གསང་སྔགས་ཀྱི་སྤྱི་དོན་སློབ་དཔོན་གྲགས་འོད་ཀྱི་ཞུས་ལན།

༄༅། །གསང་སྔགས་ཀྱི་སྤྱི་དོན་སློབ་དཔོན་གྲགས་འོད་ཀྱི་ཞུས་ལན་བཞུགས།།

༈ མཁྱེན་པ་སྒྲིབ་མེད་མཁའ་ལྟར་རྣམ་དག་ཅིང༌། །ཚད་མེད་ཐུགས་རྗེའི་འོད་དཀར་རབ་རྒྱས་ཏེ། །མཐའ་ཡས་འགྲོ་བ་རྗེས་སུ་འཛིན་མཛད་པ། །བླ་མེད་རྡོ་རྗེ་འཆང་དབང་མཆོག་ལ་འདུད། །གསང་སྔགས་ཟབ་མོ་གསང་བའི་ཚུལ་དུ་སྤྱོད། །གཞན་ལ་སྨྲ་བར་རིག་པ་མ་ཡིན་ནོ། །འོན་ཀྱང་ཁྱོད་ཀྱིས་གུས་པས་བསྐུལ་བའི་ངོར། །དཀའ་བའི་གནས་རྣམས་ཅུང་ཟད་བཤད་པར་བྱ། །གསང་སྔགས་བླ་མེད་ཀྱི་བརྗོད་བྱའི་གཙོ་བོ་བསྐྱེད་རྫོགས་གཉིས་སུ་འདུས། སྐྱེ་བ་སྦྱོང་བར་བྱེད་པ་ལ་བསྐྱེད་རིམ། འཆི་བ་སྦྱོང་བར་བྱེད་པ་ལ་རྫོགས་རིམ་དུ་བཤད། བསྐྱེད་རིམ་ལ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པའི་རིམ་པ་དང་མཐུན་པར་གཞལ་ཡས་ཁང་བསྐྱེད་པ་དང༌། ནང་བཅུད་ཀྱི་སེམས་ཅན་སྐྱེ་བའི་རིམ་པ་སྦྱོང་བའི་དོན་དུ་ལྷའི་སྐུ་སྒོམ་པ་སྟེ། དེ་ཡང་སྐྱེ་གནས་བཞི་སྦྱོང་བའི་དོན་དུ་རྒྱུད་བཞི་གསུངས་ཏེ། སྒོང་སྐྱེས་སྦྱོང་བའི་དོན་དུ་རྡོ་རྗེ་གདན་བཞི་དང༌། མངལ་སྐྱེས་སྦྱོང་བའི་དོན་དུ་དགྱེས་པ་རྡོ་རྗེ་དང༌། དྲོད་ཤེར་སྐྱེས་སྦྱོང་བའི་དོན་དུ་སྒྱུ་འཕྲུལ་དྲྭ་བ་དང༌། བརྫུས་སྐྱེས་སྦྱོང་བའི་དོན་དུ་བདེ་མཆོག ཀྲོང་སྐྱེས་ཀྱིས་བརྫུས་སྐྱེས་སྦྱོང༌། ཉི་ཟླ་གའུ་ཁ་སྦྱོར་ལས་བསྐྱེད་པས་སྒོང་སྐྱེས་སྦྱོང༌། མངལ་འབྱིན་གྱིས་བསྐྱེད་པས་མངལ་སྐྱེས་སྦྱོང་བར་བཤད། འོན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་པས་རེ་རེ་ལ་ཡང་བཞི་ཀ་འཇུག་པར་སྣང་ངོ༌། །རྫོགས་པའི་རིམ་པ་ལ། འགག་པའི་རིམ་ལ་རྫོགས་པར་བཤད་པ་ནི། འབྱུང་བཞིའི་ཐིམ་འགྲོས་ལ་བཤད་དེ། རྡོ་རྗེ་ཟླ་བའི་རིམ་པ་ལས། སེམས་མི་རྟོག་པར་འགྱུར་ཏེ། རྡོ་རྗེ་ཟླ་བ་རྟོགས་ནས་ནི། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་སོ། །སེམས་མི་རྟོག་པའི་ངང་ལས་འབྱུང་བའི་ཐིམ་འགྲོས་འབྱུང་སྟེ། རྩ་དབུ་མར་རླུང་ཆུད་པའི་དུས་སུ་དུ་བ་དང༌། ཆུ་རླུང་ཐིམ་པའི་དུས་སུ་སྨིག་རྒྱུ་དང༌། རྒྱུད་ལས་དང་པོ་སྨིག་རྒྱུ་འདྲ་བར་བཤད་ཀྱང༌། མན་ངག་གིས་གོ་ལྡོག་ནས་བཤད་དགོས་ཏེ། དང་པོ་དུ་བ་འབྱུང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །ཞེས་ནཱ་རོ་པས་གསུངས་སོ། །མེ་རླུང་ཐིམ་པའི་དུས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་ཙག་གི་རྣམ་པ་འབྱུང༌། རླུང་གི་རླུང་ཐིམ་པའི་དུས་སུ་མར་མེ་རླུང་གི་བསྐྱོད་པ་ལྟ་བུའོ། །འདི་ནི་འབྱུང་བ་རགས་པའི་ཐིམ་འགྲོས་སོ། །ཕྲ་བ་རྣམ་པར་ཤེས་པའི་ཐིམ་འགྲོས་ལ། སྣང་མཆེད་ཐོབ་གསུམ་ལས། དང་པོ་སྣང་བའི་འཁོར་དུ་ཞེ་སྡང་ལས་གྱུར་པ་སུམ་ཅུ་སོ་གསུམ་འབྱུང༌། དེ་འགགས་པའི་དུས་སུ་སྟོང་པ་ཞེས་བརྗོད་དོ། །སྣང་བ་མཆེད་པ་གསལ་བ་ཉི་མའི་འོད་ཟེར་ལྟར་གསལ་བ་འབྱུང་སྟེ། དེའི་འཁོར་དུ་འདོད་ཆགས་ལས་གྱུར་པའི་སེམས་བྱུང་བཞི་བཅུ་འབྱུང་སྟེ། དེ་འགགས་པའི་ཆ་ནས་སྟོང་པ་ཆེན་པོ་ཞེས་བརྗོད་དོ། །ཉེར་ཐོབ་ཀྱི་དུས་སུ། མ་རིག་པ་ལས་གྱུར་པ་བདུན་འབྱུང་སྟེ། དེ་འགགས་པའི་དུས་སུ་ཤིན་ཏུ་སྟོང་པ་ཞེས་བརྗོད་དོ། །ཉེར་ཐོབ་འོད་གསལ་ལ་ཐིམ་པའི་དུས་སུ་ཐམས་ཅད་སྟོང་པ་འོད་གསལ་འཆར་རོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྟོབས་ལས་འོད་གསལ་འཆར་ལ། འཆི་བའི་དུས་སུ། སྔར་ལྟ་བུའི་རིམ་པ་ལས་འོད་གསལ་འཆར་ལ། དེའི་དུས་སུ་འོད་གསལ་མ་བུ་འཕྲོད་ཅེས་བྱའོ། །ཐ་མལ་པ་ལ་འོད་གསལ་ལས་ལངས་ནས་བར་དོའི་ལུས་གྲུབ་བོ། །རྣལ་འབྱོར་པ་ལ་འོད་གསལ་ལས་ལངས་ནས། ལྷའི་སྐུ་སྒྱུ་མ་ལྟ་བུ་དངོས་སུ་བཞེངས་ནུས་པ་ནི་སྒྱུ་ལུས་སོ། །འདིའི་དུས་སུ་ལུས་ཅིག་ཅར་དུ་གྲུབ་པས་རྫོགས་རིམ་གྱི་སྦྱང་གཞིའོ། །ཅིག་ཅར་དུ་རྫོགས་པ་ལ་རྫོགས་རིམ་ཞེས་བརྗོད་དོ། །དེ་ནས་སྒྱུ་ལུས་བཞེངས་པའི་རྗེས་ཐོག་ཏུ། རིག་འཛིན་རྗེས་གཞིག་གི་སྒྱུ་ལུས་བཤིག་ནས་འོད་གསལ་དུ་འཇུག་ལ། སླར་ཡང་སྒྱུ་ལུས་སུ་བཞེངས་ནས། རིམ་པ་བཞིན་ཡང་ནས་ཡང་དུ་བྱེད་པ་ནི་སློབ་པའི་ཟུང་འཇུག་གོ །དེ་ནས་ཟུང་འཇུག་གི་སྐུ་འབའ་ཞིག་ཏུ་གནས་པ་ནི་མི་སློབ་པའི་ཟུང་འཇུག་གོ །རིམ་ལྔ་ལས། ཐམས་ཅད་མཁྱེན་པར་དེ་གནས་འགྱུར། །ཞེས་སོ། །མདོར་ན་འགགས་པ་ལ་རྫོགས་པར་བཤད་པ་དང༌། ཅིག་ཅར་དུ་རྫོགས་པ་ལ་རྫོགས་པར་བཤད་པ་དང༌། མཐར་ཐུག་ལ་རྫོགས་པར་བཤད་པ་སྟེ། རྫོགས་པའི་སྒྲ་དོན་གསུམ་ལ་འཇུག་པ་ཉིད། སྦྱང་གཞིར་བཟུང་ངོ༌། །མ་རྒྱུད་ཀྱི་དབང་དུ་བྱས་ནས། གང་ཟག་གཅིག་ལ་ཆོས་ཅན་དང་ཆོས་ཉིད་གཉིས་འདུས་པ་ལས། ཆོས་ཅན་གྱི་ཆ་ལ་རགས་པ་ཕུང་ཁམས་སྐྱེ་མཆེད་དང༌། ཕྲ་བ་རྩ་དང༌། རླུང་དང༌། ཐིག་ལེའོ། །འདི་ནི་རྩ་དང་རླུང་དང་ཐིག་ལེའི་རྣལ་འབྱོར་གྱི་སྦྱང་གཞིའོ། །ཆོས་ཉིད་ནི་འོད་གསལ་གྱི་ཏིང་ངེ་འཛིན་གྱིས་སྦྱོང་ངོ༌། །དབང་བཞིའི་རིམ་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པ་ལས། བྱང་ཆུབ་སེམས་ཀྱིས་སྤྱི་བོ་ནས་མགྲིན་པར་བབས་པའི་དུས་སུ་དགའ་བའི་ཉམས་སྐྱེའོ། །མགྲིན་པ་ནས་སྙིང་ཁར་བབས་པའི་དུས་སུ་མཆོག་དགའ། སྙིང་ཁ་ནས་ལྟེ་བར་བབས་པའི་དུས་སུ་དགའ་བྲལ་གྱི་དགའ་བ། ལྟེ་བ་ནས་གསང་གནས་སུ་བབས་པའི་དུས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དབང་བཞི་ཡི་འགྲོས་འདི་ནི། མ་རྒྱུད་ཀྱི་བཤད་པ་ཡིན་གྱི། ཕ་རྒྱུད་ལ་བཤད་པ་ནི་སྐབས་དོན་མ་ཡིན་ནོ། །འདིའི་དུས་སུ་སྟོང་པ་ཉིད་རྣམ་པས་ཟིན་པའི་དགའ་བ་ཉམས་སུ་མྱོང་བ་སྟེ། བདེ་སྟོང་གི་ཏིང་ངེ་འཛིན་ཉམས་སུ་བླང༌། དགའ་བ་རྐྱང་པ་ནི་ལམ་དུ་མི་འགྲོའོ། །བདེ་སྟོང་དབྱེར་མེད་མཐར་ཐུག་པ་ནི་འབྲས་བུའི་གནས་སྐབས་སོ། །བདེ་མཆོག་ལས་འཁོར་ལོ་ལྔ་བཤད་པ་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་བསྡུས་པས། དེའི་ཆ་མཐུན་འཁོར་ལོ་ལྔ་དང༌། ལྷ་ལྔ་འགོད་དོ། །སྒྱུ་མ་གསུམ་བསྲེས་ཀྱི་གདམས་པ་ནི། དེ་ལྟར་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་ནུས་པ་ཐོབ་པར་བྱས་ནས། རྨི་ལམ་གྱི་གནས་སྐབས་སུའང་དེའི་ནུས་པ་འདྲོངས་ནས། བར་དོའི་གནས་སྐབས་སུ་དེའི་ནུས་པ་ཐོབ་པ་ནི་སྒྱུ་མ་གསུམ་བསྲེས་སོ། །རྒྱུད་སྡེའི་རྩ་བའི་ཡི་གེ་རྣམས་སྔགས་སུ་འགོད་པ་རྩ་སྔགས་ཏེ། བརྟག་གཉིས་བཞིན་ནོ། །ལྷ་སོ་སོའི་མིང་ཡིག་སྔགས་སུ་སྦྲེལ་ནས་ཕྱོགས་གཅིག་ཏུ་བྱས་པ་ནི་ཕྲེང་སྔགས་སོ། །ལྷ་སྐུལ་བར་བྱེད་པ་ནི་སྙིང་པོའོ། །ཉེ་བར་སྐུལ་བར་བྱེད་པ་ནི་ཉེ་སྙིང་ངོ༌། །ཞེས་ཇོ་བོ་རྗེས་བཤད་དོ། །སླར་ཡང་ཉེ་བར་སྐུལ་བར་བྱེད་པ་ནི། ཡང་སྙིང་ངོ༌། །འདིར་བསྡུས་པ་ཙམ་བཀོད་པ་ཡིན་གྱི་རྒྱས་པར་ཁོ་བོས་བྱས་པའི་གསང་འདུས་ཀྱི་ཊཱིཀ་ཆེན་དུ་བསྐྱེད་རྫོགས་ཀྱི་བཤད་པ་རྒྱས་པར་བཀོད་ཡོད་པས་དེར་བལྟ་བར་བྱའོ། །གར་དགུའི་དོན་ནི། གཞན་རྗེས་སུ་འཛིན་པ་དང་ཚར་བཅད་པའི་དོན་དུ་ལུས་ངག་གི་རྣམ་འགྱུར་རོ། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ཅིང༌། །བསྐྱེད་རྫོགས་གཉིས་ཀྱི་ཡལ་འདབ་ཕྱོགས་བཅུར་རྒྱས། །སྐུ་གསུམ་ཕྲིན་ལས་འབྲས་བུའི་རོ་མངར་ལྡན། །ཕན་བདེའི་དཔག་བསམ་ལྗོན་པ་རྒྱས་གྱུར་ཅིག །འདི་སྦྱར་དགེ་བའི་འོད་སྟོང་ལྡན་པ་ཡིས། །སྲིད་པའི་མུན་པ་མ་ལུས་རྣམ་བསལ་ཏེ། །ཡེ་ཤེས་སྣང་བ་ཕྱོགས་བཅུར་རབ་རྒྱས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད་པར་ཤོག །ཅེས་པ་ནི་དཀའ་བཅུ་པ་གྲགས་འོད་ཀྱིས་ཞུས་པའི་ངོར་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*