གྲུབ་ཆེན་ནག་པོ་པས་མཛད་པའི་དབུ་མ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་སྒོམ་པའི་རིམ་པ།

༄༅། །གྲུབ་ཆེན་ནག་པོ་པས་མཛད་པའི་དབུ་མ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་སྒོམ་པའི་རིམ་པ། ཞི་གནས་དང་ལྷག་མཐོང་དང་སྤྱོད་པའི་ཆ་རྣམས་བསྡུས་ཏེ་གསལ་བར་སྟོན་པ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དབང་པོ་ཉེ་བར་ཞི་བའི་ཐབས་ལ་མཁས། །མི་འཇིགས་བཞི་ཡི་དཔུང་ཚོགས་རབ་བརྙེས་ནས། །བདུད་ཀྱི་དཔུང་ཚོགས་རབ་ཏུ་འཇོམས་མཛད་པ། །རྒྱལ་བའི་དབང་པོ་མཆོག་ལ་ཕྱག་འཚལ་ལོ། །ཟབ་ཅིང་དྲི་མ་མེད་པའི་བློ་མངའ་བས། །སྐལ་ལྡན་གདུལ་བྱ་གྲངས་མེད་མཐའ་ཡས་ལ། །རྟེན་འབྲེལ་ཟབ་མོའི་ལམ་མཆོག་སྟོན་མཛད་པ། །གྲུབ་ཆེན་ནག་པོ་པ་ལ་ཕྱག་འཚལ་ལོ། །འདིར་དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་དོན་བསྡུས་ཏེ་བཤད་པ་ལ་ཐོག་མར་རྩོམ་པར་དམ་བཅའ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །དོན་ནི་བདག་གིས་བཤད་པར་བྱ། །ཞེས་པ་སྟེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་འབྲེལ་ཟབ་མོའི་སྒོ་ནས་དབུ་མའི་དོན་སྟོན་པ་གཙོ་བོར་མཛད་པའི་རྗེས་སུ་འབྲངས་ནས་རྟེན་འབྲེལ་ཟབ་མོའི་དོན་བདག་གིས་བཤད་པར་བྱའོ། །ཞེས་པའི་དོན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་གཏན་ཚིགས་ཀྱིས་བདེན་པའི་དངོས་པོ་མེད་པར་སྟོན་པ་ནི། ཕྱི་ནང་གི་སྣང་བའི་དངོས་པོ་ཐམས་ཅད་ནི་རང་བཞིན་དང་ངོ་བོ་ཉིད་ཀྱིས་སྟོང་པར་རིག་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ཇི་ལྟ་བ་བཞིན་ཡིན་ནོ། །འདི་དག་གི་དོན་ལེགས་པར་བཤད་པ་ནི། སོ་སོ་སྐྱེ་བོ་ཕྱི་ནང་གི་དངོས་པོ་ལ་བདེན་པར་འཛིན་པ་ཡིན་པས། བདེན་འཛིན་དེ་བཟློག་པའི་ཕྱིར་དུ་ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན་དུ་བཟུང་ནས། དེ་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱའོ། །དེའི་དོན་ནི། ངོ་བོ་ཉིད་ནི་གཞན་གྱིས་མ་བཅོས་པ། གཞན་ལ་ལྟོས་པ་མེད་པར་རང་རྐྱ་ཐུབ་པའི་ཚུལ་གྱིས་གནས་པ། ཆོས་གཞན་གྱི་དབང་གིས་གནས་སྐབས་གཞན་དུ་འགྱུར་དུ་མེད་པར་གནས་པ་ཞིག་ལ་ཟེར་བ་ཡིན་ཏེ། རྩ་བ་ཤེས་རབ་ལས། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པ་དང༌། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པ་སྟེ། དོན་གསུམ་པོ་འདི་དང་ལྡན་པ་ཞིག་ལ་རང་བཞིན་ཞེས་འཇིག་རྟེན་ན་མཐུན་པར་གྲགས་པ་དང༌། མཐུན་པར་བརྗོད་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་གཏན་ཚིགས་འདི་ནི། རྟག་ཆད་གཉིས་ཀའི་གཉེན་པོ་བྱེད་པས་འདི་ལས་དབུ་མའི་དོན་རྟོགས་པར་འགྱུར་རོ། །རྟག་ཆད་ཀྱི་གཉེན་པོ་བྱེད་ཚུལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྣང་ཆ་ནས་ཆད་པའི་མཐའ་སྤོང་ལ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆ་ནས་རྟག་པའི་སྐྱོན་སྤོང་ངོ༌། །རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པ་འགལ་བའི་ཕྱིར། གཏན་ཚིགས་འགལ་བའི་སྐྱོན་མེད་དོ། །ངོ་བོ་ཉིད་ཀྱིས་གྲུབ་པར་མངོན་སུམ་གྱིས་མཐོང་ངོ་སྙམ་ན། ཐོག་མ་མེད་པ་ནས་གོམས་པའི་བདེན་འཛིན་གྱི་བག་ཆགས་ཀྱི་དབང་གིས་བདེན་པར་སྣང་བ་ཙམ་ཡིན་གྱི། བདེན་པར་གྲུབ་པ་མེད་དོ། །རྩ་བ་ཤེས་རབ་ལས། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་སོ། །རྟེན་འབྲེལ་གྱི་རྟགས་ཀྱིས་རྟག་ཆད་ཀྱི་སྐྱོན་ཇི་ལྟར་སྤོང་ཞེ་ན། རྟེན་འབྲེལ་རྟོགས་པ་ལས། ངོ་བོ་ཉིད་ཀྱིས་མ་གྲུབ་པར་ཁོང་དུ་ཆུད་ལ། དངོས་པོ་རང་བཞིན་གྱིས་མ་གྲུབ་པར་ཁས་བླངས་ན་རྟག་ཆད་ཀྱི་སྐྱོན་འབྱུང་སྟེ། རྩ་ཤེས་ལས། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་སོ། །དཔེ་དོན་སྦྱར་བའི་ཚུལ་ནི། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་དེ། རྟ་གླང་ཇི་ལྟ་བ་བཞིན་དུ་སྣང་ཡང༌། རྟ་གླང་གི་ངོ་བོར་ཅུང་ཟད་ཀྱང་མེད་དོ། །དཔེ་དེ་བཞིན་དུ་ཕྱི་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པར་སྣང་ཡང༌། སྣང་བའི་དུས་ཉིད་ནས་ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དཔེ་དོན་སྦྱར་བའི་ཚུལ་ལ་མཁས་དགོས་ཏེ། དཔེ་ལེན་མ་ཤེས་ན་དོན་ལོག་པར་འགྱུར་བའི་ཕྱིར་རོ། །ཞེས་ཇོ་བོ་རྗེས་གསུངས་སོ། །རང་བཞིན་མེད་པའི་དཔེ་གཞན་ཡང༌། ཆུ་ནང་དུ་ཟླ་བར་སྣང་བའི་དུས་དེ་ཉིད་ནས་ཟླ་བའི་ངོ་བོའམ་རང་བཞིན་ནམ། མཚན་ཉིད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པས། སྣང་ལ་རང་བཞིན་མེད་པ་ཞེས་པའི་དོན་ཡང་འདི་ཡིན་པས། གཞན་དུ་སྣང་ལ་རང་བཞིན་མེད་པ་ཞེས་པའི་ཚིག་བརྗོད་པ་ཙམ་གྱིས་དོན་ཁོང་དུ་ཆུད་པར་མི་འགྱུར་བས་དོན་ལ་སེམས་པ་ཤིན་ཏུ་གལ་ཆེའོ། །དེའི་ཕྱིར་ན་རྟེན་འབྲེལ་གྱི་གཏན་ཚིགས་འདིས་རྟག་ཆད་གཉིས་ཀའི་གཉེན་པོ་བྱེད་པའི་ཕྱིར། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་སོ། །མ་དཔྱད་པའི་ངོ་ན་སྐྱེ་བ་ཡོད་པར་སྣང་ཡང༌། རིག་པ་འདིས་རྣམ་པར་མ་དཔྱད་པ་ན་སྐྱེ་བ་མེད་པ་དེའི་ཕྱིར་ན་དོན་དམ་པར་སྐྱེ་བ་མེད་ཅེས་བྱའོ། །དོན་དམ་པར་སྐྱེ་བ་མེད་པ་དེའི་ཕྱིར་ན་སྐྱེ་བ་མེད་པའི་དོན་སེམས་ལ་བཞག་གོ །འདིས་མེད་པར་བསྟན་ནས། སྣང་བ་རང་བཞིན་མེད་པར་རྟོགས་པའི་དོན་དེ་ཉིད་རྣམ་པར་མི་རྟོག་པའི་སེམས་ཀྱིས་བསྒོམ་པར་བྱའོ། །མི་རྟོག་པའི་སེམས་ཀྱིས་བསྒོམ་ཞེས་གསུངས་པ་ནི། གྲོགས་སུ་ཞི་གནས་བསྒོམ་དགོས་ཞེས་དོན་ནོ། བསྒོམ་པའི་འབྲས་བུས་ནི། སྒྲིབ་གཉིས་སྤངས་པ་དང༌། གནས་ཚུལ་རྟོགས་པའི་ཡེ་ཤེས་མཐར་ཕྱིན་པ་འགྲུབ་བོ། །ལྷག་མཐོང་གི་སྒོམ་ཚུལ་བསྟན་ནས། ཞི་གནས་ཀྱི་སྒོམ་ཚུལ་ནི། ཐོག་མར་ཞི་གནས་ཀྱི་མི་མཐུན་ཕྱོགས་ངོས་ཟིན་པར་བྱས་ནས་སྤོང་དགོས་པའི་ཕྱིར། མི་མཐུན་ཕྱོགས་བསྟན་པ་ནི། མི་མཐུན་ཕྱོགས་ནི་རྣམ་པ་དྲུག །ཅེས་སོ། དྲུག་གང་ཞེ་ན། ཏིང་ངེ་འཛིན་ལ་འཇུག་པར་མི་འདོད་པའི་ལེ་ལོ་དང༌། ཏིང་ངེ་འཛིན་ལ་འཇུག་པར་འདོད་ཀྱང་གདམས་ངག་བརྗེད་ནས་བསྒོམ་བྱའི་དམིགས་པ་བརྗེད་པ་སྟེ། འདི་གཉིས་ཀྱིས་ཏིང་ངེ་འཛིན་གྱི་སྦྱོར་བའི་གནས་སྐབས་ལ་སྒྲིབ་བོ། །ཏིང་ངེ་འཛིན་བསྒོམས་ཀྱང་དམིགས་པ་མི་གསལ་བའི་བྱིང་བ་དང༌། དམིགས་པ་ལས་སེམས་ཕྱིར་འཕྲོ་བའི་རྒོད་པ་སྟེ། འདི་གཉིས་ཀྱིས་ཏིང་ངེ་འཛིན་གྱི་དངོས་གཞི་ལ་སྒྲིབ་བོ། །བྱིང་རྒོད་གཉིས་བྱུང་ཡང༌། དེ་སེལ་བའི་གཉེན་པོ་མི་རྩོལ་བ་དང༌། བྱིང་རྒོད་ཞི་ནས་ཏིང་ངེ་འཛིན་གསལ་བའི་གནས་སྐབས་སུ་སྔར་གྱི་ཏིང་ངེ་འཛིན་གྱི་རྒྱུན་བཅད་ནས། བྱིང་རྒོད་བྱུང་དྭོགས་པའམ། གཉེན་པོ་ལ་ཧ་ཅང་རྩོལ་བའོ། །འདི་གཉིས་ཀྱིས་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བའི་གེགས་བྱེད་དོ། །མི་མཐུན་ཕྱོགས་དེ་དག་སྤོང་བའི་གཉེན་པོ་བརྒྱད་ཡང་དང་ཡང་དུ་བསྒོམས་པར་བྱ་ཞེས་པ་སྟེ། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་བཞིས་ནི་ལེ་ལོའི་གཉེན་པོ་བྱེད་དོ། །དད་པས་ནི་ཏིང་ངེ་འཛིན་ལ་ཡིད་ཆེས་ནས་ཏིང་ངེ་འཛིན་ལ་འཇུག་པའི་རྒྱུ་བྱེད་དོ། །འདུན་པས་ནི་ཏིང་ངེ་འཛིན་ལ་སྤྲོ་བ་མྱུར་དུ་འཇུག་གོ །བརྩོན་འགྲུས་ཀྱིས་ནི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྒྱུན་སྲིང་བར་བྱེད་དོ། །ཤིན་ཏུ་སྦྱངས་པས་ནི་ཏིང་ངེ་འཛིན་ལ་བདེ་བ་ཐོབ་པས་ཕྱིར་མི་ལྡོག་པར་བྱེད་དོ། །འདི་བཞིས་ནི་ལེ་ལོའི་གཉེན་པོ་བྱེད་དོ། །ཤེས་བཞིན་གྱིས་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་བྱིང་རྒོད་བྱུང་མ་བྱུང་རྟོགས་པར་བྱེད་དོ། །སེམས་པས་ནི་གལ་ཏེ་མི་མཐུན་ཕྱོགས་བྱུང་ན་གཉེན་པོ་ལ་སེམས་ཡང་དང་ཡང་དུ་འཇུག་པར་བྱེད་དོ། །བཏང་སྙོམས་ཀྱིས་ནི། བྱིང་རྒོད་ཞི་བའི་གནས་སྐབས་ལ་སེམས་རྒྱུན་དུ་གནས་པར་བྱེད་དོ། །འདི་བཞིས་ནི། ཏིང་ངེ་འཛིན་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་བྱེད་དོ། །འདིས་ནི། དེ་སྤོང་བ་ཡི་གཉེན་པོ་བརྒྱད། །ཡང་དང་ཡང་དུ་བསྒོམ་པར་བྱ། །ཞེས་པའི་དོན་ཡིན་ནོ། །མཉམ་བཞག་ཏུ་ཞི་གནས་དང་ལྷག་མཐོང་སྒོམ་ཚུལ་བསྟན་ནས། རྗེས་ཐོབ་ཀྱི་གནས་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་སྤྱད་པས་གནས་པར་བྱའོ། །ཏིང་ངེ་འཛིན་གང་དུ་བསྒོམ་པའི་གནས་བསྟན་པ་ནི། གཡེང་བ་ཐམས་ཅད་སྤངས་ནས་ནི། །དགོན་པ་རུ་ནི་གནས་པར་བྱ། །ཞེས་སོ། །ང་རྒྱལ་ནི། རྩ་ཉོན་དྲུག་གི་གཅིག་ཡིན་པས། དེ་སྤོང་དགོས་པར་བསྟན་པ་ནི། ང་རྒྱལ་ཐམས་ཅད་སྤངས་ནས་ནི། །དམན་པའི་སེམས་དང་ལྡན་པར་བྱ། །ཞེས་པ་སྟེ། རྗེ་དམ་པ་རྒྱ་གར་གྱིས། མཆོག་ཏུ་འཛིན་པ་བྱུང་ན་བདུད་ཀྱིས་བསླུས། །ཞེས་གསུངས་པ་ལྟར་རོ། །རྣལ་འབྱོར་པས་མཐུན་རྐྱེན་གྱི་རྫས་ཇི་ལྟ་བུ་ལ་སྤྱོད་དགོས་སྙམ་ན། གཞན་ལ་ཆེ་ཆེར་མི་མཁོ་བའི་དམན་པའི་རྫས་བདག་གི་མཐུན་རྐྱེན་ལ་དགོས་པའི་དོན་དུ་བཟུང་ངོ༌། །འདི་དག་གིས་ནི་མན་ངག་གི་གནད་ཀྱི་དོན་ཚང་ལ་མ་ནོར་བར་བསྡུས་ཏེ་བསྟན་ནོ། །གསུང་རབ་ཀུན་གྱི་གནད་ཀྱི་སྙིང་པོའི་དོན། །ལེགས་པར་བསྡུས་ནས་བརྩེ་བས་བཤད་པ་འདིའི། །དགེ་བ་གང་དེས་མཐའ་ཡས་འགྲོ་བ་ཀུན། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག །ཅེས་དམ་པ་རྒྱ་གར་གྱི་སློབ་དཔོན་མཁས་གྲུབ་ཆེན་པོ་ནག་པོ་པས་མཛད་པའི་དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་འགྲེལ་པ། སྒོམ་པའི་རིམ་པ་ལེགས་པར་བཤད་པ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་རབ་བྱུང་གི་ལོ་ས་ག་ཟླ་བ་ལ་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*