དབུ་མ་རྩ་བའི་རྣམ་བཤད་སྐལ་བཟང་འཇུག་ངོགས། ཁ ༽

ཁོ་བོ་ཅག་ནི་འཇིག་པ་ལ་རྒྱུས་ཅུང་ཟད་གཅིག་བྱེད་པར་མི་འདོད་ཀྱི། འོན་ཀྱང་འཇིག་པ་ཉིད་བྱེད་པ་ཡིན་ནོ། །ཞེས་སྨྲའོ། །དེ་ལྟ་ན་བྱེད་བཞིན་པ་ཉིད་ཡིན་པའི་ཕྱིར་འཇིག་པ་ཡང་དངོས་པོར་འགྱུར་བ་ཡིན་ནམ་ཞེ་ན་དེ་ནི་འདོད་པ་ཡིན་ཏེ། འཇིག་པ་ནི་རང་གི་ངོ་བོ་ལ་ལྟོས་ནས་དངོས་པོ་ཡིན་ལ། གཟུགས་ལ་སོགས་པའི་ཆོས་ལོག་པའི་རང་བཞིན་ཡིན་པའི་ཕྱིར་ན་དངོས་པོ་མེད་པ་ཡིན་ནོ། །ཞེས་གསལ་བར་གསུངས་པས་འཇིག་བཞིན་པ་རྒྱུས་སྐྱེད་པ་དང༌། ཞིག་པ་རྒྱུས་མི་སྐྱེད་པ་དང༌། འཇིག་བཞིན་པ་དངོས་པོ་ཡིན་པ་དང༌། ཞིག་པ་དངོས་མེད་ཡིན་པ་གསལ་བར་གསུངས་སོ། །དེ་ལྟར་ན་ཁོ་བོ་ནི་འདི་ལྟར་སེམས་ཏེ། ལུགས་འདི་ལ། འདུས་བྱས་ལ་དངོས་པོས་མ་ཁྱབ་པར་ཁས་ལེན་དགོས་ཏེ། འདིར་འཇིག་པ་ཞེས་པའི་སྒྲས་བརྗོད་པ་འདི་ལ་འཇིག་རྒྱུ་དང་ཞིག་ཟིན་གཉིས་སུ་ཕྱེ་ནས། གཉིས་ཀ་རྒྱུ་བཅས་སུ་བཤད་པ་དང༌། ཅིག་ཤོས་དངོས་མེད་དུ་བཤད་པ་དང༌། འཇིག་པ་དངོས་པོར་བཤད་པ་དང༌། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པའི་འགྲེལ་པར། དངོས་མེད་ལ་འདུས་བྱས་ཡིན་པ་གཅིག་ཀྱང་བཤད་པས་སོ། །རིགས་པ་དྲུག་ཅུ་པའི་དོན་ཡང་ཁྱེད་ཀྱིས་བཤད་པ་ལྟར་མ་ཡིན་ཏེ། ཞིག་པ་རྒྱུ་ལ་ལྟོས་པར་གྲུབ་པ་ན་རང་བཞིན་མེད་པར་གྲུབ་སླ་བ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། དེའི་འགྲེལ་པར་ཟླ་བས། ད་ནི་འགག་པ་མི་སྲིད་པ་བསྟན་པར་བཞེད་པ་གསུངས་པ། རྒྱུ་ཟད་ཉིད་ལ་ཟད་པ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །རང་བཞིན་གྱིས་ནི་གང་མ་ཟད། །དེ་ལ་ཟད་པར་ཇི་སྐད་བརྗོད། །ཅེས་དང༌། དེའི་འགྲེལ་པར། གལ་ཏེ་ཟད་པར་རང་བཞིན་པར་གྱུར་ན་ནི། དེ་རྐྱེན་ལ་ལྟོས་པ་ཉིད་དུ་མི་འགྱུར་གྱི་རྒྱུན་ཡོངས་སུ་ཟད་པ་མེད་པར་ཡང་འགྱུར་རོ། །དེའི་ཕྱིར་ལས་དང་ཉོན་མོངས་པ་མེད་པར་ཡང་མྱ་ངན་ལས་འདས་པར་འགྱུར་རོ། །དེའི་ཕྱིར་འབད་པ་མེད་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་པའོ། །གཞུང་འདི་ལྟར་ན་མྱང་འདས་དང་ཐར་པའང་རྒྱུ་ལ་ལྟོས་པར་བཤད་པས་ཁྱེད་ཀྱིས་དངོས་པོར་འདོད་དམ་ཅི། རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་སྐྱེད་བྱེད་ཀྱི་རྒྱུ་ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་དགག་པ་ལ། རབ་བྱེད་ཀྱི་གཞུང་བཤད། མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་དེ། དེའི་རྒྱུ་ལས་དང་བྱེད་པ་པོ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། ལས་དང་བྱེད་པ་རང་བཞིན་གྱིས་གྲུབ་པ་དགག དེས་རིགས་ཅན་གཞན་ཡང་ཁེགས་པར་བསྟན། དང་པོ་ལ། ལས་དང་བྱེད་པ་པོ་རིགས་ངོར་མ་གྲུབ་པར་བསྟན། ཐ་སྙད་དུ་རྟེན་འབྲེལ་ཙམ་དུ་བསྟན་པའོ། །དང་པོ་ལ། ཕྱོགས་མཐུན་ལ་བརྟགས་ནས་དགག ཕྱོགས་མི་མཐུན་ལ་བརྟགས་ནས་དགག དང་པོ་ལ། ཡ་གྱལ་རེས་རེ་རེ་བྱེད་པ་དགག གཉིས་ཀས་གཉིས་ཀ་བྱེད་པ་དགག དང་པོ་ལ། དམ་བཅའ་བཞག སྒྲུབ་བྱེད་བཤད་པའོ། །དང་པོ་ནི། བྱེད་པ་པོ་ཡིན་པར་གྱུར་པ་དེས་ལས་སུ་གྱུར་པ་བྱ་བ་དང་ལྡན་པ་དེ་མི་བྱེད་དོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་དེས་ལས་སུ་མ་གྱུར་པ་བྱ་བ་དང་བྲལ་བ་དེ་ཡང་མི་བྱེད་དོ། །གཉིས་པ་ལ། དམ་བཅའ་དང་པོའི་སྒྲུབ་བྱེད་གཉིས་པའི་སྒྲུབ་བྱེད། དང་པོ་ལ། སུས་ཀྱང་མ་བྱས་པའི་ལས་ཡོད་པར་ཐལ་བས་དགག ཅི་ཡང་མི་བྱེད་པ་པོ་ཡོད་པར་ཐལ་བས་དགག དང་པོ་ནི། བྱེད་པ་པོ་ཡིན་པར་གྱུར་པ་དེས་ལས་སུ་གྱུར་པ་མི་བྱེད་དེ། བྱ་བ་དང་ལྡན་པ་བྱེད་པ་པོར་འཇོག་དགོས་ལ། ལས་སུ་གྱུར་པ་ཡང་བྱ་བ་དང་ལྡན་པ་ལ་འཇོག་དགོས་པས་བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་རིགས་འདྲ་གཉིས་པ་དེ་མེད་པའི་ཕྱིར་དང༌། བྱ་བ་གཉིས་པ་མེད་པར་གྲུབ་པ་ན་བྱེད་པ་པོས་བྱ་བ་མི་བྱེད་པར་གྲུབ། དེ་ལྟར་གྲུབ་ཀྱང་ལས་ཡོད་ན། བྱེད་པོ་མེད་པའི་ལས་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ལས་ཡིན་པར་གྱུར་པ་དེ། བྱེད་པ་པོ་ཡིན་པ་དེས་བྱེད་པ་མ་ཡིན་ཏེ། བྱ་བ་དང་ལྡན་པ་ཁོ་ན་ལས་ཡིན་པར་འཇོག་དགོས་ལ། བྱ་བ་དང་ལྡན་པ་ལ་བྱེད་པ་པོར་ཡང་འཇོག་དགོས་པས་དེར་འཇོག་བྱེད་ཀྱི་བྱ་བ་རིགས་འདྲ་གཉིས་པ་མེད་པའི་ཕྱིར་དང༌། བྱ་བ་གཉིས་ཡོད་ན་བྱེད་པ་པོའང་གཉིས་སུ་ཐལ་བའི་ཕྱིར། བྱེད་པ་པོར་འཇོག་བྱེད་ཀྱི་བྱ་བ་གཉིས་པ་མེད་པ་དེ་ལྟར་གྲུབ་ཀྱང་བྱེད་པ་པོ་ཡོད་ན། ལས་མེད་པའི་བྱ་བ་ཡོད་པར་ཐལ་བར་འགྱུར་རོ། །མདོར་ན་སྐབས་དེར་བྱ་བ་གཅིག་ལས་མེད་ལ་གཅིག་པོ་དེ་ལས་སུ་འཇོག་བྱེད་ཡིན་ན། བྱེད་པོར་འཇོག་བྱེད་མེད་པས་ལས་མེད་བྱེད་པ་པོར་འགྱུར་ལ། གཅིག་པོ་དེ་བྱེད་པ་པོར་འཇོག་བྱེད་ཡིན་ན། ལས་སུ་འཇོག་བྱེད་མེད་པས། བྱེད་པོ་མེད་པའི་ལས་སུ་ཐལ་བར་འགྱུར་རོ། །སྐབས་འདིའི་ཚིག་གསལ་གྱི་དོན་གོ་དཀའ་བར་སྣང་ཞིང༌། རིན་པོ་ཆེ་པའི་ཞལ་སྔ་ནས་ཀྱི་ཊཱི་ཀར་ཚིག་གསལ་གྱི་ཚིག་རིས་བཞིན་སོར་བཞག་པས་འཁོར་གསུམ་དངོས་འགལ་དུ་ཁས་ལེན་དགོས་པར་སྣང་ངོ༌། །དེ་ལྟར་འཁྲུལ་གཞི་སྤང་བའི་ཕྱིར་གཞུང་འདི་ལྟར་འདོན་པར་བྱ་སྟེ། ཡིན་པར་གྱུར་ལ་བྱ་བ་མེད། །མེད་ཀྱང་ལས་དང་བྱེད་ཡོད་ན། །བྱེད་པོ་མེད་པའི་ལས་སུའང་འགྱུར། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་སོ། །གཉིས་པ་ལ། རྒྱུ་མེད་དུ་ཐལ་བ་དངོས་དང༌། དེ་ལ་འདོད་ལན་འདེབས་པ་ལ་བསལ་བ་བརྗོད་པའོ། །དང་པོ་ནི། གལ་ཏེ་བྱེད་པ་པོར་མ་གྱུར་པས་ལས་སུ་མ་གྱུར་པ་བྱེད་ན་ནི། གང་ཟག་བྱེད་པོར་མ་གྱུར་པ་དེས་བྱ་རྒྱུ་དེ་ལ་ལས་ཞེས་བྱ་བའི་མིང་དུ་བཏགས་པ་དེ་ཆོས་ཅན། ལས་སུ་རྣམ་པར་འཇོག་པའི་རྒྱུ་ནི་མེད་པར་འགྱུར་ཏེ། བྱ་བ་དང་མི་ལྡན་པའི་ཕྱིར། གང་ཟག་བྱེད་པོར་མ་གྱུར་པ་ལས་སུ་མ་གྱུར་པ་བྱེད་པ་པོར་མིང་བཏགས་པ་དེ་ཡང་ཆོས་ཅན། བྱེད་པ་པོར་འཇོག་པའི་རྒྱུ་མེད་པར་འགྱུར་ཏེ། བྱ་བ་དང་བྲལ་བའི་ཕྱིར། གཉིས་པ་ནི། བྱ་རྒྱུ་དང་བྱེད་པ་པོ་གཉིས་ཀ་ལ་རྣམ་འཇོག་གི་རྒྱུ་མེད་ན་ནི། འབྲས་བུ་བུམ་པ་དང་དེའི་བྱེད་རྒྱུ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་འབྲས་གཉིས་པོ་དེ་མེད་ན་ནི་བུམ་པ་སྒྲུབ་པའི་བྱ་བ་དང༌། བྱེད་པ་པོ་རྫ་མཁན་དང༌། སྒྲུབ་པར་བྱེད་པ་འཇིམ་པ་ལྟ་བུ་ཡང༌། བྱ་བ་དང་བྱེད་པོ་དང་སྒྲུབ་བྱེད་དུ་མི་རིགས་པར་ཐལ་ལོ། །བྱ་བ་ལ་སོགས་པ་མི་རིགས་པ་འདོད་ན། ཆོས་དགེ་བ་དང༌། ཆོས་མ་ཡིན་པ་མི་དགེ་བ་ཡང་ཡོད་པ་མ་ཡིན་པར་འགྱུར་རོ། །དེའི་རྒྱུ་མཚན་ཡང༌། ཁྱབ་བྱེད་བྱ་བ་སོགས་མེད་ན། ཁྱབ་བྱ་སོགས་གཅོད་པ་དང༌། དེ་སྤོང་བའི་བྱ་བ་དང༌། བྱེད་པོ་ལྷས་སྦྱིན་ལྟ་བུ་དང༌། བྱེད་པ་ལུས་ངག་རྣམས་མེད་དགོས་པའི་ཕྱིར་རོ། །ཆོས་དང་ཆོས་མིན་མེད་པ་འདོད་ན་ནི། དེ་ལས་བྱུང་བའི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་མེད་པར་འགྱུར་རོ། །འབྲས་བུ་དེ་མེད་པ་འདོད་ན་ཐར་པར་འགྱུར་པའི་ལམ་འཇིག་རྟེན་ལས་འདས་པའི་བྱང་ཕྱོགས་སོགས་མེད་པར་འགྱུར་བ་དང༌། མཐོ་རིས་སུ་འགྱུར་བའི་ལམ་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་སོགས་སྒོམ་པ་མི་འཐད་པར་འགྱུར་ཞིང༌། དེར་མ་ཟད་འབྲས་བུ་མེད་ན་ནི། ཞིང་ལས་དང་ཉོ་ཚོང་ལ་སོགས་པའི་འཇིག་རྟེན་པའི་བྱ་བ་དག་ནི་ཐམས་ཅད་ཀྱང་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་བ་དང༌། འོ་ན་རང་གི་ལུགས་ལའང༌། ཐ་སྙད་དུ་ལས་དང་བྱེད་པོ་ཡོད་པས་གོང་གི་བརྟག་པ་གཉིས་པོ་གང་ཁས་ལེན་ཞེ་ན། འདིར་རིན་པོ་ཆེ་པ་རྗེས་འབྲང་དང་བཅས་པ་ནི། དེ་ལྟར་དཔྱད་པའི་ཚེ། བྱེད་པ་པོར་གྱུར་པས་ལས་སུ་གྱུར་པ་བྱེད་ཅིང༌། དེ་རང་བཞིན་གྱིས་གྲུབ་པ་མི་བྱེད་པར་འདོད་དོ། །དེ་ལྟ་ན་ལས་དང་བྱེད་པོ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། ལས་དང་བྱེད་པོའི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བས་རྙེད་པར་ཐལ་ལོ། །ཁོ་བོ་ཅག་ནི་དེ་ལྟར་དཔྱད་པའི་ཚེ་ན་བརྟགས་པ་གཉིས་པོ་གང་ཡང་ཁས་མི་ལེན་ཏེ། དེ་ལྟར་དཔྱད་པའི་ཚེ་ན་ལས་དང་བྱེད་པ་པོ་མ་དམིགས་པའི་ཕྱིར་རོ། །འོ་ན་གཞན་གྱིས་ཀྱང་དེ་ལྟར་ཁས་ལེན་མི་ནུས་སམ་ཞེ་ན། མི་ནུས་ཏེ། གཞན་གྱིས་ནི་ལས་དང་བྱེད་པོ་རང་བཞིན་གྱིས་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་བྱ་བ་ལ་སོགས་པ་མི་རིགས་ན། ཆོས་དང་ཆོས་མིན་པས་གྱུར་ཞེས་སོགས་ལ་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལྟ་བུའི་རིགས་པས་མ་དཔྱད་པའི་ཚེ་བྱ་བ་ལ་སོགས་ཁས་ལེན་པའི་ཕྱིར་རོ། །གཞན་གྱིས་ཐ་སྙད་ཀྱི་བདེན་པ་ཇི་རྙེད་པ་དོན་དམ་པར་གྲུབ་པ་ཉིད་དུ་ཁས་བླངས་པས་ཉེས་པ་འདི་དག་སྤོང་བར་མི་ནུས་པ་ཡིན་ནོ། །གཉིས་པ་གཉིས་ཀས་གཉིས་ཀ་བྱེད་པ་དགག་པ་ནི། བྱེད་པ་པོ་ཡིན་པར་གྱུར་པ་དང༌། བྱེད་པ་པོར་མ་གྱུར་པ་གཉིས་ཀ་ལས་སུ་གྱུར་པ་དང་མ་གྱུར་པ་གཉིས་ཀའི་ངོ་བོ་ཡིན་པ་མི་བྱེད་དེ། ལས་དང་བྱེད་པོ་ཡིན་ནས་དང་མ་ཡིན་པར་གྱུར་པ་གཉིས་ཕན་ཚུན་སྤངས་པ་སྟེ་གནས་པའི་འགལ་བ་ཡིན་པས་གཞི་གཉིས་གཅིག་པ་དུས་གཅིག་ཏུ་གནས་པ་ཡང་ནི་ག་ལ་ཡོད་དེ་མེད་པས་སོ། །གཉིས་པ་ཕྱོགས་མི་མཐུན་པ་ལ་བརྟགས་ནས་དགག་པ་ལ། བྱེད་པ་པོ་རེ་རེས་ཕྱོགས་མི་མཐུན་རེ་རེ་བྱེད་པ་དགག རེ་རེས་ཕྱོགས་མི་མཐུན་གཉིས་གཉིས་བྱེད་པ་དགག བྱེད་པ་གཉིས་སྡོམས་པས་ལས་རེ་རེ་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས་ལས་སུ་མ་གྱུར་པ་ནི་མི་བྱེད་དེ། གང་གི་ཕྱིར་ན། འདིར་ཡང༌། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་པའི་སྐབས་ཀྱི་སྐྱོན་དེར་ཐལ་བའི་ཕྱིར་དང༌། རྒྱུ་མེད་ན་ནི་འབྲས་བུ་དང༌། །ཞེས་སོགས་ཀྱི་སྐྱོན་དེར་ཐལ་བའི་ཕྱིར། དེ་ཡང༌། བྱེད་པ་པོ་ཡིན་པས་བྱེད་པ་ལ། སྐྱོན་སྔ་མ་དང༌། ལས་སུ་མ་གྱུར་པ་བྱེད་པ་ལ་སྐྱོན་ཕྱི་མ་བརྗོད་པའོ། །བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དེ། འདིར་ཡང་སྐྱོན་སྔ་མ་དེ་དག་ཏུ་ཐལ་བར་འགྱུར་བས་སོ། །མུ་གསུམ་པས་ཕྱོགས་མི་བྱེད་པ་མ་བཀག་པ་ནི་འོག་མ་དང་ཁྱད་པར་མེད་པ་ལ་དགོངས་སོ་ཞེས་རིན་པོ་ཆེ་པ་གསུང་ངོ༌། །གཉིས་པ་ནི། བྱེད་པ་པོར་ནི་གྱུར་པ་བྱ་བ་དང་བཅས་པ་དེ་ནི་ཆོས་ཅན། ལས་སུ་ནི་མ་གྱུར་པ་དང༌། གྱུར་མ་གྱུར་པ་གཉིས་ཀ་མི་བྱེད་དེ། ཁྱོད་ཀྱིས་དེ་ལྟར་མི་བྱེད་པའི་གཏན་ཚིགས་ཏེ་རིགས་པ་ཡང་གོང་དུ་བསྟན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཡིན་པར་གྱུར་པ་ལ་བྱ་བ་མེད། །ཅེས་པས་བྱེད་པ་པོ་ཡིན་པས་བྱེད་པ་ལ་སྐྱོན་བསྟན། ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་པས་ལས་མིན་པར་བྱེད་པ་ལ་སྐྱོན་བསྟན། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཞེས་པས་ལས་ཡིན་མིན་གཉིས་ཀ་བྱེད་པ་ལ་སྐྱོན་བསྟན་པ་ཡིན་ནོ། །བྱེད་པ་པོར་ནི་མ་གྱུར་པ་དེ་ཆོས་ཅན། ཁྱོད་ཀྱིས་ལས་སུ་ནི་གྱུར་པ་བྱ་བ་དང་བཅས་པ་དང༌། ལས་སུ་གྱུར་མ་གྱུར་གཉིས་ཀའི་ངོ་བོ་ཡིན་པ་མི་བྱེད་དེ། ཁྱོད་ཀྱིས་དེ་མི་བྱེད་པ་གཏན་ཚིགས་ཀྱང་གོང་དུ་བསྟན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བྱེད་པ་པོ་མ་ཡིན་པས་བྱེད་ན་རྒྱུ་མེད་དང༌། ལས་ཡིན་པ་བྱེད་ན། བྱ་བ་མེད་པའི་ཉེས་པ་དང༌། གཉིས་པ་བྱེད་པ་ལ། ཕན་ཚུན་འགལ་བའི་ཉེས་པ་བརྗོད་པ་ཡིན་ནོ། །གསུམ་པ་ནི། བྱེད་པ་པོར་གྱུར་པ་དང་མ་གྱུར་པ་གཉིས་ཀ་ཡིན་པས་ནི་ཆོས་ཅན་ལས་སུ་གྱུར་པ་དང་མ་གྱུར་པ་རེ་རེ་ནས་མི་བྱེད་དེ། འདིར་ཡང་གཏན་ཚིགས་ནི་གོང་དུ་བསྟན་ཟིན་པས་རིགས་པ་ཁ་སྤོ་ཚུལ་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། ཚིག་གསལ་ལས། འདིར་སྨྲས་པ། དངོས་པོ་རྣམས་མེད་དོ་ཞེས་བྱ་བ་འདི་ཁྱོད་ཀྱིས་ངེས་པར་བཟུང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འཇིག་རྟེན་པའི་ཕྱིན་ཅི་ལོག་ཁས་བླངས་ནས་རྐྱེན་ཉིད་འདི་པ་ཙམ་ཉིད་དུ་ཁས་བླངས་པ་ཁོ་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་ནི་མ་ཡིན་ནོ་ཞེས་མཚམས་སྦྱར་རོ། །དོན་ནི། ལས་དང་བྱེད་པ་པོ་རིགས་པས་རྣམ་པར་དཔྱད་པའི་ཚེ་མ་དམིགས་ན། དེ་འདྲ་དེ་ཐ་སྙད་དུ་ཡང་མེད་མི་དགོས་ཏེ། བྱེད་པ་པོར་འཇོག་པ་ལས་ལ་བརྟེན་པར་བྱས་ཤིང་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་ཕན་ཚུན་ལྟོས་གྲུབ་དུ་འབྱུང་བ་མ་གཏོགས་པ་ལས་དང་བྱེད་པོ་འགྲུབ་པའི་ཤེས་བྱེད་ཀྱི་རྒྱུ་མཚན་ནམ་རིགས་པ་ཡང་དག་ནི་མ་མཐོང་བའི་ཕྱིར། རིགས་པ་ཡང་དག་གཅིག་ཡོད་ན་སྔར་དཔྱད་པའི་རིགས་པ་དེ་རྣམས་ཀྱིས་གྲུབ་དགོས་ཞེས་པའོ། །གཉིས་པ་ལ། གཙོ་བོར་གྱུར་པའི་དངོས་པོ་ལ་མཚོན་པར་བསྟན། གཙོ་བོ་མ་ཡིན་པའི་དངོས་པོ་ལ་མཚོན་པར་བསྟན། དང་པོ་ནི། ལས་དང་བྱེད་པ་རྣམ་པར་དཔྱད་པའི་ཚེ་མི་དམིགས་ཤིང༌། མ་དཔྱད་པའི་ཚེ་ཕན་ཚུན་ལྟོས་གྲུབ་དུ་བསྟན་པ་ཆོས་ཅན། གལ་ཆེ་བའི་དོན་གཞན་ཡང་མཚོན་པར་ནུས་ཏེ། ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་ཡང་དེ་བཞིན་ཏེ་དེ་དང་མཚུངས་པར་ཤེས་པར་བྱ་དགོས་པའི་ཕྱིར། དེས་དེ་ཤེས་ནུས་ཏེ། ཁྱབ་བྱེད་ལས་དང་བྱེད་པ་པོ་ངོ་བོ་ཉིད་ཀྱིས་གྲུབ་པ་གསལ་བའི་ཕྱིར་རོ། །གཉིས་པ་ནི། བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་བྱེད་ཀྱི་རིགས་པ་དག་གིས་ཆོས་ཅན། གཙོ་བོ་མ་ཡིན་པའི་དངོས་པོ་གཞན་ཡང་མཚན་པར་ནུས་ཏེ། ཉེ་བར་བླང་བྱ་དང༌། ཉེ་བར་ལེན་པོའི་ལྷག་མ་བསྐྱེད་བྱ་སྐྱེད་བྱེད་དང༌། འགྲོ་བ་དང་འགྲོ་བ་པོ་དང༌། བལྟ་བྱ་ལྟ་བྱེད་དང༌། མཚན་ཉིད་དང༌། མཚན་གཞི་དང༌། ཡན་ལག་དང༌། ཡན་ལག་ཅན་དང༌། ཡོན་ཏན་དང་ཡོན་ཏན་ཅན་དང༌། ཚད་མ་དང་གཞལ་བྱ་ལ་སོགས་པའི་དངོས་པོ་མ་ལུས་པ་ལ་ལས་དང་བྱེད་པོ་དང༌། ཉེར་ལེན་དང་བླང་བྱ་ཕན་ཚུན་ལྟོས་ནས་གྲུབ་པ་དང༌། ངོ་བོས་གྲུབ་པ་འགོག་བྱེད་ཀྱི་རིགས་པ་མཚུངས་སོ་ཞེས་ཤེས་པར་བྱ་དགོས་པའི་ཕྱིར། སྦྱོར་ཚུལ་ནི། སྐྱེད་བྱེད་ཡིན་མིན་རེ་རེ་བ་དང༌། བསྐྱེད་བྱ་ཡིན་མིན་རེ་རེ་བ་དང་གཉིས་ཀ་མི་སྐྱེད་པ་དང༌། ཕྱོགས་མི་མཐུན་ལའང་སྦྱར་བར་བྱའོ། །འོ་ན། དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་པ་ཙམ་གྱིས་ཆོག་མོད། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་པ་མི་དགོས་སོ་ཞེ་ན། བདེན་མོད་ཀྱི་འདི་དཔྱད་པར་བྱ་བ་ལ་གཙོ་བོར་གྱུར་པ་ཤེས་པར་བྱ་བའི་ཕྱིར་བཀོད་དེ། རབ་བྱེད་ཕྱི་མ་རྣམས་སུ་ཡང་འདི་གཉིས་ཁོ་ནའི་བརྟགས་པ་ཕལ་ཆེར་འབྱུང་ངོ་ཞེས་འགྲེལ་པར་གསུངས་སོ། །གཉིས་པ་ནི། ལས་དང་བྱེད་པ་པོ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བརྒྱད་པ་རྣམ་པར་བཤད་པའོ།།  །།བྱེད་པོར་འཇོག་པ་ལས་དང་ནི། །ལས་སུ་འཇོག་པའང་བྱེད་པོ་ལ། །ལྟོས་ནས་གྲུབ་པ་དེའི་ཕྱིར། །ལས་བྱེད་རང་བཞིན་གྱིས་མི་འགྲུབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ལ། གང་ཟག་རང་བཞིན་གྱིས་མ་གྲུབ་པར་བསྟན། གྲུབ་པའི་སྒྲུབ་བྱེད་དགག དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་ནི། ཉན་ཐོས་མང་བཀུར་བ་དང༌། གནས་མ་བུ་པ་དང༌། བཟང་པོའི་ལམ་པ་དང༌། བླ་མ་པ་དང༌། ཆོས་སྦས་པ་དང་ལྔས་གང་ཟག་རྫས་ཡོད་དུ་སྨྲ་བར་རྟོག་གེ་འབར་བར་བཤད་པ་ལྟར། ཁ་ཅིག་མང་བཀུར་བ་ན་རེ། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །ཞེས་པ་མི་རིགས་ཏེ། ལྟ་བ་དང་ཉན་པ་དང་ལ་སོགས་པའི་སྒྲས་སྣོམ་པ་དང་མྱང་བ་དང་རེག་པ་དང་དྲུག་ལ་དབང་པོ་ཡུལ་གཟུགས་སོགས་དང་བཅས་པ་རྣམས་གཟུགས་ཕུང་དང་རྣམ་ཤེས་ཀྱི་ཕུང་པོས་བསྡུས་པ་དང༌། ཚོར་བ་དང་སོགས་ཞེས་པའི་སྒྲས་བསྟན་པ་རེག་པ་དང་ཡིད་ལ་བྱེད་པ་སོགས་སེམས་བྱུང་ལྷག་མ་དང་ཕུང་པོ་ལྷག་མ་རྣམས་དང་བཅས་པ་ཡང་ལེན་པ་པོ་གང་གིས་དབང་དུ་བྱས་པ་ཡིན་ཅིང་ལེན་པ་པོ་གང་གི་བླང་བྱ་ཡིན་པ་དེ་དག་གི་སྔ་རོལ་ན་ཉེ་བར་ལེན་པ་པོ་དེ་ཡོད་དོ་ཞེས་སྨྲའོ། །དེ་སྒྲུབ་པ་ནི་ཉེ་བར་བླང་བྱ་དེ་དག་གི་སྔ་རོལ་ན་ཉེ་བར་ལེན་པ་པོའི་དངོས་པོ་གནས་པ་དེ་ཡོད་དོ་སྟེ། དངོས་པོ་སྟེ་ལེན་པ་པོ་སྔ་རོལ་ན་ཡོད་པ་མ་ཡིན་ན། ལྟ་བ་ལ་སོགས་པ་བླང་བྱར་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་དེའི་ཕྱིར། དཔེར་ན། ནོར་གྱི་སྔ་རོལ་ན་ལྷས་སྦྱིན་ཡོད་པས་ནོར་སོགས་པ་བཞིན་ནོ་ཞེ་ན། དེ་དགག་པ་ལ། དགག་པ་རྒྱས་པར་བཤད། བསྡུས་ཏེ་བསྟན། དང་པོ་ལ། ཉེ་བར་ལེན་པ་པོ་དགག ཉེ་བར་བླང་བྱ་དགག དང་པོ་ལ། དགག་པ་དངོས་དང༌། དེ་ཡི་ཉེས་སྤོང་དུ་འབྱུང་བ་སྔ་རོལ་ན་ཡོད་པ་དགག་པའོ། །དང་པོ་ལ། ལྟ་སོགས་ཐམས་ཅད་ཀྱི་སྔ་རོལ་ན་ཉེ་བར་ལེན་པ་པོ་ཡོད་པ་དགག དེའི་སྐྱོན་སྤོང་དུ་རེ་རེའི་སྔ་རོལ་ན་ཡོད་པ་དགག དང་པོ་ལ་ལེན་པ་པོར་འཇོག་པའི་རྒྱུ་མེད་པས་དགག བླང་བྱ་གནས་པའི་རྟེན་མེད་པས་དགག དང་པོ་ནི། ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་ཉིད་ཀྱི་ནི་སྔ་རོལ་ན་ལེན་པ་པོའི་དངོས་པོ་གང་གནས་པར་འདོད་པ་དེ་ནི་ཆོས་ཅན། སྤྱིར་ལེན་པ་པོ་དང་བྱེ་བྲག་ལྟ་བ་པོ་སོགས་སུ་མི་རུང་བར་ཐལ། འཇོག་བྱེད་ཀྱི་རྒྱུ་གང་གིས་ལེན་པ་པོར་གདགས་པར་བྱ་སྟེ་འཇོག་བྱེད་མེད་པའི་ཕྱིར། གཉིས་པ་ནི། ལྟ་བ་ལ་སོགས་མེད་པར་ཡང༌། གལ་ཏེ་ལེན་པ་པོ་དེ་ནི་གནས་པར་གྱུར་ན། ལེན་པ་པོ་དེ་མེད་པར་ཡང་བླང་བྱ་དེ་དག་ནི་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དེ། རྒྱུ་མཚན་མཚུངས་པའི་ཕྱིར། ལྷས་སྦྱིན་ནོར་དང་འབྲེལ་བའི་སྔ་རོལ་ན་ནོར་དང་ལྷས་སྦྱིན་སོ་སོར་གནས་པ་བཞིན་འདོད་མི་ནུས་ཏེ། བླང་བྱ་ཅི་ཡིས་ལེན་པོ་གང་ཞིག་གསལ་བར་བྱེད་དགོས་ཤིང༌། ལེན་པ་པོ་གང་གིས་བླང་བྱ་ཅི་ཞིག་གསལ་བར་བྱེད་དགོས་པས། བླང་བྱ་ཅི་ཞིག་མེད་པར་ལེན་པོ་གང་ཞིག་ལ་ཡོད་དེ་མེད་ལ། ལེན་པ་པོ་གང་ཞིག་མེད་ན་བླང་བྱ་ཅི་ཞིག་གསལ་ཡོད་དེ་མེད་དགོས་པས་སོ། །ས་བོན་དང་མྱུ་གུའི་ཐ་སྙད་ཕན་ཚུན་ལྟོས་གྲུབ་ཡིན་པ་བཞིན་ནོ། །གཉིས་པ་ལ། ཕྱོགས་སྔ་བརྗོད། དེ་དགག་པའོ། །དང་པོ་ནི། ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་ཡོད་པར་ཁས་བླངས་ན་ཉེས་པ་དེ་དག་ཏུ་འགྱུར་ཡང་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་གང་ཞིག་ཡོད་པ་མིན་གྱི་རེ་རེའི་སྔ་རོལ་ན་ཡོད་དོ། །དེའི་ཕྱིར་ལྟ་བ་སོགས་རྣམས་ལས་ལྟ་བའི་དབང་པོའི་ལེན་པ་པོ་གསལ་བར་བྱེད་པའི་ཚེ་ཉན་པའི་དབང་པོ་སོགས་གཞན་ཞིག་གིས་གསལ་བར་བྱེད་པ་མ་ཡིན་གྱི་ལྟ་བའི་དབང་པོས་དེར་མཚོན་པའི་དུས་ལས་གཞན་གྱི་ཚེ་ན་ལེན་པ་པོར་ཉན་པ་སོགས་ཀྱིས་གང་བར་བྱེད་དོ། །དེ་ལྟར་ན་བླང་བྱའི་སྔ་རོལ་ནའང་ཡོད་ལ། ལེན་པ་པོར་མཚོན་བྱེད་ཀྱི་རྒྱུ་མེད་པའི་ཉེས་པ་ལས་ཀྱང་གྲོལ་ལོ་ཞེ་ན། གཉིས་པ་ལ། དངོས་དང༌། དེའི་ཉེས་སྤོང་དགག དང་པོ་ལ། ཐམས་ཅད་ཀྱི་སྔ་རོལ་ན་མེད་པའི་རྟགས་ཀྱིས་དགག ལྟ་བ་པོ་ཉིད་ཉན་པོ་སོགས་མ་ཡིན་པའི་རྟགས་ཀྱིས་དགག དང་པོ་ནི། བདག་དེ་ནི་ཆོས་ཅན། ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཇི་ལྟར་ཡོད་དེ་མེད་པར་ཐལ། གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མ་ཡིན་ན་སྟེ་དེའི་ཕྱིར་རོ། །དཔེར་ན། ཤིང་ཐམས་ཅད་ཀྱི་སྔ་རོལ་ན་ནགས་ཚལ་མེད་ན་ཤིང་རེ་རེའི་སྔ་རོལ་ན་ནགས་ཚལ་མེད་དགོས་པ་བཞིན་དང༌། བྱེ་མ་ཐམས་ཅད་ལ་ཏིལ་མར་མེད་ན་རེ་རེ་ལ་མེད་དགོས་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་གང་ཟག་གཅིག་ཉིད་ལྟ་བ་ལ་སོགས་རེ་རེ་ཡི་སྔ་རོལ་ན་ཡོད་པར་འགྱུར་ན་སྟེ་འགྱུར་བ་ལ་ལྟ་བ་དེ་ཉིད་ཉན་པ་པོ་དེ་ཡིན་པ་དང༌། ཚོར་བ་པོའང་ལྟ་བ་པོ་དེ་ཉིད་ཡིན་པ་གཅིག་དགོས་ན། དེ་ནི་དེ་ལྟར་མི་རིགས་སོ་སྟེ། དེ་ལྟ་ན་ལྟ་བའི་བྱ་བ་དང་བྲལ་བའི་ཉན་པ་པོའང་ལྟ་བ་པོར་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ཐལ་བའི་སྐྱོན་མེད་དེ། གལ་ཏེ་ལྟ་བ་པོ་གཞན་ཉིད་ཡིན་ལ་ཉན་པ་པོའང་དེ་ལས་གཞན་དང་ཚོར་བ་པོའང་གཞན་ནོ་ཞེ་ན། དེ་ལྟ་ན་རེ་རེའི་སྔ་རོལ་ན་ཡོད་པར་མི་འགྲུབ་བོ་ཞེས་སྟོན་པ་ནི་ལྟ་བ་ཡོད་པའི་ཚེ་ཉན་པ་པོ་ཡོད་པར་ཐལ་བར་འགྱུར་བས་རེ་རེའི་སྔ་རོལ་དུ་ཡོད་པར་མི་འགྲུབ་ཅིང་ཉེས་པ་གཞན་ཡང་སྐྱེས་བུ་གཅིག་ལ་བདག་ཀྱང་མང་པོ་ཉིད་དུ་ཐལ་བར་འགྱུར་ཏེ། སྐྱེས་བུ་གཅིག་གི་ལྟ་པོ་དང་ཉན་པ་པོ་སོགས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། ཉེ་བར་ལེན་པ་པོ་ནི་ལྟ་སོགས་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ལ། དེ་ལྟ་ན་སྔར་གྱི་རྒྱུ་མེད་པའི་ཉེས་པ་མི་འཇུག་སྟེ། ལྟ་སོགས་ཀྱི་སྔ་རོལ་མིང་གཟུགས་ཀྱི་གནས་སྐབས་ན་འབྱུང་བ་ཆེན་པོ་བཞི་ཡོད་ལ་དེས་ཉེར་ལེན་ཅན་དུ་གདགས་པའི་ཕྱིར་ཞེ་ན། ལྟ་དང་ཉན་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་གང་ལས་འབྱུང་བར་འགྱུར་བའི་འབྱུང་བ་བཞི་པོ་དེ་དག་ལའང་ཆོས་ཅན། བདག་དེ་ནི་ཡོད་པ་མ་ཡིན་ཏེ། སྔར་བཤད་པའི་རིགས་པས་དེ་ལྟར་ཡོད་པ་ཁེགས་པའི་ཕྱིར། ཇི་ལྟར་ཅེ་ན། བདག་དེ་འབྱུང་བའི་ཕྱིས་ཡོད་པ་དང་དུས་མཉམ་པ་ནི་འོག་ནས་འབྱུང་བའི་རིགས་པས་ཁེགས་ལ། སྔར་ཡོད་ན། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ཅེས་པས་ཁེགས་པའོ། །གཉིས་པ་བླང་བྱ་དགག་པ་ནི། གལ་ཏེ་བདག་བཀག་མོད། ཉེ་བར་བླང་བྱ་ནི་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར་ཞེ་ན། ཉེ་བར་བླང་བྱ་དེ་དག་ཀྱང་ནི་ཡོད་པ་མ་ཡིན་ཏེ་ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་གི་ཡིན་པའི་ཉེ་བར་ལེན་པ་པོ་དེ་གལ་ཏེ་མེད་པར་གྱུར་པ་དེའི་ཚེ་ནའོ། །གཉིས་པ་བསྡུས་ཏེ་བསྟན་པ་ནི། གོང་དུ་བཤད་པ་དེ་ལྟར་ན། བདག་ཡོད་དོ་ཞེས་འཛིན་པའི་རྟོག་པ་དག་ནི་ལྡོག་པར་འགྱུར་ཏེ། བདག་གང་ཞིག་ལྟ་བ་ལ་སོགས་ཀྱི་སྔ་རོལ་ན་མེད་པར་ནི་བཤད་ཟིན་ལ། ད་ལྟ་སྟེ་དུས་མཉམ་དུའང་མེད་ཕྱིས་ན་ཡང་མེད་པ་དེ་ལ་སྟེ་དེའི་ཚེ་ནའོ། །རྟགས་གཉིས་པ་ནི་སོ་སོར་མ་གྲུབ་པ་དག་ལ་ལྷན་ཅིག་པ་ཉིད་མ་མཐོང་བའི་ཕྱིར་དང༌། རྟགས་གསུམ་པ་ནི། ལྟ་བ་ལ་སོགས་པ་སྔ་ལ་བདག་ཕྱི་བ་ཡིན་ན་བྱེད་པ་པོ་མེད་པའི་ལས་དང༌། ལས་མེད་པའི་བྱེད་པ་པོ་ཡོད་པར་ཐལ་བའི་ཕྱིར། བདག་དེ་མེད་དོ་ཞེས་ཞེན་པའི་རྟོག་པ་དག་ཀྱང་ལྡོག་པར་འགྱུར་ཏེ། གོང་དུ་བདག་དེ་ཡོད་པ་བཀག་པ་ཡིན་གྱི་མེད་པར་བཏགས་པ་ནི་མ་ཡིན་པའི་ཕྱིར་ཏེ། དམིགས་པ་མེད་པའི་རང་བཞིན་དེ་ཡོད་པའམ་མེད་པ་ཉིད་དུ་ཤེས་རབ་ཅན་སུ་ཞིག་རྟོག་པར་བྱེད། ཅེས་ཚིག་གསལ་ལས་སོ། །འདིར་ཞལ་སྔ་ནས། ལྟ་བ་ལ་སོགས་པས་གསལ་བར་བྱེད་པའི་ཕྱིར་གང་ཟག་དེ་མེད་དོ་ཞེས་པའི་རྟོག་པ་དག་ཀྱང་ལྡོག་པར་འགྱུར་རོ་ཞེས་བཤད་ནས་བདག་ཡོད་པར་ལུང་འདིས་སྒྲུབ་པ་ནི་ནོར་བ་ཡིན་ཏེ། བདག་ཡོད་མེད་ཀྱི་སྤྲོས་པའི་མཐའ་འགོག་བྱེད་དུ་གཞུང་འདི་སྦྱར་དགོས་པའི་ཕྱིར་དང༌། གཞུང་འདི་ཐ་སྙད་དུ་བདག་ཡོད་པའི་སྒྲུབ་བྱེད་དུ་འཆད་པའི་འགྲེལ་པ་མི་སྣང་བའི་ཕྱིར་དང༌། ཁྱད་པར་དུ་འདིའི་ཐད་ཀྱི་ཚིག་གསལ་ལས། འདིར་སྨྲས་པ། ཅི་བདག་མེད་དོ་སྙམ་དུ་ཁྱོད་ཀྱིས་དེ་ལྟར་ངེས་སམ། དེ་སྐད་སུས་སྨྲས། ལྟ་བ་ལ་སོགས་པ་མེད་པའི་ཕྱིར་བདག་ཀྱང་མེད་དོ་ཞེས་ཐལ་མ་ཐག་དུ་སྨྲས་པ་མ་ཡིན་ནམ་ཞེ་ན། དེ་སྐད་དུ་ཁོ་བོ་ཅག་གིས་སྨྲས་མོད། འདིའི་དོན་ནི་ཁྱོད་ཀྱིས་ཡང་དག་པར་གཏན་ལ་མ་ཕབ་པ་ཡིན་ནོ། །གང་གི་ཕྱིར་བདག་དངོས་པོའི་རང་བཞིན་ཅན་ཡོད་དོ་ཞེས་བཏགས་པ་ཡིན་ལ་དེ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཞིང༌། བདག་གིས་ཀྱང་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་གཉེན་པོར་དེ་ལ་མངོན་པར་ཞེན་པ་བཟློག་པའི་ཚིག་སྨྲས་པ་ཡིན་གྱི་འདིའི་དངོས་པོ་མེད་པ་བཏགས་པ་ནི་མ་ཡིན་ཏེ། འདི་ལྟར་འདི་གཉིས་ནི་སྤང་བར་བྱ་བ་ཡིན་ཏེ། གང་དངོས་པོ་ལ་མངོན་པར་ཞེན་པ་དང༌། གང་ཡང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའོ། །ཞེས་གསུངས་པས་གཞུང་འདི་བདག་ཡོད་པར་སྒྲུབ་བྱེད་ཀྱི་གཞུང་དུ་ཇི་ལྟར་འགྱུར། འགྲེལ་པ་དྲངས་མ་ཐག་པ་འདིས་ནི་གལ་ཆེ་བའི་དོན་གཞན་ཡང་བསྟན་ཏེ། ཆོས་ཀྱི་བདག་བཀག་ཀྱང་ཆོས་ཀྱི་བདག་མེད་པ་ཡིན་པར་མ་སྒྲུབ་ཞེས་ཀྱང་མཚོན་པས་གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ཀྱིས་བདེན་གྲུབ་བཀག་ཀྱང་བདེན་མེད་མ་སྒྲུབ་པར་གསལ་བས། དེ་བསྒྲུབ་བྱར་འདོད་པ་དང༌། དེ་ལྟར་ཞེན་པའི་རྗེས་དཔག་རིགས་ངེས་སུ་འདོད་པ་བསལ་བ་ཡིན་ནོ། །རིན་པོ་ཆེ་པའི་ཞལ་སྔ་ནས། བདག་ངར་འཛིན་གྱི་དམིགས་པར་བཞེད་པ་དང༌། །གང་ཕྱིར་འཇིག་རྟེན་ལག་པ་ན་བ་ལ། །བདག་ནི་ནའོ་སྙམ་དུ་རྟོགས་དེས་ན། །དེ་གཉིས་རྫས་གཞན་འཇིག་རྟེན་ལས་ཀྱང་མེད། །ཅེས་སྦྱར་ནས། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །ཞེས་པའི་རིགས་པར་འདོད་པ་ནི་ནང་འགལ་བ་ཡིན་ཏེ། གཞུང་དེས་ནི། སྔར་གྱི་ས་བོན་དེ་ཉིད་ཕྱིས་ཀྱི་བུར་ཞེན་པ་དང་སྔར་གྱི་ཤིང་གི་ས་བོན་དེ་ཉིད་ཕྱིས་ཀྱི་ཤིང་དུ་ཞེན་པར་བསྟན་པ་དང༌། ཁྱེད་རང་གིས་སྦྱར་བའི་གཞུང་དེས་ཀྱང་འཇིག་རྟེན་པས་ལག་པ་བདག་ཏུ་ཞེན་པའི་གཞིའམ་དམིགས་པར་ཁས་ལེན་དགོས་པའི་ཕྱིར་དང༌། འོ་ན་རང་ལུགས་ལ་བདག་ཡོད་པའམ་མེད་པར་ཁས་ལེན་ཞེ་ན། ཇི་སྲིད་བདག་ཡོད་པར་ཁས་ལེན་པ་དེ་སྲིད་དུ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་དེ་ཡང་ཐ་སྙད་དུ་ཡོད་པར་ཁས་ལེན་དགོས་ལ། དེ་ཐ་སྙད་དུ་ཁས་བླངས་པ་ལ་ཉེས་པ་ཡོད་པར་འདོད་བཞིན་དུ་ང་ཙམ་བདག་ཏུ་ཁས་ལེན་པ་དང༌། གང་ཟག་དང་བདག་དོན་གཅིག་ཏུ་ཁས་ལེན་པ་ནི་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་མ་རྟོགས་པའི་ཉེས་པ་ཡིན་ནོ། །འོ་ན། མེད་པ་ཉིད་དུ་དེ་མ་ངེས། །ཞེས་པའི་འགྲེལ་པར། གང་ཞིག་ཕུང་པོ་ལ་བརྟེན་ནས་གདགས་པ་དེ་མེད་དོ་ཞེས་བྱ་བར་ཇི་ལྟར་འགྱུར་ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ནི་ཕུང་པོ་ལ་བརྟེན་ནས་འདོགས་པ་མ་ཡིན་ནོ། །ཞེས་གསུངས་པ་ཇི་ལྟར་འཆད་ཅེ་ན། དེའི་དོན་ནི། འཇིག་རྟེན་གྱི་ཐ་སྙད་དུ་བདག་དང་མོ་གཤམ་གྱི་བུ་གཉིས་མེད་མཚུངས་མ་ཡིན་པར་སྟོན་པའི་དོན་ཡིན་ཏེ། འཇིག་རྟེན་པའི་བློ་ལྷན་སྐྱེས་བག་ཆགས་ཤིན་ཏུ་བརྟན་པ་དག་གིས་བདག་ཡོད་པར་ནི་ཞེན་ལ། མོ་གཤམ་གྱི་བུ་ཡོད་པར་ཞེན་པའི་འཇིག་རྟེན་པའི་བློ་བག་ཆགས་བརྟན་པ་ལྟ་ཞོག བློ་འཁྲུལ་པའང་རྙེད་དཀའ་བ་ལ་དགོངས་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་མཚན་ནི། སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་དགུ་པ་རྣམ་པར་བཤད་པའོ།།  །།ཉེ་བར་བླང་བྱ་ཉེར་ལེན་པོ། །སྔ་ཕྱིའམ་ལྷན་ཅིག་བརྟགས་པ་ནི། །བདག་མི་འགྲུབ་ཅིང་བདག་མེད་ཀྱང༌། །ཡོད་མིན་པས་ན་སྤྲོས་ཀུན་བྲལ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་གང་ཟག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ། ཤེས་བྱེད་ཀྱི་དཔེ་དགག སྒྲུབ་བྱེད་ཀྱི་གཏན་ཚིགས་དགག་པའོ། །དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད། མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད། དེ་སུན་དབྱུང་བའོ། །དང་པོ་ནི། ཕན་ཚུན་ལྟོས་གྲུབ་ཡིན་ཀྱང་རང་བཞིན་གྱིས་གྲུབ་པ་སྲིད་དེ། དཔེར་ན་མེ་དང་བུད་ཤིང་བཞིན་ནོ། །ཉེ་བར་ལེན་པ་པོ་དང་བླང་བྱ་ཡང་དེ་བཞིན་ནོ་ཞེ་ན། གཉིས་པ་ལ། མཐར་འཛིན་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། མཐར་འཛིན་ཅན་བསྟན་པ་ལ་མི་མཁས་པར་བསྟན། དང་པོ་ལ། མེ་དང་བུད་ཤིང་རང་བཞིན་གྱིས་གྲུབ་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། དེ་གཞན་ལ་ཡང་སྦྱར་བའོ། །དང་པོ་ལ། རྒྱས་པར་བཤད། བསྡུས་ཏེ་བསྟན། དང་པོ་ལ། སྔར་མ་བཤད་པའི་རིགས་པས་དགག སྔར་བཤད་པའི་རིགས་པས་དགག དང་པོ་ལ། མེ་དང་བུད་ཤིང་ངོ་བོ་གཅིག་པ་དགག ངོ་བོ་ཐ་དད་པ་དགག དང་པོ་ནི། མེ་དང་བུད་ཤིང་ངོ་བོ་ཉིད་ཀྱིས་གྲུབ་ན། གཅིག་གམ། ཐ་དད། གལ་ཏེ་བུད་ཤིང་གང་ཡིན་པ་དེ་ཉིད་མེ་ཡིན་ནོ་ཞེ་ན། བྱེད་པ་པོ་དང་ལས་གཅིག་ཏུ་ཐལ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ལ། གཉིས་པོ་ཐ་དད་ཡིན་ན་ཐ་དད་བདེན་དགོས་པས་འདི་དགག་པ་ལ་གཉིས་ཏེ། བསྒྲུབ་བྱ་ཐ་དད་དུ་བདེན་པ་དགག དེར་བདེན་པའི་སྒྲུབ་བྱེད་དགག དང་པོ་ལ། མེ་དང་བུད་ཤིང་རང་བཞིན་ཐ་དད་དུ་བདེན་ན་མེ་བུད་ཤིང་ལ་མི་ལྟོས་པར་ཐལ་བ་དང༌། མི་འཕྲད་པར་ཐལ་བའོ། །དང་པོ་ལ། དངོས་དང༌། དེ་ལ་མ་ངེས་པ་སྤང་བའོ། །དང་པོ་ལ། ཤིང་མེད་པར་ཀྱང་འབྱུང་བར་ཐལ་བ་དང༌། རྟག་ཏུ་འབར་བར་ཐལ་བའོ། །དང་པོ་ནི། གལ་ཏེ་བརྟག་པ་གཉིས་པ་ཁས་ལེན་ནོ་ཞེ་ན། མེ་ཆོས་ཅན། ཤིང་ལ་ལྟོས་པ་མེད་པར་ཡང་འབྱུང་བར་ཐལ། ཤིང་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར། གཉིས་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། མེ་བུད་ཤིང་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ན། བུམ་སྣམ་བཞིན་དུ་འབྲེལ་མེད་ཡིན་དགོས་པས་མེ་ནི་རྟག་ཏུ་འབར་བ་ཉིད་དུ་འགྱུར་ཞིང་འབར་བར་བྱེད་པའི་རྒྱུ་ལས་མི་འབྱུང་བར་འགྱུར་ལ། རྩོམ་པ་དོན་མེད་པ་ཉིད་དུ་ཡང་འགྱུར་རོ། །དེ་ལ་འདོད་པ་དེ་ལྟ་ཡིན་ན་ལས་ཀྱང་མེད་པར་འགྱུར་རོ། །གཉིས་པ་ནི། མེ་ཆོས་ཅན། འབར་བར་བྱེད་པའི་རྒྱུ་བུད་ཤིང་ལས་མི་འབྱུང་ཞིང་རྟག་ཏུ་འབར་བར་ཐལ། རྒྱུ་གཞན་ལ་ལྟོས་པ་མེད་པར་འབར་བའི་ཕྱིར། འདོད་པ་དེ་ལྟ་ཡིན་ན་ནི་བུད་ཤིང་གིས་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ཡང་འདོད་ན་ལས་མེད་པའི་བྱེད་པ་པོ་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་རྒོལ་བ་དེ་ལ་གལ་ཏེ་འདི་སྙམ་དུ་ཐལ་བ་དེ་དག་མ་ངེས་ཏེ། མེས་སྲེག་པར་བྱེད་བཞིན་པ་དེ་ཉིད་བུད་ཤིང་ཡིན་ནོ་སྙམ་དུ་སེམས་ན། དོན་གཞན་དུ་གྱུར་པའི་མེ་གང་གིས་བུད་ཤིང་དེ་ཇི་ལྟར་སྲེག་པར་བྱེད་དེ། གང་ཚེ་སྲེག་བཞིན་པ་དེ་ཙམ་བུད་ཤིང་དེ་ཡིན་ན་དེ་ལས་དོན་གཞན་དུ་གྱུར་པའི་མེ་མེད་པའི་ཕྱིར། འདིའི་རིགས་པ་ནི་རྒྱས་པར། མེས་ནི་ཚ་བ་ཉིད་སྲེག་སྟེ། །ཚ་བ་མ་ཡིན་ཇི་ལྟར་སྲེག །དེས་ན་བུད་ཤིང་ཞེས་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། །ཅེས་གསུངས་པ་འདི་ཉིད་གསལ་བར་སྣང་ངོ༌། །ཞེས་རིན་པོ་ཆེ་པ་གསུང་ངོ༌། །གཉིས་པ་ལ་གཉིས། དངོས་དང༌། དེ་ལ་མ་ངེས་པ་སྤོང་བའོ། །དང་པོ་ནི། མེ་ཆོས་ཅན། བུད་ཤིང་དང་མི་ཕྲད་པར་ཐལ། བུད་ཤིང་དང་ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར། མུན་པ་བཞིན་འདོད་ན། མེ་ཆོས་ཅན། བུད་ཤིང་སྲེག་པར་མི་འགྱུར་ཏེ། དེ་དང་ཕྲད་པ་མེད་པའི་ཕྱིར། འདོད་ན། མེ་ཆོས་ཅན། བུད་ཤིང་ཟད་པ་ན་འཆི་བར་མི་འགྱུར་བར་ཐལ་ཏེ། དེས་མི་སྲེག་པའི་ཕྱིར། འདོད་ན། མེ་ཆོས་ཅན། རང་གི་རྟགས་འབར་བ་དང་ལྡན་པར་རྟག་ཏུ་གནས་པ་ཁོ་ནར་འགྱུར་ཏེ། མི་འཆི་བའི་ཕྱིར། ཡང་གི་སྒྲ་ནི། ངེས་བཟུང་ངམ། རྣམ་པར་བརྟག་པའམ། བསྡུ་བའི་དོན་ཡིན་པར་ཚིག་གསལ་ལས་འབྱུང་ངོ༌། །གཉིས་པ་ནི། གལ་ཏེ་ཤིང་ལས་མེ་གཞན་ཡིན་ན་ཡང་ཤིང་དང་ཕྲད་པ་རུང་བར་འགྱུར་ཏེ། ཇི་ལྟར་སྐྱེས་པ་དང་བུད་མེད་ཕྲད་པ་བཞིན་ནོ་ཞེ་ན། ཇི་ལྟར་བུད་མེད་སྐྱེས་པ་དང་སྐྱེས་པའང་བུད་མེད་དང་ཕན་ཚུན་ལྟོས་པ་མེད་ཀྱང་ཕྲད་པ་བཞིན་དུ། གལ་ཏེ་ཤིང་ལས་མེ་ལྟོས་མེད་ཀྱི་གཞན་ཡིན་ན། མེ་ཤིང་དང་ཕྲད་པར་རུང་བར་འགྱུར་བ་ལས། དཔེ་དོན་མི་མཚུངས་ཏེ། མེ་ཤིང་གཉིས་ཕན་ཚུན་ལྟོས་བཅས་ཡིན་པའི་ཕྱིར། དེ་ཉིད་གསལ་བར་སྟོན་པ་ནི། གལ་ཏེ་མེ་དང་ཤིང་དག་ནི་སྐྱེས་པ་དང་བུད་མེད་བཞིན་དུ་གཅིག་གིས་གཅིག་ནི་བསལ་བར་འགྱུར་བ་སྟེ་ལྟོས་མེད་དུ་གྲུབ་ན། ཤིང་ལས་མེ་གཞན་ཡིན་ན་ཡང་འཕྲད་པར་འདོད་ལ་རག་ཏུ་ཆུག་མོད་ཀྱང་དཔེ་དོན་མི་མཚུངས་ཏེ། ཕན་ཚུན་ལྟོས་བཅས་ཀྱི་གཞན་དཔེར་འགོད་རིགས་པ་ལས་ལྟོས་མེད་ཀྱི་ཐ་དད་པ་གཉིས་དཔེར་བཀོད་པའི་ཕྱིར་རོ། །འདིར་རིན་པོ་ཆེ་པས། ཇི་ལྟར་བུད་མེད་ཅེས་སོགས་ཤླཽ་ཀ་གཅིག་པོ་ཕྱོགས་སྔ་མཛད་ཀྱང༌། ཚིག་གསལ་ལས་འཆད་ལུགས་འདི་ཁོ་ན་ལྟར་སྣང་བས་ཡིད་གཉིས་མི་བྱའོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ། ལྟོས་པའི་སྒྲུབ་བྱེད་དགག མངོན་སུམ་དུ་མཐོང་བའི་སྒྲུབ་བྱེད་དགག དང་པོ་ལ་ཕྱོགས་སྔ་མ་བརྗོད་པ་ནི། མེ་དང་བུད་ཤིང་ངོ་བོ་ཉིད་ཀྱིས་ཡོད་དེ། ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར། རང་བཞིན་གྱིས་ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་དང་བུ་མོ་དག་ནི་ཕན་ཚུན་ལྟོས་པར་མ་མཐོང་བ་བཞིན་ནོ་ཞེ་ན། དེ་དགག་པ་ལ། ལྟོས་པ་དགག ལྟོས་པ་ཁེགས་ཀྱང་མ་ལྟོས་པ་ཁས་མི་ལེན་པར་བསྟན། དང་པོ་ལ། ལྟོས་པ་ལ་དུས་གསུམ་དུ་བརྟགས་ནས་དགག ལྟོས་ཆོས་ཡོད་མེད་ལ་བརྟགས་ནས་དགག དང་པོ་ལ། དུས་སྔ་ཕྱི་ལ་ལྟོས་པ་ཡོད་པ་དགག དུས་མཉམ་ལ་ལྟོས་པ་ཡོད་པ་དགག་པའོ། །དང་པོ་ལ། དྲི་བ་དང༌། དེའི་ལན་དགག་པ་གཉིས་ལས་དང་པོ་ནི། གལ་ཏེ་ཤིང་ལ་ལྟོས་ནས་མེ་འཇོག་པ་ཡིན་ལ། གལ་ཏེ་མེ་ལ་ལྟོས་ནས་ཤིང་འཇོག་པ་ཡིན་ན་གང་ལ་ལྟོས་ནས་མེ་དང་ཤིང་དུ་འགྱུར་བ་དེ་གཉིས་ལ་དང་པོར་གྲུབ་པ་གང་ཞིག་ཡིན་ཞེས་དྲི་བར་བྱའོ། །གཉིས་པ་ནི། ཚིག་གསལ་ལྟར་ན། གལ་ཏེ་བུད་ཤིང་དང་པོར་གྲུབ་བོ་ཞེ་ན། མི་རིགས་ཏེ་སྲེག་བཞིན་པ་མ་ཡིན་པ་ནི་བུད་ཤིང་དུ་མི་རིགས་པའི་ཕྱིར། ཅི་སྟེ་མེ་དང་པོར་གྲུབ་བོ་ཞེ་ན་མི་རིགས་ཏེ། བུད་ཤིང་ལས་སྔར་གྲུབ་པའི་མེ་མེད་པའི་ཕྱིར། ཡོད་ན་རྒྱུ་མེད་དུ་ཐལ་བའི་ཕྱིར་དང༌། གྲུབ་ཟིན་ནས་ཕྱིས་ལྟོས་པ་ལ་དགོས་པ་མེད་པའི་ཕྱིར། གལ་ཏེ་བུད་ཤིང་ལ་ལྟོས་ནས་མེར་འཇོག་པ་ཡིན་ན་མེ་གྲུབ་ཟིན་པ་ལ་བུད་ཤིང་གིས་སྒྲུབ་དགོས་པར་འགྱུར་ཏེ། མ་གྲུབ་ན་ཤིང་ལ་ལྟོས་པར་འགལ་བའི་ཕྱིར། དེར་མ་ཟད་བུད་པར་བྱ་བའི་ཤིང་ལ་ཡང་མེ་མེད་པར་ནི་བུད་ཤིང་དུ་འགྱུར་བ་ཡིན་པར་ཐལ། བུད་ཤིང་སྔར་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། སྲེག་བཞིན་པ་ལ་བུད་ཤིང་དུ་འདོད་དགོས་པའི་ཕྱིར། སངས་རྒྱས་བསྐྱངས་ཀྱིས་དྲི་བ་དང་པོའི་ལན་འགོག་པ་ནི། གལ་ཏེ་ཤིང་ལྟོས་ཞེས་པས་བསྟན་ནས། གལ་ཏེ་མེ་སྔར་གྲུབ་བོ་ཞེ་ན། མེ་ཆོས་ཅན། བུད་པར་བྱ་བའི་ཤིང་ལ་ཡང་ལྟོས་པ་མེད་པར་གྲུབ་པར་འགྱུར་ཏེ། ཤིང་གི་སྔར་གྲུབ་པའི་ཕྱིར། འདོད་ན། ཁྱོད་གཉིས་ལྟོས་པ་དང་ལྟོས་ཆོས་སུ་འདོད་པ་འགལ་ལོ། །ཞེས་འཆད་དེ་ལེགས་པར་སྣང་ངོ༌། །གཉིས་པ་ནི། ལྟོས་པ་དང་ལྟོས་ཆོས་སྔ་ཕྱི་ལ་ཉེས་པ་འཇུག་ཀྱང་དུས་མཉམ་པར་ཁས་ལེན་ནོ་ཞེ་ན། གལ་ཏེ་མེའི་དངོས་པོ་གང་ཞིག་བུད་ཤིང་གི་དངོས་པོ་ལ་ལྟོས་ནས་འགྲུབ་ལ། བུད་ཤིང་གི་ལྟོས་ཆོས་གང་ཡིན་པའི་མེ་དེ་ཉིད་ལ་ཡང་ལྟོས་ན་ནི་ལྟོས་བྱ་སྟེ་ལྟོས་པ་བུད་ཤིང་གང་ཡིན་པ་དེ་འགྲུབ་ན། ཤེས་བྱ་ཆོས་ཅན། གང་ལ་ལྟོས་ནས་གང་ཞིག་འགྲུབ་པ་སྨྲོས་ཤིག་སྟེ། རང་བཞིན་གྱིས་གྲུབ་པའི་དངོས་པོ་གཉིས་རྟོགས་པ་ཕན་ཚུན་བརྟེན་ན་མི་འགྲུབ་དགོས་པའི་ཕྱིར་རམ། ཡང་གང་རུང་གཅིག་མ་གྲུབ་ན་ལྟོས་པར་མི་འཐད། གཉིས་ཀ་གྲུབ་ན་ལྟོས་མི་དགོས་པར་གྲུབ་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། མེའི་དངོས་པོ་བུད་ཤིང་ལ་ལྟོས་ནས་གྲུབ་པ་གང་ཡིན་པ་དེ་གྲུབ་བམ། མ་གྲུབ། མ་གྲུབ་ན། དེ་ཆོས་ཅན། བུད་ཤིང་ལ་ཇི་ལྟར་ལྟོས་ཏེ། མ་གྲུབ་པའི་ཕྱིར། བོང་བུའི་རྭ་བཞིན་ནོ། །ཅི་སྟེ་གྲུབ་པ་ལྟོས་སོ་ཞེ་ན། མེ་དེ་ནི་ཆོས་ཅན། བུད་ཤིང་ལ་སྔར་ཡང་ལྟོས་པར་མི་རིགས་ཏེ། གྲུབ་ཟིན་པའི་ཕྱིར། གཉིས་པ་ནི། མདོར་ན། ཤིང་ལ་ལྟོས་པའི་མེ་ངོ་བོ་ཉིད་ཀྱིས་མེད་དེ། བཀག་ཟིན་པའི་ཕྱིར། འོ་ན་མ་ལྟོས་པར་ཁས་ལེན་ནམ་ཞེ་ན། ཤིང་ལ་མ་ལྟོས་པའི་མེ་ནི་ཐ་སྙད་དུ་ཡང་མེད་དེ། གལ་ཏེ་ཡོད་ན་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་མེ་ལ་ལྟོས་པའི་ཤིང་ངོ་བོ་ཉིད་ཀྱིས་མེད་དེ་ཞེས་སམ། ཡང་ཤིང་མེ་ལ་ལྟོས་པ་ངོ་བོ་ཉིད་ཀྱིས་མེད་དེ། གྲུབ་མ་གྲུབ་དང་དུས་གསུམ་དུ་བརྟགས་ནས་བཀག་ཟིན་པའི་ཕྱིར། མེ་ལ་མ་ལྟོས་པའི་ཤིང་ཡང་མེད་དེ། སྲེག་བཞིན་པ་མ་ཡིན་པ་བུད་ཤིང་དུ་མི་འཐད་པའི་ཕྱིར། གཉིས་པ་མངོན་སུམ་གྱིས་མཐོང་བའི་སྒྲུབ་བྱེད་དགག་པ་ནི། གལ་ཏེ་མེས་བུད་ཤིང་སྲེག་པར་མངོན་སུམ་གྱིས་དམིགས་པའི་ཕྱིར། མེ་དང་བུད་ཤིང་ངོ་བོས་གྲུབ་བོ་ཞེ་ན། འོ་ན་བུད་ཤིང་མ་ཡིན་པ་གཞན་ལས་འོངས་ནས་བུད་ཤིང་སྲེག་གམ། ཤིང་དེ་ཉིད་ལ་འོངས་ནས་ཤིང་སྲེག དང་པོ་ལྟར་ན་བུད་ཤིང་མ་ཡིན་པ་གཞན་ལས་མི་འོང་སྟེ། དེར་མ་དམིགས་པའི་ཕྱིར་དང༌། རྒྱུ་མེད་དུ་ཐལ་བའི་ཕྱིར་དང༌། དེར་ཡང་སྔར་གྱི་བུད་ཤིང་གི་རྒལ་བརྟག་མཚུངས་པའི་ཕྱིར། གཉིས་པ་ལྟར་ན། ཤིང་ལའང་མེ་ནི་དང་པོ་ནས་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རོ། །སྔར་བཤད་པའི་རིགས་པས་དགག་པ་ནི། མེས་བུད་ཤིང་སྲེག་བཞིན་པ་མ་དམིགས་སོ་ཞེས་པའི་སྐབས་ཀྱི་བུད་ཤིང་གི་སུན་འབྱིན་ལྷག་མ་ནི་ཆོས་ཅན། འདིར་མ་བཤད་པ་གཞན་ཡང་དྲན་པར་བྱ་དགོས་ཏེ། སོང་བ་དང་མ་སོང་བ་དང་བགོམ་པས་བསྟན་པའི་རིགས་པ་དེ་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། རེ་ཤིག་སྲེགས་ལ་མི་སྲེག་སྟེ། །མ་སྲེགས་པ་ལའང་སྲེག་པ་མེད། །ཅེས་སོགས་གོ་སླའོ། །གཉིས་པ་བསྡུས་ཏེ་བསྟན་པ་ནི། ཤིང་ཉིད་མེ་ནི་མ་ཡིན་ཏེ། བྱེད་པ་པོ་དང་ལས་གཅིག་དུ་ཐལ་བའི་ཕྱིར། ཤིང་ལས་གཞན་ལ་མེ་མེད་དེ། ཤིང་མེད་པར་ཡང་མེ་འབྱུང་བར་ཐལ་བའི་ཕྱིར་རོ། །མེ་ནི་ཤིང་དང་ལྡན་པ་མ་ཡིན་ཏེ། ལྡན་ཚུལ་ལ་གཉིས་ལས་ངོ་བོ་གཅིག་པའི་ལྡན་ཚུལ་དང༌། ཐ་དད་པའི་ལྡན་ཚུལ་གཉིས་ཀའང་སྔར་མེ་དང་བུད་ཤིང་ངོ་བོ་གཅིག་དང་ཐ་དད་འགོག་པའི་རིགས་པས་ཁེགས་པའི་ཕྱིར་དང༌། མེ་ལ་ཤིང་ངོ་བོ་ཉིད་ཀྱིས་བརྟེན་པ་ཡང་མེད་ལ། ཤིང་དེར་མེ་དེ་བརྟེན་པ་ཡང་ངོ་བོས་མེད་དེ། རྟེན་དང་བརྟེན་པ་ནི་རྒྱ་ཤུག་དང་མཁར་གཞོང་ལྟར་གཞན་དུ་ཡོད་དགོས་པ་ལས་དེ་གཉིས་གཞན་ཡིན་པ་ནི་བཀག་ཟིན་པའི་ཕྱིར། གཉིས་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། མེ་དང་བུད་ཤིང་ལ་རྣམ་པར་དཔྱད་པའི་རིགས་པ་སྔར་བཤད་པ་ལྔ་དང་དེའི་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ་དག་གིས་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། ལེན་པོ་བདག་དང་བླང་བྱ་ཉེ་བར་ལེན་པའི་རིམ་པ་རྣམས་སྦྱར་ས་བུམ་སྣམ་སོགས་དང་ལྷན་ཅིག་ཏུ་སྦྱར་རྒྱུ་རྩ་བའི་བརྟག་པ་ལྔ་པོ་ཀུན་དང་དེའི་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པ་མ་ལུས་པར་ནི་རྣམ་པར་བཤད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་དང་མ་ལུས་པའི་ཁྱད་པར་ནི་འདི་ཁོ་ན་ལྟར་ཚིག་གསལ་ལས་བཤད་དོ། །གཉིས་པ་མཐར་འཛིན་ཅན་བསྟན་པ་ལ་མི་མཁས་པར་བསྟན་པ་ནི། དངོས་པོར་སྨྲ་བ་གང་དག་བདག་དང་ཉེ་བར་བླང་བྱ་ཕུང་པོའི་དངོས་པོ་རྣམས་དང༌། རྒྱུ་གང་གིས་བུམ་པ་ལ་སོགས་འདོགས་པའི་འཇིམ་པ་སོགས་དང༌། འབྲས་བུ་བུམ་པ་རྣམས་དེ་བཅས་ཏེ་གཅིག་པ་ཉིད་དང་རང་བཞིན་ཐ་དད་པར་སྟོན་ཅིང་རྟོག་པ་དེ་དག་ཆོས་ཅན། བསྟན་པའི་དོན་ལ་མཁས་སོ་སྙམ་དུ་མི་སེམས་ཏེ། རྟེན་ཅིང་འབྱུང་བ་མཆོག་ཏུ་ཟབ་པ་ལ་རྟག་ཆད་ཀྱི་མཐར་བཟུང་བའི་ཕྱིར་རོ། །གཉིས་པ་ནི། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་དྲུག་གི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅུ་པ་རྣམ་པར་བཤད་པའོ།།  །།མེ་དང་བུད་ཤིང་རང་བཞིན་གྱིས། །གཞན་ཉིད་ཡིན་ན་ལྟོས་མི་འགྲུབ། །དེ་ཕྱིར་མེ་དང་ཤིང་གིས་ནི། །བདག་དང་ཉེ་བར་ལེན་མི་འགྲུབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་ལ། བྱ་བ་སྐྱེ་འཆི་རང་བཞིན་གྱིས་གྲུབ་པ་དགག རྟེན་པ་སྡུག་བསྔལ་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། དེའི་མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་ནི། གལ་ཏེ་བདག་ཡོད་དེ། འགྲོ་བ་ལྔའི་འཁོར་བར་སྐྱེ་བ་དང༌། འཆི་བའི་བྱ་བ་གཅིག་ནས་གཅིག་དུ་བརྒྱུད་དེ་འཁོར་བ་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། འཁོར་བ་རང་བཞིན་གྱིས་གྲུབ་པ་དགག རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ། འཁོར་བ་ལ་དུས་གསུམ་དུ་བརྟགས་ནས། འཁོར་བ་རང་བཞིན་མེད་པར་བསྟན། འཁོར་བྱེད་ལ་དུས་གསུམ་བརྟགས་ནས་འཁོར་བ་རང་བཞིན་མེད་པར་བསྟན། དང་པོ་ནི། ངོ་བོ་ཉིད་ཀྱིས་ཡོད་ན། སྔོན་དང་ཕྱི་མའི་ཆ་ཡོད་དགོས་ཏེ། བུམ་པ་ལ་སོགས་པ་བཞིན། འཁོར་བ་དེ་ཆོས་ཅན། ཁྱོད་ལ་སྔོན་གྱི་ཆ་མེད་ཅིང་ཕྱི་མའི་ཆ་མེད་དེ། ཁྱོད་ལ་ཐོག་མ་དང་ཐ་མ་བཟུང་དུ་མེད་པ་དེ་ཡིན་པའི་ཕྱིར། འགལ་མེའི་འཁོར་ལོ་བཞིན་ནོ། །དེ་ནི་རིགས་པ་ཡིན་ནོ། །ལུང་ནི། མུ་སྟེགས་སམ་ཀ་ཏ་ཡ་ནའི་བུས་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ་ཐུབ་པ་ཆེན་པོས་མིན་ཞེས་གསུངས་པས་སོ། །འདིར་འཁོར་བ་ལ་ཐོག་མ་མེད་པ་ནི། ཐ་སྙད་དོན་དམ་གཉིས་ཀར་ཡིན་ལ་ཐ་མ་ནི་ཐ་སྙད་དུ་ཡོད་ལ་དོན་དམ་པར་འཁོར་བ་ཟད་པ་མེད་དེ། ཁྱད་གཞི་འཁོར་བ་ཉིད་མེད་པའི་ཕྱིར། འོ་ན་ཐ་སྙད་དུ་ཐོག་མ་ཡང་ཡོད་དགོས་ཏེ་ཐ་མ་བཞིན་ནོ་ཞེ་ན། མ་ཡིན་ཏེ་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །ཞེས་ཚིག་གསལ་ལས་འབྱུང་བས་ཐོག་མ་ཐ་མ་མེད་ཅེས་པ་དོན་དམ་ལ་དགོངས་པར་སྣང་ངོ༌། །གལ་ཏེ་ཐོག་མཐའ་མེད་མོད། དབུས་ནི་ཡོད་དེ། མ་བཀག་པའི་ཕྱིར་ཞེ་ན། འཁོར་བ་གང་ལ་ཆོས་ཅན། དབུས་ནི་ག་ལ་ཡོད་དེ། ཐོག་མ་དང་ཐ་མ་མེད་པ་དེ་ལ་སྟེ་དེའི་ཚེ་ནའོ། །ཐ་སྙད་དུ་འཁོར་བ་སྤྱི་ཙམ་གྱི་མཐའ་མེད་པར་ཟླ་བས་གསུངས་པས་ཡང་ན། ཐོག་མཐའ་མེད་པ་སྒྲ་ཇི་བཞིན་པར་བཤད་ནས་བསྒྲུབ་བྱ་འཁོར་བ་རང་བཞིན་གྱིས་མེད་དེ། འགལ་མེའི་འཁོར་ལོ་བཞིན་ནོ། །དེའི་ཕྱིར་བདག་ཀྱང་མེད་དོ་ཞེས་བཤད་དགོས་སོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད། མཇུག་བསྡུ་བས་སོ། །དང་པོ་ནི། འཁོར་བ་ལ་ནམ་མཁའ་བཞིན་དུ་ཐོག་མཐའ་དབུས་གསུམ་མེད་པ་དེའི་ཕྱིར་འཁོར་བ་པོའི་སྐྱེ་བ་དང་རྒ་ཤི་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་མི་འཐད་དོ། །གཉིས་པ་ལ་སྔ་ཕྱི་བ་དགག དུས་མཉམ་དགག དང་པོ་ལ། སྐྱེ་བ་སྔ་བ་དགག རྒ་ཤི་སྔ་བ་དགག དང་པོ་ནི། འཁོར་བ་པོའི་སྐྱེ་བ་དང་རྒ་ཤི་ངོ་བོ་ཉིད་ཀྱིས་ཡོད་ན་གསུམ་ལས་མི་འདའ་བས། གལ་ཏེ་སྐྱེ་བ་སྔ་བར་གྱུར་ལ་རྒ་ཤི་ཕྱི་མ་ཡིན་ན་ནི་སྐྱེ་བ་རྒ་ཤི་མེད་པར་ཐལ་བ་དང༌། གཞན་དུ་མ་ཤི་བར་ཡང་འདིར་སྐྱེ་བར་ཐལ་འགྱུར་རོ། །དང་པོ་ལ་འདོད་ན་འདུས་བྱས་མ་ཡིན་པ་དང་གཉིས་པ་འདོད་ན། འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་སྐྱེ་བ་ཕྱི་བར་གྱུར་ལ་རྒ་ཤི་སྔ་བ་ཡིན་ན་ནི་སྐྱེ་བ་མེད་པའི་རྒ་ཤི་ནི་རྒྱུ་མེད་པར་ནི་འགྱུར་ལ། དེ་ལ་འདོད་ན། འདོད་པ་དེ་ལྟར་ཇི་ལྟར་འགྱུར་ཏེ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དེ་གཉིས་དུས་གཅིག་གོ་ཞེ་ན། སྐྱེ་བ་དང་ནི་རྒ་ཤི་དག་ལྷན་ཅིག་ཏུ་རུང་བ་མ་ཡིན་ཏེ། གལ་ཏེ་རུང་ན་སྐྱེ་བཞིན་པ་ན་འཆི་བར་འགྱུར་ཞིང་གཉིས་ཀ་རྒྱུ་མེད་ཅན་དུ་ཐལ་བར་འགྱུར་བའི་ཕྱིར། གསུམ་པ་ནི། འཕགས་པ་རྣམས་ཆོས་ཅན། སྐྱེ་བ་ལ་སོགས་པར་འདོད་པ་དེ་དང་རྒ་ཤི་དེ་ཅིའི་ཕྱིར་ན་སྤྲོ་བར་བྱེད་དེ་མཛད་པར་མི་རིགས་ཏེ། སྐྱེ་བ་དང་རྒ་ཤི་གང་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པ་སྟེ་མ་གཟིགས་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ལ་དུས་གསུམ་དུ་བརྟགས་ན་དཔྱོད་པའི་སྐབས་འདིར་དགག་བྱ་མ་སྦྱར་ན་རང་ལའང་ཇི་ལྟར་མི་མཚུངས་ཤེས། དེ་ལྟར་དཔྱད་པའི་ཚེ་ཆོས་གསུམ་ཡོད་པར་ཁས་མི་ལེན་ཏེ། དེ་གསུམ་རིགས་པས་དཔྱད་མི་བཟོད་པའི་ཕྱིར་ཞེས་སྔར་ཡང་བཤད་ཟིན་ནོ། །གཉིས་པ་ནི། འཁོར་བ་ལ་ཐོག་མར་སྔོན་གྱི་མཐའ་བཀག་ནས་དེའི་རྗེས་སུ་རིགས་པས་ཕྱི་དང་དབུས་བཀག་པས་ཆོས་ཅན་ཁྱད་གཞི་འཁོར་བ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་དེ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། འཁོར་བའི་ཆོས་སྐྱེ་བ་དང་རྒ་ཤི་འབའ་ཞིག་ལ་སྔོན་གྱིས་མཐའ་ཡོད་མ་ཡིན་པར་མ་ཟད་ཀྱི་རྒྱུ་དང་འབྲས་བུ་ཉིད་དང་ནི་མཚན་ཉིད་དང་མཚན་གཞི་ཉིད་དང་ཚོར་བ་དང་ཚོར་བ་པོ་ཉིད་དང་ནི་དེར་མ་ཟད་ཕན་ཚུན་ལྟོས་པ་དང་བཅས་པའི་དོན་ཡོད་པའི་དངོས་པོ་གཞན་གང་དག་ཅི་ཡང་རུང་བ། ཤེས་པ་དང་ཤེས་བྱ་དང་ཚད་མ་དང་གཞལ་བྱ་དང༌། བསྒྲུབ་བྱ་དང་སྒྲུབ་བྱེད་དང༌། ཡན་ལག་དང་ཡན་ལག་ཅན། ཡོན་ཏན་དང་ཡོན་ཏན་ཅན་དང༌། ཆགས་པ་དང་ཆགས་པ་ཅན་ལ་སོགས་པའི་དངོས་པོ་རྣམས་ཐམས་ཅད་ཉིད་ལ་ཡང་སྔོན་གྱི་མཐའ་ནི་ཡོད་པ་མ་ཡིན་པའི་རིགས་པས་ཕྱི་མའི་མཐའ་དང་དབུས་ཀྱང་མེད་པ་དང༌། རིགས་པ་དེ་ལ་བརྟེན་ནས་རྒྱུ་འབྲས་སོགས་རང་བཞིན་མེད་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྒྱུ་སྔའམ་འབྲས་བུ་སྔའམ་ལྷན་ཅིག་ཅེས་སོགས་སྦྱར་བར་བྱའོ། །གཉིས་པ་ནི། སྔོན་དང་ཕྱི་མའི་མཐའ་བརྟགས་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅུ་གཅིག་པ་རྣམ་པར་བཤད་པའོ།།  །།སྐྱེ་བ་དང་ནི་རྒ་ཤི་དག །སྔ་ཕྱིའམ་ལྷན་ཅིག་མི་འཐད་པས། །འཁོར་བར་ཐོག་མ་ཡོད་མིན་ཞིང༌། །དེ་མེད་དབུས་དང་ཐ་མ་ཡང༌། །ཞེས་བར་སྐབས་ཀྱི་ཞེས་སོ།།  །།གཉིས་པ་རྟེན་པ་སྡུག་བསྔལ་ཡོད་པའི་གཏན་ཚིགས་དགག་པ་ལ། ཕྱོགས་སྔ་ནི། བདག་ནི་ཡོད་དེ། དེ་ལ་བརྟེན་པའི་སྡུག་བསྔལ་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། མཚན་བསྟན་པའོ། །དང་པོ་ལ། སྡུག་བསྔལ་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ། དམ་བཅའ་བཞག སྒྲུབ་བྱེད་བཤད། དང་པོ་ནི། རྒོལ་བ་ཁ་ཅིག་སྟེ། ཉན་རང་ནི། སྡུག་བསྔལ་བདག་ཉིད་ཀྱིས་བྱས་པར་འདོད། རང་གཞན་གྱི་སྡེ་པ་ཕལ་ཆེ་བ་ནི་སྡུག་བསྔལ་དེ་རང་གི་རྒྱུ་རྫས་གཞན་གྱིས་བྱས་པར་འདོད་དོ། །གཅེར་བུ་པས་ནི་རང་གཞན་གཉིས་ཀས་བྱས་པར་འདོད་དེ་དེ་ཡང་ལུས་ཀྱིས་བྱས་པ་ནི་རང་གིས་བྱས་པ་སྟེ་ལུས་ནི་སྡུག་བསྔལ་ཉིད་ཡིན་པས་སོ། །སྲོག་གིས་བྱས་པ་ནི་གཞན་གྱིས་བྱས་པ་སྟེ་སྲོག་གི་སྡུག་བསྔལ་ལས་གཞན་ཡིན་པས་སོ་ཞེས་འདོད་དོ། །རྒྱུ་མེད་པར་འབྱུང་བར་ནི་རྒྱང་འཕན་པ་དང་སྤྱོད་པ་པས་འདོད་དོ། །བདག་གིས་བྱས་པའི་འདོད་ཚུལ་ལའང་གྲངས་ཅན་ནི། སྡུག་བསྔལ་དེ་སྡུག་བསྔལ་ཉིད་ཀྱི་རང་བཞིན་གཙོ་བོས་བྱས་པར་འདོད། བྱེ་བྲག་པ་ནི། སྡུག་བསྔལ་གང་ཟག་གི་བདག་གིས་བྱས་པར་འདོད་དོ། །སྡུག་བསྔལ་དེ་ནི་མཐའ་བཞི་ལས་སྐྱེ་བ་བྱ་བར་མི་རུང་ངོ༌། །གཉིས་པ་ལ། སྡུག་བསྔལ་རྒྱུས་བྱས་པས་དགག རྒྱུ་མེད་དུ་འབྱུང་བ་དགག དང་པོ་ལ། རང་གཞན་རེ་རེ་བས་བྱས་པ་དགག གཉིས་ཀས་བྱས་པ་དགག དང་པོ་ལ། དགག་པ་རྒྱས་པར་བཤད། རིགས་པ་གཞན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། སྡུག་བསྔལ་རང་དང་སྡུག་བསྔལ་དོན་གཞན་གྱིས་བྱས་པ་ལ་བདག་བྱས་གཞན་བྱས་ཀྱི་དོན་དུ་འདོད་པ་དགག གང་ཟག་རང་དང་གཞན་གྱིས་བྱས་པ་ལ་བདག་བྱས་གཞན་བྱས་ཀྱི་དོན་དུ་འདོད་པ་དགག དང་པོ་ལ། སྡུག་བསྔལ་རང་གིས་བྱས་པ་དགག སྡུག་བསྔལ་གཞན་གྱིས་བྱས་པ་དགག དང་པོ་ནི། གལ་ཏེ་སྡུག་བསྔལ་དེ་སྡུག་བསྔལ་བདག་རང་གིས་བྱས་པར་གྱུར་ན། སྡུག་བསྔལ་དེ་ཆོས་ཅན། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་མི་འགྱུར་ཏེ། རང་ཉིད་ཡོད་ན་རྐྱེན་གྱིས་སྐྱེད་མི་དགོས་ལ་རང་མེད་ན་རང་གིས་སྐྱེད་པར་འགལ་བ་དེའི་ཕྱིར་འདོད་པར་མི་ནུས་ཏེ། གང་གི་ཕྱིར་ན། འཆི་བའི་དུས་ཀྱི་ཆར་གཏོགས་པའི་ཕུང་པོ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དེ་དག་འབྱུང་བའི་ཕྱིར། གཉིས་པ་སྡུག་བསྔལ་གཞན་གྱིས་བྱས་པ་དགག་པ་ནི། གལ་ཏེ་འཆི་བའི་དུས་ཀྱི་ཕུང་པོ་འདི་ལས་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་གཞན་ཡིན་ཞིང༌། གལ་ཏེ་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་ལས་ཀྱང་འཆི་བའི་དུས་ཀྱི་ཕུང་པོ་དེ་གཞན་ཡིན་ན། གཞན་སྐྱེ་བ་སྔ་མས་ཕུང་པོ་དེ་དག་གིས་ད་ལྟར་གྱི་ཕུང་པོ་འདི་བྱས་པས་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་བཞིན་ན། དེ་གཉིས་ཆོས་ཅན། གཞན་ཉིད་ཡིན་པ་མི་འཐད་དེ། རྒྱུ་དང་འབྲས་བུར་འབྲེལ་བའི་ཕྱིར་རོ། །དེ་གཉིས་གཞན་ཡིན་ན། གཞན་དུ་བདེན་དགོས་ལ། དེ་ལྟ་ན་འབྲེལ་མེད་དུ་འགྱུར་བར་དགོངས་སོ། །རྐང་པ་ཕྱི་མ་གཉིས་བུདྡྷ་པཱ་ལི་ཏ་དང་ཤེར་སྒྲོན་དུ། གཞན་དེ་དག་གིས་འདི་བྱས་པས་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ཞེས་བསྒྱུར་བ་ལྟར་བདེའོ་ཞེས་རིན་པོ་ཆེ་གསུང་ངོ༌། །གཉིས་པ་ལ། གང་ཟག་རང་གིས་བྱས་པ་དགག གང་ཟག་གཞན་གྱིས་བྱས་པ་དགག དང་པོ་ནི། གལ་ཏེ་སྡུག་བསྔལ་རང་ཉིད་ཀྱིས་རང་ཉིད་བྱས་པ་ལ། སྡུག་བསྔལ་བདག་བྱས་ཀྱི་དོན་དུ་མི་འདོད་ཀྱི། གང་ཟག་རང་གི་སྡུག་བསྔལ་དེ་བྱས་པ་ཡིན་གྱི་གང་ཟག་གཞན་གྱིས་བྱས་ནས་བྱིན་པ་མ་ཡིན་པ་ལ་སྡུག་བསྔལ་བདག་བྱས་ཀྱི་དོན་དུ་སྨྲའོ་ཞེ་ན། གལ་ཏེ་མི་ཡི་གང་ཟག་བདག་གིས་ནི་མིའི་གང་ཟག་དེར་འདོགས་པའི་སྡུག་བསྔལ་དེ་བྱས་ན་ནི་གང་བདག་གིས་སྡུག་བསྔལ་བྱས་པའི་གང་ཟག་དེ་ཆོས་ཅན། སྡུག་བསྔལ་བྱེད་པ་པོར་མ་གྲུབ་སྟེ། བྱས་པའི་སྡུག་བསྔལ་ལས་མ་གཏོགས་གང་ཞིག་ཡིན་ཏེ་ལས་དང་བྱེད་པ་པོ་སོ་སོར་ཕྱེ་ནས་བརྗོད་དུ་མེད་པའི་ཕྱིར། ཅི་སྟེ་མི་ཡི་རྟེན་ཅན་གྱིས་ལྷར་སྐྱེས་པའི་ལས་བྱས་པ་ལ་དེའི་དོན་དུ་འདོད་ན་ནི། སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་རོ། །དེ་གཉིས་ཕུང་པོ་ཐ་དད་ཀྱང་གང་ཟག་གཅིག་ཏུ་འདོད་ན་ཡང༌། སྡུག་བསྔལ་མ་གཏོགས་གང་ཞིག་ཡིན་ཞེས་སྦྱར་བས་འགོག་གོ །གཉིས་པ་ནི། གལ་ཏེ་མིའི་གང་ཟག་གིས་མིའི་སྡུག་བསྔལ་བྱེད་པ་མ་ཡིན་གྱི་མིའི་གང་ཟག་གིས་ལྷར་སྐྱེ་བའི་སྡུག་བསྔལ་དེ་བྱས་ནས་ལྷའི་གང་ཟག་ལ་སྟེར་བ་ཡིན་ནོ་ཞེ་ན། འདི་ལ། ལེན་པོ་དགག སྟེར་བ་པོ་དགག དང་པོ་ནི། གལ་ཏེ་མིའི་གང་ཟག་ལྷ་ལས་གཞན་པ་དེ་ལས་ནི་ལྷའི་སྡུག་བསྔལ་འབྱུང་ན། གཞན་མིའི་གང་ཟག་ཞིག་གིས་སྡུག་བསྔལ་དེ་བྱས་ནས་གང་ལ་སྦྱིན་པར་བྱས་པའི་ལྷའི་གང་ཟག་དེ་ཆོས་ཅན། མིས་བྱས་པའི་སྡུག་བསྔལ་ལེན་པ་པོར་མ་གྲུབ་སྟེ། བླང་བྱའི་སྡུག་བསྔལ་ལས་མ་གཏོགས་པར་ཇི་ལྟར་རུང་སྟེ། སྡུག་བྱ་དང་ལེན་པ་པོ་སོ་སོར་བརྗོད་དུ་མེད་པའི་ཕྱིར། གཉིས་པ་ལ། དངོས་དང༌། དེས་གྲུབ་པའི་དོན་ནོ། །དང་པོ་ནི། གལ་ཏེ་མིའི་གང་ཟག་གཞན་ལས་ལྷའི་སྡུག་བསྔལ་འབྱུང་བར་འདོད། མིའི་གང་ཟག་གིས་ལྷའི་སྡུག་བསྔལ་དེ་བྱས་ནས་གཞན་ལྷ་ལ་སྟེར་བའི་མིའི་གང་ཟག་གཞན་དེ་ཆོས་ཅན། ལྷའི་སྡུག་བསྔལ་བྱེད་པ་པོའི་གང་ཟག་དུ་མ་གྲུབ་སྟེ། མིའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ། དེ་ལས་མ་གཏོགས་པའི་མིའི་གང་ཟག་མེད་པའི་ཕྱིར། དེ་ལྟར་ཡིན་མོད་དེ་ལས་ཅིར་འགྱུར་ཅེ་ན། དེ་ལྟ་ན་སྡུག་བསྔལ་གྱིས་སྡུག་བསྔལ་བྱས་པར་སོང་གིས་གང་ཟག་གིས་སྡུག་བསྔལ་བྱས་པར་མ་སོང་ངོ༌། །སྟེར་བ་པོ་འགོག་པའི་ཚིགས་བཅད་འདི་འགྲེལ་པ་གཞན་གསུམ་དུ་མ་བྱུང་ལ། ཚིག་གསལ་གྱི་འགྲེལ་པའི་ཚིག་ཡིན་པར་སློབ་དཔོན་སྔ་མ་རྣམས་འཆད་དོ། །གཉིས་པ་ནི། ལྷའི་སྡུག་བསྔལ་དེ་ཆོས་ཅན། མིའི་གང་ཟག་གཞན་གྱིས་ག་ལ་བྱས་ཏེ། མིའི་བདག་གིས་བྱས་པར་མ་གྲུབ་པས་སོ། །དེའི་ཁྱབ་པ་ལ་ཁྱོད་ཀྱིས་ལན་འདེབས་དགོས་པའི་རྒྱུ་མཚན་ནི། གཞན་གྱི་སྡུག་བསྔལ་གང་བྱེད་པ་དེ་ནི་བྱེད་མཁན་དེ་ཡི་བདག་གིས་བྱས་པར་འགྱུར་དགོས་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་གོས་མཆོད་སྦྱིན་གྱིས་བྱས་པ་ནི་མཆོད་སྦྱིན་བདག་གིས་བྱས་དགོས་པ་བཞིན་ནོ། །གཉིས་པ་རིགས་པ་གཞན་བསྟན་པ་ནི། རེ་ཤིག་སྡུག་བསྔལ་བདག་གིས་བྱས་པ་མིན་ཏེ། དེ་ཉིད་ཀྱིས་ནི་དེ་མ་བྱས་པའི་ཕྱིར་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར། གལ་ཏེ་སྡུག་བསྔལ་དེ་གཞན་གྱིས་བྱས་པར་ཡང་ག་ལ་འགྱུར་ཏེ། བྱེད་པོ་རློམ་པའི་གཞན་དེ་དག་གིས་མ་བྱས་པས་རྐྱེན་གཞན་ལ་ལྟོས་པའི་ཕྱིར། བུདྡྷ་པཱ་ལི་ཏས་ནི། ཕྱེད་དང་པོས། སྡུག་བསྔལ་རང་གིས་བྱས་པ་འགོག ཕྱེད་ཕྱི་མས་སྡུག་བསྔལ་གང་ཟག་གིས་བྱས་པ་འགོག་པར་འཆད་དོ། །གཉིས་པ་གཉིས་ཀས་བྱས་པ་འགོག་པ་ནི། གལ་ཏེ་རང་གཞན་རེ་རེས་བྱས་པར་འགྱུར་ན། སྡུག་བསྔལ་དེ་རང་གཞན་གཉིས་ཀ་ཚོགས་པས་བྱས་པར་འགྱུར་ནས། རེ་རེས་བྱེད་པ་མ་ཡིན་ཏེ། བཀག་ཟིན་པའི་ཕྱིར་རོ། །གཉིས་པ་ནི། སྡུག་བསྔལ་དེ་ཆོས་ཅན། རྒྱུ་མེད་དུ་འབྱུང་བར་ག་ལ་འགྱུར་ཏེ། བདག་གིས་མ་བྱས་གཞན་གྱིས་ཀྱང་མ་བྱས་པའི་ཕྱིར། ནམ་མཁའི་མེ་ཏོག་གི་དྲི་ཞིམ་པ་བཞིན་ནོ། །འདི་ནི་འཇུག་པར་བཤད་པ་དང་བསྟུན་ནས་དཔྱད་དགོས་པར་སྣང་ངོ༌། །གཉིས་པ་ནི། སྡུག་བསྔལ་མཐའ་བཞི་པོ་གང་རུང་ལས་མི་སྐྱེ་བར་བཤད་པའི་རིགས་པ་དེས་ཆོས་ཅན། གཞན་ཡང་མཚོན་པར་ནུས་ཏེ། སྡུག་བསྔལ་འབའ་ཞིག་རྣམ་པ་བཞི་པོ་ཡོད་པ་མ་ཡིན་པར་ཟད་ཀྱི་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་དག་ལ་ཡང་རྣམ་པ་བཞི་པོ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་ནུས་དགོས་པའི་ཕྱིར་རོ། །གཉིས་པ་ནི། བདག་གིས་བྱས་པ་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུའི་བདག་ཉིད་ཀྱི་རབ་ཏུ་བྱེད་པ་བཅུ་གཉིས་རྣམ་པར་བཤད་པའོ།།  །།བདེ་སྡུག་མཐའ་བཞིས་མ་བྱས་པས། །རང་བཞིན་མེད་ཅིང་བྱིས་པ་ལ། །རྟེན་འབྲེལ་དུ་སྣང་དེའི་ཕྱིར། །སྒྱུ་མའི་རྟ་གླང་ཇི་བཞིན་ནོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་དངོས་པོ་ཙམ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་ལ་གཉིས། དངོས་པོ་རང་བཞིན་གྱིས་མ་གྲུབ་པར་བསྟན། གྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། གཞན་ལ་གྲགས་པའི་ལུང་གིས་འདུ་བྱེད་རང་བཞིན་མེད་པར་བཤད། ལུང་དོན་གཞན་དུ་འདོད་པ་དགག དང་པོ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ། རྟགས་འགོད། ཚུལ་སྒྲུབ། དང་པོ་ནི། འདུ་བྱེད་དེ་དག་ཆོས་ཅན། རྫུན་པ་ཡིན་ཏེ། བསླུ་བའི་ཆོས་ཅན་ཡིན་པ་དེས་ནའོ། །དཔེར་ན་སྨིག་རྒྱུའི་ཆུ་བཞིན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་བསླུ་བ་དེ་ནི་བརྫུན་ནོ་ཞེས་གསུངས་པས་ཁྱབ་པ་གྲུབ་ཅིང༌། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས་ཅན་ནོ་ཞེས་གསུངས་པས་ཕྱོགས་ཆོས་ཀྱང་གྲུབ་པའོ། །དེ་ཡང་ཇི་སྐད་དུ་ཉན་ཐོས་སྡེ་པས་ཚད་མར་ཁས་བླངས་པའི་ལུང་ལས། དགེ་སློང་དག་འདུས་བྱས་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ། །ཞེས་བྱ་བ་དང༌། དེ་བཞིན་དུ། འདི་ནི་བསླུ་བར་བྱེད་པའི་ཆོས་ཅན་ནོ། །འདི་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་གསུངས་པར་ཚིག་གསལ་དུ་དྲངས་སོ། །བཟློག་ཁྱབ་སྒྲུབ་བྱེད་ཀྱི་རིགས་པ་ནི། གང་ཞིག་བདེན་པ་དེ་ནི་བསླུ་བའི་ཆོས་ཅན་མ་ཡིན་ཏེ། མྱ་ངན་ལས་འདས་པ་བཞིན་ནོ་ཞེས་ཟླ་བས་གསུངས་སོ། །འདིར་མྱ་ངན་ལས་འདས་པ་མི་བསླུ་བར་གསུངས་པ་དེ་འཇིག་རྟེན་གྱི་ཐ་སྙད་བདེན་པའི་དབང་དུ་བྱས་ཀྱི། འཕགས་པ་ལ་ལྟོས་ནས་ནི་མྱང་འདས་ཀྱང་ཀུན་རྫོབ་ཀྱི་བདེན་པར་རིགས་པ་དྲུག་ཅུ་པའི་འགྲེལ་པར་བཤད་དོ། །གཉིས་པ་རྩོད་སྤང་ནི། གལ་ཏེ་འདུ་བྱེད་ཐམས་ཅད་བསླུ་བའི་ཆོས་ཅན་ཡིན་ན། དོན་བྱེད་ནུས་པ་མེད་པར་འགྱུར་བས་དངོས་པོ་ལ་སྐུར་པ་བཏབ་པར་འགྱུར་རོ་ཞེ་ན། གལ་ཏེ་འདུ་བྱེད་ཐམས་ཅད་བསླུ་བའི་ཆོས་ཅན་དང༌། བསླུ་བའི་ཆོས་གང་ཡིན་པ་དེ་བརྫུན་ནོ་ཞེས་གསུངས་པ་དེ་ལ་ཆོས་ཅན། ཅི་ཞིག་སླུ་སྟེ་དངོས་པོ་ལ་སྐུར་པ་བཏབ་པ་མིན་པར་ཐལ། བཅོམ་ལྡན་འདས་ཀྱི་དེ་སྐད་གསུངས་པ་དེས་དངོས་པོ་མེད་པར་སྟོན་པ་མིན་གྱི་དངོས་པོ་རང་བཞིན་སྟོང་པ་ཉིད་དུ་བསྟན་པ་དེ་བསླུ་བར་གསུངས་པའི་དོན་དུ་དབུ་མ་པས་འཆད་པའི་ཕྱིར། གཉིས་པ་ལ། ལུང་དོན་གཞན་དུ་འཆད་ཚུལ་བསྟན། དེ་ལྟར་འཆད་པའི་ཤེས་བྱེད་དགག་པའོ། །དང་པོ་ནི། གལ་ཏེ་ལུང་གི་དོན་དངོས་པོ་རང་བཞིན་མེད་པ་ལ་དགོངས་པ་མ་ཡིན་ཏེ། ལུང་དེར་འཇིག་པའི་ཆོས་ཅན་ནོ་ཞེས་གསུངས་པས་རྟག་པའི་རང་བཞིན་དུ་མི་གནས་པ་ལ་དགོངས་པའི་ཕྱིར། དེ་སྒྲུབ་པ་ནི། དངོས་པོ་རྣམས་ཆོས་ཅན། རྟགས་པའི་ངོ་བོ་ཉིད་མེད་དེ། གནས་སྐབས་གཞན་དུ་འགྱུར་བར་མངོན་སུམ་ལ་སྣང་བའི་ཕྱིར་རོ། །དངོས་པོ་རྣམས་ཆོས་ཅན། དངོས་པོའི་ངོ་བོ་ཉིད་མེད་པར་མེད་དེ། གང་གི་ཕྱིར་ཁྱོད་ཀྱི་ཁྱད་པར་གྱི་ཆོས་སྟོང་པ་ཉིད་འདོད་དགོས་པའི་ཕྱིར། འདི་གང་ཟག་གི་བདག་མེད་དམ་ཡང་ན་དབུ་མ་པའི་ཁས་བླངས་རྟགས་སུ་སྟོན་པའོ། །གལ་ཏེ་གཞན་དུ་འགྱུར་བར་ཡང་ཆོས་ཅན་གང་གི་ཡིན་ཏེ། དངོས་པོ་ལ་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་སྒྲུབ་བྱེད་གསུམ་འདོན་པར་བྱེད་དོ། །གཉིས་པ་ལ། གཞན་གྱུར་རང་བཞིན་གྱིས་གྲུབ་པར་སྟོན་པ་ལུང་དོན་ཡིན་པ་དགག སྟོང་ཉིད་ཀྱི་རྟེན་དངོས་པོ་བདེན་གྲུབ་ཡོད་པ་དགག དང་པོ་ལ། ཐ་སྙད་ཀྱི་གཞན་གྱུར་དང་རང་བཞིན་འགལ་བས་དགག གཞན་གྱུར་བདེན་གྲུབ་མི་སྲིད་པས་དགག དང་པོ་ནི། གལ་ཏེ་དེ་ལྟ་ཡིན་ན་དངོས་པོ་ཆོས་ཅན། ཇི་ལྟ་བུར་ན་གཞན་དུ་འགྱུར་ཏེ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། ཚ་བ་མེའི་རང་བཞིན་དུ་ཡོད་པས་དེ་གཞན་དུ་མི་འགྱུར་བ་བཞིན་ནོ། །འདིར་དམ་བཅའ་ལ་ཚད་མའི་བསལ་བ་ཞུགས་པར་ཚིག་གསལ་དུ་གསུངས་པ་ཐ་སྙད་པའི་གཞན་གྱུར་ལ་དགོངས་སོ། །གཉིས་པ་ལ། དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། དངོས་པོ་དེ་ཉིད་ལ་ནི་གཞན་དུ་འགྱུར་བ་མེད་དེ། འགལ་བ་དཔེ་གང་གི་ཕྱིར་ན། གཞོན་ནུ་མི་རྒ་བ་སྟེ་རྒ་བ་མ་ཡིན་པ་བཞིན་ནོ། །གཞན་དུ་གྱུར་ཟིན་པ་ཉིད་ལའང་གཞན་འགྱུར་ཡོད་པ་མ་ཡིན་ཏེ། བྱ་བ་འདས་པའི་ཕྱིར། དཔེ་གང་གི་ཕྱིར་ན་རྒས་པའང་མི་རྒ་བ་བཞིན་ནོ། །རང་གི་ལུགས་ལ་ནི་མ་དཔྱད་པ་ན་གཞན་འགྱུར་ཡོད་ཀྱང༌། དེ་ཉིད་ལ་ཡོད་དམ་གཞན་ལ་ཡོད་ཅེས་དཔྱད་པ་ན་གཞན་གྱུར་ཁས་མི་ལེན་ནོ། །རིན་པོ་ཆེ་པའི་ཞལ་སྔ་ནས་རང་ལུགས་ལའང༌། དེ་ཉིད་གཞན་དུ་གྱུར་པ་ཁས་ལེན་དགོས་ཏེ། གཞོན་ནུ་རྒ་བར་ཁས་ལེན་དགོས་པའི་ཕྱིར། སྙམ་དུ་དགོངས་པ་དེ་ཅུང་ཟད་མ་བརྟགས་པ་ཡིན་ཏེ། གཞོན་ནུ་ལ་རྒས་པ་རང་བཞིན་གྱིས་ཡོད་ན། གཞོན་ནུ་ཉིད་རྒས་པར་འདོད་དམ་རྒས་པ་ཉིད་རྒས་པར་འདོད་ཅེས་བརྟག་པ་གཞུང་དོན་ཡིན་ལ། དེའི་བརྟག་པ་དང་པོ་རང་ལུགས་ལ་ཁས་ལེན་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འོ་མའི་དངོས་པོ་བཏང་ནས་ཞོའི་དངོས་པོར་འགྱུར་བ་བཞིན་དུ་གཞན་དུ་གཞོན་ནུ་དེ་ཉིད་གཞན་རྒས་པར་འགྱུར་རོ་ཞེ་ན། འོ་མ་ཉིད་ནི་ཞོར་འགྱུར་བར་ཐལ། གཞོན་ནུ་ཉིད་རྒས་པར་འགྱུར་བའི་ཕྱིར། སྐྱོན་མེད་དེ། དཔེའི་སྐབས་སུ་དེའི་གནས་སྐབས་བཏང་ནས་གཞན་གྱི་གནས་སྐབས་སུ་སོང་བ་ལ་དེ་ཉིད་དེར་འགྱུར་བའི་ཐ་སྙད་འདོགས་སོ་སྙམ་ན། ཕན་ཚུན་འགལ་བས་འོ་མ་ཉིད་ཞོར་འགྱུར་བ་མི་འདོད་ན། འོ་མ་ལས་གཞན་ཆུའི་དོན་གང་ཞིག་ནི་ཞོའི་དངོས་པོ་ཡིན་པར་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །གཞུང་ཕྱི་མ་ཤླཽ་ཀ་གཅིག་པོ་འདིས་ཀྱང་དེ་ཉིད་དང་གཞན་ལ་གཞན་གྱུར་མི་འཐད་པའི་རིགས་པའི་རྣམ་གྲངས་བསྟན་པར་སྦྱར་ཀྱང་ལེགས་པར་སྣང་ངོ༌། །འོ་ན་རང་ལུགས་ལ་འོ་མ་ཞོར་འགྱུར་བ་ནི་ཐ་སྙད་དུ་ཁས་ལེན་དགོས་པས། འོ་མ་ཉིད་དམ། གཞན་ཞིག་གཞན་དུ་འགྱུར་ཞེ་ན། དེ་ལྟར་དཔྱད་པ་ཞིབ་མོར་དཔྱད་པའི་ཚེ་ན་འོ་མ་ཞོར་འགྱུར་བ་ཁས་མི་ལེན་ནོ། །འོ་ན་འོ་མ་ཞོར་མི་འགྱུར་བར་ཐལ། དེ་ལྟར་དཔྱད་པའི་ཚེ་དེ་དེར་མི་འགྱུར་བའི་ཕྱིར། ཞེས་པ་ལ་ནི་ཁྱབ་པ་མ་ངེས་ལ། འོ་མ་ཞོར་འགྱུར་བ་རང་བཞིན་གྱིས་མེད་དེ། དེ་ཉིད་དམ་གཞན་ཉིད་ལའང་གཞན་གྱུར་མེད་པའི་ཕྱིར། ཞེས་འགོད་པ་དགག་བྱ་སྦྱོར་མཚམས་ཀྱིས་ཁྱད་པར་སྔོན་གྱི་སློབ་དཔོན་རྣམས་འཆད་ཀྱང་དིང་སང་ནུབ་པར་སྣང་ལ་ཁོ་བོ་ནི་འདི་ཁོ་ནའི་རྗེས་སུ་འབྲང་ངོ༌། །གཉིས་པ་སྟོང་ཉིད་ཀྱི་རྟེན་བདེན་གྲུབ་དགག་པ་ལ། དངོས་དང༌། དེ་ལ་ལུང་འགལ་སྤང་པའོ། །དང་པོ་ནི། སྟོང་པ་ཉིད་ཀྱི་རྟེན་དངོས་པོ་བདེན་གྲུབ་ཁས་ལེན་དགོས་པ་མིན་ཏེ། གལ་ཏེ་སྟོང་པ་ཉིད་རང་གི་ངོ་བོས་གྲུབ་པ་ཅུང་ཟད་གཅིག་ཡོད་ན། དེའི་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་མིན་པ་ཅུང་ཟད་གཅིག་ཡོད་པར་འགྱུར་ནའང༌། བདག་གམ་བདག་གི་བས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མིན་པར་ཉན་ཐོས་པ་ཁྱོད་ཀྱིས་ཁས་བླངས་པ་ན་སྟོང་པའང་ངོ་བོ་ཉིད་ཀྱིས་ཡོད་པར་ག་ལ་འགྱུར་ཏེ། གཉེན་པོ་ལ་ལྟོས་པ་དང་བྲལ་བའི་ཕྱིར་རོ། །ནམ་མཁའི་མེ་ཏོག་བཞིན་ནོ། །ཁས་བླངས་པའི་ཚུལ་ནི། མདོར། སྟོང་པ་ཉིད་དང་བདག་མེད་པ་སོགས་ཆོས་ཀྱི་སྡོམ་བཞི་གསུངས་པ་དེ་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་ཁས་བླངས་པ་ཡིན་ནོ། །མདོར་ན་སྟོང་པ་ཉིད་རང་གི་ངོ་བོས་གྲུབ་པ་གཅིག་ཡོད་པ་མ་ཡིན་པའི་ཕྱིར། དེའི་རྟེན་དངོས་པོ་བདེན་གྲུབ་ཡོད་པ་མ་ཡིན་ནོ་ཞེས་པའོ། །འགྲེལ་པ་ན་བཤད་མ་ཐག་པ་འདི་བཞིན་སྣང་ལ། རྩ་བར། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །སྟོང་མིན་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་དོན་གཅིག་གོ །འོན་ཀྱང་དེ་ལྟར་ན་སྟོང་པ་ཅུང་ཟད་ཡོན་མིན་པས། །དེ་རྟེན་ཡོད་པར་ག་ལ་འགྱུར། །ཞེས་སྦྱར་ན་ལེགས་སོ། །གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། གལ་ཏེ་སྟོང་པ་ཉིད་བདེན་པར་མེད་ན། རྣམ་པར་ཐར་པའི་སྒོ་གསུམ་སྤངས་པར་འགྱུར་ལ། དེ་ལྟ་ན་མཐོ་རིས་དང་བྱང་གྲོལ་གྱི་ལམ་སྤངས་པར་འགྱུར་རོ། །ལན་ལ་དངོས་དང༌། ཤེས་བྱེད་ཀྱི་ཁུངས་སྨོས་པའོ། །དང་པོ་ནི། གང་དག་སྟོང་པ་ཉིད་ལ། ལྟ་བ་སྟེ་མངོན་པར་ཞེན་པ་དེ་དག་ཆོས་ཅན། སྨན་པས་བོར་བའི་ནད་པ་བཞིན་དུ་སྟོང་པ་ཉིད་རྟོགས་པའི་ཐབས་སྒྲུབ་ཏུ་མེད་ཅིང་ཐར་པའི་ཐབས་ཀྱང་སྒྲུབ་ཏུ་མེད་དེ། སྨན་པ་ཆེན་པོ་རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད་ཅེས་པའི་ཐ་སྙད་ནི་ཡོད་མེད་ལ་སོགས་པའི་ལྟ་བ་ཀུན་ལས་ངེས་པར་འབྱུང་བ་སྟེ་སྤྲོས་པའི་མཐའ་ཐམས་ཅད་ལས་ལོག་ཙམ་དེ་ཡིན་པར་གསུངས་པའི་ཕྱིར་དང༌། ལོག་ཙམ་མེད་དགག་དེ་ལ་མཚན་མར་ཞེན་པའི་གཞིར་བཟུང་ན་མ་ཡིན་དགག་ཏུ་འགྱུར་བའི་ཕྱིར་དང༌། ཐར་པ་ཡང་མཚན་མར་འཛིན་པའི་རྟོག་པ་ཐམས་ཅད་བཟློག་ནས་ཐོབ་དགོས་པའི་ཕྱིར། གཉིས་པ་ནི། དཀོན་བརྩེགས་ལས། འོད་སྲུང་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི་ངས་གསུངས་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་བལྟ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ཞེས་ངས་བཤད་དོ། །འོད་སྲུང་འདི་ལ་སྟེ་དཔེར་ན་མི་ནད་པ་ཞིག་ཡོད་ལ་སྨན་པས་དེ་ལ་སྨན་གཏང་ནས་སྨན་དེས་དེའི་ནད་ཐམས་ཅད་སྐྱོད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་འགྱུར་རམ། གསོལ་བ། བཅོམ་ལྡན་འདས་དེ་ནི་གསོར་མི་འགྱུར་ལགས་ཏེ། སྨན་ལྟོར་མཆིས་པ་ཉིད་མི་བྱུང་ན་མི་དེའི་ལྟོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ན་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །ཞེས་ཚིག་གསལ་དུ་དྲངས་སོ། །འདིར་རིན་པོ་ཆེ་པ། སྟོང་པ་ཉིད་ལ་བདེན་པར་ཞེན་ན་མི་དེའི་སྒྲུབ་ཏུ་མེད་པར་གསུངས་པ་ཡིན་གྱི་རང་བཞིན་མེད་པའོ་སྙམ་དུ་མི་རུང་བ་ག་ལ་ཡིན། དེ་ལྟ་ཡིན་ན་དབུ་མའི་ལྟ་བ་སྐྱོང་བའི་གེགས་བྱེད་དེ། དོན་དམ་བདེན་པ་ངེས་པའི་ངེས་ཤེས་བསྐྱངས་ན་མཚན་འཛིན་དུ་འགྲོ་བར་བཟུང་བའི་ཕྱིར། ཞེས་གསུངས་མོད། དེ་ལྟར་སྟོན་པ་གཞུང་འགྲེལ་གྱི་དོན་མ་ཡིན་ཏེ། འདིར་བཤད་པའི་སྐབས་ཀྱི་མདོ་དང་གཞུང་འགྲེལ་གྱིས། བདེན་འཛིན་གྱི་ལྟ་བ་ཐམས་ཅད་སྟོང་པ་ཉིད་རྟོགས་པའི་ལྟ་བས་བཟློག་ནུས་ཀྱང༌། སྟོང་པ་ཉིད་དུ་མངོན་པར་ཞེན་པ་དེ་ཐབས་གང་གིས་ཀྱང་བཟློག་མི་ནུས་པའི་རྒྱུ་མཚན་གྱིས། དེ་ལྟར་ཞེན་པ་དེ་སྒྲུབ་ཏུ་མེད་པར་གསུང་ཅིང༌། དེའི་དཔེར་བརྗོད་དུ། ཁོ་བོས་ནི་ཁྱོད་ལ་ཟོང་སྟེར་རྒྱུ་ཅི་ཡང་མེད་དོ་ཞེས་སྨྲས་པ་ནི། ཚིག་དེས་ཟོང་ཡོད་པར་འཛིན་པའི་རྟོག་པ་བཟློག་ནུས་ཀྱང༌། ཟོང་མེད་པ་དེ་ཉིད་ཟོང་དུ་ཞེན་པ་སྐྱེས་ན། དེ་ཚིག་སྔ་མས་བཟློག་མི་ནུས་པ་དང༌། དེར་མ་ཟད་དེ་བཟློག་པའི་ཐབས་མེད་པར་གསུངས་པ་ཡིན་ལ། ཁྱོད་ལྟར་ན་དཔེ་དོན་གཉིས་ཀ་མི་འགྲིག་སྟེ། སྟོང་ཉིད་རྟོགས་པའི་ལྟ་བས་སྤྱིར་བདེན་འཛིན་འབྱིན་ནུས་ཀྱང་སྟོང་ཉིད་ལ་བདེན་པར་ཞེན་པ་འབྱིན་མི་ནུས་པར་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར་དང༌། དཔེའི་སྐབས་སུ་སྨན་དེས་ནད་ཐམས་ཅད་འབྱིན་ནུས་ཀྱང་སྨན་ཉིད་ནད་དུ་སོང་བ་དེ་འབྱིན་མི་ནུས་པར་ཁས་ལེན་དགོས་པའི་ཕྱིར་དང་འདི་ཉིད་ཁྱེད་རང་ལའང་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དཔེའི་སྐབས་སུ། ཁྲིས་ནད་སེལ་བའི་སྨན་ཨ་རུ་ར་ལྟ་བུ་དེས་ངོ་སྐལ་གྱི་ནད་དེ་སེལ་ནུས་ཀྱང་སྨན་ཉིད་ནད་དེ་སྔར་གྱི་རྒྱུར་སོང་ན་ནད་དེ་སྔར་གྱི་སྨན་དེ་ཉིད་ཀྱིས་སེལ་མི་ནུས་པ་དཔེར་བྱས་ནས་སྟོང་པ་ཉིད་དུ་ཞེན་པའི་ལྟ་བ་དེས་བདེན་པར་འཛིན་པ་སུན་འབྱིན་ནུས་ཀྱང༌། སྟོང་ཉིད་ལ་ཞེན་པ་དེ་སུན་འབྱིན་མི་ནུས་ཞེས་སྦྱར་རྒྱུ་ཡིན་པའི་ཕྱིར། གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། འདུ་བྱེད་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅུ་གསུམ་པ་རྣམ་པར་བཤད་པའོ།།  །།དངོས་རྣམས་རང་བཞིན་སྟོང་པ་ལ། །དགོངས་ནས་འདུ་བྱེད་སླུ་བར་གསུངས། །གཞན་གྱུར་སྟོང་ཉིད་རང་བཞིན་གྱིས། །གྲུབ་པ་མདོའི་དགོངས་པ་མིན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་སྒྲུབ་བྱེད་དགག་པ་ལ། རྒྱུ་རང་བཞིན་གྱིས་གྲུབ་པ་དགག འབྲས་བུ་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ། རྒྱུ་རྐྱེན་རང་བཞིན་གྱིས་འཕྲད་པ་དགག ཕྲད་ནས་རང་བཞིན་སྐྱེད་པ་དགག དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་ནི། དངོས་པོའི་རང་བཞིན་ཡོད་དེ། དེ་དག་གི་ཕྲད་པ་བསྟན་པའི་ཕྱིར་ཏེ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །གང་མེད་པ་དེ་ནི་ཕྲད་པ་མེད་དེ་མོ་གཤམ་བུ་བཞིན་ནོ་ཞེ་ན། དེ་སུན་དབྱུང་བ་ལ། རང་བཞིན་གྱིས་ཕྲད་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། རིགས་པ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། དམ་བཅའ་བཞག དེ་སྒྲུབ་པའོ། །དང་པོ་ནི། བལྟ་བྱ་གཟུགས་དང༌། ལྟ་བ་མིག་དང༌། ལྟ་བ་པོ་རྣམ་པར་ཤེས་པ་གསུམ་པོ་དེ་དག་ལས་ཕན་ཚུན་དུ་གཉིས་གཉིས་དང་གསུམ་པོ་ཐམས་ཅད་ཀྱང་ནི་ཕན་ཚུན་དུ་ཕྲད་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །འདི་ལ་དགག་བྱ་སྦྱར་མི་དགོས་སོ། །དེ་བཞིན་དུ་འདོད་ཆགས་དང་ཆགས་པ་སེམས་སམ། གང་ཟག་དང༌། ཆགས་པར་བྱ་བ་ཡུལ་ཡིད་འོང་རྣམས་ལའང་གཉིས་གཉིས་དང་གསུམ་པོ་ཐམས་ཅད་ཕན་ཚུན་དུ་ཕྲད་པར་མི་འགྱུར་བར་བལྟ་བར་བྱའོ། །དེ་བཞིན་དུ་ཉོན་མོངས་པ་ལྷག་པ་ཞེ་སྡང་དང་གཏི་མུག་སོགས་དང་སྐྱེ་མཆེད་ཀྱི་ལྷག་མ་ཉན་པ་དང༌། ཉན་པ་པོ་དང༌། ཉན་བྱ་སོགས་ལའང་རྣམ་པ་གསུམ་གྱིས་ཕྲད་པ་ཡོད་པ་མ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ། སྒྲུབ་བྱེད་ལ་བརྟགས་ནས་དགག བསྒྲུབ་བྱ་ལ་བརྟགས་ནས་དགག དང་པོ་ལ། རྩ་བའི་རྟགས་དགོད། ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། དངོས་དང༌། གཞན་ལའང་སྦྱར་བའོ། །དང་པོ་ནི། གཞན་ངོ་བོ་ཉིད་ཀྱིས་ཡོད་ན། གཞན་དང་གཞན་དུ་ཕྲད་པར་འགྱུར་ན་ཡང༌། ལྟ་བར་བྱ་བ་ལ་སོགས་པ་ལ་ཆོས་ཅན། གཉིས་གཉིས་སོགས་སུ་རྣམ་པར་དཔྱད་ན་ཕྲད་པར་མི་འགྱུར་རོ་སྟེ། རང་བཞིན་གཞན་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར། གཉིས་པ་ནི། བལྟ་བྱ་དང་ལྟ་བ་ལ་སོགས་རྒྱུ་འབྲས་སུ་གནས་པའི་དངོས་པོ་འབའ་ཞིག་ལ་རང་བཞིན་གྱིས་གཞན་ཉིད་མེད་པར་མ་ཟད་ཀྱི་བུམ་སོགས་ཀྱི་དངོས་པོ་གང་ཡང་སྣམ་སོགས་ཀྱི་དངོས་པོ་གང་དང་ལྷན་ཅིག་ཏུ་རང་བཞིན་གཞན་པ་ཉིད་དུ་མི་འཐད་དོ་ཞེས་པའི་རྟགས་ཀྱིས་དེ་དག་ལའང་དཔྱད་པ་ན་ཕྲད་པ་མེད་དོ་ཞེས་སྦྱར་བར་བྱའོ། །གཉིས་པ་ལ། རང་སྡེས་བཏགས་པའི་གཞན་དགག གཞན་སྡེས་བཏགས་པའི་གཞན་དགག དང་པོ་ལ། རྟགས་ཚིགས་དགོད། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། བུམ་པ་སྣམ་བུ་ལས་གཞན་ནོ་ཞེས་པའི་གཞན་བུམ་པ་ནི་གཞན་པ་སྣམ་བུ་ལ་བརྟེན་ནས་གཞན་དུ་གཞག་དགོས་ཏེ། གཞན་པ་སྣམ་བུ་ལ་ལྟོས་པ་མེད་པར་གཞན་བུམ་པ་ནི་སྣམ་བུ་ལས་གཞན་དུ་མི་འགྱུར་དགོས་པའི་ཕྱིར། ཞེས་ཕྱོགས་ཆོས་སྒྲུབ་ནས། ཆོས་གང་ལ་བརྟེན་ཏེ་འཇོག་པ་གང་ཡིན་པ་དེ་ནི་རྟེན་ས་དེ་ལས་རང་བཞིན་གྱིས་གཞན་དུ་མི་འཐད་པས་ཁྱབ་སྟེ། ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ས་བོན་དང་མྱུ་གུ་བཞིན་ནམ། རིང་པོ་དང་ཐུང་དུ་བཞིན། གཉིས་པ་ནི། ཁྱབ་པ་མ་ངེས་ཏེ། གལ་ཏེ་བུམ་སྣམ་ལྟོས་ནས་གཞན་ཡིན་པ་དང༌། རང་བཞིན་གཞན་ཡིན་པ་གཉིས་ཀར་ཁས་བླངས་ན་སྐྱོན་ཅི་ཡོད་ཅེ་ན། གཞན་བུམ་པ་ནི་ཆོས་ཅན། གཞན་པ་སྣམ་བུ་ལ་ལྟོས་པ་མེད་པར་རང་གཅིག་བུ་གཞན་དུ་འགྱུར་བར་ཐལ། གལ་ཏེ་གཞན་སྣམ་བུ་ལས་རང་བཞིན་གྱིས་གཞན་ཡིན་པ་དེའི་ཚེ་ནའོ། །དེ་ལྟར་ཐལ་བ་ལས། བུམ་པ་ཆོས་ཅན། སྣམ་བུ་ལས་རང་བཞིན་གཞན་དུ་མེད་དེ། གཞན་སྣམ་བུ་ལ་ལྟོས་པ་མེད་པར་ཁྱོད་གཅིག་བུ་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་པ་དེའི་ཕྱིར། གཉིས་པ་གཞན་སྡེས་བཏགས་པའི་གཞན་དགག་པ་ནི། གལ་ཏེ་གཞན་ཉིད་ཅེས་བྱ་བ་སྤྱི་ཡང་ཡིན་ཁྱད་པར་ཡང་ཡིན་པ་ཞིག་ཡོད་ལ། དེ་གང་ལ་འདུ་བའི་དངོས་པོ་དེ་ནི་གཞན་ལ་ལྟོས་པ་མེད་ཀྱང་གཞན་ཞེས་འཇོག་པར་བྱེད་དོ་ཞེས་གཟེགས་ཟན་གྱི་སློབ་མ་དག་ཟེར་རོ། །གཞན་ཉིད་ཅེས་བྱ་བའི་སྤྱི་དེ་ཆོས་ཅན། གཞན་དུ་གྲུབ་ཟིན་པའི་གསལ་བ་དོན་གཞན་ལ་ཡོད་པ་མིན་ཏེ། གཞན་ཉིད་ཀྱི་སྤྱི་དོན་གཞན་ཁྱོད་ཀྱིས་བཏགས་པ་ནི་གཞན་དུ་མ་གྲུབ་པ་སྒྲུབ་པར་བྱ་བའི་ཕྱིར་ཡིན་ལ་གཞན་གྲུབ་ཟིན་པ་ལ་དེ་ལྟར་བཏགས་པ་དགོས་པ་མེད་པའི་ཕྱིར། དེ་ཆོས་ཅན། གཞན་མ་ཡིན་པ་གཅིག་ལའང་ཡོད་པ་མ་ཡིན་ཏེ། ཁྱེད་རང་ལྟར་ན། གཅིག་ལ་དོན་གཞན་ཡོད་པར་འགལ་བའི་ཕྱིར་རོ། །གལ་ཏེ་གཞན་ཉིད་ཅེས་བྱ་བའི་སྤྱི་དེ་བཀག་མོད་གཞན་ནི་ཡོད་དགོས་སོ་ཞེ་ན། དེ་ལྟ་ན་ཡང་ཤེས་བྱ་ཆོས་ཅན། གསལ་བ་གཞན་ནམ་དེ་ཉིད་དེ་གཅིག་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དེ་ལ་རྗེས་སུ་འགྲོ་བའི་སྤྱི་གཞན་ཉིད་དེ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་བསྒྲུབ་བྱ་ལ་བརྟག་པ་ནི། གལ་ཏེ་སྒྲུབ་བྱེད་གཞན་ཉིད་མེད་ཀྱང་བསྒྲུབ་བྱ་ཕྲད་པ་ཡོད་དེ། རེག་པ་ནི་གསུམ་འདུས་ཤིང་ཚོགས་པའོ། །ཞེས་གསུངས་པས་སོ། །དེའི་ཕྱིར་ལྟ་བ་སོགས་ཀྱང་རང་བཞིན་གྱིས་ཡོད་དོ་ཞེ་ན། ལྟ་བ་ལ་སོགས་པ་དག་ཕྲད་པ་ཡིན་ན་དེ་དག་ངོ་བོ་ཉིད་ཀྱིས་གཅིག་གམ་ཐ་དད། དང་པོ་ལྟར་ན། དེ་ནི་དེ་ཉིད་དང་ཕྲད་པ་མེད་དེ། ཆུ་ལ་མ་ལྟོས་པའི་འོ་མ་གཅིག་པུ་ལ་ཆུ་དང་ཕྲད་པར་མི་བརྗོད་པ་བཞིན། གཉིས་པ་ལྟར་ན། ངོ་བོ་ཉིད་ཀྱིས་ཐ་དད་པའི་གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ། ཆུ་དང་སོ་སོར་གནས་པའི་འོ་མ་ཆུ་དང་ཕྲད་པར་མི་བརྗོད་པ་བཞིན། གཉིས་པ་ནི། གལ་ཏེ་ཕྲད་པ་བཀག་མོད། ཕྲད་བཞིན་པ་དང༌། ཕྲད་ཟིན་པ་དང༌། ཕྲད་པ་པོ་རྣམས་ཡོད་དེ། མ་བཀག་པའི་ཕྱིར། དེ་ཡོད་པས་ཕྲད་པ་རང་བཞིན་གྱིས་ཡོད་དོ་ཞེ་ན། ཕྲད་བཞིན་པ་དང༌། ཕྲད་པ་དང༌། ཕྲད་པ་པོ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཕྲད་པ་རང་བཞིན་གྱིས་གྲུབ་པ་འགོད་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་ཁེགས་པའི་ཕྱིར། གཉིས་པ་ནི། ཕྲད་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅུ་བཞི་པའི་རྣམ་པར་བཤད་པའོ།།  །།གཞན་ལ་ལྟོས་མེད་གཞན་ཙམ་མིན། །ལྟོས་ན་རང་བཞིན་གཞན་དུ་འགལ། །རང་བཞིན་གཞན་མ་ཡིན་པ་དག །རང་བཞིན་གྱིས་ཕྲད་ག་ལ་སྲིད། །ཅེས་བྱ་བ་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་རྒྱུ་རྐྱེན་ཕྲད་ནས་རང་བཞིན་སྐྱེད་པ་དགག་པ་ལ། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད། དེ་སུན་དབྱུང་བའོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་ཡོད་དེ། རང་བཞིན་དེ་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ཉེ་བར་ལེན་པའི་ཕྱིར་ཞེ་ན། གཉིས་པ་ལ་མཐའ་གཉིས་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། མཐའ་གཉིས་ལ་མི་གནས་པར་གདམས་པའོ། །དང་པོ་ལ། བདེན་གྲུབ་ཀྱི་རང་བཞིན་ཡོད་པའི་སྒྲུབ་བྱེད་དགག བདེན་པའི་རང་བཞིན་ཡོད་པ་ལ་གནོད་བྱེད་བསྟན། དང་པོ་ལ། དངོས་པོ་དངོས་མེད་ཀྱི་རང་བཞིན་བདེན་གྲུབ་དགག བཀག་པ་དེའི་དོན་བསྡུ་བའོ། །དང་པོ་ལ། དངོས་པོའི་རང་བཞིན་བདེན་གྲུབ་དགག་པ་དང༌། དངོས་མེད་ཀྱི་རང་བཞིན་བདེན་གྲུབ་དགག་པའོ། །དང་པོ་ལ། རང་དངོས་དང་གཞན་དངོས་བདེན་གྲུབ་དགག དེ་ལས་མ་གཏོགས་པའི་དངོས་པོ་མེད་པར་བསྟན། དང་པོ་ལ། རང་དངོས་བདེན་གྲུབ་དགག གཞན་དངོས་བདེན་གྲུབ་དགག དང་པོ་ལ། དངོས་དང་དབུ་མ་པ་རང་ལུགས་ཀྱི་རང་བཞིན་བཤད་པའོ། །དང་པོ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཆོས་ཅན། རྒྱུ་དང་རྐྱེན་ལས་ནི་འབྱུང་བར་རིགས་པ་མ་ཡིན་ནོ་སྟེ། རང་བཞིན་དུ་གྲུབ་ཟིན་པ་ལ་རྒྱུ་རྐྱེན་དོན་མེད་པའི་ཕྱིར་རོ། །ཅི་སྟེ་སྔར་མེད་པའི་རང་བཞིན་དེ་རྐྱེན་གྱིས་སྐྱེད་དགོས་སོ་ཞེ་ན། སྔར་མེད་པའི་རང་བཞིན་དེ་ཆོས་ཅན། བྱས་པ་ཅན་དུ་འགྱུར་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། འདོད་ན། རང་བཞིན་བྱས་པ་ཅན་ཞེས་བྱ་བར་ཇི་ལྟ་བུར་རུང་བར་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར། དཔེར་ན་ཆུའི་ཚ་བ་བཞིན་ནོ། །འཇིག་རྟེན་ན་ཚ་བ་མེའི་རང་བཞིན་དུ་གྲགས་ཀྱང་དེ་དེའི་རང་བཞིན་མ་ཡིན་ཏེ། བྱས་པའི་ཕྱིར། ཞེས་ཚིག་གསལ་ལས་སོ། །གཉིས་པ་ནི། འོ་ན་ཁྱོད་ཀྱིས་རང་བཞིན་ཞེས་བྱ་བ་ཅུང་ཟད་ཀྱང་ཁས་མི་ལེན་ནམ། ལེན་ན་ཁྱོད་ཀྱི་ལུགས་ཀྱི་རང་བཞིན་གྱི་མཚན་ཉིད་དང་མཚན་གཞི་དེ་གང་ཞེས་སྨྲ་ན། རང་བཞིན་གྱི་མཚན་ཉིད་དག་ནི་བཅོས་མ་མིན་པ་དང་གཞན་ལ་ལྟོས་པ་མེད་པའི་དེ་ཁོ་ན་ཉིད་དེ་ཡིན་ནོ། །འདིར་ཚིག་གསལ་ལས། ཆོས་གང་ཞིག་དངོས་པོ་གང་གི་བདག་གི་བའི་ངོ་བོ་ཡིན་པ་དེ་ནི་དེའི་རང་བཞིན་དུ་བརྗོད་དོ། །གང་ཞིག་གང་གི་བདག་གི་བ་ཡིན་ཞེ་ན། གང་གིས་གང་མ་བཅོས་པའོ། །གང་ཞིག་དེའི་ངོ་བོར་བཅོས་མ་ཡིན་པ་དེ་ནི་དེའི་རང་བཞིན་མ་ཡིན་ཏེ། དཔེར་ན་ཆུའི་ཚ་བ་བཞིན་ནོ། །གང་ཞིག་གང་ལ་རག་ལས་པ་དེ་ནི་དེའི་བདག་གི་བ་ཡིན་ཏེ། དཔེར་ན་རང་གི་ཁོལ་པོ་དང་རང་གི་ནོར་དག་བཞིན་ནོ། །གང་ཞིག་གི་ཆོས་གཞན་ལ་རག་ལས་པ་དེ་ནི་དེའི་བདག་གི་བ་མ་ཡིན་ནམ་སྟེ། དཔེར་ན་རེ་ཞིག་པའི་བརྙན་པོ་དང་རང་དབང་མེད་པ་ལྟ་བུའོ། །དེའི་ཕྱིར་ཚ་བ་མེའི་རང་བཞིན་མ་ཡིན་ནོ། །གང་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མེ་ལ་དུས་གསུམ་དུ་ཡང་མི་འཁྲུལ་བ་གཉུག་མའི་ངོ་བོ་མ་བཅོས་པ་གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་བྱུང་བ་མ་ཡིན་པ་རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པར་མ་གྱུར་པ་གང་ཞིག་ཡིན་པ་དེ་མེའི་རང་བཞིན་ཡིན་པར་བརྗོད་དོ། །ཅི་མེའི་དེ་ལྟ་བུའི་ངོ་བོར་གྱུར་པ་དེ་ཡོད་དམ་ཞེ་ན། དེ་ནི་རང་གི་ངོ་བོས་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ནོ། །དེ་ལྟ་མོད་ཀྱི་འོན་ཀྱང་ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་པའི་ཕྱིར་སྒྲོ་བཏགས་ནས་ཀུན་རྫོབ་དུ་དེ་ཡོད་དོ་ཞེས་བྱ་བར་སྨྲའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་ཡིན་སྟོན་པ་གང༌། །སྒྲོ་བཏགས་པ་ལས་ཡི་གེ་མེད། །དེ་ནི་ཉན་ཅིང་སྟོན་པ་ཡིན། །ཞེས་དང༌། འདི་ཉིད་ལས་ཀྱང༌། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་འཆད་པར་འགྱུར་རོ། །གལ་ཏེ་སྒྲོ་བཏགས་པ་ལས་དེ་ཡོད་དོ་ཞེས་བརྗོད་ན། དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། དེའི་རང་གི་ངོ་བོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོའོ། །ངོ་བོ་འདི་ཡང་གང་ཞེ་ན་རང་བཞིན་ནོ། །རང་བཞིན་འདི་ཡང་གང་ཡིན་ཞེ་ན། སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་གང་ཞེ་ན། རང་བཞིན་མེད་པའོ། །རང་བཞིན་མེད་པ་འདི་གང་ཞིག་ཡིན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་འདི་ཡང་གང་ཡིན་ཞེ་ན། རང་གི་ངོ་བོ་འགྱུར་བ་མེད་པ་ཉིད་དང༌། རྟག་ཏུ་གནས་པ་ཉིད་དེ་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པ་ཉིད་བཅོས་མ་མ་ཡིན་པའི་ཕྱིར་དང༌། གཞན་ལ་ལྟོས་པ་མེད་པའི་ཕྱིར་མེ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ་དངོས་པོའི་རྣམ་པ་མ་རིག་པའི་རབ་རིབ་ཀྱི་མཐུས་དམིགས་པ་ནི་མ་གཟིགས་པའི་ཚུལ་གྱི་བདག་ཉིད་གང་གི་འཕགས་པ་མ་རིག་པའི་རབ་རིབ་དང་བྲལ་བ་རྣམས་ཀྱི་ཡུལ་དུ་འགྱུར་ཏེ། ངོ་བོ་དེ་ཉིད་དེ་དག་གི་རང་བཞིན་དུ་རྣམ་པར་བཞག་གོ །ཞེས་གསུངས་སོ། །དེའི་དོན་ལ་རྣམ་པར་བརྟགས་ན་འདི་ལྟར་སྣང་སྟེ། ཆོས་དེ་དང་དེའི་རང་བཞིན་ཡིན་ན་དེའི་བདག་གི་བ་ཡིན་དགོས་པ་དང༌། དེ་ཡིན་ན་ཆུའི་ཚ་བ་ལྟར་གསར་དུ་བཅོས་པ་མ་ཡིན་པ་དང༌། འགྱུར་བ་མེད་པ་དང༌། བརྙན་པོ་ལྟར་གཞན་ལ་རག་ལས་པ་མ་ཡིན་པ་སྟེ་ཁྱད་པར་གསུམ་ལྡན་གཅིག་དགོས་པར་བསྟན་ནོ། །དེའི་རིགས་པས་ཆོས་དེ་དང་དེའི་བདག་གམ་བདེན་གྲུབ་ཡིན་ན་ཡང༌། བཤད་མ་ཐག་པ་དེ་དང་དེ་དག་ཡིན་དགོས་ལ། གང་ཟག་གི་བདག་དང༌། བུམ་པའི་བདེན་གྲུབ་སོགས་ནི་ཆུའི་ཚ་བ་ལྟར་བློ་འཁྲུལ་བས་གསར་དུ་བཅོས་པའི་ཕྱིར། དེའི་རང་བཞིན་མ་ཡིན་པར་དོན་གྱིས་ཐོབ་བོ། །ཡང་ཚ་བ་མེའི་རང་བཞིན་ཡིན་པར་འཇིག་རྟེན་ལ་གྲགས་ཀྱང་རང་ལུགས་ལ་གཞན་ལ་ལྟོས་པའི་རྒྱུ་མཚན་གྱིས་དེ་དེའི་རང་བཞིན་ཡིན་པ་བཀག་ནས་དེའི་རང་བཞིན་ནི་རང་གི་ངོ་བོ་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ། འཕགས་པའི་ཡེ་ཤེས་ཀྱིས་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་མ་གཟིགས་པ་གཅིག་ཡིན་ལ། འོན་ཀྱང༌། ཐ་སྙད་བྱེད་པའི་ཚེ་སྒྲོ་བཏགས་ནས་ཆོས་ཉིད་དང༌། རང་བཞིན་དང༌། ངོ་བོ་དང༌། དོན་དམ་པ་ལ་སོགས་མིང་གིས་བརྗོད་ཅིང་དེ་ཉིད་ཡོད་པ་ཡིན་ནོ་ཞེས་ཀྱང་ཐ་སྙད་བྱེད་ལ། དེའི་རྗེས་སུ་འབྲངས་པའི་ཐོས་བསམ་དང་འཇིག་རྟེན་པའི་སྒོམ་བྱུང་གིས་ཀྱང་དེ་དང་དེར་ཞེན་ལ། དེའི་ཚེ་སྒྲ་དང་རྟོག་པའི་ཞེན་གཞིར་བཟུང་བ་གང་ཡིན་པ་དེ་དག་ནི། རང་བཞིན་ནམ། དོན་དམ་པའི་བདེན་པ་མ་ཡིན་ཏེ། མེད་པར་དགག་པ་མ་ཡིན་པའི་ཕྱིར། མདོར་ན། དོན་དམ་བདེན་པ་དང༌། ཆོས་ཉིད་དང༌། མྱ་ངན་ལས་འདས་པ་སོགས་ཀྱི་དོན་ལྡོག་དེ་ཡིན་ན། འཕགས་པའི་མཉམ་གཞག་སོ་སོར་རང་གིས་རིགས་པའི་ཡེ་ཤེས་ཀྱི་དངོས་ཀྱི་རིག་བྱར་གྱུར་པའི་དེ་ཁོ་ན་ཉིད་ཡིན་དགོས་པ་དང༌། དེ་དག་གི་རང་ལྡོག་དེ་ནི་སྒྲ་རྟོག་གི་དངོས་ཡུལ་ལས་མ་འདས་པ་ལ་དགོངས་ནས། དྲུག་ཅུ་པ་རྩ་འགྲེལ་དང༌། བདེན་གཉིས་རྩ་འགྲེལ་དུ། དོན་དམ་བདེན་པ་དང་མྱང་འདས་སོགས་ཀྱི་རང་ལྡོག་ནས་ཀུན་རྫོབ་ཀྱི་བདེན་པར་བཤད་ཅིང༌། སྐབས་ཕལ་མོར་དོན་དམ་བདེན་པར་བཤད་དོ། །རྩོད་ངོར་ཁས་ལེན་ཚུལ་ཇི་ལྟར་བྱེད་པའི་ཚུལ་ནི་འོག་དུ་འཆད་པར་འགྱུར་རོ། །སྤྲོས་པས་ཆོག་གོ །གཉིས་པ་ནི། གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་བཀག་པ་ན་རང་དངོས་བཀག་མོད། གཞན་དངོས་ནི་ཡོད་དེ་མ་བཀག་པའི་ཕྱིར་ཞེ་ན། དངོས་པོ་རྣམས་ལ་དངོས་སྨྲ་བས་བཏགས་པའི་རང་གི་རང་བཞིན་དེ་ཡོད་པ་མ་ཡིན་ན་སྟེ་དེའི་ཚེ། གཞན་གྱིས་དངོས་པོའི་རང་བཞིན་ཁྱོད་འདོད་པ་དེ་ག་ལ་ཡོད་དེ། ཆུ་ལས་གཞན་པའི་མེའི་དངོས་པོའི་རང་བཞིན་ནི་གཞན་གྱི་དངོས་པོའི་རང་བཞིན་ཡིན་ཞེས་ཁྱོད་ཀྱིས་བརྗོད་དགོས་པ་ལས་མེའི་རང་བཞིན་ཁྱོད་འདོད་པ་དེ་བཀག་ཟིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་རང་དངོས་དང་གཞན་དངོས་ཀྱི་རང་བཞིན་བཀག་ཀྱང་དངོས་པོ་ཙམ་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར་ཞེ་ན། རང་བཞིན་ཏེ་རང་གི་དངོས་པོ་དང་གཞན་དངོས་དག་གི་རང་བཞིན་ཡོད་ན་དངོས་པོ་ཙམ་གྱི་རང་བཞིན་འགྲུབ་པར་འགྱུར་ན་ཡང༌། དངོས་པོ་ཙམ་གྱི་རང་བཞིན་ནི་ཡོད་པ་མ་ཡིན་ཏེ། རང་བཞིན་དང་ནི་གཞན་དངོས་དག་མ་གཏོགས་པའི་དངོས་པོ་ག་ལ་ཡོད་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དངོས་པོ་མེད་པ་ནི་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར། དེ་ཡོད་པ་ན་དངོས་པོ་ཡང་རང་བཞིན་གྱིས་ཡོད་པར་གྲུབ་བོ་ཞེ་ན། གལ་ཏེ་དངོས་པོ་མ་གྲུབ་ན་དངོས་མེད་འགྲུབ་པར་མི་འགྱུར་རོ་སྟེ། བུམ་སོགས་ཀྱི་དངོས་པོ་གཞན་དུ་གྱུར་པ་སྟེ་ཞིག་པ་ནི་དངོས་མེད་ཡིན་པར་འཇིག་རྟེན་གྱི་སྐྱེ་བོ་དག་སྨྲ་བའི་ཕྱིར། གཉིས་པ་ནི། དངོས་པོར་སྨྲ་བ་གང་དག་སྲ་བ་སའི་རང་བཞིན་དང་གཟུགས་དང་ཚོར་བ་སོགས་གཞན་གྱི་དངོས་པོ་དང་རྣམ་པར་ཤེས་པ་སོགས་ད་ལྟར་བ་དངོས་པོ་ཡིན་པ་དང༌། འདས་པ་དང་མ་འོངས་པ་དངོས་པོ་མེད་པ་ཉིད་དུ་ལྟ་བ་དང་ཞེན་པ་དེ་དག་ནི་ཆོས་ཅན། སངས་རྒྱས་ཀྱི་བསྟན་ལ་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ་སྟེ། སྤྲོས་པའི་མཐར་བཟུང་བའི་ཕྱིར་རོ། །གཉིས་པ་ལ། ལུང་གིས་གནོད་བྱེད་དང༌། རིགས་པའི་གནོད་བྱེད་དོ། །དང་པོ་ནི། དངོས་པོ་དངོས་མེད་ཀྱི་རང་བཞིན་བདེན་གྲུབ་ཁས་ལེན་པ་དེ་ནི་དངོས་པོར་སྨྲ་བ་རང་གིས་ཀྱང་ཁས་བླངས་ལུང་དང་འགལ་བ་ཡིན་ཏེ། བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པ་ཇི་ལྟ་བ་བཞིན་མཁྱེན་པས་ཀ་ཏཱ་ཡ་ན་ཡི་གདམས་ངག་ལས་ནི་ཡོད་པ་དང་མེད་པར་ཞེན་པའི་མཐའ་གཉིས་ཀ་དགག་པར་མཛད་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། འདུལ་བའི་ལུང་ལས། ཀ་ཏཱ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ་དེ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར་ཞེས་སོགས་དང༌། ཐེག་པ་ཐུན་མོང་གི་མདོ་ལས། འོད་སྲུངས་ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ། ཞེས་སོགས་ཟླ་བས་འགྲེལ་པར་དྲངས་སོ། །གཉིས་པ་ལ། དངོས་དང༌། གཞན་གྱི་ལན་དགག་པའོ། །དང་པོ་ནི། གལ་ཏེ་ཚ་བ་ལ་སོགས་པ་མེའི་རང་བཞིན་དུ་རང་བཞིན་གྱིས་ཡོད་ན་ཚ་བ་ལ་སོགས་པ་དེ་ནི་ནམ་ཡང་མེད་པ་ཉིད་དུ་མི་འགྱུར་རོ། །དེའི་རྒྱུ་མཚན་ནི་རང་བཞིན་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་རོ། །དཔེར་ན་ནམ་མཁའི་མི་སྒྲིབ་པ་བཞིན་ནོ། །འདི་ནི་གཞན་གྲགས་སོ། །གཉིས་པ་ནི། གལ་ཏེ་རང་བཞིན་ཡོད་པ་མ་ཡིན་ན་གཞན་དུ་འགྱུར་བ་གང་གི་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་ནོ་ཞེ་ན། འོ་ན་གཞན་དུ་འགྱུར་བ་ཇི་ལྟར་རུང་སྟེ་མི་སྲིད་པར་ཐལ། རང་བཞིན་ཡོད་པ་ཡིན་ན་ཡང་ནི་དེ་མི་སྲིད་པར་བསྟན་ཟིན་ལ་ཅིག་ཤོག་ལའང་དེ་མི་སྲིད་པར་ཁྱོད་ཀྱི་ཁས་བླངས་པའི་ཕྱིར་རོ། །སློབ་དཔོན་སངས་རྒྱས་བསྐྱངས་གཞུང་སྔ་ཕྱི་གཉིས་ཀ་རང་གཞུང་དུ་བཞེད་དེ། ཕྱེད་སྔ་མས་གཞན་ཏུ་འགྱུར་གྱི་རྒྱུ་རང་བཞིན་གྱིས་མེད་ན་གཞན་གྱུར་རང་བཞིན་གྱིས་མེད་དགོས་པར་བསྟན་ནོ། །སྐབས་འདིར་ཚིག་གསལ་ལས། ཁོ་བོ་ཅག་གིས་ནི་ནམ་ཡང་ག་ལ་ཡང་གཞན་དུ་འགྱུར་བ་ཡོད་པར་ཁས་མ་བླངས་སོ། །ཞེས་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། གཞན་དུ་འགྱུར་བ་མཐོང་བའི་ཕྱིར། ཞེས་པ་གཞན་གྲགས་སུ་གསུངས་པ་ལྟར་ན། རྟེན་འབྲེལ་གྱི་གཏན་ཚིགས་ཀྱང་གཞན་གྲགས་སུ་ཁས་ལེན་དགོས་པ་ཡིན་ཏེ། བུམ་པའི་གནས་ཚུལ་ལ་དཔྱོད་པའི་རིགས་ངོར་རྟེན་འབྲེལ་ཙམ་དུའང་ཁས་མི་ལེན་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། དེའི་འཐད་པའོ། །དང་པོ་ནི། ཡོད་པ་དང་མེད་པར་ཞེན་པའི་མཐའ་གཉིས་ལ་མཁས་པས་གནས་པར་མི་བྱའོ། །དེའི་རྒྱུ་མཚན་ནི། གནས་ཚུལ་ལ་སེམས་པའི་ཚེ་ཡོད་ཅེས་བྱ་བར་ཞེན་ན་རྟག་པར་འཛིན་པ་དང༌། མེད་ཅེས་བྱ་བར་ཞེན་ན་ཆད་པར་ལྟ་བ་ཡིན་པས་སོ། །གཉིས་པ་ནི། གནས་ཚུལ་ལ་དཔྱོད་པའི་ཚེ་ཡོད་པར་ཁས་བླངས་ན་རྟག་པར་ལྟ་བར་འགྱུར་ཏེ། དེའི་ཚེ་ཡོད་པར་ཁས་བླངས་ན་རང་བཞིན་གྱིས་ཡོད་པར་ཁས་བླངས་པར་འགྱུར་ལ། དེ་ནི་ནམ་ཡང་མེད་པ་མ་ཡིན་པས་སོ། །སྔར་བུམ་པ་ངོ་བོས་གྲུབ་པ་བུམ་པའི་གནས་ཚུལ་ལ་དཔྱོད་པའི་རིགས་པས་བུམ་པ་མེད་པར་བྱས་སོ་ཞེས་ཁས་བླངས་ན་ཆད་པར་ཐལ་བར་འགྱུར་ཏེ། སྔོན་བྱུང་གི་བུམ་པ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་དེ་རིགས་པས་དཔྱད་པའི་མཐུ་ལས་ད་ལྟར་མེད་དོ་ཞེས་ཁས་བླངས་པར་སོང་བ་དེས་ནའོ། །འདིར་སྐབས་ཀྱི་དོན་ནི་ཆོས་རྣམས་ཀྱི་གནས་ཚུལ་སེམས་པའི་ཚེ་ཆོས་དེ་མེད་དམ་ཡོད་པར་ཁས་བླངས་ན་རྟག་ཆད་ཀྱི་མཐའ་ལས་མ་འདས་ཏེ། གནས་ཚུལ་ལ་ནི་ཆོས་གང་ཡང་སྤྲོས་པའི་མཐའ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །ཐ་སྙད་ཀྱི་ཚེ་ནི་དེ་ལྟར་ཁས་བླངས་པས་དེར་འགྱུར་བ་མ་ཡིན་ཏེ། ཐ་སྙད་དུ་ཡོད་མེད་གང་རུང་ལས་མ་འདས་པའི་ཕྱིར་རོ། །འདིར་རིན་པོ་ཆེ་པ། རིགས་ངོར་ཆོས་གང་ཡང་ཁས་མ་བླངས་ན་ཆད་པར་སོང་ངོ་ཞེས་གསུང་བ་ཡང་རྣམ་པར་མ་བརྟགས་པ་ཡིན་ཏེ། ཆད་པར་འགྱུར་བ་ནི་སྔར་རིགས་པས་དཔྱད་བཟོད་དུ་ཁས་བླངས་པའི་ཆོས་ཞིག་ཕྱིས་རིགས་པ་གཞན་གྱིས་དཔྱད་པའི་ཚེ་ཡོད་པ་མ་ཡིན་པར་ཁས་བླངས་ན་དེ་ལྟར་འགྱུར་བ་ཡིན་གྱི། གནས་ལུགས་ལ་ཡོད་པ་མ་ཡིན་པ་ཞིག་དེར་ཁས་བླངས་པ་ཙམ་གྱིས་ཆད་པར་ལྟ་བ་མ་ཡིན་ཏེ། ཇི་སྐད་དུ་ཚིག་གསལ་ལས། གང་གི་ལྟར་ན་དངོས་པོའི་རང་བཞིན་ཉིད་མི་འཐད་པ་དེ་ལ་ནི་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་ཏེ། དངོས་པོའི་རང་བཞིན་མ་དམིགས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་ཁས་ལེན་པ་ལ་དངོས་པོར་ལྟ་བ་མེད་པས་རྟག་པར་ལྟ་བ་མེད་མོད་ཆད་པར་ལྟ་བར་ཐལ་བར་ངེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་མེད་པར་ལྟ་བར་ཐལ་བར་མི་འགྱུར་རོ། །འདི་ལྟར་གང་ཞིག་སྔར་དངོས་པོའི་རང་བཞིན་ཁས་བླངས་ནས་ཕྱིས་དེ་ལྡོག་པ་ལ་བརྟེན་པར་བྱེད་པ་དེ་ནི་དངོས་པོའི་རང་བཞིན་སྔར་དམིགས་པ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བར་འགྱུར་གྱི་གང་ཞིག་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་རབ་རིབ་མེད་པ་ལྟར་གྱུར་ཅིང་ཅི་ཡང་མ་དམིགས་པ་དེས་མེད་ཅེས་སྨྲས་པ་ན་ཅི་ཞིག་མེད་པར་སྨྲས་པར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལོག་པར་མངོན་པར་ཞེན་པ་བཟློག་པར་བྱ་བའི་ཕྱིར། རབ་རིབ་མེད་པ་རྣམས་ལྟར་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་ཁོ་བོ་ཅག་སྨྲ་མོད་ཀྱི་དེ་སྐད་དུ་སྨྲས་པ་ན་ཁོ་བོ་ཅག་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་ཡོད་ཀྱིས་ཁས་བླངས་ནས་ཕྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་ནི་མེད་པ་པར་འགྱུར་བ་ལགས་སོ། །ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །ཞེས་གསུངས་སོ། །མདོར་ན་དངོས་པོ་བདེན་སྟོང་དུ་ཁས་ལེན་པ་དང་ཞེན་པ་ནི་ཆད་པར་སྨྲ་བ་དང་ཆད་པའི་ལྟ་བ་མ་ཡིན་མོད་དེར་ཞེན་པའི་ཆ་ནས་ནི་དབུ་མའི་ལམ་གྱི་སྤང་བྱ་ཡིན་ཏེ། མཚན་མར་བཟུང་བའི་ཕྱིར་རོ། །དེ་ཡང་རྟག་འཛིན་གྱི་ཕྱོགས་སུ་གཏོགས་དགོས་ཏེ། ཇི་སྐད་བཤད་མ་ཐག་པའི་ལུང་གིས་ཆད་ལྟའི་ཕྱོགས་སུ་གཏོགས་པ་བཀག་པའི་ཕྱིར་དང༌། དེ་ཉིད་དགག་པའི་རྣམ་པ་ཅན་གྱི་བློ་གྲོས་ཀྱིས་ཡང་དགོས་པའི་ཕྱིར་དང༌། བདེན་གྲུབ་ཏུ་ཞེན་པའི་བག་ཆགས་ཀྱིས་བསླད་པའི་བློ་ཡིན་པའི་ཕྱིར་དང༌། བདེན་མེད་དུ་ཞེན་པས་ཆད་པར་འགྱུར་ན་དབུ་མ་པས་ཐ་སྙད་དུ་བདེན་གྲུབ་ཁས་བླངས་པར་ཐལ་བའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་སྒོམ་པ་ཡིས། །དངོས་པོའི་བག་ཆགས་བཟློག་འགྱུར་ཅིང༌། །ཅི་ཡང་མེད་ཅེས་སྒོམ་པ་ཡིས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་དང༌། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མ་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །ཞེས་བཤད་དོ། །འོ་ན་དངོས་པོ་རྣམས་བདེན་པས་སྟོང་པ་ཡིན་ནོ་ཞེས་བརྗོད་པའི་ཚེ་བདེན་མེད་དུ་འཕངས་སམ་མ་འཕངས། དང་པོ་ལྟར་ན་དེ་ལྟར་བརྗོད་པ་དེས་རྟག་པར་སྨྲས་པར་འགྱུར་ཞིང༌། གཉིས་པ་ལྟར་ན། ལྟོ་ལྡིར་བ་ཞེས་བརྗོད་པས་ཀྱང་བུམ་པའོ་སྙམ་པའི་བློ་མ་འཕངས་པར་འགྱུར་རོ་སྙམ་ན། འཕངས་པར་ཁས་མི་ལེན་ཏེ། བདེན་སྟོང་མེད་དགག་ཏུ་འདོད་པའི་ཕྱིར་དང༌། བདེན་གྲུབ་ཀྱི་བློ་བཟློག་པར་བྱ་བའི་ཆེད་དུ་དེ་སྐད་སྨྲས་ཀྱི་བདེན་མེད་དུ་ཞེན་པ་སྐྱེད་པའི་ཆེད་དུ་དེ་སྐད་བརྗོད་པ་མ་ཡིན་པའི་ཕྱིར་དང༌། བདེན་གྲུབ་བཀག་ཙམ་ལ་རྟག་པའི་དོན་མེད་པའི་ཕྱིར་དང༌། བདེན་མེད་ཀྱི་ངོ་བོར་ཞེན་པའམ། བདེན་པ་བཀག་ཙམ་གྱི་ངོ་བོར་ཞེན་ན་ནི་རྟག་ལྟར་འགྱུར་བ་ཡིན་ཏེ། དངོས་པོའི་ངོ་བོར་མངོན་པར་ཞེན་པའི་ཕྱིར་རོ། །ཞེས་པ་ཉིད་དྲངས་མ་ཐག་པའི་འགྲེལ་པའི་དོན་དུ་གསལ་ལོ། །དེའི་ཕྱིར་བདེན་གྲུབ་མ་དམིགས་པའི་བློ་དང་བདེན་སྟོང་དུ་འཛིན་པའི་བློ་གཉིས་གནས་ཚུལ་ལ་ཞུགས་མ་ཞུགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་ལེགས་པར་ཕྱེད་དགོས་སོ། །རྟག་ལྟའི་ཕྱོགས་སུ་གཏོགས་པ་ཙམ་གྱིས་རྟག་ལྟ་ཡིན་མི་དགོས་ཏེ། གསེར་བུམ་ལ་བུམ་པར་ཞེན་པའི་བློ་བཞིན་ནོ། །ཐ་སྙད་ཀྱི་བདེན་པ་འཛིན་པའི་རྟོག་པ་ཐམས་ཅད་རྟག་ལྟ་ཡིན་ན་ནི་བདེན་གཉིས་ཟུང་དུ་འབྲེལ་བ་ཉམས་སོ། །དེ་ལྟར་བཤད་པ་ན་བུམ་པ་བདེན་མེད་དུ་དང༌། བདེན་སྟོང་བདེན་མེད་དུ་ཞེན་པའི་རྟོག་པ་ནི། ཀུན་རྫོབ་ཀྱི་བདེན་པ་འཛིན་པའི་རྟོག་པ་ཡིན་ཏེ། དེ་དང་དེ་ལ་དེ་དང་དེའི་བརྡ་བཏགས་པ་དེ་ནི་ཐ་སྙད་བདེན་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཡང་ཡང་བཤད་ཟིན་ཅིང་འཆད་པར་ཡང་འགྱུར་རོ། །གཉིས་པ་ནི། རང་བཞིན་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅོ་ལྔ་པ་རྣམ་པར་བཤད་པའོ།།  །།དངོས་དང་དངོས་པོ་མེད་བཀག་པ། །སྤྲོས་པ་བཟློག་པའི་ཕྱིར་ཡིན་གྱི། །སྤྲོས་དང་བྲལ་བར་ཞེན་པ་ཡི། །རྟོག་པ་བསྐྱེད་པའི་ཆེད་མིན་ནོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་ལ། འབྲས་བུ་འཁོར་འདས་རང་བཞིན་གྱིས་གྲུབ་པ་དགག དེའི་སྒྲུབ་བྱེད་དུ་ལས་བདེན་གྲུབ་དགག་པའོ། །དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད། མཚན་བསྟན་པའོ། །དང་པོ་ལ། རིགས་པ་རྒྱས་པར་བཤད། རིགས་པ་བསྡུས་ཏེ་བསྟན། དང་པོ་ལ། དངོས་དང༌། འཁོར་འདས་སུ་ཞེན་པས་མི་གྲོལ་བར་བསྟན། དང་པོ་ལ། བསྒྲུབ་བྱ་འཁོར་འདས་རང་བཞིན་གྱི་གྲུབ་པ་དགག སྒྲུབ་བྱེད་བཅིངས་ཐར་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ། འཁོར་བ་རང་བཞིན་གྱིས་གྲུབ་པ་དགག མྱང་འདས་ངོ་བོས་གྲུབ་པ་དགག དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་དེ། འཁོར་བ་ཡོད་པའི་ཕྱིར། རང་བཞིན་མེད་ན་སུ་ཞིག་འཁོར་ཏེ་མོ་གཤམ་གྱི་བུ་བཞིན་ནོ་ཞེ་ན། དེ་སུན་དབྱུང་བ་ལ་གཉིས་ཏེ། བླང་བྱ་ཕུང་པོ་འཁོར་བ་དགག ལེན་པོ་སེམས་ཅན་འཁོར་བ་དགག དང་པོ་ནི་གལ་ཏེ་འཁོར་བ་རང་བཞིན་གྱིས་ཡོད་ན་འདུ་བྱེད་འཁོར་རམ། སེམས་ཅན་འཁོར། གལ་ཏེ་འདུ་བྱེད་དེ་ཕུང་པོ་འཁོར་ཞེ་ན། འོ་ན་དེ་རྟག་གམ་མི་རྟག དང་པོ་ལྟར་ན། འདུ་བྱེད་དེ་དག་ཆོས་ཅན། མི་འཁོར་བར་ཐལ་ཏེ། རྟག་པ་ན་འགྲོ་འོང་གི་བྱ་བ་དང་བྲལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་ཆོས་ཅན། འཁོར་བར་མི་འགྱུར་ཏེ། མི་རྟག་ན་ཡང་སྐད་ཅིག་གིས་འཇིག་པས་ཞིག་པ་དེ་ཉིད་གཞན་དུ་མི་འགྲོ་བའི་ཕྱིར་རོ། །འདིའི་ཐད་ཀྱི་ཚིག་གསལ་ལས། ཞིག་པ་དང་མ་སྐྱེས་པ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་དང༌། ཞིག་པ་ལས་ཡིན་པར་འདོད་ན་ནི་ས་བོན་ཚིག་པ་ལས་ཀྱང་མྱུ་གུ་འབྱུང་བར་འགྱུར་རོ་ཞེས་གསུངས་པས་ཞིག་པ་དངོས་པོར་འདོད་པ་བཀག་པ་ཡིན་ནོ། །གཉིས་པ་ལ། དངོས་དང༌། དེའི་ཉེས་སྤོང་དུ་གང་ཟག་བརྗོད་དུ་མེད་པར་ཁས་ལེན་པ་དགག་པའོ། །དང་པོ་ནི། གལ་ཏེ་སེམས་ཅན་འཁོར་ཞེ་ན། རིགས་པས་དཔྱད་པ་ན་སེམས་ཅན་འཁོར་བར་མི་རིགས་ཏེ། སེམས་ཅན་འཁོར་བ་ལ་ཡང་འདུ་བྱེད་འཁོར་བ་རྣམ་པར་དཔྱོད་བྱེད་ཀྱི་རིགས་པའི་རིམ་པ་བཤད་མ་ཐག་པ་འདི་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་མ་མཚུངས་ཏེ། རྟག་མི་རྟག་གང་དུ་བརྗོད་དུ་མེད་པའི་གང་ཟག་འཁོར་ཞེ་ན། འདི་ལ་བཤད་ཟིན་གྱི་རིགས་པས་དགག མ་བཤད་པའི་རིགས་པས་དགག དང་པོ་ནི། དེ་འདྲའི་གང་ཟག་དེ་ནི་ཆོས་ཅན། གང་ཞིག་འཁོར་བར་འགྱུར་ཏེ་མི་འཁོར་བར་ཐལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཚོལ་བྱེད་ཀྱི་རིགས་པ་སྔར་བཤད་པ་རྣམ་པ་ལྔས་བཙལ་ན་མེད་ན་དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། མེ་དང་ཤིང་གིས་བདག་དང་ནི། །ཞེས་པར་བཤད་ཟིན་པའོ། །གཉིས་པ་ནི། གལ་ཏེ་བདག་འདི་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འཁོར་ན་སྔ་མ་བཏང་ནས་སམ་མ་བཏང་བར་འཁོར། མ་བཏང་བར་འཁོར་ན་གང་ཟག་གཅིག་ལྷ་མིའི་སྲིད་པ་གཉིས་ལ་ཅི་ཆར་གནས་པར་འགྱུར་ལ། དང་པོ་ལྟར་ན། སྔ་ཕྱི་དེ་གཉིས་ཀྱི་བར་ན་སྲིད་པར་མེད་པར་འགྱུར་ཏེ། སྲིད་པ་སྔ་མ་བཏང་ཕྱི་མ་མ་བླངས་པའི་ཕྱིར་དེ་ལས་ཅིར་འགྱུར་ཞེ་ན། བར་དེར་སྲིད་པ་མེད་ཅིང་ཉེ་བར་ལེན་པ་མེད་ན་གང་ཟག་ཏུ་གདགས་པའི་གཞི་མེད་དགོས་ལ། དེ་ལྟར་ན། དེ་གཉིས་ཀྱི་བར་གྱི་གང་ཟག་དེ་ཆོས་ཅན། ཅི་ཞིག་ཏུ་འཁོར་བར་འགྱུར་ཏེ། གང་དེ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་གཉིས་ཀྱི་བར་ན་བར་དོའི་སྲིད་པ་ཡོད་པས་སྐྱོན་མེད་དོ་ཞེ་ན། དེ་ལ་ཡང་སྲིད་པ་སྔ་མ་བཏང་མ་བཏང་གིས་བརྟག་པ་མཚུངས་ཤིང༌། གལ་ཏེ་གཏོང་ལེན་གཉིས་ཅིག་ཆར་བྱེད་པར་འདོད་ན། དེ་ལྟ་ན་བདག་གཉིས་སུ་ཐལ་བར་འགྱུར་ཏེ། དཔེར་ན་ལྷས་སྦྱིན་གཅིག་བུ་ཁྱིམ་ནས་ཁྱིམ་དུ་རྒྱུ་བ་ལ་ལེན་གཏོང་གཉིས་ཅིག་ཆར་བྱེད་ན་ལྷས་སྦྱིན་གཅིག་བུ་ལ་གང་ཟག་གཉིས་སུ་ཐལ་བ་བཞིན་ནོ། །གཉིས་པ་ནི། གལ་ཏེ་འཁོར་བ་རང་བཞིན་གྱིས་ཡོད་དེ། འགལ་ཟླ་མྱང་འདས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། འོ་ན་འདུ་བྱེད་དེ་མྱ་ངན་ལས་འདའ་འམ། སེམས་ཅན་འདའ། དང་པོ་ལྟར་ན། འདུ་བྱེད་ཆོས་ཅན། ཁྱོད་རྟག་མི་རྟག་ཇི་ལྟ་བུར་གྱུར་ཀྱང་མྱ་ངན་ལས་འདའ་བར་མི་འཐད་དོ་སྟེ། རྟག་ན་བྱ་བ་དང་བྲལ་དགོས་པའི་ཕྱིར་དང༌། མི་རྟག་ན་སྐད་ཅིག་གཉིས་པར་ཞིག་ནས་མེད་པས་སུ་ཞིག་འདའ་བར་བྱེད་པའི་ཕྱིར། གཉིས་པ་ལྟར་ན། སེམས་ཅན་ཆོས་ཅན། རྟག་མི་རྟག་ཇི་ལྟ་བུར་གྱུར་ཀྱང༌། མྱ་ངན་ལས་འདའ་བར་འཐད་པར་མི་འགྱུར་ཏེ། རིགས་པ་སྔ་མ་མཚུངས་པའི་ཕྱིར། གཉིས་པ་སྒྲུབ་བྱེད་བཅིངས་ཐར་དགག་པ་ལ། གལ་ཏེ་དངོས་པོ་རང་བཞིན་གྱིས་ཡོད་དེ། བཅིངས་པ་དང་ཐར་བ་ཡོད་པའི་ཕྱིར། དེ་ཡོད་པས་འཁོར་འདས་གྲུབ་ལ། དེ་གྲུབ་པ་ན་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་གྲུབ་བོ་ཞེ་ན། །དེ་དགག་པ་ལ། སྤྱིར་དགག སོ་སོར་དགག་པའོ། །དང་པོ་ནི། ཆགས་སོགས་ཀྱིས་གང་དག་གཅིག་གཅིག་བཅིངས་པར་བྱེད་ན། འདུ་བྱེད་དམ། སེམས་ཅན་འཆིང་དང་པོ་ལྟར་ན་རྟག་པའམ་མི་རྟག་པ་འཆིང་དང་པོ་མི་འཐད་པ་རྟོགས་སླ་ལ། གཉིས་པ་ལྟར་ན། འདུ་བྱེད་རྣམས་ཆོས་ཅན། ཆགས་སོགས་ཀྱིས་མི་འཆིང་ཅིང་འཆིངས་པ་ལས་གྲོལ་བར་ཡང་མི་འགྱུར་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སེམས་ཅན་ཡང་ཆོས་ཅན། མི་འཆིང་ཅིང་གྲོལ་བར་ཡང་མི་འགྱུར་ཏེ། རིགས་པ་སྔ་མ་དེ་དག་རྗེས་སུ་འཇུག་པའི་ཕྱིར། གཉིས་པ་ལ། བཅིངས་པ་དགག ཐར་པ་དགག དང་པོ་ལ། སྔར་མ་བཤད་པའི་རིགས་པས་དགག སྔར་བཤད་ཟིན་པའི་རིགས་པས་དགག དང་པོ་ལ། གང་འཆིང་བ་ལ་བརྟགས་ནས་དགག བཅིང་བྱའི་སྔ་རོལ་ན་ཡོད་མེད་ལ་བརྟགས་ནས་དགག དང་པོ་ནི། གལ་ཏེ་འདུ་བྱེད་དང་སེམས་ཅན་བཅིངས་པ་ནི་བཀག་མོད། དེ་ལྟ་ན་ཡང༌། འཆིང་བ་ཡོད་པའི་ཕྱིར། བཅིངས་པའང་ཡོད་དོ་ཞེ་ན། གལ་ཏེ་ཉེ་བར་ལེན་པ་འདོད་ཆགས་སོགས་འཆིང་བ་ཡིན་ན། ཉེ་བར་ལེན་པ་ཆགས་སོགས་དང་བཅས་པ་ཞིག་གམ། དེ་དང་བྲལ་བ་ཞིག་འཆིང༌། དང་པོ་ལྟར་ན། ཉེ་བར་ལེན་བཅས་འཆིང་བར་མི་འགྱུར་ཏེ། སླར་ཡང་འཆིང་བ་དོན་མེད་པའི་ཕྱིར། གཉིས་པ་ལྟར་ན། ཉེ་བར་ལེན་མེད་ཞིག་ཀྱང་མི་འཆིང་སྟེ། ཉེ་བར་ལེན་དང་བྲལ་བའི་ཕྱིར། དེ་བཞིན་གཤེགས་པ་བཞིན་ནོ། །དེ་ལྟར་ན་གནས་སྐབས་གང་ཞིག་འཆིང་བར་འགྱུར་ཏེ། ཕུང་པོ་གསུམ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ལྕགས་སྒྲོག་ལ་སོགས་པ་སྔར་ཡོད་པས་བཅིང་བྱ་འཆིང་བ་བཞིན་དུ་བཅིང་བྱའི་སྔ་རོལ་ན་འཆིང་བ་ཡོད་ན་དེས་བཅིང་བྱ་གང་ཡིན་པ་དེ་འཆིང་ལ་རག་ན། དེ་ཡང་མེད་དེ། རྟེན་མེད་པར་བརྟེན་པ་མི་འབྱུང་བའི་ཕྱིར་དང༌། སྔར་འཆིང་བར་གྲུབ་ནས་ཕྱིས་བཅིང་བྱ་ལྷན་ཅིག་འབྲེལ་པ་ལ་དགོས་པ་མེད་པའི་ཕྱིར་དང༌། འཆིང་བ་ཐ་དད་པར་གྲུབ་པའི་བཅིང་བྱ་ལ་ཡང་འཆིང་བ་དགོས་པ་མེད་པའི་ཕྱིར། དེའི་ཕྱིར་འཆིང་བས་ནི་འགའ་ཡང་མི་འཆིང་ལ། མི་འཆིང་བ་ནི་འཆིང་བྱེད་དུ་མི་རིགས་པས་འཆིང་བ་མེད་ཅིང་དེ་མེད་པས་ན་བཅིངས་པ་ཡང་མེད་དོ་ཞེས་འགྲེལ་པ་ལས་སོ། །གཉིས་པ་ནི། འདིར་མ་བཤད་པའི་རིགས་པ་ལྷག་མ་ནི་གཞན་ཡང་ཆོས་ཅན། བསྟན་པར་བྱ་དགོས་ཏེ། སོང་དང་མ་སོང་བགོམ་པ་གསུམ་ལ་འགྲོ་བ་འགོག་བྱེད་ཀྱི་རིགས་པ་དེས་བསྟན་པའི་ཕྱིར། ཇི་ལྟར་ཞེ་ན། རེ་ཞིག་བཅིངས་པ་མི་འཆིང་སྟེ། །མ་བཅིངས་པ་ཡང་འཆིང་མི་འགྱུར། །བཅིངས་དང་མ་བཅིངས་མ་གཏོགས་པ། །བཅིང་བཞིན་ཤེས་པར་མི་འགྱུར་རོ། །ཞེས་སྦྱར་བས་སོ། །གཉིས་པ་ནི། གལ་ཏེ་བཅིངས་པ་བཀག་མོད། ཐར་པ་ནི་ཡོད་དེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་གང་དག་ཐར་པའི་དོན་དུ་བསླབ་གསུམ་ལ་སློབ་པར་གསུངས་པའི་ཕྱིར། དེ་ལྟ་ན་བཅིངས་པའང་ཡོད་དེ། མ་བཅིངས་ན་ཐར་པར་གཞག་མི་ནུས་པའི་ཕྱིར་རོ། །ཞེ་ན། འོ་ན་བཅིངས་པ་གྲོལ་ལམ་མ་བཅིངས་པ་གྲོལ། དང་པོ་ལྟར་ན། རེ་ཞིག་བཅིངས་པ་མི་གྲོལ་བ་སྟེ། གྲོལ་བ་མ་ཡིན་ཏེ། བཅིངས་པ་ཡིན་པའི་ཕྱིར། ཅི་སྟེ་སྔར་བཅིངས་པ་ཕྱིས་ཐབས་ཀྱིས་གྲོལ་བ་མ་ཡིན་ནམ་ཞེ་ན། དེ་ནི་ཡིན་མོད་དེ་ལྟ་ན་བཅིངས་པ་གྲོལ་བར་འགྱུར་རོ་ཞེས་བརྗོད་པར་རིགས་ཀྱི། གྲོལ་བ་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ། །མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ། མ་བཅིངས་པ་ནི་གྲོལ་བ་ཉིད་ཡིན་པས་སླར་གྲོལ་བ་དགོས་པ་མེད་པའི་ཕྱིར། གལ་ཏེ་མ་བཅིངས་པ་ལ་གྲོལ་མི་སྲིད་པས་བཅིངས་བཞིན་པ་ཉིད་གྲོལ་བཞིན་པ་ཡིན་པར་འགྱུར་ན་བཅིངས་པའི་བྱ་བ་དང་གྲོལ་བའི་བྱ་བ་དུས་གཅིག་དགོས་ལ་དེ་ལྟ་ན་བཅིངས་པ་དང་གྲོལ་བ་དུས་གཅིག་ཏུ་འགྱུར་རོ། །གཉིས་པ་ནི། གལ་ཏེ་འཁོར་འདས་དང་བཅིངས་ཐར་མེད་ན་བདག་ནི་ནམ་ཞིག་ལེན་པ་མེད་པར་མྱ་ངན་ལས་འདའ། མྱང་འདས་དེ་ནི་ནམ་ཞིག་བདག་གིར་འགྱུར་སྙམ་པ་དེ་ནི་དོན་མེད་པར་འགྱུར་ལ། འདོད་པ་དེ་ལྟ་ན་དགེ་བའི་བཤེས་གཉེན་བསྟེན་པ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཐོས་བསམ་ལ་སོགས་དོན་མེད་པར་འགྱུར་རོ་ཞེ་ན། ཕུང་པོ་ལ་དམིགས་ནས་ངའོ་ཞེས་ཞེན་ནས་བདག་ནི་ལེན་པ་མེད་པར་ཏེ་ལྷག་མེད་དུ་མྱ་ངན་ལས་འདའ་བར་བྱའོ། །ལྷག་མེད་ཀྱི་མྱང་འདས་དེ་ནི་མ་འོངས་པ་ནི་བདག་གི་བར་འགྱུར་རོ་ཞེས་དེ་ལྟར་དུ་གང་དག་གིས་འཛིན་པ་དེའི་ལྟ་བ་ཉེ་བར་ལེན་པ་དེ་ཆོས་ཅན། ཁྱོད་མི་སྤོང་བ་དེ་སྲིད་དུ་ཐར་ལམ་ལ་རྩོད་པ་དོན་མེད་པ་ཡིན་ཏེ། ཁྱོད་འཛིན་པ་ཆེན་པོ་སྟེ་མྱང་འདས་ཀྱི་གེགས་ཀྱི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ནི། གྲོལ་བ་དོན་གཉེར་ཆོས་ཅན། རིགས་པས་དཔྱད་པ་དེ་ལ་འཁོར་བ་ཅི་ཞིག་ཡིན་མྱ་ངན་འདས་པའང་ཅི་ཞིག་བརྟག་སྟེ། བརྟགས་པ་ན་འགའ་ཡང་རྙེད་པ་མ་ཡིན་ཏེ། དོན་དམ་པ་གང་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་གསར་དུ་བསྐྱེད་དུ་མེད་ལ་འཁོར་བ་ཞེས་བྱ་བ་སྔར་ཡོད་བསལ་བའང་ཡོད་པ་མིན་པ་ཞེས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅུ་དྲུག་པའི་རྣམ་པར་བཤད་པའོ།།  །།འཁོར་བ་ཞེས་དང་མྱང་འདས་ཞེས། །ཇི་སྲིད་མངོན་པར་ཞེན་དེ་སྲིད། །འཁོར་བར་བཅིངས་པ་ཉིད་ཡིན་ལ། །དེ་ལོག་ན་ནི་དེ་གྲོལ་ལོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྨྲས་པ་ཡིན་ནོ།།  །།གཉིས་པ་དེའི་སྒྲུབ་བྱེད་དགག་པ་ལ། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད། དེ་དགག་པའོ། །དང་པོ་ནི། འཁོར་བ་ནི་རང་བཞིན་གྱིས་ཡོད་དེ། ལས་འབྲས་ཀྱི་འབྲལ་པའི་རྟེན་ཡིན་པའི་ཕྱིར། འོ་ན་ལས་དང་དེའི་འབྲས་བུ་གང་ཞིག་ཡིན་ཞེ་ན། འདི་ལ་ལས་ཀྱི་རྣམ་གཞག དེ་ལ་རྟག་ཆད་ཀྱི་ཉེས་པ་སྤོང་ཚུལ་ལོ། །དང་པོ་ལ། སེམས་ཀྱི་དགྱེ་མི་དགྱེའི་རྣམ་གཞག་དང༌། ལས་ཀྱི་རབ་ཏུ་དབྱེ་བའི་རྣམ་གཞག་གོ །དང་པོ་ནི། བདག་ཉིད་ཉེས་སྤྱོད་ལེགས་པར་སྡོམ་པའི་སེམས་གང་ཡིན་པའི་སེམས་དང༌། བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་གཞན་ལ་ཕན་འདོགས་པའི་སེམས་གང་ཡིན་པ་དང༌། གཞན་ལ་བྱམས་པའི་སེམས་གང་ཡིན་པ་དེ་འདྲ་དེ་ནི་ཆོས་ཅན། ཆོས་ཡིན་ཏེ། སྐྱེ་བ་འདི་དང༌། སྐྱེ་བ་གཞན་དུ་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ས་བོན་ཏེ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། བཟློག་པ་ཉེས་སྤྱོད་ལ་འཇུག་པ་མི་སྡོམ་པའི་སེམས་དང༌། གནོད་སེམས་དང༌། རྣམ་འཚེ་ནི་ཆོས་ཅན། ཆོས་མ་ཡིན་པ་ཞེས་བྱ་སྟེ། འབྲས་བུའམ་རྣམ་སྨིན་ཡིད་དུ་མི་འོང་བའི་ས་བོན་ཡིན་པའི་ཕྱིར། འདིར། འགྲེལ་པར། ཆོས་ལ། རང་གི་མཚན་ཉིད་འཛིན་པ་དང༌། ངན་འགྲོ་ལས་འཛིན་པ་དང༌། འཁོར་བ་ལས་འཛིན་པ་གསུམ་ལས། འདིར་བར་པའི་དབང་དུ་བྱས་ན་དགེ་བ་བཅུ་ལ་བཤད་དོ། །ཕན་འདོགས་དང་བྱང་སེམས་ཀྱི་ཁྱད་པར། གཞན་རྗེས་སུ་འཛིན་པ་དང༌། སེམས་ཅན་རྣམས་དང་འགལ་བ་མེད་པའམ། ཡང་ན། གཞན་ལ་ཕན་འདོགས་པ་དང་བདག་ལ་ཕན་འདོགས་པ་ལ་བཤད་དོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད། དང་པོ་ནི། དྲང་སྲོང་མཆོག་རྫོགས་པའི་སངས་རྒྱས་ཀྱིས་ལས་རྣམས་ནི་གཉིས་སུ་བསྡུས་ཏེ། སེམས་པ་དང་ནི་བསམ་པའི་ལས་གཉིས་སུ་འདུས་པར་གསུངས་པས་སོ། །ལས་དེ་དག་གི་བྱེ་བྲག་ནི་གསུམ་དང་བདུན་ལ་སོགས་པ་རྣམ་པ་མང་པོར་ཡོངས་སུ་བསྒྲགས་པ་སྟེ་བཤད་པ་ཡིན་ནོ། །གཉིས་པ་ལ། གསུམ་དུ་དབྱེ། བདུན་དུ་དབྱེ། དང་པོ་ནི། གཉིས་ཡོད་པ་དེ་ལ་ལས་གང་སེམས་པ་ཞེས་གསུངས་པ་དེ་ནི་ཡིད་ཀྱིར་འདོད་པ་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་སེམས་པ་ཁོ་ན་ལ་དེར་འཇོག་པའི་ཕྱིར་ཏེ། དེ་འདྲ་དེ་ཡིད་ཀྱི་སྒོ་ནས་མཐར་ཐུག་པར་འགྲོ་བ་དང༌། ལུས་དང་ངག་འཇུག་པ་ལ་མི་ལྟོས་པའི་ཕྱིར། བསམ་པའི་ལས་ཞེས་ནི་གང་གསུངས་པ་དེ་ནི་ལུས་དང་ངག་གིར་ཡིན་པར་འདོད་དེ། ལུས་ངག་གིས་དེ་ལྟར་བྱའོ་ཞེས་སེམས་ཀྱིས་སམ་ལུས་ངག་གིས་བྱ་བ་བྱེད་པའི་ཕྱིར་རོ། །འདི་གཉིས་ཀྱི་ཁྱད་པར་མངོན་པ་གོང་མ་ལས། རྒྱུ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་དང༌། དེའི་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པའི་སེམས་ཁོ་ན་ལ་བཤད་ལ། འོག་མ་ལས། བསམ་པའི་ལས་ནི་ལུས་ངག་གི་རིག་བྱེད་ཁོ་ནར་འདོད་དོ། །གཉིས་པ་ནི། གཉིས་པ་དེ་ལས་ཕྱེ་ན་བདུན་དུ་འགྱུར་ཏེ། རིག་བྱེད་དང་རིག་བྱེད་མ་ཡིན་པའི་ལས་གཉིས་ལས་དང་པོ་ལ། ངག་གི་རིག་བྱེད་དང་སྐྱོད་པ་ལུས་ཀྱི་རིག་བྱེད་དེ་གཉིས་སུ་དབྱེ་བ་དང༌། དེར་མ་ཟད་རིག་བྱེད་མ་ཡིན་པ་ཀྱང་ནི་ཆོས་ཅན། རྣམ་པར་རིག་བྱེད་ལ་གཉིས་སུ་ཕྱེ་བ་དེ་བཞིན་དུ་གཉིས་སུ་འདོད་དེ། མི་སྤོང་བ་སྟེ་སྡོམ་པ་མ་ཡིན་པའི་རྣམ་པར་རིག་བྱེད་མིན་པ་ཞེས་བྱ་བ་གང་ཡིན་པ་དང༌། དེ་ལས་གཞན་སྤོང་བའི་རྣམ་པར་རིག་བྱེད་མིན་པ་དག་སྟེ་གཉིས་སུ་འབྱེད་པས་སོ། །ཡང་རིག་བྱེད་མ་ཡིན་པའི་ལས་ཆོས་ཅན། སྡོམ་པ་དང་སྡོམ་མིན་གཉིས་སུ་ཕྱེ་བའི་ཚུལ་དེ་བཞིན་དུ་བར་མའི་དབང་དུ་བྱས་པའང་གཉིས་ཡོད་དེ། ལོངས་སྤྱོད་སྤྱད་པ་ལས་བྱུང་བའི་བསོད་ནམས་དང༌། དེ་ལས་བྱུང་བའི་བསོད་ནམས་མིན་པ་གཉིས་ཡོད་པས་སོ། །དང་པོ་ནི་དེ་དགེ་འདུན་ལ་ཕུལ་བའི་དངོས་པོ་དགེ་འདུན་གྱིས་ལོངས་སྤྱད་པས་སྦྱིན་པ་པོའི་རྒྱུད་ལ་བསོད་ནམས་འཕེལ་བ་དང༌། གཉིས་པ་ནི། སྲོག་ཆགས་གསོད་པའི་ཆེད་ཀྱི་ལྷ་ཁང་རྩིགས་པ་དེར། གསོད་པའི་ལས་བྱས་ཤིང་ལོངས་སྤྱད་པས་སྦྱིན་བདག་གི་རྒྱུད་ལ་བསོད་ནམས་མ་ཡིན་པ་འཕེལ་བ་ལྟ་བུའོ། །དེ་ལྟར་དྲུག་དང༌། སེམས་པ་དང་ནི་བདུན་པོ་དེ་ལས་སུ་མངོན་པར་འདོད་པ་ཡིན་ནོ། །གཉིས་པ་དེ་ལ་རྟག་ཆད་སྤོང་བའི་ཚུལ་ལ། ཟླ་བའི་ཞབས་ལྟར་ན། ཟུར་ན་གནས་པའི་རྒོལ་བའི་རྩོད་པ་དགོད་པ་དང༌། དེ་ལ་སྐྱོན་སྤོང་བའོ། །འགྲེལ་པ་གསུམ་ལྟར་ན། དབུ་མའི་རིགས་པ་ཕྱོགས་སྔར་བཀོད་པ་དང༌། དེའི་ཉེས་སྤོང་བརྗོད་པའོ། །དང་པོ་ནི། གལ་ཏེ་ལས་རང་བཞིན་གྱིས་གྲུབ་ན། རྣམ་སྨིན་ཕྱུང་མ་ཟིན་གྱི་བར་དུ་གནས་སམ་མི་གནས། དང་པོ་ལྟར་ན། ལས་དེ་ཆོས་ཅན། རྟག་པར་འགྱུར་ཏེ། གལ་ཏེ་སྨིན་པའི་དུས་ཀྱི་བར་དུ་གནས་པའི་ཕྱིར། གལ་ཏེ་དེའི་སྔར་འགགས་ཟིན་པས་མི་གནས་ན། ལས་དེ་ཆོས་ཅན། ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར་ཏེ། སྐྱེས་མ་ཐག་ཏུ་འགགས་ནས་མེད་པར་གྱུར་པའི་ཕྱིར་རོ། །དེ་ལྟར་ན་ཆད་པའི་སྐྱོན་ཡོད་དོ། །འདི་ནི་ཚིག་གསལ་ལྟར་ན་ཕྱོགས་སྔའི་གཞུང་དང༌། གསུམ་པོ་ལྟར་ན་རང་གཞུང་ངོ༌། །གཉིས་པ་ལ། མདོ་སྡེ་པས་རྒྱུན་ཁས་བླངས་ནས་རྟག་ཆད་སྤོང་ཚུལ་དང༌། བྱེ་སྨྲས་ཆུད་མི་ཟ་ཁས་བླངས་ནས་རྟག་ཆད་སྤོང་ཚུལ་ལོ། །དང་པོ་ལ། རྟག་ཆད་སྤོང་ཚུལ་དང༌། དགེ་བ་ལས་ལམ་བཅུ་ཡང་འདིས་བསྡུས་པར་བསྟན་པའོ། །དང་པོ་ལ། དཔེ་དང༌། དོན་ལ་སྦྱར་བས་སོ། །དང་པོ་ནི། བརྟག་པ་དང་པོ་ཁས་ལེན་པ་ནི་མིན་ལ་གཉིས་པ་ཁས་ལེན་ཀྱང་ཆད་པའི་ཉེས་པར་མི་འགྱུར་ཞེས་པའི་དཔེ་སྟོན་པ་ནི། མྱུ་གུ་དང་སྡོང་བུ་དང་སྦུབས་འཆའ་བ་ལ་སོགས་པའི་རྒྱུན་གང་ཡིན་པ་ནི་ས་བོན་ལས་ནི་མངོན་པར་འབྱུང་ཞིང་ས་བོན་འགག་ལ་རྒྱུན་དེ་ལས་འབྲས་བུའི་ཚོགས་པ་རྒྱ་ཆེན་པོ་འབྱུང་ངོ་ཞེས་པ་རྗེས་འགྲོའོ། །ལྡོག་པ་ནི། ས་བོན་ནི་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །དེས་ན་ཆད་པའི་སྐྱོན་ཡོད་པ་མིན་ཏེ། གང་གི་ཕྱིར་ན་ས་བོན་ལ་རྒྱུན་དང་རྒྱུན་ལས་མཐའི་འབྲས་བུ་འབྱུང་བར་འགྱུར་བའི་ཕྱིར། ས་བོན་མ་ཞིག་པའི་སྒོ་ནས་རྟག་སྐྱོན་ཡོད་པ་མ་ཡིན་ཏེ། ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་སྟེ་སྔོན་དུ་ཞིག་པ་དེའི་ཕྱིར། ཞིང་ནི་ཕན་ཚུན་བསྡུད་པའོ། །གཉིས་པ་ནི། དཔེ་དེ་བཞིན་དུ། དགེ་བའི་སེམས་ཀྱི་རྒྱུན་ནི་གང་ཡིན་པ་དེ་སེམས་དགེ་བ་ལས་མངོན་པར་འབྱུང་ལ་དེ་ལས་འབྲས་བུ་ཡིད་དུ་འོང་བ་འབྱུང་བར་འགྱུར་རོ། །ཞེས་རྗེས་འགྲོ་དང་ལྡོག་པ་ནི་རྩ་བའི་དགེ་བ་དེ་ལྟ་ཞིག་མེད་ན་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ་ཞེས་པ་དེ་དག་རྒྱུ་འབྲས་སུ་བསྒྲུབས་ན། དེ་ལྟར་ན། ལས་རྟག་པ་དང་ཆད་པར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་སེམས་ལས་རྒྱུན་དང་ནི་རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་ལས་ནི་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར། གཉིས་པ་ནི། སྔར་བཤད་པའི་ལས་ཀྱི་དབྱེ་བ་འདིར། དཀར་པོའི་ལས་ཀྱི་ལམ་བཅུ་པོ་ཡང་བཤད་པ་ཡིན་པས་དེ་དག་ཀྱང་ཆོས་ཅན། ཆོས་སྒྲུབ་པའི་ཐབས་ཡིན་ཏེ། ཆོས་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར། ཆོས་ཀྱི་འབྲས་བུ་ནི་འདི་དང་སྐྱེ་བ་གཞན་དུ་འདོད་པའི་ཡོན་ཏན་རྣམ་ལྔ་ལ་ཉེ་བར་ལོངས་སྤྱོད་པའོ། །འདིར་ཆོས་ནི་ལས་ལམ་དངོས་གཞི་ལ་བྱ་བ་དང༌། དཀར་པོའི་ལས་ཞེས་པ་ནི་བྱེད་བཞིན་པ་དང༌། འདོད་ཡོན་ལྔ་ནི་རྣམ་སྨིན་གྱི་འབྲས་བུར་བཤད་དེ། མཚོན་པ་ཙམ་མོ། །གཉིས་པ་བྱེ་སྨྲའི་ལུགས་ཀྱི་རྟག་ཆད་སྤོང་ཚུལ་ལ། གཞན་ལན་དགག རང་ལན་གདབ་པའོ། །དང་པོ་ནི། ཉན་ཐོས་སྡེ་པ་གཞན་གྱིས་རྒྱུན་ཁས་བླངས་ནས་རྟག་ཆད་སྤོང་བའི་ཚུལ་གྱིས་བརྟག་པ་དེ་ཆོས་ཅན། ལས་འབྲས་ཀྱི་སྐབས་འདིར་ནི་འཐད་པ་མ་ཡིན་ནོ་རྒྱུ་མཚན་ཅི་ཞེ་ན། གལ་ཏེ་བཤད་མ་ཐག་པའི་དཔེ་དོན་སྦྱར་བའི་བརྟག་པ་དེར་འགྱུར་ན་སྟེ་ཁས་ལེན་ན་ནི་ཉེས་པ་ཆེན་པོ་དང་ཉེས་པ་གྲངས་མང་པོར་འགྱུར་བས་སོ། །ཇི་ལྟར་ཞེ་ན། ས་ལུའི་ས་བོན་ལས་ས་ལུའི་མྱུ་གུ་སོགས་རིས་མཐུན་པ་ཁོ་ན་འབྱུང་བའི་ཕྱིར། མི་མཐུན་པ་མི་འབྱུང་བ་དེ་བཞིན་དུ་དགེ་བའི་སེམས་ལས་དགེ་བའི་སེམས་ཁོ་ན་འབྱུང་བ་དང༌། ལྷའི་འགྲོ་བ་ལས་ལྷ་ཁོ་ན་འབྱུང་བ་སོགས་སུ་ཐལ་ལོ། །གཉིས་པ་ལ། དངོས་དང༌། རང་བཟོའི་ཉེས་པ་སྤང་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། སངས་རྒྱས་རྣམས་དང་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་གང་གསུངས་པའི་བརྟག་པ་སྟེ་གྲུབ་པའི་མཐའ་གང་ཞིག་ལས་འབྲས་ཀྱི་སྐབས་འདིར་གང་འཐད་པ་དེ་ནི་འདིར་རབ་ཏུ་བརྗོད་པར་བྱའོ། །བརྟག་པ་དེ་གང་ཞེ་ན། ལས་བྱས་མ་ཐག་ཏུ་འཇིག་ཀྱང་འབྲས་བུ་མེད་པའི་སྐྱོན་མེད་དེ། ཇི་ལྟར་བུ་ལོན་གཏོང་བའི་ཚེ་དཔང་དཔང་རྒྱ་བཞག་པ་དེ་བཞིན་དུ་ཆུད་མི་ཟ་མི་ཞིག་པར་གནས་པ་དང་དེ་སྐྱེད་པའི་ལས་ནི་བུ་ལོན་བཞིན་དུ་རིག་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་དཔང་རྒྱ་བཞག་ནས་ནོར་སྤྱད་ཟིན་ཀྱང་དུས་གཞན་གྱི་ཚེ་ནོར་བདག་གི་ནོར་སྐྱེད་དང་བཅས་པ་འོང་བ་བཞིན་དུ། ལས་ཞིག་ཀྱང་ཆུད་མི་ཟ་གནས་པས་བྱེད་པ་པོས་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ། །རྣམ་སྨིན་ཕྱུང་ཟིན་པའི་ཆུད་མི་ཟ་ནི་ཡོད་དམ་མེད་ཀྱང་རུང་ཏེ་དཔང་རྒྱ་རོར་གྱུར་པ་དང་འདྲའོ། །གཉིས་པ་ལ། ཆུད་མི་ཟ་ངོ་བོ་དང་དབྱེ་བའི་སྒོ་ནས་ངོས་བཟུང༌། དེའི་ཁྱད་ཆོས་བཤད་པའོ། །དང་པོ་ནི། ཆུད་མི་ཟ་དེ་ནི་ཆོས་ཅན། རྣམ་པ་བཞི་སྟེ། འདོད་པ་དང་གཟུགས་དང་གཟུངས་མེད་པ་དང་ཟག་པ་མེད་པའི་ཁམས་ཀྱི་དབྱེ་བ་ལས་སོ། །ཆུད་མི་ཟ་དེ་ཡང་ཆོས་ཅན། རང་བཞིན་ལུང་མ་བསྟན་ཡིན་ཏེ། དགེ་མི་དགེ་གང་དུ་ཡང་བརྡའ་སྤྲོད་པར་མི་ནུས་པའི་ཕྱིར། མི་དགེ་བའི་ཆུད་མི་ཟ་མི་དགེ་བ་ཡིན་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་རྣམས་ལ་མེད་པར་འགྱུར་རོ། །དགེ་བའི་དེ་དགེ་བ་ཡིན་ན་དགེ་རྩ་ཆད་པ་ལའང་མེད་པར་འགྱུར་རོ། །ཞེས་ཚིག་གསལ་ལས་སོ། །འདི་ནི་མཛོད་དང་མི་མཐུན་པར་སྣང་སྟེ། དགེ་ལ་སོགས་ཀྱིས་དགེ་ལ་སོགས། །ཞེས་དང༌། འདོད་གཏོགས་དགེ་བ་གཟུགས་མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་བཤད་པས། དེས་ན་འདི་དག་བྱེ་སྨྲའི་འདོད་པར་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་ལ། མཛོད་དང་མི་མཐུན་པས་ཁ་ཆེ་བའི་འདོད་པ་མིན་ནོ། །གཉིས་པ་ལ། སྤང་བྱ་གཉིས་ལས་གང་ཡིན་དཔྱད། སྐྱེ་འཇིག་ཇི་ལྟར་བྱེད་པའི་ཚུལ། དང་པོ་ལ། མཐོང་སྤངས་མིན་པར་བསྟན། ཡིན་པ་ལ་གནོད་བྱེད་བརྗོད། དང་པོ་ལ། དངོས་དང༌། དེས་གྲུབ་པའི་དོན་ནོ། །དང་པོ་ནི། ལས་ཀྱི་ངོ་བོ་སྤོང་བས་ཏེ་སྤངས་པ་ན་དེའི་ཆུད་མི་ཟ་སྤོང་བ་མ་ཡིན་ཏེ། སོ་སོ་སྐྱེ་བོའི་ལས་མཐོང་ལམ་གྱིས་སྤངས་དེའི་ཆུད་མི་ཟ་དེས་མ་སྤངས་པའི་ཕྱིར་ཏེ། དེའི་རྣམ་སྨིན་དང་བཅས་བཞིན་པའི་མཐོང་ལམ་པ་བཞིན་ནོ། །འོན་ཀྱང་སྤང་བྱ་ནི་སྒོམ་པས་སྤང་བྱ་ཉིད་ཀྱང་ཡིན་པའི་ཕྱིར། ཀྱང་ཞེས་པས་ཁམས་ལས་འདས་པས་ཀྱང་སྤང་བར་བྱ་བ་ཡིན་ཞེས་པའི་དོན་ནོ། །འདི་ནི་ཁམས་འོག་མ་ལ་འདོད་ཆགས་དང་བྲལ་བ་ལ་མི་བྱ་ཡི་ཁམས་གོང་མར་སྐྱེས་པ་ལ་འཆད་དགོས་འདྲའོ། །གཉིས་པ་ནི། ལས་འཇིག་ཀྱང་ཆུད་མི་ཟ་མི་འཇིག་པ་དང༌། ལས་སྤངས་ཀྱང་ཆུད་མི་ཟ་མི་སྤོང་བའི་དེའི་ཕྱིར་ལས་ཀྱི་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར་རོ། །གཉིས་པ་ནི། ལས་འཇིག་པའི་ཚེ་ཆུད་མི་ཟ་འཇིག་པ་དང༌། ལས་སྤངས་པའི་ཚེ་ཆུད་མི་ཟ་སྤོང་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་སྤོང་བས་སྤང་བ་དང་ལས་འཕོ་བ་སྟེ་འཇིག་པ་ཡིས་དེ་དག་གི་ཆུད་མི་ཟ་ཡང་འཇིག་པར་འགྱུར་ན་གནོད་བྱེད་ཡོད་དེ། དེ་ལྟར་འདོད་པ་དེ་ལ་ལས་འཇིག་པ་སྟེ་བྱས་པ་ཆུད་ཟོས་པ་དང༌། མ་བྱས་པ་དང་ཕྲད་པ་དང་ལས་འབྲས་མེད་པར་ལྟ་བ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་བས་སོ། །གཉིས་པ་ལ། ཇི་ལྟར་སྐྱེ་བའི་ཚུལ་དང༌། འཇིག་པའི་ཚུལ་ལོ། །དང་པོ་ལ། ཉིང་མཚམས་སྦྱོར་བའི་ཚེ་ཇི་ལྟར་སྐྱེ་བའི་ཚུལ་དང༌། སྦྱར་བའི་འོག་ཏུ་ཇི་ལྟར་སྐྱེ་བའི་ཚུལ་ལོ། །དང་པོ་ནི། འདོད་པ་ལ་སོགས་པ་ཁམས་མཚུངས་པ་སྟེ་གཅིག་པའི་ལས་ཆ་མཚུངས་པ་སྟེ་རིས་གཅིག་པ་དང༌། ཆ་མི་མཚུངས་པ་སྟེ་རིགས་མི་གཅིག་པ་ཐམས་ཅད་ཀྱི་ཆུད་མི་ཟ་དེ་ནི་ཁམས་གསུམ་གང་རུང་དུ་ཉིང་མཚམས་སྦྱར་བའི་ཚེ་གཅིག་བུ་ཁོ་ན་སྐྱེ་བར་འགྱུར་རོ། །རྒྱུ་མཚན་ནི་ནུས་པ་རྣམས་གཅིག་དུ་སྡོམས་པས་སོ། །གཉིས་པ་ནི། སྦྱར་ཟིན་པའི་འོག་ཏུ་ནི་དེ་ལྟར་མ་ངེས་ཏེ། མཐོང་བའི་ཆོས་ལ་ཟག་བཅས་དང་ཟག་མེད་གཉིས་པོ་ཀུན་གྱི་སེམས་པ་དང་བསམ་པའི་ལས་དགེ་མི་དགེ་ལས་ཀྱི་ཆུད་མི་ཟ་རེ་རེ་ཁོ་ན་སྐྱེ་བར་འགྱུར་ཞིང་འབྲས་བུ་རྣམ་སྨིན་ཕྱུང་ཟིན་ཀྱང་གནས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། ཞར་ལ་དབྱེ་བ་བཤད། དང་པོ་ནི། ཆུད་མི་ཟ་དེ་ནི་འཇིག་པའི་གནས་སྐབས་གཉིས་སུ་ཡོད་དེ། རྒྱུན་ཞུགས་སོགས་འབྲས་བུ་འཕོ་བ་དང་ཤི་བར་གྱུར་ན་འགག་པར་འགྱུར་བའི་ཕྱིར། དང་པོ་དེ་ནི། སྒོམ་པས་སྤང་བ་ཉིད་ཀྱང་ཡིན། །ཞེས་དང༌། གཉིས་པའི་ཚུལ་ནི། དེ་ནི་ཉིང་མཚམས་སྦྱར་བའི་ཚེ། །གཅིག་བུ་ཁོ་ན་སྐྱེ་བར་འགྱུར། །ཞེས་པས་བསྟན་ཟིན་ནོ། །གཉིས་པ་ནི། ཆུད་མི་ཟ་དེའི་རྣམ་དབྱེ་ནི་ཆོས་ཅན། ཟག་དང་བཅས་པ་དང་ཟག་པ་མེད་པར་ཤེས་པར་བྱ་སྟེ། ཟག་བཅས་ཀྱི་ཆུད་མི་ཟ་ཟག་བཅས་དང་ཟག་མེད་ཀྱི་ཆུད་མི་ཟ་ཟག་མེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ལས་བྱས་མ་ཐག་ཏུ་འགགས་པས་སྟོང་པ་ཉིད་དུ་འཐད་དོ། །དེ་ལྟ་ན་ཆད་པ་མེད་དེ། ཆུད་མི་ཟ་ཡོད་པའི་ཕྱིར། འགྲོ་བ་ལྔའི་འཁོར་བ་ཡང་སོ་སོར་ངེས་པ་ཡིན་ཏེ། ས་བོན་གྱི་རྒྱུ་དང་ཆོས་མཐུན་པའི་རྟག་པ་མེད་པའི་ཕྱིར། རྟག་པར་སྨྲ་བར་ཐལ་བ་ཡང་མ་ཡིན་ཏེ། ལས་རང་གི་ངོ་བོས་མི་གནས་པར་ཁས་བླངས་པའི་ཕྱིར། གཉིས་པ་ནི། འདི་ནི་རང་བཟོ་མ་ཡིན་ཏེ། ལས་རྣམས་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་བསྟན་པ་ཡིན་ཅིང་རིགས་པས་འཐད་པ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་འགོག་བྱེད་ཀྱི་རིགས་པ་བཤད་པ་ལ། ལས་རང་བཞིན་མེད་པར་ཁས་ལེན་པས་རྟག་ཆད་སྤོང་ནུས་པའི་ཚུལ་བཤད་ནས་བཟློག་པས་དེ་མི་ནུས་པར་ཤུགས་ལ་བསྟན། རང་བཞིན་མེད་ཀྱང་བྱ་བྱེད་འཐད་པའི་དཔེ་བསྟན་པའོ། །དང་པོ་ལ། ལས་རང་བཞིན་མེད་པའི་རྒྱུ་མཚན་གྱིས་རྟག་ཆད་དུ་མི་འགྱུར་བར་བསྟན། ལས་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། ལན་དེ་དག་གིས་ནི། གལ་ཏེ་སྨིན་པའི་དུས་བར་དུ། །ཞེས་སོགས་ཀྱི་ཉེས་པ་སྤོང་མི་ནུས་ཏེ། ཁྱེད་ཅག་གིས་ལས་རང་བཞིན་གྱིས་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་དབུ་མ་པས་ཉེས་པ་ཇི་ལྟར་སྤོང་ཞེ་ན། དབུ་མ་པ་ཆོས་ཅན། ཁྱེད་ལ་ལས་རང་བཞིན་གྱིས་སྐྱེ་བའི་རྒྱུ་མཚན་གྱིས་རྟག་ཆད་དུ་ཐལ་བའི་ཉེས་པ་མི་འཇུག་སྟེ། གང་གི་ཕྱིར་ན་ལས་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་ཏེ། འདི་ལྟར་ལས་གདོད་མ་ནས་རང་བཞིན་མེད་པ་དེའི་ཕྱིར། འོ་ན་ལས་རང་བཞིན་གྱིས་སྐྱེ་བ་མེད་ན། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་གསུངས་པ་དེ་གང་ལ་དགོངས་ཞེ་ན། ཁོ་བོ་ཅག་ལ་དེས་གནོད་པ་མ་ཡིན་ཏེ། གང་གི་ཕྱིར་ལས་རྣམས་དེ་ནི་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར་རམ་རྒྱུ་མཚན་གྱིས་ཆུད་ཟ་བར་མི་འགྱུར་བ་ལ་དགོངས་པ་ཡིན་པའི་ཕྱིར། གང་ཕྱིར་ལས་ནི་སྐྱེ་བ་མེད། །ཅེས་པའི་རྐང་པ་གཅིག་པོ་ཟླ་བའི་ཞབས་རང་གི་འགྲེལ་ཚིག་ཡིན་པར་ཚིག་གསལ་དུ་བཤད་སྣང་ཡང༌། ག་ལས་འཇིགས་མེད་ན་ཡང་གཞུང་འདི་སྣང་བས་བརྟག་དགོས་སོ་ཞེས་ཁོ་བོ་སྨྲའོ། །གཉིས་པ་ལ། ལས་རང་བཞིན་གྱིས་ཡོད་ལ་གནོད་བྱེད་བསྟན། དེ་ལ་སྒྲུབ་བྱེད་མེད་པར་བསྟན། དང་པོ་ལ། ཐལ་འགྱུར་རྒྱས་པར་བཤད། བཟློག་དོན་བསྡུས་ཏེ་བསྟན། དང་པོ་ལ། རྟག་ཅིང་མ་བྱས་པར་ཐལ་བ། རྣམ་སྨིན་ཐུག་མེད་དུ་འབྱིན་པར་ཐལ་བ། དང་པོ་ལ། དངོས་དང༌། འདོད་པ་ལ་བསལ་པ་དགོད་པའོ། །དང་པོ་ནི། གལ་ཏེ་ལས་ལ་རང་བཞིན་ཡོད་ན་ནི། རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། རང་བཞིན་ལ་གཞན་དུ་འགྱུར་བ་མེད་པའི་ཕྱིར། འདོད་ན་ལས་ནི་ཆོས་ཅན། བྱས་པ་མ་ཡིན་པར་འགྱུར་ཏེ། རྟག་པའི་ཕྱིར། ཁྱབ་པ་ནི་རྟག་པ་ལ་རྒྱུ་རྐྱེན་གྱི་བྱ་བ་འཇུག་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། བསྟན་བཅོས་དང་འགལ་བ། འཇིག་རྟེན་གྱི་གྲགས་པ་དང་འགལ་བ། དང་པོ་ནི། ཅི་སྟེ་ལས་ནི་མ་བྱས་ན་ལས་མ་བྱས་པ་དང་ཕྲད་པའི་འཇིག་པར་འགྱུར་བ་དང༌། ཚངས་པར་སྤྱོད་པའི་གང་ཟག་རྣམས་ཀྱང་ཚངས་སྤྱོད་ལ་གནས་པ་མ་ཡིན་པའང་ལས་མ་བྱས་པར་འདོད་པའི་ཕྱོགས་དེ་ལ་སྐྱོན་དུ་ཐལ་བར་འགྱུར་ཏེ། སྲོག་གཅོད་དང་མི་ཚངས་པར་སྤྱོད་པ་སོགས་མ་བྱས་ཀྱང་གང་ཟག་གི་རྒྱུད་དང་འབྲེལ་པའི་ཕྱིར། འདོད་ན། འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཉིས་པ་ནི། འཇིག་རྟེན་གྱི་ཞིང་རྨོ་བ་དང་ཚོང་བྱེད་པ་སོགས་རྩོམ་པ་ཐམས་ཅད་དོན་མེད་པ་དང༌། བུམ་པ་གྱིས་ཤིག་ལ་སོགས་པའི་ཐ་སྙད་ཐམས་ཅད་ཉིད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་དེ། བུམ་སོགས་མ་བྱས་ཀྱང་ཡོད་པའི་ཕྱིར། བསོད་ནམས་དང་ནི་སྡིག་པ་བྱེད་པའི་རྣམ་པར་དབྱེ་བའང་འཐད་པར་མི་འགྱུར་ཏེ། དེ་དག་མ་བྱས་པར་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ལས་དེ་ནི་ཆོས་ཅན། ལན་གཅིག་རྣམ་སྨིན་སྨིན་པར་གྱུར་ཟིན་པ་ཡང་དང་ཡང་དུ་སྟེ་ཐུག་མེད་དུ་རྣམ་པར་སྨིན་པར་འགྱུར་ཏེ། གང་གི་ཕྱིར་གལ་ཏེ་རང་བཞིན་ཡོད་ན་ནི་རྟག་པར་གནས་དགོས་པ་དེའི་ཕྱིར། གཉིས་པ་ནི། དེ་ལྟར་ན་ལས་ལ་རང་བཞིན་མེད་པ་དེའི་ཕྱིར་ཁོ་བོ་ཅག་ལ་རྟག་པ་དང་ཆད་པར་ཐལ་བའི་སྐྱོན་དུ་མི་འགྱུར་རོ། །གཉིས་པ་ལ། རྒྱུ་ཉོན་མོངས་རང་བཞིན་གྱིས་གྲུབ་པ་དགག འབྲས་བུ་ལུས་རང་བཞིན་གྱིས་གྲུབ་པ་དགག རྣམ་སྨིན་མྱོང་བ་པོ་རང་བཞིན་གྱི་གྲུབ་པ་དགག དང་པོ་ནི། ལས་ནི་རང་བཞིན་གྱིས་ཡོད་དེ། དེའི་རྒྱུ་ཉོན་མོངས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། ལས་ནི་ཡང་དག་ཇི་ལྟར་ཡིན་ཏེ། གལ་ཏེ་ལས་ཀྱི་རྒྱུ་ཉོན་མོངས་པ་དེ་དག་ཡང་དག་པ་མིན་པའི་ཕྱིར། ཁྱབ་པ་ནི། ལས་འདི་ཉོན་མོངས་པའི་བདག་ཉིད་དེ་རྒྱུ་ཅན་ཡིན་པའི་ཕྱིར། ཕྱོགས་ཆོས་ནི། ཉོན་མོངས་དེ་དག་ཆོས་ཅན། ཡང་དག་པར་ཡོད་པ་མིན་ཏེ། ཚུལ་མིན་གྱི་རྣམ་པར་རྟོག་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་ཞེས་འཆད་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་ལས་དང་ཉོན་མོངས་པ་གཉིས་ཀ་རང་བཞིན་གྱིས་གྲུབ་པ་ཡིན་ཏེ། དེའི་འབྲས་བུ་ལུས་རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེ་ན། ལུས་རང་བཞིན་གྱིས་མེད་པ་ལ་རིགས་པ་སྔར་མ་བཤད་པའི་ལྷག་མ་གཞན་ཇི་ལྟར་བརྗོད་དེ། གལ་ཏེ་ལས་དང་ཉོན་མོངས་པ་དེ་དག་རང་བཞིན་གྱིས་ཡོད་པས་སྟོང་པར་སྔར་བཤད་ཟིན་པ་ཡིན་པའི་ཕྱིར། ཁྱབ་པ་ནི་ལས་དང་ཉོན་མོངས་པ་དག་ནི་ལུས་རྣམས་ཀྱི་ནི་རྐྱེན་དུ་མདོ་སྡེ་ལས་བསྟན་པས་སོ། །གསུམ་པ་ནི། གལ་ཏེ་ལས་རང་བཞིན་གྱིས་ཡོད་དེ། དེའི་འབྲས་བུ་ཟ་བ་པོ་རང་བཞིན་གྱིས་ཡོད་པའི་ཕྱིར། དེ་ཡོད་པའི་རྒྱུ་མཚན་ནི། མ་རིག་པས་སྒྲིབས་ཏེ་གཡོགས་པའི་སྐྱེ་བོ་གང་ཡུལ་ལ་སྲེད་པ་དང་ལྡན་པ་དེ་ནི། ལས་ཀྱི་རྣམ་སྨིན་ཟ་བ་པོ་ཡིན་ལ། ཟ་བ་པོ་དེ་ཡང་ལས་བྱེད་པ་པོ་ལས་གཞན་མ་ཡིན་ཞིང་ཟ་བ་པོ་དེ་ཉིད་བྱེད་པ་པོ་དེ་ཡང་མིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་ཞེ་ན། རང་བཞིན་གྱིས་གྲུབ་པའི་ལས་བྱེད་པ་པོ་ཡང་མེད་དེ། གང་གི་ཕྱིར་ན་ལས་འདི་ནི་རིགས་པས་དཔྱད་པ་ན་རྐྱེན་ལས་བྱུང་བ་མ་ཡིན་པར་ནི་རྐྱེན་བརྟག་པར་བཤད་ཅིང་རྐྱེན་མ་ཡིན་ལས་བྱུང་བ་ཡང་ཡོད་པ་མ་ཡིན་པར་ལས་དང་བྱེད་པོ་བརྟག་པར་བཤད་ཟིན་པ་དེའི་ཕྱིར། གལ་ཏེ་ལས་དང་བྱེད་པ་པོ་མེད་ན་ལས་ལས་སྐྱེ་བའི་འབྲས་བུ་ག་ལ་ཡོད་དེ་མེད་དོ། །ཅི་སྟེ་འབྲས་བུ་མེད་ན་ཟ་བ་པོ་ལྟ་ག་ལ་ཡོད་དེ་མེད་དོ། །གཉིས་པ་ལ། སྤྲུལ་པའི་དཔེས་བྱ་བྱེད་ཐ་སྙད་དུ་འཐད་པར་བསྟན། དཔེ་གཞན་གྱིས་དངོས་པོ་ལྷག་མའང་མཚོན་པར་བསྟན་པའོ། །དང་པོ་ནི། དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་གིས་མྱོང་བར་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོ་ཅག་ལས་དང་བྱེད་པ་པོ་མེད་པར་སྨྲ་བ་ནི་མ་ཡིན་ཏེ། ཇི་ལྟར་སྟོན་པས་སྤྲུལ་པ་ནི་རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་སྤྲུལ་པ་དེ་ཡང་སྤྲུལ་པ་གཞན་ནི་སླར་ཡང་སྤྲུལ་པ་དེའི་ཚེ་སྤྲུལ་པ་དང་ཉིང་སྤྲུལ་གཉིས་ཀ་སྤྲུལ་པ་པོ་དེ་བཞིན་གཤེགས་པའི་རང་བཞིན་གྱིས་སྟོང་ཡང༌། བྱ་བ་དང་ལས་དང་བྱེད་པོར་འཇོག་པ་དེ་བཞིན་དུ་བྱེད་པ་པོ་ནི་རྩ་བའི་སྤྲུལ་པ་བཞིན་ཡིན་ལ་དེས་ལས་གང་བྱས་པའང་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པར་མཛད་པ་དེ་བཞིན་དུ་རིག་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་ན་གྲགས་པའི་དཔེ་གཞན་གྱིས་ཀྱང་དངོས་པོ་རྣམས་རང་བཞིན་མེད་ཅིང་ཐ་སྙད་དུ་བྱ་བྱེད་འཐད་པར་རྟོགས་དགོས་ཏེ། ཉོན་མོངས་པ་དང༌། དེས་བྱས་པའི་ལས་དགེ་མི་དགེ་དང༌། རྣམ་པར་སྨིན་པའི་ལུས་ཁོག་པ་དང༌། བྱེད་པ་པོ་གང་ཟག་དང༌། འབྲས་བུ་རྣམ་སྨིན་དང་རྒྱུ་མཐུན་པ་དང་བདག་པོ་རྣམས་ཏེ་དེ་དག་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྨིག་རྒྱུད་དང༌། རྨི་ལམ་དང༌། འདྲ་བར་སྣང་ལ་རང་བཞིན་མེད་པར་ཤེས་དགོས་པའི་ཕྱིར། གཉིས་པ་ནི། ལས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅས་པ་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཅན་རབ་ཏུ་བྱེད་པ་བཅུ་བདུན་པ་རྣམ་པར་བཤད་པའོ།།  །།རིང་དུ་གནས་སམ་སྐད་ཅིག་གིས། །འཇིག་ཅེས་བརྟགས་ན་རྟག་ཆད་སྐྱོན། །ལས་གང་རང་བཞིན་གྱིས་གྲུབ་ལ། །ཡོད་དང་དེ་མེད་ལ་མེད་པའོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་བདག་གཉིས་དགག་དགོས་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་བདག་མེད་གཉིས་བསྡུས་ཏེ་བསྟན་པ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། མཚན་བསྟན་པའོ། །དང་པོ་ལ། དེ་ཁོ་ན་ཉིད་ལ་ཇི་ལྟར་འཇུག་པའི་ཚུལ། ཞུགས་པའི་ཕན་ཡོན་ནི། །དང་པོ་ལ། གང་ཟག་གི་བདག་མེད་ལ་ཇི་ལྟར་འཇུག་པའི་རིམ་པ་དང༌། ཆོས་ཀྱི་བདག་མེད་ལ་ཇི་ལྟར་འཇུག་པའི་རིམ་པའོ། །དང་པོ་ལ། གང་ཟག་གི་བདག་མེད་ལ་ཞུགས་པས་སྐྱོན་ཇི་ལྟར་བཟློག་ཅིང་ཡོན་ཏན་ཇི་ལྟར་ཐོབ་པའི་ཚུལ། དེ་ལ་ལུང་འགལ་སྤང་བའོ། །དང་པོ་ལ། གང་ཟག་གི་བདག་མེད་གཏན་ལ་དབབ། དེ་སྒོམ་པས་གཏོང་ཐོབ་ཇི་ལྟར་འབྱུང་བའི་ཚུལ། དང་པོ་ལ། བདག་དགག དེས་བདག་གི་བ་ཁེགས་པའི་ཚུལ་ལོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་མ་གྲུབ་བཞིན་དུ་དེ་ཁོ་ན་ཉིད་དུ་སྣང་བར་འདོད་ན། དེ་ཁོ་ན་ཉིད་ནི་གང༌། དེ་ཉིད་ལ་འཇུག་པ་ཡང་ཇི་ལྟར་ཡིན་ཞེ་ན། ནང་དང་ཕྱི་ལ་དང༌། བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་ནི་དེ་ཁོ་ན་ཉིད་དོ། །དེ་ལ་འཇུག་པའི་ཚུལ་ནི་བདག་ཏུ་འཛིན་པའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་བདག་ཅེས་བྱ་བ་ཅི་ཞིག་ཅེས་གཞན་ལ་གྲགས་ཀྱི་རིགས་པས་འགོག་པར་བྱེད་དོ། །ཇི་ལྟར་ཞེ་ན། རང་འཛིན་འཛིན་སྟངས་ཀྱི་བཟུང་བྱར་གྱུར་པའི་བདག་དེ་ཡོད་ན། དེ་གང་ལ་དམིགས་པའི་ཕུང་པོ་ཉིད་བདག་དེ་ཡིན་ནམ། ཕུང་པོ་ལས་གཞན་ཡིན། དང་པོ་ལྟར་ན། བདག་ཆོས་ཅན། སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་ཏེ། ཕུང་པོ་དང་གཅིག་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ། མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང༌། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །ཞེས་དང༌། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་བྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་འཆད་པར་འགྱུར་རོ། །གཞན་ཡང༌། ཕྱོགས་འདི་ནི། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །ཞེས་པ་ནས། གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་རྣམ་པར་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་ཚིག་གསལ་ལས་གསུངས་སོ། །ཞལ་སྔ་ནས་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་བདག་ཡིན་པར་བཞེད་པ་ལ་ནི། ཉེས་པ་འདི་དག་ཇི་ལྟ་བ་བཞིན་དུ་འཇུག་སྟེ། བདག་དེ་སྐྱེ་བ་དང་འཇིག་པར་འདོད་པའི་ཕྱིར་དང༌། ལྷས་སྦྱིན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་དངོས་པོ་ཡིན་ན་ལྷས་སྦྱིན་གྱིས་ཕུང་པོས་བསྡུས་པ་དང༌། དེའི་ནང་ནས་ཀྱང་འདུ་བྱེད་ཀྱི་ཕུང་པོར་འདོད་དགོས་ལ། དེ་ལྟ་ན་ཕུང་པོ་བདག་ཏུ་ཁས་བླངས་པ་དང་ཉེ་བར་བླང་བྱ་ཉིད་ཉེ་བར་ལེན་པ་པོར་ཁས་བླངས་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་མི་མཚུངས་ཏེ། གཞན་གྱི་བདག་རང་བཞིན་གྱིས་གྲུབ་པར་ཁས་བླངས་པའི་ཕྱིར་ཞེ་ན། གང་བདག་ཡིན་ན་རང་བཞིན་གྱིས་གྲུབ་པས་ཁྱབ་སྟེ། དཔེར་ན་ཆོས་ཀྱི་བདག་བཞིན། བརྟེན་ནས་བཏགས་པའི་ང་ཙམ་ཡང་བདག་ཡིན་པར་ཁྱད་ཀྱིས་ཁས་བླངས་སོ། །དེའི་ཁྱབ་པ་ཡོད་པའི་རྒྱུ་མཚན་ཡང༌། ཇི་སྐད་དུ། བརྒྱ་པའི་འགྲེལ་པར། བདག་ཅེས་བྱ་བ་ནི། དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། ཞེས་བཤད་པའོ། །ཡང་ང་ཙམ་དང༌། གང་ཟག་སྐྱེ་འཇིག་ཅན་དུ་ཁས་བླངས་པ་ལ་ནི། མ་བྱུང་བ་ལས་བྱུང་མིན་ཏེ། །ཞེས་སོགས་ཀྱི་ཉེས་པ་མི་འཇུག་སྟེ། བདག་དང་སྐྱེ་འཇིག་ཅན་གྱི་གཞི་མཐུན་དུ་ཁས་མ་བླངས་པའི་ཕྱིར་རོ། །ཡང་རིན་པོ་ཆེ་པས་ཊཱི་ཀར། བདག་སྐད་ཅིག་སོ་སོ་ལ་སྐྱེ་བ་དང་འཇིག་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཕྱིར་ཞེས་འཕེན་པ་དང༌། རང་ལུགས་ལ་བདག་དངོས་པོར་ཁས་ལེན་པ་ཇི་ལྟར་མི་འགལ་བ་སྟོན་དགོས་སོ། །གལ་ཏེ་བརྟག་པ་གཉིས་པ་ལྟར་ཁས་ལེན་ཞེ་ན། བདག་ཆོས་ཅན། ཕུང་པོའི་མཚན་ཉིད་སྐྱེ་འཇིག་གནས་པ་གསུམ་ཁྱོད་ལ་མེད་པར་འགྱུར་ཏེ། ཕུང་པོ་དང་དུས་མཉམ་རྫས་གཞན་ཡིན་པས་འབྲེལ་མེད་ཀྱི་གཞན་ཡིན་པའི་ཕྱིར། འདོད་ན། བདག་དེ་ཆོས་ཅན། བདག་ཏུ་ཡོད་པུ་མིན་པར་ཐལ། འདུས་མ་བྱས་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །རང་རྒྱུད་ཀྱི་ཕུང་པོ་ཆོས་ཅན། བདག་ཏུ་འཛིན་པའི་ཡུལ་ཉིད་དུ་མི་རིགས་པར་ཐལ། བདག་དང་འབྲེལ་མེད་ཀྱི་རྫས་གཞན་ཡིན་པའི་ཕྱིར་ཁྱབ་པ་ཁས་བླངས་སོ། །ཞལ་སྔ་ནས། བདག་ཆོས་ཅན། རང་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པར་མི་རིགས་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་གསུངས་པ་ནི། རང་ལུགས་ཀྱི་སྒྲུབ་བྱེད་དུ་བྱེད་ན་ཁས་བླངས་ནང་འགལ་བ་དང༌། ཐལ་འགྱུར་དུ་བྱེད་ན། གཞན་གྱིས་འདོད་ལན་ཐེབས་པ་ཡིན་ནོ། །དེར་བདག་བདེན་གྲུབ་ཆོས་ཅན་དུ་བྱེད་ན་རང་ལུགས་ལ་ཚད་བསལ་མེད་པ་དང༌། གཞན་གྱིས་འདོད་ལན་ཐེབས་པ་དང༌། བདག་ཙམ་ཆོས་ཅན་དུ་བྱེད་ན་ཁྱེད་རང་གི་ལུགས་ཀྱི་སྐབས་དོན་མ་ཡིན་ནོ། །གཞན་ཡང༌། བདག་ཕུང་དོན་གཞན་ཡིན་ན་དེར་དམིགས་པས་ཁྱབ་སྟེ། དཔེར་ན་གཟུགས་དང་སེམས་བཞིན་ཞེས་ཀྱང་འགྲེལ་པར་གསུངས་སོ། །གཉིས་པ་ནི། བདག་ཉིད་ཡོད་པ་མ་ཡིན་ན་བདག་གི་བ་ཡོད་པར་ག་ལ་འགྱུར་ཏེ། ཤིང་རྟ་ཚིག་ན་དེའི་ཡན་ལག་ཚིག་དགོས་པ་བཞིན་ནོ། །གཉིས་པ་ལ། སྐྱོན་སྤོང་བའི་ཚུལ། ཡོན་ཏན་ཐོབ་པའི་ཚུལ་ལོ། །དང་པོ་ལ། རྒྱུ་ཉོན་མོངས་གཏོང་པའི་ཚུལ། འབྲས་བུ་སྐྱེ་བ་བཟློག་པའི་ཚུལ། དང་པོ་ལ། འཇིག་ལྟ་བཟློག་པའི་ཚུལ་དང༌། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། དེ་ལྟར་རྣམ་པར་དཔྱད་པ་ན་ངར་འཛིན་པ་ང་ཡི་བར་འཛིན་པ་མེད་པར་ཏེ་བཟློག་པར་འགྱུར་ཏེ། བདག་དང་བདག་གི་བའི་དངོས་པོ་ཞིག་སྟེ་མེད་པར་གཏན་ལ་ཕེབས་པའི་ཕྱིར། གཉིས་པ་ནི། འཇིག་ལྟ་སྤོང་བར་བྱེད་པའི་རྣལ་འབྱོར་པ་དེ་ཡོད་ན། བདག་དང་བདག་གི་བ་ཡོད་དགོས་སོ་ཞེ་ན། རྣལ་འབྱོར་པ་གང་ཡིན་པ་དེ་ཡང་བདག་ཏུ་ཡོད་པ་མ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་མེད་པའི་ཕྱིར། ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་ཏེ་སྤོང་བའི་རྣལ་འབྱོར་པ་ཡོད་པར་གང་གིས་མཐོང་བ་དེས་ཆོས་ཅན། དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ཏེ། མེད་པའི་དོན་མཐོང་བའི་ཕྱིར་རོ། །གཉིས་པ་ནི། ནང་ཟིན་པའི་ཕུང་པོ་དང༌། ཕྱི་རོལ་མ་ཟིན་པའི་ཕུང་པོ་ཉིད་དག་ལ་བདག་དང་བདག་གིའོ་སྙམ་པ་ཟད་ན། ཉེ་བར་ལེན་པ་བཞི་འགག་པར་འགྱུར་ཞིང་དེ་ཟད་པ་ན་ལས་ཉོན་གྱིས་སྐྱེ་བ་ཟད་དགོས་པ་ཡིན་ཏེ། འཇིག་ལྟ་ན་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་དང༌། ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་དགོས་པའི་ཕྱིར། གཉིས་པ་ནི། ལས་དང་ཉོན་མོངས་ཟད་པ་ཐར་པ་ཐོབ་པར་འགྱུར་རོ། །འོ་ན་ལས་དང་ཉོན་མོང་པ་གཉིས་གང་གིས་སྤོང་ཞེ་ན། དེ་སྤོང་བའི་ཐབས་ཡོད་དེ། བྱིས་པ་སོ་སོ་སྐྱེ་བོའི་ལས་དང་ཉོན་མོངས་པ་ནི་རྣམ་པར་རྟོག་པ་མཚན་འཛིན་ལས་བྱུང་ལ། རྣམ་པར་རྟོག་པ་དེ་དག་ཀྱང་ཤེས་པ་དང་ཤེས་བྱ་དང༌། བུམ་པ་དང༌། སྐྱེས་པ་དང་བུད་མེད་ལ་སོགས་པ་འཇིག་རྟེན་ན་སྒྲས་བརྗོད་པའི་མཚན་ཉིད་ཅན་གྱི་སྤྲོས་པ་ལས་འབྱུང་ལ་སྤྲོས་པ་དེ་ཡང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་འགག་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཞུང་འདིས། ཉོན་མོངས་པ་དང་རྣམ་པར་རྟོག་པ་བདེན་འཛིན་རྒྱུ་འབྲས་སུ་བསྒྲུབས་པ་ནས་ཇི་སྲིད་རང་གི་རྒྱུ་བདེན་འཛིན་མ་སྤངས་པ་དེ་སྲིད་དུ་ཉོན་མོངས་མི་སྤོང་བར་གསུངས་ཀྱི། བདེན་འཛིན་ཉོན་མོངས་ཡིན་པར་གསུངས་པ་མེད་ཅིང༌། སྟོང་ཉིད་བདུན་ཅུ་པར་ཡང༌། རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིགས་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་འདི་ནས་བཤད་པ་ཁོ་ན་ལྟར་གསུངས་ལ། སློབ་དཔོན་ཟླ་བའི་ཞབས་ཀྱིས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཞེས་པའི་འགྲེལ་པར་བདེན་འཛིན་ལ་ཉོན་མོངས་ཡིན་མིན་གཉིས་སུ་ཕྱེ་ནས་གསུངས་ལ། དེར་ཡང་ཉོན་མོངས་ཅན་ཡིན་ན། ཉོན་མོངས་ཡིན་མི་དགོས་སོ། །སྐབས་འདིར་ཞལ་སྔ་ནས་ཉན་ཐོས་འཕགས་པ་རྣམས་ཀྱང་དབུ་མ་པ་ཡིན་ནོ་ཞེས་གསུངས་པ་ནི་བརྟག་པར་བྱ་སྟེ། དེ་ལྟ་ན་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས། ཐེག་ཆེན་གྱི་གྲུབ་མཐའ་སྲ་བར་ཐལ་བ་དང༌། འདོད་ན་ཐེག་པ་ཆེན་པོ་པར་ཐལ་བ་དང༌། དབུ་མའི་ལྟ་བ་ལ་གནས་བཞིན་དུ་ཆད་པའི་མཐའ་ལ་གནས་པ་སྲིད་པར་ཐལ་བ་དང༌། ཁྱེད་རང་འདོད་པའི་སྐྱེས་བུ་ཆེན་པོའི་ལམ་རིམ་རྒྱུད་ལ་སྐྱེས་པའི་ཉན་ཐོས་ཡོད་པར་ཐལ་བར་འགྱུར་བ་དང༌། དབུ་མ་པ་ཡིན་ན་སྐྱེས་བུ་གསུམ་གྱི་ཟླར་བགྲང་བའི་སྐྱེས་བུ་ཆེན་པོ་ཡིན་པས་མ་ཁྱབ་པར་འགྱུར་རོ། །གཉིས་པ་ལུང་དང་འགལ་བ་སྤང་བ་ནི། གལ་ཏེ་བདག་དང་བདག་གི་བ་མེད་ན། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །ཞེས་སོགས་དང༌། གནག་དང་དཀར་པའི་ལས་ནི་འཇིག་མི་འགྱུར། །བདག་གིས་བྱས་པ་མྱོང་བར་འགྱུར་བ་ཡིན། །ཞེས་སོགས་གསུངས་པ་དང་འགལ་ལོ། །ཞེ་ན། འོ་ན་བདག་ཡོད་པར་འདོད་ན། མདོ་ལས། འདི་ན་བདག་གམ་སེམས་ཅན་མེད། །ཅེས་སོགས་དང༌། གཟུགས་བདག་མ་ཡིན་བདག་གཟུགས་དང་ལྡན་པ་མ་ཡིན་ཞེས་སོགས་གསུངས་པ་དང༌། ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་སོགས་གསུངས་པ་དང་ཇི་ལྟར་མི་འགལ། འོ་ན་མདོ་དེ་དག་གི་དགོངས་པ་ཇི་ལྟར་བཙལ་བར་བྱ་ཞེ་ན། སངས་རྒྱས་རྣམས་ཀྱིས་བདག་གོ་ཞེས་ཀྱང་བཏགས་ཅིང་བཞག་པར་འགྱུར་བ་ཆོས་ཅན། དགོས་པ་ཡོད་དེ། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་གདུལ་བྱ་དམན་པ་རྣམས་མི་དགེ་བ་ལས་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡང་མདོ་ཁ་གཅིག་ཏུ། བདག་མེད་དོ་ཞེས་ཀྱང་བསྟན་པར་འགྱུར་བ་ཆོས་ཅན། དགོས་པ་ཡོད་དེ། དགེ་བ་བྱེད་པའི་གདུལ་བྱ་དབང་འབྲིང་བདག་ཏུ་ལྟ་བ་དམ་པོས་བཅིངས་པ་རྣམས་ལྷོད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡང་མདོ་འགའ་ཞིག་ཏུ། བདག་ཀྱང་མེད་ལ་བདག་མེད་པ་འགའ་ཡང་མེད་དོ་ཞེས་ཀྱང་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་པར་ནུས་པའི་གདུལ་བྱ་དབང་རྣོན་རྣམས་རྗེས་སུ་བཟུང་བའི་ཆེད་ཡིན་པས་སོ། །དོན་འདི་ནི་ཇི་སྐད་བཞི་བརྒྱ་པ་ལས། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཕྱི་ནས་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་བློ་ལྡན་ཡིན། །ཞེས་པ་ལྟར་རོ། །ཡང་ན་ཚིག་གསལ་ལས་བཤད་ཚུལ་གཉིས་པ་ནི། གྲངས་ཅན་པས་བདག་གོ་ཞེས་ཀྱང་བཏགས་པར་གྱུར་ཅིང༌། རྒྱང་འཕན་པས་བདག་མེད་ཅེས་ཀྱང་བསྟན་པར་གྱུར་ལ། སངས་རྒྱས་རྣམས་ཀྱིས་བདག་དང་ནི་བདག་མེད་འགའ་མེད་ཅེས་བསྟན་ཞེས་སྦྱར་རོ། །གཉིས་པ་ལ། དེ་ཁོ་ན་ཉིད་སྟོན་པའི་རིམ་པ་དང༌། དེ་ཁོ་ན་ཉིད་ངོས་བཟུང་བའོ། །དང་པོ་ལ། དོན་དམ་པར་ཆོས་མ་བསྟན་པའི་ཚུལ་དང༌། ཀུན་རྫོབ་དུ་ཇི་ལྟར་བསྟན་པའི་རིམ་པའོ། །དང་པོ་ནི། འོ་ན་སངས་རྒྱས་རྣམས་ཀྱི་ཅི་ཞིག་བསྟན་པས་ཆོས་བསྟན་པར་འཇོག་ཅེས་སམ། ཡང་ན། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེས་བཤད་ན། དེས་དེ་ཇི་ལྟར་འགག་ཅེ་ན། ཞེས་སམ། ཡང་ན། དེ་ཁོ་ན་ཉིད་དེ་སྒྲས་བརྗོད་པའམ་རྟོག་པས་ཤེས་པར་ནུས་སམ་ཞེ་ན། སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་སྟོན་པའི་དབང་དུ་མཛད་ནས་སྤོངས་པ་ཡོངས་གཅོད་དུ་ཅི་ཡང་བསྟན་པ་མེད་དེ། དེ་ཁོ་ན་ཉིད་ནི་སྒྲས་བརྗོད་པར་བྱ་བ་བཟློག་པ་སྟེ་བརྗོད་དུ་མེད་པའི་ཕྱིར་ཏེ། སེམས་ཀྱི་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་དམིགས་པ་སྟེ་དེར་འཛིན་པ་ལྡོག་པས་སོ། །དེའི་རྒྱུ་མཚན་ནི། དོན་དམ་པར། མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་ནི་མྱ་ངན་ལས་འདས་པ་དང་མཚུངས་པར་སྒྲ་རྟོག་གི་ཇི་ལྟ་བ་བཞིན་བཟུང་དུ་མེད་པའི་ཕྱིར། གཉིས་པ་ཀུན་རྫོབ་ཏུ་ཇི་ལྟར་བསྟན་པའི་རིམ་པ་ནི། དེ་ཁོ་ན་ཉིད་སྒྲ་དང་རྟོག་པས་ཇི་ལྟ་བ་བཞིན་བརྗོད་པར་མི་ནུས་ཀྱང་ཀུན་རྫོབ་ཏུ་གདུལ་བྱ་རྣམས་ལ་མ་བསྟན་ན་མི་ཤེས་པས་སྔར་གྱི་བསྟན་ཚུལ་གསུམ་པ་དེ་ཀུན་རྫོབ་པའི་ཐ་སྙད་ཀྱིས་སྟོན་པའི་རིམ་པ་ཇི་ལྟ་བུ་ཞེ་ན། དབང་པོའི་རིམ་པ་དང་མཐུན་པར་རིམ་གྱིས་དེ་ཁོ་ན་ཉིད་སྟོན་དགོས་པ་ཡིན་ཏེ། ཐོག་མར་འཇིག་རྟེན་པ་རྣམས་གུས་པ་བསྐྱེད་པའི་ཆེད་དུ་དེའི་ལྟ་བ་དང་མཐུན་པར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡང་དག་པ་སྟེ་བདེན་ནོ་ཞེས་གསུངས་པར་བྱེད་དོ། །དེ་ལྟར་བསྟན་པས་རང་ལ་ཡིད་ཆེས་པ་ན་སྐད་ཅིག་རེ་རེ་ལ་འཇིག་པའི་རྟགས་ཀྱིས་དེ་དག་ཡང་དག་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ནི་དབང་བརྟུལ་དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པའོ། །ཡང་དབང་འབྲིང་ལ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བྱིས་པའི་བློ་ངོར་ཡང་དག་པ་དང་འཕགས་པའི་ཡེ་ཤེས་ཀྱི་ངོར་ཡང་དག་པ་མ་ཡིན་ནོ་ཞེས་ཐོག་མ་ནས་སྟོན་པར་བྱེད་དོ། །ཐོག་མ་མེད་པ་ནས་སྤྲོས་བྲལ་གྱི་ལྟ་བ་ལ་གོམས་པའི་དབང་རྣོན་ལ་ནི་ཆོས་ཐམས་ཅད་ཡང་དག་མ་ཡིན་ནས་ཏེ་རྫུན་པ་ཡང་མ་ཡིན། ཡང་དག་པ་བདེན་པ་ཡང་མ་ཡིན་ཞེས་ཐོག་མ་ནས་སྤྲོས་བྲལ་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པ་དེ་ནི་སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་རྗེས་སུ་སྟོན་པའི་རིམ་པའོ། །ཇི་སྐད་དུ་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང༌། །གཉིས་ཀ་མིན་ཞེས་ཀྱང་བསྟེན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་གསུངས་པ་ལྟ་བུའོ། །འདིར་རིན་པོ་ཆེ་པ། ཡང་དག་མ་ཡིན་ཞེས་པ་སྔ་མ་གཉིས་ཀྱི་དོན་མི་རྟག་པ་ཙམ་ལ་བྱའི་བདེན་སྟོང་ལ་མི་མཛད་པ་དང༌། ཡང་དག་མིན་མིན་ཞེས་པ་བདེན་སྟོང་ལ་བཞེད་པ་དང༌། གདུལ་བྱ་གཅིག་ཉིད་ལ་རིམ་པ་སྔ་ཕྱིའི་སྒོ་ནས་སྟོན་ཚུལ་བཞི་ཡིན་པར་བཞེད་མོད། རྩ་འགྲེལ་གྱི་དགོངས་པར་མི་མངོན་ཏེ། དང་པོ་ཉིད་ནས་སྤྲོས་བྲལ་བསྟན་ཆོག་པའི་གདུལ་བྱ་དང༌། དང་པོར་ཐ་སྙད་ཀྱི་བདེན་པ་ཙམ་སྟོན་དགོས་པའི་གདུལ་བྱ་དང༌། དང་པོར་བདེན་གྲུབ་སྟོན་དགོས་པའི་གདུལ་བྱ་མི་འདྲ་བ་གསུམ་ལ། དོན་དམ་བདེན་པ་སྟོན་ཚུལ་གྱི་རིམ་པ་མི་གཅིག་པ་གསུམ་གསུངས་པར་སྣང་གི གདུལ་བྱ་དབང་བརྟུལ་གཅིག་ཉིད་རིམ་གྱིས་བཀྲི་བའི་ཚུལ་ཁོ་ནར་མི་སྣང་བའི་ཕྱིར། དེས་ན་འདིར་དགག་ཚིག་བཞི་གསུངས་པ་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པར་གསལ་ལོ། །གཉིས་པ་དེ་ཁོ་ན་ཉིད་ངོས་བཟུང་བ་ལ། འཕགས་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། འཇིག་རྟེན་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ནི། གལ་ཏེ། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་དེ་ཁོ་ན་ཉིད་སྒྲ་རྟོག་གིས་ཇི་ལྟ་བ་བཞིན་བློ་ཡུལ་དུ་སྟོན་མི་ནུས་པར་བཤད་ཟིན་མོད། འོན་ཀྱང་ཐ་སྙད་བདེན་པའི་ངོར་སྒྲོ་བཏགས་ནས་དེའི་མཚན་ཉིད་བརྗོད་དགོས་སོ་ཤེ་ན། འཕགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་དེ་ཆོས་ཅན། གཞན་ལས་ཤེས་པ་མིན་པ་དང༌། རང་བཞིན་གྱིས་ཞི་བ་དང༌། ངག་གིས་སྤྲོས་པ་རྣམས་ཀྱིས་སྤྲོར་མེད་པས་མ་སྤྲོས་པ་དང༌། རྣམ་པར་རྟོགས་པས་བཟུང་དུ་མེད་པ་དང༌། དོན་ཐ་དད་པ་སོ་སོ་བ་མ་ཡིན་ཏེ། ལོག་རྟོག་སེལ་བ་ལ་ལྟོས་པའི་ཁྱད་པར་ལྔ་ལྡན་གྱི་དེ་བཞིན་ཉིད་དེ་ནི་ཁྱོད་ཀྱི་མཚན་ཉིད་ཡིན་ཏེ། དེས་ཁྱོད་ཐ་སྙད་དུ་མཚོན་པར་ནུས་པའི་ཕྱིར། ལོག་རྟོག་ཇི་ལྟར་སེལ་ཞེ་ན། དེ་ཁོ་ན་ཉིད་ནི་སྒོམ་པས་རྟོག་པར་བྱ་བ་ཡིན་གྱི་གཞན་གྱི་བསྟན་པ་ཙམ་གྱིས་རྟོགས་སམ་སྙམ་པ་བཟློག་པའི་ཕྱིར། གཞན་ལས་ཤེས་མིན་ཞེས་བསྟན་ནོ། །དེ་ཡང་དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་ན་རབ་རིབ་མེད་པས་འདི་ན་སྐྲ་ཤད་མེད་དོ་ཞེས་བསྟན་ཀྱང་རབ་རིབ་མེད་པ་ལ་ཇི་ལྟར་སྣང་བ་བཞིན་མི་རྟོགས་ལ། སྣང་བ་འདི་ནི་ལོག་པའོ་སྙམ་པ་ཙམ་ཞིག་རྟོགས་སོ། །མིག་སྨན་བསྐུས་པས་རབ་རིབ་བསལ་བ་སྐྲ་ཤད་དུ་སྣང་བ་དེ་མ་མཐོང་བའི་ཚུལ་གྱིས་རྟོགས་པ་བཞིན་ནོ། །དེ་ཁོ་ན་ཉིད་དེ་ཡོངས་གཅོད་དུ་གཟུང་དུ་ཡོད་སྙམ་པ་བཟློག་པའི་ཕྱིར་ཞི་བ་དང༌། ངག་གིས་ཇི་ལྟ་བ་བཞིན་མཚོན་ནུས་སྙམ་པ་བཟློག་པའི་ཕྱིར་མ་སྤྲོས་པ་དང༌། རྣམ་པར་རྟོག་པས་ཇི་ལྟ་བ་བཞིན་བཟུང་བར་ནུས་སམ་སྙམ་པ་བཟློག་པའི་ཕྱིར་རྣམ་རྟོག་མེད་དོན་དང༌། འཁོར་བ་དང་མྱང་འདས་ལ་སོགས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་མི་འདྲ་བའི་དབྱེ་བ་ཡོད་དམ་སྙམ་པ་བཟློག་པའི་ཕྱིར་དོན་ཐ་དད་པ་མ་ཡིན་ཞེས་སྨོས་སོ། །ཡང་ན་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མས་བཤད་པར་བྱའོ། །དེ་ལྟར་ན་རྗོད་བྱེད་ཀྱི་སྒྲས་ཚིག་གིས་ཟིན་པར་བརྗོད་པ་དང༌། རྟོག་པས་གང་དུ་བཟུང་བའི་ཞེན་ས་དེ་ཡིན་ན་དོན་དམ་པའི་བདེན་པར་འགལ་ཞིང༌། སོ་སོ་སྐྱེ་བོ་ཡིན་ན་དོན་དམ་བདེན་པ་ཇི་ལྟ་བ་བཞིན་རྟོགས་པར་འགལ་ཏེ་སོ་སོ་སྐྱེ་བོས་གང་ལ་དེ་ཁོ་ན་ཉིད་རྗོད་བྱེད་ཀྱི་ཐ་སྙད་ཀྱིས་བཞག་པའི་དོན་དེ་ལ་མཚན་མར་བཟུང་བ་ཡིན་པས་སོ། །གཉིས་པ་ནི། ས་བོན་གང་ལ་བརྟེན་ཏེ་མྱུ་གུ་གང་འབྱུང་བའི་ས་བོན་དེ་ནི་ཆོས་ཅན། རེ་ཞིག་མྱུ་གུ་དེ་ཉིད་མ་ཡིན་ཏེ། ཡིན་ན་བྱ་བ་དང་བྱེད་པ་གཅིག་ཏུ་ཐལ་བའི་ཕྱིར་དང༌། ཕ་དང་བུ་དག་ཀྱང་གཅིག་ཏུ་ཐལ་བའི་ཕྱིར། དེའི་ཕྱིར་ས་བོན་རྟག་པ་མ་ཡིན་ནོ། །ས་བོན་དེ་ལས་མྱུ་གུ་རང་བཞིན་གྱིས་གཞན་པའང་མ་ཡིན་ཏེ། དེ་ལྟ་ན་ས་བོན་ལ་མྱུ་གུ་མི་སྐྱེ་བར་ཐལ་བའི་ཕྱིར། དེའི་ཕྱིར་ས་བོན་གྱི་རྒྱུན་ཆད་པར་ཡང་འགྱུར་བ་མ་ཡིན་ནོ། །འདིར་ཚིག་གསལ་དུ། སྔ་མ་ལ་འཕགས་པ་དང༌། ཕྱི་མ་ལ་འཇིག་རྟེན་པའི་དེ་ཉིད་ཅེས་གསུངས་པ་ནི་འཕགས་པའི་མཉམ་གཞག་དང་རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་ལ་བྱ་བའམ། འཕགས་པའི་གཟིགས་ངོར་སྤྲོས་པ་དང་བྲལ་བ་དང༌། འཇིག་རྟེན་པའི་བློ་ངོར་རྟག་ཆད་དང་བྲལ་བ་ལ་བྱེད་དགོས་པས་དེ་ལྟར་ན་བདེན་པ་གཉིས་ཟུང་དུ་འཇུག་པར་བསྟན་པ་ཡིན་ནོ། །གཉིས་པ་ཕན་ཡོན་ནི། སངས་རྒྱས་འཇིག་རྟེན་གྱི། མགོན་དུ་གྱུར་པ་རྣམས་ཀྱི་བསྟན་པ་དམ་ཆོས་དེ་ཆོས་ཅན། བདུད་རྩིར་གྱུར་པ་ཡིན་ཏེ། རྒ་བ་དང་འཆི་བའི་དུག་འཇོམས་པར་བྱེད་པས་སོ། །དེ་ཆོས་ཅན། དོན་གཅིག་མིན་པ་དང༌། ཐ་དད་པ་མ་ཡིན་པ་དང་ཆད་པ་དང་རྟག་པ་མ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། ཐ་སྙད་དུ་རྟག་ཆད་དང་བྲལ་བའི་རྟེན་འབྲེལ་སྣང་ཙམ་མི་འདོར་བའི་ཕྱིར། དེ་ལྟར་ལས་དང་ཉོན་མོངས་ཟད་པས་ཐར་ཅེས་པ་ལ་འཕྲོས་ནས། དེའི་ལྟ་བུའི་དེ་ཁོ་ན་ཉིད་དེ་དགེ་བའི་བཤེས་གཉེན་ལས་ཐོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ལམ་ལྔ་དང་ས་བཅུའི་རིམ་པས་མི་གནས་པའི་མྱང་འདས་ལ་རེག་པར་འགྱུར་ལ། བདུད་རྩི་འདི་ཐོས་པའི་ཉན་ཐོས་རྣམས་ཀྱང་སྡུག་བསྔལ་ཟད་པའི་མྱང་འདས་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་འགྱུར་རོ། །གལ་ཏེ་འདི་ལ་མྱང་འདས་མངོན་དུ་མ་བྱས་པ་ཕྱི་མར་དེ་ཁོ་ན་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་དང་མ་ཕྲད་ན་མྱང་འདས་སམ་ཐར་པ་ཐོབ་པར་མི་འགྱུར་རམ་ཞེ་ན། དེ་ལྟ་ན་ཡང་སྐྱེ་བ་གཞན་དུ་ཐར་པ་ངེས་པར་ཐོབ་སྟེ། རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་མ་བྱུང་ཞིང་ཉན་ཐོས་རྣམས་ཀྱང་ཟད་པ་ན་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། དགེ་བའི་བཤེས་གཉེན་བསྟེན་པ་མེད་པར་ཡང་རབ་ཏུ་སྐྱེ་བ་ཡིན་པས་སོ། །གཉིས་པ་ནི། བདག་དང་ཆོས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅོ་བརྒྱད་པ་རྣམ་པར་བཤད་པའོ།།  །།སྡུག་བསྔལ་ལས་དང་ཉོན་མོངས་པ། །བདག་འཛིན་ལས་ཡིན་དེ་ཡང་ནི། །མཚན་འཛིན་ལས་ཏེ་གྲོལ་འདོད་པས། །འབད་པས་སྟོང་ཉིད་བསྒོམ་པར་བྱ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་ཁྱད་པར་མཐའ་བྲལ་དུ་བསྟན་པ་ལ། ཁྱད་པར་རང་བཞིན་གྱིས་མ་གྲུབ་པར་བསྟན། གྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། དུས་རང་བཞིན་གྱིས་མ་གྲུབ་པར་བསྟན། ཚོགས་པ་རང་བཞིན་གྱིས་མ་གྲུབ་པར་བསྟན་པའོ། །དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་མ་བརྗོད་པ་ནི། གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དོ། །དུས་གསུམ་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དངོས་པོ་འགགས་པ་ལ་འདས་པ་དང༌། སྐྱེས་ལ་མ་འགགས་པ་ལ་ད་ལྟ་བ་དང༌། མ་སྐྱེས་པ་ལ་མ་འོངས་པའོ་ཞེས་ཐ་སྙད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། དུས་གསུམ་རང་བཞིན་གྱིས་གྲུབ་པ་སྤྱིར་དགག དུས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་སོ་སོ་བ་དགག དང་པོ་ལ། རིགས་པ་རྒྱས་པར་བཤད། རིགས་པ་དེ་ཆོས་གསུམ་ཚན་གཞན་ལ་སྦྱར་བའོ། །དང་པོ་ལ། ལྟོས་མ་ལྟོས་ཀྱི་དུས་གཉིས་དགག རིགས་པ་དེ་དུས་གཞན་གཉིས་ལ་སྦྱར་བའོ། །དང་པོ་ལ། གལ་ཏེ་མ་འོངས་པ་དང་ད་ལྟར་བ་རང་བཞིན་གྱིས་ཡོད་ན། དེ་འདས་པའི་དུས་ལ་ལྟོས་སམ་མི་ལྟོས། གལ་ཏེ་ད་ལྟར་བྱུང་བ་དང་མ་འོངས་པ་འདས་པ་ལ་ལྟོས་སོ་ཞེ་ན། ད་ལྟར་བྱུང་དང་མ་འོངས་པ་ཆོས་ཅན། འདས་པའི་དུས་ན་ཡོད་པར་འགྱུར་ཏེ། འདས་པ་ལ་ལྟོས་པར་འགྱུར་ན་སྟེ་དེའི་ཕྱིར། ཅི་སྟེ་མ་ཁྱབ་བོ་ཞེ་ན། ད་ལྟར་བྱུང་བ་དང་མ་འོངས་པ་གཉིས། གལ་ཏེ་འདས་པའི་དུས་དེ་ནི་མེད་པར་གྱུར་ན་ད་ལྟར་བ་དང་མ་འོངས་པ་ཆོས་ཅན། ཇི་ལྟར་འདས་པའི་དུས་དེ་ལ་ལྟོས་པར་འགྱུར་ཏེ། དུས་དེ་ན་ཡོད་པ་མ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །བརྟག་པ་གཉིས་པ་ཁས་ལེན་ནོ་ཞེ་ན། འདས་པ་ལ་ནི་མ་ལྟོས་པར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། སྤྱིར་འདས་པ་ལ་ནི་མ་ལྟོས་པར་དུས་དེ་གཉིས་གྲུབ་པ་ཡོད་པ་མ་ཡིན་པ་དེའི་ཕྱིར། གཉིས་པ་ནི། རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་ཆོས་ཅན། གཞན་ཡང་མཚོན་ནུས་ཏེ། ལྷག་མ་གཉིས་པོ་རྣལ་འབྱོར་པའི་ཚུལ་ཡང་ཤེས་པར་བྱ་བའི་ཕྱིར། ཇི་ལྟར་ཞེ་ན། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །ཞེས་པ་ནས། དེའི་ཕྱིར་ན་འདས་པ་དང༌། །མ་འོངས་དུས་ཀྱང་ཡོད་མ་ཡིན། །ཞེས་པའི་བར་དུའོ། །གཉིས་པ་ནི། དུས་གསུམ་ལ་རྣམ་པར་དཔྱོད་པའི་རིགས་པ་འདི་ཆོས་ཅན། གཞན་ཡང་མཚོན་པར་ནུས་དགོས་ཏེ། མཆོག་དང་ཐ་མ་དང་འབྲིང་དང༌། ལ་སོགས་པའི་སྒྲས་བསྟན་པ། དགེ་མི་དགེ་ལུང་མ་བསྟན་གསུམ་དང༌། སྐྱེ་གནས་འཇིག་གསུམ་དང༌། སྔོན་དང་ཕྱི་མཐའ་དབུས་གསུམ་དང༌། ཁམས་གསུམ་དང༌། སློབ་མི་སློབ་གཉིས་ཡིན་གསུམ་ལྟ་བུ་གསུམ་ཚན་གྱི་ཆོས་ཇི་སྙེད་པ་རྣམས་དང༌། གཅིག་དང་སོགས་པས་གཉིས་དང་མང་པོའང་མཚོན་ནས་རིགས་པ་སྦྱོར་ཚུལ་ཤེས་པར་སླ་བའི་ཕྱིར་རོ། །གཉིས་པ་ལ། གཞན་སྡེའི་འདོད་པ་དགག རང་སྡེའི་འདོད་པ་དགག དང་པོ་ནི། གལ་ཏེ་དུས་རང་བཞིན་གྱིས་ཡོད་དེ། སྐད་ཅིག་དང་ཐང་ཅིག་དང༌། ཡུད་ཙམ་དང་ཉིན་མཚན་ལ་སོགས་པའི་ཆ་ཤས་དོན་གཞན་དང་ལྡན་པའི་ཕྱིར་ཞེ་ན། དུས་ནི་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་འཛིན་པར་མི་བྱེད་དེ། ཚད་ལས་ཐ་དད་དུ་རྟག་པར་མི་གནས་པའི་ཕྱིར། ཅི་སྟེ་དུས་རྟག་པར་ཡོད་པ་དེ་སྐད་ཅིག་སོགས་ཀྱིས་གསལ་བར་བྱེད་པ་ཡིན་ཏེ། ཇི་སྐད་དུ། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བ་ཤིན་ཏུ་དཀའ། །ཞེས་འབྱུང་བས་སོ་ཞེ་ན། ཚད་ལས་མ་བཟུང་བའི་དུས་ནི་ཇི་ལྟར་གདགས་ཏེ། དུས་གང་ཞིག་སྐད་ཅིག་ལ་སོགས་པས་བཟུང་བར་བྱ་བའི་དུས་ནི་རྟག་པར་གནས་པ་ཡོད་པ་མ་ཡིན་པས་སོ། །དེའི་རྒྱུ་མཚན་ཡང་དེར་གནས་ན་སྐད་ཅིག་སོགས་ལས་ཐ་དད་དུ་བཟུང་དགོས་པ་ལས་མ་བཟུང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དུས་རྟག་པ་མེད་ཀྱང་དངོས་པོ་ལ་བརྟེན་ནས་བཏགས་པའི་དུས་སྐད་ཅིག་མ་རང་བཞིན་གྱིས་ཡོད་དོ་ཞེ་ན། དུས་ལྟ་གང་ཞིག་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ། རྟེན་དངོས་པོ་འགའ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་པ་རྒོལ་བའི་བློ་ངོར་གྲུབ་པའི་རྒྱུ་མཚན་ནི། གལ་ཏེ་དུས་ནི་དངོས་པོ་ལ་བརྟེན་དགོས་ཏེ། གདགས་གཞི་དངོས་པོར་མེད་པའི་དུས་ནི་རང་བཞིན་གྱིས་ག་ལ་ཡོད་དེ། མེད་པར་ཁྱོད་རང་གིས་ཁས་བླངས་པའི་ཕྱིར། གཉིས་པ་ནི། དུས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་དྲུག་གི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཅུ་དགུ་པ་རྣམ་པར་བཤད་པའོ།།  །།ལྟོས་དང་མ་ལྟོས་རྟག་པ་དང༌། །མི་རྟག་དུས་གང་ཡོད་མིན་པས། །དུས་ཀྱིས་དངོས་པོ་མི་འགྲུབ་ཅིང༌། །གསུམ་ཚན་དངོས་ཀུན་དེ་འདྲར་ཤེས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།འདིར་ཞལ་སྔ་ནས། མྱུ་གུ་ཞིག་པ་ནི་མྱུ་གུ་འདས་པའི་དུས་དང༌། མྱུ་གུ་མ་སྐྱེས་པ་ནི་མྱུ་གུ་མ་འོངས་པའི་དང༌། མྱུ་གུ་གྲུབ་ནས་མ་ཞིག་པ་ནི་མྱུ་གུ་ད་ལྟར་བའི་དུས་ཡིན་པས་དུས་གསུམ་ཆར་ཡང་མྱུ་གུ་ལ་སོགས་པའི་དངོས་པོ་དེ་ཉིད་ལ་རྩི་བ་ཡིན་གྱི། དུས་ཀྱི་ཐ་སྙད་བྱེད་པོ་ལ་ལྟོས་ནས་འཇོག་པ་མ་ཡིན་ནོ་ཞེས་དང༌། གང་དུ་མ་འོངས་པ་དང་གང་ལས་འདས་པར་འཇོག་པའི་དུས་ནི་ད་ལྟར་བ་སྟེ། དེ་དུས་ཀྱི་གཙོ་བོ་ཡིན་ནོ་ཞེས་གསུང༌། འདི་བརྟག་པར་བྱ་སྟེ། སྤྱིར་དེ་རིང་གི་མྱུ་གུ་ལྟ་བུ་ལ་ལྟོས་ནས་འདས་མ་འོངས་གཉིས་ཀྱང་འཇོག་པ་ཡིན་མོད། ཁྱེད་ཀྱི་ལུགས་ལ་མི་རུང་སྟེ། མྱུ་གུ་ཞིག་པ་ཆོས་ཅན། མྱུ་གུ་ལ་ལྟོས་ཏེ་འདས་པར་མི་རུང་སྟེ། མྱུ་གུའི་རང་དུས་དེ་མ་འོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། མྱུ་གུ་སྐྱེས་པ་དང་ཞིག་པ་དུས་མཉམ་པར་ཐལ་ལོ། །ཡང་མྱུ་གུ་མ་འོངས་པ་དེ་ཆོས་ཅན། མྱུ་གུ་ལ་ལྟོས་པའི་མ་འོངས་པར་མི་རུང་སྟེ། མྱུ་གུའི་རང་དུས་ལ་རྒལ་ཟིན་པའི་ཕྱིར། མ་གྲུབ་ན། མྱུ་གུ་སྐྱེས་པ་དང་མྱུ་གུ་མ་སྐྱེས་པ་གཉིས་ཀྱང་དུས་མཉམ་པར་འགྱུར་རོ། །ཞེས་བརྗོད་ན་ལན་གྱིས་བཟློག་པར་མི་ནུས་སོ། །ཅི་སྟེ་དམ་བཅའ་ལ་འདོད་ལན་ཐེབས་པར་འདོད་ན། འོ་ན་མྱུ་གུ་ཞེས་པ་དེ་ད་ལྟར་བའི་དངོས་པོ་གང་ལ་ལྟོས་ནས་འདས་པར་འཇོག་ཞེས་དྲིས་ན་ངོས་བཟུང་རྒྱུ་མེད་ལ། དེའི་ཚེ་ན་ཐ་སྙད་དུ་ད་ལྟར་བ་ལ་ལྟོས་ནས་དུས་གཉིས་འཇོག་པར་འགལ་ལོ། །ཡང་ཞིག་པ་དང་མ་སྐྱེས་པའི་རིགས་འདྲར་གྱུར་པའི་སྐད་ཅིག་གི་ཕྲེང་བ་མང་པོ་ཡོད་པར་ཁས་བླངས་ནས། དེ་རྣམས་ཀྱི་ཆར་གྱུར་པའི་ད་ལྟར་བ་མེད་པར་བཞེད་པ་ཡང་འགལ་བ་ཁོ་ནར་ངེས་ཏེ། དངོས་པོ་ཡིན་ན་ད་ལྟར་བ་ཡིན་པས་ཁྱབ་པར་ཁས་བླངས་པ་དང་འགལ་བ་དང༌། ཁྱབ་པ་ཁས་མི་ལེན་དུ་ཆུག་ཀྱང༌། གང་དངོས་པོ་ཡིན་ན་ཁོ་རང་གི་དུས་དེར་ད་ལྟར་བ་ཡིན་དགོས་པའི་ཕྱིར་དང༌། རང་དུས་སུ་ད་ལྟར་བ་ཡིན་ན་རང་གི་ངོ་བོ་ཞིག་པ་ཡིན་པར་འགལ་བའི་ཕྱིར་དང༌། རང་དུས་སུ་ད་ལྟར་བ་ཡིན་ན་ད་ལྟར་བ་ཡིན་མི་དགོས་ན། ད་ལྟ་བའི་མཚན་གཞི་མི་རྙེད་པར་འགྱུར་རོ།།  །།གཉིས་པ་ཚོགས་པ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་ལ། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ནི། གལ་ཏེ་དུས་རང་བཞིན་གྱིས་ཡོད་དེ། རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འབྱུང་བའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། ཇི་སྐད་དུ། ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པས་སོ་ཞེ་ན། དེ་དགག་པ་ལ། དགག་པ་རྒྱས་པར་བཤད། རིགས་པ་གཞན་གྱིས་དགག་པ་བསྡུས་པ་བསྟན་པའོ། །དང་པོ་ལ། རྒྱུ་རྐྱེན་གྱི་ཚོགས་པ་ལས་སྐྱེ་བ་དགག རྒྱུ་ཉིད་ལས་སྐྱེ་བ་དགག དང་པོ་ལ། ཚོགས་པ་སྔ་མ་ལས་སྐྱེ་བ་དགག དུས་མཉམ་པའི་ཚོགས་པ་ལས་སྐྱེ་བ་དགག ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པའོ། །དང་པོ་ལ། ཚོགས་པ་ལས་དངོས་སུ་སྐྱེ་བ་དགག ཚོགས་པ་ལས་བརྒྱུད་ནས་སྐྱེ་བ་དགག དང་པོ་ལ། ཚོགས་པ་ལ་ཡོད་པ་དང་མེད་པ་གང་སྐྱེ་བརྟགས་ནས་དགག ཚོགས་པ་ལ་ཡོད་མེད་ཉིད་ཀྱང་དགག་པའོ། །དང་པོ་ནི། མྱུ་གུ་ལ་སོགས་པ་གཞན་གྱི་རྒྱུ་ཚོགས་ལས་སྐྱེ་ན། ཚོགས་པ་ལ་ཡོད་དམ་མེད་དང་པོ་ལྟར་ན། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་ཚོགས་པ་ལ་འབྲས་བུ་ཡོད་ན་ནི་འབྲས་བུ་དེ་ཆོས་ཅན། ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ། ཚོགས་པ་དང་རྟེན་དང་བརྟེན་པར་གྲུབ་ཟིན་པའི་ཕྱིར། དཔེར་ན་མཁར་གཞོང་ན་ཡོད་པའི་ཞོ་ནི་མཁར་གཞོང་གིས་བསྐྱེད་པ་མ་ཡིན་པ་བཞིན་ནོ། །གཉིས་པ་ལྟར་ན། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་ཚོགས་པ་ལ་འབྲས་བུ་མེད་ན་ནི་འབྲས་བུ་དེ་ཆོས་ཅན། ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ། དེ་ལ་མེད་པའི་ཕྱིར། བྱེ་མ་ལས་མར་བཞིན་ནོ། །གཉིས་པ་ལ། ཚོགས་པ་ལ་ཡོད་པ་དགག མེད་པ་དགག དང་པོ་ནི། གལ་ཏེ་སྣང་རུང་གི་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་ཡོད་ན་ནི་ཚོགས་པ་ལ་ཚད་མ་བཞི་གང་རུང་གིས་བཟུང་དུ་ཡོད་པར་རིགས་ན་ཡང༌། ཚོགས་པ་ལ་འབྲས་བུ་ཡོད་པ་མ་ཡིན་ཏེ། ཚད་མ་བཞི་པོ་གང་གིས་ཀྱང་ཚོགས་པ་ཉིད་ལ་བཟུང་དུ་མེད་པའི་ཕྱིར། འོ་ན་དེ་ལ་དེ་མེད་པར་སྒྲུབ་བམ་ཞེ་ན། གཞན་གྱིས་དེ་ལ་དེ་ཡོད་པར་བརྟགས་པ་སེལ་གྱི་མེད་པར་མི་སྒྲུབ་སྟེ། མཐའ་གཉིས་སྤངས་པའི་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར། ཞེས་ཚིག་གསལ་ལས་སོ། །གཉིས་པ་ནི། གལ་ཏེ་སྣང་རུང་གི་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་མེད་ན་ནི་རྒྱུ་རྣམས་དང་རྐྱེན་དག་ཀྱང་རྐྱེན་མིན་པར་མཚུངས་པར་འགྱུར་ཏེ། རྒྱུ་རྐྱེན་མ་ཡིན་པའི་མེ་སོལ་སོགས་དང་མྱུ་གུ་མེད་པར་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཚོགས་པ་ལ་འབྲས་བུ་དངོས་སུ་སྐྱེད་པའི་ནུས་པ་མེད་ཀྱི་བརྒྱུད་ནས་བསྐྱེད་པའི་ནུས་པ་ཡོད་པ་ཡིན་ཏེ། ཚོགས་པས་ནི་རྒྱུ་དེ་ལ་ཕན་འདོགས་པར་བྱེད་ལ། ཕན་བཏགས་པའི་རྒྱུ་དེའི་རྒྱུའི་ནུས་པ་འབྲས་བུ་ལ་བྱིན་ནས་འགག་པར་འགྱུར་ཅིང་འབྲས་བུ་དངོས་སུ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཞེ་ན། གལ་ཏེ་རྒྱུས་ནི་འབྲས་བུ་ལ་རྒྱུའི་ནུས་པ་བྱིན་ནས་ནི་འགག་པར་འགྱུར་བ་འདོད་ན་ནི་མི་རིགས་ཏེ། གང་བྱིན་པའི་རྒྱུའི་ཆ་རྟག་པར་གནས་པ་གཅིག་དང་གང་འགགས་པའི་རྒྱུའི་ཆ་མི་རྟག་པ་གཅིག་སྟེ་བདག་ཉིད་གཉིས་སུ་འགྱུར་བའི་ཕྱིར། ཉེས་པ་དེ་སྤང་བར་འདོད་ནས། གལ་ཏེ་རྒྱུས་ནི་འབྲས་བུ་ལ་རྒྱུའི་ནུས་པ་མ་བྱིན་པར་འགག་པར་འགྱུར་ན། རྒྱུ་འགགས་ནས་ནི་སྐྱེས་པའི་འབྲས་བུ་དེ་དག་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། དངོས་ཀྱི་རྒྱུ་ལས་སྐྱེ་བ་མེད་པའི་ཕྱིར་རམ། རྒྱུའི་ནུས་པ་འཇུག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འབྲས་བུ་སྔ་རོལ་གྱི་རྒྱུ་ལས་སྐྱེ་བར་ཁས་བླངས་ན་ཉེས་པ་དེར་འགྱུར་ཡང༌། ལྷན་ཅིག་པའི་རྐྱེན་གྱི་ཚོགས་པ་ལས་འབྲས་བུ་སྐྱེ་བ་ཡིན་ཏེ། དཔེར་ན་སྒྲོན་མས་འོད་སྐྱེད་པ་བཞིན་ནོ་ཞེ་ན། གལ་ཏེ་རྒྱུ་རྐྱེན་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་ན་སྐྱེད་པར་བྱེད་དང་བསྐྱེད་བྱར་འདོད་པ་གང་ཡིན་པ་དེ་ཆོས་ཅན། བསྐྱེད་བྱ་སྐྱེད་བྱེད་དུ་མི་འཐད་པར་ཐལ། དུས་གཅིག་པར་ནི་ཐལ་བར་འགྱུར་བའི་ཕྱིར། གསུམ་པ་ནི། བྱེ་བྲག་སྨྲ་བ་ན་རེ། དངོས་པོ་རྣམས་སྔར་མ་བྱུང་བ་ལས་སྐྱེ་བ་ནི་མེད་དེ། རྫས་སྔར་གནས་པ་རྒྱུ་རྐྱེན་གྱིས་ད་ལྟར་གྱི་སང་འདྲེན་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་ཚོགས་པའི་སྔ་རོལ་དུ་འབྲས་བུ་སྐྱེས་པར་གྱུར་ན་ནི་རྒྱུ་དང་རྐྱེན་རྣམས་ལ་ལྟོས་པ་མེད་པའི་སྔ་རོལ་གྱི་འབྲས་བུ་དེ་ཆོས་ཅན། རྒྱུ་མེད་པར་འབྱུང་བར་འགྱུར་ཏེ། རང་གི་རྒྱུ་རྐྱེན་གྱི་སྔར་གྲུབ་པའི་ཕྱིར། གཉིས་པ་ལ། རྒྱུ་ངོ་བོ་གཅིག་པའི་ཕྱོགས་ལ་རྒྱུས་འབྲས་བུ་སྐྱེད་པ་དགག རྒྱུ་ངོ་བོ་ཐ་དད་པའི་རྒྱུས་འབྲས་བུ་སྐྱེད་པ་དགག་པའོ། །དང་པོ་ནི། གལ་ཏེ་འབྲས་བུ་ནི་རྒྱུ་ཉིད་ལས་སྐྱེ་བ་ཡིན་གྱི་ཚོགས་པ་ལ་མ་ཡིན་པས་སྔར་གྱི་ཉེས་པ་དེ་མི་འཇོག་ལ། བྱིན་མ་བྱིན་གྱི་ཉེས་པ་ཡང་མི་འཇུག་སྟེ། རྒྱུ་འགགས་པ་ན་འབྲས་བུ་སྐྱེ་ལ། འབྲས་བུ་དེ་ཡང་རྒྱུའི་བདག་ཉིད་དུ་གནས་པ་ཁོ་ནའོ་ཞེས་ཟེར་རོ། །གལ་ཏེ་རྒྱུའི་གནས་སྐབས་འགགས་པ་ཉིད་འབྲས་བུའི་གནས་སྐབས་སུ་འདོད་ན། དེ་ལྟ་ཡིན་པ་དེའི་ཕྱིར། རྒྱུ་ནི་གར་མཁན་ཆ་ལུགས་འཕོ་བ་བཞིན་དུ་ཀུན་ཏུ་འཕོ་བ་ཙམ་དུ་འགྱུར་གྱི་འབྲས་བུ་གསར་པ་སྐྱེད་པ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་རྒྱུ་རྟག་པར་འགྱུར་རོ། །གཞན་ཡང༌། སྔོན་སྐྱེས་པའི་རྒྱུ་ཡང་ནི་སླར་ཡང་སྐྱེ་བར་ནི་ཐལ་བར་འགྱུར་ཏེ། སྔོན་རྒྱུའི་དུས་དང་ཕྱིས་འབྲས་བུའི་དུས་གཉིས་ཀར་དུ་སྐྱེ་བའི་ཕྱིར་རོ། །གཉིས་པ་ལ། རྒྱུས་འབྲས་བུ་སྐྱེད་པའི་བྱ་བ་དགག དེ་ཁེགས་པ་ན་རྒྱུ་ཉིད་རང་བཞིན་གྱིས་གྲུབ་པ་ཡང་ཁེགས་པར་བསྟན་པའོ། །དང་པོ་ལ། རྒྱུ་ཕྱོགས་ནས་དགག འབྲས་ཕྱོགས་ནས་དགག དང་པོ་ལ། རྒྱུ་འགགས་པ་དང་གནས་པ་གང་གིས་འབྲས་བུ་སྐྱེད་པའི་ནུས་པ་དགག རྒྱུས་འབྲས་བུ་ཇི་ལྟར་སྐྱེད་པའི་ཚུལ་དགག སླར་ཡང་འབྲས་བུ་སྟོང་པ་དང་མི་སྟོང་པའི་རྒྱུ་གང་གིས་འབྲས་བུ་སྐྱེད་པའི་ནུས་པ་དགག་པའོ། །དང་པོ་ནི། གལ་ཏེ་རྒྱུས་འབྲས་བུ་སྐྱེད་ན། འབྲས་བུའི་སྔ་རོལ་ཏུ་འགགས་པའང་འགགས་པས་སྐྱེད། འབྲས་བུ་ཡང་སྐྱེས་ཟིན་པའམ་མ་སྐྱེད་བརྟག དང་པོ་ལྟར་ན། རྒྱུ་འགགས་པ་ཆོས་ཅན། འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད་དེ། ཁྱོད་ནུབ་པར་གྱུར་པ་ཡིས་སོ་སྟེ་ཞིག་ནས་མེད་པའི་ཕྱིར་དང༌། སྐྱེས་ཟིན་སླར་ཡང་སྐྱེ་མི་དགོས་པའི་ཕྱིར། གཉིས་པ་ལྟར་ན། འབྲས་བུ་དང་ནི་འབྲེལ་བའི་རྒྱུ་གནས་པས་ཀྱང་ནི་འབྲས་བུ་ཇི་ལྟར་སྐྱེད་དེ། དེ་ལྟ་ན། རྒྱུ་ནི་རྣམ་པར་མ་འགྱུར་བར་འབྲས་བུ་མཐོང་དགོས་པ་ལས་དེ་ཡང་ཁྱོད་མི་འདོད་པའི་ཕྱིར་དང༌། འབྲས་བུ་དང་འབྲེལ་ན་འབྲས་བུ་གྲུབ་ཟིན་པས་བསྐྱེད་མི་དགོས་པའི་ཕྱིར། ཅི་སྟེ་ཉེས་པ་དེ་སྤང་བར་འདོད་ནས་རྒྱུ་དུས་སུ་འབྲས་བུ་དང་མ་འབྲེལ་བའི་རྒྱུས་འབྲས་བུ་སྐྱེད་དོ་སྙམ་ན། རྒྱུས་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ། འབྲས་བུ་དང་མ་འབྲེལ་བའི་ཕྱིར། གཞན་དུ་ན་འབྲས་བུ་ཡིན་ནོ་ཅོག་སྐྱེད་པར་འགྱུར་རོ། །གཉིས་པ་ལ། རྒྱུས་འབྲས་བུ་མཐོང་བའམ་མ་མཐོང་བར་འབྲས་བུ་སྐྱེད་པ་དགག རྒྱུས་འབྲས་བུ་དང་འཕྲད་པའམ་མ་ཕྲད་པར་འབྲས་བུ་བསྐྱེད་པ་དགག དང་པོ་ནི། གལ་ཏེ་རྒྱུས་འབྲས་བུ་སྐྱེད་ན། རྒྱུས་འབྲས་བུ་མཐོང་ནས་སམ་མ་མཐོང་བར་སྐྱེད་པ་གང་ཡིན། དང་པོ་ལྟར་ཡང་མི་བྱེད་དོ་སྟེ། མཐོང་ནས་གྲུབ་ཟིན་པས་སླར་ཡང་སྐྱེ་བ་དགོས་པ་མེད་པའི་ཕྱིར། གཉིས་པ་ལྟར་ཡང་མི་བྱེད་དོ་སྟེ། འབྲས་བུ་ཡིན་ནོ་ཅོག་ཐམས་ཅད་སྐྱེད་པར་ཐལ་བའི་ཕྱིར་རོ། །ཚིག་གསལ་དུ། སྐྱེས་བུ་འགྲོ་བའི་རྒྱུར་སྨྲ་བ་དང༌། གཅེར་བུ་པ་ས་བོན་ལ་སོགས་སེམས་ཅན་དུ་འདོད་པ་ལ་ཐལ་བ་འདི་འཇུག་པར་བཤད་ཅིང༌། ཤེས་རབ་སྒྲོན་མར། མིག་ལ་སོགས་པས་རྣམ་པར་ཤེས་པ་བསྐྱེད་ན། དེའི་ཡུལ་གཟུགས་ལ་སོགས་པ་མཐོང་ནས་སྐྱེད་དམ་མ་མཐོང་བར་སྐྱེད་ཅེས་བརྟག་པར་མཛད་དོ། །གཉིས་པ་ནི། རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན། རྒྱུ་འབྲས་ཕན་ཚུན་ཚོགས་ནས་ཕྲད་དགོས་ཏེ། སྣང་མུན་དང་འཁོར་འདས་སོགས་མ་ཕྲད་པ་རྣམས་ལ་རང་བཞིན་གྱིས་བསྐྱེད་བྱ་སྐྱེད་བྱེད་མེད་པ་བཞིན་ནོ། །ཕྲད་པ་ཡང་རིགས་པས་བརྟགས་ན་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། འབྲས་བུ་འདས་པ་ཆོས་ཅན། རྒྱུ་འདས་པ་དང༌། མ་སྐྱེ་བ་མ་འོངས་པ་དང༌། སྐྱེས་པ་ད་ལྟ་བ་དང༌། ལྷན་ཅིག་འཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ་སྟེ། རྟགས་རིམ་པ་བཞིན་གཉིས་ཀ་ཞིག་པར་མཚུངས་པས་ཞིག་པའི་དུས་ན་ཡོད་པ་མ་ཡིན་པའི་ཕྱིར་དང༌། གཉིས་ཀ་མ་སྐྱེས་པའི་དུས་ནའང་གཉིས་ཀ་མེད་པའི་ཕྱིར་དང༌། དུས་ཐ་དད་པའི་ཕྱིར་རོ། །ཡང་འབྲས་བུ་སྐྱེས་པ་ནི་ཆོས་ཅན། རྒྱུ་མ་སྐྱེས་པ་མ་འོངས་པ་དང༌། རྒྱུ་འདས་པ་དང༌། རྒྱུ་སྐྱེས་པ་ད་ལྟར་བ་དང༌། ལྷན་ཅིག་འཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ་སྟེ། རྟགས་རིམ་པ་བཞིན་རྒྱུ་མ་འོངས་པ་དང༌། འདས་པ་དང༌། དུས་ཐ་དད་པའི་ཕྱིར་དང༌། རྒྱུ་དང་འབྲས་བུ་དུས་གཅིག་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་འབྲས་བུ་མ་སྐྱེས་པ་ཆོས་ཅན། རྒྱུ་སྐྱེས་པ་ད་ལྟར་བ་དང༌། རྒྱུ་མ་སྐྱེས་པ་མ་འོངས་པ་དང༌། འདས་པ་དང༌། ལྷན་ཅིག་ཕྲད་པར་གྱུར་པ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ་སྟེ། རྟགས་རིམ་པ་བཞིན་རྒྱུ་ད་ལྟར་བ་དང༌། འདས་པ་དང༌། དུས་ཐ་དད་པའི་ཕྱིར་དང༌། མ་འོངས་པའི་དུས་སུ་ནི་རྒྱུ་འབྲས་གཉིས་ཀ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མདོར་ན་རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ། ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར། ཕྲད་པ་ཡོད་པ་མིན་ན་ཡང་རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ། ལྷན་ཅིག་པ་ལ་སྐྱེད་པ་དོན་མེད་པའི་ཕྱིར་དང༌། ལྷན་ཅིག་མ་ཡིན་ན་ཕྲད་པར་འགལ་བའི་ཕྱིར་རོ། །ངག་དོན་ནི། རྒྱུ་འབྲས་ཕྲད་ནས་སྐྱེ་ན་དོན་མེད། མ་ཕྲད་ན།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*