༄༅། །སྒོམ་ཁྲིད་མན་ངག་གི་སྐོར།།

༄༅། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་ཐབས་«ནི་གུའི་ཁྲིད་ཡིག་འདིའི་ལུང་མ་གསན་གསུངས་ནས་ལྗགས་ལུང་མ་བྱུང༌།་་་་་»ནི་གུ་ཆོས་དྲུག་གི་མན་ངག་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

༈ བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚད་མེད་ཡོན་ཏན་མི་ཟད་གཏེར་མངའ་ཞིང༌། །མཐའ་ཡས་འགྲོ་བ་མ་ལུས་སྐྱོབ་པའི་དབང༌། །ཕྲིན་ལས་གངྒཱའི་ཆུ་རྒྱུན་མི་ཟད་པ། །མ་ལུས་སྐྱོབ་པའི་དབང་པོ་ཁྱོད་ལ་འདུད། །ཟག་མེད་བདེ་བའི་དཔལ་ལ་རྣམ་རོལ་ཞིང༌། །ཀུན་སྦྱོར་འཆིང་བ་མ་ལུས་གཅོད་པར་མཛད། །རྡོ་རྗེ་འཆང་གི་ཉེ་ལམ་ཕུལ་བྱུང་བ། །གསུང་མཛད་ཡེ་ཤེས་མཁའ་འགྲོ་ལ་བཏུད་དེ། །སྔོན་མེད་ལེགས་པར་བཤད་པ་ཟབ་མོའི་གཏེར། །དད་ལྡན་སྐྱེ་བོ་རྣམས་ཀྱིས་འཇུག་ངོགས་ཆེ། །ཐར་འདོད་གདུལ་བྱ་རྣམས་ལ་བསྟན་པར་བྱ། །རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་གསུངས་པའི་སྙན་བརྒྱུད་ཀྱི་གདམས་པ་འདི་ལ་ཆོས་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། རྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དང་པོ་ཐབས་ལམ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །སྔོན་འགྲོ་ལ་གསུམ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ། །དང་པོ་དག་བྱེད་ཨའི་སྟོང་ར་སྒོམ་ཚུལ་ནི། སེམས་བསྐྱེད་སྔོན་དུ་བཏང་ནས། རང་གི་སྤྱི་བོར་བླ་མ་སྒོམ་ནས་གསོལ་བ་བཏབ་སྟེ། ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་ལན་མང་དུ་བྱའོ། །རང་གི་སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པས་མགྲིན་པར་སླེབ་པ། གདེངས་ཀ་གྱེན་དུ་ཕྱོགས་པའི་སྨིན་མཚམས་དང༌། ཟུར་གཉིས་རྣ་བ་གཉིས་སུ་སླེབ་པ་བསྒོམ། དེའི་ནང་དུ་ཨ་དཀར་པོ་གཅིག་བསམས་ནས་ངག་ཏུ་ཨ་ཨ་ཞེས་བརྗོད་པས། ཨ་ལས་བདུད་རྩིའི་རྒྱུན་བབས་ནས། ནད་གདོན་སྡིག་སྒྲིབ་དག་ནས་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟ་བུར་བསྒོམ་མོ། །གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ནི། ནང་ཚད་པ་ཤས་ཆེ་ན། བདུད་རྩིའི་རྒྱུན་ཤིན་ཏུ་བསིལ་བ་དང༌། གྲང་བ་ཤས་ཆེ་ན་བདུད་རྩིའི་རྒྱུན་རེག་བྱ་ཚ་བ་དང༌། རླུང་ནད་ལ་བདུད་རྩི་ཞུན་མར་ལྟར་བཅུད་ཅན་དུ་བསྒོམ་མོ། །གདོན་གནོད་པར་སྲོག་ཆགས་མང་པོ་ཐོན་པར་བསམ་མོ། །གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། ནམ་མཁའ་ལ་འཕུར་བ་དང༌། ལུས་ལ་ཉི་ཟླའི་འོད་ཤར་བ་ལ་སོགས་ནི། སྡིག་པ་དག་པའི་རྟགས་སོ། །ལུས་ལ་འཁྲུ་སྐྱུགས་དང༌། ཁྲག་འཛག་པ་ལ་སོགས་ནི། ནད་ཐོན་པའི་རྟགས་སོ། །སྡོམ་དང་སྡིག་པ་སོགས་སེམས་ཅན་ཐོན་པ་ནི། གདོན་ཐོན་པའི་རྟགས་སོ། །དེ་རྣམས་དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ངོ༌། །སྔོན་འགྲོའི་ཆོས་བསྟན་ཟིན་ཏོ། །གཉིས་པ་ཐབས་ལམ་བདེ་དྲོད་ཀྱི་དངོས་གཞི་ལ་ལྔ་ལས། དང་པོ་ལུས་གནད་མེའི་སྟོང་ར་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གཡོན་གྱིས་གྲི་གུག་དང་ཐོད་པ་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ཀ་བསྣམས་པའི་སྤྱི་བོར་བླ་མ་སྔར་བཞིན་བསྒོམ་ལ། བདེ་དྲོད་དང་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་ཅིང༌། ལུས་ཀྱི་ཕྱི་ནང་མེའི་རང་བཞིན་དུ་བསྒོམས་ལ། ལྟེ་བའི་ཐད་ཀའི་ཕྱོགས་བཞིར་མེ་ངང་པའི་སྒོ་ང་ཙམ་རེ་བསྒོམ། གཉིས་པ་གཏུམ་མོ་ཁ་ཟས་སུ་བཟའ་བ་ནི། རང་ཉིད་ཙོག་པུར་བྱས་པའི་རྐང་ལག་གཉིས་བསྣོལ་ལ་ལག་པ་གཡས་པས་རྐང་པའི་མཐེ་བོང་གཉིས་བཟུང་ལ། རང་ཉིད་རྗེ་བཙུན་མར་བསྒོམས་པའི་རྩ་གསུམ་གསལ་གདབ། རྩ་གསུམ་འཛོམ་སར་རཾ་ལས་མེ། ཡཾ་ལས་རླུང་གཡོས། མེའི་དབྱིབས་མགོ་མཇུག་ཕྲ་བ། དཀྱིལ་སྦོམ་པ། རྩེ་མོ་མགྲིན་པར་སླེབ་པ། མེ་འུར་སྒྲ་དང་བཅས་པས་ཁོང་ཁེངས་པར་བསམས། སྤྱོད་ལམ་ནི་ལུས་ཀྱི་ལས་སུ་འཁྲུལ་འཁོར། ངག་གི་ལས་སུ་རླུང་བཟུང༌། །མི་ཐུབ་ཙ་ན་ཤ་ཁྲག་ན་མར་བཏང་བས་དྲོད་མྱུར། ཡིད་ཀྱི་ལས་སུ་མེ་འབར་བཞིན་པ་ལ་དམིགས་པ་འཛིན་ནོ། །གསུམ་པ་གཏུམ་མོ་གོས་སུ་གྱོན་པ་ནི། པུས་བྲང་སྦྱར་ལ་ལྐོག་མ་པུས་མོ་ལ་བཀལ། ལག་པ་བསྣོལ་ལ། ལག་མཐིལ་མཆན་འོག་ཏུ་དགབ། མེའི་དམིགས་པ་སྔར་བཞིན་བྱས་ལ་སྟེང་འོག་གི་རླུང་བཟུང་ངོ༌། །བཞི་པ་གཏུམ་མོ་གདན་དུ་བཏིང་བ་ནི། རླུང་དང་དམིགས་པ་གོང་བཞིན་བྱས་ལ། རྐང་པ་གཅིག་གིས་སྒྱུད་མོ་ཁུང་གི་བོལ་གོང་མནན་ནས་སྒོར་མོར་ཉལ་ལོ། །ལྔ་པ་སྲིད་པའི་དབང་ཞུ་བ་ནི། སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམ་ལ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་གཅིག་ཏུ་བསྡུས་ནས་བླ་མའི་ཐུགས་ཀར་ཐིམ། བླ་མ་རིན་པོ་ཆེས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། བླ་མའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་རང་གི་གནས་གསུམ་ལ་ཐིམ། རྐང་མཐིལ་ཡན་ཆད་འོད་ཀྱིས་གང་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག གསུམ་པོ་ཐ་དད་དུ་འཛིན་པའི་དྲི་མ་དག་ཅིང༌། དབང་བཞི་ཐོབ་པར་བསམ་མོ། །རྗེས་ལ་གཉིས་ཏེ། གེགས་རང་གྲོལ་དང༌། རླུང་རྟར་ཞོན་པའོ། །གེགས་རང་གྲོལ་ནི། གང་ན་སར་རིན་པོ་ཆེ་འབར་བ་ལྟ་བུ་བསམས་ལ། རླུང་དྲག་ཏུ་བུས་ལ་ནད་གདོན་ཐམས་ཅད་ཕྱིར་ཐོན་པར་བསམ་མོ། །གཉིས་པ་རླུང་རྟར་ཞོན་པ་ནི། འགྲོ་བའི་ཚེ་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཆན་ཁུང་དུ་བཅུག་ལ། རླུང་གི་ལྷ་མོ་གཤོག་པ་ཅན་གཉིས་ཀྱིས་བཏེག་པར་བསམས་ལ་འགྲོ་ན་རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་ངོ༌། །ཐབས་ལམ་བདེ་དྲོད་རང་འབར་གྱི་གདམས་པ་བསྟན་ཟིན་ཏོ། །གཉིས་པ་རྒྱུ་ལུས་ཆགས་སྡང་རང་གྲོལ་ལ། ཅིར་སྣང་བདེན་མེད་ལམ་ཁྱེར་དང༌། རང་ལུས་སྣང་སྟོང་ལྷ་སྐུ་གཉིས་སོ། །དང་པོ་ལ། འགྲོ་དྲུག་སྒྱུ་མར་འཆར་བྱེད་ནད་གདོན་སྒྱུ་མའི་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག ཞེན་མེད་སྒྱུ་མ་རང་ཤར་རོ། །དང་པོ་ནི། རང་ཡི་དམ་དུ་བསྒོམས་པའི་ལྟེ་བར། ཆོས་འབྱུང་གྲུ་གསུམ་བསྒོམ་པའི་ནང་དུ། རིགས་དྲུག་སེམས་ཅན་བསམས་ལ། དེ་ཐམས་ཅད་རང་གི་འཁྲུལ་སྣང་ཙམ་ཡིན་གྱི་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམ་མོ། །གཉིས་པ་ནད་གདོན་སྒྱུ་མའི་ལམ་ཁྱེར་ནི། ནད་ཀྱི་ངོ་བོ་བདེན་མེད་སྒྱུ་མར་སྒོམས། གདོན་གྱིས་གནོད་ན་གདོན་གང་གནོད་པ་དེ་སྣ་བུག་གཡས་ནས་ལྟེ་འོག་ཆོས་འབྱུང་གི་ནང་དུ་བཅུག་ལ། ཆོས་འབྱུང་ཁ་བསྡུས་དཀྲུག་འཁོར་བྱ། གནོད་བྱེད་དེ་སྡུག་བསྔལ་ཉམས་སུ་མྱོང་བས་འགྱོད་པ་སྐྱེས་པར་བསམ། དེ་ནས་མདུན་དུ་ཐོན་པ་ལ་ལན་ཆགས་ཀྱི་གཏོར་མ་བྱིན་ནས། གནོད་བྱ་གནོད་བྱེད་བདེན་མེད་དུ་བསྒོམ་མོ། །གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། བློ་ལ་གཟུགས་སོགས་ཚོགས་དྲུག་གི་ཡུལ་གང་སྣང་ཐམས་ཅད་བདེན་མེད་དུ་བསྒོམས་པས། ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེན་མེད་དུ་འཆར་རོ། །བཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་ཤར་བའི་ངང་ནས། བསྟོད་སྨད་ཀྱི་སྒྲ་ཐམས་ཅད་སྒྱུ་མ་ལྟ་བུར་ཤར་བས་ཆགས་སྡང་གྲོལ་བའོ། །གཉིས་པ་རང་ལུས་སྣང་སྟོང་ལྷ་སྐུ་ནི། རང་ཉིད་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཁར་བསྣོལ་བ། གཡས་བརྐྱངས་གཡོན་ཅུང་ཟད་བསྐུམ་པ། མེ་ལོང་ནང་གི་གཟུགས་བརྙན་ནམ། འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་བྱའོ། །དེ་ནས་སྐུ་དེ་ཉིད་བརྒྱ་སྟོང་ལ་སོགས་སྤྲོ་བར་བྱས་ནས། ཕྱི་གང་སྣང་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསླབ་བར་བྱའོ། །སྒྱུ་ལུས་བསྟན་ཟིན་ཏོ། །གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ། རྨི་ལམ་བཟུང་བ། སྦྱང་བ། སྤྲུལ་བསྒྱུར། ཡུལ་སྣང་གཏན་ལ་དབབ་པའོ། །དང་པོ་རྨི་ལམ་བཟུང་བ་ལ། རང་ཟིན་དང༌། འཆུག་མེད་དོ། །དང་པོ་རང་ཟིན་ནི། ཐིག་ལེ་དབང་བཞིའི་གནད་ཀྱིས་གཟུང་བ་ནི། བླ་མའི་རྣལ་འབྱོར་བྱས་ཏེ། རྨི་ལམ་ཟིན་པའི་གསོལ་བ་དྲག་ཏུ་བཏབ་བོ། །རང་གི་སྤྱི་བོར་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ཆད། སྙིང་ཁར་བྱུང་བས་གཏི་མུག་དག གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ་གཅིག་ཆད་སྙིང་ཁར་བྱུང་བས་འདོད་ཆགས་དག གཉིས་ཀ་དབྱེར་མེད་དུ་ཐིམ་པས་ཞེ་སྡང་རང་དག་དུ་སོང་བར་བསྒོམ་མོ། །དེ་ནས་ཐིག་ལེ་གཉིས་པོ་སྙིང་ཁར་ཆོས་འཁོར་དུ་འབྲོས་འདེད་ཀྱི་ཚུལ་གྱིས་སྒོར་རོ་རོ་འཁོར་བ་ལ་རྩེ་གཅིག་ཏུ་དམིགས་ལ། ང་གཉིད་དུ་སོང་འདུག་འདི་ཀ་རྨི་ལམ་སྒྱུ་མ་ཡིན་སྙམ་དུ་དྲན་འདུན་དྲག་པོ་བྱ། ཐིག་ལེ་འཁོར་བ་བུམ་དབང༌། སྐབས་སུ་རེག་པ་གསང་དབང༌། རེག་པས་བདེ་བ་སྐྱེས་པ་གསུམ་པ། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ། མི་དམིགས་པར་སོང་བར་བསམ་པ་བཞི་པའོ། །གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་སོང་བ་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ༌། །དེས་རྨི་ལམ་རང་ཟིན་འབྱུང་ངོ༌། །ཟིན་པའི་ཚུལ། ཐག་མར་གཉིད་ཐུན་ཕྲ་མང་པོ་འབྱུང་ངོ༌། །དེ་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་བཞིན། དེའང་འཇམ་ཟིན་དང་རྩུབ་ཟིན་གཉིས་གང་རུང་འབྱུང་ངོ༌། །གཉིས་པ་འཆུག་མེད་ལ། ལྷ་སྐུ་ལ་བཟུང་བ། བླ་མ་ལ་བཟུང་བ། རྟོག་བཅས་ལམ་དུ་ཁྱེར་བའོ། །དང་པོ་ལྷ་སྐུ་བཟུང་བ་ནི། རང་གི་སྟེང་རླུང་ཐིག་ལེ་དཀར་པོ་དང་འགྲོགས། འོག་རླུང་ཐིག་ལེ་དམར་བ་དང་འགྲོགས། ལྟེ་བར་འཁོར་བ་རྨི་ལམ་སྒྱུ་མའི་དྲན་འདུན་རྩེ་གཅིག་ཏུ་བྱས་ལ་རླུང་གཉིས་སྦྱོར། གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་པོ་སྣ་བུག་གཡས་ནས་ཐོན། དམར་བ་གཡོན་ནས་ཐོན་ནས་སྨིན་ཕྲག་དུ་འཁོར་བ་ལ་རྨི་ལམ་དྲན་འདུན་བཏང༌། དེ་ནས་ཐིག་ལེ་དཀར་བ་བདེ་མཆོག་དཀར་པོར་གྱུར། དམར་བར་ཡུམ་དུ་གྱུར་པ་མདུན་དུ་དམིགས་ལ་དྲན་འདུན་བྱ། དེ་མཐར་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ༌། །གཉིས་པ་བླ་མ་ལ་བཟུང་བ་ནི། རང་བདེ་མཆོག་ཏུ་བསྒོམས་པའི་ཐུགས་ཀར་ཧཱུྃ་དཀར་པོ་ཞིག་བསམས་ནས། ཧཱུྃ་གི་འོད་ཀྱིས་བླ་མ་གསལ། བླ་མའི་འོད་ཀྱིས་ཡི་དམ་གསལ་བ་ལ་དྲན་འདུན་རྩེ་གཅིག་ཏུ་བཏང་ངོ༌། །གཉིད་དུ་འགྲོ་ཁར་ཡི་དམ་བླ་མར་ཐིམ། བླ་མ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ༌། །གསུམ་པ་རྟོག་བཅས་ལམ་དུ་ཁྱེར་བ་ནི། རྨི་ལམ་ཟིན་པར་བྱེད་པའི་རྒྱུ། གཉིད་དང་རྨི་ལམ་བར་གྱི་རྟོག་པ་ཡིན་པས། སྔར་གྱི་དམིགས་པ་ལ་སེམས་གཏད་ནས་དྲན་འདུན་དྲག་པོ་བཏང་བའི་མཐར། གཉིད་ལོག་པས་གཉིད་དུ་མ་སོང་བའི་སྣང་བ་འགགས། གཉིད་དང་རྨི་ལམ་རགས་པ་མ་ཤར་བའི་བར་དེར་མིའམ་ཕྱུགས་ལ་སོགས་པའི་རྟོག་པ་རབ་རིབ་བྱུང་བ་དེ། འདི་རྨི་ལམ་དུ་འདུག་སྙམ་དུ་ངོས་ཟིན་པར་བྱས་ནས། མིག་མི་འབྱེད་པར་འོག་རླུང་བསྐུམ་པས་རྨི་ལམ་མི་ཟིན་མི་སྲིད་དོ། །གཉིས་པ་རྨི་སྦྱང་བ་ལ། ལུས་སེམས་ཀྱིས་སྦྱང་བ་དང༌། བདག་མེད་མས་སྦྱང་བ། འདུན་པས་སྦྱང་བའོ། །དང་པོ་ལུས་སེམས་ཀྱིས་སྦྱང་བ་ནི། །རྨི་ལམ་དུ་ཡིད་ཀྱིས་ཡ་ང་བའི་གཡང་ས་སྤྲུལ་ནས་དེ་ལ་མཆོང་བ་ལ་སོགས་པ་དང༌། རྒྱ་མཚོ་ཆེན་པོར་སྤྲུལ་ནས་དེའི་ནང་དུ་མཆོང་རྒྱུགས་ལ་སོགས་པ་བྱེད་པས་སྦྱང་ངོ༌། །གཉིས་པ་བདག་མེད་མས་སྦྱང་བ་ནི། རང་ཡི་དམ་དུ་གསལ་བའི་ནོར་བུ་ལ་ཧཱུྃ་སྔོན་པོ་བསམ། མདུན་དུ་བདག་མེད་མ་བསྒོམས་པའི་གསང་གནས་སུ། ཨོཾ་ཨཾ་སྭཱཧཱ། ཞེས་པ་སྔོན་པོ་བསམ། བཟླས་པ་བྱས་པས་སྔགས་འོད་ཟེར་སྔོན་པོ་བྱུང་ནས་ནོར་བུའི་ཧཱུྃ་ལ་ཕོག་པས། དེའང་འོད་དུ་ཞུ་བ་འདྲེས་ནས། གསང་གནས་ནས་ཡར་སོང་བས་ལུས་བདེ་ཁྲིལ་བྱུང་བས་སྡིག་སྒྲིབ་སྦྱངས་པར་བསམ། ཡང་སྔགས་བཟླས་པས་འོད་བྱུང༌། བདག་མེད་མ་ལ་ཕོག འོད་དུ་ཞུ། གསང་གནས་ནས་ཡར་སོང༌། སྔར་ལྟར་སྡིག་སྒྲིབ་སྦྱངས། མཐར་རང་ལུས་འོད་སྔོན་པོ་དེ་ཡང་སྔོ་ཡལ་གྱིས་སྟོང་སངས་ཀྱིས་བསམས་ནས། ཕྱག་རྒྱ་ཆེན་པོ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག་གོ །ཡི་དམ་གཞན་ལའང་སྦྱར་རོ། །འདུན་པས་སྦྱང་བ་ནི། སེམས་ཅན་དང་རི་ལ་སོགས་པ་གང་མཐོང་ལ་ཕར་ཐལ་ཚུར་ཐལ་ལ་སོགས་པས་སྦྱང་ངོ༌། །གསུམ་པ་སྤྲུལ་བསྒྱུར་ལ་གཉིས་ཏེ། མ་དག་པའི་སྤྲུལ་བསྒྱུར་དང༌། དག་པའི་སྤྲུལ་བསྒྱུར་རོ། །དང་པོ་མ་དག་པའི་སྤྲུལ་བསྒྱུར་ནི། གཉིད་དུ་སོང་བའི་དུས་སུ་རྨི་ལམ་གྱི་གནས་སྐབས་ཤེས་པར་བྱས་ནས། སྟག་ལ་སོགས་པ་བྱུང་ན། སེང་གེ་ལ་སོགས་པར་སྤྲུལ་ནས་འདུལ་ལོ། །ཀླུ་བདུད་བྱུང་ན་ཁྱུང་དུ་སྤྲུལ་ནས་འདུལ། རྒྱལ་པོ་བྱུང་ན་རྟ་མགྲིན་དུ་སྤྲུལ་ནས་འདུལ་བ་སོགས་ཡིད་ཀྱིས་དཔགས་ནས་གཉེན་པོ་གང་ལ་གང་འདུལ་དུ་བྱའོ། །དག་པ་ལྷའི་སྤྲུལ་བསྒྱུར་ནི། ཡི་དམ་ལྷའི་སྐུ་མདོག་ཕྱག་མཚན་གསལ་གདབ་ཅིང༌། ལྔ་དང་བཅུ་ལ་སོགས་པར་སྤེལ་ནས་སྤྲུལ་བསྒྱུར་གང་མོས་གང་འདོད་དུ་བྱའོ། །བཞི་པ་ཡུལ་སྣང་གཏན་ལ་དབབ་པ་ལ། རབ་འབྲིང་ཐ་མ་གསུམ་ལས། རབ་ནི། ཡུལ་འདི་དང་འདིར་གཏན་ལ་དབབ་པར་བྱའོ། །སྙམ་པའི་འདུན་པ་དྲག་པོ་སྔོན་དུ་བཏང་ནས། ལྟ་བར་འདོད་པའི་ཡུལ་རང་གི་སྙིང་ཁར་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་བཀོད་ནས་གསལ་བཏབ་པས། ཡུལ་ཇི་ལྟ་བ་བཞིན་གཏན་ལ་ཕེབས་སོ། །འབྲིང་ཡིད་ཀྱིས་བྱ་རྒོད་སོགས་སྤྲུལ་ནས། ཡིད་ལུས་ཀྱིས་ལྟར་ཕྱིན་པས་གཏན་ལ་ཕེབས་སོ། །ཐ་མ་ཐབས་ཀྱི་ཡུལ་སྣང་གསལ་བྱེད་ལ་གསུམ་སྟེ། བདག་མེད་མ་ཡུལ་སྣང་འཆར་བྱེད། ཨ་ཡུལ་སྣང་རང་གསལ། ཐིག་ལེ་ཡུལ་སྣང་གསལ་བྱེད་དོ། །དང་པོ་ནི། རང་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཐོད་པ་བསམས་པའི་ནང་དུ། ཨོཾ་ཨཾ་སྭཱཧཱ། ཞེས་པ་བསྒོམས་ལ། ངག་གི་བཟླས་པ་བྱས་པས། འོད་ཟེར་ཁ་དོག་ལྔ་ལྡན། སྣ་བུག་གཡས་གཡོན་ནས་འཕྲོས་པས། བདག་མེད་མ་ལ་སོགས་ཡི་དམ་གྱི་ལྷ་རང་རང་གི་སྔགས་སྒྲ་དི་རི་རི་སྒྲོགས་པ་བྱུང་ནས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ཡི་དམ་གྱི་ལྷར་གྱུར། འོད་ཟེར་གྱི་སྣ་ལ་མཆོད་པ་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པས་ཡི་དམ་མཆོད་པར་བསམས། ཡུལ་སྣང་གང་འདོད་ཐམས་ཅད་གཏན་ལ་ཕེབས་པའི་གསོལ་བ་དྲག་ཏུ་འདེབས་སོ། །ཉིན་མཚན་གཉིས་ཀར་འབད་དོ། །གཉིད་ལོག་ཁར་རང་ཉིད་ཀྱི་ལྟེ་བའི་ཐོད་པའི་ནང་གི་སྔགས་དེ་བདག་མེད་མར་གྱུར། དེའི་ཐུགས་ཀར་གང་ལྟ་བར་འདོད་པའི་ཞིང་ཁམས་ལ་སོགས་པའི་ཡུལ་སྣང་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེ་གསལ་བཏབ་ལ་གཉིད་ལོག་པར་བྱའོ། །དེས་ཡུལ་སྣང་ཐམས་ཅད་གཏན་ལ་ཕེབས་སོ། །གཉིས་པ་ཨ་ཡུལ་སྣང་རང་གསལ་ནི། རང་ཡིད་དམ་དུ་གསལ་བའི་རྩ་དབུ་མའི་ལྟེ་བའི་ཐད་ཀར་ཡི་གེ་ཨ་དཀར་ལ་འཚེར་བའི་འོད་ཀྱིས། རྩ་དབུ་མ་ཁེངས་པར་ཉིན་མཚན་རྩེ་གཅིག་ཏུ་བསྒོམ་མོ། །གསུམ་པ་ཐིག་ལེ་ཡུལ་སྣང་གསལ་བྱེད་ནི། རང་གི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ། གསང་གནས་ཀྱི་ཧཱུྃ་ལས་དམར་པོ་དང༌། ལྟེ་བའི་ཨ་ལས་ཐིག་ལེ་དམར་སྐྱ་བྱུང་ནས། དེ་རྣམས་སྙིང་ཁར་འདྲེས་ཤིང་གཅིག་ཏུ་གྱུར་པའི་འོད་ཟེར་བ་ཐག་ལྟ་བུ། གང་ལྟ་བར་འདོད་པའི་ཡུལ་སྣང་དེར་བཅུག་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་གཉིད་ལོག་པར་བྱའོ། །དེས་ལྟ་བར་འདོད་པའི་ཡུལ་སྣང་གཏན་ལ་ཕེབས་སོ། །དེ་ཡང་རྨི་ལམ་ལེགས་པར་ཟིན་པ་ལ་བརྟན་པ་ཐོབ་པ་དང༌། དེ་ནས་རིམ་གྱིས་སྦྱོང་སྤེལ་ལ་སོགས་པ་བྱ། རྨི་ལམ་ཉིང་འཁྲུལ་རང་དག་བསྟན་ཟིན་ཏོ། །བཞི་པ་འོད་གསལ་གཏི་མུག་རང་སངས་ལ་གཉིས་ཏེ། མཚན་བཅས་ཀྱི་འོད་གསལ། མཚན་མེད་ཀྱི་འོད་གསལ་ལོ། །དང་པོ་ལ་གསུམ་སྟེ། འོད་གསལ་བཟུང་བ། ལམ་དུ་ཁྱེར་བ། བསྲེ་བའམ། མཐར་ཐུག་གི་འོད་གསལ་ལོ། །དང་པོ་འོད་གསལ་བཟུང་བ་ལ་དམིགས་པའི་གནད་གསུམ་སྟེ། ཨ་ལ་བཟུང་བ། བདག་མེད་མ་ལ་བཟུང་བ། བླ་མ་ལ་བཟུང་བའོ། །དང་པོ་ཨ་ལ་བཟུང་བ་ནི། རང་ཉིད་ཡི་དམ་དུ་གསལ་བའི་རྩ་དབུ་མ་ལྟེ་འོག་སོར་བཞི་ཙམ་དུ་རང་གི་སེམས་ཉིད་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་དུ་བསམས་ལ། སེམས་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བཞག་གོ །གཉིས་པ་བདག་མེད་མ་ལ་བཟུང་བ་ནི། ཀླད་པ་དང་ཐོད་པའི་བར་དུ་བདག་མེད་མ་དཀར་མོ་ཚོན་གང་པ་ཞིག་བསྒོམ་ཞིང༌། དེའི་ཐུགས་ཁར་ཨ་དཀར་མོ་གཅིག་བསྒོམ། དེ་ལས་འོད་འཕྲོས་པས། ཀླད་པའི་ཕྱི་ནང་སྦྱངས་ཏེ། ཐོད་པ་དུང་ཁང་གི་གཞལ་ཡས་ཁང་འོད་ཀྱི་རང་བཞིན་དཀར་ལམ་མེ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པར་བྱའོ། །དེ་ནས་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་བསྒོམ་མོ། །གསུམ་པ་བླ་མ་ལ་བཟུང་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར། བླ་མ་ཐིག་ལེའི་ངོ་བོ་བདེ་བའི་རང་བཞིན་ཅན་ཅིག་བསམ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསམ། ཧཱུྃ་ལས་འོད་འཕྲོས་བླ་མ་གསལ། བླ་མ་ལས་འོད་འཕྲོས་ཡི་དམ་གསལ་བར་བསམ་ལ་རྩེ་གཅིག་ཏུ་སེམས་གཏད་ལ་བསྒོམ། འོད་གསལ་བཟུང་བའི་དམིགས་པ་འདི་རྣམས་ལ་མ་ཡེངས་པའི་ངང་ནས་སྒྲིམ་ལྷོད་རན་པར་བྱས་ལ། ཉིན་མཚན་གཉིས་ཀར་རྩེ་གཅིག་ཏུ་འབད་ལ་བསྒོམ། ཁྱད་པར་དུ་གཉིད་དུ་འགྲོ་ཁར་གཉིད་དུ་མ་སོང་བའི་སྣང་བ་འགགས། གཉིད་དང་རྨི་ལམ་རགས་པ་མ་ཤར་བའི་བར་དེར། རྣམ་རྟོག་གཞན་གྱིས་མ་ཡེངས་པར་འོད་གསལ་ལ་རྟོག་པ་མེད་པར་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏད་པས་འོད་གསལ་མི་ཟིན་མི་སྲིད་དོ། །འོད་གསལ་བསྒོམ་པའི་དོན་ནི། རང་གི་སེམས་སྟོང་ཉིད་ནམ་མཁའ་ལྟ་བུར་བསྒོམ་པའོ། །གཉིས་པ་ལམ་ཁྱེར་ལ་གཉིས་ཏེ། ཉིན་པར་སྐུ་གསུམ་ལམ་ཁྱེར། མཚན་མོ་སྐུ་གསུམ་རང་ཤར་རོ། །དང་པོ་ནི། ཉིན་པར་ཅི་སྣང་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་བྱས་ལ། སྟོང་པའི་ཆ་ངོ་བོ་ཉིད་སྐུ། གསལ་བའི་ཆ་ལོངས་སྐུ། ཉམས་སུ་མྱོང་བ་སྤྲུལ་སྐུ་ངོས་བཟུང་སྟེ། དེ་ལྟར་ལམ་དུ་ཁྱེར་རོ། །མཚན་མོ་སྐུ་གསུམ་རང་ཤར་ནི། སེམས་སྟོང་པ་ཉིད་དང་གསལ་ཆ་ཉམས་སུ་མྱོང་བའི་ཆ་གསུམ་འཆར་བའོ། །གསུམ་པ་བསྲེ་བ་ལ་གསུམ་སྟེ། གསལ་སྟོང་དབྱེར་མེད་དུ་བསྲེ་བ། ཉིན་མཚན་དབྱེར་མེད་དུ་བསྲེ་བ། མཉམ་རྗེས་དབྱེར་དུ་བསྲེ་བ། །དང་པོ་ནི་གང་སྣང་ཐམས་ཅད་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ་པའོ། །གཉིས་པ་ཉིན་མཚན་དབྱེར་མེད་དུ་བསྲེ་བ་ནི། ཉིན་པར་གོམས་པའི་སྟོབས་མཚན་མོ་སྦྱར། མཚན་མོ་གོམས་པའི་སྟོབས་ཉིན་པར་ལ་སྦྱར་བའོ། །གསུམ་པ་མཉམ་རྗེས་དབྱེར་མེད་དུ་བསྲེ་བ་ནི། མཉམ་བཞག་ཏུ་བསྒོམ་པ་ལྟར་རྗེས་ཐོབ་ཏུ་ཡང་བསྒོམ་མོ། །རྗེས་ཐོབ་དུ་གསལ་འདེབས་པ་ལྟར་མཉམ་བཞག་ཏུ་ཡང་བསྒོམ་པའོ། །གཉིས་པ་མཚན་མེད་ཀྱི་འོད་གསལ་ལ་གཉིས་ཏེ། དཔེའི་འོད་གསལ་དང༌། དོན་གྱི་འོད་གསལ་ལོ། །དང་པོ་ནི། ནམ་ལངས་པའི་དུས་སུ་མུན་པ་སངས་ཤིང༌། ཉི་མ་མ་ཤར་བའི་བར་གྱི་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དོན་གྱི་འོད་གསལ་ནི། རང་གི་སེམས་རང་བཞིན་གྱིས་སྟོང་པ། རྣམ་པར་རྟོག་པས་མ་བསླད་པའི་སེམས་ཀྱི་ངོ་བོའམ། རང་བཞིན་སྟོང་པ་ཉིད་དོ། །འདི་གཉིས་ནི་གསང་འདུས་ཀྱི་རྒྱུད་དང༌། ཀླུ་སྒྲུབ་ཀྱི་རིམ་ལྔ་དང༌། ཨརྻ་དཱེ་བའི་མངོན་པར་བྱང་ཆུབ་པའི་རིམ་པ་དང་གསུམ་ལས་བཤད་དོ། །མདོར་ན་སེམས་ཀྱི་ཡུལ་སྟོང་པ་ཉིད། ཡུལ་ཅན་སྟོང་ཉིད་རྟོགས་པའི་བློ་ལ་བཤད་དོ། །ཨརྻ་དཱེ་བས་འོད་གསལ་དང་ཡང་དག་པའི་མཐའ་གཉིས་མིང་གི་རྣམ་གྲངས་སུ་བཤད། ཡུལ་ཅན་ལ་འོད་གསལ་དུ་བཤད་པ་ནི། ཡུལ་གྱི་མིང་གིས་བཏགས་ནས་བཤད་པའོ། །འོད་གསལ་བཤད་ཟིན་ཏོ། །འཕོ་བ་ལ་རབ་འབྲིང་མཐའ་གསུམ་སྟེ། རབ་དམིགས་མེད་ཆོས་སྐུའི་འཕོ་བ། འབྲིང་ལོངས་སྐུའི་འཕོ་བ། ཐ་མ་དག་པ་མཁའ་སྤྱོད་ཀྱི་འཕོ་བའོ། །དང་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་བྱས་ནས་འཕོ་བྱ། འཕོ་བྱེད་དང་བྲལ་བ་རྟོགས་པའི་ཡུལ་གྱིས་འཕོ་བའོ། །འབྲིང་ཡི་དམ་ལོངས་སྐུའི་འཕོ་བ་ནི། རང་ཡི་དམ་དུ་བསྒོམ། རྩ་དབུ་མ་གསལ་བཏབ་ནས། དབུ་མའི་ལྟེ་བའི་ཐད་ཀར་སེམས་ཀྱི་ངོ་བོ་ཧཱུྃ་སྔོན་གཅིག་བསྒོམས། སྤྱི་གཙུག་ཏུ་ཡི་དམ་བསྒོམས་ནས། དེའི་ཐུགས་ཀ་ནས་འོད་ཟེར་བ་ཐག་ལྟ་བུ་བྱུང་ནས། ཧཱུྃ་གི་མགོ་ལ་ལྕགས་ཀྱུས་བཏབ་པ་ལྟར་བྱས་ནས། ཁྲོན་སྐྱོགས་དྲངས་པ་ལྟ་བུའི་ཚུལ་དུ་བྱས་ནས། ཧཱུྃ་ཡི་དམ་གྱི་ཐུགས་ཀར་ཐིམ་ནས། ཡི་དམ་དགའ་ལྡན་ནམ། འོག་མིན་གྱི་གནས་སུ་གཤེགས་པར་བསམས། སྦྱང་བའི་དུས་སུ་ཧཱུྃ་ཐོད་པའི་འོག་སོར་གཉིས་ཙམ་དུ་དྲངས་ཀྱི། དེ་ལས་ཐལ་བ་མི་བྱེད་དེ། དུས་མ་ཡིན་པར་འཆི་བའི་ཉེས་པ་ཡོད་དོ། །འབྱོངས་པའི་ཚད་ནི། རབ་སྤྱི་གཙུག་འབུར་བ་དང༌། འབྲིང་ཆུ་སེར་རྡོལ་བ་དང༌། ཐ་མ་ཟ་བ་ལ་སོགས་པ་འབྱུང་ངོ༌། །འདི་ནི་སྦྱང་བའོ། །ལས་ལ་སྦྱར་བ་ནི། ཚངས་པའི་བུ་ག་དཀར་ཁུང་ཁ་ཕྱེ་བ་ལྟར་བསྒོམས་ནས། རྩ་དབུ་མའི་ནང་གི་ཧཱུྃ་ཧིཀའི་སྒྲས་དྲངས་ནས་སྤྱི་གཙུག་ནས་ཐོན་པར་བསམ་མོ། །འཕོ་བ་མ་བསྒོམས་སངས་རྒྱས་བསྟན་ཟིན་ཏོ། །བར་དོ་རྒྱལ་བ་ལོངས་སྐུ་ནི། སྔར་བསྐྱེད་པའི་རིམ་པ་གོམས་པ་ཐོབ་པའི་སྟོབས་ཀྱིས། འཆི་བ་འོད་གསལ་ལས་སྒྱུ་མ་ལྟ་བུའི་གཟུགས་ཀྱི་སྐུར་བཞེངས་པའོ། །འདིར་ནི་བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱ་བའོ། །མན་ངག་གི་དོན་བསྟན་ཟིན་ཏོ། །འདིའི་དོན་མདོར་བསྡུ་ན། སྨིན་བྱེད་ཀྱི་དབང་དང་གྲོལ་ལམ་བསྐྱེད་རྫོགས་གཉིས་སོ། །སྨིན་བྱེད་ཀྱི་དབང་ལ། བདེ་མཆོག་གི་དབང་བསྐུར་ངེས་པར་ཐོབ་པ་ཞིག་དགོས་ཏེ། འདི་བདེ་མཆོག་གི་དབང་དུ་བྱས་པའི་རྫོགས་རིམ་ཡིན་པའི་ཕྱིར། དབང་བསྐུར་ཐོབ་ནས་བསྐྱེད་རིམ་ལ་གོམས་པར་བྱས་ནས་རྫོགས་རིམ་ལ་འཇུག་པ་ནི་རིམ་པའོ། །ཆོས་དྲུག་སོ་སོའི་བྱིན་རླབས་རེ་ཡོད་པ་ཡང་ཐོབ་པར་གྱིས་ཤིག མང་དུ་ཐོས་པའི་བསྲུབས་ཤིང་རྨད་བྱུང་གིས། །མན་ངག་ཆུ་གཏེར་ཡོངས་སུ་བསྲུབས་པ་ལས། །བྱུང་བའི་མན་ངག་ཟབ་དོན་རིན་པོ་ཆེ། །གཞན་ལ་བསྟན་པའི་དགེ་ཚོགས་ཟླ་འོད་ཀྱིས། །རྨོངས་པའི་མུན་པ་མ་ལུས་རྣམ་བསལ་ཏེ། །འགྲོ་བ་མ་ལུས་ཐར་པའི་ཁང་བཟང་ཆེ། །བདེ་བླག་བགྲོད་པའི་རྒྱུ་རུ་གནས་གྱུར་ཅིག །ཅེས་དཔལ་ནཱ་ལེནྡྲའི་དགོན་པར་རོང་སྟོན་ཆེན་པོས་སྦྱར་བའི་ཡི་གེ་པ་ནི་ནམ་མཁའ་དཔལ་ལྡན་ནོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*