱས་དངོས་དང་དེའི་སྙིང་པོ་ཅན་གང་དུ་ཡང་དམ་འཆའ་བ་མ་ཡིན་ལ། རྟེན་དོན་དམ་པའི་སེམས་ཅན་ལ་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་ངོ་ན་སྒྲིབ་པ་སྔར་ཡོད་མ་མྱོང་ཞིང་ཕྱིས་མི་སྐྱེ་བའི་ཆོས་ཅན་ཉིད་ཀྱིས་དྲི་མ་སྤངས་པའི་དགོས་པ་གང་གྲུབ་པ་ཡིན་ཏེ། སྟོབས་སོགས་ཡོན་ཏན་ལ་གེགས་བྱེད་མེད་པ་ཉིད་ཀྱི་ཕྱིར། གེགས་མེད་པ་ན་གེགས་དེའི་འགལ་ཟླར་གྱུར་པའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིན་ཏེ། ཤེས་རྒྱུད་གཅིག་ལ་དེ་དང་དེ་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར། འོ་ན་སྔར་རྒོལ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ཁས་ལེན་པ་ཁྱོད་ཀྱིས་ཤེས་བྱ་ཇི་སྙེད་པ་མཐའ་དག་མངོན་སུམ་དུ་མཐོང་བར་ཁས་ལོངས་ཤིག་ཅེ་ན། ཡུལ་ཅན་རྣམ་ཤེས་དང་ཡེ་ཤེས་དག་སོ་སོ་ཐ་དད་དུ་བདག་པོར་བྱེད་པའི་སྐབས་མ་འདྲེས་པར་བྱ་དགོས་པར་བཤད་མ་ཐག་པ་དེ་ལྟ་ན་ཡང་བག་ཆགས་ཀྱི་དབང་གིས་གཅིག་ཏུ་འདྲེས་པ་ཁོ་ན་ལས་གཞན་མེད་པ་ཁྱོད་ལ་ལན་ནི། དམ་འཆའ་བ་པོ་རང་ཉིད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ཁས་བླངས་པ་མེད་ལ། དོན་དམ་པའི་སེམས་ཅན་དང་སངས་རྒྱས་ཀྱི་གཟིགས་ངོ་ན་ནི་སྙིང་པོ་ཉིད་ལས་མ་གཏོགས་པའི་ཆོས་གཞན་ཡོད་པར་བྱམས་པའི་གཞུང་ལས་མི་འཆད་དོ། །གལ་ཏེ་སྙིང་པོ་ནི་སྟོབས་སོགས་ཀྱི་ངོ་བོ་ཉིད་དུ་ཁས་བླངས་པས་དེ་ཉིད་རང་གིས་རང་རིག་ན་རེ་ཤིག་དེ་ཙམ་གྱིས་སངས་རྒྱས་ཀྱི་མཁྱེན་པའི་ཁྱད་པར་མཚོན་ནུས་སུ་ཆུག་ཀྱང༌། སོ་སོ་སྐྱེ་བོའི་དུས་སུ་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཤད་པ་མ་ཡིན་ནམ་ཞེ་ན། དུས་དེར་སྙིང་པོ་ལ་མཐའ་གཞན་དུ་དོགས་པ་འགོག་བྱེད་ཀྱི་རང་རིག་མེད་ཀྱང་རང་ཉིད་རིག་པའི་ངོ་བོར་སྐྱེས་པ་ཙམ་གྱིས་མཁྱེན་པའི་དོན་གྲུབ་པ་ཡིན་ཏེ། དཔེར་ན། མར་མེས་དེ་ཉིད་ལ་སྒྲིབ་བྱེད་ཀྱི་མུན་པ་མི་སེལ་ཡང་མར་མེ་རང་གསལ་དུ་འཇོག་པ་བཞིན་ནོ། །མདོར་ན་སོ་སྐྱེའི་དུས་སུའང་རང་བློ་རང་ལ་ལྐོག་ཏུ་གྱུར་པ་མི་སྲིད་པས་རང་ཉིད་རང་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པར་སོང་ཡང༌། དེ་མངོན་སུམ་དུ་མཐོང་བར་ཁས་ལེན་མི་དགོས་ཏེ། དབང་ཤེས་ལྔ་ཕྱི་རོལ་གྱི་དོན་ལ་བཞིན་ནོ། །གལ་ཏེ་གཞི་འབྲས་དབྱེར་མེད་དུ་ཁས་ལེན་ན་སངས་རྒྱས་ཀྱི་སར་གློ་བུར་རྣམ་དག་གི་ཡེ་ཤེས་མེད་པའམ། གཞི་དུས་སུའང་ཡོད་པར་ཁས་ལེན་ཞེ་ན། ཡེ་ཤེས་རྐྱང་པའི་གཟིགས་ངོར་ནི་གློ་བུར་རྣམ་དག་ཁས་མ་ལེན་ཏེ། བྱང་ཆུབ་ཆེན་པོའི་རང་དུས་སུ་དྲི་མ་ཟད་པར་མི་འཆད་པའི་ཕྱིར། གཞི་དུས་སུ་རང་བཞིན་རྣམ་དག་གི་སངས་རྒྱས་གོ་ཆོད་པོ་ཁས་བླངས་པ་དེའི་ཚེ། གཞི་དུས་སུ་སྐུ་གསུམ་མམ་བཞི་ལ་སོགས་པ་གོ་ཆོད་པོ་ཁས་ལེན་དགོས་པ་ཡིན་ཏེ། ཡེ་ཤེས་ལྔའི་རྣམ་གཞག་བཞིན་ནོ། །ངེས་པ་ལྔ་ལྡན་དང་མཛད་པ་བཅུ་གཉིས་ཀྱི་མཚན་ཉིད་ཚང་མ་ཚང་གི་སྒོ་ནས་སུན་འབྱིན་བརྗོད་པ་ནི། སྣང་ཚུལ་དང་གནས་ཚུལ་གྱི་སྐུའི་རྣམ་བཞག་མ་ཕྱེད་པར་ཟད་དོ། །གཉིས་པ། རྒྱུད་བླ་མར་རྒོལ་བ་ལ་ལན་བཏབ་པ་ནི། སྙིང་པོས་སེམས་ཅན་ལ་ཁྱབ་མ་ཁྱབ་ཀྱི་རྣམ་དབྱེ་ཡུལ་ཡུལ་ཅན་ཡེ་ཤེས་དང་རྣམ་ཤེས་ཀྱི་མཐོང་ཚུལ་ལས་སོ་སོར་འཇོག་དགོས་པ་ནི་རྒྱུད་བླ་མ་ཉིད་ལས་གསུངས་ཏེ། རྡོ་རྗེའི་གནས་ཕྱི་མ་བཞིའི་དབང་དུ་མཛད་ནས། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཅེས་གཉིས་པོ་ལ་སྣང་ཚུལ་འགལ་བར་བསྟན་ནས་ཀུན་རྫོབ་པའི་སེམས་ཅན་ལ་སྙིང་པོས་ཁྱབ་པའི་དགོངས་གཞི་རིགས་ཡོད་ཕྱིར་ན་ཞེས་དང༌། དགོས་པ་སེམས་ཞུམ་སོགས་དང༌། དངོས་ལ་གནོད་བྱེད་དེས་ན་སངས་རྒྱས་སོགས་ཏེ། འདི་ཡང་མདོ་ལས། སྙིང་པོའི་ངོས་འཛིན་མྱང་འདས་ལ་བཤད་པ་ན། དམན་པའི་ལྷག་མེད་ཀྱི་ཚེ་སྙིང་པོ་ཡོད་དམ་སྙམ་པའི་དོགས་པ་སེལ་བ་སྟེ། དུས་དེར་ནི་བྱང་ཕྱོགས་ཀྱི་ཡོན་ཏན་ཟད་པའི་ཕྱིར། ཡང་བསྟན་བཅོས་དེར་སྙིང་པོ་ལ་གཞི་ལམ་འབྲས་བུའི་དུས་གསུམ་དུ་ཕྱེ་ནས། གཞི་དུས་སུ་དོན་དམ་པའི་སེམས་ཅན་ཉིད་སངས་རྒྱས་ཀྱི་སྙིང་པོ་དང་ལམ་དུས་སུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་དང༌། འབྲས་དུས་དོན་དམ་པའི་དེ་བཞིན་གཤེགས་པ་ལ་སྙིང་པོར་ངོས་བཟུང་ནས་གསུམ་ཀ་ཡང་སྙིང་པོར་མཚུངས་པའི་ཤེས་བྱེད་དུ། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །ཞེས་སོགས་དུ་མར་བཤད་ནས། གནས་སྐབས་སུ་སངས་རྒྱས་དང་སེམས་ཅན་སོགས་བཟང་ངན་མང་པོར་འཇོག་པ་ནི་དེ་དག་གི་གནས་ཚུལ་ལས་མ་ཡིན་གྱི། རྣམ་ཤེས་ཀྱི་སྣང་ཚུལ་ལས་སོ་ཞེས་འཆད་པ་ནི། གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །ཞེས་དང༌། བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །ཞེས་སོ། །ཡང་བྱམས་ཆོས་རྗེས་འབྲང་དང་བཅས་པར་སྒྲིབ་པ་མཐའ་དག་ཟད་མེད་སྐྱེ་མེད་དང༌། གློ་བུར་བ་དང༌། དེ་ལྟ་ན་ཡང་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་གཉེན་པོ་ལ་ལྟོས་པ་དང༌། ཡོད་ན་སྤང་དུ་མི་རུང་བའི་ཕྱིར་བཤད་པ་རྣམས་ནི། ཡིན་ལུགས་ཡེ་ཤེས་ཀྱི་གཟིགས་ངོ་དང༌། གནས་ལུགས་རྣམ་ཤེས་ཀྱི་མཐོང་ཚུལ་ལས་ཕྱེ་བ་ཡིན་ཏེ། དྲི་མ་ཡོད་མེད་ཀྱི་སྐབས་གཉིས་སོ་སོར་བཤད་པའི་ཕྱིར། དེ་དག་གི་རྩ་བ་ཡང་ཆོས་མངོན་པ་ལས། ཉོན་མོངས་པ་དང་རྣམ་པར་རྟོག་པ་མཐའ་དག་མ་ཤེས་པའི་མཚན་ཉིད་གསལ་རིག་ཚང་བར་བཤད་པའི་ཚེ། འོ་ན་དྲི་མ་སེམས་ཀྱི་གནས་ལུགས་ལ་ཞུགས་པར་འགྱུར་ཏེ། ནང་ལྟ་རང་རིག་གི་ངོ་བོར་སྐྱེས་པའི་ཕྱིར་སྙམ་དུ་དོགས་པར་འགྱུར་ཏེ། ཇི་སྐད་དུ། ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །རང་བཞིན་མ་ཡིན་འོད་གསལ་ལ་བརྗོད་དོ། །ཞེས་གསུངས། ཡང་རྔོག་ལོ་ཆེན་པོས་སྙིང་པོའི་ངོས་འཛིན་དུ་མཛད་པ་དེ་ནི་དབུ་མ་རིགས་ཚོགས་པའི་འཆད་ཚུལ་གྱི་ཚེ་བཤད་པ་དེ་ཡང༌། བཀའ་འཁོར་ལོ་གསུམ་པ་དང་རྡོ་རྗེ་ཐེག་པའི་ངེས་དོན་ངོས་འཛིན་གྱི་ཚུལ་དུ་མ་སོང་བས་འདིར་བཏང་སྙོམས་སུ་བྱ་བ་དང༌། ས་ལོའི་བཞེད་པས་སེམས་ཅན་ཐམས་ཅད་སྙིང་པོ་ཅན་ཡིན་པ་ལ་དངོས་ཀྱི་གནོད་བྱེད་འཕེན་པར་མཛད་པ་ནི། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཅེས་པ་ཕྱོགས་སྔ་མར་མཛད་པ་མ་ཡིན་ཏེ། གཞན་དུ་ན། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་པ་ནི་སྒྲ་ཇི་བཞིན་པ་ལ་མུ་སྟེགས་ཀྱི་བདག་དང་མཚུངས་པ་སོགས་ཀྱི་གནོད་བྱེད་འཕངས་པར་ཐལ་བས་སོ། །དེས་ན་བོད་སྔ་རབས་པ་མང་པོ་དག་གིས་འཇིག་རྟེན་དང༌། རྟོག་གེ་དང༌། ཉན་ཐོས་པ་དང༌། ཐེག་པ་ཐུན་མོང་ལ་སེམས་ཅན་དུ་གྲགས་པའི་མིང་ཅན་གང་ཟག་དང༌། ཤེས་པ་པོ་དང༌། མཐོང་བ་པོ་སོགས་དང༌། མདོ་ལས། ཇི་སྐད་དུ། དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་པའི་ལུང་གིས་བསྟན་པའི་སེམས་ཅན་མཐའ་དག་ལ་སྙིང་པོའི་ངོས་འཛིན་དུ་བཤད་ངོ་ཤེས་པ་དེས་ཁྱབ་ན། ཞེས་ས་ལོའི་རང་གཞུང་མང་པོ་དག་ཏུ་དགག་པ་དཔྱིས་ཕྱིན་པར་མཛད་པ་དེ་དག་ནི་མ་ལུས་པ་འདིར་ཡང་གཞུང་ཚུགས་པ་ཉིད་དུ་བཞག་པར་བྱ་བ་ཡིན་པས། མཐའ་གཞན་དུ་དོགས་པར་མི་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་སོ་སོའི་བརྒལ་ལན་ལ་གསུམ་སྟེ། ཡེ་ཤེས་ཁོ་ན་དབང་བཙན་དུ་བྱས་པའི་སྐབས་ཀྱི་བརྒལ་ལན་དང༌། རྣམ་ཤེས་ཁོ་ན་དབང་བཙན་དུ་བྱས་པའི་སྐབས་ཀྱི་བརྒལ་ལན་དང༌། སེམས་ཅན་ཙམ་ལ་སྙིང་པོས་མ་ཁྱབ་པའི་བརྒལ་ལན་ནོ། །དང་པོ་ནི། བོད་དུ་ཕྱིས་བྱོན་པའི་ཆེན་པོ་དག་གི་བཤད་པ་གློ་བ་ལ་ཉེ་བར་སིམ་པའི་ཐོས་བསམ་པ་མང་པོ་དག་འདི་སྙམ་དུ་རྒོལ་བར་འགྱུར་ཏེ། རང་བཞིན་རྣམ་དག་གི་སངས་རྒྱས་སུ་བཤད་པ་དེ་རྫོགས་པའི་སངས་རྒྱས་གོ་ཆོད་པོ་ཁས་ལེན་ན། ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བ་དང༌། གྲོལ་ན་འབད་པ་འབྲས་བུ་མེད་པར་ཐལ་བ་དང༌། འབྲས་བུ་ཡོད་ན་སངས་རྒྱས་ཟིན་སླར་ཡང་རྒྱ་དགོས་པར་ཐལ་བས་ཐུག་མེད་དུ་འགྱུར་རོ། །ཞེ་ན། ལན་ནི། རྒོལ་བས་ཀུན་རྫོབ་པའི་ལུས་ཅན་བསམ་མོད། འདིར་དོན་དམ་པའི་ལུས་ཅན་འབད་མེད་དུ་གྲོལ་བ་ཉིད་ཧ་ཅང་ཐལ་བ་མེད་དེ། རང་རྒྱུད་ཀྱི་ཆ་ཤས་གང་ཡང་གདོད་མ་ནས་ཉོན་མོངས་པ་དང་རྣམ་རྟོག་གི་ངོ་བོར་སྐྱེ་མ་མྱོང༌། འབྲས་བུ་ཟག་བཅས་ཀྱི་བདེ་སྡུག་གང་ཡང་མྱོང་བ་པོར་མི་རུང་ཞིང་ཕྱིས་མྱོང་བ་མི་སྲིད། འཁོར་བ་སྡུག་ཀུན་དང་ལྷན་ཅིག་གནས་པར་སྣང་ཡང་མཚན་ཉིད་དང་བྱེད་ལས་འགལ་བ་ཅན་དུ་ངེས། ཤེས་བྱའི་སྒྲིབ་པ་མཐའ་དག་གཟུགས་བརྙན་གྱི་ཚུལ་དུ་འཆར་སྲིད་ཀྱང་གཅིག་ཏུ་འདྲེས་པ་མི་སྲིད་པའི་ཕྱིར་དང༌། དེ་ལས་ཀྱང་བཟློག་པ་ལྟ་བུར་སྣང་བ་ནི་རྣམ་ཤེས་ཀྱི་འཆར་སྒོ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་འབད་པ་ལ་འབྲས་བུ་མེད་པར་ཐལ་བ་ནི་འདོད་ཐོག་མ་ཡིན་ཏེ། སྤང་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཉིད་དུ་གདོད་མ་ནས་གནས་ཀྱང་རྣམ་ཤེས་ཀྱི་ངོ་བོར་སྤངས་པའི་བྲལ་བདེན་མངོན་དུ་བྱེད་དགོས་པའི་ཕྱིར་དང༌། གཞན་སྣང་གི་གཟུགས་སྐུ་གཉིས་སུ་འཆར་བ་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སོག་དགོས་པའི་ཕྱིར་དང༌། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ནུས་པ་མཐུ་ཅན་དུ་བྱེད་དགོས་པའི་ཕྱིར། སངས་རྒྱ་ཚུལ་ཐུག་མེད་དུ་ཐལ་བ་མ་ཡིན་ཏེ། ཡེ་ཤེས་ཀྱི་ངོར་རང་བཞིན་རྣམ་དག་ཏུ་སངས་རྒྱས་ཟིན་ཀྱང་རྣམ་ཤེས་ཀྱི་ངོར་གློ་བུར་རྣམ་དག་ཏུ་སངས་རྒྱ་དགོས་པའི་ཕྱིར། དེའི་གོ་དོན་ཡང་སངས་རྒྱས་དང་པོ་གཅིག གཉིས་པ་ཞིག་ཏུ་སངས་རྒྱ་བ་མི་འདོད་ཀྱི། རང་བཞིན་རྣམ་དག་གི་སངས་རྒྱས་དེ་ཉིད་རྣམ་ཤེས་ཀྱི་ངོར་དྲི་མ་དང་བྲལ་བར་སྣང་བ་ལ་དེའི་མིང་གིས་བཏགས་པའོ། །འོ་ན་སངས་རྒྱ་བའི་སེམས་ཅན་མི་སྲིད་པར་འགྱུར་ཏེ། དོན་དམ་པའི་སེམས་ཅན་ནི་སངས་རྒྱས་ཟིན་ཀུན་རྫོབ་པའི་སེམས་ཅན་སངས་རྒྱ་བར་ཁྱེད་ཀྱིས་མི་འདོད་པའི་ཕྱིར་ཞེ་ན། ཡེ་ཤེས་དབང་བཙན་གྱི་ཚེ་མི་འདོད་པ་ཐལ་བར་འཕངས་པ་མིན་ཏེ། འཁོར་བ་མི་དམིགས་པ་འདི་ནི། །མྱ་ངན་འདས་པར་ཁྱོད་ཀྱིས་བཞེད། །ཅེས་དང༌། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །ཞེས་འཁོར་བ་མི་དམིགས་པར་བཤད་ན་ཀུན་རྫོབ་པའི་སེམས་ཅན་སུ་ཞིག་སངས་རྒྱ་བར་ཁས་ལེན། རྣམ་ཤེས་ཀྱི་ངོར་སངས་རྒྱ་བའི་སེམས་ཅན་ནི་རང་བཞིན་རྣམ་དག་ཏུ་སངས་རྒྱས་པར་ཁས་མི་ལེན་ཏེ། དེའི་རྒྱུད་ལ་སྙིང་པོས་ཁྱབ་པར་ཁས་མི་ལེན་པ་དང༌། དེའི་ཤེས་རྒྱུད་ངོས་མ་ཟིན་པས་རྒྱུད་དེ་བསལ་བཞག་ཅན་དུ་ཁས་ལེན་པའི་ཕྱིར། འོ་ན་ཀུན་རྫོབ་པའི་སེམས་ཅན་དེ་ལ་ཤེས་རྒྱུད་ཡོད་དམ་མེད། ཡོད་ན་དེ་སྙིང་པོ་ཡིན་པས་སངས་རྒྱས་ཟིན་པར་འགྱུར་ལ། མེད་ན་ཤེས་རྒྱུད་མེད་པའི་སེམས་ཅན་ཇི་ལྟར་སངས་རྒྱ་ཞེས་རྒོལ་ན། ཡེ་ཤེས་དབང་བཙན་གྱི་ཚེ་ནི་དེའི་ཤེས་རྒྱུད་སྙིང་པོར་གྱུར་པས་སངས་རྒྱས་ཟིན་ལ། དེ་ཉིད་ཀྱིས་ན་ཀུན་རྫོབ་ཀྱི་སེམས་ཅན་ཡོད་པར་མི་འདོད་དེ། ཀུན་རྫོབ་དང་དོན་དམ་པའི་སེམས་ཅན་གྱི་ངོས་འཛིན་འགལ་བ་ལྟག་སྤྲོད་དུ་འདུག་པས་སོ། །རྣམ་ཤེས་དབང་བཙན་གྱི་ཚེ་ནི་སེམས་ཅན་དེའི་ཤེས་རྒྱུད་སེམས་ཅན་དེ་ཉིད་ལས་མ་འདས་སོ། །གལ་ཏེ་ལུས་ཅན་ཁྱད་འཕགས་ཡེ་ཤེས་ཁོ་ན་བའི་ཚེ་གཞི་དུས་ཀྱི་ཤེས་རྒྱུད་སངས་རྒྱས་གོ་ཆོད་པར་ཁས་ལེན་པ་ནི་རྗེས་སུ་ཡི་རང་མོད་ཀྱང༌། སངས་རྒྱས་དེ་ལ་ཁྱོད་ཀྱི་འདོད་པ་ལས་བཟློག་སྟེ་རྒྱུད་དེ་ལ་ཡོན་ཏན་མེད་པ་དང་དྲི་མ་ཡོད་པར་ཁས་བླངས་ན་ཅིས་འགོག བྱེད་ལས་མེད་པའི་ཡོན་ཏན་ནི་མེད་པ་དང་འདྲ་སྟེ། སྟོབས་ནི་མ་རིག་པའི་གཉེན་པོར་མི་རུང༌། སོ་སོ་རིག་བཞིས་ནི་ཚིག་དོན་མི་ཤེས། མི་འཇིགས་པས་ནི་ཟག་ཟད་དུ་དམ་འཆའ་བར་མི་ནུས་པའི་ཕྱིར། ཞེ་ན། སེམས་ཅན་གཞན་རྒྱུད་ཀྱི་ཡོན་ཏན་ལ་བྱེད་ལས་མེད་པ་གང་གིས་འགྲུབ། མངོན་སུམ་དང་རྗེས་དཔག་གིས་མི་འགྲུབ་སྟེ། དེ་ཁྱོད་ལ་ཤིན་ཏུ་ལྐོག་གྱུར་ཉིད་ཀྱི་ཕྱིར། ལུང་གིས་མི་འགྲུབ་སྟེ་ལུང་ལས་ནི་སངས་རྒྱས་ཟིན་པར་བཤད་པ་ཉིད་ཀྱིས་ལྷག་པའི་ཡོན་ཏན་ཚོལ་མི་དགོས་པའི་ཕྱིར། ལུང་དོན་ལ་ཐེ་ཚོམ་ཟ་བས་མི་འགྲུབ་ན། སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཞེས་སོགས་ཀྱི་དགོངས་པ་འགྲུབ་བྱེད་མི་སྲིད་པར་འགྱུར་རོ། །རྒོལ་བ་རང་རྒྱུད་ཀྱི་སྟོབས་ལ་ཡོན་ཏན་དེ་དག་མ་དམིགས་པས་མེད་པར་ངེས་སོ་ཞེ་ན། དེ་འདྲ་དེར་རང་གི་རྣམ་ཤེས་དང་ཡེ་ཤེས་གང་གིས་མ་དམིགས། དང་པོ་ལྟར་ན་དེས་དེར་མི་འགྲུབ་སྟེ། རྣམ་ཤེས་ཀྱི་ཡུལ་ལས་འདས་པའི་ཕྱིར། གཉིས་པ་ལྟར་ན། རང་རྒྱུད་ཀྱི་སྟོབས་སོགས་ལ་བྱེད་ལས་དེ་ཡོད་པར་རང་རྒྱུད་ཀྱི་ཡེ་ཤེས་ཀྱིས་མ་དམིགས་པས་མེད་པར་མི་འགྲུབ་སྟེ། དེ་འདྲ་དེ་རང་རྒྱུད་ཀྱི་ཡེ་ཤེས་ཀྱི་ཡུལ་ལས་འདས་པའི་ཕྱིར། ཁྱོད་ཀྱིས་སྨྲ་བ་དེ་དག་ནི་ཡེ་ཤེས་ཀྱི་བྱེད་ལས་རྣམ་ཤེས་ཀྱི་ངོར་མེད་པར་རྟགས་སུ་བཀོད་པས་གཏན་ཚིགས་མ་ངེས་པ་ཉིད་དོ། །གཞི་དུས་ཀྱི་སྟོབས་ལ་སོགས་པས་རང་གི་འགལ་ཟླ་ལ་གེགས་མ་བྱས་པར་མི་འགྲུབ་སྟེ། གཞི་གཅིག་ཏུ་ཡོན་ཏན་བཞག་མི་དགོས་པ་དང༌། དེའི་འགལ་ཟླ་སེལ་མི་དགོས་པ་གྲུབ་བདེ་ཐ་མི་དད་པ་ནི་ཡོན་ཏན་གྱི་བྱེད་ལས་སུ་ངེས་པའི་ཕྱིར། གཞུང་དུ་ནི། སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལམ་ཅན་ནོ། །ཞེས་རང་རྒྱུད་ལ་སྙིང་པོ་ཡོད་པའི་བྱེད་ལས་སུ་དེ་ལྟ་བུའི་ཡིད་འབྱུང་དང་སྨོན་ལམ་སྐྱེ་བ་ཉིད་དང༌། དེ་སྐྱེས་པའི་རྟགས་ཀྱིས་གཞི་དུས་སུ་སྙིང་པོ་ཡོད་པ་སྒྲུབ་ནུས་སུ་བཤད་ལ་དེ་ཡང་རྣམ་ཤེས་ཀྱི་ངོར་འགྲུབ་པའི་དབང་དུ་མཛད་དོ། །གཉིས་པ་ནི། གཞི་དུས་བདེ་གཤེགས་སྙིང་པོ་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་ལམ་དུ་བྱེད་པ་ན་རྣམ་ཤེས་ཀྱི་ཁྱད་པར་འགའ་ཞིག་མཚམས་སྦྱོར་དུ་དགོས་པ་ལས་གཞན་ལམ་གྱི་དངོས་གཞི་ཡེ་ཤེས་དངོས་སམ་རྗེས་མཐུན་པ་ཁོ་ནར་ངེས་པ་དང༌། ཡང་དེ་འདྲ་དེ་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱིས་ལམ་དུ་བྱེད་པ་ན་མཉམ་གཞག་རྣམ་པར་མི་རྟོག་པ་དང༌། རྗེས་ཐོབ་དག་པ་འཇིག་རྟེན་པ་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སོགས་རྣམ་ཤེས་དང་ཡེ་ཤེས་འདྲེན་མར་བྱུང་བའི་ལམ་གྱིས་བགྲོད་པ་དང༌། ཡང་གཞི་དུས་ཀྱི་སྙིང་པོ་སད་བྱེད་ཀྱི་རྐྱེན་འཁོར་ལོ་བཞི་དང་མ་ཕྲད་ཅིང་བྱེད་ལས་འདུན་པ་དང་སྨོན་ལམ་མ་བྱུང་བས་འཁོར་བ་འབའ་ཞིག་པའི་བྱ་བྱེད་ཁོ་ན་ལམ་དུ་བྱེད་པ་ནི་རྣམ་ཤེས་ཁོ་ནའི་ལམ་དུ་ངེས་པར་བཤད་མ་ཐག་པ་དེ་ལ་འདི་སྙམ་དུ་རྒོལ་བར་འགྱུར་ཏེ། མ་དག་པའི་འཁོར་བ་ཡང་རྣམ་ཤེས་ཁོ་ནའི་ལམ་པར་མ་ངེས་ཏེ། འཁོར་བ་མཐའ་དག་ཀྱང་གཞི་དུས་ཀྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ལས་བྱུང་ཞིང༌། ལམ་དུས་ཀྱི་བྱ་བ་མཐའ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་གནས་པའི་ཚུལ་གྱིས་བསྒྲུབ་དགོས་པའི་ཕྱིར་ཏེ། ཐོགས་མེད་ཞབས་ཀྱིས་དྲངས་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའམ་འཐོབ་པར་འགྱུར། །ཞེས་གསུངས་པ་དེ་སྙིང་པོ་དང་ཀུན་གཞི་གཉིས་ཀའི་སྒྲུབ་བྱེད་དུ་བཤད་པས་སོ། །ཞེ་ན་འདིའི་ལན་ནི་ངེས་པར་ཤེས་དགོས་པ་ཞིག་སྟེ། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་མཐའ་དག་གི་གནས་དང༌། རྟེན་དང༌། འབྱུང་ཁུངས་སུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁོ་ན་ཉིད་དུ་ངེས་པ་དེའི་ཚེ་མིང་ནི་ཀུན་གཞི་ཞེས་བྱ་ལ། དེ་ལ་རང་གི་ངོ་བོ་དང་རྐྱེན་གློ་བུར་བའི་བྱེད་པས་རྣམ་པར་བྱང་བའི་ཕྱོགས་ཀུན་གྱི་གཞིར་གྱུར་པ་ཀུན་གཞིའི་ཡེ་ཤེས་དང༌། ཀུན་ནས་ཉོན་མོངས་ལ་ཕྱོགས་ཀྱི་གཞིར་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ལས་དང་པོ་ལ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རང་བཞིན་ཆོས་སྐུ་ཞེས་བྱ་ལ། དེ་ཉིད་འཁོར་འདས་ཀུན་གྱི་གནས་དང༌། མེད་ན་མི་འབྱུང་བའི་རྒྱུར་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། ང་ལས་གནས་གསུམ་པོའང་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་འཁོར་བ་པའི་རྒྱུད་ཀུན་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བཤད་པའི་ཕྱིར། དེ་ལྟར་ན་ཡང་འཁོར་བའི་བྱེད་པ་པོ་ནི་བདག་ཏུ་རྨོངས་པ་དང༌། བྱ་བ་ལམ་ནི་རྒྱུ་ལས་ཉོན་དང་འབྲས་བུ་སྡུག་བསྔལ་དུ་ངེས་པས་འཁོར་བ་རྒྱུ་འབྲས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་དང༌། མྱ་ངན་ལས་འདས་པའི་རྒྱུ་འབྲས་མཐའ་དག་དོན་དམ་པར་ངེས་ཤེས་བྱ་ལ། འཁོར་བ་ལ་ཐོག་མཐའ་ཡོད་ཅེས་མི་འཆད་ཀྱང༌། གཞི་དུས་ཉིན་ནས་ཡོད་མ་མྱོང་བ་དང༌། ལམ་དུས་སུ་འཁྲུལ་པ་དང༌། འབྲས་བུའི་དུས་སུ་མི་དམིགས་པས་ན། གཞི་ལམ་འབྲས་བུ་ཀུན་གྱི་གནས་ཚུལ་ནི། མྱ་ངན་ལས་འདས་པ་གཅིག་བུ་ལས་གཞན་མེད་པ་ཉིད་དང༌། འཁོར་བ་པའི་རྒྱུད་ཀྱང་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་ན། འཁོར་བའི་ལམ་ནི་དེའི་རྒྱུད་དང་དབྱེར་མེད་དུ་འདྲེ་བ་མི་སྲིད་པས་ན། དེའི་ལམ་ཡེ་ཤེས་སུ་འཁྲུལ་པར་བྱའོ། །གལ་ཏེ་འཁོར་ལོ་གསུམ་པོའི་ཆོས་ཀྱི་སྐད་ལས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་རྒྱུའི་རྒྱུད་དང་བདེ་བར་གཤེགས་པའི་སྙིང་པོ་དང་གདོད་མ་ནས་གྲུབ་པ་ཉིད་དུ་འཆད་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་ཤེས་དེ་ནི་སྙིང་པོ་ལ་ལྟོས་ཏེ་གློ་བུར་བ་དང༌། དེའི་སྟེང་དུ་དྲི་མ་བསལ་བྱར་ཡོད་པ་དང༌། དྲི་མ་དག་པ་ན་ཡོན་ཏན་གཞག་ཏུ་ཡོད་པར་འཆད་དགོས་པའི་ཕྱིར། ཆོས་དབྱིངས་ལས་རྣམ་སྨིན་གློ་བུར་དུ་བྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དཔེར་ན་ད་ལྟར་གྱི་ཚུར་མཐོང་ལྷ་སྦྱིན་ལྟ་བུ་གཞི་དུས་ཀྱི་རྒྱུད་དམ་ཆོས་དབྱིངས་ཡེ་ཤེས་འཁོར་བའི་འགྲོ་བ་རིགས་དྲུག་དང༌། མྱ་ངན་ལས་འདས་པའི་ལམ་གང་དུ་འགྲོ་མ་ངེས་པ་ཞིག་ཡོད་པ་དེ་ལ་བྱེད་པ་པོ་ལྷ་སྦྱིན་གྱིས་ལས་སུ་བྱ་བ་མི་དགེ་བའམ། དགེ་བ་ཟག་བཅས་ཞིག་བྱས་ནས་སྐད་ཅིག་གཉིས་པར་འགགས་པ་དེའི་ཚེ་བག་ཆགས་སམ་དྲི་མ་བྱད་བཞིན་ནམ་ཟླ་གཟུགས་ལྟ་བུ་གཅིག་ཆོས་དབྱིངས་ཡེ་ཤེས་ཆུ་མཚོའམ་དངུལ་དཀར་གྱི་མེ་ལོང་དྭངས་པ་དང་འདྲ་བ་དེ་ལ་གཟུགས་བརྙན་བྲལ་རུང་དང༌། གློ་བུར་བ་ལྟ་བུའི་ཚུལ་གྱིས་འཆར་བར་བྱེད་དོ། །ཤར་བ་དེའི་རྗེས་སུ་བྱེད་པ་པོ་དེ་ཉིད་ཀྱིས་བག་ཆགས་དེ་སད་བྱེད་ཀྱི་རྐྱེན་ཡང་ཡང་བྱས་པས། བག་ཆགས་དེ་འགྲོ་བ་རིགས་དྲུག་གང་རུང་གི་ས་ཉིད་དུ་སྨིན་པར་གྱུར་པ་དེ་ལ་ནི་རྣམ་སྨིན་དང་ས་བོན་ཐམས་ཅད་པ་ཞེས་བྱ་སྟེ། འདོད་ཁམས་ལྟ་བུའི་རྣམ་སྨིན་དུ་གྲུབ་ཟིན་པ་དེའི་སྟེང་དུ་ས་ཐམས་ཅད་ཀྱི་བག་ཆགས་ས་བོན་ལྟ་བུར་གྱུར་པ་དང༌། གསོས་འདེབས་བྱེད་ཆུ་ལུད་ལྟ་བུར་གྱུར་པ་ཀུན་བཞག་ཏུ་རུང་བའི་ཕྱིར། ས་གཞན་དང་གཞན་གྱི་རྣམ་སྨིན་དང་ས་བོན་ལ་ས་མཚུངས་ཇི་ལྟར་ཞེས་དཔྱད་དགོས་ཀྱང་གསོས་འདེབས་བྱེད་དང་མི་མཚུངས་པ་ཁོ་ནའོ། །དེ་སྐད་དུ་དཔེར་བརྗོད་པ་དེ་ནི། ཇི་སྐད་དུ། དེ་ཡོད་པས་ན་འགྲོ་ཀུན་དང༌། །ཞེས་ཆོས་དབྱིངས་དང་རྣམ་སྨིན་རྒྱུ་འབྲས་སྔ་ཕྱི་བར་གསུངས་པའི་མཚན་གཞི་ལ་གོ་བ་བསྐྱེད་བྱེད་ཡིན་གྱི། ཀུན་གཞིའི་རྣམ་ཤེས་མེད་པའི་སྔ་རོལ་ཏུ་ཆོས་དབྱིངས་ཡོད་པར་འཆད་ནུས་པ་ནི་མ་ཡིན་ནོ། །གལ་ཏེ་ཆོས་དབྱིངས་དང་ཀུན་གཞིའི་རྣམ་ཤེས་འབྲལ་རུང་དུ་འཆད་ན། གསང་སྔགས་སུའང་རྣམ་ཤེས་འདི་བདེན་གྲུབ་ཏུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། གཞན་དབང་དང༌། སྤང་བྱ་དང༌། གློ་བུར་བ་ཉིད་དུ་བཤད་པའི་ཕྱིར་བདེན་གྲུབ་ཀྱི་ལུང་མེད་དོ། །གལ་ཏེ་ཆོས་དབྱིངས་དང་རྣམ་སྨིན་གཉིས་ཀ་དགེ་མི་དགེའི་བག་ཆགས་ཀྱི་རྟེན་དུ་བཤད་ན་གང་རུང་གཅིག་གིས་ཆོག་མོད། གཉིས་དོན་མེད་དོ་ཞེ་ན། ཆོས་དབྱིངས་ནམ་མཁའ་དང་འདྲ་བ་ལ་མ་བརྟེན་པའི་ཤེས་བྱ་མི་སྲིད་མོད་ཀྱང༌། འཁོར་བའི་ས་བོན་ལས་འབྲས་བུ་སྡུག་བསྔལ་དུ་སྨིན་པ་ནི་ཀུན་གཞིའི་རྣམ་ཤེས་ཞིང་ས་གཤིན་པོ་དང་འདྲ་བ་དེར་སྨིན་དགོས་པའི་ཕྱིར་ན། རྟེན་ས་ཐ་དད་ལ་བརྟེན་པའི་དགོས་པ་སོ་སོ་བ་ཉིད་དོ། །དེའི་ཕྱིར་འཁོར་བའི་ཕྱོགས་ལ་ནི་གཞི་དུས་ཀྱི་རྟེན་ཆོས་དབྱིངས་དང༌། ལམ་དུས་ཀྱི་རྟེན་ཀུན་གཞིའི་རྣམ་ཤེས་དང༌། མྱང་འདས་ཀྱི་ཕྱོགས་ལའང་གཞི་དུས་ཀྱི་རྟེན་དང་པོའི་སངས་རྒྱས་དང༌། ལམ་དུས་ཀྱི་རྟེན་ཀུན་གཞིའི་ཡེ་ཤེས་ནུས་པ་མཐུ་ཅན་ཉིད་དུ་ལྟ་བར་བྱའོ། །གསུམ་པ་ནི། དེ་ལྟར་གསང་སྔགས་རྡོ་རྗེའི་ཐེག་པའི་ངེས་དོན་གྱི་མཐར་ཐུག་དཔལ་པོའི་སངས་རྒྱས་སུ་གྲགས་པ་དེ་འཁྲུལ་མེད་དུ་ངོས་གཟུང་བ་ན་དེས་ཤེས་བྱའི་ཆོས་མཐའ་དག་ལ་ཁྱབ་པ་དང༌། ཕར་ཕྱིན་དུ་བཀའ་འཁོར་ལོ་གསུམ་པར་གྲགས་པའི་ངེས་དོན་མཐར་ཐུག་བདེ་བར་གཤེགས་པའི་སྙིང་པོར་གྲགས་པ་དེས་ཀྱང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལའང་ཁྱབ་པར་རྣམ་གྲངས་དུ་མའི་སྒོ་ནས་བཤད་བྱུང་བ་དེའི་ཚེ་འདི་སྙམ་དུ། དེ་མ་ཐག་ཏུ་ངོས་འཛིན་པར་འགྱུར་བའི་མདོ་ལུང་མང་པོ་དག་དང༌། ཤིང་རྟ་ཆེན་པོའི་སྲོལ་འབྱེད་རྩོད་བྲལ་དུ་གྲགས་པ་དག་དང༌། བོད་དུ་ཕྱིས་བྱོན་ལོ་ཙྪ་བ་ཆེན་པོ་དག་གི་གསུང་རབ་ལས་གཞི་འབྲས་དབྱེར་མེད་ཀྱི་སྙིང་པོར་འཆད་པ་དེས་སེམས་ཅན་མཐའ་དག་ཁྱབ་པ་ལྟ་ཅི་སྨོས། དེ་འདྲ་དེའི་མཚན་གཞི་ཡང་མི་སྲིད་པ་ཉིད་དུ་རྣམ་གྲངས་དུ་མས་བཤད་ཡོད་པ་ལ་རྩོམ་པ་པོ་ཁྱོད་ཀྱིས་ནི་ཞེན་དོན་ཕན་ཚུན་སྤངས་པའི་འགལ་བ་གཉིས་གཞི་སེམས་ཅན་མ་ལུས་པའི་སྟེང་དུ་མི་འགལ་བར་དམ་འཆའ་བའི་གྲུབ་མཐའ་གཏིང་ཚུགས་པ་ཉིད་དུ་འཛུགས་པར་ཁས་ལེན་པ་དེའི་ཚེ། ཕན་ཚུན་སྤངས་པའི་འགལ་བ་དག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་དག་ཡོད་དམ་ཅི། ཡོད་ན་དེ་ལྟར་འཆད་པའི་ལུང་དང་རིགས་པ་དག་མགོ་སྨོས་གོ་བར་སླ་བ་ཉིད་དུ་སྟོན་ཅིག་ཅེས་འཛེར་ཏོ། །ལན་ལ་གཉིས་ཏེ། མགོ་སྨོས་པ་དང་ཞིབ་མོར་བཤད་པའོ། །དང་པོ་ནི། སེམས་ཅན་ཐམས་ཅད་ལ་སྙིང་པོས་ཁྱབ་མ་ཁྱབ་ཀྱི་དམ་བཅའ་འགལ་བ་དག་གཞི་གཅིག་ལ་དང༌། གནས་སྐབས་གཅིག་ཏུ་དང༌། འཇལ་བྱེད་ཚད་མ་གཅིག་གི་ངོ་དང༌། སྒྲུབ་བྱེད་ལུང་རིགས་གཅིག་གིས་མི་འགལ་བ་ཉིད་དུ་བྱར་ཡོད་པ་མ་ཡིན་ནོ། །འདི་ལྟར་གཞི་དང་གནས་སྐབས་སོགས་ལྟོས་པ་སོ་སོ་བ་དག་མ་འཆོལ་བ་ཉིད་དུ་ངེས་པ་སྔོན་དུ་བཏང་ནས། ཞེན་དོན་ཕན་ཚུན་སྤངས་པའི་དམ་འཆའ་བ་དག་གནས་སྐབས་སོ་སོ་བ་དེ་དང་དེར་གཏིང་ཚུགས་པ་ཉིད་སྨྲ་བར་བྱེད་དོ། །དེ་དག་གང་ཞེ་ན། སྒྲུབ་ཕྱོགས་ཀྱི་གཞི་དང་གནས་སྐབས་སོགས་ནི་གོང་དུ་དོན་གྱི་མདོ་བཟུང་ནས་རྩ་བའི་གནས་གོ་བདེ་བར་བཤད་པ་ཉིད་ཀྱིས་གྲུབ་ལ། དགག་ཕྱོགས་སུ་དམ་འཆའ་བ་དེའི་ལུང་གི་ཁུངས་ནི་རང་སྟོང་གཏན་ལ་འབེབས་བྱེད་གཙོ་བོར་གྱུར་པའི་ཤེར་ཕྱིན་གྱི་མདོ་མཐའ་དག་དང༌། ལང་ཀར་གཤེགས་པའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སོགས་དང༌། ཤིང་རྟའི་སྲོལ་ནི་སྤྱིར་དབུ་མ་ཐལ་རང་དང༌། བྱེ་བྲག་དབུ་མ་ལ་འཇུག་པ་རྩ་འགྲེལ་ལས་འབྱུང་བ་དག་དང༌། གཞི་དང་གནས་སྐབས་ཀྱི་ཁྱད་པར་གཞི་ཀུན་རྫོབ་པའི་སེམས་ཅན་དང༌། གནས་སྐབས་སོ་སོ་སྐྱེ་བོ་དང༌། ཡང་དག་ཀུན་རྫོབ་གཞིར་འཇོག་གི་ཚེ་དང༌། འཇལ་བྱེད་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་རྣམ་ཤེས་དང༌། སྙིང་པོ་རང་གི་ངོ་བོ་ལ་སྤྱོད་པའི་ཐོས་བསམ་གྱི་ལུང་རིགས་གཞིར་བཞག་ནས་སེམས་ཅན་ལ་སྙིང་པོས་མ་ཁྱབ་པར་དམ་འཆའ་བ་ནི་ས་ལོའི་བཞེད་པའོ། །གཉིས་པ་ལ་རང་གི་འཆད་ཚུལ་གཏིང་ཚུགས་པ་དང༌། གཞན་འཆད་ཚུལ་སོམ་ཉིའི་གནས་སུ་འཇོག་པ་དག་སྟབས་ཅིག་ཏུ་བཤད་པར་བྱ་སྟེ། ཤེར་ཕྱིན་དུ་གནས་ཚུལ་གཏན་ལ་འབེབས་པའི་ཚེ་སྙིང་པོ་ལྟ་ཅི་སྨོས་ཡོད་པའི་ཆོས་ཁས་མི་ལེན། དེ་ལ་སོགས་པ་སྙིང་པོ་མེད་པ་ལ་སྙིང་པོའི་མིང་འདོགས་ན་འདོགས་ལ་རག་མོད། དེ་འདྲ་དེ་ཐོས་བསམ་གྱི་ཡོད་པ་ཙམ་དུ་ཡང་ཁས་མི་ལེན། རྔོག་ལོ་ཆེན་པོས་ཤེས་མདོའི་སྟོང་པ་ཉིད་ཅེས་རྒྱུད་བླ་མའི་ངེས་དོན་དུ་དང་སྙིང་པོའི་ངོས་འཛིན་དུ་འཆད་པ་ལ་སྔོན་བྱོན་སྒྲུབ་བརྒྱུད་པ་མཐའ་དག་གིས་མི་རིགས་པར་འཆད། དེ་ལྟར་འཆད་ཀྱང་རྒྱུད་བླར་དཔེ་དགུས་བསྟན་པའི་སྙིང་པོ་དང༌། རྣམ་གཞག་བཅུའི་སྙིང་པོ་ལ་ཁྱད་པར་འབྱེད་མ་ཤེས། མྱ་ངན་འདས་ཆེན་དུ་འཇིམ་པ་ལ་རྫབ་བུམ་དང༌། འོ་མ་ལ་མར་ཡོད་པར་ཁས་ལེན་པའི་དཔེར། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པར་བཞེད། ལང་གཤེགས་སུ་མདོ་གཞན་ལས་སྙིང་པོ་གསུངས་པ་སྟོང་པ་ཉིད་ལ་དགོངས་པར་འཆད། ངོ་བོ་ཉིད་མེད་པ་ལས་མེད་པར་དགག་པའི་སྟོང་ཉིད་ལས་གཞན་པའི་ངེས་དོན་ངོས་མི་འཛིན་པ་ཤེས་བྱེད་དུ་བྱས་ནས་གཞི་འབྲས་དབྱེར་མེད་ཀྱི་སྙིང་པོ་ངེས་དོན་ལྟ་ཅི་སྨོས་ཤེས་བྱ་ལ་མི་སྲིད་པར་འཆད། མི་སྲིད་པའི་ཤེས་བྱེད་དྲི་མ་མེད་ན་སེམས་ཅན་དུ་འགལ་བ་དང༌། དྲི་མ་ཡོད་ན་ཡོན་ཏན་བཞག་མེད་འགལ་བ་ལ་ཐུག ཆོས་ཀྱི་རྗེ་ས་ལོ་ནི་སྤྲོས་བྲལ་སྙིང་པོར་འཇོག་པའི་ཚེ་སྤྱིར་དགེ་བ་དང་བསྔོ་རྒྱུ་ཉིད་དུ་འགལ་བ་དང༌། སྙིང་པོ་རྟག་བརྟན་ཞིག་ཁས་བླངས་ན་ཤེར་ཕྱིན་གྱི་མདོ་དང་འགལ་ཞེས་འཆད་པ་ནི། ཇི་སྐད་དུ། ངེས་པའི་དོན་གྱི་མདོ་སྡེ་དང༌། །རྣམ་པ་ཀུན་ཏུ་འགལ་ཕྱིར་རོ། །ཞེས་གསུངས། བུ་སྟོན་ལོ་ཙྪ་ནི། རྒྱུད་བླའི་བསྟན་བཅོས་ན། གློ་བུར་རྣམ་དག་གི་ཆོས་སྐུ་ལས་གཞན་རང་བཞིན་རྣམ་དག་ཙམ་ལ་སྙིང་པོར་བཤད་པ་མེད་ཅེས་འཆད། དེས་ན་འདིར་རང་གི་རིགས་པས་རྟོག་ཅིང་དཔྱོད་པ་ལ་གཉིས་ཏེ། རང་གི་དམ་བཅའ་ལ་ཤེས་བྱེད་དགོས་པ་དང༌། གཞན་གྱི་སུན་འབྱིན་དུ་བརྗོད་པ་ལ་ལན་ཇི་ལྟར་འདེབས་པའི་ཚུལ་ལོ། །དང་པོ་ལ་དམ་བཅའ་ནི། ཁྱད་གཞི་ཀུན་རྫོབ་པའི་སེམས་ཅན་ལ་ཁྱད་ཆོས་གཞི་འབྲས་དབྱེར་མེད་པའི་སྙིང་པོ་མི་སྲིད་པ་ནི། སྙིང་པོ་དེ་འགྲུབ་བྱེད་ཀྱི་ཡེ་ཤེས་ཚད་མས་ཀུན་རྫོབ་པའི་སེམས་ཅན་མི་འགྲུབ། དེ་འགྲུབ་བྱེད་ཀྱི་རྣམ་ཤེས་གང་ཡིན་པ་དེས་ཅིག་ཤོས་མི་འགྲུབ་པར་དམ་འཆའོ། །དེའི་ཤེས་བྱེད་ལ་སྤྱིར་བསྟན་པ་ནི་རྣམ་ཤེས་དབང་བཙན་གྱི་ཚེ་སེམས་ཅན་གྱི་ངོས་འཛིན་ལ་ཀུན་རྫོབ་མུ་སྟེགས་ཀྱིས་སྒྲོ་བཏགས་པ་དང༌། དོན་དམ་པ་འཇིག་རྟེན་ལྷན་སྐྱེས་ལ་གྲགས་པ་གཉིས་ལས། གང་ལ་ངོས་བཟུང་ཡང་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་པའི་ཚེ་བདག་ཏུ་སྨྲ་བ་ཉིད་ལས་མ་འདས་པས་འཁོར་བ་པོ་དང་མྱ་ངན་ལས་འདའ་བ་པོ་གང་དུ་ཡང་མི་རུང་ལ། འཁྲུལ་ངོ་དབང་བཙན་པར་བྱས་ན་ནི་མུ་སྟེགས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པར་སོང་ངོ༌། །དེ་ཉིད་ཕྱེ་སྟེ་བཤད་པ་ནི་བསལ་བཞག་དང་བྲལ་བའི་སྙིང་པོ་དེ་ཆོས་ཅན། རྣམ་ཤེས་ཕལ་པས་མི་རྟོགས་ཏེ། རྣམ་ཤེས་ཀྱི་ངོར་ནི། དག་དང་ཉོན་མོངས་དང་ལྡན་སོགས་འགལ་འདུས་སྐྱོན་ཅན་དུ་སྣང་བའི་ཕྱིར། དེ་ལྟ་ན་ཡང་སྙིང་པོ་དེ་འགལ་འདུས་སྐྱོན་མེད་དུ་གཏན་ལ་ཕེབས་པའི་རྣམ་ཤེས་རྗེས་མཐུན་པ་མི་སྲིད་པ་ནི་མ་ཡིན་ནོ། །ཡང་བསལ་བཞག་དང་བྲལ་བའི་སྙིང་པོ་ཆོས་ཅན། ཐོས་བསམ་གྱི་ཤེས་པས་མི་རྟོགས་ཏེ། རྟོག་པའི་ཡུལ་ལས་འདས་པའི་ཕྱིར། ཡང་སྙིང་པོ་དེ་ཆོས་ཅན། སོ་སོ་སྐྱེ་བོས་མི་རྟོགས་ཏེ། དེའི་མངོན་སུམ་གྱིས་མི་རྟོགས་ལ། རྗེས་དཔག་ནི་རྟོག་པ་ལས་མ་འདས་པའི་ཕྱིར། ཡང་བསལ་བཞག་དང་བྲལ་བའི་སྙིང་པོ་དེ་ཆོས་ཅན། ཀུན་རྫོབ་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་མ་ཡིན་ཏེ། དེ་འདྲ་དེའི་རྒྱུད་མི་སྲིད་པའི་ཕྱིར་མོ་གཤམ་གྱི་བུའི་རྒྱུད་བཞིན་ནོ། །གཉིས་པ་དེ་ལྟར་བཤད་པ་ལ་རྒོལ་བའི་ལན་གདབ་པ་ནི། འོ་ན་སེམས་ཅན་མི་སྲིད་པར་འགྱུར་ཏེ། སྲིད་ན་གང་ཟག་ལས་མ་འདས་ལ། གང་ཟག་ནི་བདག་དང་བྱེད་པ་པོ་དང་ཤེད་ལས་སྐྱེས་སོགས་བཅུ་གཉིས་དང་མིང་གི་རྣམ་གྲངས་སུ་འདོད་པས་སོ་ཞེ་ན། འདིར་དོན་དམ་པའི་སེམས་ཅན་ནི་ཁས་མི་ལེན་ལ། ཀུན་རྫོབ་ཀྱི་སེམས་ཅན་ལ་ཡང་མུ་སྟེགས་ཀྱིས་བརྟགས་པ་ནི། རྣམ་ཤེས་དབང་བཙན་པ་ཉིད་ཀྱི་ཚེ་ན་ཡང་ཡོད་པ་མ་ཡིན་ལ། འཇིག་རྟེན་ལྷན་སྐྱེས་ལ་གྲགས་པ་ནི་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་ཀྱི་ཚེ་ཡོད་པར་ཁས་ལེན་མོད། དེ་སྙིང་པོ་ཅན་དུ་ཁས་བླངས་ན་དོན་དམ་པའི་བདག་ཁས་ལེན་དུ་སླེབ་པས་ཀུན་རྫོབ་པའི་བདག་ཞིག་པ་ཡིན་ཏེ། ཇི་སྐད་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ། །འོ་ན་སྐྱེ་བ་སྔ་ཕྱི་ལེན་པ་པོ་དང༌། འཁོར་བའི་བདེ་སྡུག་མྱོང་བ་པོ་གང་ཟག་གིས་བྱེད་པ་འཕགས་པའི་ཀུན་རྫོབ་ཏུ་ཡང་མི་འཐད་ན། ཀུན་ཏུ་ཡང་བྱེད་པ་པོ་དང་མྱོང་པོ་མེད་པར་ཐལ་ལོ་ཞེས་པའི་ལན་ནི་རྣམ་འགྲེལ་མཛད་པས་བཏབ་ཟིན་པ་ཡིན་ཏེ། ཇི་སྐད་དུ། གཞན་གྱི་དྲན་དང་ལོངས་སྤྱོད་སོགས། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །འགའ་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང༌། །ཞེས་གསུངས་པས་སོ། །གལ་ཏེ་གྲུབ་པའི་མཐའ་བརྟགས་པའི་ཚེ་ཀུན་རྫོབ་པའི་སེམས་ཅན་མི་སྲིད་མོད། ཀུན་རྫོབ་ཏུ་ཡང་སེམས་ཅན་མི་སྲིད་ན་ནི་རྣམ་ཤེས་ཀྱི་ཆོས་ལས་ཉམས་ལ་སྲིད་ན་དེ་འཁོར་བ་པོ་ལ་སོགས་པ་ཉིད་དུ་ཇི་ལྟར་མི་རུང་ཞེ་ན། སྲིད་པ་ནི་མ་བརྟགས་གཅིག་པུ་དང་བྱེད་པ་པོ་དང་མྱོང་པོ་སོགས་ལ་དཔྱོད་པ་ནི་གྲུབ་མཐས་བརྟགས་པའི་དབང་དུ་བྱས་པས་འགལ་བར་མི་འགྱུར་རོ། །གལ་ཏེ་བསྟན་བཅོས་གཅིག་ཏུ་སེམས་ཅན་ལ་སྙིང་པོས་ཁྱབ་མ་ཁྱབ་ཀྱི་ཕན་ཚུན་སྤངས་པའི་འགལ་བ་གཉིས་གྲུབ་མཐའ་གཏིང་ཚུགས་སུ་འཇོག་པ་གནས་སྐབས་སོ་སོ་ལ་ལྟོས་ཞེས་སྒྲུབ་བྱེད་བཀོད་ཟིན་མོད། ཤེས་བྱེད་ཀྱི་དཔེ་ཡོད་དམ་ཞེ་ན། ཤིན་ཏུ་ཡང་ཡོད་པ་ཉིད་དེ། རྒྱུད་བླ་མར་སེམས་ཅན་ལ་སྙིང་པོས་ཁྱབ་མ་ཁྱབ་གཉིས་དངོས་སུ་བྱུང་བ་དང༌། སློབ་དཔོན་ཟླ་གྲགས་ཀྱི་སྲོལ་གཅིག་པུ་ལའང་སྙིང་པོ་ཇི་བཞིན་པར་འཆད་མི་འཆད་གཉིས་གསལ་བར་བྱུང་བ་དང༌། རྒྱུད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པའི་རྣམ་བཤད་དག་ལྡན་དུ། ཕར་ཕྱིན་ཐེག་པར་བཤད་པའི་སངས་རྒྱས་དེ་ལ་སྤྱི་དོན་གྱི་སངས་རྒྱས་དང༌། སྔགས་ལུགས་ཀྱི་ཡེ་ཤེས་ཆེན་པོ་དེ་ལ་སྦས་དོན་གྱི་སངས་རྒྱས་སུ་བཤད་ནས་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གསུངས་པ་དང༌། རྒྱུད་ཀྱི་གླེང་གཞིའི་ཡི་གེ་གཉིས་པོ་སྤྱི་དོན་དང་སྦས་དོན་གྱི་བཤད་པ་འགལ་བ་ལྟ་བུར་སྣང་བ་དག་གིས་འཆད་དགོས་པ་བཞིན་ནོ། །དེ་བས་ན་ཕར་ཕྱིན་ཐེག་པར་སེམས་ཅན་ལ་སྙིང་པོས་མ་ཁྱབ་པ་དང༌། སྔགས་ལུགས་སུ་ཁྱབ་པར་བཤད་པ་དག་ཕན་ཚུན་གནོད་བྱ་གནོད་བྱེད་དུ་འགྱུར་བ་ག་ལ་ཡོད། སྐབས་འདིར་བྱིས་པའི་རྟོག་གེ་པ་རྒོལ་བ་མཁས་པའི་ངག་ཉན་པ་དང་རྫོགས་པའི་ལོང་མེད་པར་ཐལ་ཕྱིར་དུ་སྨྲ་བ་དག་གི་ངོར་ནི་འདི་སྐད་ཅེས། ཀུན་རྫོབ་པའི་སེམས་ཅན་ནི་སྙིང་པོ་ཅན་མ་ཡིན་པ་དང༌། སངས་རྒྱ་བ་པོར་མི་འཆད་པ་དང༌། རྡོ་རྗེ་ཐེག་པའི་ལྷའི་བསྐྱེད་རིམ་གྱི་སྒྲུབ་གཞིར་ཁས་མི་ལེན་པ་དང༌། དོན་དམ་པའི་སེམས་ཅན་ནི་སྔ་མ་ལས་བཟློག་པ་གསུམ་པོ་དེ་དང་དེར་ཁས་ལེན་པ་ཡིན་ནོ། །ཞེས་དེ་ཙམ་ཞིག་དམ་བཅས་པས་ཆོག་པ་ཡིན་ནོ། །གསུམ་པ་གཞི་འབྲས་དབྱེར་མེད་གཞིར་འཇོག་པའི་ཚེ་མདོ་སྔགས་སུ་ལམ་རིམ་གྱིས་པ་མི་འབྱུང་བའི་དོགས་པ་སྤང་བ་ལ་གཉིས་ཏེ། དྲི་བ་དང་ལན་ནོ། །དང་པོ་ནི། ཐེག་པ་ཐམས་ཅད་ཀྱི་རྩེ་མོ་དཔལ་འཁོར་ལོ་སྡོམ་པའི་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པའི་དུས་ལས། རང་གི་ངོ་བོ་དང༌། ཡོན་ཏན་དང༌། འགལ་ཟླའི་དྲི་མས་གནོད་པ་བྱར་མི་ནུས་པ་སོགས་ཁྱད་པར་གྱི་ཆོས་མཐའ་དག་ལ་བྱེ་བྲག་ཏུ་འབྱེད་པ་ཅི་ཡང་ཡོད་པ་མ་ཡིན་པ་ཞིག གཞི་འཁོར་བ་ཐོག་མེད་ཀྱི་དུས་ཅན་དག་ལ་རང་བཞིན་གྱིས་གྲུབ་པར་ཁས་ལེན་པ་ཁྱོད་ལྟར་ན། མདོ་རྒྱུད་ནས་གསུངས་པའི་གཞིའི་གནས་ལ་སྒྲོ་འདོགས་པ་དང༌། ལམ་གྱི་ཚུལ་ལ་སྐུར་བ་བཏབ་པའི་ཉེས་ཆེན་མང་པོ་དག་ཏུ་གྱུར་པ་མ་ཡིན་ནམ་ཞེ་ན། ལན་ལ་གཉིས་ལས། སྤྱིར་བསྟན་པ་ནི་མདོ་དང་སྔགས་ཀྱིས་བསྡུས་པའི་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་དག་པས། གཞི་ཤེས་བྱ་མཐའ་དག་གི་གནས་ཚུལ་དོན་དམ་པའི་བདེན་པ་ཉིད་དང༌། མྱ་ངན་ལས་འདས་པ་དང༌། རྣམ་བྱང་གི་ཆོས་མ་ཚང་བ་མེད་པར་ལྷུན་གྱིས་གྲུབ་པ་དང༌། ཀུན་རྫོབ་དང་འཁོར་བ་དང་ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ནི་རྣམ་ཤེས་འཁྲུལ་བའི་ངོར་གློ་བུར་བ་དང༌། འབྲལ་རུང་གི་ཚུལ་དུ་བྱུང་ཡང་གཞི་དུས་སུ་ཡོད་པར་ཁས་མི་ལེན་ཏེ། གཞི་དུས་ཀྱི་ཤེས་བྱ་ནི་དོན་དམ་འབའ་ཤིག་པ་ཉིད་ཀྱི་ཕྱིར་འབྲས་བུའི་དུས་བཞིན་ནོ། །གནས་ཚུལ་འབའ་ཞིག་པ་དེ་གང་དུ་བགྲོད་པའི་ལམ་ནི་གཉིས་ཏེ། བྱེད་པ་པོ་རྣམ་ཤེས་ཀྱིས་འཁྲུལ་ངོར་བྱས་པ་དང༌། བྱེད་པ་པོ་ཡེ་ཤེས་མ་འཁྲུལ་བའི་ལམ་དུ་བྱེད་པའོ། །ལམ་ཕྱི་མ་འདི་ལ་ཐོག་མར་འཇུག་པ་དཀའ་ཡང་ལན་གཅིག་ཞུགས་ནས་གཞི་ལམ་དབྱེར་མེད་དུ་འདྲེས་ཏེ་གཞི་དུས་ཀྱི་ཡོན་ཏན་ཇི་སྙེད་པ་རྫོགས་པར་མངོན་སུམ་དུ་མཐོང་བའི་འཁོར་ལོ་བདེ་མཆོག་གི་གོ་འཕང་དེ་བརྙེས་པར་ནི་ཡེ་ཤེས་སུ་མ་ཟད་རྣམ་ཤེས་ཚད་མ་ཡིས་ཀྱང་འགྲུབ་པའོ། །དེ་གང་ཞེ་ན་སྔགས་ལམ་གྱི་ས་བཅུའི་མཉམ་གཞག་ཡེ་ཤེས་ཀྱིས་དྲངས་པའི་རྗེས་ཀྱི་རྣམ་ཤེས་སོ། །ལམ་དང་པོ་དེར་ནི་འཇུག་པ་སླ་ཞིང་ཞུགས་ནས་ཀྱང་གཞི་ལམ་དབྱེར་མེད་དུ་འགྲོ་བ་ནི་ཐོག་མཐའ་གང་དུ་ཡང་མི་སྲིད་ཅིང་བར་དུ་གནས་འཁོར་བ་དང༌། གནས་པ་པོ་རྣམ་ཤེས་གང་ན་ཡོད་པའི་ས་དེ་དང་དེ་ན་ཡོན་ཏན་ཀུན་ཚང་གི་ཡེ་ཤེས་དེ་ཡང་རྣམ་ཤེས་ཀྱི་དབང་གིས་སྤྱན་འདྲོངས་ནས་གནས་སོ་ཞེས། མདོ་རྒྱུད་དག་ལས་ཐ་སྙད་དུ་བྱེད་པ་དེའི་ཚེ་གཞི་དེ་ནི་འཁོར་བ་པོ་དང་འཁོར་བའི་ཆོས་གང་དུ་ཡང་སོང་བ་མེད་དེ། རང་བཞིན་རྣམ་དག་གི་སངས་རྒྱས་ཉིད་ལས་མ་འདས་པའི་ཕྱིར་དང༌། སངས་རྒྱས་དེ་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གང་གིས་ཀྱང་གནོད་པ་སྐྱེལ་མ་ནུས། མི་ནུས་པ་དེ་ཡང་ཡོན་ཏན་དང་དབྱེར་མེད་པའི་དབང་གིས་ཡིན་པས་ན་རྟག་བརྟན་ཞི་བ་གཡུང་དྲུང་ཉིད་དུ་གནས་ཤིང༌། ཡེ་ཤེས་འབའ་ཤིག་ལས་གཞན་རྣམ་ཤེས་ཀྱི་སྣང་ཆ་ཅི་ཡང་འཆར་བ་མེད་དོ། །གལ་ཏེ་འོ་ན་རྣམ་ཤེས་ཀྱི་རང་སྣང་ལ་འཁོར་བའི་སྣང་བ་འཆར་ས་དེར་ཡུན་རིང་པོ་ཉིད་དུ་འཁྲིད་པར་བྱེད་པ་ལྟ་ན་ཡེ་ཤེས་འབའ་ཞིག་པས་ཀྱང་དེ་ལས་བཟློག་པར་མི་ནུས་པ་ཅི་ཞེ་ན། རྣམ་ཤེས་ལ་ནི་འཁོར་བར་འཁྲིད་ཚུལ་འཁྲུལ་སྣང་གི་དཔུང་ཚོགས་ཡན་ལག་བཞི་པོ་གྲོགས་གཞན་ལ་མ་རག་པར་རང་གི་ངང་གིས་འབྱུང་བས་ལམ་སྟབས་བདེ་བ། ཡེ་ཤེས་ཀྱིས་ནི་རྣམ་ཤེས་ཐར་ལམ་དུ་འཁྲིད་པ་ལྟ་ཅི་སྨོས། རང་འབའ་ཞིག་ཐར་ལམ་དུ་འཇུག་པ་ལ་ཐོག་མར་བག་ཆགས་སད་བྱེད་ཀྱི་རྐྱེན་འཁོར་ལོ་བཞི་ཚང་དགོས། ཚང་ནས་ཀྱང་གྲོགས་ཐོས་བསམ་གྱི་ཤེས་རབ་དང༌། ཞི་ལྷག་གི་སྒྲུབ་བྱེད་སེམས་གནས་ཀྱི་ཐབས་དགུ་དང༌། གོམས་བྱེད་ཀྱི་ཡན་ལག་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་ལ་སོགས་པ་མཚུངས་ལྡན་རྟོག་པར་གྱུར་པའི་གྲོགས་ཀྱི་དཔུང་ཚོགས་མང་པོ་མངོན་པར་འདུ་བྱེད་དགོས་བྱུང་བ་ལ་ཐུག་པས་ན། ཡེ་ཤེས་རང་ཉིད་གཞིའི་གནས་ཚུལ་དང་མཐུན་པར་འཇུག་པ་ལ་ནི། ཐར་པ་ཆ་མཐུན་ནས་བཟུང་སྟེ་ལམ་ལྔ་དང་ས་བཅུའི་རིམ་པ་ཚང་དགོས་པར་བྱུང་ཞིང༌། རྣམ་ཤེས་འཁྲུལ་པ་གཞིའི་གནས་ཚུལ་དང་མི་མཐུན་པར་འཁྲུལ་ལམ་དུ་ཞུགས་པ་ན་རང་དང་ཚོགས་པ་གཅིག་པའི་ཡེ་ཤེས་ནི་ལམ་དེར་ཁྲིད་པ་དང་ཁྲིད་ནུས་པ་མ་ཡིན་ཏེ། འཁྲིད་པ་པོ་གནས་ཚུལ་ལ་མ་ཞུགས་པའི་ཕྱིར་དང༌། ཡེ་ཤེས་ལ་ནི་འཁྲུལ་ལམ་དེའི་སྣང་བ་མི་འཆར་བའི་ཕྱིར། གཅིག་ཕྱོགས་ལ་མི་མཚུངས་ཏེ། ཡེ་ཤེས་ཀྱིས་ནི་ཐོག་མར་རྣམ་ཤེས་དང་ལྷན་ཅིག་ཐར་ལམ་དུ་ཞུགས་ནས་མཐར་རྣམ་ཤེས་ཟད་པར་བྱེད་པ་ཉིད་དགོས་པའི་གཙོ་བོ་ཡིན་ལ། གཅིག་ཕྱོགས་ཀྱི་ནི་དེ་དང་རིགས་མཐུན་པར་བྱ་མི་ནུས་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། རྒྱུད་བླ་མར་གསུངས་པའི་དཔེ་སྒྲུབ་པ་དང༌། དེ་ཉིད་སྐབས་ཀྱི་དོན་ལ་སྦྱར་བའོ། །དང་པོ་ནི། བསྟན་བཅོས་དེར་རྣམ་གཞག་བཅུའི་ནང་གི་ཡོན་ཏན་དབྱེར་མེད་འཆད་པའི་སྐབས་སུ། ཇི་ལྟར་རི་མོ་འདྲི་བྱེད་པ་ཞེས་པ་ནས། ཉི་མའི་དཀྱིལ་འཁོར་དག་དང་མཚུངས། །ཤེས་པའི་བར་གྱིས་ནི་དཔེ་མངའ་བདག་རྒྱལ་པོའི་བྱང་གཟུགས་དང་དོན་བདེ་གཤེགས་སྙིང་པོ་དག་གི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་ཕྱེ་ནས་གཞི་ལ་གནས་ཚུལ་ལམ་དུ་བྱེད་ཚུལ་མཐར་ཡོངས་རྫོགས་སུ་སྣང་ཚུལ་གསུམ་གྱི་སྒོ་ནས་དཔེ་དོན་དུ་སྦྱར་བ་ཡིན་ནོ། །དེ་ལ་རྒྱལ་པོའི་བྱད་གཟུགས་རང་ལ་ཡོད་པ་ནི། སྙིང་པོ་ཡོན་ཏན་ཀུན་རྫོགས་གཞི་དུས་ན་ཡོད་པའི་དཔེའོ། །རྒྱལ་པོ་དེའི་འདྲ་སྐུ་འདྲི་བ་ལ་ཡན་ལག་དྲུག་པོ་སོ་སོ་ཁོ་ན་ལ་མཁས་པའི་རི་མོ་མཁན་དྲུག་ངེས་པར་ཚང་དགོས་པ་ནི། གཞི་དུས་སུ་ཡོན་ཏན་ཚང་གི་སྙིང་པོ་དེ་ཐོག་མར་མངོན་སུམ་དུ་མཐོང་བ་དང༌། མཐོང་ཟིན་ལམ་དུ་བྱེད་པ་ལ་སྦྱིན་སོགས་ཕར་ཕྱིན་དྲུག་པོ་ཀུན་དང་གྲོགས་སུ་མཚུངས་པར་ལྡན་པ་མཆོག་གི་ཆོས་དབྱིངས་ཡེ་ཤེས་གོམས་པར་བྱེད་པ་དཔེ་དོན་དུ་སྦྱོར་དགོས་དང༌། རི་མོ་མཁན་དྲུག་རས་གཞི་དང་བཅས་པ་ལ་མངའ་བདག་རྒྱལ་པོའི་གཟུགས་རྫོགས་པར་གྲུབ་པ་ནི། ས་བཅུའི་ཐ་མར་སྙིང་པོ་གཞི་དུས་ན་ཇི་ལྟར་ཡོད་པ་བཞིན་རྫོགས་པར་མཐོང་བ་དང་དཔེ་དོན་དུ་སྦྱར་བར་དོན་གྱིས་གྲུབ་མོད། གཞུང་དུ་སྙིང་པོ་ཡོངས་རྫོགས་མཐོང་བ་ཉི་མའི་དཀྱིལ་འཁོར་དང་མཚུངས་པར་བཤད་ནས་ཡོངས་རྫོགས་མཐོང་བ་གཞི་ལམ་གྱི་སྐབས་སུ་མེད་པར་བསྟན་ཏོ། །གཞི་སོ་སོའི་སྐྱེ་བོའི་དུས་སུ་སྙིང་པོ་དེའི་ཕྱོགས་གཅིག་ཙམ་ཡང་མངོན་སུམ་དུ་མཐོང་བ་མེད་ཀྱང༌། ཆ་ཤས་ཕྱོགས་རེ་ཙམ་ནས་ཇེ་འཕེལ་དུ་མཐོང་བ་ནི་ཐེག་ཆེན་གྱི་འདས་ལམ་ནས་ཡོད་པར་རྩ་བའི་ཤུགས་བསྟན་དང་འབྲེལ་བའི་དངོས་བསྟན་མ་བྱུང་ངོ༌། །འོ་ན་སྙིང་པོ་དངོས་ཀྱི་ངོས་འཛིན་ནི་རང་བཞིན་རྣམ་དག་གི་ཆ་ནས་འཇོག་པ་གཞིར་བྱས་ལ། ཡོངས་སུ་རྫོགས་པར་མཐོང་བའི་དུས་ཀྱི་ཆོས་སྐུ་དེའམ། ཕྱོགས་རེ་མཐོང་བའི་དུས་ཀྱི་དེའམ། མཐོང་མཁན་མེད་པའི་དུས་ཀྱི་ཤིན་ཏུ་ལྐོག་གྱུར་གསུམ་པོ་གང་ལ་བྱེད་ཅེ་ན། གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་རང་བཞིན་རྣམ་དག་གི་མཚན་ཉིད་དང་ལྡན་པའི་ཆ་ནས་ངོས་འཛིན་པ་ཡིན་ལ། དེ་འདྲ་དེ་གཞི་སོ་སོ་སྐྱེ་བོའི་དུས་སུ་མངོན་སུམ་དུ་མཐོང་མཁན་མི་སྲིད། སངས་རྒྱས་ཀྱི་སར་ནི་གློ་བུར་རྣམ་དག་གི་ཆོས་སྐུ་དང་རྫས་ཀྱི་སྒོ་ནས་དབྱེ་བ་མི་ཕྱེ་ཀྱང་དག་པ་གཉིས་ལྡན་དུ་འཇོག་ཚུལ་མཚན་ཉིད་ཀྱིས་སོ་སོར་འབྱེད་དགོས་ཀྱང༌། དེ་འདྲ་དེ་མངོན་སུམ་དུ་མཐོང་བ་སློབ་ལམ་དུ་མི་སྲིད་པས་ན་མངོན་སུམ་དུ་མཐོང་བའི་ས་མཚམས་ས་བཅུ་གཅིག་རིམ་པ་བཞིན་དུ་མཐོང་བར་གསུངས་སོ། །དེའི་ཤེས་བྱེད་ནི་ཇི་སྐད་དུ། དྲི་འདི་དག་གི་བྱིས་རྣམ་དང༌། །ཞེས་པ་ནས། དེ་ནི་རྡོ་རྗེ་ལྟ་བུ་ཡི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་གསུངས་པ་དག་གིས་སོ། །དེས་ན་ཐེག་ཆེན་གྱི་མཐོང་ལམ་ནས་མཐོང་བྱའི་སྙིང་པོ་བསལ་བཞག་མི་དགོས་པར་བཤད་པ་དེ་རང་རྒྱུད་ལ་ཡོད་པར་མངོན་སུམ་གྱིས་མཐོང་བས་ན་མཐོང་བྱའི་སྙིང་པོ་དང་མཐོང་བྱེད་ཀྱིས་ས་མཚམས་གཉིས་ཀ་རྟགས་དང་རྗེས་དཔག་ལ་རག་མ་ལས་པའི་ས་མཚམས་ནི་ཐེག་ཆེན་གྱི་མཐོང་ལམ་དེ་ནས་སོ། །འོ་ན་མཐོང་ལམ་པ་དེས་སོ་སོ་སྐྱེ་བོ་གཞན་ལ་སྙིང་པོ་དེ་ཡོད་པར་འགྲུབ་བམ་མི་འགྲུབ། འགྲུབ་ན་མངོན་སུམ་མམ་རྗེས་དཔག་གིས་ཞེ་ན་རྟགས་ལས་ཏེ། རང་རྒྱུད་ཀྱི་སྙིང་པོ་དངོས་དང༌། དེ་མཐོང་བའི་མངོན་སུམ་དང༌། དེས་དྲངས་པའི་རྗེས་ཐོབ་ཀྱི་སྤྱོད་པ་གསུམ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ལས་རྟོགས་ནུས་པའི་ཕྱིར་ཏེ་རྒྱུད་སོ་སྐྱེའི་དུས་སུ་སྙིང་པོ་མེད་ན། འབྲས་བུ་མཐོང་ལམ་གྱི་དུས་སུ་དེ་མི་འབྱུང་བའི་འབྲེལ་པ་ནི་རང་རིག་པའི་མངོན་སུམ་གྱིས་འགྲུབ་པའི་ཕྱིར། སོ་སོ་སྐྱེ་བོས་ནི་རྟགས་ལས་ཀྱང་རྟོགས་པར་དཀའ་བ་ཡིན་ཏེ། ཇི་སྐད་དུ། གཞན་སེམས་རྗེས་དཔག་མི་འགྱུར་སྟེ། །བདག་ལ་འབྲེལ་བ་མཐོང་མེད་ཕྱིར། །ཞེས་པ་བཞིན་ནོ། །འདིའི་འགྲེལ་པ་དང་ཆོས་དབྱིངས་བསྟོད་པར་ཟླ་བ་ཡར་ཚེས་ཀྱི་མཐོང་ཚུལ་དཔེར་མཛད་ནས། ས་རྣམས་ལ་ཆོས་སྐུའི་ཆ་ཤས་ཇེ་འཕེལ་དུ་གསུངས་པས་སྙིང་པོའི་ཆ་ཤས་མཐོང་མ་མཐོང་ཆ་གཉིས་སུ་དབྱེ་བར་ནུས་སམ་ཞེ་ན་མ་ཡིན་ཏེ། སྙིང་པོ་དང་དེའི་ཡོན་ཏན་ནི་གྲུབ་བདེ་ཐ་མི་དད་པའི་ཕྱིར། ཆགས་སྡང་སོགས་སྒྲིབ་བྱེད་ཀྱི་དྲི་མའི་ཕྱོགས་རེ་རེ་ནས་ས་རྣམས་སུ་རིམ་གྱིས་གསལ་བ་ལ་རང་བཞིན་ཆོས་སྐུའི་ཕྱོགས་རེ་ནས་མཐོང་བར་མིང་གིས་བཏགས་པར་ཟད་དོ། །དེ་ལྟ་མོད་ཀྱི་ས་དང་པོར་མཐོང་སྤངས་སུ་གྱུར་པའི་ཆགས་སོགས་སྤངས་པའི་འགོག་བདེན་དེ་གློ་བུར་རྣམ་དག་གི་ཕྱོགས་གཅིག་ཏུ་འཆད་དགོས་ཀྱང་སྙིང་པོའི་ཕྱོགས་གཅིག་ཏུ་མི་འཆད་དོ། །རང་བཞིན་རྣམ་དག་གི་མཚན་ཉིད་ཅན་དུ་མི་འཆད་པས་སོ། །འོ་ན་སྙིང་པོ་ལམ་དུ་བྱེད་པའི་ཡན་ལག་ཏུ་ཆགས་སོགས་སྤོང་དགོས་པ་ཅི་ཞེ་ན། ས་བཅུ་གཅིག་པར་སྒྲིབ་པ་མ་ལུས་པར་སྤངས་པའི་ཆོས་སྐུ་མངོན་དུ་བྱས་པ་དེ་གཞི་དུས་སུ་རང་བཞིན་རྣམ་དག་གི་ཆོས་སྐུ་ཡོད་པའི་བྱེད་ལས་སུ་གོ་དགོས་པ་ཡིན་ཏེ། དེ་མེད་ན་དེ་ལྟར་མི་འབྱུང་བའི་ཕྱིར། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དོན་ལ་སྦྱར་བ་ནི། དོན་དམ་པའི་དཀྱིལ་འཁོར་རང་བཞིན་རྣམ་དག་གི་དབང་དུ་བྱས་པ་དེ་ལ། གཞི་འབྲས་ཀྱི་དུས་སུ་བཟང་ངན་གྱི་ཁྱད་པར་མེད་ན། འབྲས་བུའི་ཆེད་དུ་ལམ་རིམ་པ་གཉིས་ལ་སློབ་པ་དོན་མེད་པར་འགྱུར་རོ། །ཞེས་པའི་དོགས་པ་འདི་གོང་དུ་རྒྱས་པར་བཤད་པ་ཉིད་ཀྱིས་གྲུབ་མོད། འདི་སྐད་དུ་ཡང་བཤད་པར་བྱ་སྟེ། སེམས་ཅན་རྣམས་ནི་འཁོར་ལོ་སྡོམ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་དཀྱིལ་འཁོར་ཉིད། །ཅེས་བཏོན་ནས། གློ་བུར་རྣམ་དག་གི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་བྱེད་སེལ་དགོས་ཀྱང་དེའི་ཆ་ནས་དོན་དམ་གྱི་དཀྱིལ་འཁོར་དུ་མི་འཇོག་པ་དང༌། མཐོང་བྱ་དོན་དམ་པའི་དཀྱིལ་འཁོར་རང་གི་ངོ་བོ་ལ་གློ་བུར་གྱི་དྲི་མ་མེད་ཀྱང༌། མཐོང་བྱེད་རྣམ་ཤེས་ལ་ཡོད་པའི་དྲི་མ་སེལ་དགོས་པས་ན་ཞེས་བཤད་དགོས་པ་ཡིན་ཏེ། ཇི་སྐད་དུ། དྲི་འདི་དག་གིས་བྱིས་རྣམས་དང༌། །ཞེས་བཤད་པའི་ཕྱིར་དང༌། དཔེར་ན་གཞི་དུས་ན་ཡོད་པའི་དུང་གི་དཀར་པོ་དང་སེར་སྣང་བསལ་རྗེས་ཀྱི་དཀར་པོ་ལ་ཁྱད་མེད་ཀྱང༌། དཀར་སྣང་ཕྱི་མ་དེ་སྐྱེ་བ་ལྟ་བྱེད་མིག་གི་དྲི་མ་སེལ་བ་ལ་རག་ལས་པ་བཞིན་ནོ། །གལ་ཏེ་གཞི་དུས་ཀྱི་དོན་དམ་སྔར་མ་མཐོང་བ་ཕྱིས་མཐོང་བར་བྱེད་པ་ལ་ལམ་གྱི་ཁྱད་པར་ཇི་ཙམ་ཞིག་ལ་སློབ་དགོས་ཞེས་འདྲི་ཞིང༌། མཐོང་ནས་སློབ་མི་དགོས་ཏེ། གཞི་འབྲས་ལ་བཟང་ངན་མེད་པར་ཁས་བླངས་པའི་ཕྱིར་ཞེ་ན། དང་པོའི་ཤེས་བྱེད་ནི་གཞི་དུས་ཀྱི་བག་ཆགས་སད་པའི་གདུལ་བྱ་ལ་ཐོག་མར་དོན་དམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེ་ནས་གཞི་དུས་ཀྱི་འཁོར་འདས་དབྱེར་མེད་གཏན་ལ་ཕབ་པའི་ཐོས་བསམ་གྱི་ཤེས་རབ་དང༌། ཤེས་རབ་དེ་དང་མཚུངས་པར་ལྡན་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ལ་གོམས་པར་བྱས་པས་གཞིའི་གནས་ཚུལ་མངོན་སུམ་དུ་མཐོང་བའི་ལམ་སྐྱེ་བར་འགྱུར་རོ། །ཐོས་བསམ་གྱི་ཤེས་རབ་དེ་ཡང་སློབ་མ་སོ་སོ་སྐྱེ་བོར་གྱུར་པ་ལ་སློབ་དཔོན་ཐེག་ཆེན་འཕགས་པ་ཞིག་གིས་རང་ཉིད་ཀྱི་ཉམས་མྱོང་མཐུན་དཔེར་བཞག་ནས། སྐབས་ཀྱི་སློབ་མའི་རྒྱུད་ལ་གཞི་དུས་སུ་འཁོར་ལོ་བདེ་མཆོག་ཡོད་པར་སྒྲུབ་པ་ལ་སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། ཞེས་བྱ་བ་ལ་སོགས་པའི་རྟགས་ཀྱིས་འགྲུབ་པ་ཡིན་ཏེ། དེ་དུས་སློབ་དཔོན་དེ་ལ་ཡིད་ཆེས་པ་གསུམ་ལྡན་ཐུགས་རྒྱུད་ལ་འཁྲུངས་པ་ཉིད་ཀྱི་ཕྱིར། རྒོལ་བ་ཕྱི་མ་ལ་ནི་གཏན་ཚིགས་མ་ངེས་པ་ཉིད་དེ། རང་བཞིན་རྣམ་དག་གི་ཆ་ལ་བཟང་ངན་མེད་ཀྱང་གསང་སྔགས་ཀྱི་འབྲས་བུའི་མཐར་ཐུག་ཡན་ལག་བདུན་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུ་འགྲུབ་པ་ནི། ལམ་རིམ་པ་གཉིས་ལ་སློབ་པ་མེད་ན་མི་འབྱུང་བའི་ཕྱིར། འོ་ན་དེ་ལྟར་སློབ་པ་ལ་ལམ་ལྔ་དང་ས་བཅུའི་རྣམ་གཞག་ཕར་ཕྱིན་པ་ལ་ཡོད་པ་ལས་ལྷག་པ་ཞིག་དགོས་པ་དེའི་དབང་དུ་མཛད་ནས། གནས་ལ་སོགས་པའི་མིང་གིས་བསྟན་པ་གང་ཡིན་པ་དེ་དང་དེ་དག་ལ་རྒོལ་བར་མི་བྱེད་མོད་ཀྱི། རབ་ཏུ་དགའ་བ་ལ་སོགས་པ་ས་བཅུའི་ཡོན་ཏན་རྣམས་གནས་སོགས་དེ་དག་ལ་ཡར་ལྡན་དུ་ཚང་བ་ལས་ལྷག་པ་ཅི་ཞིག་ཡོད། ལམ་རིམ་པ་གཉིས་པོ་ས་གང་དང་གང་གི་གནས་སྐབས་སུ་འཇོག་ཅེ་ན། བདེ་མཆོག་ལས། དཔེ་མེད་པ་དང་ཡེ་ཤེས་ཆེ། །ཞེས་གཉིས་པོ་དེ་ཕར་ཕྱིན་པའི་ས་བཅུའི་སྟེང་དུ་བསྣོན་དགོས་པར་བཤད་པས་རིམ་པ་གཉིས་པོ་ཡང་ས་གཉིས་པོ་དེའི་སྐབས་ཁོ་ནར་ངེས་པ་ཉིད་དུ་གསལ་ལོ། །རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། བུམ་དབང་གི་མངོན་པར་རྟོགས་པ། རབ་ཏུ་དགའ་བ་སོགས་ཀྱི་ས་དྲུག་བགྲོད་པ་དང༌། དེ་ནས་ས་བཞི་པོ་གསང་དབང་གི་མངོན་པར་རྟོགས་པ་དང༌། དེ་ནས་ས་གཉིས་པོ་ཤེས་རབ་ཡེ་ཤེས་ཀྱི་དང༌། བཅུ་གསུམ་པའི་ཕྱེད་ནི་དབང་བཞི་པའི་མངོན་རྟོགས་སུ་གསུངས་པ་རྣམས་ཀྱི་དགོངས་པ་ཞིབ་མོར་སྔོན་དུས་ནས་གཏན་ལ་ཕབ་པ་ཞིག་ཡོད་ན་དང༌། མེད་ནའང་སླད་ནས་མང་དུ་ཐོས་པ་དང་ཉམས་མྱོང་ཅན་དག་གི་ཤེས་རབ་ཀྱི་དབང་པོས་རྣམ་པར་བརྟགས་ནས་རྟོགས་པར་བྱ་དགོས་པ་ཉིད་དུ་ངེས་སོ། །རེ་ཞིག་འདིར་བརྟགས་པ་ནི་སྤྱིར་བླ་མེད་རྡོ་རྗེ་ཐེག་པའི་སྐབས་དང༌། ཁྱད་པར་ཅན་དོན་དམ་པའི་དཀྱིལ་འཁོར་གྱི་ཉམས་ལེན་ལ་རྟོག་དཔྱོད་གཏོང་པའི་སྐབས་འདིར་ལམ་ལྔ་དང་ས་བཅུ་པོ་རེ་རེ་ཞིང་ཡང་ཕར་ཕྱིན་དང་ཐུན་མོང་གི་ཡོན་ཏན་རྣམས་ཡར་ལྡན་དུ་འདུ་བ་གཞིར་བྱས་ཀྱི་སྟེང་དུ། ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་སྟེངས་ནས་བཤད་པར་བྱ་དགོས་ཏེ། དེར་མ་བཤད་ན་སྔགས་ཀྱི་ས་ལམ་དུ་མི་འགྱུར་བའི་ཕྱིར། དེ་ཡང་སྔགས་ཀྱི་ཚོགས་ལམ་དུ་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་ནས་རིམ་པ་གཉིས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གཞག་ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱེད་དོ། །ཕེབས་ནས་སྒྲུབ་པ་ལ་འཇུག་པའི་ཚེ། རིམ་པ་གཉིས་པོ་སོ་སོ་ལ་ཡང་མཉམ་གཞག་ཏུ་ལྟ་སྒོམ་དང༌། རྗེས་སུ་ཐུན་མོང་མ་ཡིན་པའི་སྤྱོད་པ་རྣམས་ལ་སློབ་དགོས་ཏེ། གཞན་དུ་ན་སྔགས་ཀྱི་སྒྲུབ་པ་པོར་མི་རུང་བའི་ཕྱིར། དེ་ཡང་ལྟ་བས་ནི། སྤང་བྱ་སྤོང་བར་བྱེད་ཅིང༌། སྒོམ་པས་ནི་ཡོན་ཏན་གྱི་རྟེན་བྱེད། སྤྱོད་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་དོ། །དེ་ཡང་ངེས་འབྱེད་ཆ་མཐུན་གྱི་ལྟ་བ་ནི་རྟོགས་པ་དང་མཚུངས་པར་ལྡན་པས་སྤང་བྱའི་ས་བོན་སྤོང་མི་ནུས་ལ། འདས་ལམ་ནས་ཡེ་ཤེས་འབའ་ཞིག་པར་སོང་བས་དེའི་ས་བོན་དྲུང་འབྱིན་པར་བྱེད་དོ། །སྤང་བྱ་ཡང་བསྐྱེད་རིམ་པའི་ཚེ་ཉོན་མོངས་པ་དུག་ལྔ་དང་གཉིས་སྣང་གི་བག་ཆགས་འཁྲུལ་པའི་སྣང་བ་དང༌། སྣང་བ་དེ་ལ་སྣང་ཚུལ་དུ་ཞེན་པ་ནི་ཤེས་བྱའི་སྒྲིབ་པའོ། །དེ་སྤོང་བྱེད་བསྐྱེད་རིམ་གྱི་ལྟ་བ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཏེ། སྔོན་འགྲོ་ཡེ་ཤེས་ཚོགས་གསོག་གི་ཚེ་དང༌། འཇུག་དཀྱིལ་འཁོར་སྡུད་རིམ་གྱི་ཚེ་མངོན་དུ་བྱེད་པ་ལྟ་བུའོ། །རྫོགས་རིམ་གྱི་ལྟ་བ་ནི་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཏེ། འདི་ལ་སྤང་བྱ་དང་ཡོན་ཏན་སྤོང་བརྟེན་གྱི་དབྱེ་བ་སོ་སོར་མི་འབྱེད་པ་ནི་འདས་ལམ་གྱི་མཉམ་གཞག་ཏུ་ཟུང་འཇུག་ཁོ་ནར་ངེས་པ་དང༌། སྟོང་རྐྱང་ལ་མཉམ་པར་བཞག་ན་དུག་ཅན་དུ་འགྲོ་བས་སོ། །འདིའི་སྤང་བྱ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་གེགས་བྱེད་ཀྱི་མཚན་འཛིན་ནོ། །དེ་ལྟར་བསྐྱེད་རྫོགས་གང་རུང་ངམ་གཉིས་ཀའི་ལྟ་བ་སྔར་མ་མཐོང་མངོན་སུམ་དུ་མཐོང་བ་ནི་སྔགས་ཀྱི་མཐོང་ལམ་མོ། །དུས་འདི་ནས་དོན་དམ་པའི་ལུས་ཀྱི་དཀྱིལ་འཁོར་ཡང་མངོན་སུམ་དུ་མཐོང་བ་ནི་གཙོ་བོར་གྱུར་པ་སྟེ། རབ་ཏུ་དགའ་བའི་ས་ཐོག་མར་སྐྱེས་པའོ། །དེ་ལྟར་མངོན་སུམ་དུ་མཐོང་ཟིན་གོམས་བྱེད་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྒོམ་པའི་ལམ་ལ་ས་དུ་ཞིག་ཏུ་འབྱེད་ཅེ་ན། དོན་དམ་པའི་ལུས་ཀྱི་དཀྱིལ་འཁོར་བསྐྱེད་རྫོགས་ཟུང་འཇུག་ཏུ་བྱེད་པའི་སྒོམ་ལམ་གྱི་ས་ནི་བཅུ་སྟེ། གནས་སོགས་མིང་གིས་བསྟན་པ་བཅུ་པོ་དེ་དག་ནི་ཐུན་མོང་དུ་གྲགས་པ་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་ཞེས་པའི་བར་དུའོ། །ས་དེ་དག་ཏུ་མཐོང་བྱ་དང༌། བསྒོམ་བྱ་དོན་དམ་པའི་དཀྱིལ་འཁོར་ཡོངས་རྫོགས་ཉིད་དུ་ཁྱད་པར་མེད་ཀྱང༌། མཐོང་བྱེད་རྣམ་ཤེས་ལ་ཡོད་པའི་སྒྲིབ་བྱེད་ཕྲ་རགས་ཀྱི་ཁྱད་པར་ལས་རྗེས་ཐོབ་ཏུ་དོན་དམ་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ངེས་པ་འདྲེན་ཚུལ་སོ་སོའི་དབང་གིས་བཞག་པར། རྣལ་འབྱོར་དབང་ཕྱུག་གི་གཞུང་ཉིད་ལས་གསུངས་ཤིང༌། ཞིབ་ཆ་འདོན་ཚུལ་རྒྱས་པ་ནི། རྩ་བ་དང་བཤད་པའི་རྒྱུད་ལས་རྟོགས་པར་བྱའོ། །འདིར་སྨྲས་པ། འདིར་བཤད་འདི་ནི་སྔགས་གཞུང་རབ་འབྱམས་ཀྱི། །ངེས་པའི་དོན་ལ་བརྡ་འཕྲོད་བྱེད་ཁོ་ནར། །མ་ཟད་ཐེག་ཆེན་མདོ་གཞུང་ཕལ་ཆེ་བའི། །ངེས་པའི་དོན་འགའ་འདི་ཡིས་མི་ཁྲོལ་ཅི། །མཆོག་ཏུ་དམ་པའི་དོན་ལ་ཐུགས་གཞོལ་བའི། །བླ་མ་རྣམས་དང་བསྟན་འཛིན་སྐྱེས་བུར་འདི། །མཆོད་པར་འབུལ་ལོ་དེ་ལས་དགེ་བ་གང༌། །ཐོབ་པ་དེ་ཡང་རྫོགས་སངས་རྒྱས་ཉིད་དུ། །བསྔོ་བར་བྱེད་ཀྱི་རྣམ་པར་གཡེངས་པས་མིན། །གཞན་གྱི་རྣམ་བཤད་ཞུས་ནས་བྲིས་པ་དང༌། །ལ་ལར་འགྲན་དང་འགའ་ཞིག་དམའ་དབབ་ཕྱིར། །བྱས་པ་མིན་ནོ་མདོ་རྒྱུད་ཀུན་གྱི་སྒོ། །འབྱེད་པ་ལྡེ་མིག་ཁྱོད་ལ་གཏད་པ་ཡིན། །འདི་ཡིས་མི་ཕྱེད་སྔོན་བྱོན་མཁས་གྲུབ་ཀྱི། །རྣམ་བཤད་སྒོ་བརྒྱའི་སྲོལ་འབྱེད་ཡོད་མ་ཡིན། །ཤིང་རྟ་ཆེ་འགའ་འཇིག་རྟེན་ལམ་སྲང་དུ། །འདྲེན་བྱེད་གླང་ཆེན་སྨྱོན་པའི་གོམ་སྟབས་ཀྱིས། །ལམ་མིན་ལམ་དུ་ཕྱེ་བའི་སྲང་ཆེན་པོར། །མི་འཇུག་སྐྱེས་ཆེན་དེང་སང་འདི་ན་མེད། །ལམ་འབྲས་གཞུང་བཤད་རིང་དུ་དོར་བྱས་ནས། །འཁྲུལ་སྣང་ཚད་མའི་ལམ་དུ་འཇུག་བྱེད་མཁན། །གཞན་ཟེར་དབྱངས་སུ་ལེན་པའི་ས་སྐྱ་པས། །གོང་མའི་གཞུང་ལུགས་ཧྲུལ་པོར་བྱས་མིན་ནམ། །བཀའ་ཕྱག་ཆུ་བོ་འདུས་པའི་སྙན་གཏམ་གྱིས། །ཕྱག་ཆེན་དབུ་མར་འདྲེན་པའི་སྣང་ཤས་ཅན། །རང་གཞན་གྲུབ་མཐའི་གཏིང་ཕུར་མ་ཚུགས་པས། །ཕྱིས་བྱུང་གཏམ་ལ་ངོ་སོར་ཁྱོད་བྱེད་དམ། །དམ་ཆོས་སྡུག་བསྔལ་རབ་ཏུ་ཞི་བྱེད་ལ། །ཆོས་ཉིད་ཟད་སར་འཁྱོལ་བ་བྱེད་ཅེས་དང༌། །བློ་ཟད་ཆོས་ཟད་ཅེས་བྱའི་གཏམ་སྐད་ཀྱིས། །དམ་པ་སངས་རྒྱས་གང་དུ་སྤྱན་དྲངས་སམ། །བདེ་གཤེགས་སྙིང་པོའི་ཞལ་འཛིན་མཛད་འགའ་ཡིས། །གློ་བུར་དྲི་མ་ཤེས་པར་ཁས་བླངས་ནས། །ཤེས་རྒྱུད་གཅིག་ཉིད་དག་དང་མ་དག་པའི། །འགལ་ལ་མ་འཁྲུལ་ད་དུང་བསྒྲུབ་བྱ་ཞིག །ཆད་སྨྲའི་གཡང་ལ་འཇིགས་པའི་མཛངས་པ་འགའ། །ལམ་དང་གང་ཟག་ཕྱེད་པའི་ངོ་སོ་ཡིས། །གང་ཟག་བྱེད་པོ་འཁྲུལ་སྣང་ཡོད་སྨྲ་བའི། །མུ་སྟེགས་ལམ་དུ་ཞུགས་ཟིན་མ་ཚོར་རམ། །འདིར་བཤད་འདི་ནི་དེང་སང་དུས་འདི་ན། །ལྟ་དང་ཉན་དང་སེམས་པར་བྱེད་དཀོན་ཀྱང༌། །མ་འོངས་དུས་གཞན་ཞིག་ན་ཕན་བདེ་ཡི། །འབྱུང་གནས་བསྟན་པ་རྒྱས་པའི་དོན་དུ་བསྔོ། །ཞེས་དཔལ་དང་པོའི་སངས་རྒྱས་རབ་ཏུ་གྲུབ་པས་བཀའ་འཁོར་ལོ་གསུམ་པའི་མདོ་དང་རྒྱུད་སྡེ་ཀུན་གྱི་སྙིང་པོ་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་འདི་ནི། །དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། འདུལ་མངོན་ལུགས་ཀྱི་རང་ལོ་དོན་བརྒྱད་པ་ཁྲུམས་ཀྱི་ཉ་གང་བའི་འགྲུབ་སྦྱོར་བཟང་པོ་ལ། ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་ཆེན་པོའི་དབུས་དཔལ་བཀྲ་ཤིས་བརྩེགས་པའི་ཡང་ཐོག་ཏུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ། །ཤུབྷཾ།།  །།  ༄༅། །སྭ་སྟི། དངོས་པོ་ཀུན་གྱི་རང་བཞིན་མཆོག །ཀུན་ཁྱབ་འཁོར་ལོ་བདེ་བའི་སྡོམ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཁོང་ཆུད་ཐབས་ཀྱི་མན་ངག་གཞུང༌། །གསང་བ་ལས་ཀྱང་ཆེས་གསང་བ། །རྣལ་འབྱོར་དབང་ཕྱུག་རྣམ་གསུམ་པོའི། །མན་ངག་རང་སྲོལ་ཇི་བཞིན་པ། །ལུང་དང་རིགས་པའི་ལམ་ནས་འཆད། །ཅེས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་སྔོན་དུ་བཏང་ནས། དེང་འདི་ཉིད་དུ་གོ་བར་བྱ་བའི་ཆོས་ནི། རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་རྒྱལ་པོ་མངོན་པར་བརྗོད་པ་འབུམ་པ་ཞེས་ཡོངས་སུ་གྲགས་པ་ལས་བཏུས་ཏེ་ཕྱུང་བ་བདེ་མཆོག་ཉུང་ངུའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་གངས་ཅན་ན་བཞུགས་པ་གཅིག་པུ་འདི་ཉིད་རྩ་བའི་རྒྱུད་དང༌། དེའི་བཤད་རྒྱུད་དག་ན་དངོས་སུ་མི་གསལ་བ་དང༌། ཁ་འཐོར་བ་དང༌། བརྒྱུད་པའི་མན་ངག་ཞལ་དང་སྙན་ལས་བརྒྱུད་དགོས་པ་རྣམས་རང་རང་གི་གཞུང་དུ་མ་ཚང་བ་མེད་པར་བསྡུས་ནས། གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་བཀའ་དྲིན་དུ་བསྩལ་བར་མཛད་པ་ནི། སློབ་དཔོན་རྣལ་འབྱོར་དབང་ཕྱུག་ལཱུ་དྲིལ་ནག་གསུམ་དུ་གྲགས་པ་རྣམས་ཀྱི་གཞུང་སོ་སོའི་ངེས་དོན་གྱི་བཞུགས་ཚུལ་གངས་ཅན་དུ་ཕྱིས་བྱོན་པ་ལ་ལ་དག་གི་ཞལ་ནས་བརྗོད་པར་དཀའ་བ་དག་ཆེད་དུ་བྱས་པའི་གདུལ་བྱ་དང༌། སྦྱང་གཞི་གང་སྦྱོང་བ་སོགས་ཀྱི་རྣམ་པར་བཞག་པ་ལ་སྔོན་གྱི་ཤིང་རྟའི་སྲོལ་ཆེན་པོ་ལེགས་པར་རབ་ཏུ་ཕྱེ་ཟིན་པ་དེ་ཉིད། གངས་ཅན་དུ་ཕྱིས་བྱོན་རབ་ཏུ་གྲགས་པས་མངོན་པར་མཐོ་བ་དག་འཁྱོག་པའི་ལམ་གཞན་དང་གཞན་དུ་འབད་རྩོལ་དུ་མས་འདྲེན་པ་དེ་དག་ལ་རྣམ་པར་བརྟགས་ཤིང་དཔྱད་ནས། རྗེ་གོང་མ་དག་གི་གཞུང་ལུགས་དང་གྲུབ་པའི་མཐའ་ཟབ་ཅིང་རྒྱ་ཆེ་བ་དག་གཏིང་ཚུགས་པ་ལས་ཀྱང་སླར་ཚུགས་པ་ཉིད་དུ་བགྱི་པའི་ཕྱིར་ལྷག་པའི་བསམ་པ་རྣམ་པར་དཀར་བས་ཡིན་གྱིས། ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བ་མང་པོས་ཀུན་ནས་བསླང་བ་དག་ལྷུར་ལེན་པ་ནི་མ་ཡིན་ནོ། །དེ་ཡང་རྩ་བ་དང་བཤད་པའི་རྒྱུད་ཀྱི་རྐང་གྲངས་དང༌། རྣལ་འབྱོར་གྱི་དབང་ཕྱུག་གསུམ་པོས་མཛད་པའི་བསྐྱེད་རིམ་གྱི་གཞུང་སོ་སོའི་བཞུགས་ཚུལ་རགས་པ་ཙམ་དང༌། ངེས་དོན་གྱི་གནས་འཕྲོས་དང་བཅས་པ། ལུང་དང་རིགས་པའི་གནས་བཀའ་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་དག་ནས་ཇི་ལྟར་གསུངས་པ་བཞིན་རང་གི་རྣམ་པར་དཔྱོད་པའི་རྩལ་གྱིས་ཇི་ལྟར་དཔག་པར་ནུས་པ་དེ་ཙམ་ཞིག་བརྗོད་པ་ནི། རྩ་བའི་རྒྱུད་ཀྱི་ཐོག་མར། གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་དང༌། མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་བ་ཐམས་ཅད་འདི་ཡིས་ཁྱབ། །དེ་བཞིན་དུ་དཔའ་བོ་ལ་ཡང་སྦྱར་ཏེ་གསུངས་པས་ནི། ངེས་དོན་དུ་གྱུར་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་འཁོར་ལོས་སྣོད་བཅུད་མཐའ་དག་ལ་ཁྱབ་པར་གསུངས་ནས། ལེའུ་ལྔ་བཅུ་པོ་རྣམས་ཀྱི་གོ་ཆའི་ཡན་ལག་སོ་སོ་བ་དག་འཆད་བྱེད་གཞན་ལ་རག་ལས་པའི་ཚུལ་གྱིས་རྒྱས་པར་བཤད་ནས། ལྔ་བཅུ་རྩ་གཅིག་པས་ནི་བརྗོད་བྱའི་དོན་སོ་སོ་བ་དག་ལ་མཚན་འདོགས་བཅུ་བཞིར་མཛད་ནས་དེ་ཉིད་བཅུ་བཞིར་བསྡུས་ནས་གསུངས་པ་ཡིན་ནོ། །བཤད་པའི་རྒྱུད་ནི་རགས་པར་ན་ལྔ་སྟེ། རྡོ་རྗེ་མཁའ་འགྲོ་དང༌། འབྱུང་བ་གསུམ་གཅིག་ཏུ་བགྲངས་པ་དང༌། ཀུན་ཏུ་སྤྱོད་པ་དང༌། མངོན་བརྗོད་བླ་མ་དང༌། དཔལ་ཁ་སྦྱོར་རྣམས་སོ། །བསྐྱེད་རིམ་གྱི་གཞུང་གསུམ་པོ་ནི། རྩ་བའི་རྒྱུད་གཞིར་བྱས་པ་ལ། མངོན་བརྗོད་བླ་མ་དང༌། སྡོམ་པ་འབྱུང་བ་དང༌། དཔལ་ཁ་སྦྱོར་རྣམས་ལས་གཙོ་བོར་བཏུས་པ་ཡིན། ཞེས་བཞེད་དོ། །དེ་ཡང་རྣལ་འབྱོར་གསང་མཐའི་མན་ངག་འདི་སྲོལ་འབྱེད་རྣམས་ཀྱི་ཕྱི་མོ་ལྟ་བུར་གྱུར་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ་ཉིད་ཡིན་ལ། དེས་མཛད་པའི་སྒྲུབ་པའི་ཐབས་ཡོངས་སུ་གྲགས་པ་དེ་ནི་སྦྱང་གཞིའི་གཙོ་བོ་སྒོང་སྐྱེས་སྦྱོང་བྱེད་དུ་འཇོག་པའི་མཚན་ཉིད་རྣམས་ཚང་བར་བླ་མ་གོང་མ་དག་གིས་བཞེད་པ་དང༌། དེའི་དངོས་ཀྱི་སློབ་མ་རྒྱལ་པོ་དཱ་རི་ཀ་པ་དང་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་དངོས་སུ་བཟུང་བ་གྲུབ་ཆེན་དྲིལ་བུའི་ཞབས་ཏེ། དེས་མཛད་པའི་གཞུང་རྩོད་མེད་སྐོར་གསུམ་དང་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྣམས་སུ་ངེས་ལ། ཕྱི་དཀྱིལ་ལྷ་ལྔ་མ་དང་གཞུང་ཆུང་ངུ་གྲགས་པ་རྣམས་ལ་ནི་མཛད་པ་པོ་ཅི་རིགས་སུ་འཆད་པ་དག་སྣང་ལ། གྲུབ་ཆེན་དེའི་དངོས་ཀྱི་སློབ་མ་རུས་སྦལ་ཞབས། དེའི་དངོས་སློབ་ཤྲཱི་ཛཱ་ལན་དྷ་རི་པ་དེས་རྗེས་སུ་བཟུང་བ་རྣལ་འབྱོར་གྱི་དབང་ཕྱུག་ནག་པོ་སྤྱོད་པའི་ཞབས་ཏེ། འདིས་བསྐྱེད་རྫོགས་སོ་སོའི་གཞུང་གསུམ་གསུམ་སྟེ་དྲུག་མཛད་པར་གྲགས་པ་ལས། སྒྲུབ་ཐབས་ཀྱི་གཞུང་འདི་ལ་ནི་སྦྱང་གཞིའི་གཙོ་བོ་མངལ་སྐྱེས་སྦྱོང་བྱེད་དུ་གསུངས་པའི་ཆོ་གའི་ཡན་ལག་རྣམས་ཚང་བ་ཡིན་ཞེས་བླ་མ་གོང་མ་རྣམས་བཞེད་དོ། །དེ་ཡང་སྒྲུབ་ཐབས་ཀྱི་གཞུང་གསུམ་པའི་བཞུགས་ཚུལ་དང༌། ཆེད་དུ་བྱ་བའི་གདུལ་བྱ་དང༌། སྦྱང་གཞི་སོ་སོ་བ་དག་སྦྱོང་བའི་བྱེད་ལས་དང༌། ཤིང་རྟའི་སྲོལ་ཇི་ལྟར་ཕྱེ་བའི་ཚུལ་རྣམས་མི་འདྲ་བའི་ཁྱད་པར་སོ་སོ་བ་དག་ཏུ་ངེས་པ་ཡིན་ཏེ། མན་ངག་གི་གཞུང་རྒྱས་འབྲིང་བསྡུས་གསུམ་དང༌། ཆེད་དུ་བྱ་བ་རྣོ་འབྲིང་རྟུལ་གསུམ་དང༌། སྦྱང་གཞི་སྐྱེ་གནས་གསུམ་སོ་སོ་བ་ཉིད་དུ་གཙོ་ཆེ་བ་དང༌། སྒྲུབ་ཐབས་ཀྱི་ལམ་སྲོལ་ཇི་སྐད་དུ། སེམས་ཅན་རྫུས་ཏེ་སྐྱེ་བ་བཞིན། །ས་བོན་དག་ལ་ལྟོས་པ་མེད། །ཅེས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། ཡང་ན་རུས་སྦལ་དག་གིས་སོ། །ཞེས་པའི་རྒྱུད་ལ་བརྟེན་ནས་རྒྱུའི་རྡོ་རྗེ་འཛིན་པ་ཁོ་ན་རྟེན་གཞལ་ཡས་ཁང་དང་བཅས་པ་དུས་གཅིག་ཅར་དུ་བསྐྱེད་པ་དང༌། འབྲས་བུ་རྡོར་འཛིན་ལོགས་སུ་བཞེངས་པའི་རྣམ་གཞག་མི་མཛད་པ་ཉིད་དུ་ངེས་པ་དང༌། ཡང་ཇི་སྐད་དུ། བ་ལང་གནས་དང་སྟེང་ལྡིང་དང༌། །ལྷག་མ་སྐེམས་བྱེད་རྩ་གནས་དང༌། །བྲག་ཆེན་པ་ཡི་ངོ་བོ་རུ། །ཞེས་སོགས་ཀྱི་རྒྱུད་ལ་བརྟེན་ནས་རྟེན་བརྟེན་པ་རིམ་ཅན་ཁོ་ནར་བསྐྱེད་པ་དང༌། རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་སོ་སོར་བཞེངས་ནས་སྦྱང་གཞི་སྦྱོང་བ་དང༌། ཡོན་ཏན་སྒྲུབ་པའི་ཚུལ་རྣམས་ལ་ཤིང་རྟའི་སྲོལ་སོ་སོ་ཐ་དད་པ་ཁོ་ནར་བྱུང་བས་ན། ཕན་ཚུན་འགལ་བ་ཅན་མ་ཡིན་མོད་ཀྱང༌། བོད་ཕྱི་མ་དག་གི་བཞེད་པ་ལྟར་སྦྱང་གཞི་མངལ་སྐྱེས་ཁོ་ནའི་སྦྱོང་བྱེད་ཉིད་དུ་སྦྱར་ནས་སྒྲུབ་པའི་ཐབས་ཀྱི་གཞུང་གསུམ་ཀ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ཁོ་ནས་བསྒྲུབས་པར་བྱ་བ་ཉིད་དུ་འཆད་པ་ནི། ཕྱོགས་སུ་ལྷུང་བའི་རྣམ་དཔྱོད་ཀྱིས་རྣམ་པར་བརྟགས་པ་ནི་ལེགས་པར་མ་བརྟགས་པ་ཉིད་ཀྱི་ཕྱིར། འདིར་ནི་ཤིང་རྟའི་སྲོལ་ཆེན་པོ་དག་ཅིག་ཏུ་མ་འདྲེས་པ་ཉིད་ཀྱིས་བཤད་པར་བྱ་བ་ནི་དཔལ་དང་པོའི་སངས་རྒྱས་རབ་ཏུ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་འདིའི་དགོས་པའི་དོན་ནོ།།  །། ༄། །སྭ་སྟི། བསྡུས་པའི་དོན་ནི་དཔལ་དང་པོའི་སངས་རྒྱས་ངོས་ཟིན་པ་ནི་འཇམ་དཔལ་གྱི་དོན་དམ་པའི་མཚན་ཐོས་བསམ་སྒོམ་གསུམ་གང་རུང་གི་སྒོ་ནས་ངོ་ཤེས་པ་ལ་རག དེ་ལྟར་ཤེས་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཞིང་ཁམས་སོ་སོ་བ་དང༌། ཀུན་རྫོབ་དང་དོན་དམ་པའི་རྒྱལ་ཁམས་སོ་སོར་ཕྱེད་པ་ལ་རག་ལས། དེ་ལྟར་ཕྱེད་པ་བདག་པོའི་རྐྱེན་གང་ཟག་དང༌། ཆོས་ཀྱི་བདག་ཏུ་རྨོངས་པའི་དབང་དུ་སོང་མ་སོང་གི་ཤན་ཕྱེད་པ་ལ་རག་ལས། དེ་ལྟར་ཕྱེད་པ་ན་དོན་དམ་པའི་བདེན་པ་གཅིག་པུ་ཤེས་བྱའི་གནས་ཚུལ་ལ་ཞུགས་པར་གོ་ནུས་བདེན་པ་དེའི་ངོས་འཛིན་ལ་གྲུབ་མཐའི་རྩེ་མོ་དག་ཏུ་འཆད་ཚུལ་གཉིས་བྱུང་བ་ལ། སྤང་བྱ་སྤོང་བ་ལ་འཁོར་ལོ་བར་པ་ན་བཤད་པའི་སྒྲ་ཇི་བཞིན་པ་དེ་གཏིང་ཟབ་ཡོན་ཏན་སྒྲུབ་པ་ལ་འཁོར་ལོ་གསུམ་པ་ནས་བཤད་པ་དེ་རྒྱ་ཆེ། དེའི་ངོས་འཛིན་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་རྟོགས་བྱར་བསྟན་པའི་སྟོང་ཉིད་ཀྱི་ཡེ་ཤེས་དེ་ཡིན་ལ། སྔ་མ་དེའི་ངོས་འཛིན་བརྗོད་བྱེད་ཀྱི་སྒྲ་དང་བློའི་ཡུལ་དུ་བྱར་མི་རུང༌། རྟིང་མ་དེའི་ངོས་འཛིན་དང་པོའི་སངས་རྒྱས་དང༌། རང་བཞིན་ཆོས་ཀྱི་སྐུ་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ཨེ་ཝཾ་དང༌། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཏོ། །འདི་དག་གི་ངོས་འཛིན་འཆད་པའི་ཚེ་དྲི་མས་བསྒྲིབས་པར་བཤད་པ་གཅིག་དང༌། བསལ་བྱའི་དྲི་མ་མེད་པར་བཤད་པ་གཅིག་སྟེ་རྣམ་གྲངས་གཉིས་བྱུང༌། དང་པོ་ནི། སྒྲིབ་པར་བཤད་པ་དེ་དག་ལྟ་བྱེད་རྣམ་ཤེས་ལ་ཡོད་པར་མི་འཆད། རྣམ་གྲངས་གཉིས་པས་ནི་བལྟ་བྱ་སྙིང་པོ་ལ་དྲི་མ་སེལ་རྒྱུ་མེད་པར་འཆད་ཀྱི་ལྟ་བྱེད་རྣམ་ཤེས་ལ་མེད་པར་མི་འཆད། འཆད་ཚུལ་དང་པོ་ལ་བརྟེན་ནས་ས་ལམ་གྱི་རྣམ་གཞག་འགྲུབ། གཉིས་པ་ལ་བརྟེན་ནས་གཞི་འབྲས་དབྱེར་མེད་དུ་གོ་ནུས། གཞི་འབྲས་དབྱེར་མེད་ཀྱི་ཐ་སྙད་དང༌། ཤེས་བྱ་ཐམས་ཅད་ཆོས་དབྱིངས་སུ་དབྱེར་མེད་ཀྱི་རྣམ་གཞག་དོན་གཅིག་ལ་འདུ། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ཤེས་པའི་ཐ་སྙད་དྲི་བཅས་ཀྱི་སེམས་རང་གི་ངོ་བོས་སྟོང་པའི་གཟུང་འཛིན་དུ་མ་གྲུབ་པ་ལ་ཟེར་གྱི། ཆོས་དབྱིངས་དྲི་བཅས་སུ་ཁས་མི་ལེན། རང་བཞིན་རྣམ་དག་གི་སེམས་ཅན་ལ་གཞི་དུས་སུ་དྲི་མ་ཟད་སྐྱེ་གཉིས་ཀ་ཡོད་པར་མི་འཆད། གཞི་དུས་ཀྱི་དེ་བཞིན་གཤེགས་སྙིང་རང་གི་ངོ་བོ་ལ། སྒྲིབ་པའི་རིགས་སུ་གྱུར་པ་མཐའ་དག་མི་སྲིད་པའི་རྒྱུ་མཚན་གྱིས་ན་དེའི་འགལ་ཟླར་གྱུར་པའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པར་ཁས་ལེན། དེ་ལྟར་གྲུབ་པའི་རྒྱུ་མཚན་གྱིས་སྙིང་པོ་རང་གི་ངོ་བོ་ལ་གནོད་བྱེད་ཀྱི་འགལ་ཟླ་མི་སྲིད་ཅིང༌། སྲིད་དུ་ཆུག་ཀྱང་གནོད་པ་ཅུང་ཟད་ཀྱང་བྱར་མི་ནུས། དེ་ལྟ་ན་ཡང་སྙིང་པོས་འགལ་ཟླ་དྲུངས་འབྱིན་པ་ནི་གཞི་ལམ་དབྱེར་མེད་ཀྱི་ཉམས་ལེན་ལ་རག་ལས། གཞི་དུས་ཀྱི་རྒྱུད་ལ་ཡོན་ཏན་དྲུག་བཅུ་རྩ་བཞི་རང་ཆས་སུ་གྲུབ་ཀྱང་རྣམ་སྨིན་དང་བྲལ་བའི་འབྲས་བུར་ཁས་མི་ལེན། དེ་དང་དེར་འཇོག་པ་ལ་ཚོགས་གཉིས་མཐར་ཕྱིན་སྔོན་དུ་འགྲོ་དགོས། སྙིང་པོ་ཉོན་མོངས་པའི་སྦུབས་ནང་ན་བཞུགས་ཞེས་འཆད་པའི་དཔེ་བརྗོད་ནི། ཉོན་མོངས་པ་འདོད་ཆགས་ལྟ་བུ་གཅིག་ལ་ཁ་ཕྱིར་བལྟ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དྲི་མར་གྱུར་པའི་ཆ་གཅིག་དང༌། ནང་བལྟ་ཡུལ་གྱིས་ཁ་མ་བསྒྱུར་བ་གསལ་རིག་གི་ཆ་གཅིག་སྟེ་གཉིས་པོའི་བཞུགས་ཚུལ་མངོན་སུམ་གྱིས་གྲུབ་པར་གསུངས་པ་བཞིན་ཏེ། ཇི་སྐད་དུ། གང་ཕྱིར་དེ་ལྟར་མྱོང་བ་དང༌། །དྲན་པས་འདི་ཡི་རྣམ་པ་གཉིས། །ཞེས་སོ། །གཞི་སོ་སྐྱེའི་དུས་ཀྱི་བྱང་ཕྱོགས་དང་ལམ་ས་བཅུའི་བྱང་ཕྱོགས་རང་གི་ངོ་བོ་ལ་རང་བཞིན་རྣམ་དག་ཏུ་འདྲ་ཡང་སྤང་བྱ་སྤོང་མི་སྤོང་གི་ཁྱད་པར་བྱུང་བ་ནི་ནུས་པ་བཟང་དུ་སོང་བའི་ཁྱད་པར་ལས་དང༌། ཁྱད་པར་དེ་ཡང་རྒྱུ་ཀུན་སློང་གི་དང༌། གྲོགས་བརྩོན་འགྲུས་ཀྱི་དང༌། ངོ་བོ་ཆོས་ཉིད་ལ་ངེས་པ་དྲངས་པའི་ཤེས་རབ་ཀྱི་ཁྱད་པར་ལས་ཡིན་པ་དང༌། དཔེ་ནི་མཚོན་རྣོན་པོ་ཤུབས་ནས་ཕྱུང་མ་ཕྱུང་དང༌། ནོར་བུ་རིན་པོ་ཆེ་སྦྱོང་ཚུལ་རིམ་པ་གསུམ་གྱིས་སྦྱངས་པ་དང་མ་སྦྱངས་པའི་ཁྱད་པར་བཞིན་དང༌། ཡང་སྙིང་པོ་སོགས་ཀྱི་མིང་ཅན་འདི་ལ་རྟག་བརྟན་ཞི་བ་གཡུང་དྲུང་གི་མཚན་ཉིད་རྒྱུད་བླ་མའི་བསྟན་བཅོས་སུ་གསུངས་པ་དེ་ཉིད་སྒྲ་བཞིན་པར་ཁས་ལེན་དགོས། རྣམ་འགྲེལ་མཛད་པའི་གཞུང་དུ་དངོས་པོ་ལ་མི་རྟག་པས་ཁྱབ་པར་གསུངས་པ་དེ་རྟག་མི་རྟག་གི་འཇོག་མཚམས་ལ་ཤིང་རྟའི་སྲོལ་སོ་སོར་བྱུང་བ་ཡིན། གཉིས་པོའི་ཁྱད་པར་ཡང་མཚན་འཛིན་སེལ་བྱེད་ལ་རྣམ་འགྲེལ་གྱི་ལུགས་ཟབ་ཀྱང༌། ཡོན་ཏན་སྒྲུབ་པའི་རྟེན་དུ་གཅིག་ཤོས་རྒྱ་ཆེ། རྡོ་རྗེ་ཐེག་པའི་མཉམ་གཞག་གི་འཇོག་མཚམས་དབུ་མ་ཐལ་འགྱུར་བ་དང་མཐུན་པར་མཛད་གསུང་བ་དག་གིས་ནི། བདེ་གཤེགས་སྙིང་པོའི་འཇོག་མཚམས་བཀའ་འཁོར་ལོ་གསུམ་པ་དང་མ་མཐུན་སྙིང་པོའི་ངོས་འཛིན་གྱི་གཞུང་དོན་བདེན་གྲུབ་དང་བདེན་མེད་ལ་བསལ་བཞག་བྱར་མེད་ཅེས་འཆད་པ་ནི། ཆེན་པོ་དག་གི་གསུང་ཡིན་ཡང་རྩ་འགྲེལ་དང་མི་མཐུན། སྔགས་ཀྱི་གདུལ་བྱ་སྐལ་བཟང་ནི་ཐོག་མ་ཉིད་ནས་དོན་དམ་པའི་དཀྱིལ་འཁོར་དུ་འཇུག་པ་དང་ཉམས་སུ་བླངས་པ་ཙམ་གྱིས་གྲོལ་བར་མ་ཟད། དབང་པོ་བརྟུལ་འབྲིང་དག་ཀྱང་ཐོག་མར་ཀུན་རྫོབ་པའི་དཀྱིལ་འཁོར་དུ་ཞུགས་ནས། ཕྱིས་དོན་དམ་པའི་དཀྱིལ་འཁོར་ཉིད་ཀྱི་སྒོ་ནས་ལམ་རིམ་པ་གཉིས་མཐར་ཕྱིན་མཛད་དགོས་པ་ནི་མན་ངག་གི་གཞུང་གསུམ་ཀའི་དགོངས་པར་སོང་བ་ཡིན། ཞེས་བྱ་བ་འདི་གྲུབ་པའོ། །སྙིང་པོས་སེམས་ཅན་ལ་ཁྱབ་མ་ཁྱབ་ཀྱི་བཤད་སྲོལ་གཉིས་བྱུང་བ་ནི། དེའི་ངོས་འཛིན་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་ལ་འཆད་པའི་སྲོལ་གཉིས་ཀྱི་ཁྱད་པར་ཡིན། སྲོལ་དེ་གཉིས་ཀ་ཡང་རྒྱུད་བླ་མའི་བསྟན་བཅོས་སུ་བྱུང༌། སྙིང་པོས་མ་ཁྱབ་པ་དེ་འབྲས་བུ་ལམ་བྱེད་ཀྱི་ཐེག་པའི་གྲུབ་མཐར་ཁས་ལེན་དུ་མི་རུང༌། མངོན་བྱང་ལྔའི་བསྐྱེད་མཆོག་ཏུ་བཤད་པའི་ཡེ་ཤེས་ལྔ་དང༌། མཚན་དཔེ་ཡོན་ཏན་དུ་བཤད་པ་རྣམས་གནས་ཚུལ་ལ་ཡིན་སྒོམ་དུ་བཤད་པ་དེ་ཁས་ལེན་དགོས། དེ་ལྟར་མ་བླངས་ན་ལམ་དང་འབྲས་བུ་གཞི་དུས་ལ་མི་བསླུ་བར་མི་འགྲུབ། གཞི་དུས་ཀྱི་ཡོན་ཏན་དུ་བཤད་པ་རྣམས་འབྱུང་རུང་ཙམ་ལ་ངོས་བཟུང་ན་གཞི་དུས་སུ་སྤང་བྱས་ཀྱང་ཡེ་ཤེས་ལ་གནོད་པ་བྱེད་ནུས་པར་འགྱུར། སྔགས་པས་ཉམས་ལེན་གྱི་ཐོག་མར་སེམས་ཅན་གཞན་ཐམས་ཅད་སངས་རྒྱས་ལ་བཀོད་ནས་དེའི་བསོད་ནམས་ཀྱིས་རང་ཉིད་སངས་རྒྱ་བར་ཁས་ལེན་དགོས། དེ་ལྟར་ལམ་དུ་བྱས་པས་རང་ཉིད་སངས་རྒྱས་པའི་ཡེ་ཤེས་ཀྱི་གཟིགས་ངོར་གང་ཤར་ཐམས་ཅད་རང་གི་ཡེ་ཤེས་སུ་རོ་གཅིག དེའི་འཐད་པས་གང་ཤར་དེ་ཐམས་ཅད་སངས་རྒྱས་ཡེ་ཤེས་དེའི་རང་སྣང་ལ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་གྱི་སྣང་བ་མི་འཆར། དེའི་ཚེ་སངས་རྒྱས་དང་སེམས་ཅན་ལ་ཤེས་རྒྱུད་ཐ་དད་མེད་ཅེས་གསུངས་པ་དེ་དོན་ལ་གནས། གྲུབ་མཐའ་དེ་ཐོས་བསམ་པས་འཛིན་བདེ་བར་བྱེད་ན་སེམས་ཅན་གཅིག་ཆོས་དབྱིངས་གློ་བུར་རྣམ་དག་ཏུ་སངས་རྒྱས་པའི་ཚེ་ཀུན་གྱི་ཆོས་དབྱིངས་དེར་མི་ཐལ་བའི་ཤེས་བྱེད་ཀྱི་དཔེ་ནི་སྣོད་ཐ་དད་ཀྱི་ནམ་མཁའི་དཔེ་དང་སྒྲུབ་བྱེད་ཀྱི་གཏན་ཚིགས་ནི། ཇི་སྐད་དུ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པ་དེ་ཉིད་དེ། རྣམ་ཤེས་ཀྱི་འཁྲུལ་སྣང་མ་ལོག་པ་དེ་སྲིད་དུ་རྟེན་ཡེ་ཤེས་ལས་བརྟེན་པ་རྣམ་ཤེས་དབང་བཙན་པ་གཅིག་བྱུང༌། དེའི་ཚེ་བརྟེན་པ་རྣམ་ཤེས་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་པར་མ་བྱས་པ་དེ་སྲིད་དུ་རྟེན་ཆོས་དབྱིངས་ཀྱི་སྐུ་གསུམ་དབྱེར་མེད་པའི་གོ་འཕང་མངོན་དུ་བྱེད་མི་ནུས། དཔེར་ན། བརྟེན་པ་གཡའ་དང་མ་བྲལ་བ་དེ་སྲིད་དུ་རྟེན་གསེར་གྱིས་རང་གི་བྱ་བ་མི་བྱེད་པ་བཞིན་དང༌། ཡང་འཁྲུལ་ངོར་ནི་རྟེན་དབང་བཙན་པ་ཞིག་ཀྱང་བྱུང་སྟེ། རྟེན་རྣམ་ཤེས་ཀྱི་སྒྲིབ་པས་རང་ལ་བརྟེན་པའི་ཡེ་ཤེས་འཁོར་བའི་གནས་སུ་ཁྲིད་པ་ལྟ་བུའོ། །འདིའི་ཤེས་བྱེད་ཀྱང་ཇི་སྲིད་བདག་གཉིས་སུ་རྨོངས་པའི་སྦུབས་ལས་མ་གྲོལ་བ་དེ་སྲིད་དུ་ནི་ཡེ་ཤེས་རང་གི་ངོ་བོ་གནས་ཚུལ་ལ་ཞུགས་ཀྱང་ངོ་བོ་མི་རྟོག་པའི་ཡེ་ཤེས་དང་གྲོགས་བསོད་ནམས་ཀྱི་ཚོགས་རྫོགས་པའི་དུས་ལ་རག་ལས་པས་ན་རང་དབང་ཅན་དུ་མ་གྱུར། མདོར་ན། དོན་དམ་པའི་སེམས་ཅན་ལ་ཡེ་ཤེས་ཀྱི་གཟིགས་ངོ་རང་བཞིན་རྣམ་དག་གི་ཆ་དང༌། རྣམ་ཤེས་ཀྱི་འཁྲུལ་ངོར་གློ་བུར་དྲི་མའི་ཆ་གཉིས་སུ་གནས་པ་ལས་གཞི་འབྲས་ཀྱི་གྲུབ་མཐའ་འཇོག་པའི་ཚེ་སྔ་མ་དབང་བཙན། ལམ་དུས་ཀྱི་ཉམས་ལེན་རྒྱུད་ཐོག་ཏུ་འབེབས་པའི་ཚེ་གཉིས་པོ་ཆ་མཉམ་པ་བྱས་ནས་ཉམས་ལེན་ཟུང་འབྲེལ་དུ་བྱེད་དགོས་པ་ནི་ཚོགས་གཉིས་མཉམ་པོར་རྫོགས་པའི་རྒྱུ་མཚན་ལས་ཡིན། ཡང་ལུང་རིགས་རྣམ་དག་ལ་བརྟེན་པའི་ཐོས་བསམ་དང་སྒོམ་བྱུང་རྟོག་བཅས་འགའ་ཞིག་ལ་རྣམ་ཤེས་ཀྱི་མཚན་ཉིད་ཕྱོགས་རེ་བ་ཚང་ཡང་ལམ་དུ་ཁས་ལེན་དགོས་པ་ནི་ཚོགས་སྦྱོར་གྱི་སྐབས་སུ་ཡིན། འདས་ལམ་གྱི་རྗེས་ཐོབ་ཏུ་འབྲས་བུ་ལ་མཚམས་སྦྱོར་གྱི་རྣམ་ཤེས་ལྟ་བུ་ངེས་པར་ཁས་ལེན་དགོས་ཀྱང་སྔགས་ཀྱི་ལམ་དངོས་སུ་ཁས་མི་ལེན་རྣམ་ཤེས་ཀྱི་གཟུང་རྣམ་ཤེས་པར་ཁས་ལེན་པ་རྣམ་རྫུན་པ་ཡན་ཆད་ན་མེད། ས་བརྒྱད་པ་ཡན་ཆད་ཐུགས་རྒྱུད་གཅིག་ཏུ་འདྲེས་པ་བཤད་ཀྱང་སངས་རྒྱ་བ་ལ་ཉེ་རིང་གི་ཁྱད་པར་འབྱུང་བ་ནི་ས་བདུན་པ་མན་ཆད་དུ་བསོད་ནམས་ཀྱི་ཚོགས་རྫོགས་ཚུལ་ཇི་ལྟར་བྱས་པ་ལ་རག་ལས། ཉན་རང་དགྲ་བཅོམ་པ་སྔགས་ལམ་གྱིས་སངས་རྒྱ་བའི་ཤེས་བྱེད་རྙེད་དཀའ། རྒྱུད་བླའི་བསྟན་བཅོས་སུ་མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པའི་ལུང་ཡོད་ན་དེ་ཉིད་མདོ་སྡེའི་རྒྱན་ནའང་ཡོད་པས་གཞུང་དེ་དག་ལ་དབུ་སེམས་ཀྱི་ཁྱད་པར་འབྱེད་མི་ནུས། སྔགས་ལ་ངོ་བོ་ཉིད་མེད་སྨྲའི་ལྟ་བ་ལས་ལྷག་པའི་ལྟ་བ་མེད་པར་གཞུང་འཛུགས་པ་དེས་སེམས་ཅན་མཐའ་དག་ལ་དང་པོའི་སངས་རྒྱས་ཀྱིས་ཁྱབ་པར་འཆད་མི་ནུས། མཐར་ཐུག་གི་སངས་རྒྱལ་ལ་བདེ་བར་གཤེགས་པ་དང་རྡོ་རྗེ་སེམས་པའི་ཁྱད་འབྱེད་མི་ཤེས། མཉམ་གཞག་གི་ཉམས་མྱོང་བདེ་ཆེན་གྱི་ཡེ་ཤེས་སུ་བྱས་ནས་རྗེས་ཐོབ་ཀྱི་མཚན་འཛིན་སེལ་བྱེད་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་པ་མཆོག་ལ་བརྟེན་པར་བྱའོ། །ཞེས་བྱ་བ་འདི་གྲུབ་པའོ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་དགེ་བས་མཆོག་གི་ནི། །གྲུབ་པ་རིངས་པར་འགུགས་བྱེད་ནི། །ཐུན་མོང་དང་བཅས་དེང་འདིར་ཤོག །ཅེས་དཔལ་དང་པོའི་སངས་རྒྱས་རབ་ཏུ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་བསྡུས་པའི་དོན་ངེས་དོན་གྱི་ཚོམས་ལྔ་བཅུ་རྩ་གཅིག་ཞེས་བྱ་བ་འདི་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལས། རིགས་ཐམས་ཅད་ཀྱི་འཁོར་ལོ་བསྒྱུར་བ་ཉིད་དུ་མངའ་གསོལ་བ་རྗེ་ཨཱ་ནནྟ་བྷ་ཏྲའི་ཞལ་སྔ་ལས་དཔལ་ལཱུ་ཧི་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་དང༌། ལམ་རིམ་པ་གཉིས་ཀྱི་བཀའ་དྲིན་མནོས་ཤིང་རྒྱལ་སྲས་མུས་པ་ཆེན་པོའི་ཞལ་སྔ་ནས་སོགས་རྗེ་བླ་མ་དམ་པ་གཞན་དང་གཞན་དག་ལས་ཀྱང་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་རིམ་པ་ལྔའི་ཁྲིད་རྣམས་མཆོག་ཏུ་མནོས། རྗེ་གོང་མ་དེ་དག་གི་ཐུགས་ལས་སྐྱེས་པའི་སྲས་དུས་འཁོར་བ་ཆེན་པོ་རིན་ཆེན་བཀྲ་ཤིས་ཀྱིས་ཞལ་སྔ་ནས། རྣལ་འབྱོར་གྱི་དབང་ཕྱུག་ནག་པོ་སྤྱོད་པའི་ལུགས་ཀྱི་དབང་དང་ལུང་གི་རིམ་པ་རྣམས་སྩལ་ཅིང་ཐོབ་པའི་བཀའ་དྲིན་གྱིས་རྒྱུད་ཉེ་བར་ཕྱུག་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྗེ་གོང་མ་པ་དག་རང་གི་གཞུང་ལུགས་ལྷུན་པོ་ལྟ་བུར་ཚུགས་པ་ལ་མངོན་པར་དགྱེས་ཤིང༌། དེ་དག་དང་མི་མཐུན་པ་ཉིད་དུ་ལོག་པར་རྒོལ་བ་པ་དག ལུང་དང་རིགས་པའི་དཔུང་གིས་སུན་འབྱིན་པར་ནུས་པའི་སྤོབས་པ་མི་ཟད་པ་སྤྲོ་བར་ནུས་ཤིང༌། ནུས་པ་ལྟར་ཡི་གེའི་རྩོམ་པ་ལྷུར་བྱེད་པ་དག་ནི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གི་བྱ་བ་བྱེད་པའོ། །ཞེས་མཁྱེན་པ་དང་རྩེ་བ་ཆེན་པོས་སློབ་མའི་ཚོགས་རྣམས་རྗེས་སུ་འཛིན་པ་མཚན་བརྗོད་པར་དཀའ་བ་དེ་དག་གི་དགོངས་པ་ཟབ་མོ་ཇི་ལྟར་བཀང་བ་བཞིན་ཁེངས་པར་གྱུར་ཅིག་པའི་མོས་པ་དང་དད་པ་དང་ལྷག་པའི་བསམ་པ་ས་དང་གསེར་དང་ཟླ་ཚེས་ལྟ་བུ་ཉེ་བར་བཞག་ནས། མིག་དམར་ཅན་གྱི་ལོ་སྨིན་དྲུག་ཅན་གྱི་ཡར་ཚེས་ལ་སྦྱར་བའོ།།  །།ཤུབྷཾ། མངྒ་ལཾ། དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*