དད་དམིགས་རྣམས་ཀྱི་ཁྲིད་ཡིག་རྒྱལ་སྲས་རྣམས་ཀྱི་འཇུག་ངོགས།

༄༅། །དད་དམིགས་རྣམས་ཀྱི་ཁྲིད་ཡིག་རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་བཞུགས།།

༈ མངོན་པར་རྟོགས་པའི་རྒྱན་དུ་གསུངས་པའི་ངེས་འབྱེད་ཆ་བཞིའི་དམིགས་རྣམ་སྒོམ་པའི་མན་ངག་རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་མངོན་སུམ་མཁྱེན། །ཚད་མེད་ཐུགས་རྗེའི་འོད་དཀར་ཕྱོགས་བཅུར་འཕྲོ། །མཐའ་ཡས་འགྲོ་བ་འདྲེན་པའི་མཛད་པ་ཅན། །ཐུབ་དབང་མཆོག་ལ་གུས་པས་ཕྱག་འཚལ་ལོ། །གང་སྐུ་ཡིད་འོང་མཚན་དཔེའི་འོད་སྟོང་ལྡན། །གང་གསུང་སྙན་པ་ལྷ་ཡི་རྒྱུད་མངས་སྒྲ། །གང་ཐུགས་དྲི་མེད་མཁའ་ལྟར་རྣམ་དག་པའི། །རྒྱལ་བ་མི་ཕམ་མགོན་ལ་ཕྱག་འཚལ་ལོ། །མཁས་རློམ་བྱེ་བས་འབད་ཀྱང་རྟོགས་དཀའ་བ། །གསུང་རབ་ཀུན་གྱི་སྙིང་པོའི་དོན་སྟོན་པའི། །ལེགས་བཤད་འོད་ཀྱི་སྣང་བ་ཆེར་སྤྲོས་ཏེ། །སྔོན་མེད་ཤིང་རྟའི་ལམ་བཟང་དབྱེ་བར་བྱ། །འདིར་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པའི་ལམ་རིམ་རྣམས་ཀྱི་ནང་ནས་ངེས་འབྱེད་ཆ་བཞིའི་དམིགས་རྣམ་སྒོམ་པའི་ཚུལ་ནི། ཐོག་མར་སྐྱབས་འགྲོ་དང༌། སྨོན་འཇུག་གི་སེམས་བསྐྱེད་ལེན་པ་སྔོན་དུ་བྱས་ནས་འཇུག་པར་བྱ་སྟེ། སྐྱབས་འགྲོས་ནི་ལམ་ཉམས་སུ་ལེན་པར་བྱེད་པའི་མི་མཐུན་ཕྱོགས་ཀྱི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་ལ། སེམས་བསྐྱེད་ཀྱིས་ནི་རང་རྒྱུད་ལ་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་བསྒྱུར་ཞིང༌། རྟེན་གྱི་སྒོ་ནས་དགེ་བ་ཅི་བྱེད་ཀྱང་ནུས་པ་གཞན་ལས་ཆེས་མཆོག་ཏུ་ལྷག་པའི་ཕྱིར། སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར་རོ། །དེས་ན་མདོ་སྡེ་རྒྱན་དུ་ཡང༌། ཐོག་མར་སྐྱབས་འགྲོའི་ལེའུ་བསྟན་ཅིང༌། རྒྱུད་བླ་མར་ཡང༌། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བསྟན་ལ། འདིར་ཡང་ཐོག་མར་མཆོད་བརྗོད་ཀྱིས་སྐྱབས་འགྲོ་དང༌། དེ་ནས་སེམས་བསྐྱེད་དབྱེ་བ་དང་བཅས་པ་བསྟན་ཅིང༌། གདམས་ངག་བཅུའི་དང་པོར་ཡང་སྒྲུབ་པ་རང་གི་ངོ་བོའི་དོན་བདེན་གཉིས་རྟོགས་པའི་ཤེས་རབ་དང༌། ཐབས་ཉན་རང་དང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་ཟུང་དུ་འཇུག་པ་ལ་བཤད་ལ། སྐྱབས་སུ་འགྲོ་ཚུལ་ཡང་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་ལྟར་ཤེས་པར་བྱའོ། །འདི་གཉིས་ནི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་གཞི་རྩ་ཡིན་པས། ཚིག་ཙམ་མིན་པར་ཤུགས་དྲག་པོས་ཡང་ཡང་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །སྔོན་འགྲོ་བསྟན་ཟིན་ཏོ། །དངོས་གཞི་ལ། ཉན་རང་དང་ཐུན་མོང་བའི་བདེན་བཞིའི་དམིགས་རྣམ་སྒོམ་ཚུལ་དང༌། ཉན་རང་དང་ཐུན་མོང་མ་ཡིན་པའི་བདེན་བཞིའི་དམིགས་རྣམ་སྒོམ་ཚུལ་གཉིས་ལས། དང་པོ་ནི། བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་བསྒོམ་པར་བྱ་སྟེ། འདི་ལྟར། མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་བསྒོམས་པས་ཚེ་འདི་གཅེས་སྤྲས་སུ་འཛིན་པའི་བློ་ལྡོག་ཅིང༌། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་བར་འདོད་པའི་བློ་སྐྱེའོ། །རྒྱུ། ཀུན་འབྱུང༌། རབ་སྐྱེ། རྐྱེན་གྱི་རྣམ་བཞི་བསྒོམས་པས། ལས་དང་ཉོན་མོངས་པའི་ཉེས་དམིགས་རིག་ནས་ཀུན་འབྱུང་སྤོང་འདོད་ཀྱི་བློ་སྐྱེའོ། །འགོག་པ། ཞི་བ། གྱ་ནོམ། ངེས་འབྱིན་གྱི་རྣམ་པ་བཞི་བསྒོམས་པས་ཐར་པའི་ཕན་ཡོན་རིག་ནས་ཐར་པ་ཐོབ་འདོད་ཀྱི་བློ་སྐྱེའོ། །ཀུན་འབྱུང་སྤོང་འདོད་དང་ཐར་པ་ཐོབ་པའི་ཐབས་ནི། ལམ་བདེན་ལ་རགས་ལས་པས། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་གྱི་རྣམ་པ་བསྒོམ་པར་བྱའོ། །ཡང་ཀུན་འབྱུང་གི་རྩ་བ་ནི་གང་ཟག་གི་བདག་འཛིན་ཡིན་པས་དེའི་གཉེན་པོར་དོན་གཞན་གྱི་བདག་གི་བས་སྟོང་པ་དང༌། རང་གི་ངོ་བོར་གྱུར་པའི་གང་ཟག་གི་བདག་མེད་ཚུལ་བསམས་ནས། ཡང་དང་ཡང་དུ་ནན་ཏན་ཆེན་པོས་བསྒོམ་པར་བྱའོ། །འདི་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་སོགས་གསུངས་པའི་དོན་གྱི་སྒོམ་ཚུལ་ལོ། །གཉིས་པ་ཉན་རང་དང་ཐུན་མོང་མ་ཡིན་པའི་བྱང་སེམས་ཀྱི་བདེན་བཞིའི་དམིགས་པ་རྣམས་སྒོམ་ཚུལ་ནི། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་པོ་གང་ལ་ཡང་བདེན་འཛིན་གྱི་མངོན་པར་ཞེན་པ་འགོག་པའི་ཚུལ་གྱིས་སྒོམ་དགོས་པས། བཅུ་དྲུག་པོ་དེ་རྣམས་རེ་རེ་ནས་དོན་དམ་པར་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ན་མི་རྙེད་ལ། མ་རྙེད་པའི་དོན་སྟོང་པ་ཉིད་ཀྱི་རྣམ་པ་དེ་དྲན་པས་བཟུང་ནས་མ་བརྗེད་པར་བྱས་ལ། ཡང་དང་ཡང་དུ་གསལ་བར་བསྒོམ་པར་བྱའོ། །འདི་ནི་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པའི་སྒོམ་ཚུལ་ཡིན་ལ། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་དོན་ཡང་ཡིན་ནོ། །མངོན་ཞེན་འགོག་ཚུལ་འདི་ནི། བློ་ལ་ཆོས་ཅན་གང་སྣང་བ་ཐམས་ཅད་ལ་སྦྱར་ནས་ཁོར་ཡུག་ཏུ་གསལ་གདབ་པར་བྱའོ། །དེས་ན་ཚིག་རྐང་པ་གསུམ་པོའི་དོན་གྱི་སྒོམ་ཚུལ་འདི་ནི་དམིགས་རྣམ་ཕྱི་མ་ཀུན་ལ་ཡང་སྦྱར་ནས་བསྒོམ་པ་མན་ངག་གོ །ཉན་རང་དང་ཐུན་མོང་མ་ཡིན་པའི་བྱང་སེམས་ཀྱི་ལམ་སྒོམ་པའི་སྐབས་སུ་ཤེས་སྒྲིབ་གཙོ་བོར་སྤོང་དགོས་ལ། ཤེས་སྒྲིབ་ཀྱི་རྩ་བ་ནི་བདག་འཛིན་གྱི་མ་རིག་པ་ལ་བཤད་དེ། སྟོང་ཉིད་བདུན་ཅུ་པ་ལས། ཡང་དག་རྣམ་པར་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །ཞེས་གསུངས་སོ། །མི་རྟག་ལ་སོགས་བཅུ་དྲུག་ལ་མངོན་ཞེན་བཀག་ནས་སྟོང་ཉིད་བསྒོམས་པའི་ཕན་ཡོན་ནི། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་པས་སྟོན་ནོ། །དབུས་མཐའ་ལས། སེམས་ཀྱི་གཡེང་བ་ཆུང་ངུ་ནི། །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །ཞེས་འབྱུང་བ་ལྟར། བདེན་འཛིན་གྱི་རྣམ་པར་རྟོག་པ་ཆུང་ངུ་ཡང་ཤེས་པར་བྱས་ནས་སྤོང་དགོས་པས་དེའི་གཉེན་པོ་སྒོམ་ཚུལ་ནི། གལ་ཏེ་མོས་པ་ཡིད་བྱེད་ཀྱི་ཡུལ་ལ་དགག་སྒྲུབ་གཉིས་སུ་བདེན་པར་ཞེན་པ་དང༌། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་ཡུལ་ལ་དགག་སྒྲུབ་གཉིས་སུ་བདེན་པར་ཞེན་པ་བྱུང་ན། དེ་ཡང་མི་མཐུན་ཕྱོགས་སུ་ཤེས་པར་བྱས་ནས་ཡུལ་དགག་སྒྲུབ་ཀྱི་ཆར་སྣང་བ་དང༌། ཡུལ་ཅན་རྟོག་པའི་ཆར་སྣང་བ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བཤིག་ནས་མི་དམིགས་པར་བསྒོམ་པར་བྱ་སྟེ། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་སྨྲོས་པ་ལྟར་རོ། །འདི་ནི་གཟུགས་སོགས་འདུ་འགོད། ཅེས་པའི་སྒོམ་དོན་ནི། མེད་ཅེས་པ་མཐའི་གསལ་བྱེད་ཡིན་པས་འོག་མ་གསུམ་ལའང་སྦྱར་རོ། །རང་དང་སྤྱིའི་མཚན་ཉིད་གཉིས་ནི་སྤྱིའི་བརྗོད་བྱ་དང༌། དེ་དག་སྟོན་པའི་མིང་ནི་རྗོད་བྱེད་དོ་སྙམ་དུ། བརྗོད་བྱ་རྗོད་བྱེད་གཉིས་སུ་ཞེན་པ་བྱུང་ན། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པའི་ཚུལ་དུ་རྗོད་བྱེད་མིང་དང་བརྗོད་བྱ་གཉིས་ཀ་ལ་ཤེས་རབ་ཀྱིས་བརྟགས་ནས་མི་དམིགས་པར་བསྒོམ་པར་བྱའོ། །འདི་ནི་གནས་བྲལ་དང༌། གནས་མེད་ཅེས་པའི་སྒོམ་དོན་ནོ། །མཉམ་བཞག་ཏུ་བདེན་འཛིན་མངོན་གྱུར་པའི་ནུས་པ་ཅུང་ཟད་བཅོམ་ཡང་རྗེས་ཐོབ་ཏུ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་མངོན་པར་ཞེན་པ་བྱུང་ན་དེ་ཡང་འགོག་དགོས་པས། བཏགས་པ་ཙམ་དུ་ཞེན་པ་དེ་ཡང༌། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་ཚུལ་གྱིས་དམིགས་མེད་དུ་བསྒོམ་མོ། །འདི་ནི་བཏགས་མེད་ཅེས་པའི་སྒོམ་དོན་ནོ། །ཡང་དགེ་མི་དགེ་སོགས་བརྗོད་བྱར་བདེན་ཞེན་བྱུང་ན་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན་དགེ་མི་དགེ་སོགས་མ་གྲུབ་པས་བརྗོད་བྱར་བདེན་པ་ག་ལ་ཡོད་ཅེས་ངེས་པར་བྱས་ནས་བསྒོམ་པར་བྱའོ། །འདི་ནི། བརྗོད་དུ་མེད་ཅེས་པའི་སྒོམ་དོན་ཡིན་ནོ། །འདིར་མེད་པ་ནི་མཐའི་གསལ་བྱེད་དོ། །མཉམ་པར་བཞག་པའི་སྐབས་སུ་བསྒྲིམས་ཀྱང་མི་མཐུན་ཕྱོགས་ཅུང་ཟད་བྱུང་ན་དྲོད་ཆུང་ངུའོ། །འབད་རྩོལ་ཆེན་པོས་བསྒྲིམས་པའི་དུས་སུ་མི་འབྱུང་ན་དྲོད་འབྲིང་པོའོ། །འབད་རྩོལ་ཆེན་པོ་མ་བྱས་ཀྱང་མི་འབྱུང་ན་དྲོད་ཆེན་པོའོ། །ཞེས་ཕ་དམ་པས་གསུངས་སོ། །དྲོད་ཀྱི་དམིགས་རྣམ་སྒོམ་ཚུལ་བསྟན་ཟིན་ཏོ། །རྩེ་མོའི་དམིགས་རྣམ་སྒོམ་ཚུལ་ཡང༌། རྣམ་པ་མངོན་ཞེན་ལ་སོགས་པ་འགོག་དགོས་པས། གཟུགས་སོགས་ཕུང་པོ་ལྔའི་དངོས་པོ་ལ་མངོན་ཞེན་བྱུང་ན། དེའི་གཉེན་པོར་གཟུགས་སོགས་བདེན་པར་མི་གནས་པའི་ཚུལ་བསྒོམས་པར་བྱས་ནས། གཟུགས་སོགས་ལ་རང་བཞིན་ཡོད་མེད་བརྟགས་ནས་གཟུགས་སོགས་དེ་དག་ནི་དེའི་ངོ་བོར་རང་བཞིན་གྱིས་མ་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །འདི་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །ཅེས་པའི་སྒོམ་དོན་ནོ། །ཡང་ཆོས་ཅན་འགའ་ཞིག་གི་རང་བཞིན་གྱིས་སྟོང་ཡང༌། འགའ་ཞིག་གི་རང་བཞིན་གྱིས་མི་སྟོང་སྟེ། ཀུན་རྫོབ་རང་བཞིན་གྱིས་སྟོང་ལ། དོན་དམ་གྱི་ཆ་རང་བཞིན་གྱིས་མི་སྟོང་ངོ་སྙམ་ན། བློ་ཡུལ་དུ་ཇི་སྙེད་བྱུང་བ་ཐམས་ཅད་ཤེས་རབ་ཀྱིས་བརྟགས་ན་སྟོང་པ་ཉིད་དུ་རོ་གཅིག་ཏུ་བསྒོམ་པར་བྱའོ། །འདིས་ནི་ཆོས་རྣམས་ལ་རང་བཞིན་གྱིས་ཡོད་མེད་ཀྱི་བྱེ་བྲག་ཡོད་དོ་སྙམ་དུ་ཞེན་པ་འགོག་པ་ཡིན་ནོ། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པའི་སྒོམ་དོན་ནོ། །ཡང་ཁྱད་གཞི་གཟུགས་སོགས་ལ་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པས་ཁྱད་ཆོས་རྟག་མི་རྟག་དང༌། སྡུག་མི་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་སོགས་ཀྱང་དམིགས་པར་ག་ལ་འགྱུར། དེས་ན་རྟག་མི་རྟག་སོགས་མི་དམིགས་པར་བསྒོམ་པར་བྱའོ། །ཅིའི་ཕྱིར་རྟག་མི་རྟག་སོགས་མི་དམིགས་སྙམ་ན། རིགས་པས་བརྟགས་ན་རྟག་མི་རྟག་སོགས་དེ་རྣམས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྟག་མི་རྟག་སོགས་ལ་རང་གི་ངོ་བོས་སྟོང་མི་སྟོང་གི་བྱེ་བྲག་ཡོད་དོ་སྙམ་ན། དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་རྟག་མི་རྟག་སོགས་ཐམས་ཅད་མི་དམིགས་པར་མཚུངས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་བསྒོམ་པར་བྱའོ། །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པའི་སྒོམ་དོན་ནོ། །ཡང་ཆོས་རྣམས་ལ་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་གཟུང་བྱའི་མཚན་མ་དང༌། འཛིན་བྱེད་ཀྱི་སྤྲོས་པ་ཅིར་ཡང་མ་མཐོང་པས་གཟུང་འཛིན་གྱི་མཚན་མ་མི་དམིགས་པའི་དོན་བསྒོམ་པར་བྱའོ། །ཅིའི་ཕྱིར་མཚན་མར་མི་དམིགས་པ་ཡིན་ཞེ་ན། གཟུང་འཛིན་གྱི་མཚན་མ་དེ་དག་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་དམིགས་སུ་མེད་པའི་ཕྱིར་རོ། །འདིར་མཚན་མ་ཞེས་པ་ནི་ཆོས་རྣམས་ཀྱི་རང་རང་གི་ངོ་བོ་གཞན་དང་ཐུན་མོང་མིན་པའི་ཁྱད་པར་གྱི་ཆོས་མི་འདྲ་བ་རྣམས་ལ་ཟེར་རོ། །དེ་རྣམས་བྱེ་བྲག་རེ་རེ་ནས་འཛིན་པ་ལ་མཚན་མར་འཛིན་པ་ཞེས་བྱ་ལ་འདུ་ཤེས་ཞེས་ཀྱང་བརྗོད་དོ། །དེ་དག་ལ་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་དམིགས་སུ་མེད་པའི་ཕྱིར་རོ། །འདི་ནི། ཆོས་རྣམས་མི་འཛིན་གང་ཡིན་པ། །དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་སྒོམ་དོན་ནི། འདིའི་ཕན་ཡོན་ནི་མཚན་མ་ལ་མངོན་པར་ཞེན་པ་འགོག་པའོ། །རྩེ་མོའི་དམིགས་རྣམ་སྒོམ་ཚུལ་བསྟན་ཟིན་ཏོ། །བཟོད་པའི་དམིགས་རྣམ་སྒོམ་ཚུལ་ནི། དྲོད་དང་རྩེ་མོའི་སྐབས་སུ་སྟོང་ཉིད་ཡང་དང་ཡང་དུ་བསྟན་པས་བཟོད་པས་སྐབས་སུ་སྒོམ་མི་དགོས་སམ་སྙམ་ན་དགོས་ཏེ། འདིར་ཡང་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས་གཟུགས་སོགས་ཕུང་པོ་ལྔ་ངོ་བོ་ཉིད་དམ། རང་བཞིན་ནམ། གནས་ཚུལ་ལམ། དོན་དམ་པར་མེད་པ་ཉིད་དུ་བསྒོམ་པར་བྱའོ། །དེའི་རྒྱུ་མཚན་གཟུགས་སོགས་དོན་དམ་པར་མེད་པ་དེ་ཉིད་གཟུགས་སོགས་ཀྱི་ངོ་བོ་ཉིད་དམ་གནས་ཚུལ་ཡིན་པས་སོ། །དེ་ཡང་གཟུགས་སོགས་ལ་མངོན་པར་ཞེན་པ་འགོག་པ་ལ་དེའི་གནས་ཚུལ་རྟོགས་དགོས་པའི་དོན་ནོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པའི་སྒོམ་དོན་ནོ། །ཡང་སྐྱེ་བ་འཁོར་བ་དང༌། ངེས་འབྱུང་མྱ་ངན་ལས་འདས་པ་ལ་སྤྱིར་མངོན་པར་ཞེན་པ་དང༌། བྱེ་བྲག་ཏུ་བླང་དོར་དུ་ཞེན་པ་འགོག་དགོས་པས་འཁོར་འདས་གཉིས་སོ་སོ་ནས་རང་བཞིན་མེད་པར་མཉམ་པ་ཉིད་དུ་བསྒོམ་པར་བྱའོ། །སྲིད་ཞི་མཉམ་ཉིད་དུ་སྒོམ་པ་དང་དོན་གཅིག་གོ །དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཅེས་པའི་སྒོམ་དོན་ནི། དེ་ནས་བདག་དང༌། ཞེས་གསུངས་པའི་དོན་སྒོམ་ཚུལ་ནི། ལུས་ངག་ཡིད་གསུམ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས་སྟོང་པ་ཉིད་དུ་ཡོངས་སུ་བསྒོམ་པར་བྱའོ། །འདི་ནི་སངས་རྒྱས་ཀྱི་སར་སྐུ་གསུང་ཐུགས་རྣམ་པར་དག་པ་ཐོབ་པ་ཡིན་ནོ། །ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེར་རྟོག་མྱ་ངན་འདས་ཐོབ་རྒྱུ། །རྒྱུ་གཞན་གྱིས་ནི་སྡུག་བསྔལ་ཞི་མི་འགྱུར། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་བསྒོམས་པ་བཞིན། །ཞེས་སོ། །འདི་ཡི་དོན་ལེགས་པར་རྟོགས་ནས་སྒོམ་པ་གལ་ཆེ་བས་སྒོམ་ཚུལ་ལ་གཉིས་ཏེ། སྣང་བ་རྣམ་བདུན་ཤེས་བྱེད་དེ། །ཞེས་པའི་སྐབས་སུ་བསྟན་པའི་རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། བྲག་ཅ་དང༌། ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྤྲུལ་པའི་སྤྲུལ་པ་ལྟར་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕབ་ནས། སྣང་ཚུལ་ལ་དམིགས་ཏེ་གནས་ཚུལ་ལ་རང་བཞིན་མེད་པར་བསྒོམ་མོ། །འདི་ནི་སྣང་སྟོང་དབྱེར་མེད་དུ་སྒོམ་པ་སྟེ། དབུ་མ་སྒྱུ་མ་ལྟ་བུའི་འདོད་ཚུལ་གྱི་སྒོམ་མོ། །དབུ་མ་རབ་ཏུ་མི་གནས་པའི་འདོད་ཚུལ་གྱི་སྒོམ་ལུགས་ནི། ཐོག་མར་སྣང་བ་སོ་སོ་ནས་གསལ་བཏབ་ནས། རྗེས་ཐོགས་སུ་སྣང་བ་ཙམ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས་སྣང་ཙམ་ཡང་མི་དམིགས་པ་ནམ་མཁའི་དཀྱིལ་ལྟ་བུར་བསྒོམ་པ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། མཉམ་བཞག་གིས་ནི་ནམ་མཁའི་དཀྱིལ་ལྟར་དུ་མཁྱེན་ཏོ། །ཞེ་གསུངས་པའི་དོན་ནོ། །འདི་ནི། དག་དང༌། ཞེས་པའི་དོན་སྒོམ་ཚུལ་ལོ། །སྐུ་གསུང་ཐུགས་རྣམ་པར་དག་པ་ཐོབ་པའི་སླད་དུ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་སྒོམ་པར་མི་འཐད་དེ། ཆོས་རྣམས་ཀྱི་སོ་སོའི་མཚན་མ་མ་འདྲེས་པར་ཡོད་པས་སོ་སྙམ་ན། ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་ཆོས་རྣམས་ཀྱི་སོ་སོའི་མཚན་མ་དང༌། སྤུ་རིས་དང༌། ཐུན་མོང་མ་ཡིན་པའི་ཁྱད་པར་ལ་མཚན་མར་བརྗོད་པ་གང་ཡང་མེད་དེ། ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་ཁྱོད་ལས་མཚན་མ་རྣམས་ཀྱི་གཞི་རྟེན་ནམ་ཁྱད་གཞི་མ་གྲུབ་པའི་ཕྱིར་རོ། །ཁྱད་གཞི་གཟུགས་སོགས་ཡོད་དོ་སྙམ་ན། ཤེས་རབ་ཀྱིས་བརྟགས་ན་མེད་དེ། བརྟགས་ན་མོས་པ་ཡིད་བྱེད་དང་དེ་ཁོ་ན་ཉིད་ཡིད་བྱེད་དེའི་ཡུལ་མེད་པའི་ཕྱིར་རོ། །དེ་དག་ནི། དེ་དག་མཚན་མ་མེད་པ་དང༌། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པའི་དོན་སྒོམ་ཚུལ་ལོ། །བཟོད་པའི་དམིགས་རྣམ་སྒོམ་ཚུལ་བསྟན་ཟིན་ཏོ། །སྒོམ་པར་བྱེད་པའི་ཡུལ་ཅན་ཏིང་ངེ་འཛིན་བདེན་པར་ཡོད་དོ་སྙམ་ན། དང་པོར་བསྒོམ་བྱ་སྟོང་པ་ཉིད་དང༌། སྒོམ་བྱེད་ཏིང་ངེ་འཛིན་དང༌། སྒོམ་པ་པོའི་གང་ཟག་གསུམ་སོ་སོར་ངོས་བཟུང་ནས། རྗེས་ཐོགས་དེ་ཉིད་དུ་སྟོང་པ་ཉིད་དུ་རོ་གཅིག་པར་སྒོམ་ཚུལ་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་པས་བསྟན་ཏེ། མདོ་ལས་ཏིང་ངེ་འཛིན་མང་དུ་གསུངས་ཀྱང༌། མདོར་བསྡུས་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ན་བདེན་འཛིན་གྱི་དགྲ་ཚོགས་འཇོམས་པར་བྱེད་པ་སྟེ་སྟོང་པ་ཉིད་རྟོགས་པའི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། མཚན་འཛིན་གྱི་བྲག་རི་འཇིག་པར་བྱེད་པ་སྟེ། མཚན་མ་མེད་པར་རྟོགས་པའི་ཏིང་ངེ་འཛིན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཡུལ་བདེན་འཛིན་གྱི་ཞེན་པ་མེད་པར་བྱེད་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པར་བྱེད་པའི་ཏིང་ངེ་འཛིན་ནོ། །དང་པོ་གཉིས་ནི་མཉམ་བཞག་ཏུ་གཙོ་བོར་བསྒོམ་ལ། ཐ་མ་ནི་མཉམ་རྗེས་གཉིས་ཀར་བསྒོམ་ཞིང་གཙོ་བོར་རྗེས་ཐོབ་ཏུ་བསྒོམ་མོ། །ཏིང་ངེ་འཛིན་བསྒོམས་པའི་ཕན་ཡོན་ནི། རྗེས་ཐོབ་ཏུ་སྤྲུལ་སྒྱུར་སྣ་ཚོགས་ཀྱིས་གཞན་དོན་ཕྲིན་ལས་རྒྱ་ཆེན་པོ་འབྱུང་ཞིང༌། ཏིང་ངེ་འཛིན་གང་རྒྱུད་ལ་སྐྱེས་པ་ན་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པ་དང༌། མངོན་ཞེན་གྱི་རློམ་པ་ཟད་པའི་ནུས་པ་ཐོབ་པའོ། །བསྒོམ་བྱ་སྒོམ་བྱེད་སྒོམ་པ་པོ་གསུམ་པོ་རེ་རེ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས་བདེན་མེད་དུ་བསྒོམ་ཞིང༌། རེས་འགའ་གསུམ་པོ་ཕན་ཚུན་ངོ་བོ་སྟོང་པ་ཉིད་དུ་རོ་གཅིག་ཏུ་བསྒོམ་པར་བྱ་སྟེ། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཅེས་པའི་དོན་ནོ། །ཇི་སྐད་དུ། བུ་རམ་རང་བཞིན་མངར་བ་དང༌། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་གསུངས་པ་ལྟར་རོ། །འདི་ལྟར་བསྒོམས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པའི་དོན་ནི། རྗེ་བཙུན་དམ་པ་རྒྱ་གར་གྱིས་གོང་དུ་གསུངས་པ་ལྟར་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་ཀའི་ཆུང་འབྲིང་ཆེན་པོ་གསུམ་སྦྱར་ནས་ཤེས་པར་བྱའོ། །བསྒོམ་བྱ་སྟོང་པ་ཉིད་བདེན་པ་མེད་དེ། ཀླུ་སྒྲུབ་ཀྱིས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་སོ། །དེ་ཡང་སྟོང་པ་ཉིད་དུ་བདེན་པར་གྲུབ་པ་འགོག་པ་ཡིན་གྱི་སྟོང་པ་ཉིད་སྤྱི་ལྡོག་ནས་འགོག་པ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལ་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་གསུངས་སོ། །སྒོམ་བྱེད་ཀྱི་ཏིང་ངེ་འཛིན་ཀྱང་བདེན་མེད་དུ་བསྒོམ་དགོས་ཏེ། རྟོག་པ་ལ་རློམ་པ་ཡང་བཀག་པའི་ཕྱིར་དང༌། དེ་ལ་སྦྱོར་བ་བཀག་ཕྱིར་རོ། །ཞེས་གསུངས་པས་སོ། །སྒོམ་པ་པོའི་རྣལ་འབྱོར་པ་ཡང་བདེན་མེད་དུ་བསྒོམ་དགོས་ཏེ། གང་ཟག་རྫས་ཡོད་དུ་འཛིན་པའི་རྟོག་པ་སྤོང་དགོས་པའི་ཕྱིར། སྔ་མ་གཉིས་ནི་ཆོས་ཀྱི་བདག་མེད་སྒོམ་ཚུལ་ཡིན་ལ། ཕྱི་མ་གང་ཟག་གི་བདག་མེད་སྒོམ་ཚུལ་ཡིན་པས། བདག་མེད་གཉིས་ཅིག་ཅར་དུ་བསྒོམ་པའི་ཚུལ་ཡང་ལེགས་པར་གྲུབ་བོ། །མདོར་བསྡུས་ན། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པ་དང༌། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་དོན་གཉིས་སུ་བསྡུས་ནས་ཉམས་སུ་བླངས་པས་མི་མཐུན་ཕྱོགས་གཟུང་འཛིན་གྱི་རྟོག་པ་བཞི་སྤོང་ནུས་ལ། སེམས་མི་འགོག་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་པས་དགེ་བའི་བཤེས་གཉེན་གྱིས་དགྱེས་བཞིན་དུ་རྣམ་པ་ཀུན་ཏུ་རྗེས་སུ་འཛིན་པ་ཡིན་ནོ། །རྗེ་བཙུན་བྱམས་པའི་གསུང་གི་དོན་བསྡུས་ནས། ལེགས་བཤད་འོད་ཀྱི་སྣང་བ་རབ་སྤྲོས་ཏེ། །རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་གསལ་བར་བྱས། །ཐར་འདོད་སྐལ་ལྡན་ཐམས་ཅད་དགའ་བར་གྱིས། །འདིར་འབད་དགེ་བ་གང་ཞིག་ཐོབ་པ་དེས། །དུས་གསུམ་ཕ་མ་དང་བཅས་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་ཆེ་ལས་མྱུར་ཐར་ཏེ། །རྣམ་མཁྱེན་ཐར་པའི་གླིང་དུ་བགྲོད་པར་ཤོག །དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྗེ་དང༌། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་ཀྱིས། །བདག་གི་སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག །ཅེས་དམིགས་རྣམ་སྒོམ་པའི་ཁྲིད་ཡིག་རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་ཞེས་བྱ་བ་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །།འདི་བྲིས་དགེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་ནུས་པའི་ནུས་པ་དང་ལྡན་པར་གྱུར་ཅིག །དཔེ་གཉིས་བསྡུར་ནས་ཞུས་སོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*