རིག་གཏེར་འགྲེལ་པ་རིགས་ལམ་རབ་གསལ། ཀ༽

༄༅། །སབྟབརྒགསསཱུཏྲསྱསནྡྷིཔྲྀཏྟིཔྲམཱཎཡུཀྟིནིདྷིབིབརཎཡུཀྟིམཱརྒགཔྲཀཱསནཱམབིཧརཏིསྨ།།

༄༅། །སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིག་པའི་གཏེར་གྱི་འགྲེལ་པ་རིགས་ལམ་རབ་གསལ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིག་པའི་གཏེར་གྱི་འགྲེལ་པ་རིགས་ལམ་རབ་གསལ་ཞེས་བྱ་བ་ཤེས་བྱའི་གནས་ལ་བསླུ་བ་མེད་པའི་ཡེ་ཤེས་ཡོངས་སུ་དག་པ་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དྲི་མ་མ་ལུས་ཡོངས་སུ་དག་པའི་སྐུ་ནི་རབ་དཀར་གངས་རི་ལྟར་བརྗིད་ཅིང་། །དམ་ཆོས་ཆོས་སྒྲ་ཕྱོགས་བཅུར་སྒྲོགས་པའི་གསུང་ནི་རབ་སྙན་ལྷ་ཡི་རྔ་བོ་ཆེ། །ཆོས་ཀུན་ཀུན་ལ་ཆགས་ཐོགས་མེད་པའི་ཐུགས་ནི་རབ་འབྱམས་ནམ་མཁའ་ལྟར་ཞི་བ། །སྲིད་ཞིའི་ཉེས་པས་མི་གཡོ་འགྲོ་བའི་མགོན་པོ་ལྷ་མཆོག་དེ་ལ་སྙིང་ནས་འདུད། །འཛམ་གླིང་མཛེས་བྱེད་འཛམ་བུའི་གསེར་གྱི་ཅོད་པཎ་མཆོག་ལྟར་བློ་གསལ་ཀུན་གྱི་སྤྱི་བོའི་རྒྱན། །རྒྱལ་བས་ལུང་བསྟན་རྒྱལ་བའི་སྲས་ཚོགས་ཀུན་གྱི་དབུས་ན་རྒྱལ་བ་ལྟ་བུར་ལྷམ་མེ་བ། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་རྣམ་དཀར་མཛད་པའི་ལས་བཟང་རྣམས། །རབ་ཏུ་སྒྲུབ་མཛད་རབ་དགའི་ས་བརྙེས་དཔལ་ལྡན་རིགས་པའི་དབང་ཕྱུག་རྣམ་གཉིས་རྟག་ཏུ་རྒྱལ། །ལུང་རྟོགས་བསྟན་པ་ཀུན་གྱི་རྩ་ལག་མཆོག །ཕན་བདེའི་དགའ་སྟོན་ཀུན་ལ་རྩོལ་བའི་གཉེན། །རྒྱལ་བའི་མཚན་དཔེ་ཀུན་གྱི་དཔལ་མངའ་བ། །ལྷུན་གྲུབ་འཕྲིན་ལས་བཟང་པོ་དེར་ཕྱག་འཚལ། །ལྷུན་གྲུབ་མཛད་པ་རྒྱུན་ཆད་མེད་པར་སྒྲུབ་མཛད་བཟང་པོའི་མཛད་པ་ཅན། །བྱམས་བརྩེའི་གཟིགས་པ་མཁའ་མཉམ་འགྲོ་ལ་མཁའ་ལྟར་ཁྱབ་པའི་ཐུགས་རྗེ་ཅན། །ཟབ་ཡངས་ཡེ་ཤེས་ཟབ་ཡངས་ཆོས་ལ་ཐོགས་མེད་འཇུག་པའི་མཁྱེན་པ་ཅན། །ལེགས་བཤད་མཆོག་གིས་ལེགས་པར་སྐྱོང་མཛད་ཡོངས་འཛིན་མཆོག་རྣམས་བསྟོད་པར་བགྱི། །རྣམ་དག་རིགས་པའི་རིན་ཆེན་གཏེར། །རྣམ་པར་ཕྱེ་རློམ་མང་ན་ཡང་། །རྣམ་རྫོགས་གསལ་བར་མ་ནུས་པས། །རྣམ་བཤད་ཉི་མའི་འོད་ཀྱིས་དབྱེ། །འདི་ལ་མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ། དང་པོ་ནི། རྒྱ་གར་སོགས་སོ། །གཉིས་པ་ལ་བཤད་པ་ལ་འཇུག་པའི་ཡན་ལག བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་ལས། དང་པོ་ལ་མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་ལ་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ། རྩ་བའི་བླ་མ་ལ་མཆོད་པར་བརྗོད་པ། རིགས་པའི་དབང་ཕྱུག་གཉིས་ལ་མཆོད་པ་བརྗོད་པའོ། །དང་པོ་ནི། འཕགས་པ་འཇམ་དཔལ་ཞེས་སོགས་སོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པ་ནི་གཞིར་གཞག་གོ །གང་གིས་ན་རྩོམ་པ་པོས། ཚུལ་ཇི་ལྟར་ན་རང་ཉིད་ཀྱི་ཡན་ལག་གི་མཆོག་མགོ་བོས། གང་ལ་ན་སྤྱི་དང་ཁྱད་པར་གྱི་བཀའ་དྲིན་ལྷག་པར་སྟོན་པའི་རྩ་བའི་བླ་མ་རྣམས་ཀྱི་སྐུའི་དམན་ཤོས་ཞབས་ལའོ། །བླ་མ་དེ་ཇི་ལྟ་བུ་ཞེ་ན། ཡི་དམ་གྱི་ལྷ་འཇམ་དབྱངས་མགོན་པོ་དང་དབྱེར་མེད་པའོ། །གང་གི་སྒོ་ནས་ན། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་གསལ་བར་གཟིགས་པའི་སྤྱན་ཡངས་པ་སྟེ་མཁྱེན་པ་དང་། གདུལ་བྱའི་འགྲོ་བ་ཀུན་ལ་རྒྱུ་དགེ་བ་གཉིས་དང་། འབྲས་བུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་རང་རང་གི་སྐལ་བ་དང་འཚམས་པར་སྒྲུབ་པའི་ཐུགས་རྗེ་ཅན་ཏེ་བརྩེ་བ་དང་། བསམ་ཡས་ཏེ་ལྷུན་གྱིས་གྲུབ་པའི་རྒྱུན་མི་ཆད་པའི་ཕྲིན་ལས་མཛད་པའི་སྟོབས་མངའ་བ་སྟེ་ནུས་པའི་ཡོན་ཏན་གསུམ་བརྗོད་པའི་སྒོ་ནས་སོ། །ཁོ་བོའི་ལེགས་བཤད་དོ། །གཞན་དག་གིས་ནི་ཇི་ལྟ་བ་བཞིན་མ་ཤེས་པ་སྣང་བ་ཡིན་ནོ། །གསུམ་པ་ནི། ཀླུའི་དབང་པོ་དང་ཆོས་མཚུངས་པའི་དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང་། ཆོས་ཀྱི་གྲགས་པ་རྣམ་པ་གཉིས་པོ་རྟག་ཏུ་རྒྱལ་ལོ། །ཇི་ལྟར་ཀླུའི་དབང་པོ་དང་མཚུངས་ཤེ་ན། རྒྱན་དང་། རོ་འཛིན་དང་། སྒྲ་སྒྲོགས་པ་དང་། གཞན་འཇིགས་པར་བྱེད་པ་དང་། གཞན་མཛེས་པར་བྱེད་པ་ལྔས་ཆོས་མཚུངས་པ་ལས། དང་པོ་ནི། ཀླུའི་དབང་པོའི་སྤྱི་གཙུག་ནོར་བུའི་སྤྲས་པ་ལྟར། འདི་གཉིས་ཀྱི་རབ་ཏུ་རྒྱས་པའི་བློ་གྲོས་ཀྱི་སྤྱི་བོའི་གཙུག་འཕགས་པའི་ནོར་ལ་སོགས་པ་ཡོན་ཏན་ནོར་བུ་རིན་པོ་ཆེའི་རྒྱན་གྱིས་ལེགས་པར་སྤྲས་པའོ། །གཉིས་པ་ནི། དེ་ལ་དུག་དང་སྨན་གྱི་རོ་འཛིན་པའི་ལྕེ་གཉིས་ཡོད་པ་ལྟར། འདི་གཉིས་ལའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་རོ་མངོན་སུམ་དུ་འཛིན་པའི་དབང་པོ་གཉིས་ཡོད་པའོ། །གསུམ་པ་ནི། དེས་ཕུཊ་སྒྲ་སྒྲོགས་པ་ལྟར། འདི་གཉིས་ཀྱིས་ཀྱང་གཉིས་སྟོང་གི་སྟོང་པ་ཉིད་ཀྱི་སྒྲ་ལེགས་པར་སྒྲོགས་པའོ། །བཞི་པ་ནི། དེ་ལ་མཐོང་བའི་དུག་ཡོད་པས་བལྟར་མི་བཟོད་པ་ལྟར། འདི་གཉིས་ཀྱི་མཁྱེན་བརྩེའི་ལྟ་ཟེར་ཕྱི་ནང་གི་ཕས་རྒོལ་གྱི་སྐྱེ་བོ་ཐམས་ཅད་ཀྱིས་མི་བཟོད་པའོ། །ལྔ་པ་ནི། དེ་རང་གནས་པའི་རྒྱ་མཚོའི་རྒྱན་དུ་གྱུར་པ་ལྟར། འདི་གཉིས་ཀྱང་བློ་གསལ་གྱི་གདུལ་བྱ་རྒྱ་མཚོ་ལྟ་བུ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པའོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། བཤད་དོ་ཞེས་པ་གཞིར་གཞག གང་ན། སྡེ་བདུན་མདོ་དང་བཅས་པའི་སྙིང་པོ་ཚད་མ་རིག་པའི་གཏེར་འདིའོ། །ཀུན་སློང་ཇི་ལྟ་བུས་ན། གདུལ་བྱ་རྣམས་ཀྱིས་སྡེ་བདུན་གྱི་དགོངས་པ་ཐམས་ཅད་ཇི་ལྟ་བ་བཞིན་རྟོགས་པར་འདོད་པའི་བརྩེ་བའི་བསམ་པས་ཀུན་ནས་བསླངས་ནས་སོ། །ཡུལ་ནི་རྣམ་དཔྱོད་ཀྱི་ཤེས་རབ་དང་ལྡན་པ། ལེགས་བཤད་ལ་ཕྲག་དོག་མེད་པའི་བློ་གཟུ་བོར་གནས་པ་ལེགས་བཤད་དོན་དུ་གཉེར་བ་སྡེ་སྣོད་ཀྱི་ཡོན་ཏན་དང་ལྡན་པ་གཞན་ལའོ། །གང་ལ་བརྟེན་ནས་ན། ཆོས་ཀྱིས་གྲགས་པའི་བཞེད་པ་སྟོན་པའི་གཞུང་སྡེ་བདུན་གྱི་བརྗོད་དོན་ཇི་ལྟ་བ་བཞིན་དུ་ཤིན་ཏུ་གསལ་བའི་མིག་གིས་གཟུགས་མཐོང་བ་ལྟར་བློ་གྲོས་གསལ་པོས་ལེགས་པར་མཐོང་བ་ལ་བརྟེན་ནས་སོ། །དགོས་པ་གང་གི་ཕྱིར་དུ་ན། རྒྱུ་སྐར་གྲངས་མང་བ་བྱེ་བ་ངོ་བོའི་ཤིན་ཏུ་རྒྱས་པ་དག་གིས་པདྨོའི་ཚལ་རྣམས་ཕྱེ་སྟེ་གེ་སར་གྱི་སྙིང་པོ་གསལ་བར་རློམ་ཀྱང་ཉི་འོད་ཀྱིས་མ་ཁྱབ་པ་དེ་སྲིད་དུ་གེ་སར་གྱི་སྙིང་པོ་གསལ་བར་མ་ནུས་པ་ལྟར། རྒྱུ་སྐར་གྱི་གྲངས་ལྟ་བུའི་མཁས་པའི་ཚོགས་གངས་རིའི་ཁྲོད་འདིར་བྱོན་པ་རྣམས་ཀྱིས་དཔལ་ལྡན་གྲགས་པའི་གསུང་རབ་པདྨོའི་ཚལ་ལྟ་བུ་རབ་ཏུ་ཕྱེ་སྟེ་གེ་སར་གྱི་སྙིང་པོ་ལྟ་བུའི་དགོངས་དོན་གསལ་བར་རློམ་མོད་འོན་ཀྱང་ས་སྐྱ་པཎྜི་ཏ་གང་གི་བློ་གྲོས་ཀྱི་ཉི་མའི་འོད་ཀྱི་སྣང་བས་མ་ཁྱབ་པ་དེ་སྲིད་དུ་གཞུང་ལུགས་སྡེ་བདུན་གྱི་དགོངས་དོན་གེ་སར་གྱི་སྙིང་པོ་ཇི་ལྟ་བ་བཞིན་གསལ་བ་མ་ནུས་པས་དེ་གསལ་བའི་ཕྱིར་དུ་བཤད་དོ། །རྒྱས་ལ་སྔོན་འཇུག་ཡོད་པ་ནི་མ་དག་པ་ཡིན་ནོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ་ལ་ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློས་ཡུལ་རྟོགས་པའི་ཚུལ་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བློས་རིག་པར་བྱ་བ་ཆོས་ཅན། ཡུལ་གྱི་མཚན་ཉིད་ཡིན་ཏེ། དེའི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་པའི་ཕྱིར། དེ་ཡང་དངོས་འགལ་གཅོད་པ་ཞེས་པས་དེ་མིན་དང་། དོན་ལྡོག་ཅེས་པས་མཚོན་བྱ་དང་མཚན་གཞིའི་ལྡོག་པ་གཅོད་ཅིང་། གྲུབ་པ་ཞེས་པས་དོན་སྤྱི་དང་རང་མཚན་སོ་སོར་མ་ཕྱེ་བའི་ལྟོ་ལྡིར་བ་ཙམ་སྟོན་ཏེ། དོན་ལྡོག་ནི་དོན་སྤྱི་ཡིན་ལ་དེ་ཉིད་གཉིས་པོ་སོ་སོར་མ་ཕྱེ་བའི་ལྟོ་ལྡིར་བ་ཙམ་ལ་གྲུབ་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ། གཞན་ལུགས་དགག་པ། རང་གི་འདོད་པ་བརྗོད་པ། རྩོད་པ་སྤོང་བ་གསུམ། དང་པོ་ལ་ཁས་བླངས་བརྗོད་པ། དེ་དགག་པ་གཉིས། དང་པོ་ནི། བོད་རྣམས་རྟོག་པའི་སྣང་ཡུལ་དོན་སྤྱི་དང་ནི་རྟོག་མེད་འཁྲུལ་ཤེས་ཀྱི་སྣང་ཡུལ་མེད་པ་གསལ་བ་གཉིས་རིམ་པ་བཞིན་བློ་གཉིས་ཀྱི་གཟུང་ཡུལ་ཡིན་ཞིང་། དེ་ཡང་ཡུལ་གཉིས་པོ་མེད་ན་འཁྲུལ་པ་གཞི་མེད་དུ་འགྱུར་བས་ཡོད་ལ། དེའང་འཁྲུལ་ཤེས་གཉིས་འཛིན་པའི་རང་རིག་གི་ཤུགས་ལས་གྲུབ་བོ་ཞེས་དང་། ཉན་ཐོས་མང་བཀུར་བ་སོགས་སྒྲ་སྤྱི་མིང་དང་དོན་སྤྱི་མཚན་མའི་རྣམ་པ་ཅན་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པ་གང་རུང་གཟུང་ཡུལ་དུ་བྱས་པ་ལས་རྟོག་པ་དང་རྨི་ལམ་གྱི་ཤེས་པ་རྣམས་སྐྱེ་བར་འདོད་དོ་ཞེ་ན། གཉིས་པ་ལ་གཉིས་ལས། དང་པོ་དགག་པ་རྒྱས་པར་བཤད་པ་ལ། བློ་མ་འཁྲུལ་བར་ཐལ་བ། ཡུལ་སྣང་རུང་དུ་ཐལ་བ་གཉིས། དང་པོ་ལ་ཐལ་བ་དགོད་པ། ཉེས་སྤོང་དགག་པའོ། །དང་པོ་ནི། ཡུལ་གཉིས་པོ་དེ་འཛིན་པའི་རྟོག་པ་དང་རྟོག་མེད་འཁྲུལ་པའི་ཤེས་པ་གཉིས་པོ་ཆོས་ཅན། འཁྲུལ་པར་འགལ་བར་ཐལ་ཏེ། གཟུང་ཡུལ་ཡོད་པ་ཅན་གྱི་བློ་ཡིན་པའི་ཕྱིར། དཔེར་ན་བུམ་འཛིན་གྱི་མིག་ཤེས་བཞིན་ནོ། །གཉིས་པ་ནི། གལ་ཏེ་ཁྱབ་པ་མ་གྲུབ་སྟེ། གཟུང་ཡུལ་ཡོད་ན་ཡང་དེ་གཉིས་འཁྲུལ་པ་མི་འགལ་ཏེ། ཐག་པ་ལ་སྦྲུལ་དུ་འཛིན་པ་དང་། ཉ་ཕྱིས་ལ་དངུལ་དུ་འཛིན་པ་བཞིན་ནོ་ཞེ་ན། མི་འཐད་དེ། ཐག་པའི་ཁྲ་བོ་འཛིན་པའི་མིག་ཤེས་ལ་བྱེད་དམ། ཐག་པའི་ཁྲ་བོ་འདི་སྦྲུལ་ལོ་སྙམ་དུ་འཛིན་པའི་བློ་ལ་བྱེད། དང་པོ་ལྟར་ན་ཐག་པའི་ཁྲ་བོ་འཛིན་པའི་མིག་ཤེས་ཆོས་ཅན། མ་འཁྲུལ་བ་ཡིན་ཏེ། རང་གི་གཟུང་ཡུལ་ཡོད་པའི་ཕྱིར། གཉིས་པ་ལྟར་ན། ཐག་པ་འདི་ནི་སྦྲུལ་ལོ་སྙམ་དུ་འཛིན་པའི་བློ་ཆོས་ཅན། འཁྲུལ་ཏེ། རང་གི་གཟུང་ཡུལ་དོན་ལ་མེད་པས་ན་སྟེ་དེའི་ཕྱིར། གཉིས་པ་ལའང་ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཤེས་པ་གཉིས་ཀྱི་སྣང་ཡུལ་དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཆོས་ཅན། རང་གིས་མཐོང་བར་མ་ཟད་ཡུལ་སྣང་རུང་གཅིག་ན་ཉེ་བར་གནས་པའི་གང་ཟག་གཞན་གྱིས་ཀྱང་རང་གིས་མཐོང་བ་བཞིན་དུ་མཐོང་བར་འགྱུར་ཏེ། རང་གི་ཡུལ་ཅན་གྱི་ཤེས་པ་ལས་ཐ་དད་པའི་གཟུང་ཡུལ་ཡིན་པའི་ཕྱིར་ན་སྟེ་དེའི་ཕྱིར། བུམ་པ་ལ་སོགས་པ་ཐམས་ཅད་ཀྱིས་མཐོང་བ་བཞིན་ནོ། །རྟགས་ཁས། ཁྱབ་སྟེ། ཡུལ་རྣམ་པ་ནི་རགས། ཡིད་ཉེ་བར་གཏད་པ་ནི་ཡོད། འཁྲུལ་པའི་རྒྱུ་མཚན་ནི་མེད་པས་སོ། །གཉིས་པ་ནི། འཁྲུལ་ཤེས་གཉིས་ཀྱི་སྣང་ཡུལ་གཉིས་པོ་གཟུང་བའི་དོན་ཉིད་ཡིན་ཡང་ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་རྟོགས་པ་མེད་དེ། སྣང་བ་པོ་བདག་ཉིད་ཀྱི་བློ་ལ་རྟག་ཏུ་ཡུལ་དང་ཡུལ་ཅན་དུ་འབྲེལ་བའི་ཕྱིར། དཔེར་ན་ལུས་ཀྱི་ནང་གི་གློ་སྙིང་སོགས་གཞན་གྱིས་མི་མཐོང་བ་བཞིན་དུའོ་ཞེ་ན། ལུས་ཀྱི་ནང་གི་གློ་སྙིང་ནི་ཆོས་ཅན། ཁྱོད་སྣང་ཡུལ་གཉིས་པོ་དེ་ཡུལ་རུང་བ་ན་ཡོད་པའི་གང་ཟག་གིས་མི་མཐོང་བའི་དཔེ་ཡང་དག་མིན་ཏེ། ཁྱོད་ཡུལ་རུང་བ་ན་ཡོད་པ་མ་ཡིན་པ་དེས་ན་རང་གིས་ཀྱང་མི་མཐོང་ལ་སྣང་ཡུལ་གཉིས་པོ་ནི་རང་གིས་མཐོང་བའི་ཕྱིར། འགའ་ཞིག་གི་ཚེ་ཡུལ་རུང་བ་ན་གནས་ན་མཐོང་ངོ་། །ཀྱང་ནི་གཞན་གྱིས་མི་མཐོང་བར་མ་ཟད་པའི་དོན་ཏོ། །གལ་ཏེ་ནང་གི་ལུས་སུ་མ་ཟད་སྣང་ཡུལ་གཉིས་པོའང་ཡུལ་རུང་བ་ན་གནས་པ་མ་ཡིན་ཏེ། རང་རང་གི་བློ་ཁོ་ན་དང་རྟག་ཏུ་ཡུལ་ཡུལ་ཅན་དུ་འབྲེལ་བས་ན་སྟེ་དེའི་ཕྱིར་ཞེ་ན། འོ་ན་བུམ་པ་འཆད་པ་པོའི་བློའི་ཡུལ་དོན་སྤྱི་ཆོས་ཅན། སྒྲས་བརྗོད་ཀྱང་རང་རིག་པ་བཞིན་དུ་ཉན་པ་པོ་གཞན་གྱིས་རྟོགས་པར་མི་འགྱུར་བར་ཐལ། འཆད་པ་པོ་རང་གི་བློ་ཁོ་ན་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་ཕྱིར། དེའང་རྣམ་འགྲེལ་ལས། བདག་ལ་རྟག་ཏུ་འབྲེལ་ཡིན་ན། །ཞེས་སོགས་གཉིས་སོ། །གལ་ཏེ་ཉན་པ་པོའི་བློ་ལ་སྣང་བའི་དོན་སྤྱི་དེ་སྒྲས་བརྗོད་པས་དེ་ཉིད་ཉན་པ་པོས་རྟོགས་ཏེ་འཆད་ཉན་བྱེད་པ་པོའི་བློ་ལ་སྣང་བའི་དོན་སྤྱི་གཉིས་ནི་རང་རང་གི་ཡུལ་ཅན་གྱི་བློ་ཁོ་ན་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་ཕྱིར་ཞེ་ན། འོ་ན་འཆད་པ་པོ་དང་ཉན་པ་པོ་རང་རང་གི་བློ་ཁོ་ན་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་དོན་སྤྱི་རྐྱང་པ་དེ་བརྗོད་པས་གང་ཟག་གཉིས་ཀྱི་བརྗོད་བྱའི་དོན་ཐུན་མོང་བ་གཅིག་གོ་མི་ནུས་པར་ཐལ། དེའི་དོན་སྤྱི་གཉིས་སོ་སོ་བ་ཁོ་ན་གོ་བ་ཡིན་པའི་ཕྱིར། འདོད་ན་གང་ཟག་གཉིས་པོ་དེས་དོན་སྤྱི་གཉིས་པོ་མཚམས་སྦྱོར་མི་ནུས་པར་ཐལ། འདོད་པའི་ཕྱིར། དེའང་རྣམ་འགྲེལ་ལས། རེ་རེ་དག་དང་འབྲེལ་ན་ནི། །ཞེས་སོགས་ཚིགས་བཅད་གཅིག་གོ །གལ་ཏེ་འཆད་པ་པོ་དང་ཉན་པ་པོའི་བློ་ལ་སྣང་བའི་དོན་སྤྱི་གཉིས་རང་རང་བློ་དང་འབྲེལ་ཡང་དེ་གཉིས་མཚམས་སྦྱོར་ནུས་པ་མི་འགལ་ཏེ། འཆད་ཉན་བྱེད་པ་པོའི་གང་ཟག་སོ་སོ་ལ་ཡོད་པའི་སེམས་ཀྱི་རྣམ་པ་གཉིས་ལྟོ་ལྡིར་ཞབས་ཞུམ་དུ་འདྲ་བས་འདྲ་བ་ལ་གཅིག་ཏུ་ཞེན་པ་ལ་ཐ་སྙད་དངོས་སུ་སྦྱོར་བའི་ཕྱིར་ཞེ་ན་མི་འཐད་དེ། འཆད་པ་པོའི་བློ་ལ་སྣང་བའི་དོན་སྤྱི་ཆོས་ཅན། འཆད་ཉན་བྱེད་པའི་བློ་ཐུན་མོང་དུ་མི་འཛིན་པར་ཐལ། འཆད་པ་པོ་རང་གི་བློ་ཁོ་ནའི་ཡུལ་ཡིན་པའི་ཕྱིར་ཏེ། འཆད་པ་པོ་རང་ལ་ཤར་བའི་དོན་སྤྱི་ཡིན་པའི་ཕྱིར་ནའོ། །གལ་ཏེ་མ་གྲུབ་ན་དེ་ཆོས་ཅན། འཆད་པ་པོའི་བློའི་ཡུལ་མ་ཡིན་པར་ཐལ། དེ་ལ་མ་ཤར་ན་ནི་སྟེ་མ་ཤར་བའི་ཕྱིར། འདོད་ན། ཕན་ཚུན་འདྲ་བར་མི་ཤེས་པའི་ཕྱིར་དོན་གོ་བ་མི་སྲིད་པར་འགྱུར་རོ། །དོན་སྤྱི་གཉིས་པོ་བློ་སོ་སོ་དང་ཡུལ་ཡུལ་ཅན་དུ་འབྲེལ་བ་དེས་ན་གང་ཟག་གཉིས་པོ་དེས་དོན་སྤྱི་གཉིས་ལ་གཅིག་ཏུ་འཛིན་པ་ག་ལ་སྲིད་དེ་མི་འཛིན་པར་ཐལ། དོན་སྤྱི་གཉིས་པོ་བློ་ཐ་དད་པ་ཁོ་ནའི་གཟུང་བར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་བློ་གཉིས་ཀྱི་ཡུལ་དོན་སྤྱི་ཐ་དད་པ་ཁོ་ན་ཡིན་ཡང་འཁྲུལ་པའི་སྒོ་ནས་གཅིག་ཏུ་འཛིན་པས་མི་འགལ་ལོ་ཞེ་ན། འཆད་ཉན་བྱེད་པ་པོའི་རྟོག་པ་ཆོས་ཅན། རང་གི་གཟུང་ཡུལ་མེད་པར་གྲུབ་པ་ཡིན་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར་ཏེ། དོན་སྤྱི་གཉིས་གཅིག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། དེས་ན་རྟོག་པ་ཐམས་ཅད་ཀྱི་གཟུང་ཡུལ་མེད་པར་གྲུབ་ཅིང་། དེས་ཁྱེད་ལྟར་ན་རྟོག་པ་ཐམས་ཅད་ཀྱི་སྣང་ཡུལ་མེད་པ་ཉིད་དུ་གྲུབ་སྟེ། ཡུལ་གཉིས་པོ་གཅིག་ཏུ་ཁས་བླངས་པའི་ཕྱིར་ཞེས་པ་ནི་རྩ་འགྲེལ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་གྱི། འགྲེལ་པ་འདི་ལ་བརྟེན་ནས་རྟོག་པའི་སྣང་ཡུལ་གཏན་མེད་དུ་སྨྲ་བ་རྣམས་ཀྱིས། རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། །ཞེས་པའི་རིགས་པའི་ཁྱབ་འབྲེལ་ལ་དཔྱོད་པ་མ་ཞུགས་པའམ། གལ་ཏེ་ཞུགས་ནའང་དབང་ཤེས་ཀྱི་དངོས་ཡུལ་དུ་གྱུར་པའི་དོན་རང་མཚན་ཁས་ལེན་དགོས་པས་བག་ཡོད་པར་གྱིས་ཤིག གཉིས་པ་བཅས་ཚིག་གི་སྒོ་ནས་དགག་པ་བསྡུས་ཏེ་བསྟན་པ་ནི། རིག་པས་བརྟགས་ཤིང་དཔྱད་ན་སྤྱི་དང་མེད་པ་གསལ་སྣང་དོན་དུ་མེད་བཞིན་དུ་ད་དུང་བོད་ཕལ་ཆེར་དེ་གཉིས་གཟུང་ཡུལ་དུ་ཞེན་པ་ནི་འཁྲུལ་པ་ཡིན་ཏེ། བླུན་པོའི་སྟོབས་ཀྱིས་དེ་ལྟར་སྨྲས་པའི་ཕྱིར། དཔེར་ན། སོར་མོའི་རྩེ་མོས་ནམ་མཁའ་འདིའོ་ཞེས་བསྟན་པ་ན་ནམ་མཁའ་མཐོང་ངོ་ཞེས་ཞེན་པ་ནི་བླུན་པོ་ཡིན་པ་བཞིན་ནོ་ཞེས་པ་འདི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རང་གི་འདོད་པ་བརྗོད་ན། དོན་སྣང་གི་ཤེས་པའི་གཟུང་ཡུལ་གྱི་གཞལ་བྱ་ནི་དོན་རང་མཚན་གཅིག་ཁོ་ན་ཡིན་པས། རྟོག་པ་དང་རྟོག་མེད་ཀྱི་འཁྲུལ་ཤེས་ཀྱི་གཟུང་ཡུལ་ནི་མེད་དེ། གཟུང་ཡུལ་དེ་ཉིད་ལ་བླང་དོར་བྱེད་པ་ཐམས་ཅད་དེ་ལ་འཇུག་པ་ན་རང་མཚན་ཡོད་མེད་དཔྱད་དེ་དོན་བྱེད་ནུས་པ་ལ་འཇུག་གི་དོན་བྱེད་མི་ནུས་པ་ལ་དགོས་ནུས་མེད་པས་མི་འཇུག་པའི་ཕྱིར་ཏེ། རང་གི་མཚན་ཉིད་གཅིག་གཞལ་བྱ་ཞེས་སོགས་དང་། མེད་པ་གཞལ་བྱ་མ་ཡིན་ཕྱིར་ཞེས་སོགས་སོ། །དེ་ཡང་རང་མཚན་ཁོ་ནས་དོན་སྤྱི་དང་། དོན་གཅིག་པུས་མེད་པ་གསལ་སྣང་ལས་ཁྱད་པར་དུ་བྱས་སོ། །ཡུལ་ལ་དབྱེ་ན་གསུམ་ཡོད་པ་ཡང་ཡུལ་ཅན་ལ་ལྟོས་ནས་གཞག་དགོས་པས་གཟུང་ཡུལ་གྱི་རང་མཚན་དེ་ཉིད་ཤེས་པ་གང་ལ་རྣམ་པ་དངོས་སུ་གཏད་པའི་སྒོ་ནས་འཇལ་ན་ཤེས་པ་དེའི་གཟུང་ཡུལ་ཡིན་ལ། རང་མཚན་དེ་ཉིད་ཤེས་པ་གང་གིས་ལྐོག་གྱུར་དུ་གྱུར་པའི་སྒོ་ནས་འཇལ་ན་དེའི་ཞེན་ཡུལ་དང་། རང་མཚན་དེ་གཉིས་ཀ་ཡང་འཇལ་བྱེད་གཉིས་ཀྱིས་དཔྱད་དེ་སྐྱེས་བུའི་འཇུག་ན་ཡུལ་ཅན་གསུམ་པོ་དེའི་ངོར་མི་སླུ་བས་ཡུལ་ཅན་གསུམ་གྱི་འཇུག་ཡུལ་དུ་འཇོག་གོ །འོ་ན་ཅི་ཕྱིར་སྣང་ཡུལ་མ་བསྟན་ཞེ་ན། དོན་གྱིས་ནི་བཤད་ལ། དངོས་སུ་མ་བསྟན་པ་ནི་དོན་རང་མཚན་ལ་ཡུལ་གསུམ་གཞག་པའི་སྐབས་ཡིན་ཏེ། དེའི་ཚེ་གཟུང་ཡུལ་བཤད་པས་དེའི་ཡུལ་ཅན་གྱི་སྣང་ཡུལ་གྲུབ་ཅིང་རྗེས་དཔག་དང་སྐྱེས་བུའི་སྣང་ཡུལ་གྱི་བེམས་པོ་མེད་པ་ལ་དགོངས་ཏེ་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ལོ། །ཡུལ་གྱི་དབྱེ་བ་ནི་འདིའི་སྐབས་དོན་གྱི་གཙོ་བོ་ཡིན་ཡང་གཞན་དག་གི་རྟོག་པའི་ཡུལ་ཙམ་དུ་ཡང་མ་གྱུར་ན་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་ཇི་ལྟ་བ་བཞིན་རྟོགས་པ་ལྟ་ག་ལ་སྨོས། སྐལ་ལྡན་གྱི་བཤེས་གཉེན་མཐའ་ཡས་པའི་རྣམ་དཔྱོད་ཀྱི་ལུས་སྟོབས་རབ་ཏུ་རྒྱས་པའི་དགའ་སྟོན་དུ་འབུལ་ལོ། །གསུམ་པ་རྩོད་པ་སྤང་བ་ལ། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་བ། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི་སྟེ། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤོང་། དོན་སྤྱི་དང་མེད་པ་གསལ་བ་ཡུལ་དུ་མཚུངས་པའི་རྩོད་པ་སྤོང་། མྱོང་བ་དང་འགལ་བ་སྤོང་། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤོང་བའོ། །དང་པོ་ནི། དོན་སྤྱི་གཟུང་ཡུལ་མིན་ན། ཡུལ་ལ་རང་སྤྱི་གཉིས་སུ་སློབ་དཔོན་ཕྱོགས་གླང་བཞེད་པས་དེས་གནོད་དོ་ཞེ་ན་མི་གནོད་དེ། དོན་སྟེང་ན་གཞལ་བྱ་གཉིས་ཡོད་ནས་གསུངས་པ་མིན་གྱི་ཚད་མ་གཉིས་པོ་འཇུག་ཚུལ་གྱི་སྒོ་ནས་མངོན་གྱུར་དང་ཀློག་གྱུར་གྱི་རང་མཚན་གཉིས་རིམ་པ་བཞིན་རང་གི་ངོ་བོའི་སྒོ་ནས་དང་། གཞན་གྱི་ངོ་བོའི་སྒོ་ནས་འཇལ་བ་ལ་དགོངས་ནས་རང་སྤྱི་གཉིས་སུ་གསུངས་པ་ཙམ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་སོགས་གསུངས་སོ། །གཉིས་པ་ནི་ཁ་ཅིག་དོན་སྤྱི་དང་མེད་པ་གསལ་བ་སྐྲ་ཤད་གཉིས་ཡུལ་མིན་པར་མཚུངས་པ་ལ་བློའི་འཇུག་ཚུལ་གྱིས་དོན་སྤྱི་གཞལ་བྱ་གཉིས་པར་འཇོག་པ་ལྟར་མེད་པ་གསལ་བའང་གཞལ་བྱ་གསུམ་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། སྐྲ་ཤད་སོགས་མེད་པ་གསལ་བ་དེ་ལ་ཡུལ་གྱི་དགོས་ནུས་གང་ཡང་མེད་པས་ཡུལ་མིན་ལ། དོན་སྤྱི་འཇུག་བྱའི་ཡུལ་དངོས་མིན་ཡང་དེར་འཁྲུལ་ནས་ཞུགས་པས་འཇུག་ཡུལ་ཐོབ་པས་ན་ཡུལ་དུ་འཇོག་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཡུལ་དངོས་པོ་ལའང་མེད། ཡུལ་དུ་ཞེན་པ་ཡང་མེད། ཞེན་པ་བྱས་ཀྱང་དོན་དང་ཕྲད་པའང་མེད། གལ་ཏེ་ཕྲད་ན་དེ་འཇལ་གྱི་ཚད་མ་གསུམ་པ་ཡོད་དགོས་པ་ལས་མེད་པའི་ཕྱིར། འོ་ན་སྐྲ་ཤད་སོགས་དོན་བྱེད་མི་ནུས་པས་རང་མཚན་མིན། རྟོག་པས་མ་བཟུང་བས་སྤྱི་མཚན་མིན་པས་གང་དུ་འདུ་ཞེ་ན། དབང་ཤེས་འཁྲུལ་བ་ལ་སྐྲ་ཤད་དང་ཟླ་གཉིས་སོགས་སུ་སྣང་བ་ནི་ཆོས་ཅན། རང་མཚན་ཡིན་ཏེ། དབང་བློའི་རྣམ་པ་ཉིད་ཡིན་པའི་ཕྱིར། དེ་ལ་སྣང་བའི་སྐྲ་ཤད་ཆོས་ཅན། གཞལ་བྱའི་དོན་དུ་གྲུབ་པ་མེད་དེ། གཞལ་བྱའི་དོན་དུ་མོས་པ་སོགས་མེད་ཕྱིར། སྐྲ་ཤད་དེ་ནི་དངོས་པོར་ཡོད་དམ་མེད་ཅེས་རྟོག་པས་དཔྱོད་ན། རྟོག་པའི་དངོས་ཡུལ་ཆོས་ཅན། སྤྱི་མཚན་ཡིན་ཏེ། དོན་བྱེད་མི་ནུས་པའི་ཆོས་ཡིན་པའི་ཕྱིར། དེའང་སྐྲ་ཤད་ལ་སོགས་དོན་མིན་ཏེ། །སོགས་དང་། སྐྲ་ཤད་ལ་སོགས་སྤྱི་མིན་ཏེ། །ཞེས་སོགས་དང་། དེ་དག་གི་ཡང་དེ་ལྟའི་དངོས། །ཞེས་སོགས་སོ། །གསུམ་པ་ནི། དངོས་མེད་དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཤེས་པ་གཉིས་ཀྱི་གཟུང་ཡུལ་མིན་པ་ཚད་མས་བསལ་ཏེ། ཤེས་པ་གཉིས་མྱོང་བའི་རང་རིག་གི་ཤུགས་ལས་གྲུབ་པས་སོ་ཞེ་ན། རྟོག་པ་དང་རྟོག་མེད་འཁྲུལ་ཤེས་གཉིས་ལ་སྣང་བའི་དོན་སྤྱི་དང་མེད་པ་གསལ་སྣང་ཆོས་ཅན། ཁྱོད་གཟུང་ཡུལ་དུ་མེད་དེ། ཁྱོད་དེ་ལྟར་བྱས་ན་ཚད་མས་གནོད་པའི་ཕྱིར། དོན་སྤྱི་དང་སྐྲ་ཤད་གཉིས་སྣང་བའི་བློའི་རྣམ་པ་གཉིས་ཆོས་ཅན། ཤེས་པ་ཉིད་ཡིན་ཏེ། འཁྲུལ་ཤེས་གཉིས་མྱོང་བའི་རང་རིག་གིས་ནི་སོ་སོར་མྱོང་བའི་ཕྱིར། ཤེས་པ་གཉིས་པོ་དེ་ཡང་ནི་ཆོས་ཅན། འཁྲུལ་ཤེས་ཉིད་ཡིན་ཏེ། རང་གི་གཟུང་ཡུལ་མེད་པ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། དེའང་རུང་ཡུལ་གནས་པས་མི་ཤེས་པ། །ཞེས་སོགས་དང་། གལ་ཏེ་སྤྱི་ནི་ཤེས་ངོ་བོས། །ཞེས་སོགས་སོ། །བཞི་པ་ནི། དངོས་མེད་དོན་སྤྱི་ལྟ་བུ་ཚད་མའི་གཞལ་བྱར་འགལ་ཏེ། དོན་རང་མཚན་མིན་པའི་དོན་སྤྱི་རྟོག་པའི་གཟུང་ཡུལ་དུ་མེད་པའི་ཕྱིར་ཞེ་ན། དངོས་མེད་གཞལ་བྱར་འགལ་བ་མེད་དེ། དགག་བྱའི་ཆོས་འགོག་པའི་གཞི་ཆོས་ཅན་སོ་སོའི་སྟེང་དུ་མི་རྟག་པ་ལྟ་བུ་སྒྲུབ་པའི་ཚེ་འཇིག་པའི་དངོས་པོར་ཡོད་ཅེས་སྒྲུབ། འགོག་པའི་ཚེ་དེའི་དངོས་པོར་མེད་ཅེས་འགོག་པའི་ཕྱིར་ན་སྟེ། རྣམ་འགྲེལ་ལས། སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཞེས་སོགས་ཚིགས་བཅད་གཉིས་སོ། །རྩོད་པ་བཞི་པོ་འདི་དག་ལའང་རྩོད་པ་སློང་ཚུལ་མ་ཤེས་པར་གཟུང་ཡུལ་རང་མཚན་གཅིག་པུར་ངེས་ན་ཞེས་སོགས་སྨྲ་བ་རྣམས་ནི་རང་ལུགས་བཞག་པའི་གཞུང་ཚིག་གིས་འཁྲུལ་གཞི་བྱས་ཤིང་། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་ཞེས་པའི་ཚིག་ལ་གྱེར་འདོན་བྱེད་པ་ཙམ་དུ་ཟད་དོ། །གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བ་ལ། རྩོད་པ་དང་ལན་གཉིས། དང་པོ་ནི། འཁྲུལ་ཤེས་ཡུལ་མེད་དུ་མ་ཟད་གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་ཉིད་དུ་ངེས་པ་ཡང་མི་འཐད་དེ། རང་མཚན་ལ་གཉིས་ལས་ཕྱི་བེམས་པོར་གྱུར་པ་ཡི་གཟུང་ཡུལ་ནི། མཁས་པ་ཕྱོགས་གླང་དང་ཆོས་ཀྱི་གྲགས་པ་གཉིས་ཀྱིས་བཀག་ལ། ནང་ཤེས་པའི་གཟུང་ཡུལ་དབྱེ་བའི་སྐབས་འདིར་མི་སྲིད་པ་དེས་ན་སྟེ་དེའི་ཕྱིར་ཏེ་ཡུལ་ཅན་དེ་ཡུལ་ལ་རང་རིག་པ་ཡིན་པའི་ཕྱིར་ན་ཕྱིར་ཞེས་པ་ནི་འགའ་ཞིག་སྨྲའོ། །གཉིས་པ་ལ་གྲུབ་མཐའི་རྣམ་གཞག་སྤྱིར་དཔྱད། དེ་ལ་གཞན་གྱིས་བཏགས་པ་དགག བདེ་བར་གཤེགས་པའི་ལུགས་སྒྲུབ་པའོ། །དང་པོ་ནི། གྲུབ་པའི་མཐའ་ཐ་དད་དུ་མ་རང་གཞན་གྱི་སྡེ་པ་རྣམས་འདོད་པ་ཡོད་དེ། མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བ་ནི་འཇིག་རྟེན་ཐམས་ཅད་ངོ་བོ་ཉིད་ལས་བྱུང་བ་དང་། དབང་ཕྱུག་པ་དབང་ཕྱུག་གིས་བྱས་པ་དང་། གྲངས་ཅན་པ་གཙོ་བོས་བྱས་པ་དང་། གཟེགས་ཟན་དང་ཉན་ཐོས་པ་རྡུལ་ཕྲན་གྱིས་བྱས་པ་དང་། སེམས་ཙམ་པ་རྣམ་པར་རིག་པ་སེམས་ཀྱིས་བྱས་པ་དང་། དབུ་མ་པ་དོན་དམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པ་དང་བྲལ་བ་ཡིན་ཞེས་འདོད་ཅིང་ཀུན་རྫོབ་ཏུ་དངོས་པོ་སྨྲ་བ་དེ་དག་གི་རྗེས་སུ་འཇུག་ཀྱང་རུང་སྟེ། དེ་དག་གང་གི་ལྟར་ཡང་ཀུན་ཏུ་ཐ་སྙད་པ་ལ་དོན་དང་ཤེས་པ་གཉིས་སུ་ཁ་ཚོན་ཆོད་དོ། །འདིས་སེམས་ཙམ་པའི་ལུགས་ལ་ཐ་སྙད་དུ་ཕྱི་དོན་ཡོད་པར་བསྟན་ཞིང་། དེའི་དོན་ཡང་སྔོ་འཛིན་དབང་མངོན་གྱི་ངོར་སྔོན་པོ་ཡོད་པ་ལྟ་བུ་ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་ཐ་སྙད་དུ་གཞག་ཅིང་། འདི་དག་གིས་ཚད་འབྲས་ལ་དངོས་སྨྲ་བ་བཞིའི་ཚད་འབྲས་ལས་ལོགས་སུ་དབུ་མ་པའི་ཚད་འབྲས་མི་སྟོན་པའི་རྒྱུ་མཚན་ཡང་ཤེས་པར་གྱིས་ཤིག ཁོ་བོའི་སྤྱོད་ཡུལ་ལོ། །གཉིས་པ་ནི། ངོ་བོ་ཉིད་རྒྱུར་སྨྲ་བ་ནི། །རྒྱུ་མེད་ལས་སྐྱེ་བ་ཡིན་པས། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །ཞེས་སོགས་ཀྱིས་ཁེགས་ལ། དབང་ཕྱུག་དང་གཙོ་བོ་གཉིས་ཀའང་རྟག་པ་བྱེད་པ་པོར་འགལ་བས་མི་འཐད་དོ། །གསུམ་པ་ལ་དགོངས་པ་ངོས་བཟུང་བ། དེ་སློབ་དཔོན་གྱིས་ཇི་ལྟར་གཏན་ལ་ཕབ་པའི་ཚུལ། གྲུབ་མཐའ་དང་སྦྱར་ཏེ་དངོས་ལན་བཤད་པ་དང་གསུམ། དང་པོ་ནི། ཐུབ་པས་ཕྱི་རོལ་དཔྱོད་པ་ན་རྡུལ་ཕྲན་ཞལ་གྱིས་བཞེས་ལ། ཐ་སྙད་ཀྱི་དེ་ཁོ་ན་ཉིད་དཔྱོད་པ་ན་སེམས་ཙམ་ཞལ་གྱིས་བཞེས་ཤིང་། དོན་དམ་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ན་སྤྲོས་པ་དང་བྲལ་བ་ལ་འཇུག་པར་མཛད་དོ། །དེའང་། དེས་དེ་ཉིད་དོན་བཏང་སྙོམས་ཅན། །ཞེས་སོགས་གསུངས་སོ། །གཉིས་པ་ལ། དོན་རིག་དང་། རྣམ་རིག་གཉིས་སོ། །དང་པོ་ལ། གཞན་ལུགས་དགག རང་ལུགས་བརྗོད། རྩོད་པ་སྤང་བའོ། །དང་པོ་ལ་བྱེ་བྲག་སྨྲ་བའི་ལུགས་དགག བོད་ཀྱི་ལུགས་དགག་པའོ། །དང་པོ་ནི། བྱེ་སྨྲ་ན་རེ། རྣམ་ཤེས་ཀྱིས་དོན་འཛིན་པ་མིན་ཏེ། གལ་ཏེ་འཛིན་ན་བར་དུ་ཆོད་པའི་དོན་ཡང་འཛིན་དགོས་ན་དེ་མིན་པའི་ཕྱིར། དེས་ན་དབང་པོ་ཁོ་ན་དོན་ལ་ལྟ་བར་བྱེད་པ་པོ་སོགས་ཡིན་ལ་དེ་ལ་ཡང་དེ་མཚུངས་རྣམས་མ་ཡིན་ཡང་དུས་མཉམ་པའི་བརྟེན་པ་རྣམ་ཤེས་དང་བཅས་པ་ཁོ་ནས་འཛིན་པ་ཡིན་ཞེས་ཟེར་ཞིང་། ལོ་ཞེས་པ་ནི་འཇམ་དབྱངས་མ་རངས་པའི་ཚིག་གོ །མདོ་སྡེ་པ་ཡན་ནི་ཕྱིས་བྱུང་གི་རྟེན་དུ་འདོད་དོ། །མི་འཐད་དེ། རྟེན་བཅས་ཀྱི་དབང་པོ་ཆོས་ཅན། དོན་ལ་ལྟ་བར་བྱེད་པ་སོགས་མིན་པར་ཐལ། རང་བེམས་པོ་ཡིན་པའི་ཕྱིར་ན་ལྟ་བྱེད་དུ་འགལ་བའི་ཕྱིར། གཞན་དུ་ན་དབང་པོས་ཀྱང་མ་ཕྲད་པར་འཛིན་པས་བར་དུ་ཆོད་པར་འཛིན་པར་འགྱུར་ལ། ཕྲད་ནས་འཛིན་ན། བར་དང་བཅས་ནས་འཛིན་པའམ། །ཞེས་སོགས་ཕྱོགས་ཀྱི་གླང་པོའི་རིགས་པ་རྣམས་འཇུག་གོ །ཡང་བརྟེན་བཅས་ཀྱི་དབང་པོ་དང་དོན་གཉིས་ཆོས་ཅན། ཡུལ་ཡུལ་ཅན་མིན་པར་ཐལ། ཁྱེད་ལ་འབྲེལ་པ་གཉིས་པོ་གང་ཡང་མེད་པའི་ཕྱིར་ཏེ། དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། གངས་ཅན་པ་ཕལ་ཆེར་ན་རེ། དུས་མཉམ་པའི་ཡུལ་གཟུགས་དང་ཡུལ་ཅན་མིག་གི་རྣམ་ཤེས་ལྟ་བུ་ཁོ་ན་གཟུང་འཛིན་དུ་འཇོག་སྟེ་དུས་མི་མཉམ་ན་ཡུལ་ཡུལ་ཅན་མིན་ཞིང་དབང་པོ་ལྟ་བྱེད་མིན་པའི་ཕྱིར་ཞེ་ན། གཟུགས་འཛིན་པའི་མིག་གི་རྣམ་ཤེས་ཆོས་ཅན། ཁྱོད་དང་གཟུགས་ལ་དེ་བྱུང་གི་འབྲེལ་པ་མེད་པར་ཐལ། དེ་དང་དུས་མཉམ་པའི་ཕྱིར་ནའོ། །འདོད་ན། དེ་མི་འཛིན་པར་ཐལ་ལོ། །ཡང་དེ་ཆོས་ཅན། གཟུགས་ལ་དམིགས་ནས་སྐྱེ་བའི་དབང་ཤེས་སུ་འགལ་བར་ཐལ། དེ་ཁྱོད་ཉིད་རྒྱུར་མེད་པའི་ཕྱིར། གལ་ཏེ་གཟུགས་འཛིན་མིག་ཤེས་ལས་སྐད་ཅིག་གིས་སྔ་བའི་ཡུལ་གཟུགས་འཛིན་དེའི་དམིགས་པའི་རྒྱུ་ཡིན་ལ། རང་དང་དུས་མཉམ་པའི་གཟུགས་གཟུང་ཡུལ་ཡིན་ནོ་ཞེ་ན། གཟུགས་འཛིན་མིག་གི་རྣམ་ཤེས་ཆོས་ཅན། རང་གི་སྐད་ཅིག་གིས་སྔ་མའི་གཟུགས་ལ་བརྟེན་ནས་གྲུབ་ཟིན་པར་ཐལ། ཡུལ་དབང་རྣམ་ཤེས་གསུམ་ལས་སྐྱེས་པའི་ཕྱིར། མིག་གི་རྣམ་ཤེས་དེ་ཆོས་ཅན། ཁྱོད་ལ་རང་དང་དུས་མཉམ་པའི་གཟུགས་གཟུང་ཡུལ་དུ་དགོས་པ་མེད་པར་ཐལ། དེའི་དུས་སུ་གྲུབ་ཟིན་པའི་ཕྱིར། ཁྱབ་སྟེ། གྲུབ་ཟིན་ཡང་དུས་མཉམ་པའི་ཡུལ་རེ་གྲོགས་སུ་དགོས་ན་དུས་མཉམ་པའི་དབང་པོ་དང་ཡིད་བྱེད་རེ་གྲོགས་སུ་དགོས་པས་ཧ་ཅང་ཐལ་ཏེ། མ་ལ་ཡར་རྒྱུ་ཚོགས་པ་ལས་ཙནྡན་སྐྱེ་ཡང་གངས་ཅན་གྱི་རི་གྲོགས་སུ་དགོས་སོ་ཞེས་སྨྲ་བ་བཞིན་ནོ། །དེའང་། རྒྱུ་ཡི་དངོས་པོ་མ་གཏོགས་པའི། །ཞེས་སོགས་དང་། རྣམ་པ་གཏོད་པར་ནུས་པའི་ཕྱིར་ཤེས་པའི་ཡུལ་རྒྱུ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཞེས་སོགས་དང་། བདེ་བར་གཤེགས་པས། མིག་ལ་བརྟེན་ཞིང་གཟུགས་ལ་དམིགས་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞེས་གསུངས་པའང་དེ་ཡིན་ནོ། །གཉིས་པ་རང་གི་འདོད་པ་ནི། ཕྱི་རོལ་དོན་ཁས་ལེན་པ་ན་མདོ་སྡེ་པའི་ལུགས་གཟུང་བར་བྱའོ། །འདི་ལ་ཡང་དམིགས་པ་ཡུལ་དང་རྟེན་དབང་པོ་དང་དེ་མ་ཐག་རྐྱེན་ཡིད་ལ་བྱེད་པ་གསུམ་ཚོགས་པའི་སྐད་ཅིག་དང་པོ་ནི་ཕྱི་རོལ་གྱི་ཡུལ་དང་འདྲ་བའི་སྐྱེད་བྱེད། གསུམ་པོ་དེ་དག་ཚོགས་པ་ལས་སྐད་ཅིག་གཉིས་པར་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པའི་རྣམ་ཤེས་ནི་སྐྱེས་ལ་འདྲ་བའི་ཤེས་པ་ཡིན་ལ། རྣམ་ཤེས་དང་དེ་ལ་ཤར་བའི་རྣམ་པ་གཉིས་ཆར་ཡུལ་གྱི་འབྲས་བུ་ཡིན་པས་གཟུང་འཛིན་དུས་མི་མཉམ་མོ་ཞེས་གསུངས་པ་ནི་རང་གི་ལུགས་སོ། །རྐྱེན་གསུམ་དབང་ཤེས་ཀྱིས་རྒྱུར་མཚུངས་པ་ལ་དབང་ཤེས་ཡུལ་ཁོ་ན་དང་འདྲ་བ་སྐྱེ་བ་ཅི་ཡིན་ཞེ་ན། རྐྱེན་གསུམ་ཆར་དབང་ཤེས་ཀྱི་རྒྱུ་ཡིན་ཡང་དབང་ཤེས་ཡུལ་དང་འདྲ་བ་སྐྱེ་གཞན་གཉིས་དང་མིན་ཏེ། དེ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་ཟས་དང་སོགས་པ་དྲོད་དུས་རྣམས་བུ་ཡི་རྒྱུ་ཡིན་པར་མཚུངས་ན་ཡང་བུ་དེ་ཕ་མ་གང་རུང་གི་གཟུགས་དང་འདྲ་བར་སྐྱེ་ཟས་སོགས་དང་མིན་པ་བཞིན་ནོ། །དེའང་། དཔེར་ན་ཟས་དང་དུས་ལ་སོགས། །ཞེས་སོགས་གསུངས་སོ། །དབང་ཤེས་ཡུལ་དང་འདྲ་བ་སྐྱེ་བ་དེས་ན་ཡུལ་བུམ་པ་ལྟ་བུ་གཅིག་ལ་ལག་རྗེས་ཀྱིས་འབྲས་བུ་གཉིས་གྲུབ་སྟེ། དེས་ཉེར་ལེན་བྱས་ནས་བུམ་པ་སྐད་ཅིག་གཉིས་པ་བེམས་པོར་སྐྱེད། དེས་ལྷན་ཅིག་བྱེད་པའི་གྲོགས་བྱས་ནས་མིག་ཤེས་བུམ་གཟུགས་དང་འདྲ་བར་སྐྱེ་བའི་ཕྱིར་རོ། །དེར་མ་ཟད་བློ་བུམ་འཛིན་མིག་ཤེས་ཀྱང་གཟུང་བ་དང་འཛིན་པའི་ཚུལ་གཉིས་པ་ཅན་ཡིན་པར་འདོད་དེ། ཡུལ་ཤེས་པ་དང་ཤེས་པ་དེ་ཤེས་པའི་དབྱེ་བས་སོ། །དེའང་མདོར། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །ཞེས་སོགས་གསུངས་སོ། །གསུམ་པ་ནི། བོད་རྣམས་ཕྱི་རོལ་གྱི་དོན་ལྐོག་ན་མོ་ཞེས་བྱ་བ་རྣམ་པ་འཇོག་བྱེད་གོས་ཀྱི་ལྐོག་ན་ལག་པར་ཡོད་པ་ལྟ་བུར་བསམས་ནས། དོན་གྱིས་རྣམ་པ་གཞག་ན་ཤ་ཟས་ཀྱང་གཞག་པར་མཚུངས་སོ་ཞེས་སྨྲ་བ་ནི་མི་མཚུངས་ཏེ། ཤ་ཟས་བཞག་ན་ཤེས་པ་ཤ་ཟ་དང་འདྲ་བར་སྐྱེ་དགོས་པ་ལས་མ་སྐྱེས་ལ་བུམ་སོགས་ལ་ཤ་ཟར་འདོགས་ན་མིང་ལ་མི་བརྩད་དོ། །དེས་ན་དོན་ཁས་ལེན་བཞིན་དུ་མདོ་སྡེ་པ་འགོག་པ་ནི་ཆོས་ཀྱིས་གྲགས་པའི་དགོངས་པ་མ་ཤེས་པར་ཟད་དེ། ཆོས་ཀྱི་གྲགས་པ་ཉིད་ཀྱིས། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཞེས་གསུངས་སོ། །གཉིས་པ་རྣམ་རིག་ལ་གསུམ་སྟེ། གཞན་གྱིས་བརྟགས་པ་དགག རྣམ་པར་རིག་པ་བསྒྲུབ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཕྱི་རོལ་གྱི་དོན་གྲུབ་པ་དགག འཇིག་རྟེན་གྲགས་པ་ལ་བརྟེན་ནས་དགག་པའོ། །དང་པོ་ནི། དོན་སྣང་གི་དབང་ཤེས་ཆོས་ཅན། རང་ལ་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་དོན་བདེན་པར་མེད་དེ། དེ་རགས་པ་ཡན་ལག་ཅན་གྱི་རྫས་གཅིག་མུ་སྟེགས་དང་ཉན་ཐོས་ལྟར་ཕྱོགས་ཆ་མེད་པའི་རྡུལ་ཕྲན་དུ་མ་གང་རུང་དུ་བདེན་པ་དང་བྲལ་བའི་ཕྱིར། དང་པོ་སྒྲུབ་པ་ནི། རགས་པ་ཡན་ལག་ཅན་གྱི་རྫས་གཅིག་ཏུ་མེད་དེ། ཕྱོགས་ཆ་དུ་མ་དང་འབྲེལ་བའི་ཕྱིར། དཔེར་ན་འབྲུའི་ཕུང་པོ་བཞིན་ནོ། །གཉིས་པ་བསྒྲུབ་པ་ནི། ཕྱོགས་ཀྱི་ཆ་མེད་ཀྱི་དུ་མར་མི་བདེན་ཏེ། ཆ་དྲུག་དང་འབྲེལ་བའི་ཕྱིར། དཔེར་ན་ཁང་པ་བཞིན་ནོ་ཞེས་པས་ཁེགས་སོ། །དྲུག་གི་ཅིག་ཆར་སྦྱར་བ་ན། །ཞེས་སོགས་སོ། །དོན་བདེན་པར་མེད་པ་དེས་ན་དོན་གྱིས་གཏད་པའི་རྣམ་པར་མ་ཟད་བག་ཆགས་ཀྱི་དབང་གིས་དབང་ཤེས་ལ་དོན་དུ་སྣང་བའི་རྣམ་པའང་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དེའང་། གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་སོ། །འདི་ནི། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །ཞེས་སོགས་དང་ཚུལ་མཚུངས་པར། བེམས་པོ་ཡིན་ཕྱིར་ལྟ་བྱེད་མིན། །ཞེས་པར་བྱེ་སྨྲ་དང་། འདིར་རྣམ་བདེན་པས་མདོ་སྡེ་པ་དང་། རྣམ་རྫུན་པས་རྣམ་བདེན་པ་བཀག་པར་སྣང་སྟེ་ཁོ་བོའི་སྤྱོད་ཡུལ་ཁོ་ནར་བས་སོ། །གཉིས་པ་ནི། རྟོག་གེ་པ་ཁ་ཅིག་མངོན་སུམ་དང་རྗེས་དཔག་ལ་སོགས་པའི་ཀུན་རྫོབ་བམ་ཐ་སྙད་ཀྱི་རྣམ་གཞག་རྣམས་བློ་འཇིག་རྟེན་པ་མ་བརྟགས་མ་དཔྱད་པའི་ངོར་ཇི་ལྟར་གྲགས་པ་ལ་བརྟེན་ནས་འཇོག་གི་གང་ཟག་འཇིག་རྟེན་པ་ནི་མིན་ནོ་ཞེ་ན། འདི་ཡང་ཀུན་ཏུ་ཐ་སྙད་པའི་ཚད་མ་དཔྱོད་པ་ན་འཐད་པ་མིན་ཏེ། མ་བརྟགས་མ་དཔྱད་པའི་བློ་ངོར་མངོན་སུམ་དང་རྗེས་དཔག་དང་སྣང་སེལ་སོགས་ཀྱི་རྣམ་གཞག་མི་འཇུག་པས་ཚད་མ་དང་ཚད་མ་མིན་པའི་རྣམ་གཞག་སྡེ་བདུན་ལས་བཤད་པ་ཐམས་ཅད་འགལ་ཞིང་ནུབ་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་གྲུབ་མཐའ་ཁས་ལེན་པ་དེ་དག་གི་རྗེས་སུ་འབྲང་བར་འདོད་ན། ཐ་སྙད་དེ་དག་འཐད་པར་མ་ཟད། ཤེས་བྱ་ལ་དངོས་པོ་དངོས་མེད་གཉིས། དངོས་པོ་ལ་བེམས་རིག་གཉིས་ལས་མ་འདས་པས་བེམས་པོའི་ལུགས་གང་འདོད་ཀྱང་བཀག་ཟིན་ལ། རིག་པ་ནི་སེམས་ཙམ་ལས་གཞན་འཐད་པ་མིན་ནོ་ཞེས་གསུངས་པ་འདི་ནི་འོག་གི་གསལ་ཞིང་རིག་པའི་རྟགས་ཀྱི་ཕྱོགས་ཁྱབ་སྒྲུབ་བྱེད་དོ། །གཉིས་པ་ནི། གསལ་ཞིང་རིག་པ་དང་ལྷན་ཅིག་དམིགས་པ་ངེས་པའི་གཏན་ཚིགས་གཉིས་ཀྱི་བྱེད་པས་དབང་ཤེས་ཀྱི་སྣང་བ་དབང་ཤེས་ལས་རྫས་གཞན་པའི་དོན་མིན་པར་འགྲུབ་བོ། །འདི་ལ་གཉིས་ལས། དང་པོ་ནི། དབང་ཤེས་ལ་དོན་དུ་སྣང་བ་ཆོས་ཅན། ཤེས་པ་ཡིན་ཏེ། གསལ་ཞིང་རིག་པ་ཡིན་པའི་ཕྱིར། འདི་ཡི་ཕྱོགས་ཆོས་ནི་གོང་དུ་མཐའ་གཞན་བཀག་པའི་སྒོ་ནས་བསྒྲུབས་ཟིན་ལ། ཁྱབ་པ་ཡོད་དེ། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར། དཔེར་ན་ལྐོག་ཤལ་གྱིས་བ་ལང་སྒྲུབ་པ་བཞིན་ནོ། །འདི་ནི་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཆར་གྱི་དཔེ་བསྟན་པ་འདྲ་སྟེ་དཔྱད་པར་བྱའོ། །གཉིས་པ་ནི། གང་ལྷན་ཅིག་དམིགས་ངེས་ཡིན་པ་ལ་རྫས་གཞན་མི་སྲིད་པས་ཁྱབ་སྟེ། དཔེར་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་གཉིས་བཞིན། སྔོ་འཛིན་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ཀྱང་ལྷན་ཅིག་དམིགས་ངེས་ཡིན་ཏེ་ཞེས་པ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །འདིའི་ཕྱོགས་ཆོས་ནི་རང་རིག་གིས་གྲུབ་ལ། རྗེས་ཁྱབ་ནི་ཟླ་གཉིས་ཀྱི་རྣམ་པའི་སྟེང་དུ་གྲུབ་ཅིང་། ལྡོག་ཁྱབ་ནི་རྟགས་མི་མཐུན་ཕྱོགས་ལ་འགོག་པའི་རིགས་པས་འགྲུབ་སྟེ། འདི་ལྟར། གང་རྫས་གཞན་ཡིན་པ་ལ་རྟགས་ལྷན་ཅིག་དམིགས་ངེས་མི་སྲིད་དེ། རྫས་གཞན་ལ་དེ་མཐའ་གཞན་བཀག་པས་ཁེགས་པའི་ཕྱིར། ཇི་ལྟར་ཞེ་ན་རྫས་གཞན་ལ་དུས་མི་མཉམ་པ་དང་མཉམ་པ་གཉིས་ལས། དང་པོ་ལ་དུས་མི་མཉམ་པ་ཉིད་ཀྱིས་ཁེགས་ལ། དུས་མཉམ་པ་ལའང་སྒྲོ་བཏགས་པར་ངེས་པ་ཉིད་ཀྱི་ཡུལ་རྫས་གཞན་མེད་པར་གྲུབ་ཅིང་། དུས་མཉམ་རྫས་ཐ་དད་པ་ནི་གནོད་པ་ཅན་གྱི་རྟགས་ཀྱིས་ཁེགས་ཏེ། གང་འབྲེལ་མེད་ཡིན་ན། ལྷན་ཅིག་དམིགས་ངེས་མིན་པས་ཁྱབ། དཔེར་ན་སྔོ་སེར་གཉིས་བཞིན། མིག་གཟུགས་གཉིས་ཀྱང་དུས་མཉམ་རྫས་གཞན་དུ་ཁྱོད་ཀྱིས་ཁས་བླངས་པས་སོ་ཞེས་པའོ། །གསུམ་པ་རྣམ་རིག་ལ་རྩོད་པ་སྤང་བ་ལ། རིག་པའི་རྟགས་མ་གྲུབ་པ་སྤང་། རྡུལ་ཕྲན་དང་མཚུངས་པ་སྤང་། རྣམ་པ་ཡོད་མེད་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི། རིག་བྱ་འགོད་ན་མ་ངེས། རིག་བྱེད་འགོད་ན་མ་གྲུབ། དེ་གཉིས་ལས་གཞན་པའི་རིག་པ་ཙམ་མི་རྙེད་དོ་ཞེ་ན། སྔ་མ་གཉིས་པོ་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་རིག་པ་ཙམ་འགོད་དེ། བ་གླང་གི་མཚན་ཉིད་དུ་དཀར་ཟལ་ཡིན་མིན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ལྐོག་ཤལ་ཙམ་འགོད་པ་བཞིན་ནོ། །གཉིས་པ་ནི། དབུ་མ་པ་ན་རེ། སེམས་ཆོས་ཅན། བདེན་པར་མེད་དེ། རྒྱུན་གཅིག་ཏུ་བདེན་ན་རགས་པ་ཡན་ལག་ཅན་འགོག་པའི་རིགས་པ་དང་མཚུངས། སྐད་ཅིག་ཆ་མེད་ཀྱི་དུ་མར་བདེན་ན་རྡུལ་གྱི་ཆ་ཤས་ལ་དཔྱད་པའི་རིག་པ་བཞིན་དུ་མཚུངས་པའི་ཕྱིར། དང་པོ་གྲུབ་སྟེ། དུས་ཀྱི་ཆ་སྔ་ཕྱི་ཐ་དད་པ་ཡོད་པའི་ཕྱིར་ཏེ། གང་ལ་དུས་ཆ་ཐ་དད་ཡོད། །དེ་ནི་གཅིག་ལ་མི་རུང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་གྲུབ་སྟེ། དྲུག་གི་ཅིག་ཆར་སྦྱར་བའི་རིགས་པ་ཁ་སྤོས་པས་ཁེགས་པའི་ཕྱིར། དེས་ན་སེམས་ཆོས་ཅན། བདེན་པར་མེད་དེ། རྒྱུན་རྫས་གཅིག་དང་སྐད་ཅིག་ཆ་མེད་ཀྱི་དུ་མ་གང་རུང་དུ་བདེན་པ་དང་བྲལ་བའི་ཕྱིར། དང་པོ་གྲུབ་སྟེ། སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གང་དུ་བསྒྲུབས་ཟིན་པའི་ཕྱིར་ཞེས་ཟེར་ན། འདི་ལ་བོད་རྣམས་རྡུལ་དང་སྐད་ཅིག་འགོག་པའི་རིགས་པ་མཚུངས་པས་སྐད་ཅིག་ཆ་ཤས་ཅན་ཡིན་ནོ་ཞེས་ཟེར་བ་མི་མཚུངས་ཏེ། སེམས་སྐད་ཅིག་གཅིག་ཡིན་པ་མི་སྲིད་པར་འགྱུར་ཏེ། སེམས་ཐམས་ཅད་སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། སེམས་ཐམས་ཅད་སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་པ་ཉམས་པར་ཐལ། སྔ་ཕྱི་གཉིས་ཀྱི་བར་དུ་བཅར་བའི་སེམས་སྐད་ཅིག་མ་མི་སྲིད་པའི་ཕྱིར་ནའོ། །འོ་ན་རྡུལ་ཕྲན་ཡང་གཅིག་ཡིན་ན་དྲུག་ཡིན་པར་འགལ། དྲུག་ཡིན་ན་གཅིག་ཡིན་པར་འགལ་བར་མཚུངས་སོ་ཞེ་ན། ཁོ་བོ་ཡང་དེ་ལྟར་འདོད་པས་རྡུལ་ཕྲན་འཇིག་གོ །འོ་ན་སྐད་ཅིག་ཀྱང་འཇིག་གོ་ཞེ་ན། དེ་གཉིས་མི་མཚུངས་ཏེ། དབུས་རྡུལ་ལ་ཕྱོགས་དྲུག་གིས་ཅིག་ཆར་དུ་མ་བསྐོར་ན་རགས་པ་རྩོམ་པར་མི་ནུས་ལ། ཅིག་ཆར་དུ་བསྐོར་བ་ན་དབུས་ཀྱི་རྡུལ་ཕྲན་ཕྱོགས་ཆ་དང་བཅས་པར་འགྱུར་ལ། སེམས་ཀྱི་དུས་གསུམ་ཅིག་ཆར་སྐྱེས་ན་འདས་མ་འོངས་ད་ལྟ་བར་ཐལ་བས་དེ་དག་ཅིག་ཆར་མི་སྐྱེ་བའི་ཕྱིར་ན། ད་ལྟའི་སེམས་སྐད་ཅིག་ཆ་མེད་ཡིན་པར་གྲུབ་སྟེ། ད་ལྟར་སྐྱེ་བའི་སྐད་ཅིག་ལས་གཞན་པའི་དངོས་པོར་མི་སྲིད་པའི་ཕྱིར། གསུམ་པ་ནི། ཟླ་གཅིག་དང་ཟླ་གཉིས་འཛིན་པའི་དབང་ཤེས་གཉིས་ལ་ཚད་མ་ཡིན་མིན་མཚུངས་པར་ཐལ། དེ་གཉིས་ཀྱི་ཡུལ་གཉིས་པོ་ཡོད་མེད་མཚུངས་པའི་ཕྱིར་དང་། ཤེས་པ་རྣམ་བཅས་རྣམ་མེད་གང་ཡིན་རུང་བདེན་རྫུན་མཚུངས་པའི་ཕྱིར་ཞེ་ན། དོན་སྣང་གི་བློ་ཐམས་ཅད་ལ་རང་ལས་རྫས་གཞན་པའི་ཡུལ་མེད་པར་མཚུངས་ཏེ། དབང་ཤེས་ལ་དོན་དུ་སྣང་བ་ཐམས་ཅད་དབང་བློ་ཉིད་ཡིན་ལ། སྣང་བ་དེ་ཉིད་ཕྱི་རོལ་ན་གྲུབ་པ་མེད་པའི་ཕྱིར། འོན་ཀྱང་ཀུན་ཏུ་ཐ་སྙད་པའི་ཚད་མ་དཔྱོད་པ་ན་ཐ་སྙད་དུ་བློ་གཉིས་པོ་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་དེ། བག་ཆགས་བརྟན་དང་མི་བརྟན་པའི་ཁྱད་པར་ལས་ཟླ་བ་གཅིག་དང་དུང་དཀར་པོ་སོགས་ལ་བདེན་པ་དང་། ཟླ་བ་གཉིས་དང་དུང་སེར་པོ་སོགས་ལ་རྫུན་པའི་རྣམ་གཞག་བྱེད་པའི་ཕྱིར། ཇི་སྐད་དུ་རྣམ་ངེས་ལས། གཞན་ནི་བག་ཆགས་བརྟན་ཕྱིར་འཁོར་བ་ཇི་སྲིད་བར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི་ཐ་སྙད་ལ་མི་སླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ནོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པའོ། །ཞེས་གསུངས་སོ། །གསུམ་པ་ནི། སྤྱིར་གྲུབ་མཐའི་རྣམ་དབྱེ་དུ་མ་ཡོད་པ་ལས་འདིར་སློབ་དཔོན་གྱིས་དོན་རིག་དང་རྣམ་རིག་གཉིས་གཏན་ལ་ཕབ་ལ། གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་པུར་ངེས་པ་ནི་དོན་རིག་ཏུ་གཏན་ལ་ཕབ་པའི་སྐབས་ཡིན་ཏེ། ཇི་སྲིད་ཕྱི་རོལ་གྱི་དོན་ཁས་ལེན་པ་དེ་སྲིད་དུ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་ཞེས་ཟེར་བའི་ཕྱིར། ཤེས་བྱ་ཐམས་ཅད་ནང་སེམས་ཡིན་པའི་གྲུབ་མཐའ་ལ་ཞུགས་པ་ན་ཕྱི་རོལ་གྱི་གཟུང་ཡུལ་དང་། དེས་རྣམ་པ་གཏད་པའི་ཡུལ་ཅན་མངོན་སུམ་གྱི་ཚད་མ་ཡང་གྲུབ་པ་མེད་དེ་ཕྱི་དོན་མེད་པའི་ཕྱིར། དེས་ན། ཕྱི་ཡི་གཟུང་ཡུལ་མཁས་པས་བཀག །ཅེས་པ་དོན་རིག་ཏུ་གཏན་ལ་ཕབ་པའི་དབང་དུ་བྱས་ན་མ་གྲུབ་ཅིང་། རྣམ་རིག་ཏུ་གཏན་ལ་ཕབ་པའི་ཚེ་གཟུང་ཡུལ་གྱི་གཞལ་བྱ་རང་མཚན་དུ་སྨྲས་པ་མེད་པས་སྔར་གྱི་རྩོད་པ་དེ་ནི་མི་འཐད་པ་ཁོ་ནའོ། །ཚད་མ་རིག་པའི་གཏེར་ལས་ཡུལ་བརྟག་པའི་རབ་ཏུ་བྱེད་པར་དང་པོའི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  ༈  །།གཉིས་པ་ཤེས་བྱེད་ཀྱི་བློ་ལ། བློ་ཙམ་གྱི་རྣམ་གཞག་སྤྱིར་བསྟན། ཚད་མ་དང་ཚད་མིན་གྱི་བསྡུ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་བློ་ཙམ་གྱི་མཚན་ཉིད། དེའི་དབྱེ་བསྡུ། དེ་དག་གི་དོན་གཏན་ལ་དབབ་པའོ། །དང་པོ་ནི། རིག་པ་ཆོས་ཅན། བློའི་མཚན་ཉིད་ཡིན་ཏེ། དེའི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་ནི། བློ་ལ་དབྱེ་ན་དུ་མར་འགྱུར་ཏེ། ཡུལ་གྱི་སྒོ་ནས་དབྱེ་ན། རྟོག་པ་དང་རྟོག་མེད་གཉིས། སོགས་པ་ངོ་བོའི་སྒོ་ནས་འཁྲུལ་མ་འཁྲུལ་གཉིས། འཇུག་ཚུལ་གྱི་སྒོ་ནས་ཤིང་གཅོད་པ་ལྟར་ཡུལ་ལ་མ་ཞུགས་པ། འཇུག་བཞིན་པ། ཞུགས་ཟིན་པ་གསུམ་སྟེ་དེ་དག་ཀྱང་ལས་བྱེད་པ་པོ་བྱ་བའི་སྒོ་ནས་དབྱེ་བ་ཡིན་ལ། དེ་ལའང་ཤེས་པ་ཡིན་པའི་སྒོ་ནས་རང་གི་ངོ་བོ་ལ་རང་རིག་གཅིག་པུར་འདུས་ཏེ། དོན་ཐམས་ཅད་དོན་བྱེད་པའི་སྒོ་ནས་རང་མཚན་ཡིན་པའི་ཕྱིར་རོ། །གསུམ་པ་ལ་ཚད་མ་དང་། ཚད་མ་མིན་པ་གཉིས་ལས། དང་པོ་འོག་ཏུ་འཆད། ཚད་མ་མིན་པ་ལ་གཞན་ལུགས་དགག་པ། རང་ལུགས་གཞག་པ་གཉིས། དང་པོ་ལ་དགག་པའི་ཡུལ་སྤྱིར་བསྟན་པ། མི་འཐད་པའི་ཆ་དགག་པའོ། །དང་པོ་ནི། པཎྜི་ཏ་འགའ་ཞིག་མཐའ་ཡས་པས་དབྱེ་བ་མེད་དོ་ཟེར་བའང་ཐོས། ཆ་བ་སོགས་བོད་ཕལ་ཆེར་ཚད་མིན་གྱི་བློའི་རིགས་ལ་ལྔར་ངེས་ཏེ། ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ་རྣམས་སུ་ངེས་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ། དབྱེ་བའི་ངོ་བོ་དགག་པ། དབྱེ་བའི་ཚུལ་དགག་པའོ། །དང་པོ་ལ། ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས་དགག་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད་པ། དེ་དགག་པ་གཉིས། དང་པོ་ལ་མཚན་ཉིད་ནི། རྟགས་ལ་མ་ལྟོས་པར་སྔར་མ་གཏོགས་པའི་ལྐོག་གྱུར་དོན་དང་མཐུན་པར་ངེས་པའོ། །དབྱེ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད་ཁྲོན་པ་རྙིང་པ་ན་ཆུ་ཡོད་པར་ངེས་པ་དང་། རྒྱུ་མཚན་ཕྱིན་ཅི་ལོག་ཤ་བསྲེགས་པའི་གསུར་ལ་འདུས་པའི་སྦྲང་བུའི་ཚོགས་ལ་མེར་ངེས་པ་ལྟ་བུ། རྒྱུ་མཚན་མ་ངེས་པ་ཚུལ་གསུམ་མི་ཤེས་ཀྱང་བྱས་པའི་རྟགས་ལས་མི་རྟག་པ་རྟོགས་པ་ལྟ་བུའོ་ཞེའོ། །གཉིས་པ་ལ་སྤྱིར་དགག་པ། སོ་སོར་དགག་པ་གཉིས། དང་པོ་ལ་བརྟགས་ན་མི་འཐད་པ། ཧ་ཅང་ཐལ་བ། བཟློག་པ་མཚུངས་པ་གསུམ། དང་པོ་ནི། ཡིད་དཔྱོད་དེ་རྟགས་སུ་བཀོད་ཙམ་ལ་ལྟོས་སམ་གཏན་མི་ལྟོས། ཕྱི་མ་ལྟར་ན་དེ་ཆོས་ཅན། ཐེ་ཚོམ་དུ་འགྱུར་གྱི་ངེས་པ་མི་སྲིད་དེ། མྱོང་བ་དང་རྟགས་གང་ལའང་མ་བརྟེན་པར་དམ་བཅའ་ཙམ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། གལ་ཏེ་རྟགས་ལ་ལྟོས་ན་རྟགས་ཡང་དག་ལྟར་སྣང་གང་ལ་ལྟོས། དང་པོ་ལྟར་ན་ཚད་མར་ཐལ་ཏེ། རྟགས་ཡང་དག་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་བློ་ཡིན་པའི་ཕྱིར། མ་ཁྱབ་ན། རྗེས་དཔག་ཡང་ཚད་མ་མིན་པར་ཐལ་ལོ། །གཉིས་པ་ལྟར་ན། མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་གང་རུང་དུ་ཐལ། རྟགས་ལྟར་སྣང་ལ་བརྟེན་པའི་བློ་གང་ཞིག རྟགས་ལྟར་སྣང་ལ་འགལ་བ་མ་ངེས་པ་མ་གྲུབ་པ་གསུམ་པོ་གང་རུང་ལས་འདའ་བ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་ལ་བརྟེན་པའི་བློར་མི་འདུའོ་ཞེ་ན། ཡིད་དཔྱོད་ཀྱི་རྟེན་གཞིར་གྱུར་པའི་གཏན་ཚིགས་ལྟར་སྣང་བཞི་པ་ཡོད་པར་འགྱུར་ཏེ། རྟགས་ལྟར་སྣང་ལ་བརྟེན་པ་གང་ཞིག་ཁས་ལེན་དེའི་ཕྱིར། གཞན་ཡང་ཡིད་དཔྱོད་གཉིས་པོ་རྟགས་ལྟར་སྣང་གསུམ་པོ་གང་རུང་ལ་བརྟེན་པ་མིན་ན། མངོན་རྗེས་གཉིས་ལས་གཞན་པའི་ཚད་མ་གསུམ་པ་སྲིད་པར་འགྱུར་ཏེ། དེ་གཉིས་ཚད་མ་གཉིས་པོ་གང་རུང་མིན་ཞིང་། རྟགས་ལ་བརྟེན་ནས་སྔར་མ་རྟོགས་པའི་དོན་བདེན་པ་གསར་དུ་ངེས་པའི་བློ་ཡིན་པའི་ཕྱིར། གལ་ཏེ་དོན་བདེན་པ་གསར་དུ་ངེས་ཀྱང་ཚད་མ་མིན་ཏེ། དེས་སྒྲོ་འདོགས་མི་གཅོད་པའི་ཕྱིར་ཞེ་ན། འོ་ན་རྗེས་སུ་དཔག་པའང་ཚད་མ་མིན་པར་འགྱུར་ཏེ། སྔ་མའི་དམ་བཅའ་དེའི་ཕྱིར། གཞན་ཡང་ངེས་ཤེས་དང་སྒྲོ་འདོགས་གཉིས་ཀྱང་གནོད་བྱ་དང་གནོད་བྱེད་མིན་པར་འགྱུར་ཏེ། དོན་བདེན་པ་གསར་དུ་ངེས་ཀྱང་སྒྲོ་འདོགས་མི་གཅོད་པ་སྲིད་པའི་ཕྱིར། འདོད་ན། ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་སོགས་དང་འགལ་ལོ། །གལ་ཏེ་དོན་བདེན་པ་གསར་དུ་ངེས་པ་མེད་ཀྱང་ཁྲོན་པ་རྙིང་པ་ན་ཆུ་ཡོད་དམ་སྙམ་པ་བདེན་པ་སྟེ་ཡིད་དཔྱོད་དང་། མེད་དམ་སྙམ་པ་རྫུན་པ་སྟེ་ལོག་ཤེས་དང་གཉིས་ཀར་འཛིན་པ་སོམ་ཉི་སྟེ་ཐེ་ཚོམ་གྱི་བློ་གསུམ་དུ་འཇོག་པ་མི་འགལ་ལོ་ཞེ་ན། མི་འཐད་དེ། མཚན་གཞི་དང་པོ་དེ་ཆོས་ཅན། ཡིད་དཔྱོད་མིན་པར་ཐལ། དོན་བདེན་པ་གསར་དུ་ངེས་པ་མེད་པའི་ཕྱིར་ནའོ། །མ་ཁྱབ་ན། ཡིད་དཔྱོད་ཀྱི་མཚན་ཉིད་ཉམས་སོ། །གཞན་ཡང་ཐེ་ཚོམ་གྱི་མཚན་གཞི་རྙེད་པར་དཀའ་བར་ཐལ། ཡོད་དམ་སྙམ་པ་དང་མེད་དམ་སྙམ་པའི་བློ་གཉིས་ཐེ་ཚོམ་མིན་པར་ཏེ། རིམ་བཞིན་ཡིད་དཔྱོད་དང་ལོག་ཤེས་གཉིས་སུ་འགྱུར་བའི་ཕྱིར་ནའོ། །ཁྱབ་པ་ཁས། གསུམ་པ་ནི། ཡང་ན་རྟགས་ལ་མ་ལྟོས་པར་སྔར་མ་རྟོགས་པའི་ལྐོག་གྱུར་དོན་དང་མཐུན་པར་ངེས་པ་བདེན་པའི་ཡིད་དཔྱོད་ཀྱི་མཚན་ཉིད་ཡིན་པ་ལྟར། རྟགས་ལ་མ་ལྟོས་པར་སྔར་མ་རྟོགས་པའི་ལྐོག་གྱུར་དོན་དང་མི་མཐུན་པར་ངེས་པའི་ལོག་པའི་ཡིད་དཔྱོད་གཅིག་ཅིས་མི་འཐད་དེ་འཐད་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། ཡིད་དཔྱོད་ཡིན་ན་དོན་བདེན་པ་ངེས་པས་ཁྱབ་པ་ཉམས་སོ། །གལ་ཏེ་འདི་ཡིད་དཔྱོད་མིན་ན། སྔ་མའང་ཡིད་དཔྱོད་མིན་པར་རྒྱུ་མཚན་མཚུངས་སོ། །གལ་ཏེ་ཆུ་མེད་དམ་སྙམ་པའི་ལོག་པའི་ཡིད་དཔྱོད་མཐའ་གཉིས་ཀར་དོགས་པས་ཐེ་ཚོམ་དུ་འདོད་ན། ཆུ་ཡོད་དམ་སྙམ་པའི་བདེན་པའི་ཡིད་དཔྱོད་ཀྱང་ཐེ་ཚོམ་དུ་འགྱུར་ཏེ། མཐའ་གཉིས་ཀར་དོགས་པའི་ཕྱིར་ནའོ། །གལ་ཏེ་གཉིས་ཀ་ཡིད་དཔྱོད་དུ་བདེན་པར་འདོད་ན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་སྲིད་པར་ཐལ་ཏེ། ཆུ་ཡོད་མེད་གཉིས་ཆར་དུ་ངེས་པར་ཡོད་པའི་ཕྱིར། གཞན་ཡང་ལོག་པའི་ཡིད་དཔྱོད་དེ་ཚད་མ་མིན་པ་དྲུག་པར་ཐལ། ལྔ་པོ་ལས་གཞན་པའི་ཚད་མིན་གྱི་བློ་ཡིན་པའི་ཕྱིར། འདོད་ན་ཚད་མིན་གྱི་བློ་ལ་ལྔར་ངེས་པའི་གྲངས་ངེས་འཇིག་གོ །གལ་ཏེ་ཆུ་མེད་དམ་སྙམ་པའི་བློ་ལོག་ཤེས་ཡིན་ན་ཆུ་ཡོད་དམ་སྙམ་པའི་ཡིད་དཔྱོད་ཀྱང་ཚད་མ་ཉིད་དུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དེ་ཉིད་ཀྱི་ལུང་གསུམ་དང་སྦྱར་རོ། །གཉིས་པ་སོ་སོར་དགག་པ་ལ། རྒྱུ་མཚན་མེད་པ་དགག རྒྱུ་མཚན་ཕྱིན་ཅི་ལོག་དགག ལུང་གི་ཆོས་ཡིད་དཔྱོད་དུ་འདོད་པ་དགག་པའོ། །གལ་ཏེ་རྒྱུ་མཚན་མེད་པའི་ཡིད་དཔྱོད་དེས་དོན་བདེན་པ་ངེས་ན་རང་གི་འོག་ན་རིན་པོ་ཆེ་ཡོད་དམ་སྙམ་པ་ལ་སོགས་པའི་ཚོད་དཔག་གི་བློ་ཀུན་གྱིས་དོན་བདེན་པ་ངེས་པར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར། གལ་ཏེ་ཐེ་ཚོམ་ཟའོ་སྙམ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད་ཀྱིས་ཀྱང་བདེན་པ་ངེས་པ་ཉམས་སོ། །ཁྲོན་པར་ཆུ་ཡོད་པར་འཛིན་པ་ཡང་རྒྱུ་མཚན་གཏན་མེད་མིན་ཏེ། སྔར་ཆུ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་པའི་ཕྱིར། གལ་ཏེ་རྒྱུ་མཚན་དེ་མ་ངེས་པ་ཡིན་ནོ་ཞེ་ན། མ་ངེས་པ་ཉིད་ཀྱིས་ཐེ་ཚོམ་དུ་འགྱུར་རོ། །གཉིས་པ་ནི། གལ་ཏེ་ལོག་པའི་རྒྱུ་མཚན་ཅན་གྱི་མཚན་གཞི་དེ་ཡིད་དཔྱོད་ཡིན་ན་མཉན་བྱས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ཐུན་མོང་མིན་པ་དང་། གཞལ་བྱས་དེ་སྒྲུབ་པ་ལྟ་བུ་དངོས་ཀྱི་མ་ངེས་པ་དང་། ལྷས་བྱིན་གྱིས་བུ་ལས་སྔོ་བསངས་སྒྲུབ་པ་ལྟ་བུ་ཡང་དག་ལྷག་ལྡན་དང་། མིག་གི་གཟུང་བྱས་སྒྲ་མིག་རྟག་པར་སྒྲུབ་པ་ལྟ་བུ་མ་གྲུབ་པའི་རྟགས་ལ་བརྟེན་པའི་བློ་རྣམས་ཀྱང་ཡིད་དཔྱོད་དུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། སྔ་མ་གསུམ་ཐེ་ཚོམ་དང་ཕྱི་མ་མ་རྟོགས་པར་བཤད་པའི་སློབ་དཔོན་གྱི་གཞུང་དང་འགལ་ལོ། །གསུམ་པ་ནི། ལུང་ཐོས་པ་ལས་བྱུང་བའི་ཤེས་རབ་ཡིད་དཔྱོད་ཡིན་ནོ་ཞེ་ན། རང་སྡེ་དང་གཞན་གྱི་སྡེ་པའི་ལུང་གང་རུང་ལས་བརྗོད་དོན་རྟོགས་ཤིང་འཛིན་པའི་བློ་ཆོས་ཅན། ཡིད་དཔྱོད་མིན་པར་ཐལ། བློ་རིགས་བཞི་པོ་གང་རུང་དུ་འདུས་པའི་ཕྱིར་ཏེ། རང་གི་ལུང་ལ་དྲང་ངེས་གཉིས། གཞན་གྱི་ལུང་ལ་འཐད་མི་འཐད་གཉིས་ལས། བདེན་བཞི་སྟོན་པའི་ལུང་ལྟ་བུ་སྒྲུབ་བྱེད་ཡོད་པའི་ལུང་ལས་དོན་ངེས་པའི་བློ་རྗེས་དཔག་ཚད་མ། ཁྲུས་སོགས་ཀྱིས་སྡིག་པ་འདག་པར་སྟོན་པ་ལྟ་བུ་གནོད་བྱེད་ཡོད་པ་ལས་དོན་འཛིན་པའི་བློ་ལོག་ཤེས། གནོད་སྒྲུབ་གང་ཡང་མེད་པ་ལ་བརྗོད་དོན་ཡོད་པའི་ལུང་ལས་དོན་འཛིན་པའི་བློ་ཐེ་ཚོམ། མ་གྲུབ་པའི་ལུང་ལས་དོན་འཛིན་པའི་བློ་མ་རྟོགས་པའི་བློ་ཡིན་པའི་ཕྱིར། དེ་དག་ཀྱང་རིམ་བཞིན། ཡིད་ཆེས་ཚིག་ནི་མི་སླུ་བའི། །ཞེས་སོགས་དང་། བླང་དང་དོར་བྱའི་དེ་ཉིད་ནི། །སོགས་དང་། ཚད་མས་མ་གྲུབ་དོན་ཅན་གྱི། །ཞེས་སོགས་དང་། དེས་ན་ལུང་དང་དངོས་པོ་རྣམས། །ཞེས་སོགས་དང་། འགལ་བ་ཀུན་ཏུ་མ་བསལ་ཞིང་། །ཞེས་སོགས་དང་སྦྱར་རོ། །ཚད་མིན་གྱི་ལུང་ལ་འཇུག་ལྡོག་ནི་ཐེ་ཚོམ་གྱི་སྒོ་ནས་བྱེད་པར་གསུངས་པས་མི་འགལ་ལོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ་ལ། ཕྱོགས་སྔ་མ་དང་། དེ་དགག་པའོ། །དང་པོ་ལ། མཚན་ཉིད་ནི་སྒྲོ་འདོགས་དང་མི་འགལ་བར་དོན་རང་གི་མཚན་ཉིད་སྣང་བའོ། །དབྱེ་ན་ཡུལ་རྣམ་པ་མི་གསལ་བ། ཡིད་ཉེ་བར་མ་གཏད་པ། འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པ་གསུམ། དང་པོ་ནི། རྟག་འཛིན་གྱི་འཁྲུལ་རྒྱུ་དང་བཅས་པའི་རྒྱུ་ཉིད་བུམ་པའི་སྐད་ཅིག་མ་མཐོང་བའི་མིག་ཤེས་དང་། གཉིས་པ་ནི། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་དང་། གསུམ་པ་ནི། ཉ་ཕྱིས་ལ་དངུལ་དུ་འཁྲུལ་དུས་ཀྱི་ཉ་ཕྱིས་འཛིན་པའི་མིག་ཤེས་ལྟ་བུའོ་ཞེས་ཟེར་རོ། །གཉིས་པ་ལ། སྤྱིར་དགག་ན། གལ་ཏེ་སྣང་ལ་མ་ངེས་པ་ཡིན་པས་ཚད་མ་མིན་ན། མངོན་སུམ་ཀུན་ཆོས་ཅན། ཚད་མ་མིན་པར་འགྱུར་ཏེ། སྣང་ལ་མ་ངེས་པ་ཡིན་པའི་ཕྱིར་ཏེ། མངོན་སུམ་ལ་ངེས་པ་ཉིད་ནི་སློབ་དཔོན་གྱིས་བཀག་པའི་ཕྱིར་རོ། །ཇི་སྐད་དུ། ད་ནི་ཇི་ལྟར་མ་ངེས་པ་མངོན་སུམ་གྱིས་ཀྱང་གཟུང་བ་ཡིན་ཞེ་ན། མངོན་སུམ་ནི་གང་གི་ཡང་ངེས་པར་བྱེད་པ་མིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པས་ནི་མིན་ནོ། །འོ་ན་ཅི་ཡིན་ཞེ་ན་དེར་སྣང་བས་སོ། །དེས་ན་ངེས་པ་དང་མ་ངེས་པའི་དབང་གིས་མངོན་སུམ་གྱིས་འཛིན་པ་དང་མི་འཛིན་པ་དག་མིན་ནོ། །ངེས་པ་རྣམས་ཀྱིས་ནི་དེ་ལྟ་མིན་ནོ། །འགའ་ཞིག་ངེས་ཀྱང་གཞན་མ་ངེས་པས་འཇུག་པ་ཐ་དད་པས་འཛིན་པ་དང་མི་འཛིན་པ་ཡིན་ནོ་ཞེས་སོ། །བྱེ་བྲག་ཏུ་ཡུལ་རྣམ་པ་མི་གསལ་བའི་སྣང་ལ་མ་ངེས་པ་མི་འཐད་དེ། རྫས་གཅིག་ལ་རྣམ་པ་གསལ་མི་གསལ་འགལ་བའི་ཕྱིར་རོ། །གསུམ་པ་བཅད་པའི་ཡུལ་ཅན་དགག་པ་ལ། ཕྱོགས་སྔ་མ་དང་། དེ་དགག་པའོ། །དང་པོ་ལ་མཚན་ཉིད་ནི། སྔར་རྟོགས་ཟིན་གྱི་བྱེད་པ་མ་ཉམས་པ་ལ་ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་འགལ་བར་འཇུག་པའོ། །དབྱེ་བ་ལ་མངོན་སུམ་བཅད་ཤེས་དང་། རྟོག་པ་བཅད་ཤེས་གཉིས། དང་པོ་ནི། དབང་མངོན་སྐད་ཅིག་གཉིས་པ་ལྟ་བུ་དང་། གཉིས་པ་ནི། མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་དང་། རྗེས་དཔག་གིས་དྲང་བའི་དྲན་ཤེས་ལྟ་བུའོ་ཞེས་ཟེར་རོ། །གཉིས་པ་ལ། སྤྱིར་དགག མངོན་སུམ་བཅད་ཤེས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ནི། བཅད་ཤེས་ནི། རིགས་པས་མཐའ་བཅད་ན་མ་རྟོགས་པ་དང་ལོག་རྟོགས་དང་ཡང་ན་ཚད་མ་ཉིད་དུ་འགྱུར་གྱི་གསུམ་པོ་དེ་ལས་གཞན་པའི་བློ་ཡིན་པ་མི་སྲིད་དེ། འདི་ལྟར་མངོན་རྗེས་གཉིས་ཀྱིས་དྲངས་པའི་བཅད་ཤེས་ནི་མ་རྟོགས་པ་ཡིན་ཏེ། ཚད་མའི་ཡུལ་ནི་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་འགགས་ཟིན་པའི་ཕྱིར་དང་། མ་འགགས་སུ་ཟིན་ཡང་། བློས་སྔར་རྟོགས་ཟིན་པས། ཕྱིས་རྟོགས་པར་བྱ་རྒྱུ་མེད་དེ། ཤིང་བཅད་ཟིན་པའི་སཏྭ་རེ་གཅོད་བྱེད་མིན་པ་དང་། གྲུབ་ཟིན་སྒྲུབ་པས་མ་གྲུབ་པར་འདུ་བ་བཞིན་ནོ། །ཡང་སྔར་རྟོགས་པ་དེ་ཉིད་ད་ལྟར་གྱི་འདིའོ་སྙམ་པའི་འཛིན་པ་ལ་བྱེད་ན། དེ་མིན་ལ་དེར་འཛིན་པའི་ལོག་ཤེས་ཡིན་ལ། ད་ལྟར་དྲན་པའི་རྟགས་ཀྱིས་སྔར་གྱི་མྱོང་བ་དཔོག་པའི་བློ་ལ་བྱེད་ནའང་། ད་ལྟ་དྲན་པ་ཡོད་པ་ཉིད་ནི་རང་ལ་རང་རིག་པའི་མངོན་སུམ་མོ། །གཉིས་པ་ལ། དགག་པ་དངོས། བཀག་པ་ལ་མི་འཐད་པ་སྤང་བའོ། །དང་པོ་ལ། འགལ་བ་ལ་གཞི་མཐུན་དགག དབང་ཤེས་རིགས་ལ་ཚད་མ་ཡིན་པ་དགག བཀག་པའི་གྲུབ་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། མངོན་སུམ་དང་བཅད་ཤེས་གཉིས་ལ་གཞི་མཐུན་པ་ནི་ག་ལ་སྲིད་དེ་མི་སྲིད་པར་ཐལ། དེ་གཉིས་ངོ་བོར་ཡུལ་དུས་འཛིན་སྟངས་འགལ་བའི་ཕྱིར་ཏེ། མངོན་སུམ་ནི་ངོ་བོ་རྟོགས་བྲལ། ཡུལ་རང་མཚན། དུས་ད་ལྟར་བ་འཛིན་སྟངས་གསལ་བ་མ་འདྲེས་པ་ཡིན་ལ། བཅད་ཤེས་ནི་ངོ་བོ་རྟོག་པ། ཡུལ་སྒྲ་དོན། དུས་འདས་པ་དྲན་པ། འཛིན་སྟངས་མི་གསལ་བ་འདྲེས་པ་འཛིན་པ་ཡིན་པའི་ཕྱིར་ཏེ། བརྡ་དྲན་པ་ཡི་རྒྱུ་ཅན་གྱིས། །ཞེས་སོགས་དང་སྦྱར་རོ། །གཉིས་པ་ནི། སྔོན་པོ་ལ་སོགས་པའི་རིགས་རྒྱུན་འཛིན་པ་ནི་མངོན་སུམ་ཡིན་ཏེ། དེ་སྐད་ཅིག་མ་དང་པོ་ཚད་མ། དེའི་རྗེས་ཀྱི་ཤེས་པ་སྐད་ཅིག་མ་གཉིས་པ་སོགས་ནི་བཅད་ཤེས་ཡིན་ནོ་ཞེ་ན། རིགས་ནི་ཚུར་མཐོང་མངོན་སུམ་གྱི་ཡུལ་མ་ཡིན་ཏེ། རིགས་དེ་སྐད་ཅིག་གིས་ཕྲེང་བ་དང་། མུ་སྟེགས་འདོད་པའི་སྤྱི་དང་། གཞན་སེལ་གང་ལ་བྱེད། དང་པོ་ལྟར་ན་དེ་རྫས་ཡིན་གྱི་རིགས་མིན་ལ། གཉིས་པ་མི་སྲིད་ཅིང་། གསུམ་པ་ཡང་དངོས་མེད་ཡིན་པའི་ཕྱིར། ཡང་དབང་མངོན་སྔ་མས་མཐོང་བའི་དོན་ལ་རྗེས་ཀྱི་ཤེས་པ་དབང་མངོན་ཕྱི་མ་འཇལ་བྱེད་དུ་འཇུག་པ་མེད་དེ། དེ་ལ་དགོས་ནུས་མེད་པར་བཤད་ཟིན་པའི་ཕྱིར། གསུམ་པ་ནི། མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་མེད་དེ། དེ་གཉིས་ཀྱི་ངོ་བོ་ལ་སོགས་པ་འགལ་བའི་ཕྱིར་ནའོ། །ཡང་དབང་མངོན་ཕྱི་མ་རྣམས་ཆོས་ཅན། དྲན་པ་བཅད་ཤེས་མིན་ཏེ། མངོན་སུམ་ཡིན་པའི་ཕྱིར། སྔོ་སོགས་ཀྱི་རིགས་ཆོས་ཅན། དབང་པོའི་མངོན་སུམ་ཁྱོད་ལ་ཚད་མ་མིན་ཏེ། ཁྱོད་དངོས་པོར་མེད་པས་དེའི་ཡུལ་དུ་འགལ་བའི་ཕྱིར། ཡུལ་ཅན་དབང་མངོན་དང་། ཡུལ་སྔོ་སོགས་སྔ་ཕྱི་ཁྱད་པར་མེད་པར་ཐལ། དབང་མངོན་སྔ་མའི་གཟུང་ཡུལ་ཕྱི་མས་ཀྱང་མཐོང་བའི་ཕྱིར་ནའོ། །གལ་ཏེ་སྐད་ཅིག་དེ་ལྟར་མི་འབྱེད་པར་ཡུལ་དེ་རྟོགས་ཙམ་གྱིས་ཚད་མའི་བྱ་བ་རྫོགས་ལ། ཕྱིས་ཀྱི་རྟོག་པ་སྔོན་པོའོ་སྙམ་དུ་ངེས་པ་ཐམས་ཅད་བཅད་ཤེས་སོ་ཞེ་ན། ཕྱིས་སྔོན་པོའོ་སྙམ་དུ་ངེས་པའི་བློ་ཆོས་ཅན། མངོན་སུམ་མིན་ཏེ། ངེས་པ་ཡོད་པའི་ཕྱིར་ནའོ། །གལ་ཏེ་སྔོན་པོ་སྔ་ཕྱི་འདྲ་བར་མཐོང་བའི་བློ་བཅད་ཤེས་སོ་ཞེ་ན། འདྲ་བར་འཛིན་པ་ནི་རྟོག་པ་ཡིན་གྱིས་མངོན་སུམ་མིན་ཏེ། འདྲ་བ་དོན་ལ་མེད་པར་སྤྱི་འགོག་པར་འཆད་པར་འགྱུར་བའི་ཕྱིར། དེས་ན་མངོན་སུམ་དང་བཅད་ཤེས་ལ་གཞི་མཐུན་མེད་དེ་རིགས་པ་ཤེས་པ་རྣམ་པ་གཉིས་ཀྱིས་བཀག་པའི་ཕྱིར། ཞེས་བྱ་བ་ནི་མཇུག་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་བཀག་པ་ལ་མི་འཐད་པ་སྤང་བ་ནི། འོ་ན་མངོན་སུམ་ཐམས་ཅད་རང་ཡུལ་རྫས་སྐད་ཅིག་རེ་རེ་ཁོ་ན་ལ་འཇུག་པས་སོ་སྐྱེ་ལ་མངོན་སུམ་ཚད་མ་མི་སྲིད་པར་འགྱུར་ཞེ་ན། སོ་སོ་སྐྱེ་བོའི་མངོན་སུམ་གྱིས་ཁྱད་པར་ཅན་མིན་པའི་རྡུལ་ཕྲན་སོ་སོ་བ་ལ་མི་འཇུག་གི་ཁྱད་པར་ཅན་ལ་འཇུག་སྟེ་རྡུལ་ཕྲན་དུ་མ་ཚོགས་པའི་ཁྱད་པར་ཅན་གྱི་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་སྔ་མ་རྣམས་ཀྱི་སྐད་ཅིག་མ་ཇི་སྙེད་ཚོགས་པ་རྣམས་ཀྱི་བསྐྱེད་པའི་མྱོང་བའི་རྣམ་ཤེས་གང་ཡིན་པ་ཐམས་ཅད་སོ་སོ་སྐྱེ་བོའི་མངོན་སུམ་ཡིན་ཞིང་། དེ་ཐམས་ཅད་ཚད་མ་ཡིན་ཏེ། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེས་ན་རྡུལ་ཕྲན་བསགས་པ་ལ་དམིགས་ཞེས་གསུངས་པ་ཡང་དེ་ལ་དགོངས་སོ། །གཉིས་པ་ནི། ཚད་མ་མིན་པའི་གསལ་བའི་དབྱེ་བ་ཅུང་ཟད་ཙམ་ལ་བརྟེན་ནས་བློ་རིགས་ཐ་དད་དུ་འཇོག་ན། སློབ་དཔོན་བཞེད་པའི་ཚད་མ་དང་། ཚད་མ་མིན་པ་དང་། གཏན་ཚིགས་ཡང་དག་དང་། ལྟར་སྣང་བའི་གྲངས་ངེས་ཐམས་ཅད་འཇིག་སྟེ། ནང་ཚན་གྱི་དབྱེ་བ་ཅུང་ཟད་ལ་བརྟེན་ནས་སྤྱི་རིགས་ཐ་དད་དུ་འཇོག་པའི་ཕྱིར། ཁྱབ་སྟེ། གྲངས་ཀྱི་དབྱེ་བསྡུ་ཇི་སྙེད་ཡོད་པ་ཐམས་ཅད་རིགས་ཀྱི་དབྱེ་བས་བྱས་པ་ཡིན་ལ། ནང་སེལ་གྱི་དབྱེ་བསྡུ་ཇི་སྙེད་ཡོད་པ་ནི་གྲངས་ཀྱི་དབྱེ་བསྡུ་དེ་ཡི་ཁོངས་སུ་གཏོགས་པར་སློབ་དཔོན་གཉིས་ལ་སོགས་པ་མཁས་པ་རྣམས་བཞེད་པའི་ཕྱིར། གཉིས་པ་རང་ལུགས་ལ། སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་རྣམ་གཞག་གོ །དང་པོ་ནི། མི་སླུ་བ་མ་གྲུབ་པའི་ཤེས་པ་ནི་ཚད་མ་མིན་པའི་བློའི་མཚན་ཉིད་དོ། །གཉིས་པ་ནི། མ་རྟོགས་ལོག་རྟོགས་ཐེ་ཚོམ་སྟེ། །ཚད་མའི་འགལ་ཟླ་ཚད་མིན་གྱི་བློ་རྣམ་པ་གསུམ་ཡོད་ཅིང་། དེ་ཡང་འཇུག་ཚུལ་གྱི་སྒོ་ནས་ཕྱེ་བ་ཡིན་ལ། གསུམ་ཀའང་ངོ་བོའི་སྒོ་ནས་བསྡུ་ན་རང་ཡུལ་མ་རྟོགས་པའི་བློ་གཅིག་པུར་འདུའོ། །གསུམ་དུ་ཕྱེ་བའི་མ་རྟོགས་པའི་བློ་ཡིན་ཞེས་པ་ནི་མིན་ཏེ། ཡིན་ན་ནང་སེལ་གྱི་དབྱེ་བར་སོང་བས། གྲངས་ཀྱི་དབྱེ་བར་གསུངས་པ་དང་འགལ་ཏེ། གྲངས་ཀྱི་དབྱེ་བསྡུ་ཇི་སྙེད་པ། །ཞེས་སོགས་གསུངས་པའི་ཕྱིར། གཞན་དུ་སྒྲ་ཇི་བཞིན་ཡིན་ན། སྔར་བློ་ཐམས་ཅད་རང་རིག་དང་། འོག་ཏུ་ཚད་མ་གཉིས་ཀྱང་རང་རིག་ཏུ་བཤད་པས་ཤེས་པ་ཐམས་ཅད་རང་རིག་ཏུ་འགལ་བའི་ཕྱིར་རོ། །དེས་ན་གསུམ་པོ་འདི་ནི་ཕན་ཚུན་རྣམ་པར་བཅད་པ་ཁོ་ནའོ་སྙམ་དུ་ཁོ་བོའི་རྣམ་དཔྱོད་དང་མཚུངས་ལྡན་གྱི་སེམས་དཔའ་ཁོ་ན་སེམས་སོ། །དེ་ལྟ་བུ་ཚད་མིན་གྱི་བློ་གསུམ་དང་རྟགས་ཀྱི་སྐྱོན་གསུམ་རིགས་པའི་གནད་གཅིག་སྟེ། ཕྱོགས་ལ་མཐུ་མེད་སོམ་ཉིད་དང་། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་པ་ལྟར། མ་གྲུབ་པས་བསྒྲུབ་བྱ་ལ་མཐུ་མེད་པ་ལྟར། མ་རྟོགས་པ་ལ་གང་དུའང་འཇུག་པའི་མཐུ་མེད། མ་ངེས་པས་སོམ་ཉི་སྐྱེས་པ་ལྟར། ཐེ་ཚོམ་ཡང་མཐའ་གཞན་དུ་དོགས་པར་བྱེད། འགལ་བས་མི་འདོད་པ་སྒྲུབ་པ་ལྟར་ལོག་རྟོག་གིས་ཀྱང་གང་མིན་པ་དེ་རྟོགས་པར་བྱེད། རྟགས་ཡང་དག་གིས་འདོད་པའི་དོན་སྒྲུབ་པ་ལྟར། ཚད་མས་ཀྱང་དོན་ཡིན་པར་རྟོགས་པར་བྱེད་དོ། །དེས་ན་རྟགས་སུ་བཀོད་ཚད་ལ་བཞིར་ངེས་ཤིང་གཅིག་སྐྱོན་མེད་ཡིན་པས་སྐྱོན་ཅན་གསུམ་ལས་མི་སྲིད་པ་ལྟར། བློ་ཡི་འཇུག་ཚུལ་མཐའ་དག་བཞིར་ངེས་ཤིང་གཅིག་ཚད་མ་ཡིན་པས་ཚད་མ་མིན་པ་གསུམ་ཁོ་ནར་ངེས་སོ། །གསུམ་པ་ལ་གསུམ་ལས། དང་པོ་ལའང་གཉིས་ལས། དང་པོ་མཚན་ཉིད་ནི། དོན་བདེན་པ་རྟོགས་པ་དེ་དང་དེ་མིན་པ་མཐའ་གཅིག་ཏུ་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། མཐའ་གཉིས་སུ་འཛིན་པས་སྟོང་པའི་རིག་པ་ནི་མ་གཏོགས་པའི་བློ་ཡི་མཚན་ཉིད་ཡིན་ནོ། །གཉིས་པ་དབྱེ་ན་གསུམ་སྟེ། ཡུལ་དེ་ལ་གཏན་མ་ཞུགས་ནས་མ་རྟོགས་པ་དེ་ལ་བློ་ཁ་མ་ཕྱོགས་པ་སྟེ། རྟོག་གེ་མི་ཤེས་པའི་རྒྱུད་ཀྱི་ཚུལ་གསུམ་འཛིན་པའི་བློ་ལྟ་བུ་དང་། ཞུགས་ཀྱང་ཚོལ་བའི་བྱ་བ་མ་རྫོགས་ནས་མ་རྟོགས་པ་སྒྲ་རྟག་མི་རྟག་དྲིས་པ་ན་སླར་དཔྱོད་པའི་བློ་ལྟ་བུ་དང་། །ཚོལ་བའི་བྱ་བ་རྫོགས་པར་གྱུར་ཀྱང་མ་རྙེད་ནས་མ་རྟོགས་པ་དཔྱད་ཀྱང་བློ་ཡུལ་དུ་མ་བྱུང་བ་སྟེ། འདི་ལ་གསུམ་ལས་རྟོགས་བྱའི་ཡུལ་མེད་ནས་མ་རྟོགས་པ་བཅད་ཤེས་ལྟ་བུ། རྟོགས་བྱེད་ཀྱི་བློ་བསླད་ནས་མ་རྟོགས་པ་གྲངས་ཅན་ལ་ལྟོས་ནས་སྒྲའི་སྐད་ཅིག་མ་ལྟ་བུ་དང་། ཤེས་བྱེད་ཀྱི་ཡུལ་མིན་ནས་མ་རྟོགས་པ་ཡུལ་དུས་རང་བཞིན་གྱིས་བསྐལ་པའི་དངོས་པོ་འཛིན་པའི་རྟོག་པ་ལྟ་བུའོ། །གཉིས་པའི་མཚན་ཉིད་ནི། རང་ཡུལ་དེར་མཐའ་གཅིག་ཏུ་འཛིན་པའམ་སྣང་བ་ལ་དེ་མིན་དུ་འཛིན་པའི་ཡུལ་དང་ཡུལ་ཅན་གཉིས་ཀྱིས་དངོས་བརྒྱུད་ཅི་རིགས་ནས་གནོད་པའི་བློ་ལོག་ཤེས་ཀྱི་མཚན་ཉིད་དོ། །དེ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། རྟོག་པ་དང་ནི་རྟོག་མེད་ལོག་ཤེས་སོ། །ནང་སེལ་གྱི་སྒོ་ནས་སོ་སོར་ཕྱེ་ན་རྣམ་པ་ལྔ་སྟེ། དང་པོ་ལ། ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ལྟ་བུའི་རྣམ་པ་དང་། ད་ལྟར་གྱི་སྔོན་པོ་ལ་འདས་པའི་སྔོན་པོའོ་སྙམ་པ་དུས་ལ་དང་། ཤ་བ་དང་ཙནྡན་གྱི་སྤྱི་གཉིས་གཅིག་ཏུ་འཛིན་པ་ཡུལ་ལ་ལོག་པར་རྟོག་པ་གསུམ། གཉིས་པ་ལ་དབང་ཤེས་འཁྲུལ་པ་དང་། རྟོག་མེད་ཡིད་ཤེས་འཁྲུལ་པ་གཉིས་སོ། །གསུམ་པ་ལ་མཚན་ཉིད་ནི། རང་ཡུལ་དེར་འཛིན་ན་ཡང་དེར་འཛིན་པའི་བྱེད་པ་མ་ཉམས་བཞིན་དུ་དེ་མིན་དུ་འཛིན་པ་སྲིད་པའི་བློ་ནི། ཐེ་ཚོམ་ཉིད་དུ་མཚོན་བྱེད་ཡིན་ནོ། །དབྱེ་ན་གཉིས་ཡོད་དེ་མངོན་དུ་གྱུར་པ་དང་། བག་ལ་ཉལ་གྱི་ཐེ་ཚོམ་གཉིས་སོ། །དང་པོ་ནི། ཐེ་ཚོམ་དངོས་སུ་ཞུགས་པ་སྟེ། འདི་ལ་ཆ་མཉམ་པ་དང་ཤས་ཆེར་འཛིན་པ་གཉིས་སོ། །བག་ལ་ཉལ་ནི། སྒྲོམ་ནང་གི་ས་བོན་ལྟ་བུ་རྐྱེན་དང་ཕྲད་ན་དེར་འགྱུར་བའི་ནུས་པ་ཡོད་པ་སྟེ། རྟགས་ལ་ལྟོས་པ་མ་ངེས་པའི་རྟགས་ལ་བརྟེན་པའི་བློ་ཐམས་ཅད་དང་། མ་ལྟོས་པ་ཁྲོན་པ་རྙིང་པ་ན་ཆུ་ཡོད་སྙམ་པ་དང་། མེད་སྙམ་པའི་བློ་ལ་སོགས་པའོ། །གཉིས་པ་ནི། ཚད་མའི་དབྱེ་བ་གཉིས་པོ་ཡང་སྤྱིར་རང་གི་ངོ་བོ་ལ་རང་རིག་ཏུ་འདུ་བར་མཛད། བྱེ་བྲག་ཚད་མ་ཁོ་ནར་འདུས་ཏེ། མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར། ཚད་མ་མིན་པའི་དབྱེ་བ་གསུམ་པོ་ཡང་ངོ་བོའི་སྒོ་ནས་མ་རྟོགས་པ་ལས་དོན་གཞན་མིན་ཏེ། གསུམ་ཆར་ཡང་མི་སླུ་བར་མ་གྲུབ་པར་གཅིག་པའི་ཕྱིར། ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡང་སྒྲ་གཉིས་ནི། ཚད་མ་གཉིས་དང་། ཚད་མིན་གསུམ་པོ་ཕན་ཚུན་སྡུད་པའི་ཚིག་ཡིན་ལ། རྐང་པ་དང་པོ་གཉིས། ཤེས་པའི་སྒོ་ནས་རང་རིག་གཅིག །ཅེས་པ་དང་མི་ཟློས་ཏེ། དེས་མངོན་རྗེས་གཉིས་ལ་ཚད་མིན་མི་སྲིད་པར་བསྟན་པས་མངོན་སུམ་ལ་ཚད་མིན་གཉིས་དང་། སྔར་མ་རྟོགས་པའི་དོན་རང་མཚན་ངེས་པ་ཚད་མིན་ཡིན་པ་ལས་ཁྱད་པར་དུ་བྱས་ཏེ་ཁོ་ནའི་དོན་ནོ། །རྐང་པ་ཕྱི་མ་གཉིས་ཀྱིས་ཚད་མིན་གསུམ་ལ་རང་ཡུལ་རྟོགས་པ་མི་སྲིད་པར་བསྟན་པས། བཅད་ཤེས་དང་མི་སླུ་བའི་གཞི་མཐུན་ཡོད་པ་བཅད་པ་ཡིན་པས། ངོ་བོའི་སྒོ་ནས་བསྡུ་ན་གཅིག །ཅེས་པ་དང་མི་ཟློས་སོ། །ཁོ་བོའི་ལེགས་བཤད་དོ། །གཞན་དག་ནི་རྟོག་པ་ཙམ་ཡང་མ་ཞུགས་ན་ཇི་ལྟ་བ་བཞིན་རྟོགས་ནས་གཞན་ལ་སྟོན་པ་ལྟ་ཅི་སྨོས་དགོངས་སོ། །ཚད་མ་རིགས་པའི་གཏེར་ལས་བློ་བརྟགས་པའི་རབ་ཏུ་བྱེད་པ་གཉིས་པའི་རྣམ་པར་བཤད་པའོ།།  ༈  །།གསུམ་པ་བློས་ཡུལ་རྟོགས་ཚུལ་ལ་བཞི་ལས། དང་པོ་སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ལ་གསུམ་སྟེ། ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན། རྫས་ལྡོག་དོན་ལ་གྲུབ་པར་འདོད་པ་དགག སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ཁྱད་པར་དུ་དཔྱད་པའོ། །དང་པོ་ལའང་། ཐོག་མར་དངོས་པོའི་གནས་ཚུལ་དཔྱད་པ། དེ་གཏན་ལ་འབེབས་པའི་ཚུལ་གཉིས། དང་པོ་ནི། རང་མཚན་སྣང་བའི་སྒོ་ནས་འཛིན་པའི་བློ་རྟོག་མེད་ཀྱི་མཚན་ཉིད་དེ། དེ་དག་གི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་པའི་ཕྱིར། སྤྱི་སེལ་བའི་སྒོ་ནས་འཛིན་པའི་བློ་ནི་རྟོག་པའི་མཚན་ཉིད་ཡིན་ཏེ། རྟགས་འགྲེ། རང་སྤྱི་གཉིས་ཡོད་པ་དེ་ལ། རང་མཚན་སོགས་དྲུག་ནི་དངོས་པོའི་དོན་དུ་གཅིག་སྟེ། དོན་བྱེད་ནུས་པ་ལ་སོགས་པ་བཞི་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། སྣང་བའང་གཞན་ལ་མི་བརྟེན་པས། །ཞེས་སོགས་དང་སྦྱར་རོ། །གལ་ཏེ་དེ་ལའང་གཞན་ལས་ལྡོག་པ་དང་། །ཞེས་སོགས་དང་། ཀུན་ལ་རྫས་དང་དངོས་བརྗོད་པའི། །ཞེས་སོགས་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། གཞུང་གི་ཚིག་ཟིན་ལ་ཡོད་པའི་ལོག་པ་སོགས་ལ་དོན་ལ་གནས་པ་དང་སེལ་བའི་ཡུལ་གཉིས་ཡོད་པའི་ཕྱིར་རོ། །སྤྱི་ལ་སོགས་པ་བརྒྱད་ནི། དངོས་པོར་གྲུབ་པ་མེད་དེ། དོན་ལ་མི་གནས་པ་ལ་སོགས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་སོགས་དང་སྦྱར་རོ། །གཉིས་པ་ནི། རྫས་དང་ལྡོག་པ་དང་སྤྱི་དང་བྱེ་བྲག་དང་སྒྲུབ་པ་སྟེ་སྣང་བ་དང་གཞན་སེལ་དང་རྟོག་པ་དང་མི་རྟོག་པ་སྟེ་རྟོག་མེད་ཀྱི་ཤེས་བྱའི་ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་རྣམས་ནི་གཞན་བོད་དག་གཞུང་གི་དགོངས་པ་ལས་གཞན་དུ་འཆད་དེ། རྫས་སོགས་གསུམ་རྟོག་མེད་དང་། ལྡོག་སོགས་གསུམ་རྟོག་པའི་ཡུལ་དུ་རེས་འགའ་མཚུངས་པ་ལྟར་འཆད། རེས་འགའ་མི་མཚུངས་པ་ལྟར་འཆད། རེས་འགའ་བློ་ཆོས་ལྟར་འཆད། རེས་འགའ་དོན་ཆོས་ལྟར་འཆད། རེས་འགའ་སྤྱི་སྒྲུབ་པ་ལྟར་བྱེད། རེས་འགའ་སྤྱི་འགོག་པ་ལྟར་བྱེད་པའི་ཕྱིར། དེས་ན་སྤྱིར་བྱེ་བྲག་ལྡོག་པ་ཡིན་ཡང་། འདིའི་བྱེ་བྲག་ལོག་པ་ཡིན་པ་ནི། བྱེ་བྲག་རྣམས་ལས་འདི་དག་འབྱུང་། །ཞེས་པ་དང་། དེས་ན་བྱེ་བྲག་སྤྱི་ཆོས་ཐ། །ཞེས་གསུངས་པ་མཚུངས་ལ། འདི་ལ་འཁྲུལ་ནས་བྱེ་བྲག་རང་མཚན་དུ་འཇོག་པས་ནི་ཕྱོགས་ཙམ་དུ་ཡང་མ་ཕྱིན་ཏེ། སྒྲུབ་པ་རང་མཚན་ལ་འཇོག་དགོས་པར་ཐལ་བའི་ཕྱིར་རོ། །ཁོ་བོ་ནི་སྔར་ཡུལ་ཡུལ་ཅན་གྱི་རྣམ་གཞག་གི་སྐབས་སུ་བཤད་པ་ལྟར་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་དུ་འཆད་པར་འདོད་དོ། །དེ་ལྟར་ན་རྫས་སོགས་གསུམ་དང་ལྡོག་སོགས་གསུམ་ནི་ཤེས་བྱའི་ཡུལ། རྟོག་མེད་དང་རྟོག་པ་ནི་ཡུལ་ཅན་གྱི་བློ། སྣང་བ་དང་སེལ་བའི་སྒོ་ནས་ཡུལ་གཉིས་འཛིན་ཚུལ་ནི་བློ་གཉིས་ཀྱི་འཛིན་སྟངས་སོ། །གཉིས་པ་ལ། བོད་ཁ་ཅིག་ལྡོག་པ་དུ་མ་འབྲལ་མི་ཤེས་པར་འདུས་པ་རྫས་དང་། འདུས་པ་ཅན་གྱི་ཆོས་ཁ་ཡར་བ་ལྡོག་པའི་མཚན་ཉིད་ཡིན་ནོ། །དེ་ཡང་གཞི་སོ་སོར་ངེས་པ་གཅིག་གི་སྟེང་དུ་རྫས་ཁྱབ་ཆེ་ལ། དེ་ལས་གཞན་དུ་ལྡོག་པ་ཁྱབ་ཆེ་སྟེ། དཔེར་ན་ཁྲབ་དང་ཁྲབ་ཀྱི་བྱང་བུ་བཞིན་ནོ་ཞེས་ཟེར་རོ། །མི་འཐད་དེ་ལྡོག་པ་དོན་ལ་མི་གནས་པས་ལྡོག་པ་དུ་མ་བྲལ་མི་ཤེས་པར་འདུ་རྒྱུ་མེད་པའི་ཕྱིར་དང་། གལ་ཏེ་འདུ་ན་མུ་སྟེགས་ཅན་གྱི་འདོད་པ་དང་མཚུངས་ཤིང་། དེ་ལྟར་ཡིན་དུ་ཆུག་ནའང་རྫས་ལྡོག་རྟོགས་པ་ཕན་ཚུན་རྟེན་པའི་སྐྱོན་ཡོད་དོ། །ཡང་རྫས་དང་ལྡོག་པའི་ཆོས་ཀྱི་མཚན་ཉིད་རིམ་བཞིན། དངོས་འགལ་རྫས་གཅིག་ལ་མི་འདུ་བ་དང་། ལྡོག་པ་གཅིག་ལ་མི་འདུ་བ་ཡིན་ལ། མཚན་གཞི་རིམ་བཞིན། རྟག་མི་རྟག་བུམ་པ་ལ་མི་འདུ་བ་དང་། མེ་དགག་མ་ཡིན་དགག་གཉིས་ཤེས་བྱ་ཙམ་ལྡོག་གི་སྟེང་དུ་མི་འདུ་ཡང་རྫས་བུམ་པའི་སྟེང་དུ་འདུ་བ་བཞིན་ཡིན་ཞིང་། དེ་དག་རྗེས་དཔག་གི་དངོས་ཡུལ་ཡིན་ཞེས་སྨྲའོ། །རྗེས་དཔག་དེ་ལ་རྫས་ཆོས་དངོས་ཡུལ་དུ་འཐད་པ་མ་ཡིན་ཏེ་རྗེས་དཔག་གིས་དངོས་པོ་རང་མཚན་དངོས་སུ་མི་འཛིན་པས་སོ། །གལ་ཏེ་འཛིན་ན་དེས་བྱས་པ་རྟོགས་པ་ན་མི་རྟག་པའང་རྟོགས་པར་ཐལ། བྱས་མི་རྟག་བུམ་པའི་སྟེང་དུ་རྫས་གཅིག་པའི་ཕྱིར། གལ་ཏེ་དེ་གཉིས་ལྡོག་པ་ཐ་དད་པས་གཅིག་རྟོགས་ཀྱང་ཅིག་ཤོས་མི་རྟོགས་སོ་ཞེ་ན། རྗེས་དཔག་ནི་ལྡོག་པའི་སྒོ་ནས་རང་ཡུལ་སྒྲུབ་ཅིང་འཇལ་བར་བཞེད་ཀྱི་རྫས་འཛིན་པ་ཉམས་ཏེ། རང་ཡུལ་ལ་སེལ་བས་འཇུག་པ་ཡིན་པའི་ཕྱིར། དེའང་རྗེས་སུ་དཔག་པ་ལས་ཀྱང་དངོས། །ཞེས་སོགས་ཚིགས་བཅད་གཉིས་དང་སྦྱར་རོ། །གསུམ་པ་ལ་མཚན་ཉིད། རབ་དབྱེ། དེའི་དོན་གཏན་ལ་དབབ་པ་གསུམ། དང་པོ་ནི། གཞན་རིགས་མི་མཐུན་ལས་ལྡོག་ཅིང་རིགས་མཐུན་དུ་མ་ལ་ཁྱབ་པར་བྱེད་པའི་ལྡོག་པ་ཆིག་རྐྱང་ནི་སྤྱིའི་མཚན་ཉིད་དང་། དེ་ཡིན་པའི་ཕྱིར་རང་དང་རིགས་མཐུན་གྱི་དངོས་པོ་ནང་ལས་ཀྱང་ལྡོག་པའི་ལྡོག་པ་ཉིས་ཚོགས་ནི་བྱེ་བྲག་གི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། སྤྱི་ལ་དབྱེ་ན། ཐད་ཀའི་སྤྱི་དང་། གོང་མའི་སྤྱི་གཉིས། བྱེ་བྲག་ལ། ཐད་ཀའི་བྱེ་བྲག་དང་། གོང་མའི་བྱེ་བྲག་གཉིས་ཡོད་ལ། དེ་ཡང་ཤར་ནུབ་ཀྱི་ཤ་པ་ལྟ་བུའི་སྟེང་གི་ལྡོག་པ་ཉིས་ཚོགས་ནི་ཐད་ཀའི་བྱེ་བྲག ཤ་པ་ལྟ་བུའི་སྐད་ཅིག་སྔ་ཕྱིའི་སྟེང་གི་ལྡོག་པ་ཉིས་ཚོགས་ནི་གོང་མའི་བྱེ་བྲག་ཡིན་ལ། དེ་གཉིས་དང་འབྲེལ་བའི་སྤྱི་གཉིས་ནི་རིམ་བཞིན། ཐད་ཀ་དང་གོང་མའི་སྤྱི་གཉིས་སོ། །ཐད་ཀའི་བྱེ་བྲག་འཇོག་པའི་གཞི་རྫས་ཐ་དད་པ་གཅིག་དགོས་ཏེ། ཕྱོགས་ལ་ལྟོས་པའི་དུས་མཉམ་པའི་དངོས་པོ་ཡིན་པའི་ཕྱིར། གོང་མའི་བྱེ་བྲག་འཇོག་པའི་གཞི་གཅིག་པ་བཀག་པ་ཞིག་དགོས་ཏེ། དུས་ལ་ལྟོས་པས་འདས་སོགས་དངོས་པོར་མེད་པའི་ཕྱིར་རོ། །གཞན་དག་གིས་ཇི་ལྟ་བ་བཞིན་བཤད་པར་མ་ནུས་སོ། །གསུམ་པ་ལ་གཞན་ལུགས་དགག རང་ལུགས་བརྗོད། རྩོད་པ་སྤང་བ་གསུམ། དང་པོ་ལ་རིགས་པ་དང་། ལུང་གིས་དགག་པའོ། །དང་པོ་ལ་རྫས་ཐ་དད་དང་། གཅིག་པ་དགག་པ་གཉིས། དང་པོ་ལ་གཉིས་ལས་ཕྱོགས་སྔ་མ་ནི། ཁ་ཅིག་སྟེ་བྱེ་བྲག་པ་དག་ཡོད་པ་ཉིད་ལྟ་བུའི་སྤྱི་ཆེན་པོ་དང་། བ་གླང་ཉིད་ལྟ་བུའི་ཉི་ཚེ་བའི་སྤྱི་ནི། རང་གི་གསལ་བ་རྣམས་དང་རྫས་ཐ་དད་ཡིན་ཞིང་། དེ་གཉིས་ཀ་ཡང་གསལ་བ་ཐམས་ཅད་ལ་ཁྱབ་པ། རྟག་པ། མི་སྣང་བ། གསལ་བ་རྣམས་དང་འདུ་བའི་འབྲེལ་བ་ཐག་པ་ལྟ་བུས་སྦྲེལ་ནས་ཡོད་ཅེས་ཟེར་རོ། །འདི་ནི་མི་འཐད་དེ་གསལ་བ་རྣམས་ཆོས་ཅན། རང་ལས་རྫས་ཐ་དད་པའི་སྤྱི་མེད་དེ། དེ་སྣང་རུང་མ་དམིགས་པའི་ཕྱིར། རི་བོང་གི་རྭ་བཞིན་ཞེས་པས་ཁེགས་སོ། །སྣང་དུ་མི་རུང་ཡང་ཡོད་པར་ངེས་ན་ཧ་ཅང་ཐལ་ལོ། །གཉིས་པ་ལ་སྤྱི་གཅིག་བྱེ་བྲག་དུ་མ་དང་གཅིག་པ་དགག སྤྱི་དུ་མ་བྱེ་བྲག་དུ་མ་དང་གཅིག་པ་དགག མཚུངས་པའི་སྤྱི་དགག་པའོ། །དང་པོ་ལ་ཕྱོགས་སྔ་མ་ནི། ལ་ལ་སྟེ་གྲངས་ཅན་པ་ན་རེ། རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པའི་གཙོ་བོ་ཞེས་བྱ་བ་དེ་གསལ་བ་བུམ་སོགས་དང་རྫས་གཅིག་ཡིན་ཞེས་ཟེར། ཡང་བོད་རྣམས། ཤ་པ་དང་ཙནྡན་ལ་སོགས་པའི་བྱེ་བྲག་རྣམས་ལ་ཤིང་ཙམ་ཞེས་བྱ་བའི་སྤྱི་ངོ་བོ་དབྱེར་མེད་ཀྱི་གཅིག་ཏུ་ཡོད་ཅེས་ཁ་མཐུན་པར་སྒྲོག་གོ །གཉིས་པ་དེ་དགག་པ་ལ། སྣང་རུང་མ་དམིགས་པ། རྣམ་པར་བརྟགས་པ། ཧ་ཅང་ཐལ་བའོ། །དང་པོ་ནི། རྫས་གཞན་དུ་མེད་སྤྱི་དང་བྱེ་བྲག་རྫས་གཅིག་ཏུ་འདོད་ནའང་ཤིང་གསལ་ཆོས་ཅན། ཁྱོད་དང་རྫས་གཅིག་པའི་སྤྱི་ཡོད་པ་མིན་ཏེ། དེ་ཁྱོད་འཛིན་མངོན་སུམ་གྱི་སྣང་རུང་མ་དམིགས་པའི་ཕྱིར། གཉིས་པ་ནི། ཤིང་ལྟ་བུའི་སྤྱི་གཅིག་ཤར་ནུབ་ཀྱི་ཤ་པ་ལྟ་བུ་ཡུལ་དང་། སྔ་དྲོ་དང་ཕྱི་དྲོའི་ཤ་པ་ལྟ་བུ་དུས་དང་། ཤ་ཤུག་ལྟ་བུའི་རྣམ་པ་འགལ་བའི་བྱེ་བྲག་རྣམས་དང་རྫས་གཅིག་པའི་སྒོ་ནས་དེ་དག་ལ་རྗེས་སུ་འབྲེལ་བ་སྟེ་འགྲོ་ན། ཤིང་གསལ་གཅིག་སྐྱེས་པའམ་ཞིག་པའི་ཚེ་ཤིང་སྤྱི་དེ་སྐྱེ་འཇིག་བྱེད་དམ་མི་བྱེད། མི་བྱེད་ན་རྫས་གཅིག་ཏུ་མི་འགྱུར་ལ། བྱེད་ན་ཤིང་གསལ་ཡུལ་དུས་རྣམ་པ་འགལ་བ་རྣམས་ཡུལ་གོ་ས་གཅིག་དང་དུས་གཅིག་དང་ངོ་བོ་སྟེ་རྣམ་པ་གཅིག་ཏུ་སྐྱེ་བ་དང་འཇིག་པ་ཉིད་དུ་འགྱུར་ཏེ། དེ་དག་དང་རྫས་གཅིག་པའི་ཤིང་སྤྱི་དེ་གོ་ས་གཅིག་དང་དུས་གཅིག་དང་རྣམ་པ་གཅིག་པ་ཉིད་དུ་སྐྱེ་འཇིག་བྱེད་པའི་ཕྱིར། གལ་ཏེ་སྐྱེ་འཇིག་བྱེད་པ་དེ་ལྟར་མིན་ན་སྤྱི་གཅིག་གི་ངོ་བོར་རྫས་གཅིག་པས་དེ་དག་ལ་གཅིག་སྐྱེ་བའི་ཚེ་ཅིག་ཤོས་མི་སྐྱེ་བ་ལ་སོགས་པའི་ཆ་གཉིས་འགལ་ཏེ། རྣམ་ངེས་ལས་དེ་གྲུབ་ན་མ་གྲུབ་པའམ་རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མིན་ནོ། །ཞེས་སོགས་དང་སྦྱར་རོ། །གསུམ་པ་ལ་གསུམ་ལས། དང་པོ་ཡན་ལག་མི་ཁེགས་པར་ཐལ་བ་ནི། མགོ་བོ་ལ་སོགས་ལ་ཁྱབ་པའི་ཡན་ལག་ཅན་གྱི་རྫས་གཅིག་ཡོད་པ་ཡང་ཇི་ལྟར་དགག་སྟེ་དགག་མི་ནུས་པར་ཐལ། སྤྱི་ཤིང་ཙམ་དང་བྱེ་བྲག་ཤ་ཤུག་སོགས་རྫས་གཅིག་ཡིན་པའི་ཕྱིར་ནའོ། །དེ་ལ་འདི་སྐད་དུ། གང་དུ་མ་དང་རྫས་གཅིག་ཡིན་ན། རྫས་གཅིག་མིན་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། ཡན་ལག་ཅན་གྱི་རྫས་ཀྱང་དུ་མ་དང་རྫས་གཅིག་པར་ཁྱོད་ཉིད་ཀྱིས་ཁས་བླངས་སོ་ཞེས་པའི་ཐལ་བ་དང་། བཟློག་པ་རང་རྒྱུད་ཀྱིས་ཡན་ལག་ཅན་རྫས་གཅིག་ཁེགས་སོ་ཞེ་ན་སྤྱི་ལ་ཡང་མཚུངས་སོ། །གཉིས་པ་དབང་ཤེས་རྟོག་བཅས་སུ་ཐལ་བ་ནི། ཤ་པ་འཛིན་པའི་དབང་པོའི་ཤེས་པའང་རྟོག་པ་དང་བཅས་པ་ཉིད་དུ་ཐལ་ཏེ། ཤིང་ཙམ་གྱི་སྤྱི་སྣང་རུང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། མ་ཁྱབ་སྟེ། དོན་སྤྱི་འཛིན་ན་རྟོག་པ་ཡིན་གྱི། རིགས་སྤྱི་འཛིན་པ་མིན་ནོ་ཞེ་ན། དོན་སྤྱིར་མ་འདུས་པའི་རིགས་སྤྱི་འདོད་པ་ནི་ཆུ་མིན་པའི་རྒྱ་མཚོ་འདོད་པ་ལྟར་མི་འཐད་དོ། །གསུམ་པ་འགལ་བ་རྫས་གཅིག་ཏུ་ཐལ་བ་ནི། དཀར་སྔོ་སོགས་རྫས་ཐ་དད་དང་། སྣང་མུན་སོགས་འགལ་བ་ཀུན་ཀྱང་རྫས་གཅིག་ཏུ་འགྱུར་ཏེ། དེ་དག་གཅིག་དང་རྫས་གཅིག་ཡིན་ན། ཅིག་ཤོས་དང་རྫས་གཅིག་བཞི་པས་མ་ཁྱབ་པའི་ཕྱིར། འདོད་ན། སྔོན་པོར་འདོད་ཀྱང་དཀར་པོ་ཡིན་པ་སོགས་ཐམས་ཅད་དུ་འཆོལ་བར་འགྱུར་རོ། །གཉིས་པ་ལ་ཕྱོགས་སྔ་མ་ནི་ཁ་ཅིག བྱེ་བྲག་ཐམས་ཅད་རྫས་གཅིག་པའི་སྤྱི་གཅིག་མེད་ཀྱང་། ཤ་པ་སོགས་བྱེ་བྲག་རེ་རེ་དང་རྫས་གཅིག་གཅིག་ཏུ་འབྲེལ་བའི་སྤྱི་ཡང་དུ་མ་ཡོད་དོ་ཞེ་ན། གཉིས་པ་དེ་དགག་པ་ནི། སྤྱི་དུ་མ་ཡིན་ན། ཤ་པའི་སྤྱི་དེ་ལྡོག་པ་ཉིས་ཚོགས་སུ་འགྱུར་ལ། དེ་ལྟར་ན། དེ་ཆོས་ཅན་ཁྱོད་ཀྱི་སྟེང་དུ་སྤྱིའི་མཚན་ཉིད་ལྡོག་པ་ཆིག་རྐྱང་དེ་མི་འགྲུབ་པར་ཐལ་ལོ། །དེར་མ་ཟད་དགག་སྒྲུབ་ཀྱི་རྣམ་པར་གཞག་པའང་འཇིག་པར་འགྱུར་ཏེ། ཤ་པ་གྲུབ་ཀྱང་ཤིང་གཞན་གྱི་སྤྱི་མི་འགྲུབ། ཤ་པའི་སྤྱི་ཁེགས་ཀྱང་ཤིང་གཞན་མི་ཁེགས་པའི་ཕྱིར། གསུམ་པ་ལ། དོན་ལ་མཚུངས་པ་དགག བློ་ངོར་མཚུངས་པ་དགག་པ་གཉིས། དང་པོ་ནི། ཁ་ཅིག་སྤྱི་གཅིག་དང་དུ་མ་མི་འདོད་ཀྱི། ཤ་པ་དང་ཙནྡན་སོགས་ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་མཚུངས་པའི་སྤྱི་གཅིག་དང་བྱེ་བྲག་ཤ་པ་སོགས་རྫས་གཅིག་ཡིན་ནོ་ལོ། །མཚུངས་སྤྱི་དང་བྱེ་བྲག་རྫས་གཅིག་མ་ཡིན་ཏེ། དེ་རྟོག་པའི་བློ་ངོའི་ཆོས་ཡིན་པས་དོན་ལ་མེད་པའི་ཕྱིར་ཏེ། ཕན་ཚུན་མཚུངས་པར་སྦྱར་བ་ནི་རྟོག་པ་ཡིན་པས་སོ། །གཞན་དུ་ན་སྔོན་མེད་པའི་པདྨ་རཱ་ག་གཅིག་མཐོང་བའི་ཚེ་ནའང་འདི་ནི་པདྨ་རཱ་ག་གཞན་དང་འདྲའོ་སྙམ་པའི་བློ་སྐྱེ་བར་འགྱུར་ཏེ། འདྲ་བ་དོན་ལ་ཡོད་ན་ནི་སྟེ་ཡོད་པའི་ཕྱིར་རོ། །དེའང་། མཐོང་དང་མཚུངས་པར་དེ་འཛིན་ཕྱིར། །ཞེས་སོགས་དང་སྦྱར་རོ། །གཉིས་པ་ནི། ཁ་ཅིག་དོན་ལ་མཚུངས་པའི་སྤྱི་མེད་ཀྱང་རྟོག་པས་མཚུངས་པར་བཟུང་བའི་སྤྱི་ཡོད་དོ་ཞེ་ན། དེ་ལྟར་ན་སྤྱི་བྱེ་བྲག་རྫས་གཅིག་ཡིན་པ་ཉམས་སོ། །བདེན་མོད། རྟོག་པས་མཚུངས་པར་བཟུང་བ་ཙམ་ལ་སྤྱི་གཅིག་ཏུ་བྱས་ན་ཅིར་འགྱུར་ཞེ་ན་མི་འཐད་དེ། རང་ཉིད་རང་དང་མཚུངས་པ་མི་སྲིད་པས་མཚུངས་པ་ནི་དུ་མ་ཁོ་ན་ཡིན་ལ། དངོས་པོ་དུ་མ་གཅིག་ཡིན་པ་མི་སྲིད་པའི་ཕྱིར་དང་། གཅིག་མིན་པ་ལ་སྤྱི་ཡིན་ཞེས་པའི་སྒྲ་བློ་དོན་མཐུན་འཇུག་པ་མེད་པའི་ཕྱིར། གཅིག་ཏུ་མ་ཤར་ཡང་མཚུངས་པར་བཟུང་བ་ཉིད་སྤྱི་ཡིན་ནོ་ཞེ་ན། བློ་ལ་སྤྱི་གཅིག་ཏུ་མ་ཤར་ན་མཚུངས་པར་རྟོག་པས་བཟུང་ཡང་སྤྱིར་མི་རུང་སྟེ། གལ་ཏེ་རུང་ན་སྤྱི་ཡུལ་དུ་བྱས་ནས་ཐ་སྙད་སྦྱོར་བའི་ཚེ་ཤིང་འོན་ཅིག་ཅེས་མི་ཟེར་བར་ཤིང་ཤ་པ་དང་འདྲ་བར་འོན་ཅིག་ཅེས་སོགས་ཟེར་བར་འགྱུར་ལ། དེ་ལྟར་བརྗོད་པས་དོན་མི་གྲུབ་སྟེ། ཤ་པ་དང་ཕྱོགས་རེས་འདྲ་བ་ཀུན་ལ་ཡོད་ལ། ཆ་ཤས་ཐམས་ཅད་ནས་འདྲ་བ་གང་ནའང་མེད་པའི་ཕྱིར་རོ། །གཉིས་པ་ལུང་གི་དགག་པ་ནི། སྤྱི་དངོས་པོ་བ་མེད་ཅིང་དེ་བྱེ་བྲག་རྣམས་དང་རྫས་གཅིག་ཡིན་པ་རིགས་པའི་རྒྱལ་པོས་གསུངས་པ་ཡི་རིགས་པའི་རྣམ་གཞག་རྣམས་དང་ཡང་འགལ་བར་སྣང་སྟེ། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་སོགས་རྩ་བ་གསུམ་དང་། གང་དག་རིགས་ནི་གསལ་བ་ལས། །ཞེས་པའི་རང་འགྲེལ་སོགས་གསུམ་གྱིས་གནོད་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། འོ་ན་རིགས་པ་དང་ལུང་གཉིས་ཀྱིས་སྤྱི་དོན་ལ་ཡོད་པ་འགོག་ན། ཁྱེད་འདོད་པའི་སྤྱི་གང་། དེ་ལ་དགག་སྒྲུབ་ཇི་ལྟར་བྱེད་ཅེ་ན། རྟོག་ངོར་ཤིང་དེ་ཤིང་མིན་པའི་རང་བཞིན་ཙམ་ལས་ལོག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བ་ཤིང་གསལ་གྱི་དངོས་པོ་ཀུན་ལ་ཐུན་མོང་དུ་གྲུབ་པ་དེ་གཞན་སེལ་བའི་སྤྱི་ཡིན་ཞིང་། དེ་དང་རང་མཚན་གཅིག་ཏུ་འཁྲུལ་པ་དེ་ལ་དགག་སྒྲུབ་བྱེད་ཅིང་དེ་ལྟར་བྱས་པས་རང་མཚན་རྟོགས་པར་འགྱུར་ཞིང་། དེ་ལྟ་བུའི་སྤྱི་ཁེགས་པས་བྱེ་བྲག་ཁེགས་པ་དང་། བྱེ་བྲག་གྲུབ་པས་སྤྱི་གྲུབ་པའི་རྣམ་གཞག་བྱེད་པའི་ཕྱིར། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྩོད་སྤང་ནི། གལ་ཏེ་དོན་ལ་སྤྱི་མེད་ན། བྱེ་བྲག་གྲུབ་པས་སྤྱི་འགྲུབ་པ་རང་བཞིན་གྱི་རྟགས་དང་། སྤྱི་ཁེགས་པས་བྱེ་བྲག་ཁེགས་པ་ཁྱབ་བྱེད་མ་དམིགས་པ་སོགས་རྟོག་གེའི་ཐ་སྙད་དང་། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འཇིག་པར་ཐལ་ལོ། །དོན་ལ་སྤྱི་མེད་པ་གང་ཞིག གཞན་སེལ་གྱི་སྤྱི་གྲུབ་ཀྱང་དེ་ལ་དགག་སྒྲུབ་བྱས་པས་རང་མཚན་མི་ཁེགས་པའི་ཕྱིར་རོ། །དེ་སྒྲོ་བཏགས་དངོས་མེད་ཡིན་པས་དོན་རང་མཚན་དང་མ་འབྲེལ་བའི་ཕྱིར་ཞེ་ན། ཐ་སྙད་རྣམས་འཐད་པ་ཡིན་ཏེ། རྟོག་པ་ངོ་བོས་འཁྲུལ་པས་དོན་རང་མཚན་དང་སེལ་བ་གཅིག་ཉིད་དུ་འཁྲུལ་ནས་འཇུག་ཡུལ་རང་མཚན་ལ་འཇུག་པ་ན་ཇི་ལྟར་ཞུགས་པ་བཞིན་དོན་རང་གི་མཚན་ཉིད་ཐོབ་པ་ཡོད་ལ། དེ་ཙམ་གྱིས་ཚད་མའི་བྱ་བ་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་སྤྱིའི་འདོད་ཚུལ་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། གསལ་བ་དང་རྫས་ཐ་དད་པའི་སྤྱི་འདོད་པ་འུག་ཕྲུག་པ་ཡིན་ཞིང་། སྤྱི་གསལ་རྫས་གཅིག་ཡིན་ཞེས་གྲངས་ཅན་པ་འདོད། གངས་ཅན་གྱི་རྟོག་གེ་པ་རྣམས་ཕལ་ཆེར་གྲངས་ཅན་དེའི་རྗེས་སུ་འབྲང་ལ། སེལ་བ་ཁོ་ནར་འདོད་པ་ནི་རིགས་པའི་དབང་ཕྱུག་སོགས་མཁས་པའི་ལུགས་སོ། །འདི་ནི་བསྡུ་བའི་ཚིགས་བཅད་དོ། །ཚད་མ་རིག་པའི་གཏེར་ལས་སྤྱི་དང་བྱེ་བྲག་བརྟགས་པའི་རབ་ཏུ་བྱེད་པ་གསུམ་པའི་རྣམ་བཤད་དོ།།  ༈  །།གཉིས་པ་སྣང་བ་དང་སེལ་བའི་རྟོགས་ཚུལ་ལ་གཉིས། འཇུག་ཚུལ་སྤྱིར་བསྟན་པ། སོ་སོའི་རྣམ་གཞག་ངེས་པར་བྱ་བའོ། །དང་པོ་ནི། རྟོག་མེད་ཀྱི་ཤེས་པ་རྣམས་སྣང་བའི་སྒོ་ནས་འཇུག་ཅིང་། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཐམས་ཅད་གཞན་སེལ་བའི་སྒོ་ནས་འཇུག་པ་ཡིན་ལ། དེ་དག་རེ་རེ་ལ་གཉིས་གཉིས་ཏེ་རྣམ་པ་བཞི་ཡོད་དེ། སྣང་བ་ལ་འཁྲུལ་པ་དང་མ་འཁྲུལ་པ་གཉིས། སེལ་བ་ལ་ཕྱིན་ཅི་ལོག་མ་ལོག་པའི་དབྱེ་བས་སོ། །གཉིས་པ་ལ་རྣམ་གཞག་རྒྱས་པར་བཤད་པ་དང་། ཤེས་པའི་ཆེ་བ་བསྟན་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་སྣང་བ་དང་སེལ་བ་གཉིས། དང་པོ་ལ་གཉིས་ལས། སྤྱིའི་མཚན་ཉིད། རྟོག་མེད་ཀྱི་ཤེས་པས་རང་ཡུལ་མཐོང་ཚུལ་གྱི་ཁྱད་པར་དེ་རྟོག་མེད་ཤེས་པའི་སྣང་བའི་མཚན་ཉིད་དོ། །གཉིས་པ་སོ་སོའི་དོན་ལ། རྟོག་མེད་འཁྲུལ་མ་འཁྲུལ་གྱི་སྣང་བ་གཉིས། དང་པོའི་མཚན་ཉིད། དེས་རང་ཡུལ་མཐོང་ཚུལ་གྱི་ཁྱད་པར་རོ། །དབྱེ་ན། དབང་ཤེས་དང་ཡིད་ཤེས་འཁྲུལ་པའི་སྣང་བ་གཉིས་སོ། །གཉིས་པ་རྟོགས་མེད་མ་འཁྲུལ་པའི་སྣང་བ་ལ་གསུམ་ལས། མཚན་ཉིད་ནི། དེས་རང་ཡུལ་མཐོང་ཚུལ་གྱིས་ཁྱད་པར་རོ། །གཉིས་པ་དབྱེ་ན། རང་རིག་དང་། དོན་རིག་གཉིས་སོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པར་སྒྲུབ་པ་ལ། ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས། བློ་དོན་མཐུན་པར་སྒྲུབ་པ་གསུམ། དང་པོ་ནི། དོན་ལ་གནས་པའི་དངོས་པོ་བཻ་ཌཱུརྻ་ལ་སྔོན་པོ་དང་བྱས་མི་རྟག་ལ་སོགས་པ་རྣམས་དོན་ལ་རྫས་ཐ་དད་ལྟ་ཞོག་དོན་ལ་ལྡོག་པ་དུ་མ་མི་སྲིད་དེ། རྫས་གཅིག་ཏུ་གནས་པའི་ཕྱིར། ཅིང་ནི་ཕྱི་མ་སྡུད་པའི་ཚིག་གོ །བཻ་ཌཱུརྻ་དང་ཨུཏྤལ་ལ་སོགས་པའི་སྔོན་པོ་རྫས་དུ་མ་རྣམས་རྫས་གཅིག་ཏུ་གནས་པ་མི་སྲིད་དེ། སྔོ་ཙམ་གྱི་སྤྱི་རྫས་གཅིག་མེད་པས་སོ། །སྒྲའི་བྱས་མི་རྟག་ལྟ་བུ་རྫས་གཅིག་མངོན་སུམ་ལ་གསལ་མི་གསལ་གྱི་ཁྱད་པར་མེད་དེ། དེ་གཉིས་རྫས་གཅིག་ཏུ་གནས་པའི་ཕྱིར་རོ། །གཉིས་པ་ནི། མངོན་སུམ་ཐམས་ཅད་ལ། དོན་ཇི་ལྟར་གནས་པ་བཞིན་སྣང་སྟེ་བཻ་ཌཱུརྻ་དང་དེའི་སྔོན་པོ་ལྟ་བུ་རྫས་གཅིག་པ་རྣམས་མངོན་སུམ་ལ་རྫས་ཐ་དད་དུ་སྣང་བ་མེད་པར་རྫས་གཅིག་ཁོ་ནར་སྣང་། སྔོ་སེར་ལྟ་བུ་རྫས་ཐ་དད་པ་རྣམས་མངོན་སུམ་ལ་གཅིག་ཏུ་སྣང་བ་མི་སྲིད་པའི་ཕྱིར། རྫས་གཅིག་པ་རྣམས་མངོན་སུམ་ལ་རེས་འཇོག་མེད་པར་སྣང་སྟེ། དེ་སྣང་བས་འཇུག་པས་སོ། །གསུམ་པ་བློ་དོན་མཐུན་པར་སྒྲུབ་པ་ལ། ཇི་ལྟར་མཐུན་པའི་ཚུལ། དེས་ན་མངོན་སུམ་མ་ངེས་པར་སྒྲུབ་པའོ། །དང་པོ་ནི། བློ་མངོན་སུམ་དང་། དོན་དེའི་ཡུལ་གཉིས་ཕན་ཚུན་འཆོལ་བ་མེད་དེ། དོན་མེད་ན་མངོན་སུམ་མི་འབྱུང་བར་ངེས་པའི་ཕྱིར་ཏེ། ཡུལ་དོན་ལ་ཇི་ལྟར་གནས་པའི་སྟོབས་ཀྱིས་དབང་ཤེས་ཡང་དེའི་རྣམ་པར་སྐྱེ་བས་ནའོ། །གཉིས་པ་ལ་མ་ངེས་པར་འགྱུར་བའི་འཐད་པ་དངོས། དེ་ལ་མི་འཐད་པ་སྤང་བ། སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་པའི་ཚུལ་གསུམ། དང་པོ་ནི། མངོན་སུམ་ལ་བྱས་མི་རྟག་ལྟ་བུ་ཐ་དད་དུ་མི་སྣང་། སྔོ་སེར་ལྟ་བུ་གཅིག་ཏུ་མི་སྣང་བ་དེས་ན། མངོན་སུམ་ཚད་མར་འགྲོ་བ་ཡང་རང་ཡུལ་ངེས་པ་ལ་ལྟོས་མི་དགོས་ཏེ་རྟོག་མེད་ཡིན་པའི་ཕྱིར། གཉིས་པ་ལ། ལུང་དང་འགལ་བ་སྤང་། དངོས་སུ་མ་ངེས་ན་ཚད་མ་འགལ་བ་སྤང་བའོ། །དང་པོ་ནི། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཞེས་སོགས་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རང་སྟོབས་དང་གཞན་སྟོབས་གང་རུང་གིས་ངེས་པ་འདྲེན་པ་ལ་དགོངས་པའི་ཕྱིར། གཉིས་པ་ལ། རྩོད་ལན་གཉིས་ལས། དང་པོ་ནི་དངོས་སུ་ངེས་པ་མེད་ན་ཚད་མར་འགལ་ལོ་ཞེ་ན། ལན་ལ། མངོན་སུམ་གྱིས་དགག་སྒྲུབ་བྱེད་པའི་ཚུལ། ངེས་ན་མངོན་སུམ་དུ་འགལ་བ་གཉིས། དང་པོ་ནི། འོ་ན་མངོན་སུམ་ཚད་མ་གང་། དེས་དགག་གྲུབ་ཇི་ལྟར་བྱེད་ཅེ་ན། མངོན་སུམ་ཆོས་ཅན། རང་ཡུལ་གྱི་རྫས་ཐམས་ཅད་ལ་ཚད་མར་གྲུབ་པ་ཡིན་ཏེ། དེ་ལ་རྟོག་བྲལ་མ་འཁྲུལ་པ་ཡིན་པ་ཉིད་ཀྱིས་སོ། །མངོན་སུམ་དེ་ཆོས་ཅན། ཁྱོད་ཀྱིས་དགག་སྒྲུབ་བྱེད་པའི་ཚུལ་ཡོད་དེ། ཁྱོད་དེའམ་ཚད་མ་གཞན་གྱི་སྟོབས་ཉིད་ལས་ངེས་པ་འདྲེན་ཞིང་། ངེས་པའི་དབང་གིས་དགག་སྒྲུབ་བྱེད་པའི་ཕྱིར་རོ། །དེ་ཡང་ཁ་དོག་ལ་འཁྲུལ་རྒྱུ་མེད་པ་དང་། རྟོགས་པའི་རྐྱེན་གོམས་པ་གསལ་བ་དང་། ཡིད་གཏད་པ་ཡོད་པས་རང་སྟོབས་ཀྱིས་འདྲེན་ཏེ། ཁྱད་པར་ཆ་ཤས་རྣམས་སྤངས་པ། །ཞེས་གསུངས་སོ། །དེའི་མི་རྟག་པ་ལ་འདྲ་བ་གཞན་འབྱུང་སོགས་འཁྲུལ་རྒྱུ་ཡོད་པའི་ཚེ་རང་སྟོབས་ཀྱིས་མི་ནུས་པས་གཞན་ལས་ངེས་ཏེ། གཟུགས་ཆོས་མཐུན་པ་མཐོང་བ་ལ། །ཞེས་སོགས་སོ། །གཉིས་པ་ངེས་ན་མངོན་སུམ་དུ་འགལ་བ་ལ། སྔོ་ལྡོག་ངེས་པ་རྟོག་པར་སྒྲུབ། ངེས་པས་སྒྲོ་འདོགས་བཅད་པའི་ཚུལ། དེ་སློབ་དཔོན་གྱི་དགོངས་པ་ཡིན་པའོ། །དང་པོ་ནི། སྐད་ཅིག་ལ་གཞན་སེལ་འཇུག་མོད། སྔོན་པོ་ངེས་པ་འདི་རྟོག་པ་ཡིན་པས་མངོན་སུམ་མིན། རྟགས་ལ་མ་ལྟོས་པས་རྗེས་དཔག་ཀྱང་མིན་ཞིང་། འགལ་ཟླ་མ་བཅད་པས་སེལ་འཇུག་ཏུའང་མི་རུང་ངོ་ཞེ་ན། སྔོན་པོའི་རྫས་ཐམས་ཅད་མངོན་སུམ་གྱི་མཐོང་ནས་དེའི་རྗེས་སུ་འདི་སྔོན་པོའོ་སྙམ་དུ་སྔོན་པོའི་ལྡོག་པ་སྤྱིའི་ཚུལ་གྱིས་ངེས་པ་ནི་ཆོས་ཅན། གཞན་སེལ་བས་འཇུག་པ་ཡིན་ཏེ། སྔོན་པོ་སྔོ་མིན་དུ་སྒྲོ་མ་བཏགས་པའི་ཡུལ་ལ་འཇུག་པའི་རྟོག་པ་ཡིན་པའི་ཕྱིར། དེའང་། མཐོང་བ་འགལ་ལའང་ཤེས་པ་གང་། །ཞེས་སོགས་གསུངས་སོ། །དེས་འཇུག་ཡུལ་སྔོན་པོ་རང་མཚན་ཐོབ་སྟེ། སྔོན་པོའི་དོན་སྤྱི་ལ་སྔོན་པོར་འཁྲུལ་ནས་འཇུག་པའི་ཕྱིར། ཁ་ནང་དུ་བལྟས་པའི་ཚེ་མངོན་སུམ་གྱི་ཚད་མར་འདོད་དེ་རང་རིག་ཡིན་པའི་ཕྱིར། དེའང་། རྟོག་པའང་རང་རིག་ཉིད་དུ་འདོད། །ཅེས་གསུངས་སོ། །གཉིས་པ་ནི། བློ་གང་ལ་ངེས་པ་ཡོད་པ་དེས་སྒྲོ་འདོགས་གཅོད་པར་ཤེས་པར་བྱ་སྟེ། དེ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་གསུངས་སོ། །གསུམ་པ་ནི། ངེས་པ་དང་ནི་སྒྲོ་འདོགས་ཀྱི་ཡིད་གཉིས་ཀ་སེལ་བས་འཇུག་པའི་ཕྱིར་ན། དེ་དག་མངོན་སུམ་སྟེ་སྒྲུབ་པའི་ཚུལ་གྱིས་འཇུག་པ་མིན་ནོ་ཞེས་རིགས་པ་མཁྱེན་པས་གསུངས་པ་ཡིན་ནོ། །གསུམ་པ་སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་པ་ལ་གསུམ་ལས། དང་པོ་སྣང་ན་དགག་སྒྲུབ་གཅིག་ཅར་རྟོགས་པར་ཐལ་བ་ནི། བུམ་པའི་སྟེང་དུ་མ་བྱས་པ་བཀག་པ་ན་རྟག་པའང་དགག་པ་དང་། བྱས་པ་སྒྲུབ་པ་ན་མི་རྟག་པའང་སྒྲུབ་པ་གཉིས་ཅིག་ཆར་དུ་རྟོགས་པར་འགྱུར་ཏེ། སྒྲ་དང་རྟོག་པས་སྣང་བའི་སྒོ་ནས་ཡུལ་འཇལ་ན་ནི་འཇལ་བ་གང་ཞིག བུམ་པའི་བྱས་མི་རྟག་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་དོན་གཅིག་གི་མིང་ཐམས་ཅད་རྣམ་གྲངས་པ་ཡིན་པ་ནི། དོན་བུམ་པ་ལྟ་བུ་གཅིག་ལ་བྱས་པ་དང་མི་རྟག་པ་ལ་སོགས་པ་མིང་དུ་མ་བཏགས་ན་ཡང་མིང་ངམ་སྒྲ་རྣམ་གྲངས་པ་ཡིན་གྱི་དགོས་པ་ཐ་དད་ཡོད་པ་མིན་པར་ཐལ། བུམ་པ་བྱས་ཞེས་པའི་མིང་དེས་ཀྱང་བུམ་པ་མི་རྟག་པ་བརྗོད་པ་ཡིན་པའི་ཕྱིར། དེའང་། གཞན་དུ་དངོས་པོ་གཅིག་པུ་ལ། །ཞེས་གསུངས་སོ། །གསུམ་པ་ལྡོག་པས་འབྱེད་ན་སེལ་བར་འགྱུར་བ་ནི། གལ་ཏེ་སྒྲ་གཉིས་པོ་དེ་རྣམ་གྲངས་པར་མི་འགྱུར་ཏེ། བྱས་མི་རྟག་ལྡོག་པ་ཐ་དད་པའི་ཕྱིར་རོ་ཞེ་ན། བྱས་མི་རྟག་ལྡོག་པ་ཐ་དད་པས་སྒྲ་སོ་སོས་བརྗོད་བྱར་འབྱེད་ན་སྒྲའི་དངོས་ཡུལ་སེལ་བ་ཡིན་པར་གྲུབ་ལ། དེས་ན་སྒྲའི་དངོས་ཡུལ་དེ་ལ་སྣང་བར་རློམ་པ་ནི་འཁྲུལ་ཏེ། སེལ་བ་ལ་དངོས་པོའི་མིང་གིས་བཏགས་པ་ཙམ་ཡིན་པར་ཟད་པའི་ཕྱིར། གཉིས་པ་སེལ་བ་ལ་མཚན་ཉིད། དེའི་རང་བཞིན་ངེས་པར་བྱ་བ། སེལ་བ་ལ་རྩོད་པ་སྤང་བ་གསུམ། དང་པོ་ནི། ཡུལ་དེའི་དངོས་འགལ་བཅད་པ་ལ་ལྟོས་ནས་ཡུལ་དེར་འཇུག་པ་ནི། ཡུལ་དེའི་གཞན་སེལ་བའི་ཡུལ་ཅན་ཏེ་སེལ་འཇུག་གི་མཚན་ཉིད་ཡིན་པར་བཞེད་ལ། དེའི་དངོས་འགལ་བཅད་ནས་དེར་སྣང་བའི་སྒྲོ་བཏགས་ནི། དེའི་གཞན་སེལ་གྱི་མཚན་ཉིད་དོ། །གཉིས་པ་ལ། སེལ་བའི་རྣམ་གཞག དེའི་རབ་ཏུ་དབྱེ་བའོ། །དང་པོ་ལ། ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས་སོ། །དང་པོ་ནི། རྟོག་པའི་དངོས་ཡུལ་དོན་ལ་མེད་དེ། གཞན་སེལ་བ་ནི་རྟོག་པས་སྒྲོ་བཏགས་པ་ཡིན་པས་དོན་ལ་མེད་པའི་ཕྱིར། འོན་ཀྱང་དེ་ལ་རང་མཚན་དུ་འཁྲུལ་ནས་འཇུག་པ་ན་ཐོབ་པའི་འཇུག་ཡུལ་རང་མཚན་ཡིན་ནོ། །རང་མཚན་དེ་ཡང་བྱས་མི་རྟག་སོགས་དོན་ལ་ཐ་དད་མེད་པར་གཅིག་ཏུ་གནས་ཤིང་། སྔོ་སེར་སོགས་ཐ་དད་རྣམས་ཕན་ཚུན་འདྲེ་བ་མེད་པར་ཐ་དད་ཉིད་དུ་གནས་སོ། །འོ་ན་དམ་བཅའ་བའི་ཕྱོགས་གཅིག་རྟགས་སུ་འགྱུར་བ་དང་། རྟགས་རྗེས་འགྲོ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱེ་བྲག་པས་བརྗོད་པའི་སྐྱོན་ཇི་ལྟར་སྤང་ཞེ་ན། འདི་ཡི་ལན་ལ་བློའི་འཛིན་སྟངས་ཤེས་དགོས་པས་དེ་བཤད་ན། དོན་རང་མཚན་དེ་ལྟར་གནས་ཀྱང་རྟོག་པས་སྒྲོ་བཏགས་ནས། གཅིག་ལ་ཐ་དད་དང་། ཐ་དད་ལ་གཅིག་དང་། གཅིག་ལ་གཅིག་དང་། ཐ་དད་ལ་ཐ་དད་དུ་འཛིན་པ་སྟེ་སེལ་བའི་འཛིན་སྟངས་ལ། མུ་བཞི་སྲིད་པ་ལས་ཕྱི་མ་གཉིས་གོ་སླ་ལ་སྔ་མ་གཉིས་བཤད་དོ། །དེ་དག་ལ་གསུམ་གསུམ་ལས། དང་པོ་ཐ་དད་ལ་གཅིག་ཏུ་སྒྲོ་འདོགས་པའི་རྒྱུ་ནི་མེ་ཆུ་ལ་སོགས་པ་སྲེག་པ་དང་ངོམས་པ་སོགས་ཀྱི་བྱ་བ་གཅིག་པ་དང་ཙནྡན་དང་ཤ་པ་སོགས་ཡལ་ག་དང་ལྡན་པར་མཚན་ཉིད་གཅིག་པ་ནི། དེ་དག་ལ་གཅིག་ཏུ་འཁྲུལ་པའི་རྒྱུ་ཡིན་ཏེ། དེ་ཕྱིར་གང་དང་གང་ལས་དོན། །ཞེས་སོགས་སོ། །གཉིས་པ་སྒྲོ་འདོགས་པའི་བློའི་རྣམ་པ་ལ་གཉིས་ཏེ། ཐ་དད་ལ་གཅིག་ཏུ་འཁྲུལ་ཚུལ། དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ་ནི། ཡལ་ག་ལ་སོགས་པ་གཞན་སེལ་གཅིག་པའི་ཡུལ་རྣམས་ལ་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་འཁྲུལ་ནས་སྤྱི་གཅིག་ཏུ་བཟུང་བ་ཡིན་ཏེ། ཐ་དད་དངོས་རྣམས་ལ་བརྟེན་ནས། །ཞེས་སོགས་གསུངས་སོ། །གཉིས་པ་ནི། འོ་ན་དཀར་ཟལ་དང་ནག་སྒུར་ལ་གཅིག་ཏུ་འཛིན་པའི་འབྲས་བུའི་བློ་དང་། རྟ་དང་བ་གླང་ལ་གཅིག་གི་བློ་མི་སྐྱེ་བར་ཐ་དད་དུ་འཛིན་པའི་བློ་སྐྱེ་བ་འགལ་ཏེ། དེ་དག་དོན་ལ་ཐ་དད་པར་མཚུངས་པའི་ཕྱིར་ཞེ་ན། དེ་རྣམས་ལ་རྫས་ཐ་དད་ཡིན་པར་མཚུངས་ན་ཡང་སྔ་མ་གཉིས་ཀྱིས་བ་ལང་གི་སྤྱིའི་བློ་གཅིག་སྐྱེ། ཕྱི་མ་གཉིས་ཀྱིས་མི་སྐྱེད་པའི་ཁྱད་པར་ཡོད་དེ། ཆོས་ཉིད་ཀྱིས་དེ་ལྟར་ངེས་པའི་ཕྱིར། དཔེར་ན་དབང་ཤེས་ཀྱི་རྐྱེན་བཞི་པོ་ཐ་དད་ཡིན་ཡང་རྣམ་ཤེས་གཅིག་སྐྱེད་པ་དང་། སྨན་སླེ་ཏྲེས་དང་པར་པ་ཏ་ལ་སོགས་པས་རིམས་ནད་གཅིག་ཞི་བར་བྱེད་ཀྱི་ཞོ་དང་ག་གོན་ལ་སོགས་པས་མིན་པ་བཞིན་ནོ། །དེའང་། གཅིག་རྟོགས་དོན་ཤེས་ལ་སོགས་པ། །ཞེས་སོགས་དང་། དཔེར་སྨན་ཁ་ཅིག་ཐ་དད་ཀྱང་། །ཞེས་སོགས་སོ། །གསུམ་པ་དགོས་པ་ནི་ཡུལ་དུས་རྣམ་པ་ཐ་དད་ཀྱི་གསལ་བ་རྣམས་ལ་སྤྱི་གཅིག་ཏུ་གོ་ནས་དགག་སྒྲུབ་ཀྱི་བྱ་བ་ཕྱོགས་གཅིག་ཏུ་རྟོགས་པར་འགྱུར་བ་ཉིད་དགོས་པ་ཡིན་ཏེ། དེ་ཡི་ཁྱད་པར་གྱིས། ཞེས་སོགས་གསུངས་སོ། །གཉིས་པ་གཅིག་ལ་ཐ་དད་དུ་སྒྲོ་བཏགས་པ་ལའང་གསུམ་ལས། དང་པོ་རྒྱུ་ནི། སྒྲ་བྱས་མི་རྟག་ལྟ་བུ་རྫས་གཅིག་པ་རྣམས་ལའང་བདེ་བར་གཤེགས་པས་ཕུང་པོའི་ལྡོག་པ་ཐ་དད་དུ་གསུངས་པ་དང་། རིགས་པ་སྨྲ་བས་རྟགས་ཆོས་དོན་གསུམ་གྱི་ལྡོག་པ་ཐ་དད་པ་དབྱེ་རུང་བར་གསུངས་པའི་རྒྱུ་ནི། ལོག་པ་ཐ་དད་ལས་ལོག་པས་གཞན་སེལ་བའི་ཡུལ་ཅན་རྟོགས་པའི་སྤྱོད་ཡུལ་ཐ་དད་དུ་བཞག་པ་དེའོ། །དེའང་། མིང་དོན་གང་ལྡན་ཕན་ཚུན་དུ། །ཞེས་སོགས་སོ། །མི་ཤེས་པ་དག་བདེ་བར་གཤེགས་པས་ཕུང་པོ་ཐ་དད་དུ་གསུངས་པ་དང་། ཞེས་པའི་ཚིག་ཙམ་ལ་བརྟེན་ནས་སྒྲའི་མི་རྟག་པ་ལྡན་མིན་འདུ་བྱེད་དུ་སྨྲ་བ་ནི། དེའི་ཚེ་སྒྲ་དང་སྒྲའི་མི་རྟག་པ་རྫས་ཐ་དད་དུ་གསུངས་པ་དང་། བདག་ཡོད་པ་དང་མེད་པར་གསུངས་པས་འགལ་བ་ཐམས་ཅད་ཁྱོད་ལ་ཁས་ལེན་དགོས་པས་བག་ཡོད་པར་གྱིས་ཤིག གཉིས་པ་བློའི་རྣམ་པ་ནི། སྒྲས་ཐ་དད་རྟོག་པས་ཐ་དད་དུ་བཟུང་ནས་འཇུག་པའི་འཇུག་ཚུལ་ལྟར་དོན་གཅིག་ཉིད་ལའང་དོན་ཐ་དད་ཉིད་དུ་སྒྲོ་བཏགས་ནས་ཞེན་པར་བྱེད་དེ། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་སོགས་སོ། །གསུམ་པ་དགོས་པ་ནི། གསུམ་པོ་དོན་ལ་གཅིག་ཡིན་པ་ལ་གཅིག་ཏུ་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དུ་གཞན་སེལ་གྱི་སྒོ་ནས་ལོག་པ་ཐ་དད་ལས་ལོག་པའི་ཆ་ནས་ཐ་དད་དུ་རྣམ་པར་ཕྱེ་སྟེ་རྟགས་ཆོས་དོན་གསུམ་དུ་སྦྱར་ནས་བསྒྲུབས་པས་མི་རྟག་པ་ལ་སོགས་པ་གོ་བའི་ཆེད་དོ། །ཆོས་དང་ཆོས་ཅན་རྣམ་གཞག་དང་། །ཞེས་སོགས་གསུངས་སོ། །འདི་དག་གི་དངོས་ལ་གནོད་བྱེད་ནི་སྤྱི་དང་ལྡོག་པ་ཐ་དད་དོན་ལ་འགོག་པའི་རིགས་པ་བཞིན་ནོ། །གཉིས་པ་སེལ་བའི་རབ་དབྱེ་ལ། དབྱེ་བ་དངོས། དོན་ལ་གཞན་སེལ་དགག སོ་སོའི་རྣམ་གཞག་གོ །དང་པོ་ནི། གཞན་སེལ་ལ། དངོས་པོར་ཡོད་པ་དང་། དེར་མེད་པར་འཛིན་པའི་འཛིན་སྟངས་ཀྱིས་སྒོ་ནས་དབྱེ་ན་རྣམ་པ་གཉིས་ཡོད་དེ། ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས་ཡོད་པས་སོ། །ཡོད་མེད་ཀྱི་སེལ་བ་དེ་གཉིས་པོ་རེ་རེ་ལ་ཡང་ཡུལ་ཅན་གྱི་སྒོ་ནས་གཉིས་གཉིས་སུ་ཡོད་པ་ཡིན་ཏེ། ཡུལ་ཅན་སྒྲ་དང་རྟོག་པའི་བློ་ཡི་དབྱེ་བ་ཡིས་ཡོད་པ་སྒྲ་སེལ་དང་། བློ་སེལ་གཉིས། མེད་པ་སྒྲ་སེལ་དང་། བློ་སེལ་གཉིས་རྣམས་སུ་ཡོད་པའི་ཕྱིར། དེའང་། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །ཞེས་སོགས་གསུངས་སོ། །དེ་ལྟར་ན་རི་བོང་རྭ་དང་། མོ་གཤམ་གྱི་བུའི་གཞན་སེལ་ལྟ་བུ་ནི་དངོས་པོ་དང་ཡོད་པ་གཞན་སེལ་ཏེ། དེ་དག་འཛིན་པའི་རྟོག་པ་ལ་དེ་དག་དངོས་པོར་སྣང་བའི་ཕྱིར། འོན་ཀྱང་ཤེས་བྱའི་གཞན་སེལ་སོགས་ནི་སེལ་བའི་སྒྲུབ་པ་ཡིན་ཡང་དངོས་པོའི་སེལ་བ་མིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །གང་དག་འདི་གཉིས་བསལ་གཞི་དངོས་པོ་ཡིན་མིན་གྱི་སྒོ་ནས་ཕྱེ་བར་འདོད་པ་ནི་རྟོག་པའི་འཇུག་ཚུལ་མ་ཤེས་པར་རང་དགར་སྨྲ་བའོ། །གཉིས་པ་ལ་དོན་ལ་གཞན་སེལ་མི་འཐད་པའི་ཚུལ། དེའི་རྒྱུ་མཚན་གཉིས། དང་པོ་ནི་བོད་ཁ་ཅིག་དོན་གྱི་གཞན་སེལ་ཞེས་བེམས་པོ་ཉིད་ལ་འཇོག་པ་འགོག་པ་ནི་བེམས་པོའི་དོན་ལ་གཞན་སེལ་མེད། གཞན་སེལ་ནི་བློའི་འཇུག་ཚུལ་ལ་ལྟོས་པའི་ཆོས་ཡིན་པས་དོན་ལ་མེད་པའི་ཕྱིར་རོ། །གཉིས་པ་ལ། སེལ་བ་སྣང་བར་འགྱུར་བ་དང་། སྣང་བ་ལ་མཚུངས་པ་གཉིས། དང་པོ་ནི། དོན་གྱི་གཞན་སེལ་གྱི་མཚན་གཞི་གཟུགས་ཆོས་ཅན། ཚུར་མཐོང་དབང་མངོན་གྱི་ཡུལ་དུ་འགྱུར་བར་ཐལ། གཟུངས་ཡུལ་ཡིན་པའི་ཕྱིར། འདོད་ན། སེལ་བ་ཉམས་སོ། །གཉིས་པ་ནི། དོན་རང་མཚན་ལ་སྣང་བའང་ཡོད་པར་ཐལ། དེ་ལ་སེལ་བ་ཡོད་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། ལོང་བ་རྒྱུན་ཆད་པར་འགྱུར་ཏེ། དེ་དབང་ཤེས་ལ་གཟུགས་གསལ་བར་སྣང་བ་དེ་གཟུགས་ཀྱི་གནས་ལུགས་ཡིན་པའི་ཕྱིར། སྣང་བ་རྟོག་མེད་ཀྱི་འཛིན་སྟངས་ཡིན་པས་དོན་ལ་མེད་དོ་ཞེ་ན། སེལ་བའང་རྟོག་པའི་འཛིན་སྟངས་དེ་མིན་བཅད་ནས་དེར་སྣང་བའི་ཆ་ཡིན་པས་དོན་ལ་མེད་དོ། །གསུམ་པ་ལ། ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས། དང་པོ་ལ་གཉིས་ལས། མཚན་ཉིད་ནི་དོན་བྱེད་མི་ནུས་པའི་རྣམ་པར་གཅོད་པར་ལྟ་བུར་སྣང་བའི་སྒྲོ་འདོགས་དེ་དངོས་པོའི་གཞན་སེལ་གྱི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ནི། དེ་ལ་དབྱེ་ན་མངོན་གྱུར་ལ་ངེས་པ་དང་ལྐོག་གྱུར་ལ་ངེས་པའི་སེལ་བ་གཉིས་ཡོད་དེ། སྣང་བ་མངོན་གྱུར་དང་མི་སྣང་བ་ལྐོག་གྱུར་ལ་ངེས་པའི་བློའི་ཡུལ་གྱི་སྒོ་ནས་ཕྱེ་བ་ཡིན་པའི་ཕྱིར། དེ་ལྟར་གཉིས་ལས་དང་པོའི་དབང་ཤེས་ལ་སྣང་བའི་སྔོན་པོའི་རང་གི་མཚན་ཉིད་ནི་མངོན་སུམ་སྟེ་མངོན་གྱུར་ཡིན་ལ། དབང་ཤེས་དེའི་རྗེས་ཀྱི་སྒྲ་དང་ངེས་ཤེས་ཇི་སྙེད་པ་ནི། སེལ་བའམ་ཆ་ཤས་སུ་ཕྱེ་བའི་ཡུལ་ཅན་དུ་འགྱུར་ཏེ། འཁྲུལ་རྒྱུ་མེད་པའི་ཚེ་སྔོན་པོ་དང་མི་རྟག་པ་སོགས་སུ་རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་སོ་སོར་ཕྱེ་སྟེ་བརྗོད་ཅིང་ངེས་པར་བྱེད། འཁྲུལ་རྒྱུ་ཡོད་པའི་ཚེ་སྔོ་མིན་དང་རྟག་པ་སོགས་སུ་སྒྲ་དང་ངེས་པས་སོ་སོར་ཕྱེ་སྟེ་བརྗོད་ཅིང་ངེས་པར་བྱེད་པས་ན། སྒྲ་རྟོག་དེ་དག་གི་དངོས་ཡུལ་ལ་སྤྱིར་སེལ་བ། དེའི་ནང་ནས་དབང་ཤེས་ཀྱི་འཇུག་ཡུལ་གྱི་གཙོ་བོ་སྔོན་པོ་དང་མི་རྟག་པའི་ཡུལ་ཅན་གྱི་སྒྲ་རྟོག་གིས་དངོས་ཡུལ་ལ་མངོན་གྱུར་ལ་ངེས་པའི་སེལ་བར་འཇོག་གོ །དེའང་། མཐོང་བ་འགལ་ལའང་ཤེས་པ་གང་། །ཞེས་སོགས་སོ། །མ་བཅོལ་བ་དག་གིས་ངོ་ཚ་བོར་བའི་སྨྲ་བ་ལ་དགའ་བར་མ་བྱེད་ཅིག ཁོ་བོའི་ལེགས་བཤད་དོ། །གཉིས་པ་ལ་གཉིས་ལས། མཚན་ཉིད་ནི། དབང་ཤེས་ལ་མི་སྣང་བའི་རང་གི་མཚན་ཉིད་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་ལྟ་བུ་དང་། རྟགས་ལ་ལྟོས་པ་ལ་རྒྱབ་ཀྱི་མེ་ལྟ་བུའམ་མ་ལྟོས་ཀྱང་རུང་དེ་དག་རྗོད་པའི་སྒྲ་དང་ངེས་པའི་བློའི་དངོས་ཡུལ་དེ་ཡང་གཞན་སེལ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་དངོས་ཡུལ་ཡིན་པས་སོ། །གཉིས་པ་དབྱེ་བ་ནི། ལྐོག་གྱུར་འཛིན་པའི་རྟོག་པའི་འཇུག་ཚུལ་གྱི་དབྱེ་བས་རྣམ་པ་གསུམ་སྟེ། བདེན་པ་ལ་འཇུག་པ་རྗེས་དཔག་གི་གཞན་སེལ་དང་། མི་བདེན་པ་ལ་འཇུག་པ་ལོག་ཤེས་ཀྱིས་གཞན་སེལ། མཐའ་གཉིས་སུ་དོགས་པ་ཐེ་ཚོམ་གྱི་གཞན་སེལ་བའོ། །འདིས་ཡོད་པ་གཞན་སེལ་འཇོག་པའི་གཞི་དངོས་པོར་འདོད་པ་ལེགས་པར་བཀག་གོ །གཉིས་པ་མེད་པ་གཞན་སེལ་ལ། མཚན་ཉིད། དབྱེ་བ། དངོས་མེད་སྣང་ཡུལ་མིན་པའོ། །དང་པོ་ནི། མེད་པ་གཞན་སེལ་གྱི་མཚན་ཉིད་ནི། ཡོད་པ་སྟེ་དོན་བྱེད་ནུས་པ་རྣམ་པར་གཅོད་པ་ལྟ་བུར་སྣང་བའི་སྒྲོ་བཏགས་སོ། །གཉིས་པ་ནི། བསལ་བྱའི་སྒོ་ནས་དབྱེ་ན་སེལ་བའི་རྣམ་པ་གཉིས་ཏེ། དགག་བྱ་སྟེ་བསལ་བྱ་ཤེས་བྱ་ལ་ཡོད་པ་བུམ་པ་མེད་སོགས་དང་། མེད་པ་རི་བོང་རྭ་མེད་ལྟ་བུ་ཡི་སེལ་བ་གཉིས་སོ། །འདི་ལ་ལྐོག་གྱུར་ལ་ངེས་པའི་སེལ་བ་མེད་ནས་མ་བཤད་པ་མིན་ཏེ། ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་དང་། སྒྲ་རྟག་པར་འཛིན་པའི་ལོག་རྟོག་དང་། ཐེ་ཚོམ་གྱི་ཡུལ་དུ་གྱུར་པའི་བསལ་བ་ལྟ་བུའོ། །དངོས་སུ་མ་གསུངས་པ་ནི་གྲོགས་མངོན་གྱུར་ལ་ངེས་པའི་སེལ་བ་མེད་པར་བསྟན་པའི་ཆེད་དུའོ། །གལ་ཏེ་དག་པའི་ས་ཕྱོགས་འཛིན་པའི་དབང་མངོན་གྱིས་དྲངས་པའི་ས་ཕྱོགས་སུ་བུམ་པ་མ་དམིགས་པར་ངེས་པའི་ངེས་ཤེས་ཀྱི་དངོས་ཡུལ་ལྟ་བུ་མངོན་གྱུར་ལ་ངེས་པའི་སེལ་བ་ཡིན་ནོ་སྙམ་ན། མིན་ཏེ། དབང་དོན་གྱི་སྣང་ཡུལ་དང་ངེས་ཤེས་ཀྱི་ཞེན་ཡུལ་ཐ་དད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། སྣང་ཡུལ་དུ་མི་རུང་བའི་འཐད་པ་དང་། དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ་ནི། དངོས་མེད་ཆོས་ཅན། སྣང་བའི་སྒོ་ནས་ཤེས་བྱ་མིན་ཏེ། ངོ་བོའི་སྒོ་ནས་མེད་པ་ཡིན་པས་སོ། །རང་གི་ངོ་བོའི་སྒོ་ནས་མེད་པས་སྣང་བའི་སྒོ་ནས་ཤེས་བྱ་མིན་པ་དེས་ན་བསལ་བྱ་དངོས་པོ་བསལ་བའི་ཆ་ཙམ་ལ་དངོས་མེད་ཅེས་ནི་བཏགས་ནས་རྟོགས་པས་བཟུང་ཞིང་སྒྲས་བརྗོད་པར་ཟད་དེ། ཕྱི་རོལ་ན་གཟུགས་ཀྱི་གོ་བསལ་བ་ལ་ནམ་མཁའ་ཞེས་སེལ་བའི་སྒོ་ནས་བཏགས་པ་བཞིན་ནོ། །འདི་ལྟ་བུའི་འཆད་པར་མ་ཤེས་པ་དག་གིས་རྩ་བ་ལ་ཟློས་པའི་སྐྱོན་སྨྲའོ། །གཉིས་པ་ལ་དངོས་པོ་དང་མཚུངས་པ་སྤང་། ཚད་མ་དང་འགལ་བ་སྤང་། གྲགས་པ་དང་འགལ་བ་སྤང་། ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། བོད་ཁ་ཅིག དངོས་མེད་ལ་དངོས་པོའི་ངོ་བོ་མ་གྲུབ་ཀྱང་དངོས་མེད་རང་གི་ངོ་བོ་གྲུབ་ལ། དངོས་པོའི་ངོ་བོ་མ་གྲུབ་པས་ངོ་བོ་མ་གྲུབ་པར་འགྱུར་ན། དངོས་པོ་ལའང་ངོ་བོ་མ་གྲུབ་པར་འགྱུར་ཏེ། དེ་ལ་དངོས་མེད་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། དངོས་པོ་རང་གི་རྒྱུ་ལས་གྲུབ་པ་ནི་དངོས་པོ་མེད་པ་བཀག་པ་ལ་ལྟོས་མི་དགོས་པར་རྟོག་མེད་ཀྱི་ངོར་སྣང་བ་དང་། རྟོག་ངོར་སེལ་བས་གྲུབ་ལ། དངོས་མེད་རྒྱུ་ཡིས་མ་སྐྱེས་པས་ངོ་བོ་མ་གྲུབ་པའི་ཕྱིར་རྟོག་མེད་ཀྱི་ངོར་སྣང་བས་ངོ་བོར་མི་གྲུབ་ཅིང་དགག་བྱའི་དངོས་པོ་བཀག་ནས་རྟོག་བློའི་ངོར་སེལ་བས་བསྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། རི་བོང་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་ལ་ངོ་བོ་མེད་མོད་ཀྱི་འདུས་མ་བྱས་ནམ་མཁའ་ལྟ་བུ་དང་། འཁྲུལ་ཡུལ་ཟླ་གཉིས་དང་དོན་སྤྱི་གཉིས་རྣམས་ནི་དེ་དང་དེར་སྣང་བའི་བློ་མྱོང་བའི་རང་རིག་གི་སྟོབས་ཏེ་ཤུགས་ཉིད་ལས་གྲུབ་པས། བློ་དེ་དག་གི་ཡུལ་རྣམས་དོན་ལ་ཡོད་པར་གྲུབ་བོ་ཅེ་ན། དངོས་པོ་བཀག་པའི་ཆ་ཙམ་ལ་དངོས་མེད་དུ་འཇོག་པ་དེས་ན་འདུས་མ་བྱས་གསུམ་དང་འཁྲུལ་ཡུལ་གཉིས་ནི་དོན་ལ་འགྲུབ་པར་རྟོགས་པའི་ཚད་མ་མེད་དེ། བློ་ལ་དེ་དང་དེ་སྣང་བའི་རྣམ་པ་དེ་རྣམས་ནི་ཤེས་པ་ཡིན་ལ། ཕྱི་རོལ་གྱི་དོན་དུ་འདོད་པའི་ཟླ་བ་གཉིས་ལ་སོགས་པ་རྣམས་ནི་མངོན་སུམ་ཚད་མས་གཞལ་བར་མི་ནུས་པའི་ཕྱིར། གལ་ཏེ་ནམ་མཁའ་དོན་ལ་མེད་ན། ནམ་མཁའ་སྔོན་པོར་སྣང་བ་དང་། ཁ་ནང་གི་བུ་ག་ནམ་མཁར་སྣང་བ་འདི་དག་མངོན་སུམ་གྱིས་མཐོང་བ་འགལ་ལོ་ཞེ་ན། རྒྱན་དང་བུ་ག་ཡི་ནམ་མཁའ་མངོན་སུམ་གྱིས་མཐོང་བ་ནི། ནམ་མཁའ་དོན་ལ་ཡོད་པའི་སྒྲུབ་བྱེད་དུ་རིགས་པ་མིན་ཏེ། སྔོན་པོར་སྣང་བ་ནི་ཁ་དོག་ཡིན་པས་ནམ་མཁར་མི་རུང་ལ། ཁང་པ་ལ་སོགས་པའི་བུ་ག་ནི་གྱང་སོགས་ཐོགས་བཅས་ཀྱི་གཟུགས་མ་མཐོང་བ་ཙམ་ཡིན་གྱི་ནམ་མཁའ་ནི་གཟུགས་སོགས་གང་དུ་ཡང་གྲུབ་པ་མེད་ལ་གྲུབ་ན་སྔར་གྱི་སྐྱོན་ལས་མི་འདའ་བ་དེས་ནའི་ཕྱིར། དེའང་། དངོས་མེད་ངོ་བོ་མེད་པའི་ཕྱིར། །ཅེས་སོགས་གསུངས་སོ། །གསུམ་པ་ནི། གལ་ཏེ་ནམ་མཁའ་དོན་ལ་མེད་ན། འཇིག་རྟེན་ན་ནམ་མཁའ་སྣང་ཙམ་དང་། བསྟན་བཅོས་ལས་དཔེར་བཤད་པ་གཉིས་དང་འགལ་ལོ་ཞེ་ན། ནམ་མཁའ་དོན་ལ་ཡོད་དོ་ཞེས་སྒྲུབ་པར་བྱེད་པ་ལ་ཚད་མ་མེད་དེ། ཤེས་པ་དང་དོན་རང་མཚན་གང་རུང་དུ་མེད་པའི་ཕྱིར་ན་རང་རིག་དང་དོན་རིག་མངོན་སུམ་གྱིས་གྲུབ་པ་མིན་ཅིང་། དོན་ལ་མེད་པའི་ནམ་མཁའ་དང་ཆོས་གང་ལའང་འབྲེལ་བ་གཉིས་མེད་པའི་ཕྱིར། རྗེས་དཔག་གིས་ཀྱང་གྲུབ་པ་མེད་པ་དེས་ནའི་ཕྱིར། བཞི་པ་ནི། གལ་ཏེ་འདུས་མ་བྱས་རྣམས་ངོ་བོའི་སྒོ་ནས་མ་གྲུབ་ན་དེ་དག་རྟག་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བྱེ་བྲག་པ་སོགས་མུ་སྟེགས་བྱེད་དང་ཉན་ཐོས་ཀྱི་ནང་མཚན་བྱེ་བྲག་སྨྲ་བ་སྟེ། རྟག་སྨྲ་གཉིས་པོ་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་རྫས་སུ་གྲུབ་པར་འདོད་པས་ནམ་མཁའ་ཡང་རྟག་པའི་རྫས་ཡིན་པར་འདོད་ལ། ཆོས་ཀྱི་གྲགས་པས་སྐབས་འགའ་ཞིག་ཏུ་ནམ་མཁའ་རྟག་པར་གསུངས་པ་ནི། མི་རྟག་པ་ལས་ལོག་པ་ཙམ་ལ་རྟག་པའི་ཐ་སྙད་འདོགས་ཀྱི་དོན་ལ་གྲུབ་པར་མི་བཞེད་པའི་ཕྱིར་རོ། །གཉིས་པ་བར་སྐབས་ཀྱི་དོན་བསྟན་པ་ནི། དབང་ཤེས་ནི་ལྐུགས་པ་མིག་ཅན་དང་འདྲ་སྟེ། དོན་མངོན་སུམ་དུ་མཐོང་ཡང་མཐོང་བའི་དོན་ལ་བརྡ་སྤྲོད་པར་མི་ནུས་པའི་ཕྱིར། རྟོག་པ་ནི་ལོང་བ་སྨྲ་མཁས་དང་འདྲ་སྟེ། སྤྱིར་ཐ་སྙད་ཙམ་འདོགས་པར་ནུས་ཤིང་དོན་མ་མཐོང་བས་བརྡ་ཇི་ལྟ་བ་བཞིན་སྦྱོར་མི་ཤེས་པའི་ཕྱིར། རང་རིག་དབང་པོ་ཚང་བ་ལྟ་བུ་དེ་ཡིས་དོན་གྱི་གཟུགས་བརྙན་གཉིས་པོ་མྱོང་བ་ཡི་སྒོ་ནས་འདི་དང་འདི་ལྟ་བུའོ་ཞེས་ཡུལ་གཉིས་པོ་དེའི་བརྡ་ལེགས་པར་སྤྲོད་པར་བྱེད་དོ། །ཞེས་བྱ་བ་ནི་བར་སྐབས་ཀྱིས་ཚིགས་བཅད་དོ། །གསུམ་པ་སེལ་བ་ལ་རྩོད་པ་སྤང་བ་ལ་ལྔ་སྟེ། སྤྱི་མེད་ན་བརྡ་སྦྱོར་བ་མི་སྲིད་པ་སྤང་བ། གཞན་སེལ་ཡིན་ན་ཕན་ཚུན་བརྟེན་པར་ཐལ་བ་སྤང་བ། གཅད་བྱ་མེད་ལ་གཞན་སེལ་མི་འཇུག་པ་སྤང་བ། སེལ་བ་དངོས་པོར་གྲུབ་མ་གྲུབ་བརྟགས་ན་མི་འཐད་པ་སྤང་བ། སེལ་བ་ལ་སྤྱི་མེད་ན་གཞི་མཐུན་མི་སྲིད་པའི་རྩོད་སྤང་ངོ་། །དང་པོ་ནི། བྱེ་བྲག་པ་ན་རེ། སྤྱི་དངོས་པོར་མེད་པའི་ཕྱིར་ན་དེས་བཞག་པ་ཡི་སྒྲ་མི་སྲིད་པས་སྤྱིའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། དེའི་རྒྱུ་མེད་པ་ཅན་ཡིན་པའི་ཕྱིར། དཔེར་ན་རྒྱུ་མེད་པར་འབུར་བཞིན་ནོ་ཞེ་ན། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། ཡུལ་ལ་དངོས་སུ་ལྟོས་པ་མེད་དེ། བརྗོད་འདོད་ཙམ་གྱི་དབང་གིས་ཡུལ་ལ་འཇུག་པའི་ཕྱིར། གལ་ཏེ་སྒྲ་རྣམས་དོན་གྱི་སྒོ་ནས་མ་བཞག་པ་དེ་ལྟ་ཡིན་ན། བརྡ་སྤྲོད་པ་བདག་གིས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་དངོས་པོ་དང་རྫས་བརྗོད་པའི་སྒོ་ནས་སྦྱོར་བ་དོན་མེད་དུ་འགྱུར་ཏེ། དོན་ཐམས་ཅད་སྤྱི་དང་བྲལ་བའི་སོ་སོ་བ་ཡིན་པའི་ཕྱིར་ཞེ་ན་མི་འགལ་ཏེ། དོན་གྱི་ངོ་བོ་ནོག་ལྐོག་ཤལ་ལྟ་བུ་གཅིག་ཉིད་ལ་བ་གླང་མིན་པའི་ཁྱད་པར་གཞན་ཐམས་ཅད་སྤོང་བ་དང་མི་སྤོང་བའི་བརྗོད་འདོད་ཀྱི་སྟོབས་ཀྱིས་སྦྱོར་བས་ན་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་དང་། བ་གླང་ཉིད་དང་། བ་གླང་ཞེས་པ་ལ་སོགས་པ་དངོས་པོ་དང་རྫས་བརྗོད་པའི་སྒྲ་གཉིས་སྦྱོར་བའི་ཕྱིར་རོ། །གཉིས་པ་ལ་རྩོད་པ་དང་ལན་གཉིས། དང་པོ་ནི། རྒྱལ་དཔོག་པ་ན་རེ། གཞན་སེལ་ལ་བརྡ་སྦྱོར་བ་མི་སྲིད་དེ། སྦྱོར་ན་ཤིང་དང་ཤིང་མིན་དེ་ནི་ཕན་ཚུན་རྟོགས་པ་བརྟེན་པའི་ཕྱིར་ན་གང་རུང་གཅིག་མ་གྲུབ་པས་གཉིས་ཀ་འཛིན་པ་མེད་པའི་སྐྱོན་ཡོད་པ་དེས་ནའི་ཕྱིར་ཏེ། སྒྲ་ནི་ཤིང་གི་དངོས་འགལ་གཅོད་པའི་སྒོ་ནས་གཞན་ཤིང་མིན་སེལ་ཞིང་། ཤིང་ལ་འཇུག་པའི་ཕྱིར་རོ། །དེའང་། ཤིང་མ་ཡིན་ལས་ལྡོག་པ་ཡིས། །ཞེས་སོགས་གསུངས་སོ། །འདི་ཡི་ལན་ལ་མགོ་མཚུངས་ཀྱིས་དགག་པ་དང་། དངོས་པོའི་ལན་གཉིས། དང་པོ་ནི། ཤིང་སྤྱི་དངོས་པོ་བ་ལ་བརྡ་སྦྱོར་བ་ཁྱེད་ཀྱི་ལུགས་ལ་ཡང་། ཤིང་བརྡ་དེས་ཤིང་གི་དངོས་འགལ་ཤིང་མིན་གཅོད་དམ་མི་གཅོད། མི་གཅོད་ན་བརྡ་དེ་ལ་བརྟེན་ནས་ཤིང་དེའི་ངོ་བོ་རྟོགས་པ་མི་སྲིད་པར་ཐལ་ཏེ། ཁས་ལེན་དེའི་ཕྱིར། དཔེར་ན་ཤིང་འོན་ཅིག་ཅེས་བརྗོད་པས་ཙནྡན་སོགས་ལ་འཇུག་པ་བཞིན་ནོ། །གཅོད་ན་ཤིང་བརྡའི་སྔ་རོལ་དུ་ཤིང་གི་དོན་འཛིན་ན། ཤིང་བརྡ་སྦྱར་མི་དགོས་པར་འགྱུར་ལ། མི་འཛིན་ན། འགལ་ཟླ་ཤིང་མིན་མི་རྟོགས་པར་འགྱུར་རོ། །ཤིང་མིན་གོ་བ་ཤིང་ལ་རགས་ལས་པས་སོ། །དེས་ན་ཤིང་བླང་དོར་གྱི་ཐ་སྙད་ཐམས་ཅད་ཁྱེད་ལ་མེད་པར་འགྱུར་རོ། །དེ་ལ་སྤྱི་དངོས་སྨྲ་བ་ན་རེ། དངོས་འགལ་ཤིང་མིན་བསལ་ནས་ཤིང་གི་དངོས་པོ་དེ་མི་སྒྲུབ་ལ། འོན་ཀྱང་ཡལ་ག་ལོ་འདབ་དང་ལྡན་པ་གཅིག་མཐོང་བའི་སྒོ་ནས་དེ་ལ་འདི་ཤིང་ཡིན་ནོ་ཞེས་བརྡ་བྱེད་ལ། ཕྱིས་ཐ་སྙད་ཀྱི་དུས་ནའང་ཡལ་ག་དང་ལྡན་པ་དེ་ཉིད་རྟོགས་སོ་ཞེ་ན། འོ་ན་བརྡའི་དུས་ན་འདི་ཡང་ཤིང་ཡིན་གཞན་ཡང་ཤིང་ཡིན་ནོ་ཞེས་མི་ལྡན་རྣམ་གཅོད་དུ་སྦྱོར་རམ། འདི་ཁོ་ན་ཤིང་ཡིན་ཞེས་གཞན་ལྡན་རྣམ་གཅོད་དུ་སྦྱོར། དང་པོ་ལྟར་ན་ཐ་སྙད་ཀྱི་དུས་སུ་རྡོ་ལ་སོགས་པའང་ཤིང་དུ་དོགས་ནས་འདོད་བྱའི་ཤིང་མི་འགྲུབ་པར་ཐལ། བརྡ་དུས་སུ་ཤིང་མ་ཡིན་མ་བཀག་ན་སྟེ་དེ་ཕྱིར་རོ། །གལ་ཏེ་གཉིས་པ་ལྟར་ན་ཤིང་མིན་བཀག་པའི་ཕྱིར། ཐ་སྙད་ཀྱི་ཚེ་དེ་དང་འདྲ་བ་ཐམས་ཅད་ཤིང་དུ་འགྲུབ་བོ། །འོན་ཀྱང་དེ་ནི་གཞན་སེལ་བའི་སྒོ་ནས་བརྡ་སྦྱར་བ་ཡིན་ནོ། །གཉིས་པ་ནི། བརྡའི་སྔ་རོལ་དུ་ཡལ་ག་ལོ་མ་དང་ལྡན་མི་ལྡན་གྱི་དོན་སོ་སོར་མཐོང་ནས་ལྡན་པ་དེ་རྣམས་ལ་རྟོག་པས་རིགས་གཅིག་ཏུ་ཞེན་ཅིང་། ཤིང་མིན་ལས་ཐ་དད་དུ་ཤེས་ཏེ་སེལ་བའི་སྒོ་ནས་ཤིང་གི་བརྡ་བྱེད་ལ། བརྡ་དེ་ཡང་དངོས་སུ་ན་ལོ་འདབ་དང་མི་ལྡན་པའི་དོན་ལས་ལོག་པར་སྣང་བའི་རིགས་ལ་སྦྱོར་བར་བྱེད་ཅིང་། རིགས་དེ་ནི་གཞན་སེལ་ལས་གཞན་མིན་པས་སྒྲོ་བཏགས་ཡིན་མོད། འོན་ཀྱང་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པས་རང་གི་སྣང་བ་ལ་དོན་དུ་ཞེན་ནས་བརྡ་སྦྱར་ཞིང་ཕྱིས་ཐ་སྙད་ཀྱི་ཚེ་ནའང་དེ་གཉིས་གཅིག་ཏུ་འཁྲུལ་ནས་ཡལ་ག་ལོ་འདབ་དང་ལྡན་པ་ལ་འཇུག་སྟེ། དེ་དང་དེ་མིན་རྒྱུ་དོན་རྣམས། །ཞེས་སོགས་ནས། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་པའི་བར་དང་སྦྱར་རོ། །འོ་ན་སྒྲ་ཐམས་ཅད་གཞན་སེལ་ཁོ་ནས་སྟོན་ན་སྒྲ་ཐམས་ཅད་གཞན་ལྡན་རྣམ་གཅོད་ཁོ་ནས་སྦྱར་དགོས་སོ་ཞེ་ན། རྗོད་བྱེད་ཀྱི་ཚིག་ཀུན་ཆོས་ཅན། ངེས་བཟུང་གི་སྙིང་པོ་ཅན་ཡིན་ཏེ། གཞན་ཤིང་མིན་སོགས་ལས་བཟློག་ནས་ཤིང་སོགས་དེར་འཇུག་པའི་ཕྱིར། དཔེར་ན་བུམ་པར་ཆུ་འོན་ཅིག་ཅེས་བརྗོད་པ་ན། བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་ནས་འོང་དགོས་པ་ལྟ་བུའོ། །དེའང་། བློ་དོན་འགའ་ལས་རྣམ་བཟློག་ནས། །ཞེས་སོགས་སོ། །གསུམ་པ་ནི། ཤེས་བྱ་དང་ཡོད་པ་སོགས་ཀྱི་སྒྲའི་གཅད་བྱ་ཤེས་བྱ་མིན་པ་སོགས་མེད་པས་སྒྲ་དེ་ལ་རྣམ་གཅོད་དང་སེལ་འཇུག་ཡོད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། ཤེས་བྱ་དེ་ལས་གཞན་ཤེས་བྱ་མིན་པའི་དངོས་པོ་མེད་ན་ཡང་རྟོག་པས་སྒྲོ་བཏགས་པའི་སྒོ་ནས་ཤེས་བྱ་མིན་པ་རྣམ་པར་གཅོད་པ་ཡོད་པའི་ཕྱིར། དེས་ན་ཤེས་བྱ་ལ་སོགས་ཚིག །ཅེས་སོགས་སོ། །བཞི་པ་ནི། གལ་ཏེ་ཁྱེད་ཀྱི་ལྡོག་པའམ་གཞན་སེལ་དེ་དངོས་པོ་ཡིན་ན་སྤྱི་དངོས་པོ་དང་ཉེས་པ་མཚུངས་ལ། དངོས་མེད་ཡིན་ན་ཅི་ཡང་མེད་པས་དེ་ལ་བརྡ་སྦྱར་བ་ལ་དགོས་ནུས་མེད་དོ། །དེས་ན་ལྡོག་པ་སྒྲའི་ཡུལ་དུ་མི་དགོས་སོ། །འདི་ཡི་ལན་ལ། གཞན་ལན་དགག་པ། རང་ལན་བཤད་པ་གཉིས། དང་པོ་ནི། ལྡོག་པ་དངོས་པོར་གྲུབ་མ་གྲུབ་དཔྱོད་པ་འདི་ལ། བོད་རྣམས་ཕལ་ཆེར་ནི། དངོས་པོའི་ལྡོག་པ་སྟེ་དངོས་པོ་མིན་པ་ལས་ལྡོག་པ་དེ་དངོས་པོར་ཡོད་པ་ཡིན་ཏེ། དངོས་པོ་དང་དབྱེར་མེད་གཅིག་ཡིན་པའི་ཕྱིར་ཞེས་འདོད་དོ། །མི་འཐད་དེ། དེ་ལྟ་ཡིན་ན་སྤྱི་དངོས་པོ་བ་ལ་བརྗོད་པའི་སྐྱོན་འདི་ནི་རང་ལ་འཇུག་པ་གདོན་པར་དཀའ་བའི་ཕྱིར། ཇི་ལྟར་ཞེ་ན། ཤིང་མིན་ལས་ལྡོག་པ་དེ། དངོས་པོ་ཡིན་ན་ཤིང་ལས་འོས་མེད་པས་དེ་ཤ་པ་དང་རྫས་གཅིག་གམ་ཐ་དད། གཅིག་ཡིན་ན་གཞན་ཙནྡན་ལ་སོགས་པ་ཤིང་མིན་པར་ཐལ་ཏེ། ཤིང་དེ་ཡི་རང་བཞིན་ཤིང་མིན་ལས་ལྡོག་པ་ནི་ཤ་པ་ལས་གཞན་མིན་པ་སྟེ་ཤ་པའི་རྫས་ཡིན་པའི་ཕྱིར། གཉིས་པ་ལྟར་ཤ་པ་ལས་རྫས་གཞན་པ་ཤིང་ཡིན་ན། ཤ་པ་ཤིང་མིན་པར་ཐལ་ཏེ། ཤིང་དེ་ཡི་རང་བཞིན་ཤིང་མིན་ལས་ལྡོག་པ་ནི་ཙནྡན་ལས་རྫས་གཞན་མིན་པར་ཙནྡན་གྱིས་རྫས་ཡིན་པའི་ཕྱིར། རྡོའི་དུམ་བུ་བཞིན་ནོ། །དེའང་། དེ་ཉིད་ཕྱིར་འདི་དོན་དམ་མིན། །ཞེས་སོགས་གསུངས་སོ། །དེས་ན་ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས་བདག་ཉིད་ཆེན་པོའི་ལྡོག་པ་དངོས་མེད་ཀྱི་རིགས་པ་འགོག་པ་ནི་ནགས་ལ་གནས་པའི་སྤྲེའུ་དག་ལྗོན་པའི་ཤིང་ལ་མི་གཙང་བ་འཐོར་བ་དང་མཚུངས་ཞེས་བྱ་བ་བར་སྐབས་ཀྱིས་ཚིགས་སུ་བཅད་པའོ། །གཉིས་པ་རང་ལན་ནི། གཞན་སེལ་ལ་ནི་སྤྱི་དང་བྱེ་བྲག་གཅིག་དང་ཐ་དད་དཔྱད་པའི་སྐྱོན་འདི་མེད་དེ་གཞན་སེལ་ལམ་ལྡོག་པ་དངོས་པོར་མ་གྲུབ་ཅིང་། རྟོག་བློ་ཡི་འཇུག་ཚུལ་དཔྱད་པ་ན་གསལ་བའི་དངོས་པོ་ཀུན་ལ་དེ་མིན་ལས་ལྡོག་པ་དེ་ཡོད་པའི་ཕྱིར། དཔེར་ན་སྐྱེས་བུའི་ཁ་དོག་ཐ་དད་ཀྱང་གྲིབ་མའི་ཁ་དོག་གཅིག་ཏུ་སྣང་བ་བཞིན་ནོ། །དེའང་། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་སོགས་གསུངས་སོ། །སྒྲ་ཐམས་ཅད་སེལ་བས་འཇུག་པ་དེས་ན་ཤིང་ཞེས་པའི་སྒྲ་གཅིག་བརྗོད་ན་ཡང་དེ་ལ་ཤིང་མིན་དགག་པ་དང་ཤིང་སྒྲུབ་པའི་ནུས་པ་རྣམ་པ་གཉིས་ཡོད་ཀྱི་བྱ་བ་དོན་གཞན་གཉིས་ནི་མེད་དོ། །དེའང་ཕྱེད་དང་བཞི་པ་ལས། དེ་ཉིད་ཀྱི་ཕྱིར་སྒྲ་དེ་ལས་གཞན་པ་ལྡོག་པ་དང་རང་གི་དོན་བརྗོད་པ་དང་བྱ་བ་གཉིས་ནི་མེད་དོ་ཞེས་གསུངས་སོ། །འོ་ན་ནུས་པ་གཉིས་པོ་དེས་ལོག་ལྡོག་སྟོན་པའི་སྒྲ་གཉིས་དངོས་སུ་བྱེད་པའི་བྱེད་པ་པོར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ལོག་ལྡོག་གི་ཆོས་གཉིས་ངོ་བོ་གཅིག་པ་མི་སྲིད་ཅིང་། ལྡོག་པ་ལ་ངོ་བོ་མ་གྲུབ་པས་སོ། །དེས་ན་བློ་ཆོས་དང་དོན་ཆོས་གཅིག་ཏུ་འཁྲུལ་ནས་ལྡོག་པ་བརྗོད་པའི་སྒྲ་དེ་ཉིད་ཀྱིས་ནི་ལོག་པའི་དངོས་པོ་གྲུབ་པ་སྟེ་གོ་བར་གསུངས་ཏེ། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཞེས་སོགས་གསུངས་སོ། །ལྔ་པ་ནི། བྱེ་བྲག་པ་ན་རེ། གསལ་བ་ཐ་དད་པ་རྣམས་ལ་གཞི་གཅིག་གི་སར་སྦྲེལ་བར་བྱེད་པའི་སྤྱི་དངོས་པོ་བ་མེད་ན། ཨུཏྤལ་སྔོན་པོ་ལ་སོགས་པ་གཞི་མཐུན་མེད་པར་འགྱུར་ཏེ། ཨུཏྤལ་དང་སྔོན་པོ་སོགས་ཀྱི་ཆོས་ཐ་དད་པ་རྣམས་གཞི་གཅིག་ལ་མི་འདུ་བས་སོ་ཞེ་ན། ཨུཏྤལ་ལས་གཞན་པའི་སྔོན་པོ་དོན་ལ་ཡོད་པ་མིན་ཡང་སྔོན་པོ་དང་ཨུཏྤལ་ལ་ནི་རྟོག་པའི་ངོར་གཞི་མཐུན་ཉིད་དུ་འགྱུར་ཏེ། སེལ་བའི་ངོར་སྔོ་མིན་གཅོད་པའི་སྔོ་སོགས་ཀྱི་སྒྲས་ཨུཏྤལ་ལ་མི་གཅོད་པས་ཨུཏྤལ་ལའི་སྟེང་དུ་སྔོན་པོའི་ལྡོག་པ་དབྱེ་ཞིང་། ཨུཏྤལ་ལ་ནི་སྔོན་པོའི་རྟེན་བྱེད་པའི་ཆོས་ཅན་གཅིག་ཏུ་བསྡུས་ཏེ་སྣང་བའི་ཕྱིར། གཞི་མཐུན་དེ་དབང་པོའི་ཤེས་པའི་སྤྱོད་ཡུལ་མིན་ཏེ། དེ་སྒྲོ་བཏགས་གང་ཞིག་དབང་ཤེས་ནི་དོན་རང་མཚན་ཁོ་ན་ལ་འཇུག་པའི་ཕྱིར། དེའང་། དེ་ཚེ་བློ་ཡི་ངོར་བྱས་ནས། །ཞེས་སོགས་གསུངས་སོ། །གཉིས་པ་ཤེས་པའི་ཆེ་བ་བརྗོད་པའི་སྒོ་ནས་དོན་བསྡུ་བ་ནི། སྒྲུབ་པ་དང་གཞན་སེལ་རྣམ་དག་གི་ཡུལ་ཅན་གྱི་བློ་གྲོས་ཤིན་ཏུ་གསལ་བ་མིག་ལྟ་བུ་དང་ལྡན་པའི་རྟོག་གེ་པ་དེ་ཤེས་བྱ་ཡི་དེ་ཉིད་ལྟ་བ་ལ་ཀུན་མཁྱེན་དང་འདྲ། ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཚད་མ་རིག་པའི་གཏེར་ལས་སྒྲུབ་པ་དང་གཞན་སེལ་བརྟགས་པའི་རབ་ཏུ་བྱེད་པ་བཞི་པའི་རྣམ་བཤད་དོ།།  ༈  །།གསུམ་པ་བརྗོད་བྱ་རྗོད་བྱེད་རྟོགས་པའི་ཚུལ་ལ། རྣམ་གཞག་རྒྱས་པར་བཤད་པ། མི་སླུ་བར་བསྟན་པས་དོན་བསྡུ་བ་གཉིས། དང་པོ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་རང་མཚན་བརྗོད་བྱར་འདོད་པ། སྤྱི་བརྗོད་བྱར་འདོད་པ་དགག་པའོ། །དང་པོ་ལའང་ཕྱི་རོལ་གྱི་དོན་དང་། ཤེས་པ་རང་མཚན་བརྗོད་བྱར་འདོད་པ་གཉིས། དང་པོ་ནི། བརྡ་སྤྲོད་པ་ལ་སོགས་པ་འགའ་ཞིག་ན་རེ། བུམ་པ་ལ་སོགས་པ་དོན་རང་མཚན་དངོས་ཀྱི་བརྗོད་བྱ་ཡིན་ཏེ། བུམ་པ་འོན་ཅིག་ཅེས་བརྗོད་པ་ན་ཆུ་སྐྱོར་བའི་བྱ་བ་བྱེད་པ་དེ་ཉིད་ལེན་པའི་ཕྱིར་ཞེས་སྨྲའོ། །རང་མཚན་ལ་བརྡ་དངོས་སུ་སྦྱར་མི་ནུས་ཏེ། དོན་རང་མཚན་ཡུལ་དུས་རྣམ་པ་སོ་སོར་ངེས་པ་ནི་མཐའ་ཡས་པའི་ཕྱིར་ནའོ། །ཡང་དེ་ལ་མིག་གིས་ལྟ་བ་དང་། ལུས་ཀྱིས་རེག་པའི་སྒོ་ནས་བརྡ་དངོས་སུ་སྦྱོར་བ་ལ་དགོས་པ་ཡང་མེད། ཕྱིས་ཐ་སྙད་བྱེད་པའི་ཚེ་ན་དང་པོ་བརྡའི་དུས་ཀྱི་རང་མཚན་དེ་རྙེད་པར་དཀའ་སྟེ་དེ་མེད་པའི་ཕྱིར་ཏེ། ཡུལ་དུས་རྣམ་པ་འཆོལ་བའི་ཕྱིར། དེའང་། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །ཞེས་སོགས་གསུངས་སོ། །ཡང་བུམ་པ་འདས་པ་དང་མ་འོངས་པ་སྒྲའི་བརྗོད་བྱ་མིན་པར་ཐལ། གཉིས་པོ་དེ་ལ་རང་མཚན་མེད་པའི་ཕྱིར་རོ། །དེའང་། གལ་ཏེ་དོན་དང་འབྲེལ་ལྡན་ན། །ཞེས་སོགས་གསུངས་སོ། །གཞན་ཡང་། སྒྲ་ཡིས་དོན་རང་གི་མཚན་ཉིད་དངོས་སུ་བརྗོད་པ་ཡིན་ན། མིག་དབང་དང་སྣང་བ་དང་ཡིད་བྱེད་ལ་སོགས་པ་དགོས་པ་མེད་པར་འགྱུར་ཏེ། བརྗོད་པ་ཉིད་ཀྱིས་དོན་རང་མཚན་དངོས་སུ་རྟོགས་པའི་ཕྱིར། དེའང་། དབང་པོའི་བྱ་བ་མེད་པ་ལ། །ཞེས་སོགས་སོ། །གཞན་ཡང་། དབང་པོའི་ཤེས་པས་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་འཛིན་པ་མི་སྲིད་དེ། དོན་ལ་དེ་གཉིས་ཀྱི་འབྲེལ་བ་མེད་པའི་ཕྱིར། ཡང་དོན་འདིའི་མིང་འདིའོ་ཞེས་སྦྲེལ་བ་ན་གཞན་སེལ་གྱི་བློ་ཡིན་ཏེ། རྣམ་པར་དཔྱོད་པའི་བློ་ཡིན་པའི་ཕྱིར། དེའང་། དེ་འདི་ཞེས་ནི་འབྲེལ་བ་ལ། །ཞེས་སོགས་གསུངས་སོ། །ཡང་དང་པོ་བརྡ་དོན་གྱི་འབྲེལ་བ་བྱེད་པའི་ཚེ་རང་གི་མཚན་ཉིད་བསྟན་མ་བསྟན་གང་ཡིན་ན་ཡང་རུང་བརྡ་ནི་སྤྱི་ལ་སྦྱོར་བར་བྱེད་དེ། ཕྱིས་ཐ་སྙད་ཀྱི་ཚེ་དོན་གོ་བའི་དོན་དུ་བརྡ་འདོགས་ལ། བརྡ་དུས་ཀྱི་རང་མཚན་ཐ་སྙད་ཀྱི་དུས་སུ་མེད་པའི་ཕྱིར་རོ། །དེའང་། མིག་ལ་དོན་སྣང་བ་ལ་ཡང་། །ཞེས་སོགས་གསུངས་སོ། །ཡང་། ལྟོ་ལྡིར་བ་ལ་བུམ་པར་བརྡ་སྦྱར་བ་མེད་ཀྱང་ལྟོ་ལྡིར་བ་མཐོང་ཙམ་གྱིས་དེ་བུམ་པར་རྟོགས་པར་འགྱུར་ཏེ། དབང་པོའི་ཤེས་པས་སྒྲ་དང་འདྲེས་པའི་དོན་འཛིན་པའི་ཕྱིར་ནའོ། །དེའང་། འབྲེལ་པ་མ་བྱས་ཅན་མིན་ཏེ། །ཞེས་སོགས་གསུངས་སོ། །གལ་ཏེ་སྒྲ་དོན་འདྲེས་པ་མེད་ཀྱང་། དབང་པོའི་སྒོ་ལ་རྗེས་སུ་འབྲང་བའི་ཡིད་ཤེས་དེ་བུམ་པ་མཐོང་བ་དང་བུམ་པ་ཞེས་བརྡ་སྦྱོར་བར་བྱེད་པ་གཉིས་འདྲེས་པའི་ཚུལ་གྱིས་རྒྱུན་མ་ཆད་པར་འབྱུང་བས་རྟོག་པ་ཡིན་ལ། འོན་ཀྱང་རྟོག་མེད་དང་འདྲ་བར་མངོན་སུམ་ཡིན་ནོ། །གཞན་དུ་ན་དོན་རྟོགས་པའམ་ངེས་པར་མི་སྲིད་པར་ཐལ་ཏེ། དོན་མཐོང་བ་དང་རྟོག་པ་གཉིས་ཡུལ་ཐ་དད་ཁོ་ན་ལ་འཇུག་པ་ཡིན་པའི་ཕྱིར་རོ། །དེས་ན་མཐོང་བ་ལ་ངེས་པ་མྱོང་བས་གྲུབ་པས་མཐོང་བ་ཉིད་རྟོག་པ་ཡིན་ནོ་ལོ། །འདི་ཡི་ལན་ལ། རྣམ་ཤེས་ཅིག་ཆར་འཇུག་པའི་ལུགས་ལ་བརྟན་པ་དང་། རིམ་གྱིས་འཇུག་པའི་ལུགས་སོ། །དང་པོ་ནི། རྟོག་བཅས་དང་རྟོག་པ་མེད་པའི་ཡིད་གཉིས་ལ་བླུན་པོ་རྣམས་ཀྱིས་གཅིག་ཏུ་ཞེན་ཅིང་འཁྲུལ་པའི་རྒྱུ་ཡོད་དེ། དེ་གཉིས་འཇུག་ཡུལ་གཅིག་ལ་དུས་ཅིག་ཆར་དུ་འཇུག་པའི་ཕྱིར་རོ། །གཉིས་པ་ནི། ཡང་ཁྱེད་རང་ལྟར་ན་ཡང་དེ་གཉིས་ལ་བླུན་པོ་རྣམས་ཀྱིས་གཅིག་ཏུ་ཞེན་པའི་རྒྱུ་ཡོད་དེ། དེ་གཉིས་ཡུལ་ལ་རིམ་གྱིས་འཇུག་ཀྱང་འཇུག་པ་མྱུར་བའི་ཕྱིར། དེའང་། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅེས་སོགས་གསུངས་སོ། །གཉིས་པ་ནི། དོན་ལ་བརྡ་མི་སྦྱོར་ཡང་ཤེས་པ་རང་མཚན་ལ་སྦྱོར་རོ་ཞེ་ན། ཤེས་པ་རང་མཚན་དེ་ལ་བརྡ་དངོས་སུ་སྦྱར་མི་རུང་སྟེ། དོན་རང་མཚན་བརྗོད་བྱར་འདོད་པ་ལ་བཀོད་པའི་སྐྱོན་རྣམས་མཚུངས་པའི་ཕྱིར་ཏེ། དེ་གཉིས་རང་གི་མཚན་ཉིད་དུ་མཚུངས་པ་ཡིན་པ་དེས་ནའི་ཕྱིར་རོ། །གཉིས་པ་སྤྱི་བརྗོད་བྱར་འདོད་པ་ལ་དོན་སྤྱི་དང་། སྒྲ་དོན་གྱི་སྤྱི་བརྗོད་པར་འདོད་པ་འགག་པ་གཉིས། དང་པོ་ནི། བྱེ་བྲག་པ་ན་རེ། རང་མཚན་ལ་སྒྲ་སྦྱོར་ན་སྐྱོན་དེ་ཡོད་ཀྱང་སྒྲ་ཡིས་གསལ་བ་རང་མཚན་མི་བརྗོད་ཀྱི་རིགས་སྤྱི་དོན་གཞན་བརྗོད་པའི་ཕྱིར་ན་གོང་གི་སྐྱོན་དེ་རྣམས་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། གསལ་བ་དེ་ལ་སྤྱི་དོན་གཞན་མེད་པའི་ཕྱིར་དང་། ཡོད་དུ་ཆུག་ནའང་སྤྱི་མི་གསལ་བ་དོན་བྱེད་མི་ནུས་པ་དེ་ལ་བརྡ་སྦྱར་ཡང་དགོས་པ་མེད་དེ། དེ་གསལ་བ་རྣམས་དང་འབྲེལ་བ་མེད་པས་གོ་བར་མི་ནུས་པའི་ཕྱིར་དང་། སྤྱི་དངོས་པོ་ཡིན་ན་རང་མཚན་དང་འདྲ་བར་བརྡ་སྦྱོར་བའི་ནུས་པ་མེད་པའི་ཕྱིར་རོ། །གལ་ཏེ་སྤྱི་རྐྱང་པ་ལ་བརྡ་མི་སྦྱོར་གྱི་སྤྱི་དང་འབྲེལ་བའི་རང་མཚན་ལ་བརྡ་སྦྱོར་བས་རང་མཚན་གོ་བར་འགྱུར་རོ་ཞེ་ན། རང་མཚན་ཉིད་ལ་བརྡ་སྦྱོར་ན་སྤྱི་མི་དགོས་ལ། མ་སྦྱར་ན་སྤྱི་ལ་སྦྱར་ཡང་རང་མཚན་གོ་བའི་ནུས་པ་མེད་པའི་ཕྱིར་ན། ལམ་སྟོན་པ་ལ་སྡོང་དུམ་ལ་འདྲི་བ་ལྟར་དགོས་ནུས་མེད་པའི་སྤྱི་བོར་ལ་རང་གི་མཚན་ཉིད་ལ་བརྡ་དངོས་སུ་སྦྱོར་ཅིག གལ་ཏེ་རང་མཚན་རྣམས་མཐའ་ཡས་པའི་ཕྱིར་བརྡ་དངོས་སུ་སྦྱར་མི་ནུས་སོ་ཞེ་ན། སྤྱི་དང་འབྲེལ་བའི་རང་མཚན་འདི་ལའང་བརྡ་དངོས་སུ་སྦྱོར་མི་ནུས་པར་ཐལ། མཐའ་ཡས་པར་མཚུངས་པའི་ཕྱིར། གཉིས་པ་ནི། དོན་ཤེས་རང་མཚན་དང་དོན་ལ་གནས་པའི་སྤྱི་དངོས་ཀྱི་བརྗོད་བྱར་བྱེད་ན་མུ་སྟེགས་བྱེད་ལ་བཀོད་པའི་སྐྱོན་ཡོད་པས་རྟོགས་པའི་ཡུལ་དོན་གྱི་སྤྱི་ཉིད་དངོས་ཀྱི་བརྗོད་བྱར་གངས་ཅན་པ་འདོད་ལ། ཉན་ཐོས་མང་བཀུར་བ་སོགས་ནི་མིང་དང་མཚན་མ་ཞེས་བྱ་བ་སྒྲ་དང་དོན་དང་ཤེས་པ་ལས་ཐ་དད་པ་བུམ་སོགས་སུ་བརྡ་བཏགས་པ་དང་། དོན་བརྗོད་པའི་རྟེན་དུ་རུང་བ་མི་ལྡན་པའི་འདུ་བྱེད་དངོས་ཀྱི་བརྗོད་བྱར་འདོད་དོ། །འདི་གཉིས་དོན་གཅིག་པས་ཕྱོགས་གཅིག་ཏུ་དགག་སྟེ། མི་ལྡན་པའི་འདུ་བྱེད་ལ་སོགས་ལ་བརྡ་སྦྱར་བས་གཟུགས་ལ་སོགས་པའི་རང་མཚན་རྣམས་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ཐལ། དེ་གཉིས་འབྲེལ་མེད་རྫས་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་ཞེས་ནི་བརྗོད་པ་ལས་དེ་དང་འབྲེལ་མེད་ཀྱི་བ་གླང་མི་རྟོགས་པ་བཞིན་ནོ། །དེའང་། མིང་སོགས་འབྲེལ་བ་མེད་པ་ཅན། །ཞེས་སོགས་གསུངས་སོ། །གལ་ཏེ་བུམ་པ་དང་བུམ་པའི་མིང་དང་མཚན་མ་མི་ལྡན་པའི་འདུ་བྱེད་གཉིས་ལ་འབྲེལ་བ་མེད་ཀྱང་གཉིས་ཀ་ལྟོ་ལྡིར་ཞབས་ཞུམ་སོགས་སུ་རྣམ་པ་འདྲ་བ་ལ་གཅིག་ཏུ་འཁྲུལ་ནས་དོན་བུམ་པ་ལ་འཇུག་གོ་ཞེ་ན། བུམ་པ་དང་བུམ་པའི་མིང་མཚན་གཉིས་ཆོས་ཅན། ཡུལ་འགའ་ཞིག་ཏུ་གཅིག་ཏུ་འཁྲུལ་བ་སྲིད་ཀྱི་ཡུལ་ཀུན་ཏུ་གཅིག་ཏུ་འཁྲུལ་བ་མིན་པར་ཐལ། འདྲ་བའི་སྒོ་ནས་གཅིག་ཏུ་འཁྲུལ་བ་ཙམ་ཡིན་པའི་ཕྱིར། དཔེར་ན་ལྷ་བྱིན་འདྲ་བ་གཉིས་ཡོད་ཀྱང་མདུན་མ་ལ་བྱིན་ཅིག་ཅེས་བརྗོད་པ་ན་རྒྱབ་མ་ལ་མི་འཁྲུལ་བ་བཞིན་ནོ། །ཡང་དེ་གཉིས་ཆོས་ཅན། དུས་རེས་འགའ་ཞིག་ཏུ་འཁྲུལ་བ་སྲིད་ཀྱང་། དུས་ཀུན་ཏུ་འཁྲུལ་བ་མིན་པར་ཐལ། རྟགས་སྔ་མའི་ཕྱིར། ལྷ་མཆོད་ལྟ་བུ་ཚེ་མ་གཉིས་ལའང་འདྲ་བས་འཁྲུལ་བས་རེས་འགའ་ལྷ་བྱིན་དང་། རེས་འགའ་མཆོད་སྦྱིན་ལ་འཇུག་པ་ལྟར། འདིར་ཡང་འདྲ་བས་འཁྲུལ་བས་རེས་འགའ་དོན་རང་མཚན། རེས་འགའ་མིང་མཚན་ལ་འཇུག་པར་ཐལ་བའི་ཕྱིར་རོ། །དེས་ན་འདི་གཉིས་ནི་འདྲ་བ་ཙམ་གྱི་སྒོ་ནས་འཁྲུལ་བ་མིན་པར་ཐལ། བུམ་པ་ལ་བརྡ་སྦྱོར་བའི་ཡུལ་དུས་རྟག་ཏུ་གཅིག་ཏུ་འཁྲུལ་བར་འགྱུར་བས་སོ། །དེའང་། གལ་ཏེ་དོན་ལ་མཚུངས་འདྲ་ལས། །ཞེས་སོགས་གསུངས་སོ། །གཉིས་པ་རང་ལུགས་ལ། མཚན་ཉིད། རབ་ཏུ་དབྱེ་བ། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། བརྡ་ལས་གོ་བར་བྱ་བ་ནི་བརྗོད་བྱ་དང་། དོན་གོ་བར་བྱེད་པའི་བརྡ་ནི་རྗོད་བྱེད་ཀྱི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། འཆད་པ་དང་འཇུག་པའི་དུས་ཀྱི་གང་ཟག་གི་དབྱེ་བས་ཕྱེ་ན་རྣམ་པ་བཞི་ཡོད་དེ། འཆད་དུས་ཀྱི་བརྗོད་བྱ་བརྗོད་བྱེད་གཉིས། འཇུག་དུས་ཀྱི་དེ་གཉིས་ཡོད་པའི་ཕྱིར་རོ། །འཆད་པའི་ཚེ་སྒྲའི་དངོས་ཀྱི་བརྗོད་བྱ་སྒྲ་དོན་དང་། ཞེན་པའི་བརྗོད་བྱ་དོན་རང་མཚན་ཡིན་ལ། དངོས་ཀྱི་བརྗོད་བྱེད་སྒྲ་སྤྱི་དང་། ཞེན་པའི་བརྗོད་བྱེད་སྒྲ་རང་མཚན་ཡིན་ནོ་ཞེས་དེ་ལྟར་རྣམ་པར་ཕྱེ་བས་གནས་ལུགས་ལ་མཁས་པར་འགྱུར་རོ། །དེས་ན་དངོས་ཀྱི་བརྗོད་བྱ་དངོས་མེད་ཁོ་ན་ཡིན་པ་བཞིན་དུ་དངོས་ཀྱི་རྗོད་བྱེད་ཡང་དངོས་མེད་ཉིད་དང་། ཞེན་པའི་རྗོད་བྱེད་རང་མཚན་ཡིན་པ་ལྟར་ཞེན་པའི་བརྗོད་བྱ་ཡང་དངོས་པོ་ལ་འཇོག་པ་ནི་གསུང་རབ་ཀྱི་དགོངས་པར་སྣང་ངོ་། །འཇུག་པའི་ཚེ་དེ་ལྟ་བུའི་དབྱེ་བ་མེད་དེ། དེའི་ཚེ་རང་མཚན་དང་སྤྱི་སོ་སོར་མ་ཕྱེ་བར་གཅིག་ཏུ་འཁྲུལ་བ་ལ་བརྡ་སྦྱར་བས་ཐ་སྙད་ཀྱི་ཚེ་དོན་རང་མཚན་ཐོབ་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་ལས། དང་པོ་སྒྲའི་དངོས་ཀྱི་བརྗོད་བྱ་མེད་པར་སྒྲུབ་པ་ནི། དམ་པའི་དོན་དུ་ན་བརྗོད་བྱ་ཞེས་བྱ་བ་ཅི་ཡང་མེད་དེ། དོན་དང་ཤེས་པ་ནི་རང་མཚན་ཡིན་པས་བརྗོད་པར་མི་ནུས་ཤིང་། གཞན་འདོད་པའི་དོན་སྤྱི་དང་སྒྲ་དོན་གྱི་སྤྱི་གཉིས་པོ་ནི་དོན་ལ་མེད་པ་ཡིན་པས་དེ་བཞི་བརྗོད་བྱ་མིན་ལ། དེ་དག་ལས་གཞན་པའི་ཤེས་བྱ་མི་སྲིད་པས་སོ། །དེའང་། དོན་རྣམས་ཀྱིས་ནི་སྤྱི་གང་ཡིན། །ཞེས་སོགས་གསུངས་སོ། །གཉིས་པ་གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ་ནི། འོ་ན་བརྗོད་བྱ་གང་ཞེ་ན། རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་བ་ལ་སྒྲའི་དོན་གྱི་ཚུལ་དུ་ཕྱི་རོལ་གྱི་གཟུགས་བརྙན་ནམ་འོལ་སྤྱི་ཤར་བ་དེ་ལ་ཕྱི་རོལ་དོན་དུ་ཞེན་ཅིང་སྒྲོ་བཏགས་པའི་ཆ་དེ་ནི་སྒྲའི་དངོས་ཀྱི་བརྗོད་བྱར་རྟོག་པས་བཏགས་སོ། །གསུམ་པ་འཁྲུལ་བ་ལ་སྦྱར་བས་རང་མཚན་གོ་བའི་འཐད་པ་ནི། འོ་ན་བཏགས་པ་ལ་སྦྱར་བས་རང་མཚན་ཐོབ་པ་ཅི་ཞེ་ན། བརྡ་སྦྱོར་བའི་རྟོག་པ་འཁྲུལ་ཡང་བརྡ་ལས་དོན་བདེན་པ་ཐོབ་པ་འཐད་དེ། བཏགས་པ་ལ་སྣང་བར་འཁྲུལ་བའི་ཐོག་མ་མེད་པའི་བག་ཆགས་གོམས་པ་ཡིས་བརྡ་ཡི་དུས་ན་སྤྱི་དང་རང་མཚན་སོ་སོར་མ་ཕྱེ་བར་བསྲེས་ནས་བརྡ་སྦྱར་ཞིང་། ཐ་སྙད་དུས་ནའང་སྤྱི་དང་རང་མཚན་སོ་སོར་མ་ཕྱེ་བར་བསྲེས་ནས་འཇུག་པ་དེ་ལྟར་རང་མཚན་གོ་བ་དེའི་ཕྱིར། དེའང་། དེ་ལ་ངོ་བོར་སྣང་བའམ། །ཞེས་གསུངས་སོ། །གསུམ་པ་རྩོད་སྤོང་ལ་ལྔ་ལས། དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་། ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་། ལྡན་མིན་འདུ་བྱེད་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་། བརྗོད་བྱ་མེད་ན་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སྤང་། ཆད་བྱས་ཀྱིས་གོ་བས་འཁྲུལ་བ་མི་དགོས་པ་སྤང་བའོ། །དང་པོ་ནི། བུམ་པའི་སྒྲ་དོན་དེ་གཞན་བུམ་མིན་ལས་མི་ལྡོག་ན་ལྡོག་པ་བརྗོད་པར་འགལ་ལ། ལྡོག་ན་ནི་དངོས་པོ་བརྗོད་བྱར་འགྱུར་བས་སྤྱི་དངོས་པོ་བ་བརྗོད་པ་དང་མཚུངས་སོ་ཞེ་ན། གཉིས་པོ་དེ་དག་ག་ལ་མཚུངས་ཏེ་མི་མཚུངས་པར་ཐལ། རྣམ་རྟོག་གི་གཟུགས་བརྙན་ནི་དམ་པའི་དོན་ལ་བུམ་མིན་ལས་མི་ལྡོག་ཀྱང་། རྟོག་པ་ལ་ལྡོག་པར་སྣང་བ་ནི་འཁྲུལ་བ་ཡིན་ལ། མུ་སྟེགས་བྱེད་བརྗོད་བྱའི་སྤྱི་ནི་འཁྲུལ་བའི་སྣང་བར་མི་འདོད་པས་སོ། །དེས་ན་མི་མཚུངས་སོ། །དེའང་། རྗེས་འགྲོ་ཅན་སྒྲ་རྗེས་འགྲོ་ཅན། །ཞེས་སོགས་གསུངས་སོ། །གཉིས་པ་ནི། རྟོག་པ་ལ་སྣང་བའི་གཟུགས་བརྙན་སྒྲས་དངོས་སུ་བརྗོད་ན་ནི། དེ་ཤེས་པ་ལས་ཐ་མི་དད་པའི་ཕྱིར་ཤེས་པ་རང་མཚན་བརྗོད་བྱར་འདོད་པ་ལ་བཀོད་པའི་སྐྱོན་རྣམས་འབྱུང་བར་འགྱུར་རོ་ཞེ་ན། མིན་ཏེ། རྟོག་པ་ལ་སྣང་བའི་དོན་གྱི་གཟུགས་བརྙན་ལ་གཉིས་ཡོད་པ་ལས་རྟོག་པ་ལ་སྣང་བའི་རྣམ་པ་ནི་རང་མཚན་ཡིན་ཡང་དེའི་རང་གི་ལྡོག་པ་དངོས་ཀྱི་བརྗོད་བྱ་མིན་ལ། འཁྲུལ་པས་དེ་ལ་དོན་དུ་ཞེན་ཅིང་བརྟགས་པའི་ཆ་དངོས་སུ་བརྗོད་ཀྱང་དངོས་མེད་ཡིན་པའི་ཕྱིར་རོ། །དེས་ན་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་མོད། འོན་ཀྱང་རྟོག་པ་ལ་སྣང་བའི་དོན་གྱི་གཟུགས་བརྙན་ལ་བརྡ་སྦྱར་བ་ནི་འཇིག་རྟེན་པ་རྣམས་དོན་རང་མཚན་ལ་འཇུག་པའི་ཕྱིར་དུ་སྦྱོར་བར་ཟད་དོ། །དེའང་། ཕྱི་རོལ་ནུས་པ་རྣམ་དཔྱོད་ལ། །ཞེས་སོགས་གསུངས་སོ། །གསུམ་པ་ནི། སེལ་བའི་སྤྱི་ལ་བརྡ་སྦྱོར་ན། ལྡན་པ་མིན་པའི་འདུ་བྱེད་ལ་བརྡ་སྦྱོར་བ་དང་མཚུངས་སོ་ཞེ་ན། མིན་ཏེ། དོན་སྤྱི་གལ་ཏེ་རྫས་སུ་གྲུབ་ན། མི་ལྡན་པའི་འདུ་བྱེད་ལ་བརྗོད་པའི་སྐྱོན་ཡོད་པས་ཁྱེད་བདེན་མོད་འོན་ཀྱང་དོན་སྤྱི་ནི་དངོས་མེད་ཡིན་པའི་ཕྱིར། དེས་ན་དོན་སྤྱི་དོན་ལ་མེད་པ་དེའི་ཕྱིར་སེལ་བས་འཇུག་པའི་དངོས་ཡུལ་དོན་ལ་མེད་ཅེས་ཤེས་ན་དོན་དམ་པར་བརྗོད་བྱ་རྗོད་བྱེད་མེད་པ་འདི་ཤེས་པར་འགྱུར་རོ། །བཞི་པ་ནི། བརྗོད་བྱ་རྗོད་བྱེད་དོན་ལ་མེད་ན་དོན་སྤྱི་ལ་རང་མཚན་དུ་འཁྲུལ་ནས་བརྡ་སྦྱོར་བར་འདོད་པ་ནི་གསོག་གསོབ་ཡིན་ཏེ། བློ་ཆོས་རྣམས་དོན་ལ་མི་བརྟེན་པར་གསུང་བའི་ཕྱིར། དེས་ན་འཁྲུལ་པ་ལ་ཡིད་བརྟན་དུ་མེད་པ་ཡིན་པའི་ཕྱིར། ཐ་སྙད་མ་ནོར་བ་ཐམས་ཅད་འཇིག་ཅིང་རྒྱུན་ཆད་པར་འགྱུར་རོ་ཞེ་ན་ཐ་སྙད་མ་ནོར་བའི་རྣམ་གཞག་འཐད་པ་ཡིན་ཏེ། འཇིག་རྟེན་པ་རྣམས་དོན་སྤྱི་ལ་རང་མཚན་དུ་འཁྲུལ་པའི་སྒོ་ནས་རང་མཚན་ཉིད་བླང་དོར་ལ་འཇུག་པའི་ཕྱིར། ལྔ་པ་ནི། བོད་རྣམས་ན་རེ། འཁྲུལ་པའི་འབྲེལ་བ་མི་དགོས་ཏེ། དོན་འདིའི་མིང་འདིའོ་ཞེས་ཆད་བྱས་པའི་འབྲེལ་བས་གོ་བའི་ཕྱིར་ལོ། །མིན་ཏེ། ཆད་བྱས་ཀྱིས་འབྲེལ་པ་དེ་ཅི་རང་མཚན་དང་ནི་དོན་སྤྱི་དང་། དེ་གཉིས་གཅིག་ཏུ་འཁྲུལ་པ་སྟེ་གསུམ་པོ་གང་ལ་བརྡ་ཆད་བྱེད། དང་པོ་ལྟར་ན་མུ་སྟེགས་བྱེད་ལ་བརྗོད་པའི་སྐྱོན་འབྱུང་ལ། གཉིས་པ་ལྟར་ན་ཉན་ཐོས་ལ་བརྗོད་པའི་སྐྱོན་ཡོད་ཅིང་། གསུམ་པ་ལྟར་ན་ཁོ་བོའི་འདོད་པ་གྲུབ་ལ། གང་ལྟར་ཡང་མ་འཁྲུལ་བའི་ཆད་བྱས་ཀྱི་འབྲེལ་པ་མུན་སྤྲུལ་ཡིན་ཏེ། གསུམ་པོ་གང་ལ་བརྡ་ཆད་བྱས་ཀྱང་འཁྲུལ་པ་མེད་ན་བརྡ་མི་འབྱོར་བའི་ཕྱིར། འོ་ན་ཁྱེད་ཀྱང་བརྡ་ཆད་བྱེད་པ་མིན་ནམ་ཞེ་ན། བྱེད་མོད་ཀྱི་ངེད་ཀྱི་ལུགས་འདིར་ནི་རང་མཚན་དང་དོན་གྱི་གཟུགས་བརྙན་གཉིས་གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར། རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད་ལ་དེ་ལྟར་འཁྲུལ་ནས་དོན་རང་མཚན་ལ་འཇུག་པར་འགྱུར་ཏེ། དཔེར་ན་སྒྱུ་མའི་མཁན་པོ་དག་འཇིག་རྟེན་དོན་ལ་གཞུག་པའི་རིགས་སྔགས་ཀྱིས་འཁྲུལ་དུ་འཇུག་པ་ལྟར་རོ། །གཉིས་པ་བསྡུ་བ་ནི། སྒྲ་ཡི་དངོས་ཀྱི་བརྗོད་བྱ་སྒྲོ་བཏགས་ཡིན་པས་དོན་ལ་མེད་ལ། ཞེན་པའི་བརྗོད་བྱ་ནི་བླང་དོར་གྱི་ཡུལ་ཡིན་པས་རང་མཚན་ཁོ་ན་ཡིན་ལ། སྒྲ་དོན་གྱི་འབྲེལ་པ་རྟོག་པ་འཁྲུལ་པས་བྱས་པ་ཡིན་ན་ཡང་རང་མཚན་ལ་འཇུག་པའི་སྐྱེས་བུ་སླུ་བ་མེད་དེ། འཇུག་པ་དེ་ལ་བརྟེན་ནས་རང་མཚན་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིག་པའི་གཏེར་ལས་བརྗོད་བྱ་དང་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་ལྔ་པའི་རྣམ་བཤད་དོ།།  ༈  །།བཞི་པ་འབྲེལ་པ་དང་འགལ་བའི་རྟོགས་ཚུལ་ལ། ཚད་མའི་སྔོན་དུ་འགལ་འབྲེལ་འཆད་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་འགལ་འབྲེལ་ཉིད་བཤད་པའོ། །དང་པོ་ནི། ཚད་མའི་མཚན་ཉིད་དེ་རང་བཞིན་དཔྱོད་པ་ཡི་སྔོན་དུ་འགལ་འབྲེལ་གཉིས་པོ་དཔྱད་པར་བྱ་སྟེ། ཚད་མ་ཡིན་མིན་ལ་སོགས་པ་དགག་པ་དང་སྒྲུབ་པ་ཇི་སྙེད་པ་ཐམས་ཅད་འགལ་འབྲེལ་ཉིད་ལ་ལྟོས་པས་ནའོ། །གཉིས་པ་ལ་འབྲེལ་པ་དཔྱད། འགལ་བ་དཔྱད་པ་གཉིས། དང་པོ་ལ། དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་སྒྲུབ་པའི་ཚད་མའོ། །དང་པོ་ལ་འབྲེལ་པ་སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས། དང་པོ་ནི། འབྲེལ་པ་དོན་ལ་མེད་དེ། ཤེས་བྱ་ཐམས་ཅད་དངོས་དངོས་མེད་གཉིས་སུ་ངེས་པ་ལས། དངོས་པོ་ཐམས་ཅད་ལ་དོན་ལ་འབྲེལ་པ་མེད་པ་ཡིན་ཏེ། དངོས་པོ་ལ་རང་གཞན་གཉིས་ལས་རང་གི་ངོ་བོ་ལ་གཞན་མ་འདྲེས། གཞན་གྱི་ངོ་བོ་ལ་རང་མ་འདྲེས་པར་གནས་ཤིང་བར་ན་ཕུང་གསུམ་མེད་པའི་ཕྱིར། དེས་ན་རང་མཚན་རེ་རེ་བ་རྣམས་ལ་དོན་ལ་འབྲེལ་པ་མེད་དེ། གྲངས་ཅན་ལྟར་ཆོས་གཉིས་ལ་སོགས་པ་དུ་མ་གཅིག་ཏུ་འདྲེས་པ་མི་སྲིད་ཅིང་། ཆོས་གཅིག་ལ་རང་ཉིད་རང་དང་འབྲེལ་པ་མི་སྲིད་པས་སོ། །དེའང་འབྲེལ་བརྟགས་ལས། གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། །ཅེས་སོགས་གསུངས་སོ། །བླུན་པོ་འགའ་ཞིག དངོས་པོར་མ་ཟད་དངོས་མེད་ལ་ཡང་དངོས་འབྲེལ་ནི་ཡོད་དེ། གཞན་དུ་ན་གཅིག་དུ་བྲལ་གྱི་རྟགས་ལ། སྒྲུབས་ཆོས་དངོས་པོར་མེད་པས་དངོས་འབྲེལ་མི་སྲིད་ཅིང་། དགག་ཆོས་དོན་ལ་མེད་པས་བཟློག་འབྲེལ་ཡང་མེད་པས་འབྲེལ་པ་གཏན་མེད་ཀྱི་རྟགས་ཡོད་པར་འགྱུར་རོ། །དེས་ན་དངོས་མེད་ལ་དངོས་འབྲེལ་ཡོད་ལ་འོན་ཀྱང་དེ་ངེས་མི་ནུས་པས་བཟློག་འབྲེལ་ངེས་པ་ལ་ལྟོས་སོ་ཞེས་སྨྲའོ། །འདི་ནི་མི་འཐད་དེ། དངོས་མེད་ངོ་བོ་མེད་པ་ལ་བདག་གཅིག་པའི་དངོས་འབྲེལ་ཡོད་ན་རང་བཞིན་གྱིས་དངོས་པོ་དང་། དེ་ལས་བྱུང་བའི་དངོས་འབྲེལ་ཡོད་ན་འབྲས་བུའི་དངོས་པོར་འགྱུར་བའི་ཕྱིར་རོ། །ཡང་དངོས་པོ་དང་དངོས་མེད་གཉིས་ཀ་ལ་འབྲེལ་བའི་མཚན་ཉིད་དོན་དམ་པར་མ་གྲུབ་སྟེ། ཆོས་གང་ཞིག་ཆོས་གཞན་དེ་མི་འདོར་བ་ནི། ཆོས་གཞན་དེ་དང་འབྲེལ་པ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་ལ། དེ་དངོས་པོ་དངོས་མེད་གཉིས་ཀ་ལ་མེད་པའི་ཕྱིར་ཏེ། དངོས་པོ་རྣམས་ནི་ཕན་ཚུན་འདྲེ་བ་མེད་པའི་ཕྱིར་དང་། དངོས་མེད་རྣམས་ནི་ངོ་བོ་མེད་པའི་ཕྱིར་ན་དེ་མེད་དོ། །དེའང་འབྲེལ་བརྟག་ལས། འགའ་ཡང་འབྲེལ་པའི་མཚན་ཉིད་ནི། །གཉིས་ལ་གནས་ཀྱི་གཞན་དུ་མིན། །ཞེས་སོགས་གསུངས་སོ། །འབྲེལ་པའི་སྒྲ་དོན་ཡང་དོན་ལ་མེད་དེ། སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀས་འབྲེལ་པའི་སྒྲ་སམ་བྷནྡྷ་ཞེས་བྱ་བ་ཡང་དག་པར་བཅིངས་པའམ། པྲ་ཏི་བྷནྡྷ་ཞེས་བྱ་བ་ཡང་སོ་སོར་བཅིངས་ཤིང་གཉིས་ཕན་ཚུན་མི་གཏོང་བ་ལ་འདོད་ལ། དེ་དག་ཀྱང་དངོས་པོ་དངོས་མེད་གཉིས་ཀ་ལ་མ་གྲུབ་བོ། །གལ་ཏེ་སྒྲ་དོན་མ་གྲུབ་མོད། མཚན་ཉིད་གྲུབ་བོ་ཞེ་ན། འདིར་བདེན་གཉིས་ཀྱི་མིང་དོན་དང་མཚན་ཉིད་ལྟར་འབྲེལ་བའི་མིང་དོན་དང་མཚན་ཉིད་གཅིག་པའི་སྐབས་ཡིན་ནོ། །འདི་ལ་དགོངས་ནས་མདོ་ལས། ཆོས་ཐམས་ཅད་འབྲེལ་པ་མེད་པ་ཞེས་གསུངས་སོ། །གཉིས་པ་སོ་སོར་དགག་པ་ལ་བདག་གཅིག་པའི་འབྲེལ་པ་དགག དེ་ལས་བྱུང་བའི་འབྲེལ་པ་དགག འབྲེལ་པ་གཞན་བཀག་པར་གྲུབ་པ་དང་གསུམ། དང་པོ་ནི། བྱས་པ་དང་མི་རྟག་པ་གཉིས་ལ་དོན་གྱི་སྟེང་ན་འབྲེལ་པ་མེད་དེ། གང་བདག་ཉིད་གཅིག་ཡིན་པ་རྣམས་ལ་དོན་ལ་ཆོས་གཉིས་མེད། གང་ཆོས་གཉིས་མེད་པ་རེ་རེ་བ་རྣམས་ལ་འབྲེལ་པ་མི་སྲིད་པ་དེས་ནའི་ཕྱིར། དེ་ཡི་ཚུལ་ཡང་། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ་ཁ་ཚོན་ཆོད་པ་ལས་དངོས་མེད་ནི་རང་ཉིད་དོན་ལ་མེད་པས་དེ་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ། དངོས་པོ་ལ་རྫས་གཅིག་དང་ཐ་དད་གཉིས་ལས་ཐ་དད་ལ་བདག་གཅིག་གི་འབྲེལ་པའི་དོན་མི་གནས། རྫས་གཅིག་ལ་ཡང་ལྡོག་པ་གཅིག་དང་ཐ་དད་གཉིས་ལས་དང་པོ་ལ་འབྲེལ་པའི་དོན་མི་གནས། ཕྱི་མ་ལ་འབྲེལ་པ་དོན་ལ་ཡོད་ན་ལྡོག་པ་ཐ་དད་དོན་ལ་ཡོད་དགོས་ལ་དེ་ལྟར་ན་ལྡོག་པ་རྫས་སུ་གྲུབ་པར་ཐལ་བའི་ཕྱིར་རོ། །ཡང་གྲངས་ཅན་དང་། བོད་འགའ་ཞིག་ཁ་མཐུན་པར། སྒྲ་བྱས་མི་རྟག་པ་གསུམ་དོན་ལ་བདག་གཅིག་དུ་འབྲེལ་ཏེ། གལ་ཏེ་སྒྲ་ལ་བྱས་པ་མི་རྟག་པའི་ལྡོག་པ་ཐ་དད་དོན་ལ་མ་གྲུབ་ན། ཚུལ་གསུམ་གྲུབ་པ་མི་སྲིད་པས་དོན་ལ་དགག་སྒྲུབ་མི་ནུས་ཏེ། བློའི་ཆོས་རང་དགའ་བ་རྣམས་དོན་དང་མ་འབྲེལ་པའི་ཕྱིར་ཞེ་ན། བྱས་མི་རྟག་རྫས་གཅིག་པར་ནི་དོན་མཐུན་མོད། ལྡོག་པ་རྣམས་དོན་ལ་ཡོད་པ་མི་འཐད་དེ། གལ་ཏེ་ཡོད་ན་བྱས་མི་རྟག་ལྡོག་པ་ནང་ཕན་ཚུན་རྣམས་འབྲེལ་ལམ་མ་འབྲེལ། མ་འབྲེལ་ན་བྱས་པ་སྒྲ་ལ་མི་རྟག་པ་སྒྲུབ་པའི་རྟགས་མིན་པར་འགྱུར་ལ། འབྲེལ་ན་ཡང་བདག་གཅིག་ཏུ་འབྲེལ་ན་རྫས་དང་ལྡོག་པ་གཉིས་ཀ་ཡང་གཅིག་པས་ཐ་དད་དུ་འདོད་ཀྱང་དོན་ལ་ཁྱད་པར་མེད་ལ། ཁྱད་པར་མེད་པ་ལ་མིང་དུ་མ་བཏགས་ན་མིང་རྣམ་གྲངས་པར་སོང་གི་ལྡོག་པ་ཐ་དད་དུ་མ་སོང་ངོ་། །གལ་ཏེ་དེ་བྱུང་དུ་འབྲེལ་ན་རང་བཞིན་གྱི་རྟགས་སུ་མི་འགྱུར་གྱི་འབྲས་བུའི་རྟགས་སུ་འགྱུར་རོ། །གཉིས་པ་དེ་བྱུང་གི་འབྲེལ་པ་དོན་ལ་དགག་པ་ལ། རྒྱུ་འབྲས་ཀྱི་རྫས་ལ་འབྲེལ་པ་དགག རིགས་ལ་འབྲེལ་པ་དགག་པ་གཉིས། དང་པོ་ལ། རྒྱུ་འབྲས་རིམ་གྱིས་པ་ལ་དགག རྐྱང་པ་ལ་དགག ལྟོས་པ་ལ་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་སྔ་ཕྱི་ལ་མི་འཐད་པ་ནི། དོན་དམ་པར་ན་དངོས་པོ་དང་དངོས་མེད་གང་ལའང་དེ་ལས་བྱུང་བའི་འབྲེལ་པ་མེད་དེ། སྔ་ཕྱི་མིན་པ་དུས་མཉམ་པ་རྣམས་ལ་དེ་ལས་བྱུང་བའི་འབྲེལ་པ་མེད་ཅིང་། མེ་དུ་ལྟ་བུ་སྔ་ཕྱི་ཡོད་ནའང་གཅིག་གི་དུས་ན་གང་རུང་གཅིག་མེད་པ་དེས་ནའི་ཕྱིར། དེའང་འབྲེལ་བརྟག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡང་། །དེ་གཉིས་ལྷན་ཅིག་མི་གནས་པས། །གཉིས་ལ་གནས་པ་ཇི་ལྟར་གྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །ཞེས་གསུངས་སོ། །གཉིས་པ་བར་གྱི་སྦྱོར་འབྲེལ་མི་འཐད་པ་ནི། མུ་སྟེགས་བྱེད་ན་རེ། རྒྱུ་མེ་འགག་པ་དང་ནི་འབྲས་བུ་དུ་བ་སྐྱེས་པ་གཉིས་ལ་བར་དེར་སྦྱོར་བའི་འབྲེལ་པ་ཡོད་དོ་ཞེ་ན། མི་འཐད་དེ། བར་གྱི་སྦྱོར་འབྲེལ་དེ་རྟག་ན་ནི་དངོས་པོ་མིན་ལ། དངོས་པོར་མེད་པ་དེ་བྱ་བྱེད་ལས་གྲོལ་བའི་ཕྱིར་གཉིས་སྦྱོར་བའི་བྱེད་པ་པོ་མི་རུང་ངོ་། །གལ་ཏེ་མི་རྟག་ན་ནི། དུ་བ་དང་སྦྲེལ་བར་མི་ནུས་ཏེ། མེ་འགགས་པ་ན་སྦྱོར་འབྲེལ་ཡང་འགགས་ཟིན་པའི་ཕྱིར། གལ་ཏེ་མེ་འགགས་ལ་དུ་བ་མ་སྐྱེས་པའི་བར་དེར་སྦྱོར་འབྲེལ་ཡོད་པར་འདོད་ན། རྒྱུ་འབྲས་མ་འབྲེལ་བ་གཉིས་ཀྱི་འབྲེལ་བྱེད་དུ་མི་འཐད་དེ་འབྲེལ་བྱེད་དེ་ཆོས་གསུམ་པར་ཡོད་པའི་ཕྱིར། ཆོས་གསུམ་པར་ཡོད་ཀྱང་མེ་དུད་ཀྱི་སྦྲེལ་བྱེད་ཡིན་ན་མེ་དུད་གཉིས་སྦྲེལ་བས་ཆོག་གི འབྲེལ་པས་སྦྲེལ་ཅི་དགོས། གལ་ཏེ་མེ་དུད་སྦྱོར་འབྲེལ་གྱི་བར་དུའང་འབྲེལ་པ་གཞན་ཞིག་དགོས་ན་ཐུག་མེད་དུ་འགྱུར་ཏེ། མེ་དང་སྦྱོར་འབྲེལ་དང་། སྦྱོར་འབྲེལ་སྔ་ཕྱི་དང་། སྦྱོར་འབྲེལ་དང་དུ་བའི་བར་དུའང་སྦྱོར་འབྲེལ་གཞན་དགོས་པའི་ཕྱིར། དེའང་འབྲེལ་བརྟག་ལས། ཐ་དད་ཡིན་ན་ཅི་ཞིག་འབྲེལ། །ཐ་དད་མིན་ན་རྒྱུ་འབྲས་གང་། །གཞན་ཞིག་ཡོད་ན་མ་འབྲེལ་གཉིས། །དེ་གཉིས་འབྲེལ་པར་ཇི་ལྟར་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། གལ་ཏེ། འབྲེལ་པ་ནི་ཆོས་གཉིས་ལ་ལྟོས་མི་དགོས་ཀྱི་ཕན་ཚུན་མ་ལྟོས་པའི་མེ་དུད་ལ་སོགས་པ་རེ་རེ་བ་རྣམས་གཉིས་ཆར་གྱི་འབྲེལ་པ་གྲུབ་པ་ཡིན་ནོ་ཞེ་ན། མི་འཐད་དེ། འབྲེལ་མེད་ཀྱི་ཆོས་མེད་པར་ཐལ་བ་དང་། ཕན་ཚུན་ལྟོས་མེད་ཀྱི་མེ་དུ་རྐྱང་པ་རེ་རེ་མཐོང་བས་ཀྱང་གཉིས་ཀའི་འབྲེལ་པ་ངེས་པར་འགྱུར་བ་དང་། ཕན་ཚུན་ལྟོས་པ་མེད་ཀྱང་རྒྱུ་འབྲས་ཡིན་ན་འབྲས་རྟགས་དང་། རྒྱུ་མ་དམིགས་པ་ཡང་གོ་བྱེད་མིན་པར་ཐལ་བའི་ཕྱིར་རོ། །དེའང་འབྲེལ་བརྟག་ལས། དེ་མེད་པར་ཡང་ཡོད་པའི་ཕྱིར། །གཅིག་ལ་འདུག་པ་འབྲེལ་པ་མེད། །ཅེས་གསུངས་སོ། །གསུམ་པ་ལ་ཕན་འདོགས་པ་ལ་འབྲེལ་པ་དགག མེད་ན་མི་འབྱུང་བའི་འབྲེལ་པ་དགག་པའོ། །དང་པོ་ནི། ཆོས་གཉིས་ལ་ལྟོས་པའི་འབྲེལ་པ་ཞིག་དོན་དམ་པ་གྲུབ་པ་མི་འགལ་ཏེ། རྒྱུ་འབྲས་གཉིས་ཕན་ཚུན་ལྟོས་ནས་ཕན་འདོགས་བྱེད་དང་གདགས་བྱ་ཡིན་པའི་ཕྱིར་ཞེ་ན། དོན་དམ་པར་རྒྱུ་འབྲས་གཉིས་ལ་ཕན་བྱ་ཕན་བྱེད་འཐད་པ་དཀའ་སྟེ། དེ་གཉིས་གཅིག་དངོས་པོར་ཡོད་པའི་ཚེ་ཅིག་ཤོས་དངོས་པོར་མེད་པ་ཡིན་པས་དུས་མི་མཉམ་པའི་ཕྱིར། ཐུབ་པ་དང་རིང་འཕུར་བཞིན་ནོ། །དེའང་འབྲེལ་བརྟག་ལས། འདི་ནི་གཞན་དུ་འདུག་པ་ན། །ཅི་སྟེ་དེ་གཉིས་གཅིག་ལ་ལྟོས། །ལྟོས་ལས་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། གལ་ཏེ་རྒྱུ་མེད་ན་འབྲས་བུའི་ཐ་སྙད་མི་འབྱུང་བ་ཙམ་ལ་འབྲེལ་པར་འདོད་པ་ཡིན་ནོ་ཞེ་ན། རྭ་གཡས་གཡོན་དང་སོགས་པ་ཕ་རོལ་ཚུ་རོལ་དང་རིང་ཐུང་རྣམས་ཀྱང་འབྲེལ་བར་འགྱུར་ཏེ། རྭ་གཡས་པ་སོགས་ལ་མ་ལྟོས་པར་གཡོན་པར་སོགས་ཀྱི་ཐ་སྙད་མི་འབྱུང་བའི་ཕྱིར་ཏེ། འབྲེལ་བརྟག་ལས། ཅི་སྟེ་དོན་གཅིག་འབྲེལ་བའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་བའི་ཕྱིར། །གཡས་གཡོན་རྭ་ཡང་དེ་གཉིས་འཐོབ། །ཅེས་སོགས་གསུངས་སོ། །ཐ་སྙད་ལྟོས་པ་ཙམ་མིན་གྱི་དོན་ཉིད་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་དོ་ཞེ་ན། དོན་ལ་མེད་ན་མི་འབྱུང་བའི་འབྲེལ་པ་རྫས་དང་ལྡོག་པ་བརྟགས་པས་ཁེགས་ཏེ། འདི་ལྟར་མེའི་རྫས་མེད་ན་དུ་བའི་རྫས་མི་འབྱུང་བ་ཡིན་ནམ། མེ་ཙམ་གྱི་ལྡོག་པ་མེད་ན་དུ་ཙམ་གྱི་ལྡོག་པ་མི་འབྱུང་བ་གང་ཡིན། དང་པོ་ལྟར་ན། མེའི་རྫས་ལ་གསུམ་ལས་མི་འདའ་བས། ད་ལྟར་མཐོང་བའི་དུ་བ་དེ་འདས་པའི་མེ་མེད་ན་མི་འབྱུང་བ་ཡིན་མོད། འབྲེལ་པ་ལས་དོན་ཐོབ་བྱེད་མིན་ཏེ་འགགས་པའི་ཕྱིར། མ་འོངས་པའི་མེ་ཐོབ་དུ་ཆུག་ནའང་རྒྱུ་མིན་པས་མེད་ན་མི་འབྱུང་བ་མིན་པར་ཐལ། ད་ལྟ་བ་ལ་མེད་ན་མི་འབྱུང་བ་དང་ཐོབ་པ་གཉིས་ཀ་མེད་དེ། དུས་མཉམ་པའི་ཕྱིར་རོ། །གཉིས་པ་ལྟར་མེ་དུད་ཀྱི་རྫས་སོ་སོར་མ་ཕྱེ་བར་ལྡོག་པ་མེད་ན་མི་འབྱུང་བ་ལ་འདོད་ན། དེ་རྟོག་པས་སྦྲེལ་བ་ཡིན་གྱི་དོན་གྱི་འབྲེལ་པར་མི་འཐད་དོ། །གཉིས་པ་ནི། རྒྱུ་འབྲས་རང་གི་མཚན་ཉིད་ལ་འབྲེལ་པ་མེད་ཀྱང་དེའི་རིགས་ལ་འབྲེལ་པ་ཡོད་དོ་ཞེ་ན། རིགས་དེ་ཅི་རྒྱུ་འབྲས་རང་མཚན་ཉིད་ཡིན་ན། སྔར་གྱི་སྐྱོན་ལས་འདས་པ་མེད་དེ། རང་མཚན་དུས་གསུམ་དུ་བརྟགས་ནས་བཀག་ཟིན་པའི་ཕྱིར། དེ་ལས་གཞན་པའི་རིགས་དངོས་པོ་བ་ཡོད་ན་བྱེ་བྲག་ལས་རྫས་ཐ་དད་ན་བྱེ་བྲག་པ་དང་། རྫས་གཅིག་ན་གྲངས་ཅན་ལ་བརྗོད་པའི་སྐྱོན་ཡོད་པའི་ཕྱིར་ཞེས་སྤྱི་དངོས་པོ་བ་འགོག་པའི་སྐབས་སུ་བཀག་ཟིན་ཏོ་སྟེ་དེ་ཕྱིར། གསུམ་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། འབྲེལ་པ་དོན་ལ་ཡོད་པ་འགོག་པའི་རིགས་པ་འདིས་ནི་ལྡན་པ་དང་། འདུ་བ་དང་། ཁྱད་པར་དང་ནི་ཁྱད་པར་ཅན་དང་། བྱེད་པ་དང་། ཕྲད་པའི་འབྲེལ་པ་ལ་སོགས་པ་རྫས་སུ་གྲུབ་པར་འདོད་པ་བཀག་པ་ཡིན་ནོ། །གཉིས་པ་ལ་ཕྱོགས་སྔ་མ་བརྗོད་པ་དང་། དེ་ཐམས་ཅད་ཕྱོགས་གཅིག་ཏུ་དགག་པ་གཉིས། དང་པོ་ནི། འཁར་གཞོང་ལ་ནི་རྒྱ་ཤུག་བརྟེན་པ་ལྟ་བུ་ངོ་བོ་ཐ་དད་རྒྱུ་འབྲས་སུ་མ་གྱུར་པའི་རྟེན་བརྟེན་པས་སྦྲེལ་བ་དེ་ནི་ལྡན་པའི་འབྲེལ་པའོ་ཞེས་ཟེར་རོ། །སྤྱི་ཤིང་ཙམ་ལ་སོགས་པ་རྟག་པ་གཅིག་པུའི་རྟེན་ལ་ཙནྡན་ལ་སོགས་པའི་མི་རྟག་པ་བརྟེན་པའི་འབྲེལ་པ་ནི་འཕྲོད་པ་འདུ་བའི་འབྲེལ་པ་ཞེས་གྲག་གོ །བྱས་པ་དང་མི་རྟག་པ་ལ་སོགས་པ་ཐ་དད་སྒྲ་དང་འབྲེལ་བའམ། ནོག་ལྐོག་ཤལ་རྭ་དང་རྨིག་བཞི་ལ་སོགས་པ་དཀར་ཟལ་སོགས་དང་འབྲེལ་པའམ། ཐགས་ཀྱི་རྒྱུ་སྤུན་སྣམ་བུ་སོགས་དང་འབྲེལ་པ་སོགས་ཆོས་ཐ་དད་མི་འདྲ་བ་ཐམས་ཅད་དོན་གཅིག་ལ་ནི་འདུ་བའི་འབྲེལ་པ་ཡིན་ཞེས་སྨྲ། དབྱུག་པས་དབྱུག་པ་ཅན་དུ་གོ་བ་ལ་སོགས་པ་ཐ་དད་གཞན་གྱིས་གཞན་གོ་བ་ལ་སོགས་པ་ཐམས་ཅད་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་པ་ཞེས་འདོད། འགགས་པའི་རྒྱུ་དང་ད་ལྟར་གྱི་འབྲས་བུ་གཉིས་འབྲེལ་པ་ནི་སྦྱོར་བའི་འབྲེལ་པ་ཡིན་ནོ་ལོ། །བདག་རྟག་པ་དང་བྱ་བ་མི་རྟག་པ་རྣམ་པ་གཉིས་ལ་བྱེད་པའི་འབྲེལ་པ་ཡོད་དོ་ལོ། །མིག་གིས་གཟུགས་ལ་ལྟ་བ་དང་ལུས་ཀྱིས་རེག་བྱ་འཛིན་པ་ལ་ཕྲད་པའི་འབྲེལ་པ་ཡིན་ཞེས་ཟེར། ཁུ་བྱུག་དང་ཁུ་རྟའམ་འཕྱི་བ་དང་བྱ་རྒོད་སོགས་རྗེ་ཁོལ་དང་། ངུར་པ་བཟའ་ཚོལ་ལ་ཁྱོ་ཤུག་དང་ལ་སོགས་པ་སྒྲ་དང་དོན་ལ་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་སོགས་རྣམ་པར་རྟོག་པས་སྤྲུལ་པའི་འབྲེལ་པ་རྣམས་ཀྱང་དོན་ལ་ཡོད་པ་ཡིན་ཞེས་རྨོངས་པ་སྨྲའོ། །གཉིས་པ་ལ། དོན་ལ་མ་གྲུབ་པ། བློ་ངོར་གྲུབ་ཀྱང་གཞན་དུ་མི་འཐད་པ་གཉིས། དང་པོ་ནི། དེ་དག་མི་འཐད་དེ། དོན་ལ་གྲུབ་པའི་འབྲེལ་པ་འདོད་པ་ནི་གཅིག་དང་ཐ་དད་བརྟགས་པས་ཁེགས་པའི་ཕྱིར་ཏེ། ལྡན་པ་དང་འདུ་བ་ལ་སོགས་པ་དེ་དག་དངོས་པོར་མེད་ན་དངོས་འབྲེལ་མི་སྲིད་ཅིང་། དངོས་པོར་ཡོད་ནའང་གཅིག་ཡིན་ན་ཐ་དད་མེད་ལ་ཐ་དད་ཡིན་ན་འདྲེ་བ་མེད་པས་འབྲེལ་པ་དོན་ལ་བཀག་ཟིན་པས་འདི་དག་ཀྱང་ཁེགས་ཟིན་ཏོ། །གཉིས་པ་ནི། ལྡན་པ་ཅན་ལ་སོགས་པ་ལའང་དོན་ལ་མེད་ཀྱང་ཁྱེད་རང་ལྟར་གཞན་སེལ་གྱིས་སྦྲེལ་ན་བློ་ངོར་བསྒྲུབ་བྱ་གོ་བྱེད་ཀྱི་འབྲེལ་པ་ཡིན་ནོ་ཞེ་ན། མི་འཐད་དེ། ལྡན་པ་ཅན་སོགས་ལ་གནོད་བྱེད་ཡོད་པས་འབྲེལ་པར་མི་རུང་ལ། གལ་ཏེ་གནོད་བྱེད་མེད་ན་འབྲེལ་པ་བློ་ངོར་གྲུབ་མོད་བདག་གཅིག་དེ་བྱུང་གི་འབྲེལ་པ་གཉིས་པོར་འདུས་པས་གཞན་དུ་མི་འཐད་དོ། །གནོད་བྱེད་ཇི་ལྟར་ཡོད་ཅེ་ན། འཁར་གཞོང་དང་རྒྱ་ཤུག་དུས་མཉམ་པ་ལ་ནི་འབྲེལ་པ་མེད་ཅིང་། སྐད་ཅིག་སྔ་མའི་འཁར་གཞོང་ལས་སྐད་ཅིག་ཕྱི་མའི་རྒྱ་ཤུག་སྐྱེ་བ་ནི་དེ་བྱུང་གི་འབྲེལ་པར་འདུས་པའི་ཕྱིར་དང་། བྱས་མི་རྟག་སོགས་སྒྲ་དང་འབྲེལ་པ་ནི་བདག་གཅིག་དང་། ནོག་ལྐོག་ཤལ་སོགས་སྔ་མ་ལས་ཚོགས་པ་ཅན་གྱི་ཕྱི་མ་སྐྱེ་བ་ནི་དེ་བྱུང་དང་། རྒྱུ་སྤུན་གྱི་དུས་སུ་སྣམ་བུ་ནི་སྣང་རུང་མ་དམིགས་པས་ཁེགས་ཤིང་། རྒྱུ་སྤུན་སྔ་མ་ལས་སྣམ་བུ་ཕྱི་མ་སྐྱེ་བ་ནི་དེ་བྱུང་དང་། སྐྱེས་བུ་དང་དབྱུག་པ་དུས་མཉམ་པ་ལ་འབྲེལ་པ་མེད་ཅིང་། སྐད་ཅིག་སྔ་མའི་སྐྱེས་བུ་དང་དབྱུག་པ་ལས་དབྱུག་པ་ཅན་ཕྱི་མ་སྐྱེ་བ་ནི་དེ་བྱུང་གི་འབྲེལ་པར་སྐྱེ་བའི་ཕྱིར་དང་། རྒྱུ་འགགས་པ་དང་འབྲས་བུ་ད་ལྟ་བ་ལ་འབྲེལ་པ་དོན་ལ་མ་གྲུབ་ཅིང་། གཞན་སེལ་གྱི་བློས་སྦྲེལ་བ་ནི་དེ་བྱུང་གི་འབྲེལ་པར་འདུས་ཤིང་། དེ་ལས་གཞན་རྣམས་ལ་ནི་སེལ་ངོར་ཡང་འབྲེལ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཀྱི་གྲགས་པས་བོར་པ་ཡི། །ཞེས་སོགས་ཚིགས་བཅད་གཅིག་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བློ་ངོར་འབྲེལ་པ་བསྒྲུབ་པ་ལ། བློས་ཇི་ལྟར་སྦྲེལ་བའི་ཚུལ་དང་། དེ་ལ་རྩོད་སྤང་གཉིས། དང་པོ་ནི། དོན་ལ་འབྲེལ་པ་མི་སྲིད་མོད། བློ་ངོར་འབྲེལ་པ་གྲུབ་པར་འཐད་དེ། དཔེར་ན་བུམ་པའི་རང་མཚན་གཅིག་ཉིད་ལ་ཐ་དད་དུ་འབྱེད་པའི་གཞན་སེལ་གྱིས། ལྟོ་ལྡིར་བ་མིན་པ་དང་། སྐད་ཅིག་མ་མིན་པ་དང་། རྒྱུ་རྐྱེན་གྱིས་སྐྱེད་པ་མིན་པ་སྤོང་བའི་རྣམ་པ་ཅན་གྱི་སྒྲ་དང་རྣམ་རྟོག་གི་ཡུལ་ལ་བུམ་པ་དང་མི་རྟག་པ་དང་བྱས་པའི་ལྡོག་པ་གསུམ་དུ་དབྱེ་ལ། དེ་དག་གཅིག་ཏུ་སྡུད་པའི་གཞན་སེལ་གྱིས་གཅིག་ཏུ་བཟུང་བ་ལ་བདག་གཅིག་པའི་འབྲེལ་པ་ཞེས་བཏགས་ལ། དེ་བཞིན་དུ་སྔར་མཐོང་བའི་མེ་དང་། ཕྱིས་མཐོང་བའི་དུ་བ་གཉིས་མེད་ན་མི་འབྱུང་བར་མངོན་སུམ་དང་མ་དམིགས་པ་སྔོན་འགྲོའི་རྟོག་པས་སྦྲེལ་བ་ཡིས་ཆ་ལ་དེ་བྱུང་གི་འབྲེལ་པར་བཏགས་ལ། འབྲེལ་པ་གཉིས་པོ་ལ་བརྟེན་པའི་རྟགས་རྣམས་ཀྱིས་འཇུག་ཡུལ་སྒྲུབ་པའི་ཕྱིར་ཏེ། དེའང་འབྲེལ་བརྟག་ལས། མངོན་སུམ་མ་དམིགས་པ་དག་ལས། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །འབྲེལ་པའི་དོན་བཞིན་ཡང་དག་དོན། །སྟོན་པའི་རྣམ་རྟོག་ལོག་པ་ཡིན། །ཞེས་གསུངས་སོ། །དེ་དག་ཀྱང་བློའི་ཆོས་རང་དགའ་བས་རྒྱུ་མཚན་མེད་པར་དབྱེ་བསྡུ་བྱས་པ་ནི་མིན་ཏེ། སྒྲ་དང་རྣམ་རྟོག་གི་ཡུལ་ཐ་དད་དང་འཇིག་རྟེན་ལ་ཇི་ལྟར་གྲགས་པའི་ཐ་སྙད་བཞིན་དུ་བྱས་པའི་ཕྱིར་ཏེ། འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །ཞེས་སོགས་གསུངས་སོ། །གཉིས་པ་ལ་བློས་བདག་གཅིག་པར་སྦྲེལ་བ་ལ་རྩོད་པ་སྤང་བ། དེ་ལས་བྱུང་བ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བྱས་པ་དང་མི་རྟག་པ་དེ་དག་བློས་སྦྲེལ་བ་ལྟར་དོན་ལ་གྲུབ་ན། དོན་ལ་འབྲེལ་བ་མེད་ཅེས་བརྗོད་ཀྱང་ཡོད་པ་ཡིན་པར་འགྱུར་ལ། བློས་སྦྲེལ་བ་དེ་དག་དོན་ལ་མ་གྲུབ་ན་བྱས་པ་དེ་སྒྲ་མི་རྟག་པ་ལྟ་བུ་དོན་གྱི་སྒྲུབ་བྱེད་མིན་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། རྟོག་པས་བཏགས་པ་ལ་སྒྲ་ལ་བྱས་མི་རྟག་ལྟ་བུ་བློ་ཆོས་དེ་མཐོང་བས་དོན་ཆོས་ལ་འཇུག་ཏུ་རུང་བ་དང་སྒྲ་མ་བྱས་རྟག་པ་ལྟ་བུ་དོན་ཆོས་ལ་མི་འཇུག་པ་སྟེ་རྣམ་པ་གཉིས་ཡོད་པ་ལས་འཇུག་པས་འཇུག་ཡུལ་རང་མཚན་ཐོབ་པ་ཡིན་པས་ན་དེ་ལ་འབྲེལ་བ་ཉིད་དུ་རུང་ཞིང་། ཅིག་ཤོས་མི་ཤེས་པས་འཇུག་ཡུལ་མི་ཐོབ་པས་འབྲེལ་བ་རུང་བ་མིན་པའི་ཕྱིར་ཏེ། ནོར་བུ་སྒྲོན་མེའི་འོད་དག་ལས། །ཞེས་གསུངས་སོ། །གཉིས་པ་ནི། འབྲེལ་ཡུལ་མེའི་སྟེང་ན་འབྲེལ་བ་མེད་ཀྱང་འབྲེལ་ཆོས་དུ་བའི་སྟེང་ན་འབྲེལ་བ་ཡོད་དེ་དུ་བ་འདི་མེ་དེ་མེད་ན་མི་འབྱུང་བ་དོན་ལ་མེད་ན་དུ་བ་དེ་ནི་རྒྱུ་མེད་དུ་འགྱུར་ལ་ཡོད་ན་དེ་ཉིད་དངོས་པོ་ཡི་འབྲེལ་བ་ཉིད་དུ་འགྱུར་བའི་ཕྱིར་ཏེ་ཞེ་ན། དོན་རང་མཚན་གྱི་དུ་བ་དེ་མེ་མེད་ན་མི་བྱུང་བ་ཙམ་ཞིག་ཡོད་མོད་ཀྱི། དེ་ཙམ་གྱིས་འབྲེལ་བ་དོན་ལ་ཡོད་པར་མི་འགྲུབ་སྟེ། སྔར་གྱི་མེ་མེད་ན་ཕྱིས་ཀྱི་དུ་བ་མི་འབྱུང་ཞེས་གཟུང་ནས་སྦྲེལ་བ་ནི་རྟོག་པ་མིན་པས་སྦྲེལ་མི་ནུས་པའི་ཕྱིར་ཏེ། རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད། །ཅེས་གསུངས་སོ། །གསུམ་པ་འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་ལ། མཚན་ཉིད་སྒྲུབ་ལ། མཚན་གཞི་ངོས་གཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་གསུམ་མོ། །དང་པོ་ལ། བདག་གཅིག་པ་དང་། དེ་བྱུང་གི་འབྲེལ་བ་སྒྲུབ་པ་གཉིས། དང་པོ་ནི། ལྡོག་པ་ཐ་དད་དོན་ལ་གཅིག་ཏུ་ཡོད་པར་ཚད་མ་གང་གིས་འགྲུབ་ཅེ་ན། འདི་ལ་ཐ་སྙད་བསྒྲུབ་པ་དང་། དོན་བསྒྲུབ་ཀྱི་འབྲེལ་བ་སྒྲུབ་པ་གཉིས། དང་པོ་ནི། མཚན་ཉིད་ནོག་ལྐོག་ཤལ་དང་མཚོན་བྱ་བ་གླང་གི་མཚན་ཉིད་ཀྱི་བདག་གཅིག་གི་འབྲེལ་བ་ཡང་ནོག་ལྐོག་ཤལ་དང་ལྡན་པ་འདི་ཉིད་བ་གླང་ངོ་ཞེས་མིང་དོན་གཅིག་ཏུ་འཁྲུལ་པས་དངོས་པོ་བདག་གཅིག་པ་ཉིད་དུ་བརྟགས་པས་འགྲུབ་ཀྱི་དེ་ལས་གཞན་དུ་དོན་ལ་མཚན་མཚོན་གཉིས་གཅིག་ཏུ་ཡོད་པ་མིན་ཏེ། མཚོན་བྱ་སྒྲོ་བཏགས་དོན་ལ་མེད་པའི་ཕྱིར། སྤྱི་ཤིང་དང་བྱེ་བྲག་ཤ་པའི་འབྲེལ་བ་ཡང་ལྡོག་པ་ཆིག་རྐྱང་དང་ཉིས་ཚོགས་གཅིག་ཏུ་འཁྲུལ་པས་དེ་གཉིས་དངོས་པོ་སྟེ་བདག་གཅིག་པ་ཉིད་དུ་བརྟགས་པ་སྟེ་བརྡ་ཆད་བྱས་པས་འགྲུབ་ཀྱི་གཞན་དུ་དོན་ལ་སྤྱི་བྱེ་བྲག་རྫས་གཅིག་པ་མིན་ཏེ། དེ་བཀག་ཟིན་པའི་ཕྱིར། གཉིས་པ་ནི། བྱས་ཡོད་དང་མི་རྟག་པ་གཅིག་ཡིན་པར་གང་གིས་འགྲུབ་ཅེ་ན། འདི་ལ་གསུམ་སྟེ། རྩ་བའི་རྟགས་བཀོད་པ། སྦྱོར་བའི་དོན་བཟུང་བ། མ་ངེས་པ་སྤོང་བའོ། །དང་པོ་ནི། གང་ཡོད་པ་དེ་དངོས་པོ་ཡིན་པ་དེ་སྐད་ཅིག་གིས་འཇིག་སྟེ། བུམ་པ་བཞིན། སྒྲ་ཡང་ཡོད་པ་ཡིན་ནོ་ཞེས་པ་ནི་རང་བཞིན་གྱི་རྟགས་སོ། །གཉིས་པ་སྦྱོར་བའི་དོན་ངེས་པར་བྱ་བ་ལ་གསུམ་ཡོད་པ་ནི་རང་འགྲེལ་ལས་ཤེས་སོ། །གསུམ་པ་མ་ངེས་པ་སྤོང་བ་ལ། ལྟོས་མེད་དང་། གནོད་པ་ཅན་གྱི་རྟགས་སོ། །དང་པོ་ལ་རྟགས་དགོད་པ་དང་། དེ་ལ་གནོད་པ་སྤང་བ་གཉིས། དང་པོ་ནི། གང་སྐྱེས་པ་རྣམས་ཁོ་ན་སྐད་ཅིག་གཉིས་པར་མི་སྡོད་པའི་ངང་ཅན་ཡིན་པས་འཇིག་པ་ཡིན་གྱི། དེ་ལ་འཇིག་པར་བྱེད་པའི་རྒྱུ་གཞན་མི་དགོས་ཏེ། སྐད་ཅིག་གཉིས་པ་སྐྱེས་པ་ན་སྐད་ཅིག་དང་པོ་ལ་ཞིག་པ་ཞེས་མིང་གདགས་ཀྱི་བཤིག་ནས་ཞིག་ཅེས་བྱ་བའི་ཆོས་གྲུབ་པ་ཅི་ཡང་མེད་དོ། །རྒྱུ་མེད་ཕྱིར་ན་འཇིག་པ་ནི། །ཞེས་སོགས་གསུངས་སོ། །རྟགས་ནི། ངོ་བོ་གང་རྒྱུ་གཞན་ལ་ལྟོས་པ་མེད་པ་སྟེ། དེའི་ངོ་བོ་ལ་ངེས་པ་ཡིན་ཏེ། རྒྱུ་ཚོགས་པ་ཐ་མས་འབྲས་བུ་སྐྱེས་པ་གཞན་ལ་མི་ལྟོས་པ་བཞིན་ནོ། །དངོས་པོ་འཇིག་པའང་རྒྱུ་གཞན་ལ་ལྟོས་པ་མེད་དོ་ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །གཉིས་པ་ལ་མ་གྲུབ་པ་སྤང་། མ་ངེས་པ་སྤང་། ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ནི། བུམ་པའམ་ཤིང་ཡོད་པ་ཙམ་གྱིས་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་འཇིག་པ་འདི་ནི་མ་གྲུབ་སྟེ། ཐོ་བའམ་མེ་ལྟ་བུ་རྒྱུ་གཞན་ལ་ལྟོས་ནས་དེ་དག་འཇིག་པའི་ཕྱིར་རོ་ལོ། །འཇིག་པར་བྱ་རྒྱུའི་དངོས་པོ་བུམ་སོགས་དང་། ཞིག་ནས་མེད་པ་དངོས་མེད་གཉིས་ཀ་ལ་འཇིག་པའི་སྒྲ་དོན་འཇུག་མོད་ཀྱི་གཉིས་ཀ་ལའང་འཇིག་རྒྱུ་དོན་གཞན་མི་དགོས་ཏེ། དང་པོ་ནི་དངོས་པོ་ཉིད་ཡིན་པས་དངོས་པོའི་རྒྱུ་ལས་གཞན་ལ་མི་ལྟོས་སོ། །གཉིས་པ་ནི། དངོས་མེད་ཡིན་པས་རྒྱུ་གཏན་མེད་ཡིན་པའི་ཕྱིར་རོ། །འདིར་རྣམ་པར་བརྟགས་ལ་དགག་སྟེ། ཐོ་བ་ལ་སོགས་པའི་རྒྱུས་བུམ་པ་འཇིག་པར་བྱེད་ན། འཇིག་པ་དེ་ཅི་དངོས་མེད་ཡིན་ནམ་དངོས་པོ་ཡིན། དང་པོ་ལྟར་ན་རྒྱུ་ལ་མི་ལྟོས་ལ། གལ་ཏེ་ལྟོས་ན་དངོས་མེད་དུ་འདོད་ཀྱང་དངོས་པོར་འགྱུར་ཏེ་མྱུ་གུ་བཞིན་ནོ། །གཉིས་པ་ལྟར་དངོས་པོ་ཡིན་ནའང་། བུམ་པ་རང་ངམ་གཞན་ཡིན། དང་པོ་ལྟར་ན་བུམ་པ་བྱེད་པ་ལ་རྒྱུ་གཞན་ཅི་ཞིག་དགོས་ཏེ་མི་དགོས་པར་ཐལ། རང་གྲུབ་ཟིན་པའི་ཕྱིར་གཉིས་པ་ལྟར་ན་འཇིག་རྒྱུ་ཐོ་བ་དེས་བུམ་པ་ལས་གཞན་ཐོ་བའམ། གྱོ་མོའམ། དེ་གཉིས་ལས་གཞན་ཞིག་བྱེད་པ་རྟགས་གྲང་ངོ་། །ཐོ་བ་རང་ཐོ་བས་བྱེད་པ་མི་སྲིད་ལ། གཉིས་པ་ལྟར་ན་བུམ་པའི་ཉེར་ལེན་དང་། ཐོ་བའི་ལྷན་ཅིག་བྱེད་རྐྱེན་ལས་གྱོ་མོ་སྐྱེ་བར་ཁོ་བོའང་འདོད་ལ། གསུམ་པ་ལྟར་ན་ཕྱིས་རྒྱུ་ཐོ་བ་དེས་བུམ་པ་དེ་མི་འཇིག་པར་ཐལ། གཉིས་ལས་གཞན་ཞིག་བྱས་པས་སོ། །དེས་ན་བུམ་པ་འཇིག་པར་ནི་ཡུ་བུ་གཉིས་ཀ་འདོད་ལ། འཇིག་པ་ལ་རྒྱུ་གཞན་མི་དགོས་པར་ཚད་མས་གྲུབ་པས་འཇིག་པ་རྒྱུ་ལ་ལྟོས་མེད་དུ་གྲུབ་བོ། །དེའང་། དེས་ན་འབྲས་གནས་མེད་པའི་ཕྱིར། །ཞེས་གསུངས་སོ། །གཞན་ཡང་། འཇིག་པ་ཞེས་བྱ་བ་དངོས་པོའི་ངོ་བོ་མེད་པར་བྱེད་པ་ལ་བསམས་ནས་མེད་པ་རྒྱུས་བྱེད་དོ་ཞེས་སྨྲ་ན། དེས་འཇིག་པ་རྒྱུ་གཞན་ལ་ལྟོས་པ་མེད་པར་ཤུགས་ལ་གྲུབ་སྟེ། འདི་ལྟར་དངོས་མེད་རྒྱུ་ཡིས་བྱེད་པ་དང་རྒྱུ་ཡིས་ཅི་ཡང་མི་བྱེད་པ་དོན་མཚུངས་པའི་ཕྱིར་དཔེར་ན་མེད་པ་ལ་ལྟ་བ་དང་བལྟ་རྒྱུ་མེད་པ་བཞིན། དེའང་། དེ་རྒྱུ་ནུས་པ་མེད་ཕྱིར་ཡང་། །ཞེས་གསུངས་སོ། །གཉིས་པ་ལ་རྒྱུ་འབྲས་རིགས་མཐུན་གྱིས་མ་ངེས་པ་སྤང་བ། རྒྱུ་འབྲས་རིགས་མི་མཐུན་གྱི་མ་ངེས་པ་སྤང་བ་གཉིས། དང་པོ་ནི། ལྟོས་མེད་ཀྱི་གཏན་ཚིགས་འདི་ཡང་མ་ངེས་པ་ཡིན་ཏེ། ས་བོན་དང་ཆུ་ལུད་ཀྱི་ཚོགས་པ་ཚང་ན་རྒྱུ་གཞན་ལ་ལྟོས་མེད་དུ་ཟིན་ཡང་མྱུ་གུ་མི་སྐྱེད་པ་མཐོང་བ་བཞིན་ནོ་ལོ། །དཔེ་དེས་མ་ངེས་པ་མིན་ཏེ། ས་བོན་སོགས་ཀྱི་ཚོགས་པ་དེ་དག་ནུས་པ་ཁྱད་པར་ཅན་དུ་འགྱུར་བ་ལ་ལྟོས་པས་ལྟོས་མེད་ཀྱི་རྟགས་མ་ཞུགས་པའི་ཕྱིར། འོ་ན་བྱས་པ་ལའང་འཇིག་པ་ཡོད་དུ་ཟིན་ཡང་དེ་དུས་གཞན་ལ་ལྟོས་སོ་ཞེ་ན། དུས་ལ་ལྟོས་ན་བྱས་པ་དེ་རང་གི་ངང་གིས་འགྱུར་ན་ནི་འཇིག་པ་ཕྱིས་རྒྱུ་གཞན་ལ་ལྟོས་མེད་དུ་གྲུབ་ལ། དེ་ལྟར་མི་འགྱུར་བར་དུས་གཞན་གྱི་བར་དུ་གནས་ན་ནི་སྔར་བཞིན་ཕྱིས་ཀྱང་འཇིག་མེད་དུ་གནས་པར་ཐལ། སྐད་ཅིག་གཉིས་པར་མ་ཞིག་པར་གནས་ན་རྟག་པ་ལས་མ་འདས་པའི་ཕྱིར། གལ་ཏེ་ས་དང་ས་བོན་སོགས་ཀྱི་ཚོགས་པ་འགྱུར་མེད་གཅིག་ཡིན་པས་འགྱུར་བ་ལ་ལྟོས་པའི་གཏན་ཚིགས་འདི་ནི་མ་གྲུབ་པ་ཡིན་ནོ་ལོ། །ཚོགས་པས་ཕྱི་ནས་མྱུ་གུ་སྐྱེད་པ་ལྟར་དང་པོ་ནས་སྐྱེ་བར་འགྱུར་ཏེ། ཚོགས་པ་སྔ་ཕྱི་གཅིག་ཡིན་པའི་ཕྱིར། གལ་ཏེ་ཚོགས་པ་སྔ་ཕྱི་གཅིག་ཉིད་ཡིན་ན་ཡང་དང་པོ་ཚོགས་ཙམ་ནས་མྱུ་གུ་སྐྱེད་པར་མ་ངེས་ཏེ། དེ་ལ་གེགས་ཡོད་པའི་ཕྱིར་ཞེ་ན། ཚོགས་པ་སྔ་ཕྱི་གཉིས་གཅིག་ཏུ་འདོད་ཀྱང་གཉིས་སུ་འགྱུར་ཏེ། གེགས་ཅན་དང་གེགས་མེད་ཐ་དད་ཡིན་པའི་ཕྱིར། གཉིས་པ་ནི། ལྟོས་མེད་ཀྱི་གཏན་ཚིགས་འདི་ནི་མ་ངེས་པ་སྟེ། ནས་མྱུག་གི་རྒྱུ་ཚོགས་སཱ་ལུ་ཡི་མྱུ་གུ་སྐྱེད་པ་ལ་ལྟོས་ནས་ལྟོས་མེད་ཀྱི་རྟགས་ཞུགས་ཀྱང་དེས་སཱ་ལུ་ཡི་མྱུ་གུ་མི་སྐྱེད་པས་ལོ་ཞེ་ན། ལྟོས་མེད་ཡིན་པའི་རྟགས་མ་གྲུབ་སྟེ། ནས་ཀྱི་ས་བོན་དང་ཆུ་ལུད་སོགས་ཀྱི་ཁྲོད་དུ་སཱ་ལུ་ཡི་མྱུ་གུ་སྐྱེ་བ་སཱ་ལུ་ཡི་ས་བོན་ལ་ལྟོས་པའི་ཕྱིར། འོ་ན་བྱས་པའམ་ཡོད་པ་སྟེ་དངོས་པོ་ཡང་སྐད་ཅིག་རེ་རེ་ལ་འཇིག་པ་མིན་ཏེ། འཇིག་པའི་རྒྱུ་ཐོ་བ་སོགས་ལ་ལྟོས་པའི་ཕྱིར་ཞེ་ན། དེ་གཉིས་མི་མཚུངས་ཏེ་ནས་དང་སཱ་ལུ་ཡི་མྱུ་གུ་སྐྱེ་བ་ནི་རང་རང་གི་རྒྱུ་ལ་ལྟོས་ལ། འཇིག་པ་དངོས་པོ་ཡིན་ན་རང་རྒྱུ་ལས་སྐྱེ་བས་རྒྱུ་གཞན་ལ་མི་ལྟོས་སོ། །འཇིག་པ་དངོས་མེད་ཡིན་ན་རྒྱུ་གཞན་མི་དགོས་སོ། །དེས་ན་འཇིག་པ་ལ་བྱེད་པ་པོ་གཞན་མི་དགོས་སོ། །གསུམ་པ་ནི། འཇིག་པ་རྒྱུ་མེད་ཅན་ཡིན་ནའང་། །ཞེས་སོགས་གསུངས་པ་ལྟར་རོ། །རིག་བྱེད་པ་ན་རེ། འཇིག་པ་ལ་རྒྱུ་མེད་ན་དངོས་མེད་དུ་འགྱུར་ལ། དེ་ལྟར་རྟག་པར་འགྱུར་ཞིང་། དེ་ལྟར་ན་བུམ་པ་མི་རྟག་པ་དང་འཇིག་པ་རྒྱུ་མེད་རྟག་པ་དངོས་འགལ་གཉིས་བུམ་པའི་སྟེང་དུ་རྫས་ཏེ་ངོ་བོ་གཅིག་ཏུ་ཡོད་པར་འགྱུར་བ་དང་། རྒྱལ་དཔོག་པ་ན་རེ། གལ་ཏེ་འཇིག་པ་རྒྱུ་མེད་ཡིན་ན་སྔར་ངེད་ལ་བཀོད་པ་ལྟར། འཇིག་པ་དེ་དངོས་པོ་དེ་ཉིད་དུ་ཡོད་དམ། གཞན་ཉིད་དུ་ཡོད། གཉིས་ཀ་ཡང་མི་འཐད་དེ། དང་པོ་ལྟར་ན་ཞིག་པ་དངོས་པོ་ཡིན་པའི་ཕྱི་མ་ཞིག་པར་འགྱུར་ལ། གཉིས་པ་ལྟར་ན་ཤིང་བསྲེགས་པ་དང་། བུམ་པ་བཅོམ་པའི་འོག་ཏུ་དེ་དག་མཐོང་བར་ཐལ་བའི་ཕྱིར་རོ་ཞེས་པ་དང་། བྱས་པའམ་དངོས་པོར་མཚུངས་པ་ལ་རྟག་མི་རྟག་གཉིས་མི་སྲིད་ན། དངོས་པོ་མཉམ་པ་ལ། རང་གི་ཡུལ་དུ་དངོས་པོ་གཞན་སྐྱེ་བའི་གེགས་བྱེད་པའི་བུམ་པ་ལྟ་བུ་ཐོགས་བཅས་དང་། གེགས་མི་བྱེད་པའི་བློ་ཐོགས་མེད་གཉིས་མེད་པར་མཚུངས་ཞེས་པ་ཡིས་ཐལ་བ་གསུམ་གྱིས་ལྟོས་མེད་ཀྱི་སྐབས་འདིར་མི་གནོད་དེ་འདི་ལྟར་ཞིག་པ་ལ་རྒྱུ་མེད་པས་དངོས་མེད་ཡིན་ཡང་ངོ་བོ་ཉིད་ཀྱིས་གྲུབ་པའི་རྟག་པར་མི་འདོད་དེ། དངོས་མེད་ལ་ངོ་བོ་མེད་ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་རྟག་མི་རྟག་གི་དཔྱད་པ་དངོས་པོ་ཁོ་ན་ལ་འཇུག་པའི་ཕྱིར། དེས་ན་རྟག་མི་རྟག་ངོ་བོ་གཅིག་པའི་སྐྱོན་ལས་གྲོལ་ལོ། །མེད་པ་རྟག་ཉིད་གང་ལས་ཡིན། །ཞེས་གསུངས་སོ། །ཡང་ཞིག་པ་དངོས་པོར་འདོད་ན་དངོས་པོ་ལ་གཅིག་དང་ཐ་དད་གཉིས་ལས་མི་འདའ་བས་བརྟག་པ་དེ་འཇུག་གི འདིར་འཇིག་པ་ངོ་བོ་མེད་པ་ལ་གཅིག་གམ་ཐ་དད་ཀྱི་སྐྱོན་མི་འབྱུང་སྟེ། དེ་ཡི་ཅུང་ཟད་འགྱུར་མེད་དེ། །ཞེས་སོགས་གསུངས་སོ། །ཡང་མི་མཚུངས་ཏེ། བྱས་པར་སྐྱེས་ཙམ་ཉིད་མི་རྟག་པ་ཉིད་ཡིན་གྱི། དེ་ལ་རྟག་མི་རྟག་ཏུ་སྐྱེད་པའི་རྒྱུ་ཐ་དད་མེད་ལ། ཐོགས་བཅས་ཐོགས་མེད་གཉིས་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་ཏེ། ཇི་ལྟར་སྐྱེ་ལྡན་དགའ་ཞིག་ཉིད། །ཅེས་སོགས་དང་། རྒྱུ་ཡི་རང་བཞིན་ངེས་པ་ལས། །ཞེས་སོགས་གསུངས་སོ། །གཉིས་པ་གནོད་པ་ཅན་གྱི་རྟགས་ལ། ཕྱོགས་སྔ་མ་དང་། དེ་དགག་པ་གཉིས། དང་པོ་ནི། དབང་ཕྱུག་པ་ལ་སོགས་པ་ཁ་ཅིག བྱ་རོག་ཕལ་ཆེར་ནག་པོར་མཐོང་ཡང་བརྒྱ་ལ་དཀར་པོ་སྲིད་པ་ལྟར། དངོས་པོའི་ནུས་པ་སྣ་ཚོགས་པས་བུམ་པ་ལ་སོགས་པའི་དངོས་པོར་ཕལ་ཆེར་མི་རྟག་ཀྱང་དབང་ཕྱུག་ལ་སོགས་པའི་དངོས་པོ་འགའ་ཞིག་རྟག་པར་སྐྱེ་བ་མི་འགལ་ལ། དེ་ཕྱིར་བུམ་པ་ལ་སོགས་པ་རྒྱུན་གྱི་མཐར་འཇིག་པར་མཐོང་བ་འདི་དག་ལ་ལྟོས་མེད་ཀྱིས་འགྲུབ་ཀྱང་། དབང་ཕྱུག་སོགས་རང་བྱུང་ཡིན་པས་བྱས་པའི་རྟགས་མ་གྲུབ་ལ་རྟག་པ་ཡིན་པས་ཐ་མར་འཇིག་པ་མ་མཐོང་བའི་ཕྱིར་ལྟོས་མེད་ཀྱིས་མི་རྟག་པར་མི་འགྲུབ་པས་ཡོད་པའི་རྟགས་གྲུབ་ཀྱང་མི་རྟག་པའི་བསྒྲུབ་བྱ་མི་འགྲུབ་བོ། །དེས་ན་མི་མཐུན་ཕྱོགས་ལ་རྟགས་ཞུགས་པས་མ་ངེས་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་བརྟགས་ན་མི་འཐད་པ། དེ་རྟགས་ཀྱིས་སྒྲུབ་པ། རྟགས་དགོད་པའི་རིམ་པའོ། །དང་པོ་ནི། ཁྱེད་རྟག་པར་འདོད་པའི་དབང་ཕྱུག་དེས་དོན་བྱེད་མི་ནུས་ན་ཡོད་པར་མིང་བཏགས་ཀྱང་དངོས་མེད་ཡིན་པའི་ཕྱིར། མིང་ལ་མི་བརྩོད་དེ། ཡོད་པ་དང་རྟག་པའི་གཞི་མཐུན་མེད་པའི་དོན་ལ་མཐུན་པའི་ཕྱིར། གལ་ཏེ་ནུས་ན་དེས་བྱ་བ་བྱེད་པའི་ཚེ་སྔར་གྱི་རང་བཞིན་ལས་འགྱུར་རམ་མི་འགྱུར། འགྱུར་ན་རྟག་པ་ཡིན་པ་ཉམས་ལ། འགྱུར་བ་མེད་ན་བྱ་བ་བྱེད་པ་འགལ་ཏེ། དོན་མི་བྱེད་པའི་སྐབས་ལས་མ་འགྱུར་བའི་ཕྱིར། གཉིས་པ་ལ་རྟགས་དགོད་པ། སྦྱོར་བའི་དོན་ངོས་བཟུང་བ། རྟགས་ཀྱི་རིགས་ངོས་བཟུང་བའོ། །དང་པོ་ནི། གང་དང་གང་དོན་བྱེད་ནུས་པ་མིན་པ་དེ་དངོས་མེད་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་ལ་སོགས་པའི་རྟག་པའང་དོན་བྱེད་ནུས་པས་སྟོང་ངོ་ཞེས་པའོ། །གཉིས་པ་ལ་ཆོས་ཅན། བསྒྲུབ་བྱ། གཏན་ཚིགས་སོ། །དང་པོ་ལ་གཉིས་ལས་རང་ལུགས་ནི། ཆོས་ཅན་ནི་དབང་ཕྱུག་རྟག་པ་ལ་སོགས་པའི་སྒྲ་དོན་ལ་རང་མཚན་དུ་བཟུང་བའི་ཆ་གཞན་སེལ་བ་ཡིན་ནོ། །གཉིས་པ་ནི། དངོས་པོའམ་བྱས་པ་བཀག་པའི་མེ་དགག་ཉིད་བསྒྲུབ་བྱའི་ཆོས་ཡིན་ནོ། །གསུམ་པ་ལ། ཕྱོགས་ཆོས་དང་། ཁྱབ་པ་སྒྲུབ་པ་གཉིས། དང་པོ་ལ་དགག་གཞག་སྤང་གསུམ། དང་པོ་ལ། མངོན་སུམ་གྱིས་གྲུབ་པ་དགག རང་རིག་གཅིག་པུས་གྲུབ་པ་དགག་པའོ། །དང་པོ་ནི། ལོ་ཙཱ་བ་ན་རེ། རྟག་པ་ལ་རིམ་དང་ཅིག་ཆར་གྱིས་དོན་བྱེད་ནུས་པས་སྟོང་པའི་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་སྟེ། དགག་གཞི་རྟག་པ་འགྱུར་མེད་ལ་རྟོག་པ་དང་། དགག་བྱ་དོན་བྱེད་པ་ལ་རྟོག་པའི་རྟོག་པ་གཉིས་འཛིན་སྟངས་འགལ་བར་སྣང་བའི་རང་རིག་གིས་མྱོང་བའི་ཤུགས་ལས་ཡུལ་གཉིས་འགལ་བར་གྲུབ་པས་རྟག་པ་ལ་དོན་བྱེད་ནུས་པ་ཁེགས་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། དགག་པ་བྱེད་པ་ལ་དགག་བྱ་འཛིན་པའི་ཚད་མ་སྐྱེ་བས་ཁྱབ་པ་མི་དགོས་པའི་ཕྱིར་རོ། །གཉིས་པ་ནི། ལ་ལ་སྟེ་གཙང་ནག་པ་ན་རེ། རྟག་པ་ལ་དོན་བྱེད་ནུས་པས་སྟོང་པའི་ཕྱོགས་ཆོས་ནི་རྟག་པ་འགྱུར་མེད་དུ་ངེས་པའི་རྟོག་པ་མྱོང་བའི་རང་རིག་མངོན་སུམ་གཅིག་ཉིད་ཀྱིས་གྲུབ་པ་ཡིན་ཏེ། དེས་རང་གི་ཡུལ་འགྱུར་མེད་ཀྱི་རྣམ་པར་གྲུབ་པས་འགྱུར་བ་ཙམ་ཁེགས་པ་ན་རིམ་དང་ཅིག་ཆར་གྱི་དོན་བྱེད་པ་ཡང་ཁེགས་པའི་ཕྱིར་ལོ། །དེ་ལྟར་ན། མུ་སྟེགས་བྱེད་ལ་རྟག་པ་བྱེད་པ་པོར་འཛིན་པའི་ལོག་པར་རྟོག་པ་ཉིད་ཀྱང་སྐྱེ་མི་སྲིད་པར་འགྱུར་ཏེ། བློ་གཅིག་ཉིད་ཀྱིས་རྟག་པ་ལ་དོན་བྱེད་པ་ཁེགས་པའི་ཕྱིར། གཉིས་པ་རང་ལུགས་ལ་རྟགས་དགོད་པ་ནི། མངོན་སུམ་གྱིས་མ་གྲུབ་པ་དེས་ན་གང་སྐད་ཅིག་གིས་འཇིག་པས་སྟོང་པ་དེ་ལ་དོན་བྱེད་འགོག་པའི་རྟགས་གང་འགྱུར་བ་མེད་པ་དེ་རིམས་དང་ཅིག་ཆར་གྱི་དོན་བྱེད་པ་མེད་དེ་ནམ་མཁའ་བཞིན། དབང་ཕྱུག་ལ་སོགས་པའི་རྟག་པའང་སྐད་ཅིག་གིས་སྟོང་པའི་འགྱུར་མེད་ཡིན་ནོ་ཞེས་བྱ་བའི་རྟགས་འགྲུབ་བོ། །འདིའི་ཕྱོགས་ཆོས་ནི་ཕྱི་རྒོལ་གྱིས་རྟག་པ་འགྱུར་མེད་དུ་ཁས་བླངས་པ་ཉིད་ཡིན་ལ། ཁྱབ་པ་ནི་མཐའ་གཞན་བཀག་པས་འགྲུབ་སྟེ། འདི་ལྟར་ཅིག་ཆར་དོན་བྱེད་ན་གཅིག་ཆར་ལན་གཅིག་བྱས་ནས་འཇོག་ན་བྱེད་པ་དང་འཇོག་པའི་གནས་སྐབས་གཉིས་ལ་ཁྱད་པར་ཡོད་ན་མི་རྟག་པར་ཐལ་ཏེ། འགྱུར་བའི་ཕྱིར་རོ། །ཡང་ལན་གཅིག་ཐམས་ཅད་བྱེད་ན་མ་འོངས་པ་ཐམས་ཅད་ད་ལྟར་གྲུབ་པར་ཐལ། གཅིག་ཆར་བྱས་པའི་ཕྱིར། ཡང་ཕྱིས་བྱེད་ན་གཅིག་ཆར་བྱེད་པ་ཉམས་སོ། །དེ་ཉིད། དོན་བྱེད་ནུས་པ་གང་ཡིན་པ། །ཞེས་སོགས་དང་། དེ་ལ་རིམ་དང་རིམ་མིན་མེད། །འགལ་ཕྱིར་སྐད་ཅིག་མིན་པ་མེད། །ཅེས་སོགས་གསུངས་སོ། །གསུམ་པ་རྩོད་སྤོང་ལ་རྟག་པའི་གནས་སྐབས་ལ་མི་ཁེགས་པ་སྤང་བ། རྟག་པའི་རང་བཞིན་ལ་མི་ཁེགས་པ་སྤང་བ་གཉིས། དང་པོ་ནི། དབང་ཕྱུག་ལ་སོགས་པ་རྟག་པའི་རང་བཞིན་མི་འགྱུར་ཡང་གནས་སྐབས་རྣམས་འགྱུར་བའི་ཕྱིར་ན་དོན་བྱེད་པ་འཐད་དོ་ཞེ་ན། མི་འཐད་དེ། རྟག་པའི་རང་བཞིན་དང་གནས་སྐབས་གཉིས་པོ་གཅིག་ཡིན་ན་འགྱུར་མི་འགྱུར་གྱི་ཆ་གཉིས་འགལ་ལ། ཐ་དད་ཡིན་ན་གནས་སྐབས་མི་རྟག་པས་དོན་བྱེད་ཀྱང་རང་བཞིན་རྟག་པས་དོན་བྱེད་པ་འགལ་ལོ། །གཉིས་པ་ལ། རྟག་པ་སྐད་ཅིག་གིས་འཇིག་པ་མེད་ན་ཡང་རགས་པའི་འགྱུར་བ་ཡོད་ཕྱིར་བྱ་བ་བྱེད་པ་ཡིན་ནོ་ཞེ་ན། རྟག་པ་དེ་དང་པོ་ཉིད་ནས་སྐད་ཅིག་གཅིག་གིས་མི་འཇིག་ན་ཕྱིས་འཇིག་པའི་རགས་པའི་འགྱུར་བ་ག་ལ་སྲིད་དེ་མི་སྲིད་དེ་སྐད་ཅིག་དང་པོ་སྐྱེས་པ་དེ་གཉིས་སུ་སྡོད་ཅིང་གསུམ་དུ་མི་སྡོད་པའི་རང་བཞིན་གཉིས་པར་ཉམས་ན་གཉིས་ཆར་སྡོད་པའི་རང་བཞིན་འགག་པས་སྐད་ཅིག་ཏུ་གྲུབ་ལ། མ་ཉམས་ན་གསུམ་པར་སྡོད་པར་འགྱུར་བ་ལས་མི་སྡོད་པའི་ཕྱིར་གཉིས་པར་སྡོད་པ་གྲུབ་པ་མ་ཡིན་ནོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པ་དེ་བཀག་པ་ལ་དངོས་པོ་མེད་པའི་ཁྱབ་པ་འགྲུབ་སྟེ་དཔེར་ན་ནམ་མཁའ་བཞིན་ནོ། །གསུམ་པ་རྟགས་ཀྱི་རིགས་ངོས་བཟུང་བ་ལ། རིགས་གང་ཡིན་པ་དང་། གཉིས་མི་དགོས་པ་སྤང་བ་གཉིས། དང་པོ་ནི། བྱས་ཡོད་ཀྱིས་མཚན་ཉིད་འགོག་ན་དོན་དང་། མཚོན་བྱ་འགོག་ན་ཐ་སྙད་འགོག་པ་ཡིན་ནོ། །གཉིས་པ་ནི། ལྟོས་མེད་དམ་གནོད་པ་ཅན་གང་རུང་གིས་ཁྱབ་པ་བསྒྲུབ་པས་གཉིས་དོན་མེད་དོ་ཞེ་ན། བོད་ཁ་ཅིག་གནོད་པ་ཅན་གྱི་ལམ་སྦྱོང་དུ་ལྟོས་མེད་འཆད་པ་ནི་སློབ་དཔོན་གྱི་དགོངས་པ་མིན་ནོ། །དགོངས་པ་མིན་པ་དེས་ན། མུ་སྟེགས་ཁ་ཅིག་དངོས་པོ་རྣམས་འཇིག་རྒྱུ་དང་ཕྲད་ན་འཇིག་མ་ཕྲད་ན་མི་འཇིག་པར་འདོད་པ་དང་། དབང་ཕྱུག་དང་རིག་བྱེད་ལ་སོགས་པའི་དངོས་པོ་འགའ་ཞིག་གཏན་མི་འཇིག་པར་འདོད་པའི་ལོག་རྟོག་རྣམ་པ་གཉིས་ཀྱི་གཉེན་པོར་རིམ་བཞིན་ལྟོས་མེད་དང་གནོད་པ་ཅན་གྱི་གཏན་ཚིག་རྣམ་པ་གཉིས་གསུངས་ཏེ། སྔ་མ་ལ་འཇིག་པར་ཁས་ལེན་ན་རྒྱུ་གཞན་ལ་ལྟོས་མེད་དུ་རང་གི་ངང་གིས་འཇིག་པར་སྒྲུབ་པ་ཡིན་ཅིང་། གཉིས་པ་ལ་དངོས་པོ་འཇིག་མེད་དེས་དོན་བྱེད་ནུས་མི་ནུས་བརྟགས་ནས་འགོག་པའི་ཕྱིར་རོ། །དེས་ན་འཇིག་པར་ཁས་ལེན་པ་ལ་གནོད་པ་ཅན་མི་འཇུག་མི་འཇིག་པར་ཁས་ལེན་པ་ལ་ལྟོས་མེད་མི་འཇུག་པས་ཡུལ་ཐ་དད་དོ། །གཉིས་པ་དེ་ལས་བྱུང་བའི་འབྲེལ་བ་ངེས་པར་བྱེད་པ་ལ་གཞན་ལུགས་དགག རང་ལུགས་གཞག རྩོད་པ་སྤོང་བ་གསུམ། དང་པོ་ནི། ལོ་ཙཱ་བ་ན་རེ། རྒྱུ་འབྲས་མངོན་སུམ་ཕྲུགས་ལྔ་ལས་ངེས་པར་བྱེད་དེ། དང་པོ་རྒྱུ་འབྲས་གཉིས་ཀ་མ་དམིགས། དེ་ནས་རྒྱུ་དམིགས། དེ་ནས་འབྲས་བུ་དམིགས། དེ་ནས་རྒྱུ་ལོག་པས་རྒྱུ་མ་དམིགས། དེ་ནས་འབྲས་བུ་ལོག་པས་འབྲས་བུ་མ་དམིགས་པས་ངེས་ཞེས་ཟེར། འདི་ཙམ་གྱིས་མི་ངེས་ཏེ། གནས་སྐབས་རྗེས་སུ་འགྲོ་ལྡོག་རྔ་སྒྲ་དང་ཉི་མའི་འོད་ཟེར་ལ་ཡང་ཡོད་པས་དེ་དག་རྒྱུ་འབྲས་སུ་ཧ་ཅང་ཐལ་བ་དང་། རང་བཞིན་རྗེས་སུ་འགྲོ་ལྡོག་གིས་ངེས་ན་ཕྲུགས་གསུམ་དུ་འདུས་པའི་ཕྱིར་ན་འདི་མི་འཐད་པ་ཁོ་ནའོ། །རྒྱུ་ཁ་ཅིག་རྒྱུ་འབྲས་གཉིས་ཀ་མཐོང་བ་ལས་རྒྱུ་མ་མཐོང་། དེ་ནས་འབྲས་བུ་མ་མཐོང་བའི་ཚད་མ་གསུམ་གྱིས་ངེས་ཞེས་ཟེར། མི་འཐད་དེ། རྒྱུ་འབྲས་གཉིས་དུས་གཅིག་ཏུ་མཐོང་བ་མི་སྲིད་ལ། རེས་འཇོག་ཏུ་མཐོང་ན་མཐོང་བ་གཉིས་དང་མ་མཐོང་བ་གཉིས་ཏེ་བཞིར་འགྱུར་བའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྒྱུ་འབྲས་སྤྱིའི་མཚན་ཉིད། དེ་ངེས་པར་བྱེད་པའི་ཚད་མ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི། རྒྱུ་ཡི་མཚན་ཉིད་ཕན་འདོགས་བྱེད་དང་། འབྲས་བུའི་མཚན་ཉིད་ཕན་གདགས་བྱ་ཡིན་ལ། རྒྱུ་ལའང་གཉིས་ལས་ཉེར་ལེན་ནི་འབྲས་བུའི་ངོ་བོ་ལ་གཙོ་བོར་ཕན་འདོགས་བྱེད་དང་། ལྷན་ཅིག་བྱེད་པའི་རྐྱེན་ནི་དེའི་ཁྱད་པར་ལ་གཙོ་བོར་ཕན་འདོགས་བྱེད་དོ། །དེས་ན་ས་བོན་གྱི་མཚན་ཉིད་ཀྱང་རྐྱེན་དང་ཕྲད་ན་འབྲས་བུ་སྐྱེད་ནུས་སོ། །གཉིས་པ་ནི། དེ་བྱུང་འབྲེལ་ངེས་བྱེད་དེ་ཡང་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས་སུ་ངེས་པར་བྱེད་ལ། དེ་ལ་མ་དམིགས་པ་སྔོན་འགྲོའི་ཕྲུགས་གསུམ་ཁྱད་པར་ཅན་ནི་དང་པོ་ས་ཕྱོགས་དག་པར་མེ་དུད་གཉིས་ཀ་སྣང་རུང་མ་དམིགས་པ་ལས། མེ་མཐོང་བའི་ཚེ་རྟོག་པས་མེའི་གཞན་སེལ་བཟུང་། དེ་ནས་དུ་བ་མཐོང་བའི་རྗེས་སུ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས། ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་འབྲེལ་བ་ངེས་པར་བྱེད་དོ། །ཡང་དམིགས་པ་སྔོན་འགྲོའི་ཕྲུགས་གསུམ་ནི། དང་པོ་དུ་བ་སྐྱེ་བ་མཐོང་། དེ་ནས་སྐྱེད་བྱེད་ཀྱི་རྒྱུ་མ་མཐོང་། དེ་ནས་བསྐྱེད་པའི་འབྲས་བུ་མ་མཐོང་བ་སྟེ་གསུམ་མོ། །འདི་ནི་སྔོན་མཐའ་མི་ངེས་པ་དང་། སྔ་མ་ནི་ཕྱི་མཐའ་མ་ཤེས་པ་ལ་འཇུག་གོ །དེའང་རྣམ་ངེས་ལས། གང་ཞིག་མཐོང་ན་མ་མཐོང་མཐོང་། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་གསུངས་པ་ནི། རྗེས་སུ་འགྲོ་ལྡོག་གཉིས་ཀ་ལ་དགོངས་ཏེ། མཐའ་གཉིས་ཀ་ངེས་པ་ལ་སྔ་མས་ངེས་ཟིན་པའི་རྗེས་སུ་ཕྱི་མས་ཀྱང་ངེས་པར་བྱེད་ལ། སེམས་དང་ལྗོན་པའམ་ཡུལ་དང་རྣམ་ཤེས་སོགས་ཕྲུགས་གསུམ་གྱིས་ངེས་མི་ནུས་པ་རྣམས་གཞན་སེལ་ངེས་པ་ཉིད་ཀྱིས་ངེས་ཏེ། རིགས་གང་གང་ལ་གྲུབ་པ་དེ། །ཁྱད་པར་མེད་དེ་མེ་ཤིང་བཞིན། །ཞེས་གསུངས་སོ། །དེ་ལྟར་སྔར་མི་དམིགས་པས་རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་ལྡོག་པ་གྲུབ་ལ། སྔར་མེད་པ་དང་ཕྱིས་སྐྱེ་བ་དམིགས་པ་གཉིས་ཀྱིས་གཏན་མི་སྐྱེ་བ་དང་། རྒྱུ་མེད་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་རྗེས་འགྲོ་གྲུབ་པས་རྒྱུའི་མཐའ་གསུམ་ཁེགས་ལ། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་གྲུབ་པས་རྗེས་འགྲོ་ཕྲུགས་གསུམ་དང་། དེ་བཞིན་དུ་ལྡོག་པའི་ཕྲུགས་གསུམ་གྱིས་གྲུབ་བོ། །གསུམ་པ་ལ་གཉིས་ལས། དང་པོ་ནི། རྒྱུ་འབྲས་སུ་ངེས་པར་མཚན་ཉིད་སྔར་མ་དམིགས་པས་འབྲས་བུའི་ལྡོག་པ་མི་འགྲུབ་སྟེ། འབྲས་བུ་བལྟར་མི་རུང་བ་སྲིད་པའི་ཕྱིར། དེ་ཙམ་གྱིས་སྐྱེད་པར་མཐོང་བས་ཀྱང་རྒྱུ་གཞན་མི་ཁེགས་ཏེ། རྒྱུ་བལྟར་མི་རུང་བ་སྲིད་པའི་ཕྱིར། བདེ་སྡུག་ལ་ལས་སམ་ནད་སྐྱེད་པ་དང་འཚོ་བ་ལ་གདོན་དང་ལྷ་བཞིན་ནོ་ཞེ་ན། སྣང་མི་རུང་གི་མེ་དུད་སོགས་ལ་དེ་ལྟར་དོགས་པ་མི་ཁེགས་ཀྱང་འདིར་རང་བཞིན་གྱིས་མ་བསྐལ་བའི་མེ་དུད་རྒྱུ་འབྲས་སུ་སྒྲུབ་པས་མི་གནོད་པ་ཡིན་ནོ། །གཉིས་པ་ཧ་ཅང་ཐལ་བ་ནི། སྡོང་བུའི་རྣམ་འགྱུར་དང་མུན་པའམ། དུ་ཙམ་དང་ཙནྡན་གྱི་མེ་རྒྱུ་འབྲས་སུ་ཐལ། དེ་དག་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། འདོད་ན་ཧ་ཅང་ཐལ་ལོ་ཞེ་ན། མ་གྲུབ་སྟེ། འདིར་མུན་པ་ནི་སྡོང་བུའི་རྣམ་འགྱུར་ལྡོག་པའི་སྣང་བ་དང་རྗེས་སུ་འགྲོ་ལྡོག་བྱེད་པ་ལ་དེ་དང་རྗེས་སུ་འགྲོ་ལྡོག་བྱེད་པ་ལྟར་མཐོང་བ་དང་། ཙནྡན་གྱི་མེ་ལོག་པས་དུ་བ་ལྡོག་པ་མེད་པའི་ཕྱིར། དེས་ན་དེས་ཀྱང་མི་གནོད་དོ། །གསུམ་པ་ལ་གཉིས་ཏེ། རྒྱུ་མིན་ལས་མི་སྐྱེ། སྐྱེ་ན་སྔ་ཕྱིའི་རྒྱུ་འབྲས་གྲུབ་པའོ། །དང་པོ་ལ་སྐྱེ་བར་འདོད་པ་དགག བཀག་པ་ལ་མི་འཐད་པ་སྤང་བ་གཉིས། དང་པོ་ནི། རྒྱུ་འབྲས་སུ་འགྲོ་བ་ལ་ལྡོག་པ་མི་དགོས་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལས་དུ་བ་སྐྱེ་བ་ལ་སོགས་པ་མཐོང་བའི་ཕྱིར་ཞེ་ན། ཆོས་གང་དག་དུ་བ་མིན་པ་དེ་ནི་མེ་དེ་ཡི་འབྲས་བུ་མིན་པར་ཐལ། མེ་འབྲས་རྣམས་ཀྱི་རྒྱུ་མིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལས་སྐྱེས་པའི་ཕྱིར་ཏེ། དེས་ན་བརྒྱ་བྱིན་གྱི་སྤྱི་བོ་དང་འདྲ་བའི་གྲོག་མཁར་ལས་འབྱུང་བའི་སྔོ་ཕྱུར་བ་དེ་དུ་བ་མིན་ཏེ། དུ་བ་དང་རྣམ་པ་འདྲ་བས་དུ་བར་འཁྲུལ་པ་ལ་དུ་བ་དེ་ཡི་མིང་གིས་བཏགས་པར་ཟད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྒྱུ་མིན་པ་ལས་གྲུབ་པ་དེའི་འབྲས་བུ་མིན་ན། རྡོ་གཙུབས་པའི་མེ་མེ་མིན་པར་ཐལ་ཏེ། བུད་ཤིང་ལས་མི་འབྱུང་བའི་ཕྱིར། མ་ཁྱབ་ན། བརྒྱ་བྱིན་གྱི་སྤྱི་བོའི་སྔོ་ཕྱུར་བ་དེ་རྒྱུ་མེ་ལས་མ་བྱུང་ཡང་དུ་བར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། རྡོ་དང་ཤིང་སོགས་མེའི་ཉེར་ལེན་གྱི་རྒྱུར་འདོད་ན་བདེན་པ་ཞིག་ན་དེ་ལྟར་མིན་ལ། མེའི་ཉེར་ལེན་གྱི་རྒྱུ་ནི་མེའི་རྡུལ་ཕྲན་ཉིད་ཡིན་ཏེ། ཚོགས་པ་རྣམ་པར་འཇོག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་པས། །ཞེས་གསུངས་པ་ལྟར་རོ། །རྡོ་དང་ཤིང་ལ་སོགས་པ་ནི་མེའི་རྡུལ་ཕྲན་རྣམས་ཕྱོགས་གཅིག་ཏུ་སྡུད་པའི་བདག་པོའི་རྒྱུ་ཡིན་གྱི་ཉེར་ལེན་དུ་མི་རུང་སྟེ། དཔེར་ན་མིག་གི་རྣམ་ཤེས་ཀྱི་ཉེར་ལེན་རྣམ་ཤེས་སྔ་མ་ཡིན་ལ་བདག་རྐྱེན་དབང་པོ་ཡིན་པ་བཞིན་ནོ། །ཁོ་བོ་ཅག་གིས་བེམས་པོ་ཐམས་ཅད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུར་འདོད་ཀྱི་རྐྱང་པ་ཡན་གར་བ་རགས་པར་མི་འདོད་པས་རྡོ་ཤིང་ལ་མེ་རྡུལ་ཡང་ཡོད་དོ། །དེས་ན་མེ་མིན་པ་མེའི་ཉེར་ལེན་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་དུ་མི་འཐད་དོ། །གཉིས་པ་ནི། ཡང་ན་སྔོན་དང་ཕྱི་མ་ཡི་ཉེར་ལེན་གྱི་རྒྱུ་དང་འབྲས་བུ་ཐ་དད་ཡོད་དེ། མེ་དང་དུ་བས་བསྐྱེད་པ་ཡི་འབྲས་བུ་དུ་བའི་ཁྱད་པར་ཐ་དད་པ་བཞིན་ཏེ། དུ་བ་དང་པོའི་རྒྱུ་མེ་དང་དུ་བ་ཕྱི་མའི་རྒྱུ་དུ་བ་ཡིན་པ་སོགས་སོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། བོད་རྣམས་འབྲེལ་བ་དོན་ལ་ཡོད་པར་འདོད་པ་ལྟར་ན་མཚན་གཞི་རང་མཚན་ལ་བརྩི་དགོས་ལ། དེ་འདོད་ན་རང་མཚན་རྣམས་ནི་ཕན་ཚུན་རྗེས་འགྲོ་མེད་པར་གོ་བྱེད་མ་ཡིན་པར་བཤད་ཟིན་པའི་ཕྱིར་རོ། །འགའ་ཞིག་དུ་བ་དང་བྱས་པ་ལ་སོགས་པའི་སྒྲ་དོན་ལ་འབྲེལ་བའི་མཚན་གཞིར་རྩི་བ་མི་འཐད་དེ། སྒྲ་དོན་དངོས་མེད་ལ་འབྲེལ་བ་བྱས་པས་རང་མཚན་གོ་མི་ནུས་པའི་ཕྱིར། གཉིས་པ་ནི། རྟོག་པས་སྒྲའི་དོན་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་གྱིས་དུ་བ་དང་མེ་དང་བྱས་པ་མི་རྟག་པ་ལ་སོགས་པའི་ལྡོག་པ་གཅིག་ཏུ་བཟུང་བ་ཉིད་ཡིན་ཏེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །ཞེས་གསུངས་སོ། །གསུམ་པ་ནི། ལྡོག་པ་གཅིག་འདོད་ན་རྫས་ཀྱི་སྤྱི་དང་བརྟག་པ་མཚུངས་པའི་སྐྱོན་ཡོད་དོ་ཞེ་ན། ལྡོག་པ་དངོས་མེད་ཡིན་པས་གཅིག་དང་ཐ་དད་ཀྱི་སྐྱོན་ལས་གྲོལ་ལོ་ཞེས་སེལ་བའི་སྐབས་སུ་བཤད་ཟིན་ཏོ། །གསུམ་པ་དེ་དག་གང་གིས་ངེས་པའི་ཚུལ་ལ། ཕྱོགས་རེས་ངེས་པ་གཞན་གྱི་ལུགས། གཉིས་ཀ་དགོས་པ་རང་གི་ལུགས། དེ་ལ་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་དཔྱོད་པས་ངེས་པ་ནི། ཁ་ཆེ་བདེ་བྱེད་དགའ་བ་ན་རེ། གནས་སྐབས་ཀྱི་འབྲེལ་བ་ཚད་མས་ངེས་ཀྱང་རང་བཞིན་གྱི་འབྲེལ་བ་དཔྱོད་པ་ཡིས་ངེས་པར་བྱེད་ཅེས་གྲག ཉི་འོག་པ་རྣམས་ནི་ཚད་མ་ཁོ་ན་ཡིས་འབྲེལ་བ་ངེས་པར་བྱེད་པར་འདོད་དེ། དཔེ་ལ་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་དང་། དེ་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་གཉིས་ཀྱིས་རྗེས་འགྲོ་དང་ལྡོག་པ་གྲུབ་པས་སྤྱི་ཁྱབ་གྲུབ་ཅེས་ཟེར་རོ། །གཉིས་པ་རང་ལུགས་ནི། ཚད་མ་ལ་མ་ལྟོས་པའི་དཔྱོད་པའང་གཞན་སེལ་ཕྱིན་ཅི་ལོག་སྲིད་པས་མི་ངེས་ལ། མངོན་སུམ་ཡང་མ་ངེས་ན་འཇུག་ལྡོག་གི་ཐ་སྙད་མི་འགྲུབ་ཅིང་། ངེས་ན་རྟོག་དཔྱོད་ལས་མ་འདས་ལ། རྗེས་དཔག་གིས་མི་མཐུན་ཕྱོགས་ལ་ཁེགས་ཀྱང་རྟོག་དཔྱོད་མེད་ན་མཐུན་ཕྱོགས་དང་འབྲེལ་བ་མི་འགྲུབ་པས། ཚད་མའི་སྟོབས་ཀྱིས་བསྐྱེད་པ་ཡི་ངེས་པ་གཞན་དེ་མིན་སེལ་བའི་ཆ་ནས་ཡུལ་ངེས་པའི་བདག་ཉིད་ཅན་རྟོག་དཔྱོད་དེ་ཡི་འབྲེལ་བ་ངེས་པ་ཡིན་ནོ། །དེ་ཡང་བློ་འཁྲུལ་པས་སྒྲ་དོན་དང་དངོས་པོ་རང་མཚན་གཉིས་གཅིག་ཉིད་དུ་བཟུང་བ་ལས་རང་མཚན་ལ་འཇུག་པར་འགྱུར་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་གསུངས་སོ། །གསུམ་པ་ནི། དཔྱོད་པ་ཡིད་དཔྱོད་དམ་བཅད་ཤེས་སུ་འགྱུར་ལ། མིན་ན་ཚད་མ་མིན་པ་བཞི་པར་འགྱུར་རོ་ཞེ་ན། ཡིད་དཔྱོད་མི་སྲིད་ལ། བཅད་ཤེས་ཡིན་ཡང་བཞི་པར་མི་འགྱུར་ཏེ། བཅད་ཤེས་ཉིད་ཁ་ཕྱི་ལྟས་ལོགས་ཤེས་དང་ནང་ལྟས་རང་རིག་ཡིན་པའི་ཕྱིར། དེས་ན་དཔྱོད་པ་མེད་པར་འཇུག་ལྡོག་མི་ངེས་ལ། ཚད་མ་མེད་ན་དཔྱོད་པ་འཁྲུལ་སྲིད་པས་འབྲེལ་བ་ངེས་པ་ལ་གཉིས་ཀ་དགོས་སོ། །གཉིས་པ་དོན་བསྡུ་བ་ནི། དངོས་པོའི་དོན་ལ་འབྲེལ་བ་མེད་དེ། དེ་གོང་དུ་བཀག་ཟིན་པའི་ཕྱིར། འབྲེལ་པ་གཉིས་དོན་ལ་མེད་ཀྱང་བློ་ངོར་གྲུབ་སྟེ། ཐ་དད་དུ་འབྱེད་པའི་སྒྲ་རྟོག་གིས་སྒྲ་བྱས་མི་རྟག་པ་གསུམ་སོ་སོར་ཕྱེ་སྟེ། གཅིག་ཏུ་སྡུད་པའི་སྒྲ་རྟོག་གིས་གསུམ་པོ་གཅིག་ཏུ་བཟུང་བའི་སྒྲ་རྟོག་ལ་བདག་གཅིག་གི་འབྲེལ་པར་འཇོག་པ་སོགས་ཡིན་པའི་ཕྱིར། སྒྲའི་དོན་ལ་རང་མཚན་དུ་འཁྲུལ་ནས་རང་མཚན་ལ་ཞུགས་པས་འབྲེལ་པའི་རྟོགས་པ་སྐྱེ་སྟེ། གོང་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིག་པའི་གཏེར་ལས་འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ་དྲུག་པའི་རྣམ་བཤད་བསྟན་ཟིན་ཏོ།།  ༈  །།གཉིས་པ་འགལ་བའི་རྟོགས་ཚུལ་ལ། འགལ་བ་སྤྱིའི་མཚན་ཉིད། མཚན་གཞིའི་རབ་དབྱེ་གཉིས། དང་པོ་ནི། ཆོས་གང་ཞིག་ཆོས་གཞན་གང་ལ་གནོད་པར་བྱེད་པ་དེ་ནི་ཆོས་གཞན་དེའི་འགལ་ཟླའི་མཚན་ཉིད་ཡིན་ནོ། །གཉིས་པ་ལ། སྤྱིར་བསྟན་པ། སོ་སོར་བཤད་པ་གཉིས། དང་པོ་ནི། འགལ་ཟླ་གཉིས་ཀ་དངོས་པོ་དང་། གང་རུང་གཅིག་དངོས་མེད་ཀྱི་ཡུལ་གྱི་དབྱེ་བ་ལ་ལྟོས་ནས་འགལ་བ་གཉིས་སུ་བཞེད་དེ། དང་པོ་ལ་ལྟོས་ནས་ལྷན་ཅིག་མི་གནས་པའི་འགལ་བ་དང་། གཉིས་པ་ལ་ལྟོས་ནས་ཕན་ཚུན་སྤངས་པའི་འགལ་བ་གཉིས་དག་ཏུ་ཡོད་པའི་ཕྱིར། གཉིས་པ་ལ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་གཉིས། དང་པོ་ལྷན་ཅིག་མི་གནས་པའི་མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་ལྡོག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལའང་གཉིས་ལས། དང་པོ་གཞན་ལུགས་དགག་ན། ཁ་ཅིག་ལྷན་ཅིག་མི་གནས་པའི་མཚན་ཉིད། དངོས་པོ་གཉིས་ལ་གནས་པའི་གནོད་བྱ་གནོད་བྱེད་ཅེས་འདོད་པ་ནི། དཔྱད་ན་འཐད་པ་མིན་ཏེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་གྱལ་འགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་པའི་ཕྱིར། གཉིས་པ་རང་ལུགས་ནི། དེས་ན་གནོད་བྱ་གནོད་བྱེད་གཉིས་པོ་རྒྱུ་འབྲས་བཞིན་དུ་ཐ་དད་དུ་མཚོན་པར་བྱ་བ་ཡིན་ལ། དེ་ཡང་གནོད་བྱའི་མཚན་ཉིད། རྒྱུན་མ་གཏུགས་པར་འབྱུང་བ་ཅན་ཆོས་གཞན་ཉེ་བ་ན་ནུས་མེད་དུ་སྐྱེ་བའོ། །རྒྱུན་མ་གཏུགས་པར་འབྱུང་བ་ཅན་གྱི་ཆོས་གང་གིས་ཆོས་གཞན་ནུས་མེད་དུ་སྐྱེད་པའི་ལྷན་ཅིག་བྱེད་པའི་རྒྱུ་ལ་གནོད་བྱེད་ཅེས་ཟེར་རོ། །དངོས་པོ་གང་ཞིག དངོས་པོ་གཞན་དེ་ཡོད་པ་ལ་གནོད་པར་བྱེད་པ་ནི་དངོས་པོ་གཞན་དེ་དང་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་དོ། །གཉིས་པ་ལ་འགལ་བ་ངོས་བཟུང་བ། དེ་ལ་རྩོད་སྤོང་གཉིས། དང་པོ་ནི། ལྷན་ཅིག་མི་གནས་པའི་འགལ་བ་ཇི་སྙེད་པ་ནི་གནོད་བྱ་གནོད་བྱེད་གཉིས་དངོས་པོའི་ཆོས་ཁོ་ན་ལ་འཇུག་སྟེ། དེ་ནི་རྒྱུན་གཉིས་འགྲོགས་སུ་མི་རུང་བ་ཡིན་ལ། དེ་ཡང་ངོ་བོ་གཅིག་པ་དང་ཡ་གྱལ་དངོས་མེད་ལ་མི་འཇུག་པའི་ཕྱིར་རོ། །དེ་ཡང་རྒྱུན་ཡིན་གྱི་སྐད་ཅིག་ལ་མིན་ཏེ། འདི་ཡི་གནོད་བྱ་གནོད་བྱེད་གཉིས་བསྐྱེད་བྱ་བསྐྱེད་བྱེད་ཡིན་པའི་ཕྱིར་ན་དེ་སྐད་ཅིག་ལ་གཞག་ཏུ་མེད་པའི་ཕྱིར་རོ། །གཉིས་པ་ལ། ཡུལ་ལ་བརྟགས་ན་མི་འཐད་པ་དང་། རྫས་ལ་བརྟགས་ན་མི་འཐད་པ་སྤོང་བ་གཉིས། དང་པོ་ནི། སྐད་ཅིག་ལ་འགལ་བ་མི་སྲིད། རྒྱུན་རྫས་སུ་མ་གྲུབ་པ་དེས་ན། འགལ་བ་གནས་པའི་ཡུལ་གཉིས་པོ་འདི་མི་འཐད་དོ་ལོ། སྐྱོན་མེད་དེ། སྐད་ཅིག་སྔ་མ་སྔ་མའི་ཉེར་ལེན་ལས་སྔོན་མེད་པའི་ཕྱི་མ་ཕྱི་མ་སྐྱེ་ཞིང་དེ་ལ་རྒྱུན་དུ་སྒྲོ་བཏགས་པ་བཟློག་བྱ་དང་ཟློག་པར་བྱེད་པ་པོར་འཇོག་ལ། དེས་ན་སྔར་གྱི་ཉེས་པ་མེད་དོ། །གཉིས་པ་ནི། ཚ་གྲང་གི་རྡུལ་ཕྲན་འགལ་བ་གཉིས་ལྷན་ཅིག་ཏུ་གནས་ན་ལྷན་ཅིག་མི་གནས་པ་འགལ་ཞིང་། ལྷན་ཅིག་མི་གནས་ན་ནི་དང་པོ་ཕྲད་ཙམ་ནས་གཅིག་བཅོམ་པས་དུས་མཉམ་པའི་རྒྱུ་འབྲས་སུ་འགྱུར་རོ་ཞེ་ན། འདི་ཡི་ལན་ལ་གཉིས་ལས་གཞན་ལན་དགག་ན། ལ་ལ་སྟེ་གྲངས་ཅན་པ་ནི་གྲང་རེག་གི་རྡུལ་ཉིན་མོའི་སྐར་མ་བཞིན་ཚ་རེག་གི་ཁོངས་ན་ཉེ་བར་ཞ་བར་འདོད། ཁ་ཅིག་སྟེ་བྱེ་བྲག་པ་ནི་གྲང་རེག་གི་འདུ་བའི་འབྲེལ་བ་ཞིག་ཀྱང་རྫས་ཕན་ཚུན་རྟག་པས་གནོད་པ་མ་བྱས་པ་དང་། བྱེ་བྲག་པ་ཁ་ཅིག་གྲང་རེག་གི་རྡུལ་ཕྲན་དེ་ཚ་རེག་གི་རྡུལ་ཕྲན་དང་ཕྲད་ནས་ཚ་རེག་གི་རྡུལ་ཕྲན་དུ་བསྒྱུར་བར་འདོད་པ་དང་། ཉན་ཐོས་འགའ་ཞིག་བསྐོར་བ་བར་དང་བཅས་པས་ཕྲད་པ་མེད་པར་ཡོད་ལ་གྲང་རེག་གི་རྡུལ་གཞན་འོང་བའི་གོ་ཚ་རེག་གིས་བཀག་པས་རགས་པ་བརྩོམ་མི་ནུས་པར་འདོད་དོ། །རྡུལ་ཕྲན་རྟག་པར་སྨྲ་བའི་ཕྱོགས་དེ་དག་འཁྲུལ་པ་ཡིན་ཏེ། འདི་ལྟར་ཕྱོགས་དང་པོ་གཉིས་ལྟར་རྟག་ཏུ་ལྷན་ཅིག་ཏུ་གནས་ན་ལྷན་ཅིག་མི་གནས་པའི་འགལ་བ་ཉམས་ལ། གསུམ་པ་ལྟར་བསྒྱུར་ན་རྡུལ་ཕྲན་རྟག་པར་འདོད་པ་འགལ་ལོ། །གཞན་ལན་རྣམས་མི་འཐད་པ་དེས་ན་རང་ལན་ནི། འགལ་ཟླའི་རྡུལ་ཕྲན་གཉིས་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་བ་ན་རྡུལ་ཕྲན་གང་མང་བ་ནུས་ལྡན་དང་ཉུང་བ་ནུས་མེད་དུ་སྐྱེ་བའི་ཕྱིར་ན་འགལ་བ་མེད་དོ། །གསུམ་པ་གནོད་བྱ་ལྡོག་པའི་དུས་ལ། དགག་གཞག་སྤོང་གསུམ་ལས། དང་པོ་ནི། ལ་ལ་སྤང་གཉེན་གཉིས་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་ལ་ལྡོག་པ་དང་། འགའ་ཞིག་ད་ལྟ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ཡུན་རིང་སྟེ་བསྐལ་པ་དཔག་མེད་དུ་གནོད་བྱ་གནོད་བྱེད་དུ་འགྲོགས་པ་ཡིན་ཞེས་ཟེར་བ་མི་འཐད་དེ། ཡུན་རིང་འགྲོགས་པའི་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་དེ་ངོ་མཚར་ཆེ་ཞེས་སྟིང་བའི་ཚིག་གོ །གཉིས་པ་ནི། ཚ་གྲང་ལྟ་བུ་དོན་གྱི་འགལ་བ་རྣམས་དུས་གཅིག་ལ་འདུར་རུང་བས་དེ་གཉིས་སྐད་ཅིག་དང་པོ་ལ་ཕྲད། སྐད་ཅིག་གཉིས་པ་ལ་གནོད་བྱ་ནུས་མེད་སྐྱེས། སྐད་ཅིག་གསུམ་པ་ལ་གནོད་བྱ་རྒྱུན་ལྡོག་པ་ཡིན་ནོ། །འདི་ནི་དངོས་སུ་ཕྲད་ནས་གནོད་པའི་དབང་དུ་བྱས་ལ། དངོས་སུ་གནོད་པ་མིན་པ་སྣང་མུན་ལྟ་བུ་ལ་སྐད་ཅིག་དང་པོ་ལ་སྣང་བའི་དངོས་རྒྱུ་དང་མུན་པ་ནུས་མེད་གཉིས་དངོས་སུ་ཕྲད། སྐད་ཅིག་གཉིས་པ་ལ་སྣང་བ་སྐྱེས་པ་དང་མུན་པ་འགགས་པ་གཉིས་དུས་མཉམ་མོ། །བློ་ཡི་ཆོས་དུས་ལ་ལྟོས་པ་རྣམས་ཕྲད་པ་མི་སྲིད་པས་སྐད་ཅིག་དང་པོ་ལ་ངེས་ཤེས་ཀྱི་དངོས་རྒྱུ་དང་། སྒྲོ་འདོགས་ནུས་མེད་གཉིས་དངོས་སུ་ཕྲད། སྐད་ཅིག་གཉིས་པ་ལ་ངེས་པ་སྐྱེས་པའི་སྟོབས་ཀྱིས་བྱེད་པ་མ་ཉམས་ཀྱི་བར་དུ་སྒྲོ་བཏགས་ཕྱིས་མི་སྐྱེ་བར་བྱེད་པ་ཉིད་གནོད་པའི་དོན་ཡིན་ནོ། །གསུམ་པ་ལ། དོན་གྱི་འགལ་བ་ལ་རྩོད་པ་སྤོང་བ། བློའི་འགལ་བ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ལས། དང་པོ་ཆ་ཡོད་མེད་བརྟགས་ན་མི་འཐད་པ་སྤོང་བ་ནི། སྐད་ཅིག་མ་གསུམ་ཞེས་པའི་སྐད་ཅིག་མ་དང་པོ་ལ་སྔ་ཕྱིའི་ཆ་མེད་ན་རགས་པའི་རྒྱུན་རྣམས་རྩོམ་པ་མེད་པར་འགྱུར་ལ། ཆ་ཤས་ཡོད་ན་དེ་ལ་སྐད་ཅིག་མ་གསུམ་དང་དེའི་སྐད་ཅིག་རེ་རེ་ལའང་སྐད་ཅིག་གསུམ་ལ་སོགས་པ་ཐུག་པ་མེད་པས་སྐད་ཅིག་གསུམ་ལ་ལྡོག་པའི་མཚམས་ཟིན་པ་དཀའ་ཞེ་ན། སྐད་ཅིག་གསུམ་པ་ཉིད་ལ་ལྡོག་པ་ལ་ཉེས་པ་མེད་པ་ཡིན་ཏེ། སྐད་ཅིག་དང་པོ་ལ་ནི་ཆ་ཤས་མེད་ལ་རྒྱུན་ཡང་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེས་ཙམ་ཀྱི་ཕྲེང་བ་ཡིན་ཞིང་། རྡུལ་ནི་ཕྱོགས་ལ་ལྟོས་པས་ཆ་བཅས་དང་། སྐད་ཅིག་དུས་ལ་ལྟོས་པས་ཆ་མེད་ཡིན་པའི་ཕྱིར་ན་མི་མཚུངས་པར་བཤད་ཟིན་པས་སོ། །གཉིས་པ་ནུས་པ་ཐོགས་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། ཚ་རེག་དང་དུས་མཉམ་པའི་གྲང་རེག་ནུས་པ་ཐོགས་མེད་དེས་གྲང་རེག་ནུས་ཅན་དུ་བསྐྱེད་དམ་ནུས་མེད་བསྐྱེད། གཉིས་ཀ་ལྟར་ཡང་མི་འཐད་དེ། དང་པོ་ལྟར་ན་ཚ་རེག་ནུས་མེད་དུ་འགྱུར་ཏེ། མ་ཚང་མེད་རྒྱུ་དེ་ལ་ནི། །ཞེས་སོགས་གསུངས་པ་ལྟར་རོ། །ཕྱི་མ་ལྟར་ན་ཚ་རེག་ལ་དགོས་པ་མེད་པར་འགྱུར་ཏེ། རང་ཉིད་འགགས་པའི་ཕྱིར་ཞེ་ན། ཚ་རེག་དང་དུས་མཉམ་པའི་གྲང་རེག་ནུས་པ་ཐོགས་མེད་དེ་གྲང་རེག་སྐད་ཅིག་གཉིས་པའི་ཉེར་ལེན་ཡིན་ལ། དེའི་འབྲས་བུ་ནུས་ཅན་ནུས་མེད་འབྱིན་པ་ལྷན་ཅིག་བྱེད་རྐྱེན་གང་དང་གང་ཕྲད་པའི་དབང་གིས་ཡིན་ཏེ། ཚ་རེག་སྟོབས་ཆེ་ན་ནུས་མེད་དང་། གྲང་རེག་སྟོབས་ཆེ་ན་ནུས་ལྡན་དུ་སྐྱེ་སྟེ། དཔེར་ན་འཇིམ་པ་ལས་སྟོབས་ཆེ་ན་སྐ་བ་དང་། ཆུ་སྟོབས་ཆེ་ན་སླ་བར་སྐྱེ་བ་བཞིན་ནོ། །གཉིས་པ་བློ་ཡི་འགལ་བ་ལ་རྩོད་སྤང་ནི། ངེས་ཤེས་ཀྱིས་སྤང་བྱ་སྒྲོ་འདོགས་ཀྱི་ངོ་བོའམ་ས་བོན་སྤོང་། གཉིས་ཀ་ལྟར་ཡང་མི་འཐད་དེ། ངོ་བོ་ཙམ་མེད་པར་བྱེད་པ་གཞན་ལ་ཡིད་གཏད་པས་ཀྱང་ལྡོག་པས་ཚད་མ་མི་དགོས། ས་བོན་འཇོམས་པའི་ནུས་པ་ཚད་མ་ལ་ཡང་མེད་པའི་ཕྱིར་ཞེས་ཟེར་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ས་བོན་སྤོང་བའི་གཉེན་པོའང་ཡོད་མོད་ཀྱི། ངེས་པས་སྒྲོ་འདོགས་སྤོང་བ་ནི་དེ་གཉིས་ཀ་མ་ཡིན་གྱི་ངེས་པ་ཇི་སྲིད་ཡོད་པ་དེ་སྲིད་དུ་སྒྲོ་འདོགས་མི་སྐྱེ་བ་ཉིད་ཡིན་ནོ། །བཞི་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་ལ་གསུམ་སྟེ། དོན་ལ་འགལ་བ་དགག བློ་ངོར་ཚད་མས་སྒྲུབ། གྲུབ་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འབྲེལ་བ་བཞིན་དུ་འགལ་བ་ཡང་དངོས་པོའི་དོན་ལ་གྲུབ་པ་མེད་དེ། གནོད་བྱེད་ཡོད་པ་ན་གནོད་བྱ་མེད། གནོད་བྱ་ཡོད་པ་ན་གནོད་བྱེད་འགགས་ཤིང་དུས་མཉམ་པའི་ཚ་གྲང་ལྟ་བུ་ལ་འགལ་འབྲེལ་གང་ཡང་མེད་པའི་ཕྱིར་དང་། ཆོས་གཅིག་གིས་གཅིག་འགོགས་པའམ་རྒྱུན་མཐུད་ནས་སྐྱེ་བ་ལ་གནོད་པར་བྱེད་པའི་ཆ་ལ་རྣམ་པར་རྟོག་པས་སྒྲོ་བཏགས་ནས་འགལ་བ་ཉིད་དུ་རྣམ་པར་རྟོག་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། རྒྱུ་འབྲས་བཞིན་དུ་སྣང་བ་དང་མི་སྣང་བ་མ་གཏོགས་པ་འགལ་བ་ངེས་བྱེད་གཞན་ཡོད་པ་མིན་ཏེ། དང་པོར་གནོད་བྱ་ནུས་མེད་དང་གནོད་བྱེད་སྟོབས་ལྡན་གཉིས་ཀ་མ་དམིགས། དེ་ནས་གནོད་བྱེད་ནུས་ལྡན་དམིགས། དེ་ནས་གནོད་བྱ་ནུས་མེད་དམིགས་པའི་ཚད་མས་ངེས་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་གྲང་རེག་འགོག་པ་ལ་མེ་ཙམ་རྟགས་སུ་བཀོད་ན་ནི་ཁྱབ་པ་མ་ངེས། མེ་སྟོབས་ལྡན་འགོད་ན་དེའི་ཚེ་གྲང་རེག་སྣང་དུ་རུང་ན་སྣང་རུང་མ་དམིགས་པས་ཁེགས་ཤིང་སྣང་དུ་མི་རུང་ན་དེ་བས་མེ་སྟོབས་ཆེ་བའི་ཕྱོགས་ཆོས་མི་འགྲུབ་བོ་ལོ། །ཁ་ཅིག་མེ་སྟོབས་ལྡན་རྟགས་སུ་འགོད་ལ། དགག་བྱ་གྲང་རེག་མེ་བས་སྟོབས་ཆེ་བའམ་མཉམ་པ་སྣང་རུང་མ་དམིགས་པས་ཁེགས་ཤིང་། དེ་བས་སྟོབས་ཆུང་བའི་གྲང་རེག་ཡོད་ཀྱང་སྣང་དུ་མི་རུང་བས་དེ་འགོག་པ་ལ་འགལ་དམིགས་ཀྱི་སྦྱོར་བ་ཡིན་ཞེས་ཟེར་རོ། །འདི་མི་འཐད་དེ། གྲང་རེག་སྟོབས་ཅན་ཡིན་ན་ཚ་རེག་མེད་ལ། སྟོབས་མཉམ་ན་གཉིས་ཀ་མེད་པར་འགྱུར་ཏེ་ལྷན་ཅིག་མི་གནས་པའི་ཕྱིར། དེས་ན་རྟགས་རང་གི་ངོ་བོ་མེ་ཙམ་གྱིས་འགྲུབ་པ་ཡིན་ཏེ་མེ་སྣང་བ་ཉིད་ཀྱིས་དེའི་འགལ་ཟླ་གྲང་རེག་མེད་པར་གྲུབ་པའི་ཕྱིར། འོ་ན་སྐད་ཅིག་དང་པོ་ལ་ལྷན་ཅིག་གནས་པས་དེ་འགོག་པ་ལ་འཁྲུལ་ལོ་ཞེ་ན། སྐད་ཅིག་དེ་ཉིད་ལ་འགོག་པ་མིན་པར་དེའི་རྒྱུན་འགོག་པར་བཤད་ཟིན་པའི་ཕྱིར། གཉིས་པ་ཕན་ཚུན་སྤང་འགལ་ལ་རྣམ་གཞག་རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ་དགག་གཞག་གཉིས། དང་པོ་ལ་ཁས་བླངས་བརྗོད་པ་དང་། དེ་དག་མི་འཐད་པར་བསྟན་པ་གཉིས། དང་པོ་ནི། བོད་ཕལ་ཆེར་ལྷན་ཅིག་མི་གནས་པའང་། ཕན་ཚུན་སྤངས་འགལ་གྱི་བྱེ་བྲག་ཏུ་འདོད་ཅིང་། ཁ་ཅིག རྒྱུན་མི་བཟློག་ཀྱང་ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ། ཕན་ཚུན་སྤང་འགལ་གྱི་མཚན་ཉིད་ཡིན་ཞིང་། རྒྱུན་མི་ལྡོག་ཅེས་པས་ལྷན་ཅིག་མི་གནས་པ་གཅོད་པ་ཡིན་ལ། དབྱེ་ན་དངོས་འགལ་དང་བརྒྱུད་འགལ་གཉིས། དང་པོ་ནི། གང་ཞིག་གང་གིས་དབེན་ཞིང་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་ཕན་ཚུན་སྤངས་པའི་དངོས་འགལ་གྱི་མཚན་ཉིད། བརྒྱུད་འགལ་ཡང་དངོས་འགལ་གྱིས་ཁྱད་པར་དུ་བྱས་མ་བྱས་རྣམ་པ་གཉིས་ཡོད་པར་འདོད་ལ། གསུམ་པོ་རེ་རེ་ལ་ཡང་རྫས་དང་ལྡོག་པ་འགལ་བ་ཡི་སྒོ་ནས་གཉིས་གཉིས་རྣམ་པ་དྲུག་ཏུ་འདོད་དོ། །དེ་ལ་རྫས་འགལ་བ་གསུམ་ནི། རྟག་མི་རྟག་དང་། སྔོ་མིན་དང་ཨུཏྤལའི་སྔོན་པོ་དང་། སྔོ་སེར་ལྟ་བུའོ། །ལྡོག་པ་འགལ་བ་གསུམ་ནི། མེད་དགག་ཡིན་མིན་དང་། མེད་དགག་དང་ཤེས་བྱའི་ལྡོག་པ་དང་། བྱས་ལྡོག་དང་མི་རྟག་པའི་ལྡོག་པ་གསུམ་མོ་ཞེས་ཟེར་རོ། །གཉིས་པ་ལ། ཧ་ཅང་ཐལ་བ། ཉེས་སྤོང་གི་ལན་དགག་པ། ཐ་དད་ལ་འགལ་བར་གསུངས་པའི་དགོངས་པའོ། །དང་པོ་ནི། ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ་ཙམ་འགལ་བར་འདོད་པ་ཡིན་ན་མེ་དུ་ལ་སོགས་པ་རྫས་ཐ་དད་དང་། བྱས་མི་རྟག་ལ་སོགས་པའི་འབྲེལ་བ་དང་། སྨྲ་བ་དང་ཐམས་ཅད་མཁྱེན་པ་ལ་སོགས་པ་ལྡོག་པ་ཐ་དད་རྣམས་ཀྱང་འགལ་བར་འགྱུར་ཏེ། ཕན་ཚུན་དབེན་པའི་ཕྱིར། འདོད་ན། འགལ་ན་འགོག་པ་དང་། འབྲེལ་ན་སྒྲུབ་པའི་རྣམ་གཞག་ཐམས་ཅད་འཇིག་གོ །གཉིས་པ་ནི། རྫས་ཐ་དད་མེ་དུད་དམ་ལྡོག་པ་ཐ་དད་བྱས་སོགས་འབྲེལ་ལམ། རྫས་ལྡོག་གཉིས་ཀ་ཐ་དད་སྔོ་སེར་སོགས་མ་འབྲེལ་ཡང་རུང་། ཕན་ཚུན་ཐ་དད་ལྡན་པ་དང་ངོ་བོ་ཡིན་པ་འགོག་ལ། དེ་ཉིད་འགལ་སྟོབས་ཀྱིས་ཡིན་པས་འགལ་འབྲེལ་གཉིས་ཀ་ཡིན་པ་ཡོད་ཅེ་ན། མེ་ཏོག་སྔོན་པོ་སེར་པོ་ཡིན་པ་འགོག་པ་ལ་སེར་པོར་སྣང་རུང་མ་དམིགས་པའི་རྟགས་ནུས་མེད་དུ་འགྱུར་ཏེ། ཐམས་ཅད་དུ་སྔོན་པོ་ཡིན་པའི་འགལ་བ་དམིགས་པས་འགོག་དགོས་པའི་ཕྱིར། གསུམ་པ་ནི། རྟོག་གེའི་སྐབས་འགར་སྔོ་སེར་སོགས་ཐ་དད་རྣམས་ཕན་ཚུན་འགལ་བར་གསུངས་པ་ནི་བཏགས་པ་བའི་རྣམ་གཞག་ཡིན་གྱི། མཚན་ཉིད་པ་མིན་ཏེ་རྟ་དང་འབྲེལ་བའི་བ་གླང་ཞེས་ལྷན་ཅིག་འདུག་པ་ལ་འབྲེལ་བར་འདོགས་པ་བཞིན་ནོ། །གཉིས་པ་རང་ལུགས་ལ། གཅིག་དང་ཐ་དད་ཀྱི་རྣམ་གཞག ཐ་དད་ལ་འགལ་འབྲེལ་འཇོག་པའི་ཚུལ། ཕན་ཚུན་སྤང་འགལ་ཉིད་བཤད་པའོ། །དང་པོ་ནི། རྒྱུ་ཐ་དད་དང་ཐ་མི་དད་ཀྱིས་བསྐྱེད་པ་དང་། ཤེས་པ་ལ་རྣམ་པ་ཐ་དད་དང་ཐ་དད་མིན་པ་གཅིག་ཏུ་ཤར་བའི་དབྱེ་བ་ཡིས་རིམ་བཞིན་ནང་ཤེས་པའི་རྫས་ཐ་དད་དང་ཐ་དད་མིན་པ་རྫས་གཅིག་དང་། ཕྱི་རོལ་དངོས་པོ་དང་དངོས་མེད་ཀྱི་ལྡོག་པ་ཐ་དད་དང་ཐ་དད་མིན་པ་གཅིག་གི་རྣམ་གཞག་བྱེད་དོ། །གཉིས་པ་ནི། ཐ་དད་དེ་དག་ཀྱང་དེས་ཕན་འདོགས་ན་དེ་དང་འབྲེལ་ཞིང་དེ་ལ་གནོད་ན་དེ་དང་འགལ་བ་ཡིན་ལ། གཉིས་ཀ་མིན་ན་ཐ་དད་པ་ཙམ་དུ་རྣམ་པར་གཞག་གོ །གསུམ་པ་ལ་གསུམ་ལས། དང་པོ་དངོས་འགལ་ནི། རང་མིན་འགོག་པ་ནི་རང་མིན་དང་དངོས་འགལ་གྱི་མཚན་ཉིད་ཡིན་ཏེ། དཔེར་ན་རྟག་མི་རྟག་ལ་སོགས་པ་བཞིན་ནོ། །གཉིས་པ་དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་ནི་རང་མིན་གྱི་ཁྱབ་བྱེད་འགོག་པ་དེ་བརྒྱུད་འགལ་གྱི་མཚན་ཉིད་ཡིན་ནོ། །དཔེར་ན་བྱས་པ་དང་རྟག་པ་ལྟ་བུའོ། །འདི་ལ་ཁ་ཅིག མེ་ལྟ་བུ་ཆོས་ཅན། ཆུ་དེ་ཁྱོད་མིན་པའི་ཁྱབ་བྱེད་དུ་ཐལ། ཁྱོད་དེ་དང་བརྒྱུད་འགལ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེས་ན། བརྒྱུད་འགལ་རང་མིན་ཁྱབ་བྱ་འགོག་ཅེས་འདོན་པ་ནི་རང་ཉིད་ནོར་ཏེ། ལུགས་འདི་ལ་མེ་གྲང་རེག་དང་བརྒྱུད་འགལ་མིན་ཏེ། དེ་དང་ཕན་ཚུན་སྤང་འགལ་དུ་འགྱུར་ཞིང་། འདོད་ན། དེ་གཉིས་གང་རུང་གཅིག་དངོས་མེད་དུ་ཐལ། འདོད་པའི་ཕྱིར། འཁོར་གསུམ། གཞན་ཡང་། དེ་ཆོས་ཅན་ཆུ་མིན་འགོག་བྱེད་དུ་ཐལ། ཆུ་དང་བརྒྱུད་འགལ་ཡིན་པའི་ཕྱིར། ཁྱབ་པ་ཁྱེད་ལྟར་ན་དོན་གྱི་དངོས་འགལ་ལོ། །དེས་ན་དགོངས་པ་ནི། བྱས་པའི་རང་མིན་མ་བྱས་པའི་ཁྱབ་བྱེད་རྟག་པ་འགོག་ཅེས་པ་ཡིན་པས་ལེགས་བཤད་ལ་གཡང་མ་ཟ་ཅིག གསུམ་པ་རྩོད་སྤང་ནི། སྔོ་སེར་སོགས་གཅིག་གྲུབ་པས་ཅིག་ཤོས་མི་ཁེགས་པར་ཐལ། དེ་གཉིས་དངོས་འགལ་དང་བརྒྱུད་འགལ་གཉིས་གང་ཡང་མིན་པའི་ཕྱིར་ཞེ་ན། དེ་གཉིས་ཕན་ཚུན་སྤངས་པ་ཡིན་གྱི་ཕན་ཚུན་སྤངས་པའི་འགལ་བ་མིན་ལ། སྤངས་པ་སྣང་རུང་ཡོད་པའམ་ཡིན་པ་ནི་སྣང་རུང་མ་དམིགས་པས་ཁེགས་ལ། སྤང་འགལ་ནི་དགག་བྱ་སྣང་དུ་མི་རུང་བའི་སར་འགལ་དམིགས་ཀྱི་སྦྱོར་བས་འགོག་གོ །གཉིས་པ་བསྡུས་ཏེ་བསྟན་པ་ནི། ཕན་ཚུན་སྤང་འགལ་ནི་ཡུལ་འགལ་ཟླ་གང་རུང་ཞིག་དངོས་པོར་མེད་པ་ལ་གནས་པས་གཅིག་པ་བཀག་པའི་ཐ་དད་ཁོ་ནར་ངེས་ལ། སྒྲ་རྟག་པ་དེ་ཡིན་པ་ནི། དེ་མིན་གྱི་ཁྱབ་བྱེད་བྱས་པ་ཡིས་འགོག་ལ། ཕན་ཚུན་སྤངས་པའི་དངོས་པོ་སྔོ་སེར་ལྟ་བུ་གཉིས་ནི་གཅིག་ཅིག་ཤོས་ཡིན་པ་སྣང་རུང་དམིགས་པ་མེད་པས་ཁེགས་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིག་པའི་གཏེར་ལས་འགལ་བ་བརྟག་པའི་རབ་ཏུ་བྱེད་པ་བདུན་པའི་རྣམ་བཤད་བསྟན་ཟིན་ཏོ།།  ༈  །།གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་གཞག མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པར་བསྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གོ །དང་པོ་ནི། ཤེས་བྱ་ཀུན་ལ་མཚན་ཉིད་མཚོན་བྱ་མཚན་གཞི་ཞེས་བྱ་བའི་ཆོས་གསུམ་གྱིས་ཁྱབ་སྟེ། ཤེས་བྱའི་རྣམ་པ་གང་རུང་ཞིག་བློ་ལ་འཆར་བ་ན། གཞན་དང་མི་འདྲ་བའི་རྣམ་པ་དང་། དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བས་ཞེན་དུ་རུང་བ་དང་། དེའང་གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ན་ཆོས་གསུམ་པོ་དེའི་རྣམ་གཞག་བཤད་པར་བྱའོ། །གཉིས་པ་ལ་ངོ་བོ་ངོས་བཟུང་བ། དེར་འཇོག་པའི་འཐད་པ། སོ་སོའི་མཚན་ཉིད་དང་གསུམ་མོ། །དང་པོ་ནི། མཚན་ཉིད་ནི་འདིས་གོ་བར་བྱེད་པ་རྣམ་འཇོག་གི་རྒྱུ་སྟེ་ནོག་ལྐོག་ཤལ་ལྟ་བུ་དོན་གྱི་ཆོས་སོ། །མཚོན་བྱ་ནི་འདི་གོ་བར་བྱ་བ་རྣམ་གཞག་གི་འབྲས་བུ་སྟེ་བ་གླང་གི་ཐ་སྙད་ལྟ་བུ་བློའི་ཆོས་སོ། །མཚན་གཞི་ནི་འདི་ལ་གོ་བར་བྱ་བ་རྟེན་གྱི་ཆོས་ཏེ་དཀར་ཟལ་ལྟ་བུའོ། །གསུམ་པོ་དེ་དག་རྣམ་པར་གཞག་བྱ་དང་། རྣམ་པར་འཇོག་བྱེད་ཡིན་པས་དོན་རང་མཚན་གྱི་ཆ་ནས་མི་འགྱུར་གྱི་གཞན་སེལ་ཉིད་ཡིན་ནོ། །གཉིས་པ་ནི། དཀར་ཟལ་བ་གླང་དུ་མཚོན་པ་ལ་ནོག་ལྐོག་ཤལ་མཚན་ཉིད་དུ་བཀོད་པའི་ཚེ་ཆོས་གསུམ་པོ་སོ་སོ་ལ་ཡང་དེ་དང་དེ་ཡི་རྒྱུ་མཚན་དགོས་ཏེ། རྒྱུ་མཚན་མེད་བཞིན་དུ་དེ་དང་དེར་བཞག་ན་གསུམ་པོ་ཐམས་ཅད་ཕན་ཚུན་འཆོལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ལ་མཚན་ཉིད། མཚོན་བྱ། མཚན་གཞི་དང་གསུམ། དང་པོ་ལ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་འདོད་པ་དགག དགོས་པའི་མཚན་ཉིད་གཞག་པ། དེའི་བསལ་བྱ་སྐྱོན་ཅན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་དགག་གཞག་སྤོང་གསུམ། དང་པོ་ནི། སྔ་རབས་པ་ཁ་ཅིག་མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་ཏེ། དོན་ལྡོག་རྫས་ཡོད་ཡིན་པའི་ཕྱིར་དང་། དགོས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་རོ་ཁ་ཅིག་སྟེ་ཆ་པ་ན་རེ། མཚན་ཉིད་ལའང་མཚན་ཉིད་ཀྱི་དོན་དང་ཐ་སྙད་གཉིས་ལས་དོན་ཏེ་གཞི་ལྡོག་ནོག་ལྐོག་ཤལ་ལྟ་བུ་ལ་མཚན་ཉིད་གཞན་མི་དགོས་ཀྱང་། དོན་དེ་མཚན་གཞིར་བཞག་ནས་མཚན་ཉིད་ཀྱི་ཐ་སྙད་དུ་སྒྲུབ་པ་ལ་མཚན་ཉིད་དགོས་ལ། དེ་རྫས་ཡོད་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་ཟེར་བ་དང་། གཞན་དག་སྟེ་གཙང་ནག་ནི་མཚན་ཉིད་ཀྱི་དོན་ནམ་གཞི་ལྡོག་ལའང་མཚན་ཉིད་དགོས་ཏེ་ཐ་སྙད་གཉིས་པའི་མཚན་ཉིད་བ་གླང་གི་ཐ་སྙད་ལ་ནོག་ལྐོག་ཤལ་དགོས་པ་བཞིན་ནོ། །བ་གླང་གི་ཐ་སྙད་ཐ་སྙད་གཉིས་པའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། ནོག་ལྐོག་ཤལ་ཡང་བ་གླང་གི་མཚན་ཉིད་ཇི་ལྟར་ཡིན། དེ་བ་གླང་གི་ཞེན་ཡུལ་ཡིན་པས་སོ་ཞེ་ན། བ་གླང་གི་ཐ་སྙད་ཀྱང་ཐ་སྙད་གཉིས་པའི་ཞེན་ཡུལ་ཡིན་པས་སོ། །འོན་ཀྱང་ནོག་ལྐོག་ཤལ་ལ་མཚན་ཉིད་གཞན་མི་དགོས་པས་ཐུག་མེད་དུ་མི་འགྱུར་རོ། །དེ་དང་འདྲ་བར་མཚོན་བྱ་ལའང་མཚོན་བྱ་གཞན་ཡོད་དོ། །དེས་ན་མཚན་ཉིད་ཀྱི་དོན་ལ་ཐུག་པ་ཡོད་ཀྱང་ཐ་སྙད་ཐུག་མེད་ཡིན་ཏེ། ནོག་ལྐོག་ཤལ་བ་གླང་གི་མཚན་ཉིད་དུ་མཚོན་པ་ལ་བ་གླང་གི་ཆོས་གསུམ་ཚང་བ་འགོད་པ་ལྟ་བུ་སྔ་མ་སྔ་མ་ལ་ལྟོས་པའི་ཆོས་གསུམ་མཚན་གཞི་དང་། ཕྱི་མ་ཕྱི་མ་ལ་ལྟོས་པའི་ཆོས་གསུམ་མཚན་ཉིད་ཡིན་ཏེ། དཔེར་ན་དུ་བ་གཏན་ཚིགས་སུ་མཚོན་པ་ལ་ཚུལ་གསུམ་ཚང་བ་རྟགས་སུ་བཀོད་ཅིང་། ཚུལ་གསུམ་དང་པོ་གཏན་ཚིགས་སུ་སྒྲུབ་པ་ལ་ཚུལ་གསུམ་གཉིས་པ་བཀོད་པ་སོགས་རྟགས་ཐུག་མེད་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །མི་འཐད་དེ། རྣམ་འཇོག་གི་རྒྱུ་མཚན་ཉིད་ནི་མ་ངེས་པར་རྣམ་པར་གཞག་བྱའི་འབྲས་བུ་མཚོན་བྱ་ངེས་སམ་མི་ངེས། ངེས་ན་ནི་མཚན་ཉིད་དགོས་པ་མེད་པར་འགྱུར་ཏེ། མཚན་ཉིད་མེད་ཀྱང་མཚོན་བྱ་གོ་བའི་ཕྱིར། མི་ངེས་ན་ནི་མཚན་ཉིད་ཐུག་མེད་འཇིག་སྟེ། འདིའི་ཐུག་མེད་ཀྱི་ཕྱི་མ་ངེས་པ་མི་སྲིད་པས་རྩ་བའི་མཚན་ཉིད་མི་ངེས་ལ། དེས་ན་མཚོན་བྱ་ཡང་མི་ངེས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཐུག་མེད་ཀྱི་ཕྱི་མ་མ་ངེས་ཀྱང་སྐྱོན་མེད་དེ། མཚོན་བྱ་དང་བསྒྲུབ་བྱའི་དོན། མཚན་ཉིད་དང་རྟགས་ཀྱི་མཚན་གཞིས་སྒྲུབ་པའི་ཕྱིར་ཞེ་ན། དེ་ལྟར་ན་ཚུལ་གསུམ་མ་ངེས་ཀྱང་བྱས་པ་ངེས་པ་ཙམ་གྱིས་སྒྲ་མི་རྟག་པ་རྟོགས་པ་དང་། ནོག་ལྐོག་ཤལ་མ་ངེས་ཀྱང་དཀར་ཟལ་ངེས་ཙམ་གྱིས་བ་གླང་རྟོགས་པར་འགྱུར་རོ། །འདོད་ན། སྒྲ་བྱས་པར་མཐོང་བ་ལ་རྟག་པའི་སྒྲོ་འདོགས་སྐྱེ་མི་སྲིད་པ་དང་། ནོག་ལྐོག་ཤལ་མེད་པའི་གོང་བུ་གཞན་ལའང་བ་གླང་དུ་ངེས་པར་འགྱུར་རོ། །ཡང་བ་གླང་གི་ཐ་སྙད་ཐ་སྙད་གཉིས་པའི་མཚན་ཉིད་ཡིན་ཏེ། བ་གླང་གི་ཐ་སྙད་དེ་ཉིད་ལ་ཡང་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཞིག་མེད་ན་ནི་དེ་ནི་ཤེས་བྱ་མིན་པར་ཐལ་ཏེ། ཤེས་བརྗོད་ལས་འདས་པའི་ཕྱིར། ཡོད་ན་དེ་ཐ་སྙད་གཉིས་པ་ཡིན་པས་བ་གླང་གི་ཐ་སྙད་དེ་ཉིད་ཐ་སྙད་ཕྱི་མ་ཡི་མཚན་ཉིད་ཡིན་ཏེ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། དེས་ན་ཐ་སྙད་སྔ་མ་སྔ་མ་ནི་མཚན་ཉིད་དང་། དེ་ཉིད་ལ་སྒྲ་བློས་ཞེན་རུང་གི་ཐ་སྙད་ཕྱི་མ་ཕྱི་མ་ནི་མཚོན་བྱ་ཡིན་པས་ཤེས་བྱ་ལ་མཚན་ཉིད་དུ་མི་རུང་བའི་ཆོས་མི་སྲིད་ཞེས་ལ་ལ་སྟེ་གཙང་ནག་པ་འདོད་དོ། །འདི་དགག་སྟེ། དེ་ལྟར་ཡིན་ན་ཤིང་གི་མཚན་ཉིད་དུ་འདོད་པའི་ཡལ་ག་ལ་ཡལ་ག་གཉིས་པ་མེད་ན་ཡལ་ག་ཤིང་མ་ཡིན་པར་འགྱུར་ལ། དེ་ལ་ཡལ་ག་གཞན་ཡོད་ན་དེ་ལ་ཡང་ཡལ་ག་གསུམ་པ་དང་བཞི་པ་སོགས་དགོས་པས་ཤིང་ལའང་མཚན་ཉིད་ཐུག་པ་མེད་པར་འགྱུར་རོ་ཞེས་མཚུངས་སོ། །གལ་ཏེ་ཙནྡན་ཤིང་དུ་སྒྲུབ་པ་ལ་ཡལ་ག་བཀོད་པའི་ཚེ་མཚན་ཉིད་ཚོལ་བ་ཐུག་མེད་མི་དགོས་ཏེ། དེའི་ཚེ་ཡལ་ག་ལ་ནི་ཡལ་ག་གཞན་མེད་ཀྱང་ཡལ་ག་ཤིང་མིན་པར་མི་འགྱུར་བའི་ཕྱིར་ཏེ། ཡལ་ག་དེ་ཉིད་ཀྱི་ཙནྡན་ཤིང་དང་ཐ་དད་ལྡན་པར་མི་སྒྲུབ་ཀྱི་ངོ་བོ་དབྱེར་མེད་སྒྲུབ་པའི་ཕྱིར་ཞེ་ན། བ་གླང་གི་ཐ་སྙད་སྒྲུབ་པ་ཐུག་མེད་ག་ལ་དགོས་ཏེ་ཐ་སྙད་ལ་ཐ་སྙད་གཉིས་པ་མེད་ན་ཡང་ཐ་སྙད་སྔ་མ་དེ་ཤེས་བརྗོད་ལས་འདས་པར་མི་འགྱུར་བའི་ཕྱིར། ནོག་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱིས་བ་གླང་ལ་སོགས་པའི་ཐ་སྙད་དེ་ཉིད་ཐ་དད་ལྡན་པར་མི་སྒྲུབ་པར་ཤེས་བྱ་བ་གླང་གི་ངོ་བོར་སྒྲུབ་པའི་ཕྱིར་ན། ནོག་ལྐོག་ཤལ་ཤེས་བརྗོད་ཅན་དུ་གྲུབ་པ་ན་དེ་དང་དབྱེར་མེད་ཀྱི་བ་གླང་གི་ཐ་སྙད་ཀྱང་ཤེས་བརྗོད་ཅན་དུ་གྲུབ་སྟེ། དཔེར་ན་ཙནྡན་ཤིང་དུ་གྲུབ་པ་ན་དེ་དང་དབྱེར་མེད་ཀྱི་ཡལ་ག་ཤིང་དུ་གྲུབ་པ་བཞིན་ནོ། །གཉིས་པ་རང་ལུགས་ནི། བ་གླང་ཞེས་པའི་བརྡ་དང་ནོག་ལྐོག་ཤལ་གྱི་དོན་འབྲེལ་པར་ནམ་ཞིག་རྟོགས་པ་དེའི་ཚེ་ན་ནོག་ལྐོག་ཤལ་གྱིས་བ་གླང་གི་ཐ་སྙད་འགྲུབ་བོ། །བརྡ་དོན་འབྲེལ་བར་ནམ་གྱི་ཚེ་རྟོགས་ཞེ་ན། མཁས་པས་གཏན་ཚིགས་དང་མཚན་ཉིད་ཀྱི་དོན་མཐོང་བ་ཙམ་གྱིས་དེ་དག་གི་ཐ་སྙད་འགྲུབ་ལ། བླུན་པོ་ལ་དེ་དག་གི་མཚན་ཉིད་རྟགས་སུ་བཀོད་པའི་ཐ་སྙད་སྒྲུབ་ཀྱིས་འགྲུབ་ཅིང་། ཤིན་ཏུ་བླུན་པོ་ལ་ཚུལ་གསུམ་སོ་སོའི་ངོ་བོ་དང་། ནོག་ལྐོག་ཤལ་གྱི་དོན་གཉའ་བར་ཤ་འཕུངས་པ་དང་། མགྲིན་པར་ལྤགས་པ་འཕྱང་བ་ལ་སོགས་པ་བརྡ་དོན་སྦྲེལ་དགོས་པ་སྲིད་དོ། །དེ་ཙམ་བརྗོད་ཀྱང་མི་གོ་བ་ནི་ཐ་སྙད་སྒྲུབ་ཀྱི་ཡུལ་མིན་ནོ། །འོ་ན་བླུན་པོ་ལ་ཐ་སྙད་ཇི་ལྟར་སྒྲུབ་སྙམ་ན། རྟགས་དང་མཚན་ཉིད་གཉིས་ཀ་ལ་སྤྱི་དང་བྱེ་བྲག་སྦྱོར་བ་འདིར་གཏོགས་གཉིས་གཉིས་ཡིན་ལ། རྟགས་དང་མཚན་ཉིད་རེ་རེའི་སྦྱོར་བ་གཉིས་ཀའང་སྦྱོར་བ་གསུམ་པར་ཐ་སྙད་མཐར་ཐུག་པས་བཞི་པ་འགོད་མི་དགོས་ཏེ། བཞི་པ་ཕན་ཆད་ལ་ཐ་སྙད་མ་གྲུབ་པ་སྒྲུབ་པའི་དགོས་ནུས་གང་ཡང་མེད་པའི་ཕྱིར་རོ། །བརྡ་དྲན་གྱི་སྦྱོར་བ་བཞི་པོ་སྦྱོར་བ་དེ་དང་དེའི་སྦྱོར་བ་གསུམ་པ་ཡིན་ནོ། །འོ་ན་དང་པོ་རྣམས་གང་ཞེ་ན། རྟགས་ཀྱི་སྦྱོར་བ་གཉིས་ཀྱི་དང་པོ་ནི། གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་བང་བཞིན། ལ་ལ་ཡང་དུ་བ་ཡོད་དོ་ཞེས་པ་སྟེ། འདིས་དུ་བ་སྤྱི་རྟགས་ཙམ་དང་། བྱེ་བྲག་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར། མཚན་ཉིད་ཀྱི་སྦྱོར་བ་གཉིས་ཀྱི་དང་པོ་ནི། ནོག་ལྐོག་ཤལ་མཚན་གཞི། བ་གླང་གི་མཚན་ཉིད་ཡིན་པར་མཚོན། དེའི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཞེས་བྱ་སྟེ། འདིས་ནོག་ལྐོག་ཤལ་སྤྱིར་མཚན་ཉིད། བྱེ་བྲག་བ་གླང་གི་མཚན་ཉིད་དུ་བཀོད་པའི་ཕྱིར། དེ་དག་ལ་དུ་བ་གཏན་ཚིགས་ཡིན་ཏེ། ཅི་ཕྱིར་ཞེས་དྲིས་པ་ན་སྤྱིར་གཏན་ཚིགས་ཙམ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་ཐ་སྙད་སྒྲུབ་པ་གཉིས་ལས། དང་པོ་ནི། ཚུལ་གསུམ་ཚང་བ་དེ་གཏན་ཚིགས་ཡིན་ཏེ་བྱས་པ་བཞིན། དུ་བ་ཡང་ཚུལ་གསུམ་ཚང་བ་ཡིན་ནོ་ཞེས་འགོད། དེ་ལྟ་བུའི་ཚུལ་གསུམ་ཚང་བ་དེ་གཏན་ཚིགས་ཡིན་ཏེ། ཅི་ཕྱིར་ཞེ་ན། གང་ཚུལ་གསུམ་ཚང་བ་ལ་གཏན་ཚིགས་ཀྱི་བརྡ་སྦྱར་ཏེ། ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན་ཞེས་བརྡ་དྲན་པར་བྱས་པས་འགྲུབ་བོ། །སྦྱོར་བ་འདིར་གཏོགས་ཀྱང་གོ་སླའོ། །དེ་བཞིན་དུ་ནོག་ལྐོག་ཤལ་མཚན་ཉིད་དུ་སྒྲུབ་པ་ལ་ཡང་སྤྱི་དང་སྦྱོར་བ་འདིར་གཏོགས་གཉིས་ལས། དང་པོ་ནི། གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་མཚན་ཉིད་ཡིན་ཏེ། ལྟོ་ལྡིར་ཞབས་ཞུམ་བཞིན། ནོག་སོགས་འདུས་པ་ཡང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ནོ་ཞེས་པས་འགྲུབ་ཅིང་། དེ་ཉིད་མཚན་ཉིད་ཡིན་པ་ཡང་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ་མཚན་ཉིད་ཀྱི་བརྡ་སྦྱར་ཏེ། ཡལ་ག་དང་ལྡན་པ་ལ་ཤིང་བཞིན་ཞེས་པས་འགྲུབ་ལ། སྦྱོར་བ་འདིར་གཏོགས་ཀྱང་བྱེ་བྲག་ལ་བཀར་ཏེ་རྗོད་པ་ཉིད་ཀྱིས་ཤེས་པར་སླའོ། །འདི་ལྟ་བུའི་འཆད་ཚུལ་མི་ཤེས་པར་སྤྲང་པོ་ཙམ་པ་ལ་ཐུག་པ་དཔེར་བྱས་ནས་འདིར་སྦྱོར་བ་གསུམ་པ་མེད་པར་སྨྲ་བ་ནི། བཟའ་འདོད་ཀྱི་སྤྲང་པོ་དང་འཆད་འདོད་སློབ་དཔོན་མཚུངས་པར་སྣང་ངོ་། །གསུམ་པ་རྩོད་སྤོང་ནི། ཕྱ་གཙང་ན་རེ། ཚུལ་གསུམ་ཚང་བ་ལ་ཚུལ་གསུམ་ཚང་བ་མེད་ན་ཚུལ་གསུམ་ཚང་བ་རྟགས་མིན་པར་འགྱུར་ལ། ཡོད་ན་དེ་ཉིད་ཚུལ་གསུམ་གཉིས་པ་ཡིན་པས་དེ་ཉིད་ལ་ལྟོས་ནས་ཚུལ་གསུམ་གསུམ་པ་དང་བཞི་པ་ལ་སོགས་པ་ཁྱེད་ལའང་ཐུག་མེད་དུ་འགྱུར་རོ་ལོ། །སྐྱོན་གཉིས་མེད་དེ། དུ་བ་བཞིར་བཞག་ནས་དེའི་སྟེང་དུ་ཚུལ་གསུམ་གཞན་ཞིག་རྩི་ན་བདེན་ཡང་། དཔྱད་བྱའི་ཚུལ་གསུམ་ཚང་བ་དེ་དུ་བ་ཁོ་ནའི་ཆོས་སུ་ཡོད་པའི་ཚུལ་གསུམ་ཚང་བ་དེ་ལ་དབྱེར་མེད་པ་ཡིན་གྱི་དུ་བའི་ཆོས་སུ་གྱུར་པའི་ཚུལ་གསུམ་ཚང་བ་དེ་ལས་གཞན་པའི་ཚུལ་གསུམ་གཉིས་པ་དང་གསུམ་པ་སོགས་མེད་པའི་ཕྱིར། འདིས་དུ་བ་ལ་མེ་སྒྲུབ་པའི་ཚུལ་གསུམ་དུ་བསྟན་པར་འདོད་པ་དག་གིས་ཕྱོགས་ཙམ་དུ་ཡང་མ་ཕྱིན་པས་ལོག་པར་བཤད་པར་མ་བྱེད་ཅིག ལན་འདི་ཡིས་དངོས་འགལ་གཅོད་པའི་དོན་ལྡོག་ལ་མཚན་ཉིད་མེད་ན་དེ་མཚན་ཉིད་མིན་པར་འགྱུར་ལ། ཡོད་ན་ཐུག་མེད་དུ་ཐལ་ལོ་ཞེས་པའི་སྐྱོན་ཡང་བསལ་བ་ཡིན་ཏེ། ནོག་ལྐོག་ཤལ་གཞིར་བཞག་ནས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་གཞན་ཞིག་རྩི་བ་མིན་པར། ནོག་ལྐོག་ཤལ་ཉིད་དངོས་འགལ་གཅོད་པའི་དོན་ལྡོག་སྒྲུབ་པའི་ཕྱིར་རོ། །གཉིས་པ་དགོས་པའི་མཚན་ཉིད་གཞག་པ་ལ། གཞན་ལུགས་དགག་པ། རང་ལུགས་གཞག་པ་གཉིས། དང་པོ་ནི། ལོ་ཙཱ་བ་ལ་སོགས་པ་ལ་ལ་མཚན་ཉིད་ཀྱི་མཚན་ཉིད་མཚོན་བྱ་རྣམ་འཇོག་གི་རྒྱུ་མཚན་ཞེས་ཟེར་བ་འཐད་པ་མིན་ཏེ། དེ་ལྟར་ན་བསྒྲུབ་བྱ་གོ་བྱེད་ཅེས་པ་གཏན་ཚིགས་ཀྱི་མཚན་ཉིད་ལའང་མཚུངས་པའི་ཕྱིར། འགའ་ཞིག་ཕྱྭ་པ་ནི་ཆོས་གསུམ་ཚང་བ་དང་། གཙང་ནག་པ། མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཡིན་པར་འདོད་དོ། །གཉིས་པོ་འདི་མི་འཐད་དེ་མཚན་ཉིད་དུ་གོ་བ་མཚོན་བྱ་གོ་བ་ལ་ལྟོས་པའི་ཕྱིར་རོ། །གཉིས་པ་ནི། དངོས་འགལ་རྣམ་པར་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ཏེ། མཚོན་བྱ་དང་མཚན་གཞིའི་ལྡོག་པ་གཉིས་བཅད་ནས་གང་འདོད་པ་དེ་ཡི་དོན་ལྡོག་གྲུབ་པའི་ཕྱིར་རོ། །གསུམ་པ་དེའི་བསལ་བྱ་སྐྱོན་ཅན་གྱི་རབ་དབྱེ་ལ། དགག་གཞག་སྤོང་གསུམ་ལས། དང་པོ་ནི། མཚན་ཉིད་དེ་ཡི་སྐྱོན་རྣམས་བསྡུ་ན་གསུམ་སྟེ། རང་ལྡོག་རྫས་མ་གྲུབ། དོན་ལྡོག་གཞན་དུ་གྱུར། མཚན་གཞི་ལ་མི་གནས་པའོ། །དང་པོ་ནི། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལས་རང་དབང་དུ་མ་གྲུབ་པ་ཡིན་ལ། དབྱེ་ན་བ་གླང་གི་མཚན་ཉིད་དུ་བ་གླང་ཉིད་ལྟ་བུ་རང་གི་ཐ་སྙད་དང་། དེའི་མགོ་བོ་ལྟ་བུ་རང་གི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་མཚན་ཉིད་དུ་བཀོད་པ་གཉིས། གཉིས་པ་ནི། རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་དུ་མཚོན་བྱའི་དོན་ལྡོག་མིན་པའོ། །དབྱེ་ན། མི་སྲིད། མ་ཁྱབ། ཁྱབ་ཆེས་པ། ཁྱབ་མཉམ་པ་བཞིའོ། །གསུམ་པའི་མཚན་ཉིད། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་མཚོན་པར་བྱ་བའི་གཞི་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན། འགལ་ནས། ལྡོག་པ་ཐ་དད་མེད་ནས། དོན་ལྡོག་ཐ་དད་མེད་ནས། མཚན་གཞིའི་ཕྱོགས་གཅིག་ལ་མ་ཁྱབ་ནས་མི་གནས་པ་དང་བཞིའོ་ཞེས་བྱང་ཕྱོགས་པའི་རྟོག་གེ་ཕྱི་རབས་པ་རྣམས་འདོད་དོ། །འདི་དགག་པ་ལ། རིགས་པས་མི་འཐད་པ། གཞུང་གི་དགོངས་པ་མིན་པའོ། །དང་པོ་ནི། གལ་ཏེ་འདི་དག་སྦྱོར་བ་བཀོད་ནས་སྐྱོན་རྩི་ན། མཚན་ཉིད་མཚོན་བྱ་ལས་དོན་ལྡོག་གཞན་དུ་གྱུར་པ་སྐྱོན་མེད་ཡིན་པར་འགྱུར་ཏེ། བསྒྲུབ་ཆོས་དོར་བས་སྟོང་ཉིད་མེད་དགག་ཏུ་མཚོན་པའི་ཚེ་དོན་ལྡོག་གཞན་འགྱུར་དུ་ཐལ་ཏེ། དེ་མེད་དགག་གི་ཐ་སྙད་ལ་མི་སྲིད་པའི་ཕྱིར། རྟགས་གསལ་ཁས་སོ། །གལ་ཏེ་མཚན་ཉིད་མཚོན་བྱ་ལ་སྲིད་མི་སྲིད་ཀྱི་དོན་མཚན་གཞི་ལ་སྲིད་མི་སྲིད་ལ་རྗོད་ཀྱི། མཚོན་བྱ་ཉིད་ཀྱི་ལྡོག་པ་ལ་བརྟེན་མི་བརྟེན་ལ་མི་འདོད་དེ། དེ་ལྟར་མི་དགོས་པ་དང་མི་ཕན་པའི་ཕྱིར་རོ་ཞེ་ན། འོ་ན་དོན་ལྡོག་གཞན་གྱུར་དུ་འདོད་ཀྱང་མཚན་གཞི་ལ་མི་གནས་པར་འགྱུར་ཏེ། མི་སྲིད་ནས་དོན་ལྡོག་གཞན་གྱུར་གྱི་སྐྱོན་ཡང་མཚན་གཞི་ལ་མི་སྲིད་པ་ལ་འཇོག་པའི་ཕྱིར། གལ་ཏེ་སྦྱོར་བ་མ་བཀོད་པ་ལས་སྐྱོན་རྩི་ན། མཚན་གཞི་ལ་མི་གནས་པ་སྐྱོན་དུ་བརྩི་བ་དོན་མེད་དུ་འགྱུར་ཏེ། མེད་དགག་གི་མཚན་ཉིད་བསྒྲུབ་ཆོས་དོར་བ་བཀོད་པ་སྐྱོན་མེད་ཡིན་པའི་ཕྱིར། གལ་ཏེ་མཚན་གཞིར་འཇོག་ཚུལ་ལ་རགས་ལས་ཏེ། སྟོང་ཉིད་ལྟ་བུ་བཞག་ན་སྐྱོན་མེད་དང་། ཤེས་བྱ་ལྟ་བུ་བཞག་ན་སྐྱོན་ཅན་ཡིན་ནོ་ཞེ་ན། འོ་ན་སྦྱོར་བ་མ་བཀོད་པ་ལ་སྐྱོན་བརྩི་བ་ཉམས་ཏེ། ཆོས་གསུམ་ཀ་བཀོད་པ་ལ་སྐྱོན་ལྟོས་དགོས་པའི་ཕྱིར་རོ། །དེ་ལ་མཚོན་བྱའི་སྐྱོན་ནི་མཚན་གཞིར་བཀོད་དམ་མ་བཀོད་ཀྱང་རུང་མཚོན་བྱ་ལ་བརྩི་ལ། མཚན་གཞིའི་སྐྱོན་ནི་མཚོན་ཆོས་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ། མཚན་གཞིར་བཀོད་པ་ལ་བརྩི་བས་སྐྱོན་མེད་དོ་ཞེ་ན། མི་འཐད་དེ། མཚན་གཞི་ལ་བརྩི་ན་མ་བཀོད་པ་འགལ་ལ། བཀོད་ན་མཚན་གཞིའི་སྐྱོན་མིན་པ་འགལ་ལོ། །ཡང་མཚན་གཞིའི་སྐྱོན་རྩི་ཚུལ་ཡང་མི་འཐད་དེ། རྟ་བ་གླང་དུ་མཚོན་པ་ལ་རང་ལྡོག་རྫས་སུ་མ་གྲུབ་པ་བཀོད་ཀྱང་མཚན་གཞི་ལ་མི་གནས་པར་འགྱུར་རོ། །འདོད་ན། སྐྱོན་ཐམས་ཅད་མཚན་གཞི་ལ་མི་གནས་པར་འདུས་པས་སྐྱོན་གཉིས་དོན་མེད་དོ། །གཉིས་པ་ནི། གསུམ་པོ་འདི་དག་མཚན་ཉིད་ཀྱི་སྐྱོན་དུ་མི་འཐད་དེ། འཐད་ན་ནི་མཁས་པའི་གཙུག་རྒྱན་གཉིས་སྐྱོན་དུ་ཅིས་མི་བཞེད་དེ་བཞེད་དགོས་པ་ལ། ཀུན་བཏུས་དང་། སྡེ་བདུན་དུ་མ་གསུངས་པའི་ཕྱིར། གཉིས་པ་རང་གི་འདོད་པ་ནི། མ་ཁྱབ་ཁྱབ་ཆེས་མི་སྲིད་པ་གསུམ་ནི་མཚན་ཉིད་ཐམས་ཅད་ཀྱི་ནི་སྤྱི་སྐྱོན་ཡིན་པས། གསུམ་པོ་འདིར་འདུས་ཏེ། སྔར་གྱི་རང་ལྡོག་རྫས་སུ་མ་གྲུབ་པ་ལ་སོགས་པ་གསུམ་པོའང་སྐྱོན་དུ་འགྲོ་བའི་ཆ་ཐམས་ཅད་གསུམ་པོ་འདིར་འདུས་ཀྱི་ལོགས་པ་མེད་པའི་ཕྱིར་དང་། མཚན་ཉིད་ལ་དོན་གྱི་སྒོ་ནས་རྣམ་གཅོད་གསུམ་ཡོད་པ་བཞིན་དུ། རྗོད་བྱེད་ཀྱི་སྒྲ་དང་དོན་གྱི་བཅད་བྱ་རྣམ་པར་གཅོད་ཚུལ་ཀུན་མ་ཁྱབ་པ་གཅོད་པ་སོགས་གསུམ་དུ་འདུས་ཀྱི་གསུམ་པོ་འདི་ལས་གཅོད་ཚུལ་གཞན་ཡོད་པ་མིན་པའི་ཕྱིར་ཏེ། ཆོས་ཀྱི་ཚིག་ཕྲད་ཐ་དད་པ། །ཞེས་སོགས་གསུངས། རྣམ་གཅོད་གསུམ་གྱིས་རིམ་བཞིན་མ་ཁྱབ་པ་སོགས་གསུམ་གཅོད་པའི་ངག་ཡིན་ལ། སྒྲས་ཇི་ལྟར་གཅོད་པ་ལྟར་དོན་ཡང་རྣམ་པར་བཅོད་པས་མཚན་ཉིད་ཀྱི་སྐྱོན་གསུམ་ལས་མི་འདའོ། །དེ་ཉིད་སློབ་དཔོན་གྱིས་མཚན་ཉིད་ཀྱི་རྣམ་བཅོད་ཀྱི་སྐབས་སུ། རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །ཞེས་སོགས་གསུངས་པས་ཁྱབ་ཆེས་པ་གཅོད། འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །ཅེས་གསུངས་པས་མ་ཁྱབ་པ་གཅོད། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །ཅེས་སོགས་ཀྱིས་མི་སྲིད་པ་གཅོད་པ་ལ་དགོངས་སོ། །དེ་ལྟ་བུའི་སྐྱོན་ཅན་གསུམ་པོ་རེ་རེ་ལའང་མཚན་ཉིད་དང་དབྱེ་བ་གཉིས་གཉིས་ཡོད་པ་ནི་རང་འགྲེལ་ལས་ཤེས་སོ། །གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་མཚན་ཉིད་ཀྱི་སྐྱོན་འདི་དག་མཚན་གཞི་བཀོད་པ་དང་མ་བཀོད་པ་གང་ལ་བརྩི། དང་པོ་ལྟར་ན་བ་གླང་གི་མཚན་ཉིད་ལྐོག་ཤལ་ཁྲ་བོ་བཀོད་པ་འདི་མ་ཁྱབ་པར་མི་གྱུར་ཏེ། དཀར་ཟལ་ལ་བཀོད་ན་སྐྱོན་མེད་དང་། ནག་སྒུར་ལ་བཀོད་ན་མི་སྲིད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་མཚན་གཞིའི་སྐྱོན་ཐམས་ཅད་མི་འཐད་པར་འགྱུར་ཏེ། སྲོག་ཆགས་ཙམ་བ་གླང་དུ་མཚོན་པའི་མཚན་ཉིད་ནོག་ལྐོག་ཤལ་བཀོད་པའང་སྐྱོན་མེད་ཁོ་ན་ཡིན་པའི་ཕྱིར་ཞེས་དང་། ཡང་མཚན་ཉིད་མི་སྲིད་པའི་གཞིར་མཚོན་བྱ་ཁེགས་སམ་མི་ཁེགས། ཕྱི་མ་ལྟར་ན་མཚོན་བྱ་ལ་མཚན་ཉིད་ཀྱིས་མ་ཁྱབ་པར་འགྱུར་ལ། དང་པོ་ལྟར་ན་ནོག་ལྐོག་ཤལ་བ་གླང་དུ་མཚོན་པ་ལ། ལྐོག་ཤལ་བཀོད་པའི་ཚེ་དེ་ལ་བ་གླང་ཁེགས་པར་ཐལ། དེ་ལ་ལྐོག་ཤལ་ཐ་དད་མེད་ནས་མི་སྲིད་པའི་ཕྱིར། ཞེས་རྣམ་པར་བརྟགས་པའི་རྩོད་པ་གཉིས་ཀྱིས་སྐྱོན་ཡོན་བརྩི་བའི་སྐབས་འདིར་མི་གནོད་དེ། འདི་ལྟར་སྐྱོན་ཐམས་ཅད་མཚན་གཞི་བཀོད་པ་ལ་བརྩི་ལ། འོན་ཀྱང་དཀར་ཟལ་བ་གླང་དུ་མཚོན་པ་ལ་ལྐོག་ཤལ་ཁྲ་བོ་བཀོད་པ་འདི་མ་ཁྱབ་པ་ཡིན་ཏེ། དེའི་ཚེ་དཀར་ཟལ་མཚན་གཞི་ཙམ་ཡིན་གྱི་མཚོན་པར་བྱ་བ་བ་གླང་ཡིན་པའི་ཕྱིར། དེས་ན་མ་བཀོད་ན་བ་གླང་གི་མཚན་ཉིད་ནོག་ལྐོག་ཤལ་སྐྱོན་མེད་མིན་ཏེ།        རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*