མདོ་སྡེ་རྒྱན་གྱི་མན་ངག་དྲིལ་ཏེ་སྟོན་པ་ལེགས་པར་བཤད་པའི་སྒྲོན་མེ།

༄༅། །མདོ་སྡེ་རྒྱན་གྱི་མན་ངག་དྲིལ་ཏེ་སྟོན་པ་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རབ་རྫོགས་ཆོས་སྐུ་མངོན་གྱུར་ཅིང༌། །གཟུགས་སྐུའི་དཀྱིལ་འཁོར་ཕྲིན་ལས་འོད་སྟོང་འཕྲོ། །མཐའ་ཡས་འགྲོ་བ་མ་ལུས་སྨིན་མཛད་པ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་གསུང་འོད་ཉི་མའི་འོད་ཟེར་གྱིས། །མི་ཤེས་མུན་པ་རིང་དུ་སྤོངས་མཛད་ཅིང༌། །ས་གསུམ་འགྲོ་བའི་བླ་མ་མཆོག་གྱུར་པ། །མི་ཕམ་མགོན་པོ་དད་པའི་གཙུག་གིས་མཆོད། །རྒྱལ་སྲས་ཀུན་གྱི་འཇུག་ངོགས་ཆུ་གཏེར་ཆེ། །ཐེག་ཆེན་ཟབ་མོའི་ལམ་བཟང་སྟོན་མཛད་ཅིང༌། །མདོ་སྡེ་ཀུན་གྱི་སྙིང་པོའི་རྒྱན་གྱུར་པ། །ལམ་གྱི་རིམ་པ་གནད་དུ་བསྡུས་པ་བཤད། །ཐོག་མར་ཐེག་ཆེན་བཀའ་སྒྲུབ་བསྟན་པས། ཐེག་ཆེན་གྱི་དོན་ལ་སྒྲོ་འདོགས་སྐུར་འདེབས་བསལ་ཏེ། ཐེག་པ་ཆེན་པོའི་དོན་ལ་མོས་པ་བསྐྱེད་པར་བྱེད་དོ། །ཐེག་ཆེན་ལ་མོས་པ་བསྐྱེད་པ་ལ་བརྟེན་ནས་ཐེག་ཆེན་གྱི་ཆོས་འཚོལ་བར་བྱེད། དེ་ནས་ཐེག་ཆེན་གྱི་ཆོས་བཤད་པ་ལ་འཇུག་པར་བྱེད་དོ། །དེ་ནས་བཤད་པའི་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ལམ་སྒྲུབ་པར་བྱེད་དོ། །ཆོས་བཤད་པའང་གདམས་ངག་དང་རྗེས་སུ་བསྟན་པའི་སྒོ་ནས་བསྟན་དགོས་པས། ཆོས་ལ་མོས་པ་ནས་གདམ་ངག་གི་བར་དུ་ལེགས་པར་བསྟན་པ་ནི། ལམ་ཉམས་སུ་ལེན་པའི་རིམ་པ་ཞིག་བསྟན་ནོ། །ཡང་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པས་སྐྱབས་འགྲོའི་ལེའུ་བསྟན་ནོ། །སྐྱབས་འགྲོས་ཐེག་ཆེན་གྱི་རིགས་སད་པ་དང༌། དེ་ལ་བརྟེན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འབྱུང་བས་རིགས་དང་སེམས་བསྐྱེད་ཀྱི་ལེའུ་བསྟན་ནོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལྟར་བསྒྲུབ་དགོས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་སྒྲུབ་པ་བསྟན་ནོ། །དེ་ཡང་ཡུལ་དེ་ཁོ་ན་ཉིད་ལ་དམིགས་ནས་བསྒྲུབ་དགོས་པས། ཡུལ་དེ་ཁོ་ན་ཉིད་དང་ཡུལ་ཅན་སྒྲུབ་པ་གཉིས་བསྟན་ནོ། །བསྒྲུབ་པ་བྱས་པ་ལ་བརྟེན་ནས། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་མཐུ་ཐོབ་ནས། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་འབྱུང་ངོ༌། །དེ་ལ་བརྟེན་ནས་འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་པའོ། །ཐོབ་ཅེས་བསྟན་པ་འདི་ཡང་ལམ་གྱི་རིམ་པའི་སྐབས་སུ་ཚུལ་གཅིག་གོ །ལམ་གྱི་རིམ་པའི་ཚུལ་གཉིས་སུ་བསྟན་པའི་ལམ་གྱི་ཡན་ལག་བསྟན་པ་ནི། སངས་རྒྱས་ལ་མཆོད་པ་དང༌། དགེ་བའི་བཤེས་གཉེན་བསྟེན་པ་དང༌། བསམ་པ་རྣམ་པར་དག་པའི་ཡན་ལག་ཚད་མེད་པ་བཞིའོ། །སྔར་བསྒྲུབ་པ་བྱའོ་ཞེས་བསྟན་པ་ལ། སྒྲུབ་པ་ཉམས་སུ་ལེན་ཚུལ་བྱང་ཕྱོགས་སོ་བདུན་ནོ། །དེ་ལ་བརྟེན་ནས་ཡོན་ཏན་ཐོབ་པས་ཡོན་ཏན་བསྟན་ནོ། །བྱང་ཆུབ་སེམས་དཔའ་གཞན་དོན་དུ་གང་ལ་གང་འདུལ་གྱི་སྤྱོད་པ་བྱེད་དགོས་པས་སྤྱོད་པ་དང༌། དེ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་ཐོབ་པས་སྤྱོད་པ་དང་མཐར་ཐུག་གི་ལེའུ་ཉི་ཤུ་རྩ་གཅིག་བསྟན་ནོ། །རྒྱལ་སྲས་ཀུན་གྱི་འཇུག་ངོགས་ཤིང་རྟའི་སྲོལ། །ལྟ་སྒོམ་སྤྱོད་གསུམ་ལེགས་པར་རབ་བཤད་ཅིང༌། །ཟབ་དོན་མན་ངག་སྙིང་པོ་ལེགས་བསྡུས་ནས། །འགྲོ་ལ་ཕན་པར་བྱ་ཕྱིར་འདི་བྱས་སོ། །དེ་ལས་བྱུང་བའི་དགེ་བ་གང་ཐོབ་པས། །ཐེག་ཆེན་ཤིང་རྟའི་ལམ་བཟང་ལ་ཞུགས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་བླངས་ཏེ། །ཚོགས་གཉིས་རབ་རྫོགས་སྐུ་གསུམ་ཐོབ་པར་ཤོག །ཅེས་པ་མདོ་སྡེ་རྒྱན་གྱི་མན་ངག་དྲིལ་ཏེ་སྟོན་པའི་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*