ཚད་མ་སྨྲ་བའི་དོན་འགྲེལ།

༄༅། །ཚད་མ་སྨྲ་བའི་དོན་འགྲེལ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དབང་པོ་ཉེར་ཞི་ཞི་བའི་ལམ་སྟོན་ཅིང༌། །ཀུན་སྦྱོར་འཆིང་བ་མ་ལུས་གཅོད་མཛད་པ། །ཐུགས་རྗེ་མེ་ཏོག་དཀར་པོ་རྒྱས་པ་ཡི། །བདེ་གཤེགས་ལམ་ལ་གུས་པས་འདུད་པར་བགྱི། །གསུང་རབ་ཀུན་གྱི་སྙིང་པོའི་དོན་བསྡུས་པ། །ལམ་གྱི་རིམ་པ་ཚང་ལ་མ་ནོར་ཞིང༌། །རྒྱལ་སྲས་ཀུན་གྱི་འཇུག་ཡུལ་རྨད་བྱུང་བ། །རྣམ་པར་ཕྱེ་སྟེ་རབ་ཏུ་བཤད་པར་བྱ། །དེ་ལ་འདིར་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་བསྡུས་པ་བཀའ་འཁོར་ལོ་བཞི་ཡི་དོན་བཤད་པར་བྱའོ། འཁོར་ལོ་བཞི་གང་ཞེ་ན། ལྟ་བ་ཡས་ཕུབ། སྤྱོད་པ་མས་འཛེག གཞི་སྙིང་རྗེ་ཆེན་པོ། ཐབས་ཕ་རོལ་དུ་ཕྱིན་པ་བཅུའོ། །དང་པོ་ནི། ཐེག་པ་དམན་པའི་ལྟ་བ་ལས་འདས་པ། ལྟ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པའི་དབུ་མའི་ལྟ་བ་དགོས་པར་བསྟན་ནོ། །དེ་ཡང་སྟོང་པ་ཉིད་སྟོན་པའི་མདོ་མཐའ་དག་དང༌། བྱེ་བྲག་ཏུ་སྟོང་ཉིད་བཅོ་བརྒྱད་བསྟན་པ་ལས་ཤེས་པར་བྱའོ། །སྤྱོད་པ་མས་འཛེག་ཅེས་པ་ནི། མི་དགེ་བ་བཅུ་སྤོང་ཞིང༌། དགེ་བ་བཅུ་བསྒྲུབ་པ་ལ་བྱ་སྟེ། སྲོག་གཅོད་སྤོང་བ་དང༌། མ་བྱིན་ལེན་སྤོང་བ་དང༌། མི་ཚངས་སྤྱོད་སྤོང་བས་ནི་ལུས་འདུལ་བར་བྱེད་དོ། །རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་སྤོང་བས་ནི་ངག་འདུལ་བར་བྱེད་དོ། །རྣབ་སེམས་དང༌། གནོད་སེམས་དང༌། ལོག་ལྟ་སྤོང་བས་ནི་ཡིད་འདུལ་བར་བྱེད་དོ། །གང་ཟག་གཅིག་ལ་ལུས་ངག་ཡིད་གསུམ་ལས་མེད་ལ། དེ་ནི་འདི་དག་གིས་འདུལ་བར་བྱེད་པས། འདུལ་བའི་གནད་ཀུན་ཏུ་འདུས་སོ། །མི་དགེ་བ་བཅུའི་གཉེན་པོ་ནི། དགེ་བ་བཅུས་བྱེད་དོ། གཞི་སྙིང་རྗེ་ཆེན་པོ་ནི། སྙིང་རྗེ་ཙམ་ནི་ཐེག་དམན་ལའང་ཡོད་ལ། འདིར་ནི་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་སྟེ། སྙིང་རྗེ་ཆེན་པོ་དགོས་པར་བསྟན་ནོ། །ལྟ་བ་ཡས་ཕུབ་ཅེས་པ་དང༌། གཞི་སྙིང་རྗེ་ཆེན་པོ་ཞེས་པས་ནི། ཉམས་ལེན་གྱི་གནད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འདུས་པར་བསྟན་ནོ། །ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་པ་ལ། ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ས་བཅུ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཏེ། ཐེག་པ་ཆེན་པོའི་ཆོས་མཐའ་དག་འདིར་འདུས་སོ། །ལྟ་བ་དང༌། སྒོམ་པ་དང༌། སྤྱོད་པ་གསུམ་ཀའང་འདིར་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྟ་བ་ཡིན་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཀྱི་བསླབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་བསླབ་པ་བསྡུས་སོ། །ཐབས་དང་ཤེས་རབ་གཉིས་ཀྱང་འདིར་འདུ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ནི་ཐབས་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཚོགས་གཉིས་ཀྱང་འདིར་འདུ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་ཡིན་པའི་ཕྱིར་དང༌། བརྩོན་འགྲུས་ནི་གཉིས་ཀར་བསྡུས་སོ། །ཞི་གནས་དང་ལྷག་མཐོང་ཡང་འདིར་འདུ་སྟེ། བསམ་གཏན་གྱིས་ཞི་གནས་དང༌། ཤེས་རབ་ཀྱིས་ལྷག་མཐོང་བསྡུས་པས་སོ། །སྦྱིན་སོགས་རེ་རེ་ནས་ཉམས་སུ་ལེན་པའི་ཆ་ནི་ཐབས་ཡིན་ལ། སྦྱིན་སོགས་རེ་རེའང་འཁོར་གསུམ་མི་དམིགས་པའི་སྒོ་ནས་ཉམས་སུ་ལེན་པ་ནི་ཤེས་རབ་ཡིན་ནོ། །ཡང་ཞི་གནས་དང་ལྷག་མཐོང་བྱེ་བྲག་ཏུ་བཤད་པ་ལ། ཞི་གནས་ནི་བསམ་གཏན་བཞི་དང༌། གཟུགས་མེད་བཞི། འགོག་པའི་སྙོམས་འཇུག རྣམ་པར་ཐར་པ་བརྒྱད། ཐར་གནས་ཀྱི་སྙོམས་འཇུག་དགུ་རྣམས་ཀྱིས་བསྡུས་སོ། །ལྷག་མཐོང་ནི་བདག་མེད་གཉིས་དང༌། རྣམ་ཐར་སྒོ་གསུམ་དང༌། སྟོང་ཉིད་བཅོ་བརྒྱད་རྟོགས་པའི་ཤེས་རབ་ཀྱི་ཆ་རྣམས་སོ། །དེ་ཡང་ཆོས་ཅན་རེ་རེ་ནས་སྒྲོ་འདོགས་གཅོད་དགོས་པའི་ཆ་ནས་དབྱེ་བ་ཡིན་གྱི། སྐབས་དོན་ཉེ་བར་བསྡུས་ན་བཞིར་འདུ་སྟེ། ཕྱི་སྟོང་པ་ཉིད་དང༌། ནང་སྟོང་པ་ཉིད་དང༌། གཉིས་ཀ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དོ། །དང་པོ་གསུམ་ནི་ཆོས་ཅན་ལ་བདེན་འཛིན་གཅོད་པའི་དོན་དུ་བསྟན་ལ། སྟོང་པ་ཉིད་སྟོང་པ་ཉིད་ནི། ཆོས་ཉིད་ལ་བདེན་འཛིན་གཅོད་པའི་དོན་དུ་ཡིན་ནོ། །ཆོས་ཅན་དང་ཆོས་ཉིད་དུ་མ་འདུས་པའི་ཆོས་གཞན་མེད་པས་དེ་གཉིས་སྟོང་པ་ཉིད་དུ་བསྟན་པ་ན། བདག་མེད་མཐའ་དག་རྟོགས་པས་ལྷག་མཐོང་གི་དོན་ཡོངས་སུ་རྫོགས་པར་འགྲུབ་བོ། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དང༌། སྣང་བཞིན་དུ་སྟོང༌། སྟོང་བཞིན་དུ་སྣང་ཞེས་པས་བདེན་གཉིས་དབྱེར་མེད་དུ་རྟོགས་དགོས་པར་བསྟན་ཅིང༌། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་པས་ནི། སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་གཉིས་བསལ་ཞིང༌། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པས། སྣང་སྟོང་དབྱེར་མེད་དུ་རྟོགས་པར་བྱ་དགོས་པར་བསྟན་ནོ། །ཕུལ་དུ་བྱུང་བའི་བློ་གྲོས་རབ་བརྙེས་ནས། །གསུང་རབ་ཀུན་གྱི་སྙིང་པོ་མན་ངག་ཏུ། །ལེགས་པར་བསྡུས་ནས་བཤད་པའི་དགེ་བ་དེས། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་ཚད་མ་སྨྲ་བའི་དོན་འགྲེལ་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་ནས་ཉམས་སུ་ལེན་པའི་མན་ངག་ཅེས་བྱ་བ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲ་ཞེས་བྱ་བའི་དགོན་པར་རབ་བྱུང་གི་ལོ་ས་གའི་ཟླ་བ་ལ་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*