དབུས་དང་མཐའ་རྣམ་པར་འབྱེད་པའི་སྒོམ་རིམ་སྙིང་པོ་རབ་ཏུ་གསལ་བ།

༄༅། །དབུས་དང་མཐའ་རྣམ་པར་འབྱེད་པའི་སྒོམ་རིམ་སྙིང་པོ་རབ་ཏུ་གསལ་བ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་སྐུ་རབ་བརྙེས་གཟུགས་སྐུའི་དཀྱིལ་འཁོར་སྟོན། །ཕྲིན་ལས་འོད་ཀྱིས་སྲིད་གསུམ་མུན་པ་སེལ། །ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ་མཛད་པ། །ཐུབ་པ་མཆོག་གི་ཞབས་པད་སྤྱི་བོས་མཆོད། །འགྲོ་ཀུན་བྱམས་པའི་ཐུགས་ཀྱིས་ཉེར་འཚོ་ཞིང༌། །མཐའ་ཡས་འགྲོ་ལ་དམ་ཆོས་དགའ་སྟོན་འགྱེད། །ཆོས་རྗེའི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །འགྲོ་ལ་ཐར་པའི་ལམ་བཟང་སྟོན་མཛད་ཅིང༌། །རྒྱ་ཆེན་ཤེས་བྱའི་གནས་རྣམས་གསལ་བྱེད་པ། །བྱམས་པའི་གསུང་རབ་ཉིན་བྱེད་དཀྱིལ་འཁོར་ཅན། །དབུས་མཐའི་མན་ངག་སྙིང་པོ་བཤད་པར་བྱ། །དེ་ཡང་ཐོག་མར་བཤད་པར་བྱ་བའི་ཡན་ལག་ངོ་བོ་ཉིད་གསུམ་བསྟན་ཏེ། ཤེས་པར་བྱ་བའི་ཡན་ལག་ངོ་བོ་ཉིད་གསུམ་ཁོང་དུ་ཆུད་པར་བྱས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་དུ་ལམ་ཉམས་སུ་ལེན་པ་ལ་འཇུག་དགོས་པའི་ཕྱིར། ངོ་བོ་ཉིད་གསུམ་ནི། ཀུན་བཏགས་དང༌། གཞན་དབང་དང༌། ཡོངས་གྲུབ་གསུམ་མོ། །དེ་ལ་ཀུན་བཏགས་ནི། གནས་ཚུལ་ལ་མེད་པར་ཤེས་པར་བྱ་བ་ཡིན་ལ། གཞན་དབང་ནི། སྤང་བར་བྱ་བ་ཡུལ་ལ་བདེན་པར་འཛིན་པའི་རྣམ་རྟོག་གོ །ཡོངས་གྲུབ་ནི། ཆོས་ཅན་གྱི་ཆ་ཀུན་བཏགས་ཀྱིས་སྟོང་པའི་སྟོང་ཉིད་འགྱུར་མེད་ཡོངས་གྲུབ་དང༌། དེ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་བཤད་དོ། །དེ་ལམ་དུ་བྱེད་ཚུལ་བཤད་པ་ལ། ཡོངས་གྲུབ་རྟོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་དགོས་ལ། ཡོངས་གྲུབ་མཐོང་བ་ལ་སྒྲིབ་བྱེད་ཀྱི་དྲི་མ་སེལ་དགོས་པས། སྒྲིབ་བྱེད་ཀྱི་དྲི་མ་ངོས་བཟུང་བ་བསྟན་ནོ། །སྒྲིབ་བྱེད་ཀྱི་དྲི་མ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པའོ། །སྒྲིབ་པ་གཉིས་པོ་དེར་ཟད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །སྒྲིབ་པ་གཉིས་པོ་སྤོང་བ་ལ་དེ་ཁོ་ན་ཉིད་རྟོགས་དགོས་པས། དེ་ཁོ་ན་ཉིད་ངོ་བོ་དང༌། དབྱེ་བ་བཅུ་དང་བཅས་པ་བསྟན་ནོ། །སྒྲིབ་པ་སྤོང་བ་ལ་གཉེན་པོ་དེ་ཁོ་ན་ཉིད་རྟོགས་པ་བསྒོམ་དགོས་པས་གཉེན་པོ་བསྟན་ནོ། །གཉེན་པོ་བསྒོམ་པ་ལ་སྒོམ་ཚུལ་ཤེས་དགོས་པས། བསྒོམ་པའི་རྣལ་འབྱོར་བསྟན་ནོ། །གཉེན་པོ་བསྒོམ་པའི་རྣལ་འབྱོར་ནི་བྱང་ཕྱོགས་སོ་བདུན་ནོ། །དེ་ཡང་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་སྒོ་ནས་བསྒོམ་དགོས་པས། དེ་ལ་ཞི་གནས་ནི། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །ཅེས་སོ། །ཉེས་པ་ལྔ་ནི་ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །གཉེན་པོ་འདུ་བྱེད་བརྒྱད་ནི། ཇི་སྐད་དུ། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུ་འདོད། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་དང་རྟོག་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་སོ། །ལྷག་མཐོང་སྒྲུབ་ཚུལ་ནི། དབང་པོ་ལྔ་དང་སྟོབས་ལྔ་ལ་སོགས་པས་བསྟན་ནོ། །འདི་ནི་ཐུན་མོང་གི་ཆོས་སོ། །ཐེག་པ་བླ་ན་མེད་པའི་ཆོས་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཞེས་སོགས་ཆོས་སྤྱོད་བཅུ་དང༌། གཞན་དོན་དུ་ཤེས་པར་བྱ་བའི་ཡན་ལག མཁས་པར་བྱ་བའི་ཆོས་བཅུ་ལ་མཁས་པར་སྦྱང་བའོ། །བཅུ་གང་ཞེ་ན། ཕུང་པོ་ལ་མཁས་པ་དང༌། ཁམས་དང༌། སྐྱེ་མཆེད་དང༌། བདེན་པ་བཞི་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། གནས་དང་གནས་མ་ཡིན་པ་དང༌། དབང་པོ་དང༌། དུས་དང༌། ཐེག་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ལ་མཁས་པའོ། །ཐོབ་པར་བྱ་བའི་འབྲས་བུ་ནི། ཕ་རོལ་ཏུ་ཕྱིན་པ་བཅུས་ས་བཅུ་རིམ་གྱིས་བགྲོད་ནས་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའོ། །མདོར་ན་ངོ་བོ་ཉིད་གསུམ་ཤེས་པར་བྱས་ནས་དེ་ཁོ་ན་ཉིད་ཁོང་དུ་ཆུད་དེ། བྱང་ཕྱོགས་སོ་བདུན་གྱི་རྣལ་འབྱོར་བསྒོམས་པས། སྒྲིབ་གཉིས་སྤངས་ཏེ་ཐར་པ་ཐོབ་པ་དང༌། ཐེག་པ་བླ་ན་མེད་པ་ལ་འཇུག་པའི་དུས་སུ། ཕར་ཕྱིན་བཅུ་དང༌། ཆོས་སྤྱོད་བཅུ་དང༌། མཁས་པར་བྱ་བའི་དངོས་པོ་བཅུ་ལ་འཇུག་པའོ། །ཐེག་པ་བླ་ན་མེད་པ་ལ་འཇུག་པའི་རིམ་པ་མདོར་བསྡུས་ནས་བསྟན་པ་ནི། ཚིགས་སུ་བཅད་པ་ཐ་མ་གཉིས་ཀྱིས་གསུངས་ཏེ། དེ་ཡང་རིགས་ལ་གནས་ནས་ཐེག་པ་ཆེན་པོ་ལ་མོས་པས་བསྐྱེད་དོ། །དེ་ནས་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཡིན་པར་རིག་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་བསྐྱེད་མཐར་ཕྱིན་པ་ལ་ཕར་ཕྱིན་དྲུག་རྫོགས་པར་བསྒྲུབ་དགོས་སོ། །དེ་ཡང་ཐོག་མར་ཡང་དག་པའི་དོན་ལ་རྟོགས་པའི་ཤེས་རབ་བསྐྱེད་ཅིང༌། དེ་ནས་དེ་འཕེལ་བར་བྱེད་པ་ལ་འཇུག་གོ །དེ་དག་གི་གནས་སྐབས་སུ་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དེ་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་མངོན་པར་ཕྱོགས་ཏེ། དེ་ནས་ཆོས་སྐུ་མངོན་དུ་བྱས་ནས་ཕྲིན་ལས་རྒྱུད་མི་འཆད་དུ་འབྱུང་ངོ་ཞེས་པའོ། །རྒྱ་ཆེན་ཤེས་བྱའི་གནས་རྣམས་ལེགས་བསྟན་ཅིང༌། །དེ་ཉིད་རྟོགས་ནས་ཐོས་བསམ་ལ་ཞུགས་ཏེ། །སྒོམ་པའི་རིམ་པས་སྒྲིབ་གཉིས་རབ་སྤངས་ནས། །ཐར་པ་ཐོབ་པའི་ཐབས་སུ་ལེགས་བསྟན་ཅིང༌། །ཐེག་པ་བླ་ན་མེད་པའི་ཁྱད་པར་ཆོས། །ཉམས་སུ་ལེན་པའི་རིམ་པ་ལེགས་པར་བསྟན། །མན་ངག་འདི་བཤད་དགེ་ཚོགས་གང་ཐོབ་པ། །དུས་གསུམ་ཕ་མ་འགྲོ་བ་ཇི་སྙེད་པས། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཆོས་སྤྱོད་ཟབ་མོ་འདི་ལ་རྣམ་ཀུན་ཏུ། །འབྲལ་བ་མེད་པར་ཐོས་བསམ་རིམ་པ་ཡིས། །ལེགས་པར་རྟོགས་ནས་ཡང་དག་སྙིང་པོའི་དོན། །སྒྲོ་སྐུར་མེད་པར་མངོན་དུ་བྱེད་གྱུར་ཅིག །ཅེས་དབུས་མཐའི་མན་ངག་སྙིང་པོ་འདི་ནི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*