བརྒྱུད་པའི་བླ་མ་རྒྱ་གར་པ་རྣམས་ཀྱི་བསྟོད་པའི་སྐོར།

༈ །གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་ལ་བསྟོད་པ་བྱིན་རླབས་ཀྱི་འོད་ཟེར་རབ་ཏུ་རྒྱས་པ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གྲུབ་པས་རིག་འཛིན་ཚད་མེད་ཡོན་ཏན་ཀུན། །མ་ལུས་གཅིག་ཏུ་བསྡུས་པའི་གཟི་བརྗིད་ཅན། །ཟག་མེད་དགའ་བདེའི་དཔལ་གྱིས་མངོན་མཐོ་ཞིང༌། །བརྟུལ་ཞུགས་སྤྱོད་པས་བདུད་དཔུང་ཟིལ་གྱིས་གནོན། །ས་གསུམ་ཁྱོན་འདིར་བརྩེ་བའི་གར་བསྒྱུར་ཞིང༌། །བླ་མེད་མཆོག་གི་ཉེ་ལམ་མངོན་དུ་གྱུར། །ཁྱད་པར་རྨད་བྱུང་གླིང་ལ་དབང་བསྒྱུར་ཞིང༌། །ཐབས་མཁས་གྲུ་རྫིང་སྲིད་པའི་རྒྱ་མཚོ་བརྒལ། །ཟག་མེད་བདེ་བའི་འབྱོར་པ་རྒྱས་གྱུར་པ། །སྲིད་པའི་འབྱོར་པ་མ་ལུས་ཟིལ་གྱིས་མནན། །འགྲོ་བའི་བླ་མ་དེད་དཔོན་མཆོག་གྱུར་པ། །བརྩེ་བའི་བདག་ཉིད་གཞན་དོན་གར་གྱིས་རོལ། །གདུལ་བྱ་ཞི་བའི་ལམ་ལ་འགོད་མཛད་ཅིང༌། །མཐའ་ཡས་ཞིང་གི་དཔལ་དུ་ཉེར་གནས་པ། །དམན་པའི་མཐའ་སྤངས་ཞི་བ་མཆོག་བརྙེས་ཤིང༌། །སྲིད་པའི་རྭ་བ་བརྒལ་བའི་རྩལ་དང་ལྡན། །མི་ཡི་ཁྱུ་མཆོག་མི་འཇིགས་དཔའ་བོ་སྟེ། །འཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་པ། །མཆོག་གི་གྲུབ་པ་རབ་བརྙེས་བཅུ་ཕྲག་བརྒྱད། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་ན་རྒྱལ། །ཀུན་གྱི་ཡོན་ཏན་བརྗོད་པར་མཛད་རྣམས་ལ། །བདག་ཀྱང་དང་བའི་བློ་ཡིས་བསྐུལ་གྱུར་ནས། །ཚད་མེད་ཡོན་ཏན་བརྗོད་པ་བསྟོད་པའི་ཚིག །འདི་ནི་འབད་པས་རབ་ཏུ་བསྒྲུབ་པ་ཡི། །དགེ་བས་རིག་འཛིན་བདེ་བླག་ཐོབ་པ་དང༌། །སྨོན་ལམ་ཇི་ལྟར་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་བསྟོད་པ་སེང་གེའི་སྒྲ་དབྱངས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ངོ་བོ་གཅིག་གྱུར་པ། །འཕྲིན་ལས་བཞི་ཡིས་རིག་པའི་དོན་མཛད་ཅིང༌། །འཇིགས་པའི་གཟུགས་ཀྱི་བདུད་དཔུང་སྐྲག་མཛད་པ། །དཔལ་ལྡན་བི་རུ་པ་ལ་ཕྱག་འཚལ་ལོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྫུ་འཕྲུལ་གྱིས། །ས་ཡི་ཕྱོགས་འདིར་མི་འཇིགས་སེང་གེའི་སྒྲ། །རབ་ཏུ་བསྒྲགས་པས་ཀུན་ལས་རྣམ་རྒྱལ་བའི། །དཔལ་ཆེན་བི་རུ་པ་ལ་ཕྱག་འཚལ་ལོ། །འཆི་བདག་བཅོམ་ནས་འཆི་མེད་དངོས་གྲུབ་བརྙེས། །བདུད་རྩིའི་རྒྱ་མཚོ་རྫོགས་པའི་ལྟེ་བ་ཅན། །འོད་སྟོང་འབར་བའི་ཉིན་བྱེད་དབང་པོ་ཡང༌། །སྡིགས་མཛུབ་སྟོབས་ཀྱིས་གནོན་པའི་མཐུ་དང་ལྡན། །གྲུབ་བརྙེས་དམ་པ་གཙུག་གི་ནོར་བུ་ཡིས། །གུས་པས་རབ་མཆོད་སེང་གེའི་རོལ་པས་གནས། །ཐུགས་ཀྱི་དཀྱིལ་འཁོར་ཉི་འོད་ལྟ་བུ་ཡིས། །ནག་ཕྱོགས་ཀུ་མུད་བཞིན་རས་འཛུམ་པ་མཛད། །ཕྱི་རོལ་མངོན་ཕྱོགས་མཆོག་ཏུ་འཛིན་པའི་ལྷ། །རེག་པ་ཙམ་གྱིས་རབ་ཏུ་འགས་མཛད་ཅིང༌། །འགྲན་ཟླ་བྲལ་བའི་གྲུབ་ཆེན་མཆོག་གྱུར་ཞེས། །དད་པའི་བློ་ཐོབ་བསྟོད་དབྱངས་རྒྱ་ཆེན་སྒྲོག །གསུང་གི་འོད་ཀྱིས་མ་རིག་མུན་བསལ་ནས། །འགྲོ་བ་ཐར་པའི་ལམ་དུ་འདྲེན་པ་ཡི། །དཔག་ཡས་ཡོན་ཏན་འོད་ཀྱི་དྲྭ་བ་ཅན། །གང་ལ་བསྟོད་ཚིག་མེ་ཏོག་སྙིམ་པ་འབུལ། །དགེ་བ་གང་ཐོབ་དེ་ཡི་སྲིད་ཞི་ལ། །མི་གནས་བླ་མེད་གོ་འཕང་ཐོབ་གྱུར་ཅིག །ཅེས་སླར་ཡང་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའོ།།  ༈ །མཁས་པ་ཆེན་པོ་ཤཱནྟི་པ་ལ་བསྟོད་པ་རྒྱ་མཚོའི་སྤྲིན་གྱི་བཀོད་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རབ་མཛེས་ཡིད་འོང་མཛེས་སྐུའི་དཀྱིལ་འཁོར་ཅན། །རིག་གནས་ཀུན་ལ་མཁས་པའི་འོད་འཕྲོ་ཞིང༌། །ལེགས་གསུངས་རྒྱལ་བའི་བཀའ་དང་བསྟན་བཅོས་ཀུན། །ལེགས་པར་རྟོགས་པའི་རྣམ་སྤྱོད་སྤོབས་པ་བརྙེས། །འཕགས་པའི་ཡུལ་གྱི་མཁས་པ་དུ་མ་ཡིས། །མཁས་པ་ཕུལ་དུ་བྱུང་བར་བསྟོད་པ་དང༌། །རིམ་གཉིས་ཏིང་འཛིན་ཕུལ་བྱུང་རབ་བརྩོན་པས། །རིག་འཛིན་ས་ཐོབ་སྤྱན་དང་མངོན་ཤེས་ལྡན། །མཁའ་ལ་འཇའ་ཚོན་གུར་ཁྱིམ་བཀོད་པའི་དབུས། །སྐུ་ཡི་བཀོད་པ་འཇའ་འོད་ལུས་སུ་བསྟན། །ལེགས་པར་བཤད་པའི་གསུང་གི་བདུད་རྩི་ཡིས། །མཁས་མང་སློབ་མ་ཡོངས་སུ་སྨིན་པར་མཛད། །འགྲན་པའི་ཟླ་མེད་མཁས་པ་ཕུལ་བྱུང་ཁྱོད། །བདག་བློ་དང་བའི་དད་པས་རབ་ཏུ་བསྟོད། །བསྟོད་པའི་དགེ་ཚོགས་ཇི་སྙེད་ཐོབ་པ་ཡིས། །མཁས་པའི་གོ་འཕང་ཡོངས་སུ་ཐོབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ལ་བསྟོད་པ་བྱིན་རླབས་གློག་ཕྲེང་རྣམ་པར་གཡོ་བའི་འོད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཉི་འོད་རབ་ཏུ་རྒྱས་པ་ཡིས། །སྣ་ཚོགས་གདུལ་བྱ་པདྨོའི་གཉེན་གྱུར་པ། །མི་ཤེས་མུན་པ་རིང་དུ་སྤོང་མཛད་ཅིང༌། །གྲུབ་པའི་རིག་འཛིན་མཆོག་གི་ས་ལ་གནས། །མཁྱེན་རབ་དབང་པོ་ལྷ་ཡིས་རྗེས་བཟུང་བས། །ཏིང་འཛིན་དགའ་བདེའི་དཔའ་ལ་མངོན་པར་རོལ། །མཆོག་གི་དངོས་གྲུབ་རབ་བརྙེས་སློབ་མའི་ཚོགས། །རྣམ་མང་རྒྱུ་སྐར་ཕྲེང་ལྟར་གྲངས་ལས་འདས། །གང་གསུང་སྙན་པའི་སྒྲ་དབྱངས་ཆ་ཙམ་གྱིས། །རྣམ་མང་འགྲོ་བ་ཡོངས་སུ་སྨིན་མཛད་ཅིང༌། །གྲུབ་པའི་ས་ཐོབ་དུ་མས་བསྟོད་པ་དང༌། །རྗེས་འཇུག་གདུལ་བྱའི་ཡན་ལག་རྣམ་པར་རྒྱས། །ངོ་མཚར་དཔག་མེད་ཡོན་ཏན་རྒྱན་ལྡན་པ། །མཆོག་གི་ས་ཐོབ་ཁྱེད་ལ་རབ་ཏུ་བསྟོད། །དགེ་ཚོགས་གྲུབ་པ་གང་གིས་བདག་སོགས་ཀུན། །གྲུབ་པའི་རིག་འཛིན་ས་ལ་གནས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལནྡྲར་སྦྱར་བའོ།།  ༈ །རྒྱན་དྲུག་དང་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཟབ་དོན་སྙིང་པོ་བརྙེས། ཡང་དག་རིག་པས་དངོས་སྨྲའི་རི་དྭགས་ཀུན། །མ་ལུས་སྐྲག་མཛད་ཀླུ་སྒྲུབ་སྙིང་པོ་ཞེས། །འཛམ་གླིང་མཁས་པའི་གཙོ་བོར་གྱུར་ལ་འདུད། །ཀླུ་སྒྲུབ་གསུང་རབ་ལེགས་བཤད་སྙིང་པོའི་དོན། །གཅིག་ཏུ་བསྡུས་ནས་གཞན་ལ་སྟོན་མཛད་ཅིང༌། །དབུ་མའི་རིང་ལུགས་མཆོག་ཏུ་སྨྲ་བ་པ། །ཨརྻ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །བྱམས་པའི་ཞལ་གྱི་གསུང་གི་བདུད་རྩི་ཐོབ། །རྒྱ་ཆེན་ཤེས་བྱའི་གནས་ལ་སྤོབས་པ་བརྙེས། །ཆོས་མངོན་མཆོག་ཏུ་གསལ་བར་མཛད་པ་པོ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །ཐོས་པ་རྒྱ་མཚོའི་བློ་གྲོས་ཕུལ་བྱུང་བརྙེས། །རིག་གནས་ཀུན་ལ་མི་འཇིགས་བདེན་པ་ཐོབ། །འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པ་ཞེས། །རབ་ཏུ་གྲགས་པ་དབྱིག་གཉེན་ཞབས་ལ་འདུད། །རྟོག་གེའི་རིང་ལུགས་སྔོན་མེད་རབ་གསལ་མཛད། །ས་གསུམ་ཁྱོན་འདིར་རིག་པའི་འབྲུག་སྒྲ་བསྒྲགས། །མུ་སྟེགས་རྒོལ་བའི་དཔུང་ཚོགས་བཟློག་པར་མཛད། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་དང་ཆོས་མིན་འབྱེད་པའི་བློ་མངའ་ཞིང༌། །མ་རིག་ཚར་བཅད་རིག་པ་སྨྲ་བའི་དབང༌། །མུ་སྟེགས་རྒོལ་བ་ཐམས་ཅད་ཕྱིར་བཟློག་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་བསྟན་ལ་ཀླན་ཀའི་དྲི་མ་རྣམས། །རྣམ་པར་བསལ་ནས་ཡོན་ཏན་ཕུལ་བྱུང་བརྙེས། །འཛམ་གླིང་མཁས་པའི་རྒྱན་དུ་གྱུར་པ་པོ། །མཁས་མཆོག་རྒྱན་དྲུག་གཞན་ལ་ཕྱག་འཚལ་ལོ། །འདུལ་བ་རྒྱ་མཚོའི་དོན་ལ་དབང་འབྱོར་ཞིང༌། །ཉེས་ལྟུང་དྲི་མ་མེད་པའི་ཐུགས་མངའ་བས། །འདུལ་བའི་གཞུང་ལུགས་མཆོག་ཏུ་རྒྱས་མཛད་པ། །ཡོན་ཏན་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །འདུལ་བ་རྒྱ་མཚོའི་དབུས་ན་ཆེར་གནས་ཤིང༌། །བསླབ་གསུམ་ཡོན་ཏན་བང་རིམ་གྱིས་མཛེས་པ། །ཤཱཀྱ་འོད་དང་འཕགས་པ་ས་གའི་ལྷར། །རབ་ཏུ་དང་བའི་བློ་ཡིས་ཕྱག་འཚལ་ལོ། །རྒྱན་དྲུག་མཆོག་གསུམ་བསྟོད་པའི་དགེ་ཚོགས་ཀྱིས། །མི་ཤེས་དྲི་མ་རིང་དུ་རབ་སྤངས་ཏེ། །མཁྱེན་རབ་དྲི་མ་མེད་པའི་བློ་ཐོབ་ནས། །ཤེས་བྱ་ཀུན་ལ་བློ་གྲོས་རྒྱས་གྱུར་ཅིག །ཅེས་སོགས་དགོན་པ་བ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་བ་ལ་བརྟེན་ནས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཅན། །ཐུབ་པའི་གསུང་རབ་མཐའ་དག་ཐུགས་ལ་རྫོགས། །དབུ་མའི་རིང་ལུགས་སྨྲ་བའི་མཆོག་གྱུར་པ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་རྒྱལ། །མི་རིགས་ཚར་གཅོད་རིག་པ་སྨྲ་བའི་དབང༌། །ཕས་རྒོལ་ཟིལ་གྱིས་གནོན་པའི་བློ་ཐོབ་ཅིང༌། །སྟོང་ཉིད་རྟོགས་པའི་མཁྱེན་པ་རབ་ཏུ་གསལ། །པདྨའི་ངང་ཚུལ་འགྲོ་བའི་མགོན་ལ་འདུད། །དཀའ་བ་དུ་མས་བོད་ཀྱི་ས་སྐྱོང་གིས། །གངས་རིའི་ཁྲོད་འདིར་འབད་པས་སྤྱན་དྲངས་ནས། །རྣམ་དག་ཆོས་ཀྱི་འཁོར་ལོ་རིམ་བཞིན་བསྐོར། །མ་རིག་མུན་སེལ་བསྟན་པའི་སྒྲོན་མེར་གྱུར། །དྲི་མ་མེད་པའི་བསྟན་བཅོས་དུ་མ་ཡིས། །བོད་ཡུལ་རྨོངས་པའི་དྲི་མ་མཐའ་དག་བསལ། །མཁས་པའི་མཁས་པ་ཀུན་གྱི་གཙུག་རྒྱན་མཆོག །པདྨའི་ཚུལ་ཁྲིམས་ཞབས་ལ་གུས་པས་འདུད། །དགེ་བ་དྲི་མེད་གང་གིས་ཐོབ་པ་དེས། །མཁས་པའི་གོ་འཕང་ཀུན་ཏུ་ཐོབ་པར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །རྗེ་བཙུན་དམ་པ་རྒྱ་གར་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་བྱིན་རླབས་གཅིག་བསྡུས་ཤིང༌། །གྲུབ་པའི་རིག་འཛིན་ཀུན་གྱི་གཙོར་གྱུར་པ། །རྫུ་འཕྲུལ་སྟོབས་ཀྱིས་འགྲོ་བ་དཔག་མེད་རྣམས། །ཞི་ལམ་འགོད་པའི་ཚད་མེད་ཐུགས་རྗེ་ཅན། །རྒྱ་གར་གནས་སུ་དམ་ཆོས་ཉི་མ་ཡིས། །རྟོགས་པའི་འདབ་བརྒྱ་རབ་ཏུ་རྒྱས་མཛད་དེ། །གྲུབ་ཐོབ་ཀུན་གྱི་མན་ངག་ཐུགས་ལ་རྫོགས། །བདེ་གཤེགས་རྒྱ་མཚོའི་ཞལ་ཡང་མངོན་སུམ་མཐོང༌། །འཕགས་པའི་བདེན་མཐོང་གཟིགས་པ་མངོན་ཤེས་ཐོབ། །ཡང་ཡང་གངས་རིའི་ཁྲོད་འདིར་དམ་ཆོས་ཀྱིས། །མ་རིག་མུན་པ་སེལ་བའི་འཕྲིན་ལས་ཅན། །དཔག་མེད་གདུལ་བྱ་ཐར་པའི་ལམ་ལ་བཀོད། །ཡང་དག་ལྟ་བའི་རྟོགས་པ་བསྐྱེད་མཛད་ཅིང༌། །གང་གི་གསུང་ངག་ཆ་ཤས་ཐོས་པས་ཀྱང༌། །རྨད་བྱུང་ཡོན་ཏན་དཔག་མེད་ཐོབ་མཛད་པའི། །དམ་པ་རྒྱ་གར་ཞབས་ལ་ཕྱག་འཚལ་ལོ། །གང་ལ་ཅུང་ཟད་བསྟོད་པའི་དགེ་ཚོགས་ཀྱིས། །བྱིན་རླབས་འོད་ཟེར་ཡིད་ལ་འབྱུང་འགྱུར་ཞིང༌། །སྲིད་མཚོར་གནས་པའི་འགྲོ་བ་མ་ལུས་པ། །རིམ་གྱིས་ཐར་པའི་ཁང་བཟང་འཇུག་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་སླར་ཡང་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །གྲུབ་ཐོབ་ཆེན་པོ་ལ་ཝ་པ་ལ་བསྟོད་པ་བྱིན་རླབས་ཀུན་འབྱུང་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དམ་པ་ཀུན་གྱི་གཙུག་གི་ནོར་བུ་ཡིས། །གུས་པས་རབ་མཆོད་གཟི་བརྗིད་ཕུང་པོ་ཅན། །ཟབ་མོའི་རྟོག་པ་ཕུལ་བྱུང་རབ་བརྙེས་པས། །མུ་སྟེགས་ཆོ་འཕྲུལ་ཆེ་རྣམས་རྣམ་པར་བཅོམ། །མཐུ་སྟོབས་དབང་ཕྱུག་བརྟུལ་ཞུགས་སྤྱོད་པ་དང༌། །རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་རྡོ་ཡི་གདུགས། །བཀོད་པ་བསྟན་པ་གདུལ་བྱ་དཔག་མེད་པ། །ངོ་མཚར་དང་བ་བསྐྱེད་ལ་ཕྱག་འཚལ་ལོ། །ཀུན་གྱི་དབུས་ན་སྟོང་ཉིད་སེང་གེའི་སྒྲས། །དངོས་འཛིན་རི་དྭགས་ཚོགས་རྣམས་སྐྲག་མཛད་དེ། །མ་སྨད་ཆེ་བའི་བདག་ཉིད་ཡོན་ཏན་གྱིས། །མངོན་པར་མཐོ་བར་གྱུར་ལ་ཕྱག་འཚལ་ལོ། །ཁྱེད་ལ་གུས་པས་བསྟོད་པའི་དགེ་ཚོགས་ཀྱིས། །གྲུབ་པའི་ཡོན་ཏན་ཀུན་ནས་མཉེས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲ་བི་ཧ་རར་སྦྱར་བའོ།།  ༈ །དཔལ་ནཱ་རོ་པ་ལ་བསྟོད་པ་ཡོན་ཏན་སྒྲོག་པའི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚད་མེད་ཡོན་ཏན་མ་ལུས་ཀུན་གྱི་གཞི། །རིག་གནས་ཀུན་མཁྱེན་བློ་གྲོས་ཕུན་ཚོགས་ཅན། །ཉི་མའི་འོད་ཀྱིས་སྐར་མའི་ཚོགས་བཞིན་དུ། །མུ་སྟེགས་རྒོལ་བའི་ཚོགས་རྣམས་ཟིལ་གྱིས་གནོན། །རྨད་བྱུང་དཀའ་སྤྱད་ལེགས་པར་སྦྱངས་པ་ལས། །འཇའ་ལུས་རྡོ་རྗེའི་ལུས་ཅན་མཆོག་གྱུར་ཅིང༌། །མན་ངག་བདུད་རྩིས་གདུལ་བྱ་དཔག་མེད་པ། །ཡོངས་སུ་སྨིན་པར་མཛད་པའི་གྲུབ་བརྙེས་མཆོག །གང་གསུང་འོད་ཟེར་ཆ་ཤས་རབ་འཕྲོས་པས། །གངས་ཅན་ཁྲོད་ཀྱི་གདུལ་བྱ་དུ་མ་ལ། །ཕན་བདེའི་དགའ་སྟོན་འགྱེད་པར་མཛད་པ་དང༌། །འགྲོ་བ་འདྲེན་མཛད་མཛད་པ་རྨད་དུ་བྱུང༌། །ཞབས་ཀྱི་པདྨོས་ཅུང་ཟད་རེག་པས་ཀྱང༌། །ཐར་པའི་ལམ་བཟང་རྒྱུད་ལ་བསྐྱེད་མཛད་པའི། །གྲུབ་པའི་རིགས་རྣམས་མཆོག་ཏུ་གྱུར་པ་ལ། །བསྟོད་དབྱངས་རྔ་སྒྲས་ཀུན་ནས་བསྟོད་པ་འབུལ། །གང་གིས་ཡོན་ཏན་ཚ་ཙམ་བསྟོད་པ་ལས། །དགེ་ཚོགས་ཐོབ་པ་དེ་ཡིས་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་ཆེ་ལས་ལེགས་བརྒལ་ཏེ། །རྣམ་མཁྱེན་ཐར་པའི་གླིང་དུ་ཕྱིན་པར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།།  ༈ །ཇོ་བོ་དཱི་པཾ་ཀ་ར་ཛྙཱ་ན་ལ་བསྟོད་པ་བྱིན་རླབས་ཀྱི་རྒྱ་མཚོ་རོལ་པའི་བཀོད་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚད་མའི་སྐྱེས་བུ་དོན་གཉིས་དབང་འབྱོར་བ། །འཕགས་པའི་ཡུལ་དུ་གྲུབ་པའི་ཡོན་ཏན་བརྙེས། །མཁས་མཆོག་རྒྱ་མཚོའི་དབུས་སུ་མངོན་མཐོ་ཞིང༌། །ཡང་དག་རིགས་པས་ཕས་རྒོལ་ཟིལ་གྱིས་གནོན། །སྒྲ་ཚད་བཟོ་དང་གསོ་བ་ནང་དོན་དང༌། །རྡོ་རྗེ་ཐེག་སོགས་སྡེ་སྣོད་ལ་མཁས་ཤིང༌། །རིམ་གཉིས་ཟབ་མོའི་རྟོགས་པ་ཕུལ་བྱུང་ལྡན། །རྣམ་དག་སྤྱོད་པ་ལྷུར་ལེན་གདུལ་བྱ་རྣམས། །དགེ་བའི་ལས་ལམ་མཆོག་ལ་འགོད་པར་མཛད། །རབ་སྙན་གྲགས་པ་རྒྱ་མཚོའི་མཐར་སོན་པ། །བྱང་སེམས་ས་སྐྱོང་དབང་པོས་ལེགས་ཐོས་ནས། །དཀའ་སྤྱད་དུ་མས་བོད་འདིར་ལེགས་དྲངས་ཏེ། །གདུལ་བྱ་དུ་མ་ཡོངས་སུ་སྨིན་པར་མཛད། །གངས་རིའི་ཁྲོད་ཀྱི་མཁས་པ་མ་ལུས་པ། །ཡོངས་སུ་འདུས་ནས་གཙུག་གིས་གུས་པས་མཆོད། །རྒྱལ་སྲས་གཞན་དོན་ཁུར་གྱིས་མི་ངལ་ཞིང༌། །བྱང་ཆུབ་སེམས་ཀྱི་འོད་ཟེར་རབ་འཕྲོས་པས། །འགྲོ་བའི་དོན་མཛད་སྤྱོད་པ་ལྷུར་ལེན་པ། །ཚད་མེད་མངོན་ཤེས་ལྡན་པ་རྒྱལ་བའི་སྲས། །ངོ་མཚར་རྨད་བྱུང་རྣམ་ཐར་དུ་མ་བསྟན། །མར་མེ་མཛད་དཔལ་ཡེ་ཤེས་སྒྲོན་མེ་ཡིས། །མ་རིག་མུན་པ་རྣམ་བསལ་སྟོང་ཉིད་དོན། །རྟོགས་པའི་འོད་ཀྱིས་དངོས་འཛིན་མུན་པ་འཇིག །ཀླུ་སྒྲུབ་གསུང་རབ་དགོངས་དོན་ཐུགས་སུ་ཆུད། །ཕས་ཀྱི་རྒོལ་བ་ཀུན་ལས་རྣམ་པར་རྒྱལ། །འདི་ནས་སྐུ་ལུས་བོར་བར་གྱུར་མ་ཐག །དགའ་ལྡན་ལྷ་གནས་བྱམས་པའི་དྲུང་བགྲོད་དེ། །རྒྱལ་སྲས་དྲི་མེད་མཚན་གྱིས་རབ་བསྔགས་པ། །ཚད་མེད་ཐུགས་རྗེའི་གཏེར་ལ་གུས་པས་བསྟོད། །བསྟོད་པའི་དགེ་ཚོགས་སྟོན་ཀའི་ཟླ་འོད་ལྟར། །རབ་དཀར་དྲི་མེད་གང་གིས་ཐོབ་པ་ཡི། །འགྲོ་ཀུན་ས་ལམ་རིམ་པས་བགྲོད་གྱུར་ཏེ། །སྒྲིབ་གཉིས་སྐྱོན་བྲལ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་ཇོ་བོ་དཱི་པཾ་ཀ་ར་ལ་བསྟོད་པ་རོང་སྟོན་ཆེན་པོས་སྦྱར་བའོ།།  ༈ །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གསུང་རབ་མང་ཐོས་མཁས་པའི་མཆོག་གྱུར་ཅིང༌། །ཏིང་འཛིན་སྟོབས་ཀྱིས་རྟོགས་པ་ཕུལ་བྱུང་བརྙེས། །རྣམ་དག་ཚུལ་ཁྲིམས་མཛེས་པའི་རྒྱན་གྱིས་སྤྲས། །རྒྱལ་སྲས་དམ་པ་འགྲོ་བ་ཀུན་གྱི་རྒྱན། །གངས་རིའི་ཁྲོད་ཀྱི་གདུལ་བྱ་དུ་མ་ལ། །ཕན་མཛད་རྨད་བྱུང་ཆོས་སྦྱིན་བསམ་མི་ཁྱབ། །མ་འོངས་སངས་རྒྱས་གསུམ་པར་ལུང་བསྟན་ཅིང༌། །འཇིག་རྟེན་སྒྲོན་མེ་ཁྱོད་ལས་གཞན་མ་མཆིས། །དཔག་མེད་ཡོན་ཏན་ཚད་ལས་འདས་པ་ན། །འཕགས་ཡུལ་གནས་སུའང་འགྲན་པའི་ཟླ་མེད་ཅིང༌། །སྡེ་བཞིའི་གཙོ་བོས་གང་གི་ཞབས་པད་གཏུགས། །ལྷ་མིའི་གཙུག་རྒྱན་འགྲོ་བ་ཡོངས་ཀྱི་མགོན། །སྤྱན་རས་གཟིགས་ཀྱིས་གངས་རིའི་ཁྲོད་གནས་སུ། །རྨད་དུ་བྱུང་བའི་ལུང་བསྟན་དམ་པ་མཛད། །བསྟན་སྲུང་དཔལ་མགོན་ཀུན་གྱི་བར་ཆད་བསལ། །འཇིགས་བྲལ་དཔའ་བོ་པཎ་ཆེན་ཁྱོད་ལ་བསྟོད། །གང་ལ་བསྟོད་པར་གྱུར་པའི་དགེ་ཚོགས་ཀྱིས། །ལྔ་རིགས་མཁས་པའི་མཆོག་ཏུ་འགྱུར་བར་ཤོག །ཅེས་རོང་སྟོང་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།།  ༈ །བླ་མ་གསེར་གླིང་པ་ལ་བསྟོད་པ་བྱིན་རླབས་ཀྱི་གཏེར་མཛོད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རིན་ཆེན་གསེར་གྱི་གླིང་དུ་སྐུ་འཁྲུངས་ཤིང༌། །བསླབ་གསུམ་རིན་ཆེན་མཆོག་གི་རྒྱན་གྱིས་སྤྲས། །གྲགས་པའི་འོད་ཟེར་ཕྱོགས་བཅུར་རབ་འཕྲོ་བ། །རིག་གནས་ཀུན་ལ་བློ་གྲོས་སྤྱན་སྟོང་རྒྱས། །གྲུབ་པའི་ས་ཐོབ་ཚད་མེད་མཁྱེན་པའི་གཏེར། །བརྩེ་བའི་བདག་ཉིད་རྨད་བྱུང་བྱང་ཆུབ་སེམས། །མཐའ་ཡས་འགྲོ་ལ་ཕན་པ་སྒྲུབ་མཛད་པ། །རྗེས་སུ་མཐུན་ཕྱོགས་དང་བའི་དད་པ་ཐོབ། །མ་རིག་མུན་སེལ་བསྟན་པའི་སྒྲོན་མེ་མཆོག །རང་གཞན་དོན་གཉིས་གྲུབ་པའི་དཔལ་དང་ལྡན། །གསེར་གླིང་པ་ཞེས་བྱ་བའི་བླ་མ་ཡི། །མཚན་ཙམ་ཐོས་པས་ངན་འགྲོ་བསྲུང་མཛད་ལ། །བསྟོད་ཚིག་མེ་ཏོག་ཕྲེང་བས་རབ་མཆོད་ཅིང༌། །རྣམ་ཀུན་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །གང་ལ་བསྟོད་པའི་དགེ་ཚོགས་གང་ཐོབ་པ། །བླ་མེད་ཐར་པའི་གོ་འཕང་ཐོབ་པར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །པཎྜི་ཏ་དཱ་ན་ཤཱི་ལ་ལ་བསྟོད་པ་མཁས་པ་དགའ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ལེགས་པར་སྦྱངས་པའི་བློ་གྲོས་ཕུལ་བྱུང་བརྙེས། །འགྲན་པའི་ཟླ་མེད་གཞན་ཕྱོགས་ཟིལ་གྱིས་གནོན། །འཕགས་པའི་ཡུལ་དུ་མུ་སྟེགས་རྒོལ་བའི་ཚོགས། །མཐོང་བ་ཙམ་གྱིས་རིང་དུ་འབྱེར་བར་བྱེད། །སྒྲ་དང་ཚད་མ་སྡེབ་སྦྱོར་སྙན་ངག་སོགས། །རབ་ཏུ་མཁས་པའི་སྙན་པས་ས་སྟེང་ཁྱབ། །གངས་རིའི་ཁྲོད་འདིར་མཁས་པ་དུ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་འདུད་བྱེད་ཅིང༌། །མཁས་པའི་གོ་འཕང་མཆོག་གྱུར་ཐོབ་མཛད་པ། །ལྷག་པའི་ལྷ་ཡི་ནུས་པ་ཕུལ་བྱུང་ཅན། །མཐོང་བ་ཙམ་གྱིས་མི་མཐུན་ཕྱོགས་ཀུན་ཞི། །དོན་གཉིས་དབང་འབྱོར་ཁྱོད་ལ་གུས་པས་བསྟོད། །བསྟོད་པའི་དགེ་ཚོགས་གང་ཞིག་ཐོབ་པ་དེས། །མཁས་པའི་གོ་འཕང་མཆོག་ཏུ་བརྙེས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་ཟེར་གྱིས་སྲིད་པའི་མུན་པ་འཇོམས། །རིག་པའི་ང་རོས་ལོག་སྨྲའི་རི་དྭགས་སྐྲག་པར་མཛད། །འཛམ་གླིང་མཁས་པ་ཀུན་ཀྱི་གཙུག་གི་རྒྱན་གྱུར་པ། །སྨྲ་བའི་ཉི་མ་ཀླུ་སྒྲུབ་ཞབས་ཀྱི་པདྨོར་འདུད། །ཟབ་མོའི་དོན་རྟོགས་ཡང་དག་རིག་པ་ཡིས། །ལོག་ལྟ་ཟློག་ནས་ཡང་དག་ལྟ་བ་ལ། །ཕ་རོལ་འགོད་མཛད་འཕྲིན་ལས་རྨད་བྱུང་བ། །འཕགས་པ་ལྷ་ཞེས་གྲགས་པ་ལ་ཕྱག་འཚལ། །བྱམས་པའི་ཞལ་ནས་ལེགས་བཤད་བདུད་རྩི་ཐོབ། །རྒྱ་ཆེ་ཤེས་བྱའི་གནས་ལ་མཁྱེན་པ་རྒྱས། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་བརྙེས། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ཅིང༌། །ལེགས་པར་སྦྱངས་པའི་བློ་གྲོས་ཕུལ་དུ་བྱུང༌། །སངས་རྒྱས་གཉིས་པར་གྲག་པ་དབྱིག་གི་གཉེན། །མཁས་པའི་དབང་པོ་དེ་ལ་ཕྱག་འཚལ་ལོ། །རིག་པའི་སྟོབས་ཀྱིས་བླང་དོར་རྣམ་པར་འབྱེད། །རིག་པས་ཕ་རོལ་མུ་སྟེགས་རྒོལ་བའི་ཚོགས། །རིགས་པས་ཕམ་མཛད་རིག་པ་སྨྲ་བའི་དབང༌། །རིག་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །རྣམ་དག་ཚུལ་ཁྲིམས་དག་པའི་ཁྱོན་ཡངས་སུ། །འདུལ་བའི་དོན་རྟོགས་བློ་གྲོས་པདྨོ་རྒྱས། །འོད་ཀྱི་མིང་གི་མཐའ་ཅན་རྣམ་གཉིས་ལ། །རབ་ཏུ་དང་བའི་བློ་ཡིས་གུས་ཕྱག་འཚལ། །རྒྱན་དྲུག་མཆོག་གཉིས་གུས་པས་རབ་བསྟོད་པའི། །སྙན་ངག་མེ་ཏོག་ཕྲེང་བ་སྤེལ་བ་ལས། །དགེ་ཚོགས་སྒྲུབ་པ་གང་གིས་རིག་གནས་ཀུན། །ལེགས་བཤད་རྟོགས་པའི་བློ་གྲོས་རྒྱས་གྱུར་ཅིག །ཅེས་རྒྱན་དྲུག་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཤེས་བྱ་མ་ལུས་མངོན་སུམ་མཁྱེན་པ་ཅན། །ཚད་མེད་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །འགྲོ་བ་མ་ལུས་ཡོངས་སུ་སྐྱོབས་པའི་དབང༌། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྒྱས་སྲས་ཀུན་གྱི་ཐུ་བོ་འཇམ་དཔལ་དབྱངས། །ཐུབ་པའི་གསུང་སྐྱེས་བྲམ་ཟེ་སྒྲ་གཅན་འཛིན། །གྲུབ་མཆོག་རྣམས་ཀྱི་གཙུག་གི་རྒྱན་གྱུར་པ། །ལྷ་མིའི་མཆོད་གནས་གཉིས་ལ་ཕྱག་འཚལ་ལོ། །སྟོབས་བཅུ་མངའ་བའི་ལུང་བསྟན་རབ་བརྙེས་ཤིང༌། །ཐུབ་བསྟན་རྒྱ་མཚོའི་དབུས་ན་མངོན་པར་མཐོ། །ལེགས་བཤད་རིན་ཆེན་ཀུན་གྱི་གཏེར་མངའ་བ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །དབང་ཕྱུག་གྲུབ་པའི་མུ་སྟེགས་རྫུ་འཕྲུལ་ཅན། །འགྲན་ཟླ་མེད་པར་ཚར་བཅད་རྗེས་སུ་བཟུང༌། །དབུ་མའི་རིང་ལུགས་སྨྲ་བ་ཀུན་གྱི་གཙོ། །སློབ་དཔོན་འཕགས་པ་ལྷ་ལ་ཕྱག་འཚལ་ལོ། །འཕགས་མཆོག་གཉིས་ཀྱི་གསུང་རབ་སྙིང་པོའི་དོན། །ལེགས་བཤད་རྟོགས་ནས་ཟབ་དོན་དབུ་མའི་ལམ། །སྐལ་ལྡན་གྲངས་མེད་འགྲོ་ལ་སྟོན་མཛད་པ། །གྲུབ་ཆེན་སངས་རྒྱས་བསྐྱངས་ལ་ཕྱག་འཚལ་ལོ། །གཞུང་ལུགས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །ཀླུ་སྒྲུབ་ཞལ་ལས་ལེགས་བཤད་བདུད་རྩི་བརྙེས། །རིགས་ལམ་སྨྲ་བ་ཀུན་གྱི་གཙུག་གི་རྒྱན། །མཁས་མཆོག་ལེགས་ལྡན་འབྱེད་ལ་ཕྱག་འཚལ་ལོ། །དངོས་འཛིན་དྲི་མ་མེད་པའི་ཐུགས་མངའ་ཞིང༌། །འཕགས་པའི་ཡུལ་གྱི་མཁས་པ་མཆོག་གྱུར་པ། །གྲུབ་མཆོག་དཔལ་སྦས་ཡེ་ཤེས་སྙིང་པོ་དང༌། །གྲུབ་མཁྱེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །རྒྱ་གར་ཤར་ནུབ་བོད་དང་རྒྱ་ནག་གིས། །རིགས་མིན་སྨྲ་བ་ཐམས་ཅད་ཚར་བཅད་ནས། །ཐུབ་བསྟན་དྲི་མ་མེད་པར་རྒྱས་མཛད་པ། །པདྨའི་ངང་ཚུལ་ཞབས་ལ་ཕྱག་འཚལ་ལོ། །གསུང་རབ་ཀུན་ལ་དབང་འབྱོར་སྐད་གཉིས་པ། །ཀ་ཅོག་ཞང་གསུམ་ཡེ་ཤེས་དབང་པོ་དང༌། །རཏྣ་གཡོ་དགེ་བླ་ཆེན་ཀླུ་མེས་སོགས། །བོད་ཡུལ་ཉིན་བྱེད་རྣམས་ལ་ཕྱག་འཚལ་ལོ། །མཁས་པའི་གསུང་རྒྱུན་ཀུན་ལ་དབང་འབྱོར་པས། །ཆོས་འཁོར་བསྐོར་ཚེ་ལྷ་ཡི་མེ་ཏོག་དང༌། །ཙནྡན་དྲི་ཡིས་ཕྱོགས་ཀུན་ཁྱབ་མཛད་པ། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ།།  ༈ །ཡང་དབུ་མའི་བརྒྱུད་ཚུལ་གཅིག་ནི། བྱམས་པ་ཐོགས་མེད་དབྱིག་གཉེན་འཇམ་དབྱངས་དང༌། །ཀླུ་སྒྲུབ་ཡབ་སྲས་དཀོན་མཆོག་འབངས་རྣམས་ཀྱི། །གཞུང་ལུགས་མན་ངག་ཀུན་ལ་མངའ་བརྙེས་པ། །འཕགས་པ་རྣམ་གྲོལ་སྡེ་ལ་ཕྱག་འཚལ་ལོ། །རང་རྒྱུད་གཞུང་གི་རྗེས་འབྲང་མཁས་པའི་མཆོག །བཙུན་པ་གྲོལ་སྡེ་མཆོག་སྡེ་འདུལ་བའི་སྡེ། །རྣམ་སྣང་སེང་བཟང་ཡེ་ཤེས་ཞབས་ལ་སོགས། །རྒྱལ་བའི་སྲས་མཆོག་རྣམས་ལ་ཕྱག་འཚལ་ལོ། །མཁས་མཆོག་རྣམས་ལས་རིམ་པར་ལེགས་བརྒྱུད་པའི། །ལེགས་བཤད་བདུད་རྩིའི་དགའ་སྟོན་རྒྱས་མཛད་པ། །བསྟན་པའི་མངའ་བདག་བརྒྱུད་པར་བཅས་པ་དང༌། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡང་ཚིག་འཇུག་བཞི་གསུམ་དང༌། བསྟོད་ཚོགས། གཏམ་ཚོགས། རིགས་ཚོགས་རྣམས་ཀྱི་བཤད་རྒྱུད་ཀྱི་དབུ་གོང་དང་འདྲའོ།།  ༈ །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །ཡང་དག་རིགས་པའི་བསིལ་ཟེར་ཕྱོགས་བཅུར་འཕྲོ། །སྲིད་པའི་གདུང་བ་མ་ལུས་འཕྲོག་པར་མཛད། །ཟླ་བ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཟླ་བའི་གསུང་ཟེར་ལས་འཁྲུངས་པ། །འཇམ་དཔལ་གྲགས་པ་དེ་ཝ་ཙནྡྲ་དང༌། །པ་ར་ཧེ་ཏ་བཞད་པའི་རྡོ་རྗེ་སོགས། །རྒྱ་གར་མཁས་པ་རྣམས་ལ་ཕྱག་འཚལ་ལོ། །གངས་ཅན་ལྗོངས་འདིར་འཕགས་པ་ཡབ་སྲས་ཀྱི། །གཞུང་ལུགས་པད་ཚལ་ཀུན་ནས་རྒྱས་མཛད་པ། །པ་ཚབ་ཉི་མ་གྲགས་དང་ཞང་ཐང་སོགས། །འཕགས་པའི་སྤྲུལ་པ་རྣམས་ལ་ཕྱག་འཚལ་ལོ། །མཁས་མཆོག་ཤེས་རྡོར་སྟོན་ཚུལ་གྲགས་ལྡན་དང༌། །འབྲོམ་སྟོན་དབང་གྲགས་དར་ཤེ་འབྲོམ་སྟོན་ཆེ། །རྗེ་བཙུན་སྟོན་འཕགས་འཇམ་དབྱངས་བངས་སྟོན་སོགས། །དབུ་མའི་བཤད་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །ཚིག་འཇུག་བཞི་གསུམ་འགྲེལ་པ་འགྲེལ་བཤད་དང༌། །བསྟོད་ཚོགས་གཏམ་ཚོགས་རིགས་ཚོགས་ཐམས་ཅད་ཀྱི། །ཚིག་དོན་མངའ་བ་ཟླ་གྲགས་གསར་མ་སོགས། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་བངས་སྟོན་ཟླ་གྲགས་གསར་མའི་བར་ལྟ་ཁྲིད་དང་གཅིག་ལ།།  ༈ །ལྟ་ཁྲིད་ཀྱི་བརྒྱུད་པ་ནི། གྲུབ་པའི་མཆོག་བརྙེས་དཔལ་ལྡན་ཟླ་བ་གྲགས། །སྨྲ་བའི་གཙུག་རྒྱན་རིག་པའི་ཁུ་བྱུག་གཉིས། །བལ་པོའི་པཎ་ཆེན་བི་ཧ་ར་པ་སོགས། །དངོས་གྲུབ་མཆོག་བརྙེས་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོས་དངོས་གྲུབ་བྱིན་བརླབ་པ། །བྱང་སེམས་ཟླ་རྒྱལ་དབུ་མ་ཤེར་འབུམ་དང༌། །འཇམ་དབྱངས་བངས་སྟོན་ཐང་ནག་བཀྲ་སེ་སོགས། །རྒྱལ་བའི་ཐུགས་སྲས་རྣམས་ལ་ཕྱག་འཚལ་ལོ། །ཟབ་ལམ་ལྟ་བའི་བདུད་རྩི་མཆོག་བརྙེས་པ། །སྟ་པ་ཆོས་གྲགས་སློབ་དཔོན་སྟོན་བསོད་དང༌། །ཙེ་བོ་བློ་གསལ་ཤཱཀྱ་ཀུ་མ་ར། །ཟླ་གྲགས་གསར་མ་རྣམས་ལ་ཕྱག་འཚལ་ལོ།།  ༈ །སྤྱོད་འཇུག་གི་བརྒྱུད་པ་ལ་བསྟོད་པ་ནི། ཞི་བ་ལྷ་ལས་འཇམ་དབྱངས་དང༌། ཀླུ་སྒྲུབ་གཉིས་ཀ་ལ་དངོས་སུ་ཐུགས་པས། དེ་གཉིས་གོང་དང་གཅིག་གོ །འཇམ་དབྱངས་ཞལ་ལས་ལེགས་བཤད་བདུད་རྩི་ཐོབ། །ངོ་མཚར་མཛད་པ་རྨད་བྱུང་དུ་མ་བསྟན། །མཁས་པའི་མཁས་མཆོག་རྣམས་ཀྱིས་རབ་བསྔགས་པ། །རྒྱལ་སྲས་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །མདོ་རྒྱུད་བསྟན་བཅོས་ཀུན་ལ་དབང་འབྱོར་པ། །བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་བ་དང༌། །དེ་ལས་ལེགས་བརྒྱུད་བརྒྱུད་པར་བཅས་པ་ཡིས། །མཚུངས་མེད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཆེན་པོས་མཆོད། །ཉེས་ལྟུང་དྲི་མ་ཐམས་ཅད་སོ་སོར་བཤགས། །རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང༌། །རྟག་ཏུ་ཕན་བདེའི་ཆོས་འཁོར་བསྐོར་དུ་གསོལ། །ཀུན་གྱི་གཉེན་མཆོག་རྒྱལ་བ་སྲས་བཅས་རྣམས། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །རང་གཞན་དགེ་བ་ཇི་སྙེད་བསགས་པ་རྣམས། །འགྲོ་ཀུན་བྱང་ཆུབ་མྱུར་དུ་ཐོབ་ཕྱིར་བསྔོ། །སྐྱབས་གསུམ་ཉི་འོད་བཞིན་དུ་གསལ་བ་དང༌། །འགྲོ་ཀུན་ཕན་བདེའི་པད་ཚལ་རྒྱས་པ་དང༌། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཆེར་རྒྱས་པའི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་འཕེལ་བར་ཤོག །ཅེས་པ་འདི་སོག་དབོན་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་བའི་ངོར། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་རབ་བྱུང་གི་ལོ་ནག་པ་ཉ་བའི་ཟླ་བ་ལ་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*