དོན་དམ་པར་བསྟོད་པའི་འགྲེལ་པ་ཟབ་དོན་རབ་ཏུ་གསལ་བ།

༄༅། །དོན་དམ་པར་བསྟོད་པའི་འགྲེལ་པ་ཟབ་དོན་རབ་ཏུ་གསལ་བ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཉེར་ཞི་རབ་ཏུ་ཞི་བའི་སྐུ། །ཆོས་ཀྱི་སྐུ་ལས་གཡོ་བ་མེད་ཀྱང་དེ། །གཟུགས་སྐུའི་དཀྱིལ་འཁོར་དཔག་མེད་རབ་གསལ་བ། །མཐའ་ཡས་གདུལ་བྱ་སྨིན་པར་མཛད་ལ་འདུད། །ཐུབ་པ་མཆོག་གི་གསུང་རབ་དུ་མ་ལས། །བླ་མེད་ཐེག་པ་སྟོན་པར་ལུང་བསྟན་པ། །མཆོག་ཏུ་ཟབ་པར་སྟོན་མཛད་ཀླུ་སྒྲུབ་ལ། །རབ་དུ་དང་བའི་བློ་ཡིས་བསྟོད་པར་བགྱི། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །དོན་བཞིན་སྟོན་པ་ཀླུ་སྒྲུབ་སྙིང་པོ་ཡིས། །ལེགས་པར་གསུངས་པ་དོན་དམ་བདེན་པ་འདི། །རྣམ་པར་བཤད་པའི་ཚིག་དོན་དབྱེ་བར་བྱ། །ཐོག་མར་མཚན་བསྒྱུར་ཅིང་བཤད་པ་ནི། རྒྱ་གར་སྐད་དུ་པ་ར་མཱརྠསྟ་བ་ཞེས་བྱ་བ་ནི། བོད་སྐད་དུ། དོན་དམ་པར་བསྟོད་པ་ཞེས་པའོ། །དོན་དམ་པ་ཞེས་པ་ནི། དོན་ཡང་ཡིན་དམ་པ་ཡང་ཡིན་པས་དོན་དམ་མོ། །ཡང་དམ་པ་ནི་ཡེ་ཤེས་ཡིན་ལ། དེའི་ཡུལ་ཡིན་པས་དམ་པའི་དོན་ཞེས་བྱའོ། །ཡང་ན་དོན་དམ་ནི་རིགས་པ་ཡིན་ལ། དེའི་ཡུལ་ཡིན་པས་དམ་པའི་དོན་ནོ། །བདེན་གཉིས་ལས། བསླུ་བ་མེད་པའི་རིག་པ་དེ། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་སོ། །ཡང་དོན་དུ་གཉེར་བྱ་རྣམས་ཀྱིས་མཆོག་པའི་ཕྱིར། མྱ་ངན་ལས་འདས་པའི་ལམ་ལ་དོན་དམ་ཞེས་བྱའོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དོན་དམ་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ལོ་ཙཱ་བས་བཀོད་པའི་མཆོད་བརྗོད་དོ། །དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་བར་བསམ་པ་ནི། དང་པོར་སྐྱེ་བའང་མེད། བར་དུ་གནས་པའང་མེད། ཐ་མར་འཇིག་པའང་མེད། འཇིག་རྟེན་པའི་དཔེ་དང་མཚུངས་པ་མེད་པས། དཔེ་ལས་ཤིན་ཏུ་འདས་པ་ཞེས་བྱའོ། །མཚན་མར་འཛིན་པའི་རྟོག་པས་གཟུང་དུ་མེད་པའི་ཕྱིར། དེས་ཀུན་ནས་བསླངས་པའི་གང་ཟག་གིས་བརྗོད་དུ་མེད་པའི་ཕྱིར། མགོན་ཁྱོད་གང་གི་ཇི་ལྟར་བསྟོད་པར་བགྱི་སྟེ་བསྟོད་པར་མི་ནུས་སོ། །འདིས་དོན་དམ་སྨྲ་བསམ་བརྗོད་མེད་དུ་བསྟན་ནོ། །དོན་དམ་བརྗོད་མེད་དེ་ལྟར་ཡིན་ནའང༌། དེ་བཞིན་ཉིད་ཀྱི་དོན་གང་དང་འདྲ་བས་དོན་དམ་རྟོགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་འཇིག་རྟེན་གྱི་རྟོག་པས་ཐ་སྙད་ལ་བཏགས་པ་སྟེ། ཐ་སྙད་ལ་གནས་ནས་བདག་གིས་གུས་པ་ཆེན་པོས་བསྟོད་པར་བགྱི། ཡང་ན་ཡེ་ཤེས་ཀྱིས་སྤྱོད་ཡུལ་དེ་བཞིན་ཉིད་ཀྱིས་དོན་གང་དང་འདྲ་བ་ལས། འཇིག་རྟེན་གྱིས་བཏགས་པའི་ཐ་སྙད་ལ་གནས་ནས། གུས་པ་ཆེན་པོས་བདག་གིས་བསྟོད། །ཅེས་བྱའོ། །དངོས་པོའི་སྤྲོས་པ་མི་མངའ་བར་བསྟན་པ་ནི། མགོན་པོ་ཁྱོད་ལ་སྐྱེ་བའི་འཇིགས་པ་ཡོངས་སུ་མི་མངའ་སྟེ། སྐྱེ་བ་མེད་པའི་ངོ་བོ་ཡིན་པ་ཉིད་ཀྱིས་སོ། །མགོན་པོ་ཁྱོད་ལ་གཤེགས་པ་དང་བྱོན་པ་མི་མངའ་སྟེ། དངོས་པོའི་མཚན་མ་མི་མངའ་བས་སོ། །དེས་ན་དངོས་པོ་མི་མངའ་ལ་ཕྱག་འདུད། །ཅེས་སོ། །དངོས་པོ་དང་དངོས་མེད་གཉིས་ཀྱི་སྤྲོས་པ་མི་མངའ་བའི་སྒོ་ནས་བསྟོད་པ་ནི། དངོས་པོའང་མ་ལགས། དངོས་མེད་ཀྱང་མ་ལགས། ཟུང་བཀག་པ་དང་པོའོ། །ཆད་པ་མ་ལགས་རྟག་མ་ལགས་ཞེས་པ་ནི། ཟུང་གཉིས་པ་བཀག་པའོ། །མི་རྟག་མ་ལགས་རྟག་མ་ལགས་ཞེས་པ་ནི། ཟུང་བཀག་པ་གསུམ་པའོ། །གཉིས་ཚན་གསུམ་བཀག་པས། གཉིས་མི་མངའ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །ཁ་དོག་གི་སྤྲོས་པ་མི་དམིགས་པར་བསྟན་པ་ནི། དམར་དང་ལྗང་དང་བཙོད་མདོག་མིན། །སེར་དང་ནག་དང་དཀར་མ་ལགས། །ཁྱོད་ལ་ཁ་དོག་ཡོངས་མི་དམིགས། །མདོག་མི་མངའ་ལ་ཕྱག་འཚལ་འདུད། །ཅེས་པའོ། །ཚད་མི་མངའ་བའི་སྒོ་ནས་བསྟོད་པ་ནི། ཆེན་པོ་མ་ལགས་ཆུང་མ་ལགས། །རིང་དང་ཟླུམ་པོ་མ་ལགས་ལ། །ཚད་མེད་པ་ཡི་དངོས་བརྙེས་པ། །ཚད་མི་མངའ་ལ་ཕྱག་འཚལ་འདུད། །ཅེས་པའོ། །གང་ལའང་གནས་པ་མི་མངའ་བའི་སྒོ་ནས་བསྟོད་པ་ལ། ཉེ་རིང་མེད་པར་བསྟན་པ་ནི། །རིང་མིན་ཉེ་བ་མ་ལགས་པ། །ཞེས་སོ། །ནམ་མཁའ་དང་ས་གཞིའི་སྤྲོས་པ་མེད་པར་བསྟན་པ་ནི། ནམ་མཁའ་མ་ལགས་ས་མ་ལགས། །ཞེས་པའོ། །འཁོར་འདས་ཀྱི་སྤྲོས་པ་མེད་པར་བསྟན་པ་ནི། འཁོར་མིན་མྱ་ངན་འདས་མ་ལགས། །ཞེས་པའོ། །གང་ལ་དམིགས་པའི་ཚུལ་གྱི་གནས་པ་མི་མངའ་བ་ལ་ཕྱག་འཚལ་འདུད། །ཅེས་པའོ། །ཟབ་པར་བསྟན་པ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ཀུན་ལ་མི་གནས་ཏེ། གནས་པ་པོར་མ་དམིགས་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་དངོས་པོའི་ངོ་བོར་གྱུར་ཅིང༌། མཆོག་ཏུ་ཟབ་པ་ཉིད་ཀྱིས་ཆོས་དང་ལྡན་པས་ཟབ་པ་ཉིད་དུ་བརྙེས་པས། ཟབ་མོ་དོན་དམ་པ་ཁྱོད་ལ་ཕྱག་འཚལ་བསྟོད་དོ། །ཟབ་པའི་ཚུལ་གྱིས་དེ་ལྟའི་བསྟོད་པ་ཁྱོད་ལ་བསྟོད་པར་བགྱིའམ། དོན་དམ་པར་ནི་འདིར་ནི་ཅི་ཞིག་བསྟོད་དེ། བསྟོད་པར་བྱར་མེད་དོ། །ཡུལ་གང་ལ་གང་གིས་བསྟོད་པར་བྱར་མེད་དེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར། དོན་དམ་པར་ནི་སྤྲོས་བྲལ་ཡིན་པས་ཆོས་གང་གི་སྒོ་ནས་བསྟོད་པར་མི་ནུས་ཞེས་བསྟན་པ་ནི། དང་པོར་སྐྱེ་བ་དང༌། བར་དུ་གནས་པ་དང༌། ཐ་མར་འཛིན་པ་རྣམས་སྤངས་ཤིང༌། དོན་དམ་གང་ལ་མཐའ་དང་དབུས་མེད་པའི་ཕྱིར་དང༌། གཟུང་བ་དང་འཛིན་པ་མི་མངའ་བའི་ཕྱིར། འཇིག་རྟེན་འདིར་ནི་ཁྱོད་ལ་ཡོན་ཏན་གང་གི་སྒོ་ནས་བསྟོད་ནུས་པ་གང་ཡང་མེད་དེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར། ཡང་སྤྲོས་པ་དང་བྲལ་བའི་སྒོ་ནས་བསྟོད་པ་ནི། རིང་དུ་གཤེགས་པ་དང་འབྱོན་པ་མི་མངའ་ཞིང༌། འགྲོ་བའི་སྤྲོས་པའང་སྤངས་པ། །བདེ་བར་གཤེགས་པ་ལ་བསྟོད་པས། དགེ་བ་གང་ཐོབ་དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས། བདེ་གཤེགས་ཉིད་ཀྱི་གནས་སུ་འགྲོ་བར་ཤོག །ཅེས་པ་ནི་བསྔོ་བའོ། །དོན་དམ་པའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སློབ་དཔོན་ཀླུ་སྒྲུབ་ཞལ་ནས་ལེགས་འོངས་པའི། །ཆོས་ཀྱི་སྙིང་པོ་དོན་དམ་བསྟོད་པ་འདི། །ཚིག་དོན་རྣམ་འགྲེལ་ལེགས་པར་བཤད་པ་ལས། །དགེ་བ་གང་ཐོབ་བྱང་ཆུབ་མཆོག་ཏུ་བསྔོ། །སྔོན་ཆད་བོད་འདིར་འདི་ཡི་འགྲེལ་པ་དག །ཅུང་ཟད་ཙམ་ཡང་བྱས་པར་མ་མཐོང་པས། །ཁོ་བོས་འབད་ནས་ཅུང་ཞིག་བྱས་པ་འདི། །སྔོན་ནས་མེད་པའི་ལེགས་བཤད་དམ་པ་ཡིན། །ཞེས་དོན་དམ་པའི་བསྟོད་པའི་འགྲེལ་པ་ཟབ་དོན་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་རབ་བྱུང་གི་ལོ་ལ་སྦྱར་བའོ། །མངྒལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*