བརྒྱུད་པའི་བླ་མ་བོད་དུ་བྱོན་པ་རྣམས་ཀྱི་བསྟོད་པའི་སྐོར།

༈ །སྭསྟི། ལོ་ཙཱ་བ་ཆེན་པོ་རྣམ་གསུམ་ལ་བསྟོད་པ་སྨྲ་བའི་རྒྱན་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཞེས། །ཡོངས་སུ་གྲགས་པ་སྐད་གཉིས་སྨྲ་བའི་དབང༌། །ཡེ་ཤེས་སྡེ་དང་ཀླུ་ཡི་རྒྱལ་མཚན་དང༌། །དཔལ་བརྩེགས་ཞེས་བྱའི་མཁས་པ་རྣམ་པ་གསུམ། །བོད་ཡུལ་འགྲོ་བ་ཀུན་གྱི་མིག་གཅིག་པུ། །སྒྲ་སྐད་ཀུན་སྦྱངས་མཁས་པ་ཕུལ་དུ་ཕྱིན། །བཀའ་དང་བསྟན་བཅོས་མཐའ་ཡས་བསྒྱུར་བྱེད་མཁས། །ལེགས་པར་བསགས་པའི་ཚོགས་གཉིས་ཕུལ་བྱུང་བས། །མཐའ་ཡས་གསུང་རབ་རྒྱ་མཚོ་ཐུགས་ལ་རྫོགས། །སོ་སོ་ཡང་དག་རིག་པའི་བློ་རྒྱས་ཤིང༌། །འགྲོ་བ་ཀུན་ལ་བརྩེ་བའི་བདག་ཉིད་ཅན། །བོད་ཡུལ་རྨོངས་པའི་མུན་པ་རྣམས་བསལ་ཅིང༌། །འཇིག་རྟེན་སྒྲོན་མེ་འཇིགས་མེད་སྤོབས་པ་ཅན། །ཀུན་ལས་རྣམ་པར་རྒྱལ་བའི་སྨྲས་བ་པ། །ཐུབ་པའི་རིང་ལུགས་རྣམ་པར་རྒྱལ་བའི་དཔལ། །དཔལ་ལྡན་སྐད་གཉིས་སྨྲ་བ་རྣམ་པ་གསུམ། །མཆོག་ཏུ་དད་པས་ཡིད་ཀྱིས་བསྟོད་པར་བགྱི། །དེ་ལས་དགེ་བ་གང་གིས་ཐོབ་པ་ཡི། །སྨྲ་བའི་དབང་པོ་མཆོག་ཏུ་འགྱུར་བར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།།  ༈ །ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་བསྟོད་པ་རྨད་བྱུང་རྒྱ་མཚོའི་བཀོད་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔག་ཡས་དགེ་ཚོགས་རྒྱ་མཚོ་ལས་འཁྲུངས་ཤིང༌། །སྐུ་ཡི་རི་དབང་གཟི་བརྗིད་ཕུང་པོ་ཅན། །གངས་རིའི་ཁྲོད་ཀྱི་ཚད་མའི་སྐྱེས་བུ་སྟེ། །མི་འཕྲོག་མཁྱེན་རབ་ལྡན་པ་སྨྲ་བའི་དབང༌། །དཀའ་སྤྱད་མཐར་ཕྱིན་འཕགས་པའི་ཡུལ་དུ་བགྲོད། །གསུང་རབ་ཀུན་ལ་མི་འཇིགས་སྤོབས་པ་ཅན། །གྲུབ་པའི་རིག་འཛིན་ཀུན་གྱི་གཙོ་བོ་པ། །མཁས་གྲུབ་དུ་མའི་ཞལ་གྱི་བདུད་རྩི་ཐོབ། །རིག་གནས་ཀུན་ལ་བློ་གྲོས་རྒྱས་པའི་མཐུས། །གངས་རིའི་ཁྲོད་འདིར་སྒྲ་སྐད་ཟློས་གར་བསྒྱུར། །སྔོན་མེད་ཤིང་རྟའི་ལམ་བཟང་རྣམ་ཕྱེ་བས། །ཀུན་གྱི་དབུས་ན་མི་འཇིགས་སེང་གེ་བཞིན། །བསྐྱེད་པའི་རིམ་པ་བརྟན་པ་ལེགས་ཐོབ་ཅིང༌། །རྫོགས་རིམ་ཟབ་མོའི་ཏིང་འཛིན་ཕུལ་བྱུང་བས། །སྤྱན་དང་མངོན་ཤེས་ཡོན་ཏན་ཀུན་ཐོབ་སྟེ། །ཁ་བ་རི་པའི་གྲུབ་ཐོབ་ཀུན་གྱིས་བཀུར། །བཀའ་དང་བསྟན་བཅོས་མཐའ་ཡས་ལེགས་བསྒྱུར་ཞིང༌། །རྒྱ་ཆེན་གསུང་རབ་འཁོད་པའི་གཙུག་ལག་ཁང༌། །བརྒྱ་ཕྲག་དུ་མ་བཞེངས་པའི་སྟོབས་ལྡན་ཞིང༌། །གཞན་ཡང་མཛད་པ་རྨད་བྱུང་དུ་མ་བསྟན། །ལེགས་པར་བཞད་པའི་ངག་གི་འོད་ཟེར་གྱིས། །གདུལ་བྱ་རྣམས་ཀྱི་བློ་ཡི་མུན་པ་བསལ། །རྟོག་པ་ཕུལ་དུ་བྱུང་བའི་སྟོབས་མངའ་བས། །བདུད་ཀྱི་སྤྲུལ་པ་ལེགས་པར་བཏུལ་བ་ན། །ཀུན་གྱིས་མཐུན་པར་བསྟོད་དབྱངས་རྒྱ་ཆེར་བསྒྲགས། །དཱི་པཾ་ཀ་རས་མཁས་པ་ཕུལ་ཕྱིན་ཞེས། །བསྟོད་པར་མཛད་པས་མཁས་པའི་གྲགས་པ་ནི། །འཕགས་པའི་ཡུལ་དང་གངས་རིའི་ཡུལ་རྣམས་སུ། །རབ་སྙན་གྲགས་པའི་བ་དན་རིང་དུ་གཡོས། །ཁྱོད་ནི་གང་དང་གང་དུ་གནས་པའི་སར། །ཀུན་ནས་དང་བའི་བློ་ཡིས་འདུད་བྱེད་ཅིང༌། །འགྲན་ཟླ་ཀུན་བྲལ་སྐད་གཉིས་སྨྲ་བའི་རྗེ། །རིན་ཆེན་བཟང་པོ་ཞེས་བྱ་གུས་པས་འདུད། །བསྟོད་པའི་དགེ་ཚོགས་རབ་དཀར་ཟླ་འོད་ལྟར། །དྲི་མ་མེད་པ་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོར་གནས་པ་དག །བླ་མེད་བྱང་ཆུབ་གླིང་དུ་བགྲོད་པར་ཤོག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ལ་བསྟོད་པ་མཁས་པ་དགའ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡང་དག་རྗེས་འཛིན་སྨོན་ལམ་རྨད་བྱུང་གིས། །ས་འཛིན་ཁོར་ཡུག་བསྐོར་བའི་གངས་རིའི་ཁྲོད། །ལྷག་བསམ་ལྡན་པའི་སྐྱེ་བ་རྗེས་བཟུང་སྟེ། །ས་སྐྱོང་དབང་པོའི་བཀའ་ཡིས་རབ་བསྐུལ་ནས། །དཀའ་སྤྱད་ལྷུར་བླངས་འཕགས་པའི་ཡུལ་དུ་བགྲོད། །མཁས་གྲུབ་དུ་མའི་ལེགས་བཤད་བདུད་རྩི་ཐོབ། །ལེགས་བཤད་སྦྱངས་པའི་བློ་གྲོས་ཕུལ་བྱུང་བས། །ལུང་དང་རིགས་པ་མ་ལུས་ཐུགས་སུ་ཆུད། །སྒྲ་སྐད་ཀུན་ལ་མཁས་པའི་བློ་ལྡན་པས། །སླར་ཡང་གངས་རིའི་ཁྲོད་འདིར་ལེགས་འོངས་ནས། །བཀའ་དང་བསྟན་བཅོས་དུ་མ་བསྒྱུར་མཛད་དེ། །བོད་ཡུལ་མི་ཤེས་དྲི་མ་རྣམ་པར་བསལ། །སྔོན་མེད་རིག་གནས་དུ་མ་རྒྱས་མཛད་དེ། །མཁས་པ་དུ་མས་བསྟོད་དབྱངས་ཆེར་བསྒྲགས་ཤིང༌། །གྲགས་པའི་ཕོ་ཉ་རྒྱ་མཚོའི་མཐར་སོན་པ། །འཆི་མེད་རྔ་སྒྲའི་དཔལ་ཡང་འཕྲོག་པར་བྱེད། །མཁྱེན་རབ་དྲི་མ་མེད་པའི་འདབ་བརྒྱ་པས། །མཐའ་ཡས་གདུལ་བྱའི་བུང་བ་རིང་ནས་སྡུད། །ཡངས་པའི་ཁྱོན་འདིར་ལེགས་པའི་གར་བསྒྱུར་ཞིང༌། །རྣམ་མང་ལེགས་བཤད་སྨྲ་བའི་རྒྱུ་སྐར་བཀྲམ། །མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ཅིང༌། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །འགྲན་ཟླ་བྲལ་བའི་སྐད་གཉིས་བ་པ། །བློ་ལྡན་ཤེས་རབ་ཞབས་ལ་བདག་ཕྱག་འཚལ། །མཁས་མང་བྱེ་བའི་གཙུག་གི་ནོར་བུ་ཡིས། །ཞབས་ཀྱི་པདྨོར་གུས་པས་འདུད་བྱེད་ཅིང༌། །རྨོངས་པ་ཀུན་སེལ་རབ་གསལ་སྒྲོན་མེ་མཆོག །ཉི་མའི་དྲུང་ན་ཟླ་བ་བགྲོད་པ་བཞིན། །ཕས་ཀྱི་རྒོལ་བ་མ་ལུས་ཟིལ་གནོན་ཅིང༌། །རྒྱལ་སྲས་དམ་པ་ཀུན་གྱིས་བསྔགས་འོས་པ། །གང་ལ་བསྟོད་པའི་མེ་ཏོག་ཕུལ་བ་འདིས། །བློ་ལྡན་ཤེས་རབ་རབ་ཏུ་མཉེས་གྱུར་ཅིག །དགེ་བས་ཚོགས་གཉིས་རབ་རྫོགས་བྱང་ཆུབ་ཏུ། །འགྲོ་བ་མ་ལུས་མྱུར་དུ་ཕྱིན་པར་ཤོག །ཅེས་པ་འདི་རོང་སྟོན་ཆེན་པོས་སླར་ཡང་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཇོ་བོ་རྗེའི་དངོས་ཀྱིས་སློབ་མ་ཁུ་རྔོག་འབྲོམ་གསུམ་ལ་བསྟོད་པ་དད་པའི་སྣང་བ་རྒྱས་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཕགས་པའི་ཡུལ་དུ་མར་མེ་མཛད་དཔལ་ལ། །རྗེ་བཙུན་སྒྲོལ་མས་རིགས་གསུམ་མགོན་པོ་ཡི། །སྤྲུལ་པ་རྣམ་གསུམ་དུ་མར་ལུང་བསྟན་པ། །དུས་གསུམ་རྒྱལ་བ་ལས་ཀྱང་ཐུགས་རྗེ་ཆེ། །འཇམ་དབྱངས་སྤྲུལ་པ་ལེགས་པའི་ཤེས་རབ་དང༌། །མཐུ་སྟོབས་དབང་ཕྱུག་ཁུ་སྟོན་ཆེན་པོའི་ཞབས། །ཐུགས་རྗེའི་བདག་ཉིད་འབྲོམ་སྟོན་ཆེན་པོ་སྟེ། །རིགས་གསུམ་སྤྲུལ་སྐུ་རྣམས་ལ་ཕྱག་འཚལ་ལོ། །ཚད་མེད་ཡོན་ཏན་འོད་ཀྱི་སྣང་བ་ཅན། །སྙིགས་དུས་ཐུབ་བསྟན་པདྨོ་རྒྱས་པ་དང༌། །འགྲོ་བའི་མ་རིག་མུན་པ་སེལ་བ་ལ། །འོད་བརྒྱ་བས་ཀྱང་ཁྱད་པར་འཕགས་པ་ཡིན། །དཔག་ཡས་ཡོན་ཏན་ནམ་མཁའི་མཐའ་འདྲ་བས། །ཕ་མཐའ་འཚོལ་བར་མ་ནུས་རེ་ཞིག་ཏུ། །འདི་ཙམ་ཞིག་བརྗོད་དེ་ལས་དགེ་བ་གང༌། །ཐོབ་པ་དེ་ཡིས་བྱིན་རླབས་མྱུར་འཇུག་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཇོ་བོ་བརྒྱུད་པའི་སློབ་མ་རྣམས་ལ་བསྟོད་པ་དད་པའི་འོད་འཕྲོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡན་ལག་འབྱུང་གི་རྣམ་པར་སྤྲུལ་པ་ཡི། །རིན་ཆེན་གསལ་ཞེས་མཁས་པར་རབ་གྲགས་པ། །གསུང་རབ་རྒྱ་མཚོའི་དོན་ཀུན་ལེགས་རྟོགས་ནས། །གདུལ་བྱ་མང་པོ་སྨིན་པར་མཛད་ལ་འདུད། །རྣམ་དག་ཚུལ་ཁྲིམས་ས་འཛིན་ཡངས་པའི་གཞིར། །དལ་འབྱོར་ལྗོན་རྒྱས་ཡོན་ཏན་མེ་ཏོག་འབར། །མི་གཡོའི་ཞལ་གཟིགས་སྣེ་ཟུར་པར་གྲགས་པ། །ཡེ་ཤེས་འབར་བ་གཉིས་ལ་འདུད་པར་བགྱི། །རྨད་བྱུང་ཡོན་ཏན་མཆོག་གི་མངོན་མཐོ་ཞིང༌། །རབ་སྙན་གྲགས་པ་ཕྱོགས་བཅུར་རྣམ་པར་རྒྱས། །འགྲོ་བ་ཀུན་ལ་བརྩེ་བའི་བདག་ཉིད་ཅན། །བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་ལྷ་དབང་རྡོ་རྗེ་ཡིས། །ལོག་ལྟའི་ལྷ་མིན་དཔུང་ཚོགས་རྣམ་པར་འཇོམས། །སྨྲ་བའི་སེང་གེ་ཡང་དག་སྨྲ་བ་པ། །རྡོ་རྗེ་སེང་གེ་ཞེས་བྱ་ལ་ཕྱག་འཚལ། །བྱང་ཆུབ་སེམས་གཉིས་འབྱོངས་པའི་འཆད་ཁ་བ། །ཡེ་ཤེས་རྡོ་རྗེ་ཞེས་བྱའི་བྱང་ཆུབ་སེམས། །སེམས་དཔའ་ཆེན་པོ་ཁྱེད་ཅག་རྣམས་ལ་ནི། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །འགྲོ་བ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ས་ཆེན་ཀུན་དགའ་སྙིང་པོ་ལ་བསྟོད་པ་མུན་པ་སེལ་བའི་སྒྲོན་མེ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དགེ་ཚོགས་རྒྱ་མཚོའི་ཁོར་ཡུག་ཆེར་ཡངས་ཤིང༌། །མཐུ་སྟོབས་བྱིན་རླབས་ཆར་སྤྲིན་རྣམ་པར་བཀོད། །ལེགས་བཤད་ངག་གི་གློག་ཕྲེང་རྣམ་གཡོ་བ། །ཟག་མེད་བདེ་བའི་གཏེར་གྱུར་མཆོག་ལ་འདུད། །རིག་འཛིན་སྡེ་སྣོད་ཀུན་ལ་ལེགས་སྦྱངས་པས། །ཏིང་འཛིན་ཕུལ་བྱུང་མཐའ་དག་རབ་བརྙེས་ཤིང༌། །ཕས་རྒོལ་བདུད་དཔུང་མ་ལུས་འཇོམས་བྱེད་པ། །ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས། །མཐུ་སྟོབས་དབང་ཕྱུག་གདམ་ངག་ཐུགས་ལ་རྫོགས། །ལྷག་པའི་ལྷ་མཆོག་དུ་མའི་ཞལ་ཡང་གཟིགས། །འགྲོ་བ་དུ་མ་བྱམས་པས་ཉེར་འཚོ་ཞིང༌། །མཁྱེན་བརྩེའི་བདག་ཉིད་ཁྱོད་ལྟ་གཞན་ན་སུ། །གང་གི་ཞབས་ལ་གུས་པས་བསྟེན་བྱེད་པ། །རྡོ་རྗེ་ཐེག་པའི་ཡོན་ཏན་ཀུན་རྫོགས་ནས། །རྡོ་རྗེ་འཆང་གི་གནས་སུ་འཁྲིད་པ་ལ། །ཁྱོད་ནི་ས་མཁན་དཔའ་བོ་ཆེན་པོ་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ས་སྐྱ་པ། །ཀུན་དགའ་སྙིང་པོར་གྲགས་ནས་མཁའ་སྤྱོད་དུ། །གཤེགས་ཤིང་སྤྲུལ་པས་འགྲོ་དོན་ཀུན་མཛད་པ། །འགྲོ་བའི་བླ་མ་མཆོག་གྱུར་ཁྱོད་ལ་འདུད། །གང་ལ་བསྟོད་པའི་མཆོད་སྤྲིན་ཡོངས་སུ་ཕུལ་བ་ལས། །འགྲོ་ཀུན་རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་རྗེ་ས་ཆེན་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་བསྟོད་པ་མཁས་པའི་མགུལ་རྒྱན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གསུང་རབ་རྒྱ་མཚོའི་དབུས་ན་ཆེར་གནས་ཤིང༌། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །སྒྲ་བསྒྱུར་རབ་མཁས་མཁས་པ་དགའ་བའི་རྒྱན། །རྒྱལ་སྲས་མཚན་ལྡན་འགྲན་ཟླ་བྲལ་ལ་འདུད། །སྒྲ་ཚད་བཟོ་དང་གསོ་བའི་བསྟན་བཅོས་དང༌། །སྡེ་སྣོད་གསུམ་གྱི་གསུང་རབ་མཐའ་ཡས་སོགས། །རིག་པ་འཛིན་པའི་སྡེ་སྣོད་མ་ལུས་པ། །ཐུགས་སུ་ཆུད་ནས་རིམ་གཉིས་བརྟན་པ་ཐོབ། །ཡང་དག་རིགས་པས་མུ་སྟེགས་རྒོལ་བའི་ཚོགས། །ཟློག་པར་མཛད་པས་མཛད་པ་རྨད་བྱུང་ཞིང༌། །གངས་རིའི་ཁྲོད་འདིར་བསྟན་པའི་སྒྲོན་མེ་སྤར། །སྙིགས་མའི་དུས་འདིར་རྒྱལ་བ་གཉིས་པར་གྱུར། །འཕགས་པའི་ཡུལ་དུའང་མཁས་པར་གྲགས་པས་ན། །བོད་ཡུལ་མངོན་ཕྱོགས་མགོ་བོ་བཏུད་ཅེས་གྲགས། །ཧོར་དང་རྒྱ་ནག་ཡུལ་ཁམས་རྣམས་སུ་ཡང༌། །དམ་ཆོས་བདུད་རྩིའི་ཆར་ཆེན་འབེབས་པར་མཛད། །སངས་རྒྱས་ལུང་བསྟན་ཐོབ་པ་རྨད་བྱུང་གིས། །ཡོན་ཏན་ཕུལ་བྱུང་བརྙེས་པའི་ས་སྐྱ་པ། །པཎྜི་ཏ་ཞེས་གྲགས་པའི་ཞབས་པད་ལ། །ལུས་ངག་ཡིད་ཀྱི་གུས་པས་ཕྱག་འཚལ་ལོ། །ཐོས་པ་རྒྱ་མཚོའི་མཆོད་པས་མཆོད་པར་བགྱི། །དགེ་བ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ། །སེམས་ཅན་ཀུན་གྱི་དོན་དུ་ཡོངས་བསྔོ་ཞིང༌། །བླ་མེད་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །ཅེས་ཆོས་རྗེ་ས་པཎ་ལ་སླར་ཡང་བསྟོད་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཇོ་བོ་རྗེས་ས་སྐྱར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་ཕྲག་ལུང་བསྟན་པ་རྣམས་ལ་བསྟོད་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པ་ལས། །ལེགས་པར་འཁྲུངས་པ་གྲུབ་པའི་རིག་འཛིན་མཆོག །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཅན། གངས་རིའི་ཁྲོད་འདིར་བསྟན་པའི་ཉི་མ་སྟེ། །ས་སྐྱའི་བདུན་བརྒྱུད་རིམ་པར་བྱོན་ལ་འདུད། །ཇོ་བོ་མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །འཇམ་དབྱངས་སྤྲུལ་པ་རྣམ་བདུན་ལུང་བསྟན་པ། །མཐའ་ཡས་འགྲོ་བ་དུ་མའི་མགོན་གྱུར་ཅིག །ཐུགས་རྗེའི་བདག་ཉིད་རིམ་བཞིན་བྱོན་ལ་འདུད། །གང་གི་མཚན་ཙམ་རྣ་བར་ལྷུངས་གྱུར་པས། །བྱིན་རླབས་འོད་ཟེར་ལུས་ལ་འཇུག་འགྱུར་ཞིང༌། །དཔག་ཡས་ཡོན་ཏན་ཚོགས་ཀྱིས་སྣོད་གྱུར་ཏེ། །རིམ་གྱིས་བྱང་ཆུབ་བདེ་བ་སྟེར་ལ་འདུད། །བཟང་པོའི་རིགས་བརྒྱུད་དམ་པར་འཁྲུངས་རྣམས་ལ། །བསྟོད་ཚིག་རིན་ཆེན་ཕྲེང་བས་མཆོད་པ་ཡིས། །དགེ་ཚོགས་རྨད་བྱུང་གང་ཞིག་ཐོབ་པ་དེས། །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་གྱུར་ཅིག །ཅེས་འཇམ་དབྱངས་བདུན་ལ་བསྟོད་པ་འདི་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།།  ༈ །ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལ་བསྟོད་པ་རྨད་དུ་བྱུང་བའི་འོད་ཕྲེང་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རིག་གནས་སྦྱངས་པའི་བློ་གྲོས་རྨད་བྱུང་ཞིང༌། །འཕགས་པའི་ཡུལ་དུ་དཀའ་སྤྱད་དུ་མ་ཡིས། །རབ་ཏུ་བགྲོད་ནས་གཞུང་ལུགས་མན་ངག་རྣམས། །ལེགས་པར་འདོམས་པའི་རྗེ་བཙུན་ཆོས་རྗེ་དཔལ། །སྒྲ་བསྒྱུར་ཕུལ་ཕྱིན་སྐད་གཉིས་སྨྲ་བ་པ། །མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་ཏེ། །གངས་རིའི་ཁྲོད་ཀྱི་གདུལ་བྱ་རྣམ་མང་ལ། །ལེགས་བཤད་ཆར་རྒྱུན་ཕབ་སྟེ་སྨིན་པར་མཛད། །ལྷག་པའི་ལྷ་མཆོག་དུ་མའི་ཞལ་གཟིགས་ཤིང༌། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཐོབ། །མ་ལུས་རྒྱུད་སྡེ་ཀུན་གྱི་བདག་པོ་མཆོག །འགྲོ་བའི་ཡོན་གནས་དམ་པ་ཁྱོད་ལ་འདུད། །མཁས་པ་དུ་མས་གང་གི་རྗེས་ཞུགས་ཏེ། །བསྟན་པ་སྤེལ་དང་རྒྱ་ཆེན་བསྔགས་པ་བརྗོད། །ཐུབ་བསྟན་དྲི་མ་མེད་པའི་རྒྱན་གྱུར་པ། །སྐད་གཉིས་སྨྲ་བ་ཆོས་རྗེ་དཔལ་ལ་འདུད། །བསྟོད་པའི་དགེ་ཚོགས་གང་ཞིག་ཐོབ་པ་དེས། །སྒྲ་སྐད་ཀུན་མཁས་དམ་པ་མཉེས་གྱུར་ཅིག །ཅེས་ཆག་ལོ་ཙཱ་བ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །བཅོམ་ལྡན་རིགས་པའི་རལ་གྲི་མཚན་དངོས་ཆོས་ཀྱི་རྒྱལ་མཚན་ལ་བསྟོད་པ་སྨྲ་བའི་རྒྱན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཟླ་བའི་འོད་ཀྱིས་རེག་པའི་ཆུ་ཤེལ་རྒྱུན་འབབ་བཞིན། །ལེགས་བཤད་རྒྱུན་གྱིས་ཕ་རོལ་དོན་གཉེར་རབ་དགར་མཛད། །ཡང་དག་རིགས་པའི་རལ་གྲི་འོད་ཟེར་རབ་འབར་བས། །ལོག་པར་ལྟ་བའི་མགོ་བོ་བྲེག་ལ་ལྟུང་བྱེད་མཁས་པ་རྒྱལ། །མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་མཐར་སོན་ཅིང༌། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་རབ་ཏུ་བརྙེས། །མདོ་རྒྱུད་བཀའ་དང་བསྟན་བཅོས་རྒྱ་ཆེན་ཐུགས་ལ་རྫོགས། །ལེགས་བཤད་སྨྲ་བའི་སེང་གེ་ཕས་རྒོལ་ཟིལ་གྱིས་གནོན། །རབ་སྙན་གྲགས་པས་ས་གསུམ་ཁྱོན་དུ་རབ་གྲགས་ཤིང༌། །བློ་གྲོས་རབ་ཡངས་འཆད་རྩོད་རྩོམ་པ་ཕུལ་ཕྱིན་པས། །དགོངས་པ་འགྲེལ་བའི་བསྟན་བཅོས་ལྔ་བརྒྱ་ཕྲག་གཅིག་མཛད། །མཁྱེན་བརྩེའི་དཀྱིལ་འཁོར་ཡོངས་སུ་རྒྱས་པའི་འོད་ཟེར་གྱིས། །མཐའ་ཡས་གདུལ་བྱའི་བློ་ཡི་པདྨོ་རབ་ཏུ་རྒྱས་པ་དང༌། །ལོག་པར་ལྟ་བའི་ཚོགས་ཀྱིས་ཀུ་མུད་ཟུམ་མཛད་པ། །ཕྱོགས་ལས་རྣམ་རྒྱལ་སྨྲ་བའི་ཉི་མ་དེ་ལ་བདག་ཕྱག་འཚལ། །དཔལ་ལྡན་ཕྱོགས་ཀྱི་གླང་པོའི་སྐྱེ་བར་རབ་གྲགས་ཤིང༌། །ལྷག་པའི་ལྷ་མཆོག་མི་གཡོ་མགོན་པོའི་ཞལ་ཡང་གཟིགས། །མཁས་པ་ཀུན་གྱི་གཙུག་གིས་ཅོད་པན་མཆོག་ཏུ་གནས། །སངས་རྒྱས་བསྟན་པའི་དཔལ་དུ་གྱུར་པ་དེ་ལ་འདུད། །བཅོམ་ལྡན་རིགས་པའི་རལ་གྲིར་རབ་གྲགས་བསྟོད་པ་ལས། །བྱུང་བའི་དགེ་ཚོགས་དེ་ཡིས་བསྟན་པ་ཡུན་དུ་གནས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ལ་བསྟོད་པ་བྱིན་རླབས་ཀྱི་འོ་རྒྱུན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དགེ་ཚོགས་ཆུ་གཏེར་ཡོངས་སུ་བསྲུབས་པ་ལས། །ལེགས་བཤད་མཐོན་པ་སྐུ་ཡི་རི་བོང་ཅན། །ཉེས་པའི་སྤྲིན་ཚོགས་ལས་གྲོལ་རབ་ཏུ་མཛེས། །བྱང་ཆུབ་སེམས་གཉིས་འབྱོངས་པའི་འོད་དཀར་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་རྣམ་པར་རྒྱུ། །མཐའ་ཡས་གཞན་དོན་ཁུར་གྱིས་མི་ངལ་ཞིང༌། །ཐུགས་རྗེ་ཆེན་པོའི་དགའ་སྟོན་འགྱེད་པ་དང༌། །མཁས་པ་ཕུལ་དུ་བྱུང་བའི་ཡོན་ཏན་བརྙེས། །སྙིང་རྗེ་པད་དཀར་ཕྲེང་བ་ལེགས་འཛིན་པས། །སྤྱན་རས་གཟིགས་དབང་མངོན་སུམ་སྣང་བ་བཞིན། །གངས་རིའི་ཁྲོད་འདིར་རྒྱལ་སྲས་སྤྱོད་པ་དག །རབ་ཏུ་ལྷུར་ལེན་ཐོགས་མེད་ཞབས་ལ་འདུད། །བསྟོད་འོས་ཁྱོད་ལ་དང་བའི་དད་པའི་བློས། །རབ་ཏུ་བསྐུལ་ནས་བསྟོད་ཚིག་མེ་ཏོག་ཕྲེང༌། །ཕུལ་བའི་དགེ་བ་རྨད་དུ་བྱུང་བ་འདིས། །ཀུན་ཀྱང་རྒྱལ་སྲས་སྤྱོད་ལ་གནས་པར་ཤོག །ཅེས་རྒྱལ་སྲས་ཐོགས་མེད་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །བྱང་སེམས་ཟླ་བ་རྒྱལ་མཚན་ལ་བསྟོད་པ་རིན་པོ་ཆེའི་མེ་ཏོག་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚད་མེད་དགེ་ཚོགས་རྒྱས་པའི་ཕུང་པོ་ཅན། །འཇིག་རྟེན་དབང་པོའི་རྣམ་འཕྲུལ་རྨད་དུ་བྱུང༌། །བྱམས་དང་སྙིང་རྗེའི་འོད་ཀྱི་ཕྲེང་བ་ཅན། །སེམས་དཔའ་ཆེན་པོ་ཟླ་བ་རྒྱལ་མཚན་རྒྱལ། །སྙན་པའི་བ་དན་ཕྱོགས་བཅུར་རྣམ་གཡོ་ཞིང༌། །སྦྱོར་ལམ་བཟོད་པ་ཐོབ་པའི་བྱང་སེམས་ཞེས། །མཁས་པ་དུ་མས་བསྟོད་པའི་མཆོག་གྱུར་པ། །བསམ་ཡས་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་དབུས། །འགྲན་ཟླ་བྲལ་བའི་བྱང་སེམས་མངོན་གྱུར་པ། །གང་གི་གསུང་ཟེར་ཕྱོགས་བཅུར་གཡོ་བ་ལས། །ཕན་བདེའི་པདྨོ་ཡོངས་སུ་རྒྱས་པར་མཛད། །གཞན་དོན་སྤྱོད་པ་རྨད་བྱུང་ཡོངས་སུ་འཛིན། །རྒྱལ་སྲས་ཕྱིར་མི་བཟློག་པའི་གོ་འཕང་བརྙེས། །ཚད་མེད་ཡོན་ཏན་དཔལ་ལ་དབང་འབྱོར་བ། །རྒྱལ་སྲས་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །ཁྱོད་ལ་བསྟོད་པའི་དགེ་བས་ཚོགས་གཉིས་ཀྱི། །དཔལ་རབ་རྫོགས་ནས་མྱུར་དུ་སངས་རྒྱས་ཤོག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཀུན་མཁྱེན་ཆེན་པོ་དོལ་པོ་བ་ཤེས་རབ་རྒྱལ་མཚན་ལ་བསྟོད་པ་ཟབ་དོན་རིན་ཆེན་ཕྲེང་བ་ཞེས་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བློ་གྲོས་ཟབ་མོ་རྟོགས་པའི་རླབས་ཕྲེང་ཅན། །ཀུན་རྟོག་མི་གཡོ་ཏིང་འཛིན་བརྟན་པའི་སྐུ། །ཟབ་མོའི་ལེགས་བཤད་སྣང་བ་རབ་རྒྱས་ཏེ། །མ་རིག་མུན་སེལ་རྟོགས་པ་ཀློང་དུ་གྱུར། །གྲུབ་པའི་ཉེ་ལམ་རྒྱུད་ལ་སྦྱོར་མཛད་པ། །གསུང་རབ་ཀུན་གྱི་སྙིང་པོའི་དོན་བསྡུས་ནས། །འཆད་རྩོད་རྩོམ་པའི་བྱ་བས་གཞན་ལ་དག །བརྩེ་བས་རྗེས་སུ་འཛིན་པའི་འཕྲིན་ལས་ཅན། །སྙན་པས་ས་གསུམ་ཁྱབ་མཛད་ལ་བསྟོད་པའི། །དགེ་བས་བཤེས་གཉེན་དམ་པ་མཉེས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །བུ་སྟོན་ཁ་ཆེ་ལ་བསྟོད་པ་རབ་ཏུ་སྟན་པའི་གཏམ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པ་རིན་ཆེན་ཁང་བཟང་རྩེར། །སྙན་པའི་བ་དན་ཕྱོགས་བཅུར་རྣམ་གཡོ་ཞིང༌། །རྒྱལ་བའི་བཀའ་དང་བསྟན་བཅོས་དུ་མས་ཕྱུག །དོན་ཀུན་རྟོགས་པས་གྲུབ་པའི་ཕྲིན་ལས་ཅན། །རྒྱལ་སྲས་སྤྱོད་པ་རབ་ཏུ་ལྷུར་ལེན་ཅིང༌། །འཆད་རྩོད་རྩོམ་ལ་མངོན་འབྱོར་རབ་ཏུ་ལྡན། །རིམ་གཉིས་ཟབ་མོ་རྟོགས་པའི་རི་མོ་དག །ཡིད་ཀྱི་ཁང་བཟང་དག་ཏུ་འབྲི་བར་བྱེད། །མཁས་པ་ཁྱོད་ཀྱི་ལེགས་བཤད་ཆུ་འཛིན་སྤྲིན། །ཐུབ་བསྟན་མེ་ཏོག་འཕེལ་བའི་ཆར་རྒྱུན་ཅན། །སྙན་གྲགས་འབྲུག་སྒྲ་ཟབ་མོ་ཀུན་སྒྲོགས་པས། །ལས་ཅན་བློ་གྲོས་གཉིད་གྱུར་རྣམ་པར་བསྐུལ། །གང་གིས་ཆོས་བསྒྲུབས་གཞུང་མང་སྟོན་པ་དང༌། །དགོངས་འགྲེལ་རྩོམ་དང་བཟླས་བརྗོད་རྒྱ་ཆེན་དང༌། །བསམ་གཏན་དྲི་མེད་ལྷ་ཚོགས་མཆོད་པའི་ཚུལ། །སྔོན་མེད་ཤིང་རྟའི་ལམ་འབྱེད་ཁྱོད་ལ་འདུད། །མཆོག་ཏུ་རྨད་བྱུང་བུ་སྟོན་ཁ་ཆེ་ལ། །བསྟོད་ཚིག་རིན་ཆེན་ཕྲེང་བ་མཆོད་བྱེད་ཅིང༌། །གང་ལ་སྒྲིབ་པར་གྱུར་པ་ཐམས་ཅད་བཤགས། །དགེ་བས་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །མང་དུ་ཐོས་པའི་བདག་ཉིད་སྣར་ཐང་པ་ཤེས་རབ་བཟང་པོ་ལ་བསྟོད་པ་ངོ་མཚར་རབ་རྒྱས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐུབ་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ། །ཐུགས་སུ་ཆུད་པས་བློ་གྲོས་ཆེར་ཡངས་ཤིང༌། །མཁས་པའི་བྱ་བས་ཉིན་མཚན་དུས་འདའ་བའི། །མང་ཐོས་ཕྲིན་ལས་བཟང་པོ་ཅན་དེ་རྒྱལ། །གངས་ཅན་ལྗོངས་ཀྱི་མཁས་རློམ་དུ་མ་ཡང༌། །ཉི་མའི་དྲུང་དུ་རྒྱུ་སྐར་ཚོགས་རྣམས་བཞིན། །གཟི་བརྗིད་འཕྲོག་བྱེད་མཁས་པའི་མཆོག་གྱུར་པ། །འགྲན་ཟླས་དབེན་པ་དེ་ནི་ཁྱོད་གཅིག་པུ། །གང་གིས་ཟབ་མོ་རྟོགས་པར་དཀའ་བའི་དོན། །ཇི་ལྟར་རིག་ཚུལ་གཞན་གྱིས་རྟོགས་པར་དཀའ། །མཁས་པ་མཁས་པའི་དྲུང་དུ་མཛེས་སོ་ཞེས། །ལེགས་པར་གསུངས་པ་ཁོ་བོ་ཁོ་ནས་རྟོགས། །ཁྱོད་ཀྱི་རྩོམ་པ་ཕུལ་བྱུང་མཐོང་བའི་ཚེ། །མཁས་རློམ་གཞན་ལ་ངོ་མཚར་བློ་བྲལ་ཞིང༌། །ཁྱོད་ཉིད་འབའ་ཞིག་ཕུལ་དུ་བྱུང་བས་ན། །ཡང་དང་ཡང་དུ་ཁྱོད་ཀྱི་ཡོན་ཏན་དྲན། །ཤིན་ཏུ་མཁས་པར་ངོ་མཚར་བློ་སྐྱེས་ནས། །ཁྱོད་ལ་བསྟོད་པ་ཕུལ་བྱུང་འདི་ནི་བྱས། །དགེ་བས་བཤེས་གཉེན་མཁས་པ་མཉེས་པ་དང༌། །མཁས་པའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའོ།།  ༈ །མཁས་པའི་དབང་པོ་གྲོ་ལུང་པ་དང༌། ཆ་རྩང་དན་གསུམ་ལ་བསྟོད་པ་རྣམ་རྒྱལ་པདྨོའི་ཕྲེང་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བློ་གྲོས་ནམ་མཁའི་ཁྱོན་ལྟར་རབ་ཡངས་ཤིང༌། །ཚད་མེད་ཡོན་ཏན་མ་ལུས་འབྱུང་བའི་གནས། །མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་པ། །འགྲོ་བའི་དེད་དཔོན་མཆོག་ལ་གུས་པས་འདུད། །དམ་ཆོས་སྨྲ་བའི་སེང་གེ་མཁས་པའི་མཆོག །ལེགས་བཤད་ཀུན་ལ་མི་འཇིགས་སྤོབས་པ་ཅན། །འཕྲིན་ལས་འོད་ཀྱིས་འགྲོ་བ་ཀུན་ལ་ཁྱབ། །མཚུངས་བྲལ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་སྟོབས་མཆོག་མི་ཡི་སེང་གེ་སྟེ། །མང་ཐོས་རྒྱ་མཚོའི་མཐར་སོན་འགྲན་ཟླ་བྲལ། །རབ་སྙན་གྲགས་པ་ཕྱོགས་བཅུར་རྣམ་པར་གཡོ། །འཇིགས་མེད་སེང་གེ་གཙུག་གི་ནོར་བུས་མཆོད། །མི་ཡི་དབང་པོ་སྨྲ་བའི་སེང་གེ་སྟེ། །རྨད་བྱུང་སྤོབས་པའི་རྩལ་དང་ལྡན་པར་གནས། །མཁས་མང་དབུས་ན་གཟི་བརྗིད་ཕུང་པོ་ཅན། །དྲེགས་ལྡན་ཕས་རྒོལ་ཟིལ་གྱིས་གནོན་ལ་འདུད། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་མཆོག །སྡེ་སྣོད་གསུམ་ལ་མི་འཇིགས་སྤོབས་པ་ཅན། །ཚད་མེད་ཡོན་ཏན་ལྡན་པའི་བློ་ཐོབ་སྟེ། །སངས་རྒྱས་བསྟན་པ་པདྨོའི་གཉེན་གྱུར་པ། །ལེགས་བཤད་འོད་ཀྱི་སྣང་བ་རབ་རྒྱས་ཏེ། །རྨོངས་པའི་རབ་རིབ་ཀུན་ནས་འཕྲོག་པར་བྱེད། །འཕགས་པའི་ཡུལ་གྱི་མཁས་པ་ཕུལ་ཕྱིན་རྣམས། །གཅིག་ཏུ་བསྡུས་ནས་བསྟན་པ་སྤེལ་བའི་སླད། །གངས་རིའི་ཁྲོད་འདིར་མངོན་སུམ་སྣང་བ་བཞིན། །བཀའ་དང་བསྟན་བཅོས་དགོངས་འགྲེལ་ཀུན་གྱི་དོན། །མཁས་པ་དགའ་བྱེད་ཤིང་རྟའི་སྲོལ་འབྱེད་ཅིང༌། །མཚུངས་བྲལ་མཁས་པའི་དེད་དཔོན་རྣམས་ལ་འདུད། །རྗེས་འཇུག་སློབ་མ་མཁའ་ལ་རྒྱུ་སྐར་བཞིན། །རབ་ཡངས་ཁྱོན་འདིར་ཕྱོགས་བྲལ་རྣམ་པར་བཀྲམ། །མཛད་པའི་འོད་ཟེར་ཕྱོགས་བཅུར་རབ་རྒྱས་པ། །བསླབ་གསུམ་རྒྱན་གྱིས་མཛེས་པ་རྣམས་ལ་འདུད། །མཁས་པའི་དབང་པོ་རྣམས་ལ་བསྟོད་པ་ཡི། །རབ་དཀར་དགེ་ཚོགས་གང་ཞིག་ཐོབ་པ་དེས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །མཁས་པའི་གོ་འཕང་རྨད་བྱུང་ཐོབ་གྱུར་ཅིག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་ནམ་མཁའ་དཔལ་ལྡན་ནོ།།  ༈ །སྭསྟི། འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་མཚན་དངོས་རྡོ་རྗེ་རྒྱལ་མཚན་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་ནགས་ཁྲོད་ཉམས་དགའ་བར། །མི་ཕྱེད་རྡོ་རྗེའི་ཏིང་འཛིན་མཆོག་ལ་གནས། །བསྟན་པའི་རྒྱལ་མཚན་ཡོངས་སུ་འཛིན་པའི་དཔལ། །གྲུབ་པའི་ས་ཐོབ་ཚད་མེད་ཡོན་ཏན་ལྡན། །འཕྲིན་ལས་འོད་ཟེར་ཕྱོགས་བཅུར་རབ་འཕྲོ་བ། །པདྨོའི་མཚོ་ལ་ངང་པའི་ཚོགས་བཞིན་དུ། །དད་ལྡན་གདུལ་བྱ་དཔག་མེད་ཡོངས་འདུ་ཞིང༌། །མཐའ་ཡས་འགྲོ་བ་དུ་མའི་མགོན་དུ་གྱུར། །རྣལ་འབྱོར་ཅན་གྱི་དབུས་ན་མངོན་མཐོ་བ། །གྲགས་པའི་ཕོ་ཉ་ཕྱོགས་བཅུར་བསྐྱོད་པ་ཡིས། །ཡིད་འོང་འབྱོར་པའི་དཔལ་ལ་དབང་བསྒྱུར་ཞིང༌། །རྒྱ་ཆེན་སྦྱིན་པས་འགྲོ་ཀུན་ཚིམ་མཛད་རྒྱལ། །མཆོད་སྤྲིན་ཕུང་པོ་མཆོད་པའི་གནས་གྱུར་པ། །ཁྱོད་ཀྱི་ཡོན་ཏན་ཆ་ཙམ་བརྗོད་པ་ལས། །ཐོབ་པའི་དགེ་བས་འགྲོ་བ་ཇི་སྙེད་རྣམས། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་རང་གིས་རང་ལ་བསྟོད་པ། མང་དུ་ཐོས་པའི་ནགས་ཀྱི་ཚལ་གནས་ཤིང༌། །སྡེ་བདུན་རལ་ཚོགས་རྣམ་པར་གཡོ་བ་ཅན། །སྒྲུབ་དང་སུན་འབྱིན་རིགས་པའི་སྟོབས་རྒྱས་པ། །སྨྲ་བའི་སེང་གེ་རོང་སྟོན་ཞབས་ལ་འདུད། །གསུང་རབ་རྒྱ་མཚོའི་ཕ་རོལ་མཐར་སོན་ཞིང༌། །མང་ཐོས་བློ་གྲོས་སྤྲིན་སྔོན་གཡོ་བའི་མཁར། །ལེགས་བཤད་ཉིན་མོར་བྱེད་པའི་འོད་སྟོང་ཅན། །སྨྲ་བའི་དབང་པོ་མཆོག་ལ་ཕྱག་འཚལ་ལོ། །འཆད་པ་ངག་གི་འོད་ཟེར་སྟོང་འཕྲོ་ཞིང༌། །རྩོམ་པ་སྐྱོན་མེད་མཁས་པའི་ཡིད་རབ་འཕྲོག །རྩོད་པ་གླང་པོའི་དགྲ་ལས་མངོན་རོལ་ནས། །ཕ་རོལ་རྒོལ་བ་བཟློག་ལ་ཕྱག་འཚལ་ལོ། །བསྡུ་དངོས་དྲི་ཞིམ་གསལ་བའི་སྙིང་པོ་ཅན། །ཚད་མེད་བཞི་ཡི་དྲི་བསུང་ཕུན་ཚོགས་ལྡན། །སྐྱབས་གསུམ་དྲི་མེད་ཅོད་པན་གཙུག་ན་འཛིན། །དགོས་འདོད་ལྷག་བསམ་ལྡན་ལ་ཕྱག་འཚལ་ལོ། །གཅིག་ཏུ་ཆོས་ལ་ངེས་པའི་ཐུགས་གསལ་ཞིང༌། །ཏིང་འཛིན་ཉི་མའི་དཀྱིལ་འཁོར་ཡོངས་སུ་འཛིན། །དྲི་མེད་བསྟན་པའི་ཁུར་གྱིས་མི་ངལ་བའི། །བསྟན་པའི་ཁུར་ཆེན་བསྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་ཉིན་མོར་བྱེད་པའི་འོད་སྟོང་གིས། །རྨོངས་པའི་རབ་རིབ་ཀུན་ནས་འཕྲོག་བྱེད་ཅིང༌། །ཟབ་མོའི་དོན་གྱི་སྙིང་པོ་གསལ་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་ཏུ་ཞལ་ནས་བདུད་རྩིའི་རང་བཞིན་ཅན། །ཚད་མེད་བྱིན་རླབས་འོད་སྟོང་འགྱེད་པར་མཛད། །མཐའ་ཡས་འགྲོ་བའི་དབུས་ན་མངོན་མཐོ་བའི། །དཔལ་ལྡན་བླ་མ་རོང་སྟོན་ཆེན་པོའི་ཞབས། །གཙུག་གི་ནོར་བུར་གུས་པས་འདུད་པར་བགྱི། །གང་ལ་གང་གིས་གུས་པས་བསྟོད་པ་ཡི། །དགེ་ཚོགས་དྲི་མེད་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ནས། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་རང་ལ་རང་གིས་བསྟོད་པ་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་རང་གིས་བྱས་པའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*