ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་སྐོར།

༄༅། །ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་སྐོར་བཞུགས་སོ།། 

བླ་མ་ཤཱཀྱ་རྒྱལ་མཚན་པའི་དྲུང་དུ། ཞུ་བ། ཁྱེད་དབུས་གཙང་དག་པའི་ཞིང་ཁམས་ནས། སྐུ་ཁམས་བཟང་ཞིང་འགྲོ་དོན་རྒྱ་ཆེ། གདུལ་བྱ་ལོངས་སྤྱོད་ནམ་མཁའ་དང་མཉམ་པར་བཞུགས་ནས་ཡོད་ཅིང་ཐོས་པས་སེམས་ཤིན་ཏུ་དགའ། ང་རྒན་མོ་ད་ལྟ་འཚམས་པོ་ཡོད། སྐབས་ཞུ། ཁྱེད་དབུས་གཙང་ན་འགྲོ་དོན་ཆེ་ཡང་ང་ལ་མ་ཕན། མ་བུ་འབྲེལ་བ་རྨི་ལམ་ཙམ་དུ་འདུག་གོ །ང་ནི་རྒས། མི་ཚེ་སྟོང་པར་ཟད། འཆི་བ་མ་དྲན་འཆི་ཁར་ཆོས་མེད་པས། ཁྱེད་མདོ་རྒྱུད་ཡོན་ཏན་ཐམས་ཅད་ལ་མཁས་ཀྱང༌། ང་ལ་ལམ་སྟོན་མི་མེད། ང་རྒན་མོ་ནམ་འཆི་དུས་ཕན་ངེས་ཤེས་པའི་གདམས་པ་ཟབ་མོ་གཅིག་ཞུ། མདོ་ཕྱོགས་ཀྱི་རྒྱུ་མཚན་དགེ་བཤེས་ཡོན་ཏན་རིན་ཆེན་ལ་གསལ། ཞུ་ཡིག་མི་འཁྱར་བའི་རྟེན་དུ་དངུལ་སྤོ་རེ་གསུམ་བསྐུར་ཡོད། ཡོས་ལོ་ཟླ་བ་གསུམ་པའི་ཉེར་ལྔ་ལ་ཕུལ།།  ༈ ཨ་མ་བྱང་ཆུབ་འབུམ་གྱི་ཡི་གེ་རྟེན་དང་བཅས་པ་འཕྲོད། ཁྱེད་སྐུ་ཁམས་བཟང་པོ་ཡོད་འདུག་པ་ལེགས། ངེད་ཀྱང་དགེ་སྦྱོར་ལ་བརྩོན་པར་ཡོད། ན་ནིང་དགེ་བཤེས། གྲགས་པ། བཟང་པོ་གསུམ་ལ་ཡི་གེ་རྟེན་དང་བཅས་པ་བསྐུར་བ་བྱུང་ཡོད་ལས་ཆེ། ཨ་མ། ཁམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན། དེ་ལས་ཐར་བར་འདོད་ན། རང་དབང་གང་ཡོད་ཀྱི་རྒྱུ་རྣམས་དགེ་ཕྱོགས་སུ་གཏོང་ཞིང་ཆོས་ཟབ་མོ་སྟོན་པའི་བླ་མ་ལ་སྒོམ་ཁྲིད་ཞུས། ཨ་མ་ངེད་ཀྱིས་གསུངས་པའི་ཆོས་ཉམས་སུ་ལོན་པ་དཀའ། ལས་རྒྱུ་འབྲས་འདི་བདེན་པར་གོ་ཞིང་མིག་ཅན་གཡང་ལ་མཆོངས་པ་རྣམས་རང་གིས་རང་སླུ་བ་ཡིན་ཏེ། དེ་ལ་སྐྱོན་ཆེན་པོ་ཡོད་པར་ཐེ་ཚོམ་མེད། སྐྱེས་ནས་འཆི་བར་ཐག་ཆོད་པར་ཤེས་བཞིན་དུ་རྣམ་སྨིན་གྱི་དལ་འབྱོར་མི་ལུས་སྟོང་ལོག་བྱས་ནས་འཆི་ཆོས་མི་དྲན་པ་རྣམས་འོ་རེ་བརྒྱལ། འགྱོད་དེ་འཆི། ཚེ་འདིའི་སྒྲིབ་པ་ཤས་ཆུང་ཞིང༌། ཚེ་སྔ་མའི་རྣམ་སྨིན་གྱིས་མ་བསྒྲིབས་ན། ངེད་རང་མ་བུ་གཉིས་བདེ་འགྲོ་ཐོབ་ངེས་པའི་ལམ་གཅིག་འཚོལ་ཐབས་ཡོད་པས་འདི་བཞིན་ཐུགས་ལ་བཞག་འཚལ།། ༌༈ རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱིས་གྲུབ། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །ཡིད་རྩེ་གཅིག་འདུན་པས་གསོལ་བ་ཐོབ། །ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། །དེ་མ་གྲུབ་གཞོགས་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་སྐར་ཁུང་ཐལ་ལེ་བ། །སྒོ་མ་འགགས་གསལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྦུག་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། ཕཊཿ རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱིས་གྲུབ། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །སྙིང་བརྩེ་བས་ཡང་ཡང་བསྐྱངས་པའི་མ། །སྒོས་ཚེ་འདིའི་དལ་འབྱོར་མི་ལུས་འདི། །ཆོས་བྱང་ཆུབ་སྒྲུབ་པའི་རྟེན་དུ་བྱིན། །དྲིན་འཁོར་ཐབས་མེད་པའི་ཨ་མ་ལ། །བུས་སྒྱུ་ལུས་ཀྱིས་ཞབས་ཏོག་མ་གྲུབ་ཀྱང༌། །དེའི་དྲིན་ལན་དམ་པའི་ཆོས་ཀྱིས་འཇལ། །འདི་མ་བརྗེད་ཐུགས་ཀྱི་དཀྱིལ་དུ་ཞོག །ལར་སྐྱེས་པའི་ཐ་མ་འཆི་བ་ཡིན། །འདི་རྒན་གཞོན་ཁྱད་པར་མེད་ན་ཡང༌། །སྒོས་ཚེ་ཞབས་ནུབ་རིའི་ཉི་མ་བཞིན། །དུས་འཆི་བས་གཏུགས་པ་རྒས་པའི་ཆོས། །ད་ལོ་ཟླ་ཙམ་གྱི་ཚེ་གཞུག་ན། །མས་ཆགས་སྡང་གསོག་ལོང་མི་འདུག་པས། །རྗེ་བླ་མས་གསུངས་པའི་གདམས་ངག་དང༌། །དོན་རང་སེམས་གཅིག་ཏུ་བསྲེས་མཛོད་ཅིག །ནོར་སྡིག་དང་འདྲེས་པའི་གསོག་འཇོག་ལ། །རང་ལུས་ངག་ཡིད་གསུམ་འབད་བཏོན་ནས། །སེམས་ཡི་དྭགས་ས་བོན་འདེབས་པ་ཡང༌། །འདི་སྤྱིར་ན་སྤོང་བ་ཉུང་བར་གདའ། །ད་གསོག་ན་སྒོ་གསུམ་དགེ་བའི་ལས། །ཚེ་ཕྱི་མའི་ནོར་སྐལ་གསོག་པར་ཞུ། །མི་མཐོ་དམན་འབྲིང་གསུམ་ཀུན་ལ་ཡང༌། །རང་འགྱོད་པ་མེད་པར་བསྟུན་ན་ཡང༌། །དེ་མགུ་བ་ཉུང་ལ་འཁང་པ་མང༌། །ད་མི་སེམས་འཛིན་པའི་སྤྲོས་པ་ཤོལ། །བློ་ནང་དུ་ཁུག་ལ་རང་གི་སེམས། །དོན་ལྷན་ཅིག་སྐྱེས་པའི་རྒྱལ་ས་ཟུངས། །རང་ལྟོ་གོས་ཀྱི་སྡུག་བསྔལ་ཁྱད་བསད་ནས། །དུས་ཡུན་རིང་བསྐྱངས་པའི་བུ་ཚ་ཡང༌། །ལུས་རང་མགོ་ཁྱོག་ནས་དྲིན་བཞག་བྱེད། །འདི་སྡུག་བསྔལ་ཡིན་གྱི་རྒྱབ་ཏུ་སྐྱུར། །ལས་གྲུབ་དང་མ་གྲུབ་རྩིས་གདབ་ཤོལ། །བློ་རྣམ་རྟོག་ཆགས་སྡང་ལིང་གིས་སྐྱུར། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །ཡིད་རྩེ་གཅིག་གདུང་བས་གསོལ་བ་ཐོབ། །ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། །དེ་མ་འགྲུབ་གཞོགས་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོང་སྟོང་སྦ་ལྕག་ཙམ། །སྟེང་སྤྱི་གཙུག་སྐར་ཁུང་ཐལ་ལེ་བ། །སྒོ་མ་འགགས་གསལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྦུག་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པར་རྒྱངས་ཀྱིས་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དེ་ལན་གཅིག་མ་ཡིན་ཡང་ཡང་སྐྱོར། །ལུས་སེམས་དང་བྲལ་དུས་དགོས་པ་ཡིན། །དུས་ད་ལྟ་དམིགས་པ་གོམས་སུ་ཆུག །ཆོས་ཁྱད་པར་འཕགས་པའི་མན་ངག་འདི། །མ་དྲིན་ཅན་སེམས་ཀྱི་སྐྱོ་རོགས་མཛོད། །བཀའ་མདོ་རྒྱུད་ཀྱི་སྙིང་པོ་བསྡུས་ནས་ཕུལ། །བུ་ཡིད་ལ་དྲན་ཚེ་འདི་ལ་གཟིགས། །ང་མདུན་ན་ཡོད་ཀྱང་འདི་ལས་མེད། །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། །སེམས་དག་སྣང་ངང་དུ་ཡང་ཡང་མཇལ། །ཞེས་པ་འདི་མཚུངས་པ་མེད་པའི་རོང་སྟོན་ཆེན་པོས་དྲིན་ཅན་ཨ་མ་ལ་གདམས་པ་རྫོགས་སོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*