སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར། ཀ༽

༄༅། །སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བྱེད་པ་ཞེས་བྱ་བ་བཞུགས་སོ།།

ནམ་མཁའ་ཁྱབ་པར་གར་སྟབས་སྒྱུར་བའི་སྐུ་ནི་ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ནམ་མཁའི་མཐའ་ཀླས་སྒྲ་ཆེན་སྒྲོགས་པའི་གསུང་ནི་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ནམ་མཁའི་ལམ་ལ་རབ་ཏུ་གནས་པའི་ཐུགས་ནི་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་མཛད་ལ་འདུད་དོ་ཡེ་ཤེས་སྣང་བ་ལམ་མེ་སྩོལ། །རིགས་པའི་གཙུག་རྒྱན་ཕྱོགས་གླང་གྲགས་པའི་གཞུང་། །རིགས་པ་མཁྱེན་པས་ཇི་བཞིན་ཕྱེ་བའི་སྲོལ། །རིགས་པའི་གཏེར་གྱི་ཁ་འབྱེད་ལེགས་བཤད་འདི། །རིགས་པ་དོན་གཉེར་སྐལ་ལྡན་རྣམས་ལ་སྦྱིན། །སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བཤད་པ་འདི་ལ་གཉིས་ཏེ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་ཉིད། དབྱེ་བའོ། །དང་པོ་ནི་ཡུལ་གྱི་མཚན་ཉིད་བློའི་རིག་པར་བྱ་བ། དེ་དང་ཁྱབ་མཉམ་པའི་ཤེས་བྱའི་མཚན་ཉིད། བློའི་ཡུལ་དུ་བྱར་རུང་བ། གཞལ་བྱའི་མཚན་ཉིད། ཚད་མས་རྟོགས་པར་བྱ་བ། གཞི་གྲུབ་ཀྱི་མཚན་ཉིད། ཚད་མས་དམིགས་པ། ཡོད་ངེས་ཀྱི་མཚན་ཉིད། ཚད་མས་བལྟར་རུང་བའོ། །གཉིས་པ་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ནི་བོད་ཁ་ཅིག་སྣང་ཡུལ་དང་། གཟུང་ཡུལ་དོན་གཅིག་པས་དོན་སྤྱི་དེ་རྟོག་པའི་གཟུང་ཡུལ་དང་། མེད་པ་གསལ་བ་དེ་རྟོག་མེད་ལོག་ཤེས་ཀྱི་གཟུང་ཡུལ་ཡིན་ཞེས་ཟེར་རོ། །འདི་དགག་པ་ལ་རིགས་པ་གཉིས་ལས། དང་པོ་ནི། རྟོག་པ་དང་རྟོག་མེད་ལོག་ཤེས་གཉིས་པོ་ཆོས་ཅན། འཁྲུལ་ཤེས་མ་ཡིན་པར་ཐལ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཆོས་ཅན། མཐོང་རུང་གི་ཡུལ་ན་གནས་པའི་གང་ཟག་གཞན་གྱི་ཤེས་པས་མཐོང་བར་ཐལ། རང་སྣང་བའི་ཤེས་པ་ལས་རྫས་ཐ་དད་པའི་གཟུང་ཡུལ་ཡིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། ཡུལ་དུ་བྱས་ཚུལ་གྱི་སྒོ་ནས་ཡུལ་བཞིར་དབྱེ་བ། ངོ་བོའི་སྒོ་ནས་བདེན་པ་གཉིས་སུ་དབྱེ་བ། འཇུག་ཡུལ་གྱི་སྒོ་ནས་མངོན་ལྐོག་གཉིས་སུ་དབྱེ་བ། འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་དབྱེ་བ། མཐར་ཐུག་གི་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཆོས་གང་ཡུལ་བཞིར་འགྱུར་དཔྱད། ཡུལ་ཅན་གང་ལ་ཡུལ་བཞིར་ཡོད་དཔྱད། ཡུལ་བཞི་སོ་སོའི་ངོ་བོའོ། །དང་པོ་ནི། ཆོས་ཐམས་ཅད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས། སྣང་ཡུལ། ཞེན་ཡུལ། འཇུག་ཡུལ་གསུམ་དུ་འགྱུར་ལ། གཟུང་ཡུལ་ནི་མདོ་སྡེ་པས་ཕྱིའི་སྐྱེ་མཆེད་ལྔ་པོ་ཁོ་ན་ལ་འཇུག་ཅིང་། སེམས་ཙམ་པའི་ལུགས་ལ་གཟུང་ཡུལ་གྱི་རྣམ་གཞག་མེད་དོ། །གཉིས་པ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་ཐམས་ཅད་ལ་སྣང་ཡུལ་ཡོད་ཅིང་། རྟོག་མེད་འཁྲུལ་ཤེས་རྣམས་ལ་སྣང་ཡུལ་མེད། རྟོགས་པ་ཐམས་ཅད་ལ་སྣང་ཡུལ་ཡོད་དོ། །གཟུང་ཡུལ་ནི། དོན་རིག་མངོན་སུམ་གཉིས་པོ་ཁོ་ན་ལ་ཡོད་ཅིང་། ཞེན་ཡུལ་ནི། རྟོག་པ་དོན་མཐུན་རྣམས་ལ་ཡོད། འཇུག་ཡུལ་ནི། ཚད་མ་དང་། རྗོད་བྱེད་སྒྲ་དོན་མཐུན་དང་། སྐྱེས་བུ་རྣམས་ལ་ཡོད་དོ། །གསུམ་པ་ལ། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞི་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། དེས་རྣམ་པ་གཏད་པའི་སྒོ་ནས་སྣང་བའམ། རྣམ་མེད་དུ་དངོས་སུ་སྣང་བ་གང་རུང་གྱུར་པའི་ཡུལ་ལོ། །གཉིས་པ་ལ། རྟོག་མེད་ཤེས་པའི་དང་། རྟོག་པའི་སྣང་ཡུལ་གཉིས། དང་པོ་ལ་རྣམ་པ་གཏད་པའི་སྒོ་ནས་སྣང་ཡུལ་དུ་འགྱུར་བ་དང་། རྣམ་པ་མ་གཏད་པའི་སྒོ་ནས་སྣང་ཡུལ་དུ་འགྱུར་བ་གཉིས། དང་པོ་ནི། དོན་རིག་མངོན་སུམ་གྱིས་གཟུང་དོན་ལྟ་བུ། གཉིས་པ་ནི། རང་རིག་མངོན་སུམ་གྱིས་མྱང་བྱ་ལྟ་བུའོ། །རྟོག་པའི་སྣང་ཡུལ་ནི་དོན་སྤྱི་ལྟ་བུའོ། །ཡང་ན་ཡུལ་བཞིའི་ནང་ཚན་དུ་གྱུར་པའི་སྣང་ཡུལ་ནི་ཡུལ་ཅན་གྱི་ཤེས་པ་ལས་རྫས་གཞན་དུ་མེད་ཅིང་། རང་དུས་སུ་སྣང་བ་ལ་འཇོག་པ་རང་རིག་མངོན་སུམ་གྱིས་མྱང་བྱ་དང་། རྟོག་མེད་ལོག་ཤེས་ལ་དངོས་སུ་སྣང་བའི་མེད་པ་གསལ་བ་དང་། རྟོག་པ་ལ་དངོས་སུ་སྣང་བའི་དོན་སྤྱི་གསུམ་པོ་ཁོ་ན་ལ་འཇོག་ཅིང་། བར་པ་ནི་ཤེས་པ་དེའི་སྣང་ཡུལ་ཡིན་ཀྱང་སྤྱིར་སྣང་ཡུལ་མ་ཡིན་ཞེས་པ་རིགས་གཏེར་གྱི་དགོངས་པ་ཡིན་ནམ་སྙམ་སྟེ་དཔྱད་དོ། །གཉིས་པ་ལ་མཚན་ཉིད་ནི། རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱི་དོན་ནོ། །དབྱེ་ན། ཡུལ་ཅན་གྱི་སྒོ་ནས་དབང་པོའི་མངོན་སུམ་གྱིས་གཟུང་ཡུལ་དང་། ཡིད་ཀྱི་མངོན་སུམ་གྱིས་གཟུང་ཡུལ་གཉིས། ཡུལ་གྱི་སྒོ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །གསུམ་པ་ལ་མཚན་ཉིད་ནི། རང་འཛིན་སྟངས་ཀྱིས་གཙོ་བོར་བྱེད་པའི་བློས་ཞེན་ནས་རིག་པར་བྱ་བ། དེ་ལ་དབྱེ་ན་རྟོག་པ་ཚད་མའི་ཞེན་ཡུལ་དང་། བཅད་ཤེས་ཀྱི་ཞེན་ཡུལ་གཉིས། དང་པོ་ནི། རྗེས་དཔག་ཚད་མའི་འཇུག་ཡུལ་རྣམས་སོ། །གཉིས་པ་ནི། ཚད་མ་གཉིས་ཀྱི་འཇུག་ཡུལ་དེ་ཉིད་དེས་དྲངས་པའི་བཅད་ཤེས་ཀྱི་ཞེན་ཡུལ་དུ་འགྱུར་བ་ལྟ་བུའོ། །བཞི་པ་ལ་མཚན་ཉིད་ནི། ཡུལ་ཅན་དོན་མཐུན་གྱི་བྱེད་པ་འཇུག་པའི་གཞིར་གྱུར་པའི་ཡུལ་གྱི་གཙོ་བོའོ། །དབྱེ་བ་ལ་ཡུལ་ཅན་གྱི་སྒོ་ནས་དབྱེ་ན་སྔར་ལྟར་གསུམ་ལས་དང་པོ་ཚད་མའི་འཇུག་ཡུལ་ལ་མངོན་སུམ་དང་། རྗེས་དཔག་གི་འཇུག་ཡུལ་གཉིས། དང་པོ་ལ་དོན་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཕྱི་རོལ་གྱི་དོན་རང་མཚན་དང་། རང་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཤེས་པ་རང་མཚན་དང་། རྣལ་འབྱོར་མངོན་སུམ་གྱི་འཇུག་ཡུལ་ནི་མདོ་སྡེ་པ་ལྟར་ན་བདག་མེད་པས་ཁྱད་པར་དུ་བྱས་པའི་ཕུང་པོ་རང་མཚན་དང་། རྣམ་རིག་པ་ལྟར་ན་ཆོས་ཉིད་རྣམས་ཡིན་ནོ། །རྗེས་དཔག་གི་འཇུག་ཡུལ་ནི་རྟགས་ཡང་དག་གི་བསྒྲུབ་བྱ་རྣམས་ལ་འཇོག་གོ །སྒྲའི་འཇུག་ཡུལ་ནི་བ་ལང་རང་མཚན་པ་དེ་བ་ལང་ཞེས་པའི་སྒྲ་དོན་མཐུན་གྱི་འཇུག་ཡུལ་ཡིན་པ་ལྟ་བུའོ། །གཉིས་པ་ངོ་བོའི་སྒོ་ནས་བདེན་པ་གཉིས་ལ། བྱེ་བྲག་ཏུ་སྨྲ་བས་བཅོམ་པའམ་བློས་གཞིག་པ་ན་དེར་འཛིན་གྱི་བློ་མི་འཇུག་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། དཔེར་ན་བཅོམ་པ་ན་དེ་འཛིན་གྱི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང་། བློས་རྡུལ་རྫས་བརྒྱད་སོ་སོ་ཕྱེ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་འཇིག་རྟེན་ན་གྲགས་པའི་ཆུ་ལྟ་བུའོ། །བཅོམ་པའམ་བློས་གཞིག་པ་ན་དེར་འཛིན་གྱི་བློ་འཇུག་པ་དེ་དོན་དམ་བདེན་པའི་མཚན་ཉིད་དེ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་ལྟ་བུའོ་ཞེས་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་པས་དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་དེ་གཉིས་ཀྱི་མཚན་ཉིད་དུ་འདོད་དེ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་གསུངས་པའི་ཕྱིར། སེམས་ཙམ་པས། གང་ལ་དངོས་སུ་དམིགས་ནས་ཀུན་ནས་ཉོན་མོངས་པ་རྒྱས་སུ་རུང་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། གང་ལ་དངོས་སུ་དམིགས་ནས་རྣམ་བྱང་རྒྱས་པས་ཁྱབ་པ་དེ་དོན་དམ་བདེན་པའི་མཚན་ཉིད་དུ་བཞེད་དེ། ཀུན་བཏུས་ལས། གང་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་འཕེལ་བ་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །གང་ལ་དམིགས་ནས་རྣམ་པར་བྱང་བ་འཕེལ་བར་འགྱུར་བའི་དམིགས་པ་ནི་དོན་དམ་དུ་ཡོད་པའོ། །ཞེས་གསུངས་པའི་ཕྱིར། དབུ་མ་པས། མཐོང་བ་ཡང་དག་པའི་འཛིན་སྟངས་ཀྱིས་གཟུང་བྱ་དེ་དོན་དམ་བདེན་པའི་མཚན་ཉིད་དེ། དཔེར་ན་འཕགས་རྒྱུད་ཀྱི་མཉམ་གཞག་གི་འཛིན་སྟངས་ཀྱིས་གཟུང་བྱ་ལྟ་བུའོ། །མཐོང་བ་རྫུན་པའི་འཛིན་སྟངས་ཀྱིས་གཟུང་བྱ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། དཔེར་ན་སོ་སྐྱེའི་བློའི་དངོས་ཡུལ་ལྟ་བུ་ཞེས་བཞེད་དེ། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པའང་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་འཇུག་ཡུལ་སྒོ་ནས་མངོན་ལྐོག་གཉིས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་མཚན་ཉིད་ལ་དོན་སྤྱི་ལ་མ་ལྟོས་པར་རྟོགས་པར་བྱ་བ་དང་། དོན་སྤྱིའི་སྒོ་ནས་རྟོགས་པར་བྱ་བའོ། །གཉིས་པ་དབྱེ་བ་ལ། མངོན་གྱུར་གྱི་དབྱེ་བ་དང་། ལྐོག་གྱུར་གྱི་དབྱེ་བ་གཉིས། དང་པོ་ལ་ཡུལ་གྱི་སྒོ་ནས་དབྱེ་བ་དང་། ཡུལ་ཅན་གྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་ཆོས་ཅན་དང་། ཆོས་ཉིད་གཉིས། དང་པོ་ལ་དོན་དང་ཤེས་པ་གཉིས་སོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ། རྟོག་མེད་མ་འཁྲུལ་པའི་སྒོ་ནས་དང་། རྟོག་མེད་འཁྲུལ་ཤེས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་དོན་རིག་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་ལ་མངོན་གྱུར་དང་གསུམ་ལས། དང་པོ་ནི། གཟུགས་སོགས་དོན་ལྔའོ། །གཉིས་པ་ནི་ཤེས་པ་ཐམས་ཅད་དོ། །གསུམ་པ་ནི་ཆོས་ཉིད་ལྟ་བུའོ། །གཉིས་པ་ནི། ཟླ་གཉིས་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་མངོན་གྱུར་ཡིན་པ་ལྟ་བུའོ། །གཉིས་པ་ལྐོག་གྱུར་གྱི་དབྱེ་བ་ལ་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་གཉིས་ལས། དང་པོ་ལ་སྔར་ལྟར་གསུམ་ལས། དང་པོ་ནི་བུམ་པ་དེ་བུམ་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་པ་དང་། ཤེས་པ་ནི་རང་རྒྱུད་ཀྱི་ཤེས་པ་དེ་གཞན་སེམས་ཤེས་པའི་མངོན་ཤེས་མེད་པའི་གང་ཟག་ལ་ལྐོག་གྱུར་ཡིན་པ་དང་། ཆོས་ཉིད་ནི་སོ་སྐྱེ་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ། རྗེས་དཔག་གི་སྒོ་ནས་དབྱེ་བ་དང་། ཚད་མིན་གྱི་བློའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་དངོས་སྟོབས་རྗེས་དཔག་ཡིད་ཆེས་རྗེས་དཔག་གྲགས་པའི་རྗེས་དཔག་ལ་ལྐོག་གྱུར་གསུམ་ནི་གཏན་ཚིགས་གསུམ་པོ་དེའི་བསྒྲུབ་བྱ་ལྟ་བུའོ། །གཉིས་པ་ལ་བཅད་ཤེས། ལོག་ཤེས། ཐེ་ཚོམ་ལ་ལྐོག་གྱུར་དང་གསུམ་ལས། དང་པོ་ནི། སྔོན་པོ་དེ་སྔོ་འཛིན་དབང་མངོན་གྱིས་དྲངས་པའི་ངེས་ཤེས་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །གཉིས་པ་ནི་སྒྲ་རྟག་པ་དེ་སྒྲ་རྟག་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །གསུམ་པ་ནི་སྒྲ་རྟག་མི་རྟག་གང་རུང་དེ་དེ་ལྟར་ཐེ་ཚོམ་ཟ་བ་པོའི་ཐེ་ཚོམ་མངོན་གྱུར་པ་ལ་དེ་ཡིན་པ་ལྟ་བུའོ། །དེས་ན་རྟོག་མེད་ལོག་ཤེས་ལ་མངོན་གྱུར་ཡིན་ན་མངོན་གྱུར་ཡིན་པས་མ་ཁྱབ་ཅིང་། རྟོག་པ་ལོག་ཤེས་ལ་ལྐོག་གྱུར་ཡིན་ན་ལྐོག་གྱུར་ཡིན་པས་མ་ཁྱབ་སྟེ། རྟོག་མེད་ལོག་ཤེས་ཀྱི་སྣང་ཡུལ་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར་དང་། རྟོག་པ་ལོག་ཤེས་ཀྱི་ཞེན་ཡུལ་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར། ཐེ་ཚོམ་ལ་ལྐོག་གྱུར་ཡིན་པ་ལ་ནི་དོན་ལ་གནས་པའི་ཕྱོགས་རྣམས་ལྐོག་གྱུར་ཡིན་ལ། ཅིག་ཤོས་ནི་ལྐོག་གྱུར་མ་ཡིན་ནོ། །བཞི་པ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་རིམ་བཞིན། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་དང་། ཡུལ་དུས་རང་བཞིན་ཐུན་མོང་བར་སྣང་བའི་སྒྲོ་བཏགས་སོ། །ཡང་ན་ཐུན་མོང་མ་ཡིན་པར་གནས་པའི་དངོས་པོ་དང་། ཐུན་མོང་བར་སྣང་བའི་སྒྲོ་བཏགས་ཏེ། རྣམ་ངེས་ལས། དེ་ནི་ཐུན་མོང་མ་ཡིན་པར་གནས་པའི་དངོས་པོའི་རང་བཞིན་ཏེ། རང་གི་མཚན་ཉིད་དོ། །ཞེས་གསུངས་པའི་དངོས་ཤུགས་གཉིས་ལས་ཤེས་སོ། །གཉིས་པ། རང་མཚན་ལ་དབྱེ་ན། དོན་དང་ཤེས་པ་རང་མཚན་གཉིས། དང་པོ་ལ་ཕྱི་དོན་བེམ་པོ་དང་། ནང་དོན་བེམ་པོ་གཉིས། དང་པོ་ལ། གཟུགས་སོགས་ཕྱིའི་སྐྱེ་མཆེད་ལྔ། གཉིས་པ་ལ་མིག་སོགས་ནང་གི་སྐྱེ་མཆེད་ལྔའོ། །ཤེས་པ་རང་མཚན་ལ་དབྱེ་ན། རྣམ་པར་ཤེས་པ་ཚོགས་དྲུག་འཁོར་དང་བཅས་པ་ཡོད་དོ། །སྤྱི་མཚན་ལ་དབྱེ་ན། བོད་སྔ་རབས་པ་རྣམས། ལྡོག་པ་མེད་དགག་གི་སྤྱི་དང་། བློའི་གཞན་སེལ་བའི་སྤྱི་གཉིས་གསུངས་ཀྱང་། གཞུང་ལས་བཤད་པ་ནི། དངོས་པོ་དང་། དངོས་མེད་དང་། གཉིས་ཀ་ལ་བརྟེན་པའི་སྤྱི་གསུམ་སྟེ། དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར། ཡང་གཅིག་ལ་ཐ་དད་དུ་འབྱེད་པའི་སྤྱི། ཐ་དད་ལ་གཅིག་ཏུ་སྡུད་པའི་སྤྱི། གཅིག་ལ་གཅིག་ཏུ་སྣང་བའི་སྤྱི། ཐ་དད་ལ་ཐ་དད་དུ་སྣང་བའི་སྤྱི་དང་བཞིར་དབྱེར་རུང་སྟེ། གཞན་སེལ་ལ་དེ་ལྟར་ཕྱེ་བ་གང་ཞིག སྤྱི་དང་སྤྱི་མཚན་གཞན་སེལ་གསུམ་གནད་གཅིག་པའི་ཕྱིར་རོ། །ལྔ་པ་མཐར་ཐུག་གི་གཞལ་བྱར་རང་མཚན་གཅིག་ཏུ་བསྡུ་བ་ནི། འོ་ན། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་གཞལ་བྱ་རང་མཚན་གཅིག་ཏུ་གསུངས་པའི་དོན་ཇི་ལྟར་སྙམ་ན། སྤྱིར་རྟོག་གེའི་གཞུང་ལུགས་ལས། དང་པོ་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མ་ངོས་བཟུང་ནས། དེ་དང་འདྲ་བའི་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་པ་སྐབས་ཀྱི་དོན་ཡིན་ཏེ། མི་བསླུ་མ་ཤེས་དོན་གསལ་ངོས་བཟུང་ནས། དེའི་འོག་ཏུ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མའི་དོན་ནི། རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་པའི་སྐབས་ནས་བསྟན་པ་ལྟར་ཕན་གནོད་ནུས་པའི་ཡུལ་ལ་བླང་དོར་བྱེད་པའི་རྒྱུར་གྱུར་པའི་ཤེས་པ་ཡིན་ལ། དེ་ལྟ་བུའི་ཚད་མས་བླང་བྱའི་ཕན་པ་ནུས་པའི་ཡུལ་དང་། དོར་བྱའི་གནོད་པར་ནུས་པའི་ཡུལ་ནི་རང་མཚན་ཁོ་ན་ཡིན་ཏེ། རང་མཚན་ཁོ་ནས་ཕན་གནོད་ནུས་ཀྱི་སྤྱི་མཚན་གྱིས་དེ་མི་ནུས་པའི་ཕྱིར་ཏེ། དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཞེས་དང་། དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར་དང་། རང་མཚན་གཅིག་ཉིད་ལ་དོན་རིག་མངོན་སུམ་འཇལ་བྱེད་དུ་འཇུག་པའི་ཚེ་གཟུང་ཡུལ་དང་། རྗེས་དཔག་འཇལ་བྱེད་དུ་འཇུག་པའི་ཚེ་ཞེན་ཡུལ་ཡིན་ལ། ཚད་མ་དེ་གཉིས་ལ་བརྟེན་ནས་སྐྱེས་བུ་འཇུག་པའི་ཚེ་མི་བསླུ་བས་ན་འཇུག་ཡུལ་ཡིན་ཏེ། འདི་ལ་དགོངས་ནས། རིགས་གཏེར་རང་འགྲེལ་ལས། རང་མཚན་དེ་ཉིད་དངོས་སུ་འཇལ་ན་གཟུང་ཡུལ་ཡིན་ལ། ལྐོག་གྱུར་དུ་འཇལ་ན་ཞེན་ཡུལ་ཡིན་ཅིང་། གཉིས་ཀ་ཡང་སྐྱེས་བུ་འཇུག་ན་མི་བསླུ་བས་འཇུག་ཡུལ་ཡིན་ནོ། །ཞེས་གསུངས་སོ། །དངོས་སུ་འཇལ་ན་ཞེས་པའི་དོན་ཡང་མངོན་གྱུར་དུ་མཇལ་ན་ཞེས་པའི་དོན་ཡིན་པ་ཚིག་གྲོགས་ཀྱི་སྟོབས་ཀྱིས་ཤེས་སོ། །མདོར་ན་རང་མཚན་གཅིག་ཉིད་ལ་ཚད་མ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཚུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་ཡོད་ཀྱང་འཇུག་ཡུལ་གྱི་གཞལ་བྱ་རང་མཚན་ཁོ་ན་ཡིན་པ་ནི། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་ཀྱི་དགོངས་པ་འཁྲུལ་པ་མེད་པ་སྟེ། ལྷའི་འགྲེལ་པར། དེ་ལྟར་ན་རང་གི་མཚན་ཉིད་ཁོ་ན་རང་གི་ངོ་བོ་དང་། གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་ཕྱིར། དེ་དག་གི་མཚན་ཉིད་ཅི་འདྲ་བ་དང་། གཞལ་བྱ་གཉིས་ཉིད་དུ་རྣམ་པར་གཞག་ནས་ཞེས་གསུངས་སོ། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་བ་དང་། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བའོ། །དང་པོ་ལ་བཞི་སྟེ། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤོང་བ། དོན་སྤྱི་དང་མེད་པ་གསལ་ཡུལ་དུ་མཚུངས་པའི་རྩོད་པ་སྤོང་བ། མྱོང་བ་དང་འགལ་བ་སྤོང་བ། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤོང་བའོ། །དང་པོ་ནི། རང་མཚན་གཅིག་ཉིད་ལ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཡུལ་རང་མཚན་ཁོ་ན་ཡིན་ན། སློབ་དཔོན་ཕྱོགས་གླང་གིས་གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རང་མཚན་གཅིག་ཉིད་རང་གི་ངོ་བོའི་སྒོ་ནས་རྟོགས་པ་དང་། གཞན་དོན་སྤྱིའི་སྒོ་ནས་རྟོགས་པའི་རྟོགས་ཚུལ་གཉིས་ཡོད་པས་རང་སྤྱི་གཉིས་སུ་བཞག་པ་ཡིན་པའི་ཕྱིར། གཉིས་པ་ནི། དོན་སྤྱི་དོན་ལ་མེད་ཀྱང་གཞལ་བྱ་ཡིན་ན། མེད་པ་གསལ་བ་ཡང་དེ་དང་མཚུངས་སོ་ཞེ་ན། སྐྱོན་མེད་དེ། སྔ་མ་ནི་རང་མཚན་མ་ཡིན་ཡང་དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པ་ཡོད་ཅིང་། ཕྱི་མ་ནི་རང་གི་ངོ་བོ་རང་མཚན་མ་ཡིན་ཅིང་། དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པ་ཡང་མེད་པའི་ཕྱིར། གསུམ་པ་ནི། སྣང་ཡུལ་རང་མཚན་མ་ཡིན་ན། ཤེས་པ་ལ་གསལ་བར་སྣང་བ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རྟོག་པ་ལ་གསལ་བར་སྣང་བའི་རྣམ་པའི་ཆ་དང་། དེ་ལ་ཕྱི་རོལ་དུ་སྒྲོ་བཏགས་པའི་ཆ་གཉིས་ལས། དང་པོ་ནི། ཤེས་པ་དང་། ཕྱི་མ་ནི། སྤྱི་མཚན་ཡིན་པའི་ཕྱིར་རོ། །བཞི་པ་ནི། དངོས་མེད་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། བླང་དོར་བྱེད་པའི་རྒྱུར་གྱུར་པའི་ཚད་མའི་འཇུག་ཡུལ་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དངོས་མེད་འཇལ་བྱེད་ཀྱི་ཚད་མ་ཡོད་མེད་དཔྱོད་པར་བྱེད་པའི་ཕྱིར། དེ་དག་གི་དོན་རིགས་གཏེར་ལས། ཡུལ་གཉིས་བཞེད་པས་གནོད་ཅེ་ན། །ཞེས་པ་ནས། བསྒྲུབ་པའི་ཕྱིར་ན་འགལ་བ་མེད། །ཅེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་ལྔའི་དོན་མ་འཁྲུལ་བར་བཤད་ཟིན་ཏོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས་ལས། དང་པོ་ནི། གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་ཏུ་འདོད་པ་མི་འཐད་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུང་ཡུལ་མཁས་པས་བཀག ཤེས་པར་གྱུར་པའི་གཟུང་ཡུལ་འདིར་མི་སྲིད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་ལ། གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ་དང་། གཞན་གྱིས་བརྟགས་པ་དགག་པ། བདེ་བར་གཤེགས་པའི་ལུགས་སྒྲུབ་པ་དང་གསུམ་ལས། དང་པོ་ནི། མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བ་རྣམས་ཀྱིས་ངོ་བོ་ཉིད་རྒྱུར་འདོད་པ་དང་། དབང་ཕྱུག་པ་རྣམས་ཀྱིས་དབང་ཕྱུག་རྒྱུར་འདོད་པ་དང་། གྲངས་ཅན་པ་རྣམས་ཀྱིས་གཙོ་བོ་རྒྱུར་འདོད་པ་དང་། གཟེགས་ཟན་དང་། ཉན་ཐོས་སྡེ་གཉིས་ཀྱིས་རྡུལ་ཕྲན་དེར་འདོད་པ་དང་། སེམས་ཙམ་པས་སྣང་བ་ཐམས་ཅད་སེམས་སུ་འདོད་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བས་ཆོས་ཐམས་ཅད་དོན་དམ་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་ཏུ་དངོས་སྨྲ་བ་དེ་དག་དང་མཚུངས་ཀྱང་རུང་འཇིག་རྟེན་གྱི་གྲགས་པ་དང་མཚུངས་ཀྱང་རུང་བར་བཞེད་དོ། །གཉིས་པ་ནི། ངོ་བོ་ཉིད་རྒྱུར་འདོད་པ་ནི་མི་འཐད་དེ། རྒྱུ་མེད་ལས་སྐྱེ་བ་འགོག་པའི་རིགས་པས་གནོད་པའི་ཕྱིར། དབང་ཕྱུག་དང་གཙོ་བོ་རྒྱུར་འདོད་པ་ཡང་མི་འཐད་དེ། རྟག་པ་ལས་སྐྱེ་བ་འགོག་པའི་རིག་པས་གནོད་པའི་ཕྱིར། གསུམ་པ་ལ། དགོངས་པ་ངོས་བཟུང་བ་དང་། དེ་ཉིད་སློབ་དཔོན་གྱིས་ཇི་ལྟར་གཏན་ལ་ཕབ་པ་དང་གཉིས་ལས། དང་པོ་ནི། བདེ་བར་གཤེགས་པས་ཐ་སྙད་ལ་འཇུག་པའི་ཚེ་རྡུལ་ཕྲན་ཞལ་གྱིས་བཞེས་ལ། འདི་ལ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་གཉིས་ཡོད་དོ། །ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་སེམས་ཙམ་ཞལ་གྱིས་བཞེས་ལ། འདི་ལ་རྣམ་བདེན་བརྫུན་གཉིས་ཡོད་དོ། །དོན་དམ་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་འཇུག་པར་མཛད་དོ། །གཉིས་པ་ནི། དེ་ལྟར་སངས་རྒྱས་པའི་གྲུབ་མཐའ་བཞི་ལས། སློབ་དཔོན་གྱིས་གང་གཏན་ལ་དབབ་པ་ཡིན་ཞེ་ན། འདི་ལ་དོན་རིག་དང་། རྣམ་རིག་གཉིས་ལས། དང་པོ་ཁས་ལེན་པའི་ཚེ། བྱེ་བྲག་ཏུ་སྨྲ་བས་དབང་ཤེས་ཀྱིས་རང་དང་དུས་མཉམ་པའི་ཕྱི་དོན་རྣམ་མེད་རྗེན་ཆར་དུ་འཛིན་པར་འདོད་པ་དེ་བཀག་ནས་སྐད་ཅིག་སྔ་མར་རྐྱེན་གསུམ་ཚོགས་པ་ལས་སྐད་ཅིག་གཉིས་པར་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ཙམ་ལ་ཕྱི་དོན་རྟོགས་པར་འདོད་པ་མདོ་སྡེ་པའི་གྲུབ་མཐའ་ཞལ་གྱིས་བཞེས་ཏེ། སློབ་དཔོན་ཉིད་ཀྱིས་ཞལ་ནས། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོས་མདོ་སྡེའི་སྐབས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲགས་སོ། །གཉིས་པ། རྣམ་རིག་ཞལ་གྱིས་བཞེས་པའི་ཚེ་རྣམ་བདེན་པས་དབང་ཤེས་ལ་རགས་པར་སྣང་བ་བདེན་གྲུབ་ཏུ་འདོད་པ་དེ་བཀག་ནས་རྣམ་མེད་ཞལ་གྱིས་བཞེས་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། རགས་སྣང་ཡོད་མིན་ཞེས་སོགས་གསུངས་པའི་ཕྱིར། དེས་ན་སྐབས་འདིར་མདོ་སེམས་གཉིས་ལས། གོང་དུ་སྨྲས་པའི་རྩོད་པ་དེ་མདོ་སྡེ་པའི་དབང་དུ་བྱས་པ་ཡིན་ན། གཏན་ཚིགས་དང་པོ་མ་གྲུབ་སྟེ། དེའི་ལུགས་ལ་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཉིད་གཟུང་ཡུལ་དུ་འཇོག་པའི་ཕྱིར་རོ། །སེམས་ཙམ་པའི་དབང་དུ་བྱས་ན་འདོད་པ་ཡིན་ཏེ། དེའི་ལུགས་ལ་གཟུང་ཡུལ་གྱི་དབང་དུ་བྱས་པའི་ཡུལ་དང་ཡུལ་ཅན་གྲུབ་པ་མེད་པའི་ཕྱིར། དོན་འདི་ལ་དགོངས་ནས། རིགས་གཏེར་དུ། ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ན། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་གསུངས་སོ། །ཡུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོ་བཤད་ཟིན་ཏོ།།  ༈  །།གཉིས་པ་ཤེས་བྱེད་ཀྱི་བློ་ལ། མཚན་ཉིད། དབྱེ་བསྡུ། དེ་དག་གི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ནི། བློའི་མཚན་ཉིད་རིག་པ། ཤེས་པའི་མཚན་ཉིད་གསལ་ཞིང་མྱོང་བའོ། །གཉིས་པ་ནི། ཡུལ་གྱི་སྒོ་ནས་དབྱེ་ན་རྟོག་བཅས་རྟོག་མེད་གཉིས། ངོ་བོའི་སྒོ་ནས་དབྱེ་ན། འཁྲུལ་པ་དང་མ་འཁྲུལ་བའི་ཤེས་པ་གཉིས། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། ཤིང་བཅད་པ་ལྟར་ཡུལ་ལ་མ་ཞུགས་པ་དང་། འཇུག་བཞིན་པ་དང་། ཞུགས་ཟིན་པ་གསུམ་མོ། །གསུམ་པ་ལ། དགག་བཞག་གཉིས་ལས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། སྔོན་གྱི་མཁས་པ་ཕྱྭ་པ་ཆེན་པོ་སོགས་ན་རེ། ཚད་མིན་གྱི་བློ་ཐམས་ཅད་ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ་དང་ལྔར་འདུས་པ་ལས། ལྔ་པོ་རེ་རེ་ལ་ཡང་། མཚན་ཉིད་དང་། དབྱེ་བ་གཉིས་གཉིས་ལས། དང་པོ་ཡིད་དཔྱོད་ལ། མཚན་ཉིད་ནི། རྟགས་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་རིག་པ། དབྱེ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་གསུམ་ལས། དང་པོ་ནི། ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་ནི། མ་ངེས་པ་དང་མ་གྲུབ་པའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་བདེན་པ་མཐའ་གཅིག་ཏུ་འཛིན་པའི་བློ་ལྟ་བུའོ། །གསུམ་པ་ནི། ཚུལ་གསུམ་མ་ངེས་ཀྱང་བྱས་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུའོ། །སྣང་ལ་མ་ངེས་པའི་བློའི་མཚན་ཉིད། ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་མི་འགལ་བར་དོན་རང་གི་མཚན་ཉིད་སྣང་བའི་བློ། དབྱེ་ན། ཡུལ་རྣམ་པ་མི་གསལ་བའི་དང་། ཡིད་མ་གཏད་པའི་དང་། འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པའི་སྣང་ལ་མ་ངེས་པའི་བློ་གསུམ་ལས། དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་དེ། སྔོན་པོ་སྐད་ཅིག་མ་ལ་སྣང་ལ་མ་ངེས་པ་ཡིན་པ་ལྟ་བུའོ། །གཉིས་པ་ནི། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་གྱི་མིག་ཤེས་ལྟ་བུའོ། །གསུམ་པ་ནི། ཡིད་ཉ་ཕྱིས་ལ་དངུལ་དུ་འཁྲུལ་པའི་སྐབས་ཀྱི་ཉ་ཕྱིས་འཛིན་པའི་མིག་ཤེས་ལྟ་བུའོ། །བཅད་ཤེས་ཀྱི་མཚན་ཉིད། སྔར་རྟོགས་ཟིན་གྱི་བྱེད་པ་མ་ཉམས་པའི་དོན་ལ། ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་འགལ་བར་འཇུག་པའི་རིག་པ། དབྱེ་ན། མངོན་སུམ་བཅད་ཤེས་དང་། རྟོག་པ་བཅད་ཤེས་གཉིས། དང་པོ་ནི། སྔོ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་མན་ཆད་ལྟ་བུའོ། །གཉིས་པ་ནི། མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་དང་། རྗེས་དཔག་གི་རྗེས་སུ་སྐྱེས་པའི་དྲན་ཤེས་ལྟ་བུའོ། །ཐེ་ཚོམ་དང་ལོག་ཤེས་ནི་ཕལ་ཆེར་མཐུན་པས་འོག་རང་ལུགས་ཀྱི་སྐབས་སུ་འཆད་དོ། །གཉིས་པ་དེ་དགག་པ་ལ་ཡིད་དཔྱོད་རང་གི་ངོ་བོ་དགག སྣང་ལ་མ་ངེས་པ་ཚད་མིན་གྱི་བློ་ཡིན་པ་དགག བཅད་ཤེས་མ་རྟོགས་པ་ལས་ཚད་མིན་གྱི་བློ་གཞན་ཡིན་པ་དགག་པ་གསུམ་ལས། དང་པོ་ལ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ནི། སྒྲ་མི་རྟག་པ་ངེས་པའི་ཡིད་དཔྱོད་དེ་རྟགས་སུ་བཀོད་ཙམ་ལ་ལྟོས་སམ་མི་ལྟོས། གཉིས་པ་ལྟར་ན་དེ་ཆོས་ཅན་ཐེ་ཚོམ་དུ་ཐལ། མྱོང་བ་དང་རྟགས་གང་རུང་ལ་མ་ལྟོས་པར་དམ་བཅའ་ཙམ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། དང་པོ་ལྟར་ན། རྟགས་ཡང་དག་ལ་ལྟོས་སམ། ལྟར་སྣང་ལ་ལྟོས། དང་པོ་ལྟར་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། རྟགས་ཡང་དག་ལ་བརྟེན་ནས་ལྐོག་གྱུར་བདེན་པ་གསར་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་ལས་གཞན་དུ་གྱུར་པའི་ཚད་མིན་གྱི་བློ་མ་ཡིན་པར་ཐལ། གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དགག ལུང་ལ་བརྟེན་པའི་ཤེས་པ་ཡིད་དཔྱོད་ཡིན་པ་དགག་པའོ། །དང་པོ་ནི། ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་པའི་བློ་དེ་ཆོས་ཅན། རྒྱུ་མཚན་མེད་པའི་ཡིད་དཔྱོད་མ་ཡིན་པར་ཐལ། སྔར་ཆུ་ལེན་པ་མཐོང་བ་སོགས་རྒྱུ་མཚན་དུ་བྱས་པའི་ཕྱིར། གཉིས་པ་ནི། མ་ངེས་པའི་དང་། མ་གྲུབ་པའི་རྟགས་ལ་བརྟེན་པའི་བློ་ཐམས་ཅད་ཡིད་དཔྱོད་དུ་ཐལ། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དེ་ཡིད་དཔྱོད་ཡིན་པའི་ཕྱིར། གསུམ་པ་ནི། ལུང་ལ་བརྟེན་པའི་ཐོས་བྱུང་གི་ཤེས་པ་དེ་ཡིད་དཔྱོད་ཡིན་ནོ་ཞེ་ན། མི་འཐད་དེ། ལུང་དེ་ལ་སྒྲུབ་བྱེད་ཡོད་པའི་ལུང་དང་། གནོད་བྱེད་ཡོད་པའི་ལུང་དང་། གནོད་སྒྲུབ་གཉིས་ཀ་མེད་པའི་ལུང་གསུམ་ལས། དང་པོ་ལ་བརྟེན་ནས་རང་གི་ཞེན་དོན་ངེས་པའི་བློ་ནི། ཚད་མའི་ཁོངས་སུ་འདུས། གཉིས་པ་ལ་བརྟེན་པའི་བློ་ནི། ལོག་ཤེས་ཀྱི་ཁོངས་སུ་འདུས། གསུམ་པ་ལ་བརྟེན་པའི་བློ་ནི། ཞེན་དོན་ཡོད་པ་དང་མེད་པའི་བྱེ་བྲག་གིས་རིམ་བཞིན་ཐེ་ཚོམ་དང་མ་རྟོགས་པའི་བློའི་ཁོངས་སུ་འདུས་པའི་ཕྱིར་རོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ་ནི། མངོན་སུམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པར་ཐལ། མངོན་སུམ་ཡིན་ན་སྣང་ལ་མ་ངེས་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། མངོན་སུམ་གྱིས་རང་ཡུལ་ངེས་པ་མི་སྲིད་པའི་ཕྱིར། གསུམ་པ་བཅད་ཤེས་དགག་པ་ནི། སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཆོས་ཅན། ཚད་མིན་གྱི་བློ་གསུམ་པོ་གང་རུང་དུ་མ་འདུས་པའི་ཚད་མིན་གྱི་བློ་བཞི་པར་འཇོག་པ་མི་འཐད་པར་ཐལ། མ་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། རང་རྒྱུ་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་འཇུག་པའི་བློ་གང་ཞིག དེ་རྟོགས་པའི་བྱ་བ་མི་བྱེད་པའི་ཕྱིར། བྱེ་བྲག་ཏུ་སྔོ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། བཅད་ཤེས་དང་། ངོ་བོ་ཡུལ་དུས་འཛིན་སྟངས་འགལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ། སྤྱིར་བློའི་རིགས་ལ། ཚད་མ་དང་། ཚད་མིན་གྱི་བློ་གཉིས་ལས། དང་པོ་འོག་ཏུ་འཆད་ཅིང་། གཉིས་པ་ལ། སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་རྣམ་གཞག་གསུམ་ལས། དང་པོ་ནི། མི་བསླུ་བ་མ་ཡིན་པའི་ཤེས་པའོ། །གཉིས་པ་ལ། འཇུག་ཚུལ་གྱི་སྒོ་ནས་གསུམ་དུ་དབྱེ་བ་དང་། ངོ་བོའི་སྒོ་ནས་གཅིག་ཏུ་བསྡུ་བ་གཉིས་ལས། དང་པོ་ནི། ཚད་མིན་གྱི་བློ་དེ་ལ། འཇུག་ཚུལ་གྱི་སྒོ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དུ་ཡོད་དེ། ཡུལ་དེ་ལ་མ་རྟོགས་པ་ཙམ་དང་། དེ་ལ་རྩེ་གཉིས་སུ་འཇུག་པ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་འཇུག་པ་གསུམ་དུ་ཡོད་པའི་ཕྱིར་ཏེ། གཏན་ཚིགས་ལྟར་སྣང་གི་བྱེད་པ་དེ་ལ་ཕྱོགས་རྟོགས་པའི་མཐུ་མེད་པ་དང་། དེ་ལ་སོམ་ཉི་སྐྱེད་པ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་གསུམ་དུ་ངེས་པའི་ཕྱིར་ཏེ། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །ངོ་བོའི་སྒོ་ནས་མ་རྟོགས་པའི་བློ་གཅིག་ཏུ་འདུས་པ་ཡིན་ཏེ། དེ་གསུམ་ཀས་ཀྱང་ཡུལ་གྱི་གནས་ལུགས་མ་རྟོགས་པར་མཚུངས་པའི་ཕྱིར། དེས་ན་ཚད་མིན་གྱི་བློ་གསུམ་ཀ་ངོ་བོའི་སྒོ་ནས་མ་རྟོགས་པའི་བློ་དང་། ཚད་མ་གཉིས་ཀ་ཡང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དང་། གཞལ་བྱ་དེ་ཡང་མཐར་རང་མཚན་གཅིག་ཏུ་འདུས་པ་ཤེས་པར་བྱའོ། །གསུམ་པ་ལ། མ་རྟོགས་པའི་བློ། ལོག་ཤེས། ཐེ་ཚོམ་གསུམ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་ཡུལ་དེ་དང་དེ་མིན་གང་རུང་དུ་རྟོགས་པས་སྟོང་པའི་ཤེས་པ། གཉིས་པ་ལ། རང་ཡུལ་དེ་ལ་གཏན་མ་ཞུགས་པ་དང་། ཞུགས་ཀྱང་དཔྱད་པ་མ་རྫོགས་པ་དང་། རྫོགས་ཀྱང་མ་རྙེད་ནས་མ་རྟོགས་པའི་བློ་གསུམ་ལས། དང་པོ་ནི། རྟོག་གེ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཚུལ་གསུམ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཅེས་དྲིས་པ་ན་དེ་དཔྱོད་པར་བྱེད་པའི་བློ་ལྟ་བུའོ། །གསུམ་པ་ལ། རྟོགས་བྱའི་ཡུལ་མེད་ནས་དང་། རྟོགས་བྱེད་ཀྱི་བློ་བསླད་ནས་དང་། ཤེས་བྱའི་ཡུལ་མིན་ནས་མ་རྙེད་པའི་བློ་དང་གསུམ་ལས། དང་པོ་ནི། བཅད་ཤེས་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུས་རྒྱུད་བསླད་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པས་སྒྲའི་སྐད་ཅིག་པ་མ་རྟོགས་པ་ལྟ་བུའོ། །གསུམ་པ་ནི། ཡུལ་དུས་རང་བཞིན་གྱིས་བསྐལ་བའི་དངོས་པོ་མ་རྟོགས་པའི་བློ་ལྟ་བུའོ། །ལོག་ཤེས་ལ་གཉིས་ལས། དང་པོ་མཚན་ཉིད་ནི། རང་ཡུལ་གསལ་བར་སྣང་བའམ་འགལ་རྟགས་ལ་བརྟེན་ནས་རང་ཡུལ་མཐའ་གཅིག་ཏུ་འཛིན་ན་ཡང་རང་ཡུལ་ལ་དེ་མིན་གྱིས་གནོད་པའི་ཤེས་པའོ། །གཉིས་པ་དབྱེ་བ་ལ། རྟོག་པ་དང་། རྟོག་མེད་ལོག་ཤེས་གཉིས་ལས། དང་པོ་ནི། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟ་བུ་རྣམ་པ་ལ་འཁྲུལ་པ་དང་། ད་ལྟར་གྱི་སྔོན་པོ་ལ་འདས་པའི་སྔོན་པོར་འཛིན་པ་ལྟ་བུ་དུས་ལ་འཁྲུལ་པ་དང་། ཤ་པ་དང་ཤུག་པ་གཉིས་རིགས་གཅིག་ཏུ་འཛིན་པ་ལྟ་བུ་ཡུལ་ལ་འཁྲུལ་པ་དང་གསུམ་མོ། །རྟོག་མེད་ལོག་ཤེས་ལ། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དབང་ཤེས་འཁྲུལ་པ་དང་། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་ཡིད་ཤེས་འཁྲུལ་པ་གཉིས་ཡོད་དོ། །ཐེ་ཚོམ་ལ་ཡང་གཉིས་ལས། དང་པོ་མཚན་ཉིད་ལ། ཁ་ཅིག དེ་འཛིན་ན་ཡང་དེ་མིན་སྲིད། །ཅེས་པའི་དོན་དུ་བསམས་ནས། དེར་འཛིན་ན་ཡང་དེ་མིན་སྲིད་པའི་བློ་ཟེར་བ་མི་འཐད་དེ། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཆོས་ཅན། མཚོན་བྱ་དེ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲ་རྟག་པར་འཛིན་པའི་བློ་གང་ཞིག སྒྲ་མི་རྟག་པར་ཡིན་པ་སྲིད་པའི་ཕྱིར། ཁ་ཅིག དེ་བཅད་པའི་ཆེད་དུ། དེར་འཛིན་ན་ཡང་དེ་མིན་དུ་འཛིན་པ་སྲིད་པའི་བློ་ཟེར་བ་མི་འཐད་དེ། དེ་བློ་རྫས་གཅིག་ལ་བྱེད་དམ། བློ་སྔ་ཕྱི་ལ་བྱེད། དང་པོ་ལྟར་ན། ཐེ་ཚོམ་ཡིན་ན། མངོན་གྱུར་བ་ཡིན་པས་ཁྱབ་པར་ཐལ། ཐེ་ཚོམ་ཡིན་ན། བློ་རྫས་གཅིག་གི་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། གཉིས་པ་ལྟར་ན། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲ་རྟག་པར་འཛིན་པའི་བློ་གང་ཞིག དུས་ཕྱིས་སྒྲ་མི་རྟག་པར་འཛིན་པར་འགྱུར་བར་སྲིད་པའི་ཕྱིར། རང་ལུགས་ནི། དེར་འཛིན་ཡང་དེར་འཛིན་པའི་བྱེད་པ་མ་ཉམས་པ་དེ་མིན་དུ་འཛིན་པ་སྲིད་པའི་རྟོག་པའོ། །གཉིས་པ་དབྱེ་བ་ལ། མངོན་གྱུར་པ་དང་། བག་ལ་ཉལ་གཉིས་ལས། དང་པོ་ནི། གང་ལ་ཐེ་ཚོམ་དངོས་སུ་ཞུགས་པ་སྟེ། སྦྱིན་སྲེག་བྱས་པ་ལས་མཐོ་རིས་ཐོབ་བམ་མི་ཐོབ་སྙམ་པ་ལྟ་བུའོ། །དབྱེ་ན། ཆ་མཉམ་པར་འཛིན་པ་དང་། ཤས་ཆེར་འཛིན་པ་གཉིས་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་སྙམ་པ་ལྟ་བུའོ། །གཉིས་པ་ལ། དོན་འགྱུར་དང་། དོན་མི་འགྱུར་གཉིས་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པ་ལྟ་བུའོ། །གཉིས་པ་བག་ལ་ཉལ་ནི། སྒྲོམ་ནང་གི་ས་བོན་ལྟ་བུ་རྐྱེན་དང་ཕྲད་ན་རྩེ་གཉིས་སུ་འགྱུར་བ་ལྟ་བུ་སྟེ། དམ་བཅའ་ཙམ་ལ་བརྟེན་པ་ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དམ་སྙམ་པ་དང་། དེ་ན་ཆུ་མེད་དམ་སྙམ་པ་དང་། མ་ངེས་པའི་རྟགས་ལ་བརྟེན་པའི་བློ་ཐམས་ཅད་དེ་ཡིན་ནོ། །ཁོ་ན་རེ། བྱས་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་ཐེ་ཚོམ་དུ་ཐལ། གཞལ་བྱའི་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་ཐེ་ཚོམ་ཡིན་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། བྱས་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་བྱས་པ་དང་རྟག་པའི་གཞི་མཐུན་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་བཟློག་ལ། གཞལ་བྱའི་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་གཞལ་བྱ་དང་རྟག་པའི་གཞི་མཐུན་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་མི་བཟློག་པའི་ཕྱིར་ཏེ། དེ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་རྒྱུ་མེད་པའི་ཕྱིར། གལ་ཏེ་གཞལ་བྱ་སྒྲ་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་དེ་བཟློག་གོ་ཞེ་ན། མི་འཐད་དེ། གཞལ་བྱ་དེ་དེ་སྐོར་གྱི་རྟགས་ཡང་དག་མ་ཡིན་པར་ཤེས་ཀྱང་། གཞལ་བྱ་ལ་རྟག་མི་རྟག་གཉིས་སུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཤེས་བྱེད་ཀྱི་བློ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གཉིས་པ་བཤད་ཟིན་ཏོ།།  ༈  །།གསུམ་པ་བློ་དེས་ཡུལ་རྟོགས་ཚུལ་ལ་བཞི་སྟེ། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ། སྣང་བ་དང་སེལ་བའི་རྟོགས་ཚུལ། བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ། འགལ་བ་དང་འབྲེལ་བའི་རྟོགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན་པ། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ཁྱད་པར་དུ་དཔྱད་པའོ། །དང་པོ་ནི། རང་མཚན། གསལ་བ། དངོས་པོ། རྫས། ལོག་པ། དོན་དམ་པ་རྣམས་དངོས་པོའི་དོན་དུ་མཐུན་ཏེ། དོན་བྱེད་ནུས་པ་དང་། ཕན་ཚུན་མ་འདྲེས་པར་གནས་པ་དང་། རྒྱུ་དང་འབྲས་བུར་གྲུབ་པ་དང་། སྐྱེས་བུ་ཐམས་ཅད་ཀྱིས་བླང་དོར་བྱ་བའི་འཇུག་ལྡོག་གི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་ལོག་པ་དང་། རྫས་དང་། དངོས་པོ་ཡིན་ན། རང་མཚན་ཡིན་པས་མ་ཁྱབ་སྟེ། དེའང་གཞན་ལས་ལྡོག་པ་དང་། །གཞན་ལས་ལོག་པ་ཞེས་བྱ་བའི། །ཞེས་དང་། ཀུན་ལ་རྫས་དང་དངོས་བརྗོད་པའི། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞུང་གི་ཚིག་ཟིན་ལ་ཡོད་པའི། ལོག་པ་དང་། རྫས་དང་། དངོས་པོ་རྣམས་ལ་དོན་ལ་ཡོད་པ་དང་། སེལ་བའི་ཡུལ་དུ་གྱུར་པ་གཉིས་ཡོད་པའི་ཕྱིར་རོ། །སྤྱི་མཚན་དང་། སྤྱི་དང་། གཞན་སེལ་དང་། ལྡོག་པ་དང་། རྣམ་གཅོད་དང་། འདྲེས་པ་དང་། འབྲེལ་པ། ཀུན་རྫོབ་པ་རྣམས་དོན་བྱེད་མི་ནུས་པར་མཚུངས་ཏེ། དོན་ལ་མི་གནས་པ་དང་། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་དང་། རྣམ་རྟོག་གིས་སྒྲོ་བཏགས་པ་དང་། རང་གི་ངོ་བོ་མ་གྲུབ་པར་གཞན་སེལ་གྱི་བློས་བཞག་པར་མཚུངས་པའི་ཕྱིར། དེ་ལྟར་སྔར་བཤད་པའི་རང་མཚན་སོགས་དང་། སྤྱི་མཚན་སོགས་ནི་ཡུལ་དང་། རྟོག་པ་དང་རྟོག་མེད་ནི་བློ་དང་། སྣང་བ་དང་སེལ་བ་ནི་འཛིན་སྟངས་སུ་ཤེས་པར་བྱའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། སྤྱིའི་མཚན་ཉིད་ཐུན་མོང་བར་སྣང་བའི་སྒྲོ་བཏགས། དབྱེ་ན། རིགས་སྤྱི། དོན་སྤྱི། ཚོགས་སྤྱི་གསུམ། དང་པོའི་མཚན་ཉིད། རང་གི་གསལ་བ་རྣམས་ལ་ལྟོས་ནས་རིགས་མི་མཐུན་ལས་ལྡོག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བའི་སྒྲོ་བཏགས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་གསལ་རྣམས་བུམ་མིན་ལས་ལོག་པར་སྣང་བའི་སྒྲོ་བཏགས་ལྟ་བུའོ། །གཉིས་པའི་མཚན་ཉིད། སྣང་བརྟགས་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ལྟ་བུའོ། །གསུམ་པའི་མཚན་ཉིད། རྡུལ་རྫས་དུ་མ་འདུས་པ་ལ་རགས་པར་སྣང་བའི་སྒྲོ་བཏགས། དཔེར་ན་རྡུལ་རྫས་བརྒྱད་འདུས་པ་ལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ལྟ་བུའོ། །བྱེ་བྲག་གི་མཚན་ཉིད། རིགས་མི་མཐུན་དང་རིགས་མཐུན་ལས་ཀྱང་ལྡོག་པའི་ལྡོག་པ་ཉིས་ཚོགས་སུ་སྣང་བའི་སྒྲོ་བཏགས། དཔེར་ན་ཤིང་འཛིན་རྟོག་པ་ལ་ཤ་པར་སྣང་བའི་སྒྲོ་བཏགས་སོ། །གཉིས་པ་དབྱེ་བ་ལ། ཐད་ཀའི་སྤྱི་དང་བྱེ་བྲག་དང་། གོང་མའི་སྤྱི་དང་བྱེ་བྲག་གཉིས་ཡོད་པར་གསུངས་ཤིང་། འདི་དག་ཀྱང་སྒྲོ་བཏགས་ལ་འཇོག་ཚུལ་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་རྣམ་གཞག་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ། རིགས་པས་དགག་པ་དང་། ལུང་གིས་དགག་པ་གཉིས། དང་པོ་ལ་གསུམ་སྟེ། སྤྱི་གསལ་རྫས་གཞན་དུ་འདོད་པ་དགག སྤྱི་གསལ་རྫས་གཅིག་ཏུ་འདོད་པ་དགག སྤྱི་དངོས་མེད་དུ་འདོད་པའི་ཕྱོགས་གཞན་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། སྤྱི་ཆེན་པོ་ཡོད་པ་ཉིད་དང་། ཉི་ཚེ་བའི་སྤྱི་བ་ལང་ཉིད་ལ་སོགས་པ་རྣམས་རང་གི་གསལ་བ་རྣམས་ལ་ཁྱབ་ཅིང་། དེ་དང་རྫས་ཐ་དད། རྟག་པ་དང་། ཆ་མེད་དང་། གསལ་བ་རྣམས་དང་འདུ་བའི་འབྲེལ་པ་ཐག་པ་ལྟ་བུས་སྦྲེལ་ནས་ཡོད་དེ། དཔེར་ན་བ་ལང་དུ་མ་ཐག་པ་གཅིག་གིས་སྦྲེལ་ནས་བཏགས་པ་བཞིན་ནོ། །དེ་ཉིད་གསལ་བ་རྣམས་ལ་སྒྲ་བློ་གཅིག་ཏུ་འཇུག་པའི་རྒྱུ་ཡང་ཡིན་ནོ། །ཞེས་ཟེར་རོ། །དེ་འགོག་པ་ལ་གཞུང་ལས་མང་དུ་གསུངས་ཀྱང་། རིགས་པའི་གཙོ་བོ་ནི་ཤིང་གསལ་ཆོས་ཅན། ཁྱོད་ལས་རྫས་གཞན་པའི་ཁྱོད་ཀྱི་སྤྱི་དངོས་པོ་བ་མེད་དེ། དེ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ལ། གྲངས་ཅན་པའི་འདོད་པ་བརྗོད་པ། དེ་དང་རིགས་གཅིག་པའི་གངས་ཅན་པའི་འདོད་པ་བརྗོད་པ། གཉིས་ཀ་ཕྱོགས་གཅིག་ཏུ་དགག་པ་དང་གསུམ་ལས། དང་པོ་ནི། གྲངས་ཅན་པ་རྣམས། བདག་དང་། རང་བཞིན་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག དེ་ཙམ་ལྔ། འབྱུང་བ་ལྔ་སྟེ། ཤེས་བྱ་ཐམས་ཅད་ཉེར་ལྔར་གྲངས་ངེས་པ་ལས་བདག་ནི་རྣམ་འགྱུར་ཐམས་ཅད་ཀྱི་ཟ་བ་པོ་སྟེ། དེ་ཉིད་ལ་ཤེས་པ་དང་། རིག་པ་དང་། སྐྱེས་བུ་ཞེས་ཀྱང་བྱའོ། །རང་བཞིན་ནི་རྣམ་འགྱུར་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ལ། རྒྱུ་དང་། སྤྱི་དང་། གཙོ་བོ་ཞེས་ཀྱང་བྱའོ། །དེས་ན། རྒྱུ་ཡིན་ན། སྤྱི་དང་། གཙོ་བོ་ཡིན་པས་མ་ཁྱབ་ཀྱང་། རང་བཞིན་ལ་ནི་དེ་གསུམ་མིང་གི་རྣམ་གྲངས་སུ་འགྱུར་ལ། འབྲས་བུ་དང་། རྣམ་འགྱུར་དང་། གསལ་བ་དང་། བྱེ་བྲག་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཅིང་། དེ་ལ་སྤྱི་གཙོ་བོ་དེ་ཆ་མེད་རྫས་གཅིག་ཏུ་ཡོད་པར་འདོད་དོ། །གཉིས་པ་ནི། དེ་དང་མཐུན་པར་བོད་རྣམས་ཀྱང་། ཤ་པ་དང་ཤུག་པ་ལ་སོགས་པའི་ཤིང་གསལ་རྣམས་ལ་ཁྱབ་པའི་ཤིང་ཙམ་དང་། བཻ་ཌཱུརྻ་ལ་སོགས་པའི་སྔོན་པོ་ཐམས་ཅད་ལ་ཁྱབ་པའི་སྔོ་ཙམ་དོན་ལ་ཡོད་ཅིང་རང་གི་གསལ་བ་རྣམས་དང་རྫས་གཅིག་ཀྱང་ཡིན་ལ། དེས་མཚོན་ནས་དངོས་པོར་གྱུར་པའི་སྤྱི་གསལ་ཐམས་ཅད་རྫས་གཅིག་ཡིན་ནོ། །ཞེས་ཟེར་རོ། །གསུམ་པ་ལ་གསུམ་སྟེ། སྣང་རུང་མ་དམིགས་པའི་རྟགས་ཀྱིས་དགག རྣམ་པར་བརྟགས་ནས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ཤིང་གསལ་ཆོས་ཅན། ཁྱོད་དང་རྫས་གཅིག་པའི་ཁྱོད་ཀྱི་སྤྱི་དངོས་པོ་བ་མེད་པར་ཐལ། དེ་ཡོད་ན་དེ་ཁྱོད་འཛིན་དབང་པོའི་མངོན་སུམ་གྱིས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་རོ། །གཉིས་པ་ལ། ངོ་བོ་ལ་བརྟགས་ནས་དགག་པ་ནི། ཤིང་སྤྱི་དེ་ཤ་པའི་རྫས་ཡིན་ནམ་མིན། མིན་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མ་ཡིན་པར་ཐལ། དེའི་རྫས་མ་ཡིན་པའི་ཕྱིར། ཡིན་ན། ཤུག་པ་དེ་ཤིང་མ་ཡིན་པར་ཐལ། ཤིང་སྤྱི་དེ་ཤ་པའི་རྫས་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། གཞན་དུ་དངོས་པོ་ལས་ལྡོག་པ། །དངོས་པོར་མི་འགྱུར་འདི་འདི་ལས། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ། །ཞེས་གསུངས་སོ། །རྒྱུ་ལ་བརྟགས་ནས་དགག་པ་ནི། ཤིང་སྤྱི་དེ་ཤ་པའི་རྒྱུ་ལས་སྐྱེས་སམ་མ་སྐྱེས། མ་སྐྱེས་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མ་ཡིན་པར་ཐལ། དེའི་རྒྱུ་ལས་མ་སྐྱེས་པའི་ཕྱིར། ཁྱབ་སྟེ། འདིར་ཡང་། ཐ་དད་རྒྱུ་ཐ་དད་ལས་ཡིན། །ཞེས་དང་། རྣམ་ངེས་ལས། དེ་གྲུབ་ན་མ་གྲུབ་པའམ། རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །སྐྱེ་འཇིག་ལ་བརྟགས་ནས་དགག་པ་ནི། ཤ་པ་སྐྱེ་འཇིག་བྱེད་པའི་ཚེ་ཤིང་སྤྱི་སྐྱེ་འཇིག་བྱེད་དམ་མི་བྱེད། མི་བྱེད་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མ་ཡིན་པར་ཐལ། ཁྱོད་སྐྱེ་འཇིག་བྱེད་པའི་ཚེ་དེ་སྐྱེ་འཇིག་མི་བྱེད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེས་ན་ལྷན་ཅིག་སྐྱེ་བ་དང་། འཇིག་པ་དག་དང་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱོར་བར་འགྱུར་རོ། །དེ་ལྟར་མ་ཡིན་ན་གཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་བའམ། མིང་ཐ་དད་པར་ཟད་དེ་དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །བྱེད་ན་ཤ་པ་སྐྱེ་འཇིག་བྱེད་པའི་ཚེ་དེ་དང་ཡུལ་ཐ་དད་པའི་ཤིང་གསལ་རྣམས་དང་། དུས་ཐ་དད་པའི་ཤིང་གསལ་རྣམས་དང་། རྣམ་པ་ཐ་དད་པའི་ཤིང་གསལ་རྣམས་སྐྱེ་འཇིག་བྱེད་པར་ཐལ། དེ་རྣམས་དང་རྫས་གཅིག་པའི་ཤིང་སྤྱི་སྐྱེ་འཇིག་བྱེད་པའི་ཕྱིར། ཁྱབ་སྟེ། ཐ་དད་པ་མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། ཞེས་གསུངས་པའི་ཕྱིར། གསུམ་པ་ཧ་ཅང་ཐལ་བ་ལ་ཡན་ལག་ཅན་མི་ཁེགས་པར་ཐལ་བ། དབང་ཤེས་རྟོག་བཅས་སུ་ཐལ་བ། འགལ་བ་རྫས་གཅིག་ཏུ་ཐལ་བ་གསུམ་ལས། དང་པོ་ནི། ཤིང་གསལ་ཐམས་ཅད་ལ་ཁྱབ་པའི་ཤིང་སྤྱི་རྫས་གཅིག་པ་ཡོད་ན། མགོ་བོ་ལ་སོགས་པའི་ཡན་ལག་ཐམས་ཅད་ལ་ཁྱབ་པའི་ཡན་ལག་ཅན་རྫས་གཅིག་པ་གཅིག་ཡོད་པར་ཁས་བླངས་ན་ཅིས་འགོག གལ་ཏེ་དེ་མི་འཐད་དེ། དེ་ལ་ལག་སོགས་གཡོ་ན་ཐམས་ཅད་དག །ཞེས་སོགས་ཀྱི་རིགས་པས་གནོད་པའི་ཕྱིར་ཏེ། གཡོ་མི་གཡོ་དང་བསྒྲིབས་མ་བསྒྲིབས་བསྒྱུར་མ་བསྒྱུར་ལ་སོགས་པའི་ཆོས་འགལ་བ་རྣམས་རྫས་གཅིག་ལ་མི་རུང་བའི་ཕྱིར་ཞེ་ན། ཤིང་གསལ་ཐམས་ཅད་ལ་ཁྱབ་པའི་ཤིང་སྤྱི་རྫས་གཅིག་པ་མེད་པར་ཐལ། དེ་ཡོད་ན། ཤ་པ་གཡོ་བ་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་གཡོ་བ་དང་། ཤ་པ་བསྒྲིབས་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་བསྒྲིབས་པ་དང་། ཤ་པ་ཚོན་གྱིས་བསྒྱུར་བ་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་ཚོན་གྱིས་བསྒྱུར་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། ཤ་པ་འཛིན་པའི་དབང་མངོན་ཆོས་ཅན། ཤ་པ་དང་རྫས་གཅིག་པའི་ཤིང་སྤྱི་སྣང་ཡུལ་དུ་བྱེད་པར་ཐལ། ཤ་པ་དང་རྫས་གཅིག་པའི་ཆོས་ཐམས་ཅད་སྣང་ཡུལ་དུ་བྱེད་པའི་ཕྱིར་ཏེ། དེ་ལ་བསྒྲུབས་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟོག་པར་ཐལ། སྤྱི་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་དོན་སྤྱི་སྣང་ཡུལ་དུ་བྱེད་ན་རྟོག་པ་ཡིན་པས་ཁྱབ་ཀྱང་། རིགས་སྤྱི་སྣང་ཡུལ་དུ་བྱེད་ན་རྟོག་པ་ཡིན་པས་མ་ཁྱབ་བོ་ཞེ་ན། དོན་སྤྱིར་མ་འདུས་པའི་རིགས་སྤྱི་འདོད་པ་ནི་ཆུར་མ་འདུས་པའི་རྒྱ་མཚོ་འདོད་པ་དང་མཚུངས་པས་སློབ་དཔོན་ངན་པའི་དུག་ཆུས་མྱོས་པའི་བརླབ་ཆོལ་ཡིན་ཏེ། སྣང་བརྟག་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས་ལས་མ་གཏོགས་པའི་རིགས་སྤྱི་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། སྔོ་སེར་ལ་སོགས་པའི་རྫས་ཐ་དད་པ་རྣམས་དང་། སྣང་མུན་ལ་སོགས་པའི་འགལ་བ་ཀུན་ཀྱང་རྫས་གཅིག་ཏུ་ཐལ། སྔོ་སེར་གཉིས་ཀ་དང་རྫས་གཅིག་ཡིན་པ་དང་། སྣང་མུན་གཉིས་ཀ་དང་རྫས་གཅིག་ཡིན་པར་ཡོད་པའི་ཕྱིར། གསལ་བ་དུ་མ་ལ་ཁྱབ་པའི་སྤྱི་རྫས་སུ་མ་གྲུབ་པར་མ་ཟད་ཡན་ལག་དུ་མ་འདུས་པ་ལ་ཡན་ལག་ཅན་དུ་བཞག་པ་དང་། སྐད་ཅིག་མ་དུ་མ་འདུས་པ་ལ་རྒྱུན་དུ་བཞག་པ་དང་། ཡི་གེ་དང་། མིང་དང་། ཚིག་རྣམས་ཀྱང་རྫས་སུ་མ་གྲུབ་བོ། །གསུམ་པ་སྤྱི་དངོས་མེད་དུ་འདོད་པའི་ལུགས་གཞན་དགག་པ་ལ། དངོས་དང་། རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། ཁ་ཅིག སྤྱི་ཡིན་ན། དངོས་མེད་ཡིན་དགོས་ཤིང་། རང་གི་བྱེ་བྲག་དུ་མ་གྲུབ་ན་སྤྱི་ཡིན་པས་ཁྱབ་པ་སྡེ་བདུན་གྱི་དགོངས་པ་ཡིན་ལ། དེས་ན་གཟུགས་སྒྲ་ལ་སོགས་པ་དང་། མེ་ཆུ་ལ་སོགས་པ་དང་། བུམ་སྣམ་ལ་སོགས་པ་ཐམས་ཅད་ཀྱང་རྟག་པ་ཡིན་ནོ། །ཞེས་ཟེར་རོ། །འདི་དགག་པ་ལ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་དང་། ལུང་དང་། ཁས་བླངས་དང་། རང་ཚིག་གིས་གནོད་པ་ལྔ་ལས། དང་པོ་ནི། སྒྲ་ཆོས་ཅན། ཉན་ཤེས་མངོན་སུམ་གྱིས་ཁྱོད་མཉན་བྱ་ཡིན་པར་མ་གྲུབ་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། འདོད་ན་སྒྲ་མཉན་བྱ་མ་ཡིན་པ་དེ་ཉན་ཤེས་མངོན་སུམ་གྱིས་བསལ་བ་མ་ཡིན་པར་ཐལ་ལོ། །གཉིས་པ་ནི། སྒྲ་རྟག་པ་ཡིན་པ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་དེ། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་གྲུབ་པའི་ཕྱིར། གསུམ་པ་ནི། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། །བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པའི་ཕྱིར་ཞེ་ན། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་དང་། གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་རྟགས། །ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་རིག་བྱེད་པས་རིག་སྒྲ་རྟག་པར་འདོད་པ་དེ། དཔལ་ལྡན་ཆོས་གྲགས་ཀྱིས་རིགས་པའི་རྣམ་གྲངས་དུ་མས་འགོག་པ་དེ་མི་རིགས་པར་ཐལ། རིག་སྒྲ་རྟག་པ་ཡིན་པ་དེ་དོན་ལ་གནས་པའི་ཕྱིར། བཞི་པ་ནི། གལ་ཏེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་སྒྲ་རང་མཚན་པ་དེ་མི་རྟག་པར་བསྒྲུབ་པ་ཡིན་པས་གོང་དུ་གསུངས་པའི་ལུང་དང་འགལ་བའི་སྐྱོན་མེད་དོ་ཞེ་ན། འོ་ན་སྒྲའི་གཞན་སེལ་ལ་རང་མཚན་དུ་རློམ་པ་ལ་དགག་སྒྲུབ་དངོས་སུ་བྱེད་པ་ཡིན་ནམ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་པ་ཡིན། དང་པོ་ལྟར་ན། བྱས་རྟགས་ལས་སྒྲ་མི་རྟག་པར་དངོས་སུ་མ་བསྒྲུབ་པར། སྒྲ་རང་མཚན་པ་མི་རྟག་པར་དངོས་སུ་བསྒྲུབ་པར་འདོད་པ་དང་ཁས་བླངས་འགལ་ཞིང་། ཕྱི་མ་ལྟར་ན། སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་གཞན་སེལ་དུ་འདོད་པ་དང་འགལ་ལོ། །གཞན་ཡང་རང་གིས་ཚད་མར་ཁས་བླངས་པའི་གཞུང་ལུགས་ལས། རྫས་དང་ལྡོག་པ་སྤྱི་བྱེ་བྲག །བསྒྲུབ་དང་གཞན་སེལ་རྟོག་མི་རྟོག །གཞན་དག་རྣམ་གཞག་གཞན་དུ་འཆད། །ཁོ་བོ་གཞུང་བཞིན་འཆད་པར་འདོད། །ཅེས་པའི་འགྲེལ་པར་རྫས་དང་སྤྱི་ནི་ཡུལ་དང་། རྟོག་པ་དང་རྟོག་མེད་གཉིས་བློ་དང་། སྣང་བ་དང་སེལ་བ་གཉིས་འཛིན་སྟངས་སོ་སོར་ངེས་པར་བཤད་པ་དང་འགལ་ཏེ། དངོས་པོ་དང་རྫས་ལ་སོགས་པ་རྣམས་སྤྱིར་ཁས་བླངས་པའི་ཕྱིར་རོ། །ལྷོ་པ་ཐམས་ཅད་མཁྱེན་པས་མཛད་པའི་ཆོས་རྗེའི་རྣམ་ཐར་ལས། ཁ་ཆེ་པཎ་ཆེན་གྱི་ཞལ་ནས། ཙམ་ཙམ་མང་པོ་ངས་མི་ཤེས། སྔོན་པོ་དོན་ལ་ཡོད་ཅེས་གསུངས་པས་གཞན་སེལ་གྱི་གནད་ཐམས་ཅད་གོ་བར་གསུངས་པ་དང་ཡང་འགལ་ཏེ། སྔོན་པོ་སྤྱིར་ཁས་བླངས་པའི་ཕྱིར་རོ། །འོ་ན་དེས་གཞན་སེལ་གྱི་གནད་ཐམས་ཅད་གོ་བའི་ཚུལ་ཇི་ལྟར་སྙམ་ན། སྔོན་པོ་དང་སྒྲ་ལ་སོགས་པ་རྣམས་དོན་རང་མཚན་གྱི་སྟེང་ན་རང་རང་གི་གནས་ཚུལ་ཇི་ལྟ་བ་བཞིན་གནས་པས་དགག་སྒྲུབ་བྱར་མེད་ཀྱང་། སྔོན་པོ་སྔོ་མིན་དང་། སྒྲ་རྟག་པ་ལ་སོགས་པར་སྒྲོ་འདོགས་པ་ཡོད་པས་སྒྲོ་འདོགས་ཇི་སྙེད་ཡོད་པ་དེ་དག་བསལ་བའི་ཆེད་དུ་དགག་སྒྲུབ་བྱེད་པ་ཡིན་ལ། དེའི་ཚེ་སྒྲ་མི་རྟག་པར་བསྒྲུབ་པའི་གཞན་སེལ་གྱི་བློ་ངོའི་སྒྲ་རྟག་པ་དེ་བསལ་བ་ཡིན་ལ། དེ་ལ་ཡང་རྫས་དང་ལྡོག་པ་སོ་སོར་མ་ཕྱེ་བའི་སྒྲ་ཙམ་མི་རྟག་པར་སྒྲུབ་ཅེས་པའི་དོན་ཡིན་ནོ། །དེས་ན་སྒྲ་རྟག་པར་འདོད་པ་དག་གིས་ནི། དོན་ལ་གནས་པའི་སྒྲ་དང་། སེལ་ངོའི་སྒྲ་གཉིས་གཅིག་ཏུ་བཟུང་བ་ཡིན་པས་འཇུག་པའི་ཚེ་དེ་ལྟར་དུ་རུང་ཡང་། གནས་ལུགས་འཆད་པའི་ཚེ་དེ་ལྟར་བྱས་ན་གཞན་སེལ་གྱི་གནད་མ་གོ་བ་སྟེ། བདག་ཉིད་ཆེན་པོའི་ཞལ་ནས། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །ཅེས་གསུངས་པའི་ཕྱིར། ལྔ་པ་ནི། སྒྲ་རྟག་ཅེས་པ་ནི། དངོས་སུ་སྒྲ་རྟག་པར་སྨྲས་ཤིང་། སྒྲ་ཞེས་སྨྲས་པའི་ཤུགས་ལ་མི་རྟག་པར་སྨྲས་པའོ། །གཉིས་པ་ནི། འོ་ན་ཤིང་རྫས་སུ་གྲུབ་ན། དེ་ཤ་པ་རྫས་གཅིག་དང་ཐ་དད་གང་ཡིན་ཞེ་ན། ཚད་མ་དེ་མངོན་སུམ་དང་རྗེས་དཔག་གང་ཡིན། ཞེས་འདྲི་བར་བྱའོ། །གལ་ཏེ་རྟོག་པར་གྱུར་པའི་ཚད་མ་རྗེས་དཔག་དང་། རྟོག་མེད་དུ་གྱུར་པའི་ཚད་མ་མངོན་སུམ་ཡིན་ཞིང་། དེ་གཉིས་ལས་གཞན་དུ་གྱུར་པའི་ཚད་མ་མེད་དོ་ཞེ་ན། འོ་ན་ཤ་པ་ཡིན་པར་གྱུར་པའི་ཤིང་དེ་ཤ་པ་དང་རྫས་གཅིག་དང་། ཤ་པ་མ་ཡིན་པའི་ཤིང་དེ་ཤ་པ་དང་རྫས་གཞན་ཡིན་ཞིང་། དེ་གཉིས་ལས་གཞན་དུ་གྱུར་པའི་ཤིང་མེད་དོ། །ཅེས་མཚུངས་པར་བསྒྲེའོ། །གལ་ཏེ་ཤིང་ཆོས་ཅན། ཤ་པ་དང་རྫས་གཅིག་དང་རྫས་གཞན་གང་རུང་ཡིན་པར་ཐལ། ཁྱོད་དང་ཤ་པ་གཉིས་ཀ་རྫས་སུ་གྲུབ་པའི་ཕྱིར་ཞེ་ན། འོ་ན་ཚད་མ་ཆོས་ཅན། མངོན་རྗེས་གང་རུང་དུ་ཐལ། ཚད་མ་ཡིན་པའི་ཕྱིར། བསྐལ་པའི་བར་དུ་མཚུངས་སོ། །གལ་ཏེ་སྤྱི་གསལ་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་བཀག་པས་སྤྱི་རྫས་སུ་གྲུབ་པ་མི་ཁེགས་པར་ཐལ། རྫས་སུ་གྲུབ་ན་རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར་ཞེ་ན། འོ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་མངོན་སུམ་དང་རྗེས་དཔག་གང་ཡིན་དཔྱད་ནས་བཀག་པས་དེ་ཚད་མ་ཡིན་པར་ཁེགས་པར་ཐལ། ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། གཉིས་པ་ལུང་གིས་དགག་པ་ནི། རྣམ་འགྲེལ་ལས། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་དང་། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བཏགས་པ་ཡིན། །ཞེས་དང་། སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །ཞེས་དང་། ཕྱེད་དང་བཞི་པ་ལས། གཞན་ཡང་སྤྱི་དོན་གཞན་དུ་རྟོགས་པ་འདི་ཞེས་སོགས་མང་དུ་གསུངས་ཤིང་། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་སོགས་སྤྱི་དངོས་མེད་དུ་བསྒྲུབ་པའི་རིགས་པ་བརྒྱད་གསུངས་སོ། །དེ་ལྟར་ལུང་གིས་དགག་པ་རྣམས་ནི་ཆོས་ཀྱི་གྲགས་པའི་གཞུང་ཁས་ལེན་བཞིན་དུ་སྤྱི་དངོས་པོ་བ་འདོད་པ་རྣམས་འགོག་པ་ཡིན་ལ། རིགས་པས་དགག་པ་རྣམས་ནི་དེ་དང་གྲངས་ཅན་གཉིས་ཀ་ཐུན་མོང་དུ་འགོག་པ་ཡིན་ནོ། །དེ་ལ་གྲངས་ཅན་འགོག་པའི་ཚེ་ཤིང་སྤྱི་ཆོས་ཅན་དུ་བཟུང་ནས་ཤིང་གསལ་རྣམས་དང་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་འགོག་པས་ཆོག་མོད་ཀྱི། བོད་དག་གིས་ཤིང་སྤྱི་དངོས་པོ་བར་མ་གྲུབ་ཀྱི་ཤིང་སྤྱི་དང་དངོས་པོའི་གཞི་མཐུན་ཡོད་པར་ཁས་ལེན་པ་ཡིན་ནོ། །ཞེས་པའི་ཚིག་གིས་སྒྲིབ་གཡོགས་ལྟར་ན་ཤིང་གསལ་རྣམས་ཀྱི་སྤྱིར་གྱུར་པའི་ཤིང་སྤྱི་ཆོས་ཅན་དུ་བཟུང་ནས་དགག་པར་བྱའོ། །གཉིས་པ་རང་ལུགས་ནི། ཁྱད་པར་གསུམ་ལྡན་གྱི་ཤིང་འཛིན་རྟོག་པའི་ངོར་ཤིང་མ་ཡིན་ལས་ལོག་པར་སྣང་བའི་གཞན་སེལ་ནི་སྤྱི་ཡིན་ཞིང་། དེ་ཉིད་ཤིང་གསལ་རྣམས་ལ་དོན་དམ་པར་མ་གྲུབ་ཀྱང་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་གྲུབ་པས་དེ་ལྟ་བུའི་སྤྱི་ཁེགས་ན་བྱེ་བྲག་ཁེགས་པ་དང་། བྱེ་བྲག་གྲུབ་ན་སྤྱི་གྲུབ་པས་དགག་སྒྲུབ་བྱེད་པ་ཡིན་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། གལ་སྟེ་གཞན་སེལ་ལ་དགག་སྒྲུབ་བྱས་པས་རང་མཚན་རྟོགས་པར་མི་འགྱུར་ཏེ། གཞན་སེལ་ནི་དངོས་པོར་མེད་ལ་རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པས་དོན་དང་སེལ་བ་གཉིས་གཅིག་ཏུ་འཁྲུལ་ནས་དགག་སྒྲུབ་བྱས་པས་འཇུག་ཡུལ་རང་མཚན་རྟོགས་པར་འགྱུར་བའི་ཕྱིར། སྤྱི་དང་བྱེ་བྲག་བརྟག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པ་བཤད་ཟིན་ཏོ།།  ༈  །།གཉིས་པ་སྣང་བ་དང་སེལ་བའི་རྟོགས་ཚུལ་ལ། འཇུག་ཚུལ་སྤྱིར་བསྟན་པ་དང་། སོ་སོའི་རང་བཞིན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི། རྟོག་མེད་ཤེས་པ་རང་ཡུལ་ལ་སྣང་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་རྫོགས་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་ནི་རང་ཡུལ་ལ་སེལ་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་མི་རྫོགས་པར་རིགས་མི་མཐུན་སེལ་བའི་བྱ་བ་བྱེད་པའི་ཕྱིར། དེ་ལྟར་གཉིས་ལས། སྣང་བ་ལ་འཁྲུལ་མ་འཁྲུལ་གཉིས། སེལ་བ་ལ་ཕྱིན་ཅི་ལོག་མ་ལོག་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས་ཏེ། སྣང་སེལ་གྱི་རྣམ་གཞག་དངོས། ཞར་ལ་སེལ་འཇུག་དང་བསྒྲུབ་འཇུག་དཔྱད་པའོ། །དང་པོ་ལ། སྣང་བ་དང་སེལ་བ་གཉིས་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རྟོག་མེད་ཤེས་པས་ཡུལ་མཐོང་ཚུལ་གྱི་ཁྱད་པར་རོ། །གཉིས་པ་ལ། རྟོག་མེད་འཁྲུལ་པའི་སྣང་བ་དང་། མ་འཁྲུལ་བའི་སྣང་བ་གཉིས་ལས། དང་པོའི་མཚན་ཉིད། རང་མཚན་མེད་པར་གསལ་བར་སྣང་བའི་བཟུང་རྣམ། དབྱེ་ན་དབང་ཤེས་འཁྲུལ་བའི་སྣང་བ་དང་། ཡིད་ཤེས་འཁྲུལ་པའི་སྣང་བ་གཉིས་སོ། །གཉིས་པ་རྟོག་མེད་མ་འཁྲུལ་བའི་སྣང་བ་ལ། མཚན་ཉིད། དབྱེ་བ། མཚན་གཞི་ལ་མཚན་ཉིད་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་ལ་རང་དུས་སུ་གསལ་བར་སྣང་བའི་སྣང་བ། གཉིས་པ་ལ་དབྱེ་ན། རང་རིག་མངོན་སུམ་གྱི་སྣང་བ་དང་། དོན་རིག་མངོན་སུམ་གྱི་སྣང་བ་གཉིས་སོ། །གསུམ་པ་ལ། ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས། བློ་དོན་མཐུན་པར་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བས་སྔོན་པོ་དང་། དེའི་མི་རྟག་པ་རྫས་ཐ་དད་དུ་འདོད་དེ། སྔོན་པོ་དེ་གཟུགས་ཀྱི་ཕུང་པོ་དང་། དེའི་མི་རྟག་པ་དེ་ལྡན་མིན་འདུ་བྱེད་གང་ཞིག །ཕུང་པོ་ལྔ་པོ་དེ་རྫས་ཐ་དད་ཡིན་པའི་ཕྱིར། མངོན་པ་ཀུན་ལས་བཏུས་ལས། སྔོན་པོ་རྫས་ཡོད་དང་། དེའི་མི་རྟག་པ་བཏགས་ཡོད་དུ་འདོད་ཀྱང་། འདིར་ནི་བཻ་ཌཱུརྻ་ལ་སོགས་པའི་སྔོན་པོ་གཅིག་གི་སྟེང་གི་བྱས་པ་དང་མི་རྟག་པ་ལ་སོགས་པ་དོན་ལ་རྫས་གཞན་ལྟ་ཞོག ལྡོག་པའང་ཐ་དད་དུ་མེད་དེ། དེ་གསུམ་ཐ་དད་དུ་སྣང་བ་ནི་རྟོག་པ་ཁོ་ན་ལ་སྣང་བ་ཡིན་གྱི། རྟོག་མེད་ཀྱི་ཤེས་པ་ལ་གཅིག་ཏུ་སྣང་བའི་ཕྱིར། ཤ་པ་དང་ཤུག་པ་གཉིས་ལ་དོན་ལ་ཐུན་མོང་གི་ཆོས་ཅུང་ཟད་མེད་དེ། ཤ་པའི་རྫས་ཡིན་ན། ཤུག་པའི་རྫས་མ་ཡིན་དགོས། ཤུག་པའི་རྫས་ཡིན་ན། ཤ་པའི་རྫས་མ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། སྔོན་པོའི་བྱས་མི་རྟག་གཉིས་དོན་ལ་རྫས་གཞན་དུ་མེད་པའི་རྒྱུ་མཚན་གྱིས་དབང་ཤེས་ལ་གཅིག་ཏུ་སྣང་བ་ཡིན་ཏེ། སྔོ་འཛིན་དབང་མངོན་ལ་སྔོན་པོ་སྣང་བའི་ཚེ་དེའི་བྱས་མི་རྟག་གཉིས་རྫས་གཅིག་ཏུ་སྣང་བའི་ཕྱིར། ཤ་ཤུག་གཉིས་དོན་ལ་རྫས་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་རྟོག་མེད་ཤེས་པ་ལ་ཐ་དད་དུ་སྣང་བ་ཡིན་ཏེ། དེ་ལ་ཤ་པ་སྣང་བའི་ཚེ་ཤུག་པ་མི་སྣང་བ་ཡང་ཡོད། ཤུག་པ་སྣང་བའི་ཚེ་ཤ་པ་མི་སྣང་བ་ཡང་ཡོད་པའི་ཕྱིར་དང་། དེ་གཉིས་ཆར་སྣང་བའི་ཚེ་རྫས་ཐ་དད་དུ་སྣང་བའི་ཕྱིར་རོ། །གསུམ་པ་ལ། མཐུན་ཚུལ་དངོས། དེ་སྒྲུབ་བྱེད་ཀྱི་རྟགས་དགོད་པ། དེས་ན་མངོན་སུམ་མ་ངེས་པར་བསྒྲུབ་པ་དང་གསུམ་ལས། དང་པོ་ནི་རྟོག་མེད་མ་འཁྲུལ་བའི་ཤེས་པ་དང་། དེའི་ཡུལ་ཕྱི་དོན་གཉིས་པོ་ཡུལ་ཡུལ་ཅན་མཐུན་པ་ཡིན་ཏེ། ཕྱི་དོན་རྫས་གཅིག་ཏུ་ཡོད་ན་དེ་ལ་ཡང་དེ་ལྟར་དུ་སྣང་བ་དང་། དེ་རྫས་ཐ་དད་དུ་ཡོད་ན་དེ་ལ་ཡང་རྫས་ཐ་དད་དུ་སྣང་བའི་ཕྱིར། གཉིས་པ་ནི། གང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ན། མངོན་སུམ་ལ་མཐོང་མ་མཐོང་གི་ཆ་གཉིས་མེད་པས་ཁྱབ། དཔེར་ན་བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་བཞིན་བུམ་པ་དང་དེའི་བྱས་མི་རྟག་གསུམ་ཀྱང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ནོ་ཞེས་པ་བཞིན་ནོ། །དེའི་ཕྱོགས་ཆོས་ནི་ལྟོས་མེད་ཀྱི་གཏན་ཚིགས་དང་གནོད་པ་ཅན་གྱི་གཏན་ཚིགས་ཀྱིས་གྲུབ་པ་ཡིན་ནོ། །ཁྱབ་པ་ནི་བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་ཉམས་སུ་མྱོང་བས་གྲུབ་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ། །གསུམ་པ་ནི། མངོན་སུམ་གྱིས་རང་ཡུལ་ངེས་པ་མེད་དེ། དེས་ཡུལ་དེ་མཐོང་བ་ཙམ་གྱིས་ཡུལ་དེ་ལ་ཚད་མར་འགྱུར་བའི་ཕྱིར་ཏེ། རང་འགྲེལ་ལས། ད་ནི་མ་ངེས་པ་ཇི་ལྟར་མངོན་སུམ་གྱིས་བཟུང་བ་ཡིན་ཞེ་ན། ཞེས་སོགས་དང་། རྣམ་ངེས་ལས། འདོད་པ་ལ་སོགས་པའི་བདག་ཉིད་རང་རིག་པ། བརྗོད་པ་དང་མ་འབྲེལ་བ་དེ་ནི་མངོན་སུམ་གྱི་ཚད་མའོ། །ཞེས་དང་། རིགས་ཐིགས་ལས། དེ་ལ་དངོས་ཡུལ་ཐུན་མོང་མ་ཡིན་པ། །མཐོང་བ་གང་ཡིན་པ་ཁོ་ན་ཚད་མའོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་རང་སྟོབས་ཀྱིས་ངེས་པར་འདྲེན་པ་དང་། གཞན་སྟོབས་ཀྱིས་ངེས་པར་འདྲེན་པ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་སེལ་བ་ལ་གསུམ་སྟེ། གཞུང་ལས་བཤད་པའི་ཚུལ། འགྲེལ་པ་མཁན་གྱིས་བཀྲལ་བའི་ཚུལ། ས་སྐྱ་པའི་བཞེད་པ་ངོས་བཟུང་བའོ། །དང་པོ་ནི། ཚད་མ་མདོར། སེལ་བ་བརྟག་པའི་རབ་བྱེད་ཡོངས་སུ་རྫོགས་པ་གསུངས་ལ། རྣམ་འགྲེལ་ལས། ལེའུ་དང་པོར་རང་བཞིན་གྱི་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་སྒྲུབ་བྱེད་ལས་འཕྲོས་ནས་གཞན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པ་དང་། མངོན་སུམ་གྱི་ལེའུར་སྤྱི་དངོས་མེད་དུ་བསྒྲུབ་པའི་སྐབས་དང་། མངོན་སུམ་རྟོག་བྲལ་དུ་བསྒྲུབ་པའི་སྐབས་སུ་ཡང་གཞན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པ་དང་གཞན་དོན་ལེའུར་ཡང་གཞན་སེལ་གྱི་རྣམ་གཞན་ཅུང་ཟད་བཤད་དོ། །གཉིས་པ་ལ། གཞན་སེལ་གསུམ་གྱི་རྣམ་གཞག་དང་། གཞན་སེལ་གཉིས་ཀྱི་རྣམ་གཞག་གཉིས་ལས། དང་པོ་ནི། མཁན་པོ་ཞི་བ་འཚོ་དང་། ཐར་པ་འབྱུང་གནས་དང་། ཤཱཀྱ་བློ་གསུམ་གྱི་བཞེད་པ་སྟེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པས་མེད་དགག་གི་གཞན་སེལ་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན་ཞེས་པས་བློའི་གཞན་སེལ་དང་། མཐུན་དངོས་གཞན་གྱི་དངོས་དག་ལས་ཞེས་པས་དོན་གྱི་གཞན་སེལ་བསྟན་པར་བཞེད་དོ། །དེ་ལ་དང་པོ་གཉིས་ཀྱིས་བུམ་འཛིན་རྟོག་པས་བུམ་པ་ཡུལ་དུ་བྱས་པའི་ཚེ། བུམ་པ་རང་མཚན་པ་ནི་དོན་གྱི་གཞན་སེལ་དང་། བུམ་འཛིན་རྟོག་པའི་བཟུང་རྣམ་ནི་བློའི་གཞན་སེལ་དང་། བུམ་མིན་རྣམ་པར་བཅད་ཙམ་ནི་མེད་དགག་གི་གཞན་སེལ་དུ་བཞེད་ཅིང་། ཕྱི་མས་ནི་བུམ་འཛིན་རྟོག་པས་བུམ་མིན་རྣམ་པར་བཅད་པའི་སྒོ་ནས་བུམ་པ་ཡུལ་དུ་བྱེད་དགོས་པས་བུམ་མིན་རྣམ་པར་བཅད་པའི་ཆ་མེད་དགག་གི་གཞན་སེལ་དང་། བུམ་པ་སྣང་བའི་སྒྲོ་བཏགས་བློའི་གཞན་སེལ་དུ་འདོད་ཅིང་། དེ་ཉིད་སྒྲའི་དངོས་ཀྱི་བརྗོད་བྱར་ཡང་འདོད་དོ། །གཉིས་པ་ནི། སློབ་དཔོན་ཆོས་མཆོག་གིས་སེལ་བ་བསྒྲུབ་པར་ངེས་པའི་རང་བཞིན་གྱི་སེལ་བ་དང་། རྣམ་པར་རྟོག་པའི་ཡུལ་གྱི་སེལ་བ་གཉིས་ཞེས་དང་། འཐད་ལྡན་ཆེན་མོར། མེད་པར་དགག་པའི་གཞན་སེལ་བ་དང་། སྒྲོ་བཏགས་པའི་གཞན་སེལ་ཞེས་པའི་ཐ་སྙད་མཛད་ནས། ངོས་འཛིན་ནི་བུམ་མིན་རྣམ་པར་བཅད་ཙམ་དང་། བུམ་པར་སྣང་བའི་སྒྲོ་བཏགས་གཉིས་ལ་འདོད་པ་སྔ་མ་དང་འདྲའོ། །གསུམ་པ་ལ་གསུམ་སྟེ། གཞན་སེལ་གྱི་མཚན་ཉིད། དེའི་རང་བཞིན་ངེས་པར་བྱ་བ། སེལ་བ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཡུལ་དེ་དངོས་འགལ་བཅད་པའི་སྒོ་ནས་ཡུལ་དེར་སྣང་བའི་སྒྲོ་བཏགས་སོ། །དེ་ལ་དངོས་འགལ་བཅད་པ་དང་། རིགས་མི་མཐུན་བཅད་པ་དང་། དེ་མིན་བཅད་པ་རྣམས་ནི་དོན་གཅིག་ཅིང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་དང་། རྣམ་གཅོད་བཞི་པོ་ནི་དོན་ལྡོག་ཀྱང་གཅིག་ཉིད་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ནུས་ལ། སྤྱི་དང་སྤྱི་མཚན་ནི་དེ་དག་དང་ཡིན་ཁྱབ་མཉམ་ཡིན་ཀྱང་དོན་ལྡོག་ནི་གཞན་འཚོལ་དགོས་སོ། །དངོས་འགལ་བཅད་པའི་དོན་ཡང་། བུམ་འཛིན་རྟོག་པ་ལ་བུམ་མིན་རྣམ་པར་བཅད་པའི་བུམ་པའོ་སྙམ་པའི་འཛིན་སྟངས་དངོས་སུ་མེད་ཀྱང་། རང་ལ་སྣང་བའི་བུམ་པའི་རྣམ་པ་དེ་ཕྱི་རོལ་བུམ་པར་ཞེན་པ་དེ་བུམ་མིན་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ཏེ། འདི་བུམ་པའོ་སྙམ་དུ་ཞེན་པ་ཡིན་གྱི་འདི་ཀ་བའོ་སྙམ་དུ་ཞེན་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་ཞེས་བརྗོད་པའི་སྒྲས་དངོས་འགལ་བཅད་ནས་འཇུག་པ་ཡང་བུམ་མིན་རྣམ་པར་བཅད་ནས་བུམ་པ་ཞེས་པའི་སྒྲ་དངོས་སུ་མེད་ཀྱང་། དེ་ལས་དོན་གོ་བ་བུམ་མིན་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ཏེ། བུམ་པ་ཞེས་པའི་སྒྲ་ཐོས་པའི་མཇུག་ཐོགས་སུ་བུམ་འཛིན་རྟོག་པ་སྐྱེ་བ་ཡིན་གྱི་ཀ་བ་སོགས་འཛིན་པའི་རྟོག་པ་མི་སྐྱེ་བའི་ཕྱིར་རོ། །འདི་ལ་དགོངས་ནས། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མ་ཡིན་ཕྱིར། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གཞན་སེལ་གྱི་རྣམ་གཞག དེའི་རབ་ཏུ་དབྱེ་བ། མཚན་གཞི་གཅིག་གི་སྟེང་དུ་གནད་མ་ལུས་པ་གཏན་ལ་དབབ་པའོ། །དང་པོ་ལ། ཡུལ་གྱི་གནས་ལུགས་དང་། བློའི་འཛིན་སྟངས་གཉིས་ལས་དང་པོ་ལ། གཞན་སེལ་གྱི་ཡུལ་ཅན་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གཉིས་ཡིན་ལ། དེ་གཉིས་ཀྱི་དངོས་ཡུལ་དངོས་པོར་མེད་ཅིང་། ཞེན་ཡུལ་རང་མཚན་ལ་བྱས་མི་རྟག་སོགས་དོན་ལ་ཐ་དད་མེད་པ་རྣམས་གཅིག་ཏུ་གནས། ཀ་བུམ་སོགས་དོན་ལ་རྫས་ཐ་དད་པ་རྣམས་གཞན་དང་འདྲེ་བ་མེད་པར་གནས་པ་ཡིན་ཏེ། འདིའི་ཞེན་ཡུལ་དུ་གྱུར་པའི་རང་མཚན་དང་། མངོན་སུམ་གྱི་སྣང་ཡུལ་དུ་གྱུར་པའི་རང་མཚན་གཉིས་དོན་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་བྱེ་བྲག་པ་སོགས་ན་རེ། བྱས་པ་དེ་སྒྲ་མི་རྟག་པར་བསྒྲུབས་པའི་གྲུབ་ཟིན་བསྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། བྱས་མི་རྟག་གཉིས་དོན་ལ་ཐ་དད་མེད་པའི་ཕྱིར། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲ་དང་དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར་ཞེ་ན། དེའི་ལན་ལ་བློའི་འཇུག་ཚུལ་ཤེས་དགོས་པས། གཉིས་པ་བློའི་འཛིན་སྟངས་འཆད་པ་ལ། སྤྱིར་རྟོག་བློའི་འཛིན་སྟངས་དེ་ལ་ཐ་དད་ལ་གཅིག་ཏུ་འཛིན་པ། གཅིག་ལ་ཐ་དད་དུ་འཛིན་པ། ཐ་དད་ལ་ཐ་དད་དུ་འཛིན་པ། གཅིག་ལ་གཅིག་ཏུ་འཛིན་པ་དང་བཞི་ལས། ཕྱི་མ་གཉིས་གོ་སླ་ཞིང་། དང་པོ་གཉིས་འཆད་པ་ལ། ཐ་དད་ལ་གཅིག་ཏུ་འཛིན་པའི་རྟོག་པ་ལ་སྒྲོ་འདོགས་པའི་རྒྱུ། སྒྲོ་འདོགས་པའི་བློའི་རྣམ་པ། སྒྲོ་བཏགས་པའི་དགོས་པ་དང་གསུམ་ལས། དང་པོ་ནི། གཞན་སེལ་གྱི་བློ་ངོར་ཤིང་གསལ་རྣམས་ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་གཅིག་པ་དང་། མེའི་གསལ་བ་རྣམས་སྲེག་པའི་འབྲས་བུ་གཅིག་པ་ལ། འདི་ནི་ཤིང་ངོ་། །འདི་ནི་མེའོ། །ཞེས་གཅིག་ཏུ་སྒྲོ་འདོགས་པ་ཡིན་ཏེ། དེའི་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱིས། །རིགས་དབྱེ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཞན་སེལ་གྱི་བློ་ངོར་མཚན་ཉིད་གཅིག་པའི་ཡུལ་རྣམས་ལ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྣམ་པར་རྟོག་པས་གཅིག་ཏུ་འཛིན་པ་ཡིན་ཏེ། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡི། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཡུལ་དུས་ཐ་དད་པའི་གསལ་བ་རྣམས་ལ་དགག་སྒྲུབ་ཅིག་ཅར་རྟོགས་པའི་ཆེད་ཡིན་ཏེ། དཔེར་ན་ཤིང་མེད་ཅེས་བརྗོད་པ་ན་ཤིང་གསལ་ཐམས་ཅད་མེད་པར་གོ་བ་དང་། ཤིང་གསལ་གང་རུང་ཅིག་ཡོད་ཅེས་བརྗོད་པ་ན། ཤིང་ཡོད་པར་གོ་བ་བཞིན་ནོ། །འདི་ལ་དགོངས་ནས། འགའ་ཞིག་ཅིག་ཅར་ཀུན་རྟོགས་ཕྱིར། །ཞེས་གསུངས་སོ། །གཉིས་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། སྒྲའི་སྟེང་གི་སྒྲ་བྱས་མི་རྟག་གསུམ་དོན་གཅིག་ཡིན་ཀྱང་ལྡོག་པ་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། སྒྲ་དེ་དེ་གསུམ་མ་ཡིན་པ་ལས་ལོག་པར་དོན་ལ་གནས་པའི་ཕྱིར་ཏེ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། སྒྲ་བྱས་མི་རྟག་གསུམ་པོ་དེ་རྗོད་བྱེད་ཀྱི་སྒྲས་ཐ་དད་དུ་བརྗོད་ཅིང་། རྟོག་པ་ལ་ཐ་དད་དུ་སྣང་བ་ལྟར་རྟོག་པ་དེ་ཉིད་ཀྱིས་དོན་ལ་ཡང་ཐ་དད་དུ་ཞེན་ཏེ། དེའི་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ནི། རྣམ་པར་རྟོག་པས་སྒྲ་བྱས་མི་རྟག་པ་གསུམ་ལྡོག་པ་ཐ་དད་དུ་ཕྱེ་བ་ལ་དགོས་པ་ཡོད་དེ། དེ་ལྟར་ཕྱེ་ནས་རྟོག་ངོར་རྟགས་ཆོས་དོན་གསུམ་ཐ་དད་དུ་སྦྱར་བས་སྒྲ་མི་རྟག་པར་རྟོགས་པར་འགྱུར་ཏེ། ཆོས་དང་ཆོས་ཅན་རྣམ་གཞག་དང་ཞེས་པ་ནས། དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་པའི་བར་དང་། དེའི་ཁྱད་པར་གྱི། རྟོག་འགྱུར་བ་དག་རབ་ཏུ་བྱེད། །ཅེས་གསུངས་པའི་ཕྱིར། གནད་འདི་ཤེས་ན། སོང་ཚོད་ཀྱིས་རྟགས་ཆོས་དོན་གསུམ་རང་མཚན་ཡིན་མིན་གྱི་དོགས་པ་སྐྱེ་བའི་གནས་མེད་དོ། །གཉིས་པ་དེའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང་། སོ་སོའི་རྣམ་གཞག་གོ །དང་པོ་ལ། རྟེན་གྱི་སྒོ་ནས་དབྱེ་ན་ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས་སམ། ཡང་ན་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་གཉིས་སོ། །དེ་རེ་རེ་ལ་ཡང་ཡུལ་ཅན་སྒྲ་རྟོག་གི་སྒོ་ནས་གཉིས་གཉིས་སུ་འགྱུར་ཏེ། ཡོད་པ་སྒྲའི་གཞན་སེལ་དང་། ཡོད་པ་བློའི་གཞན་སེལ་གཉིས། མེད་པ་སྒྲའི་གཞན་སེལ་དང་། མེད་པ་བློའི་གཞན་སེལ་གཉིས་སོ། །དེ་བཞིན་དུ་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་ལ་ཡང་བསྒྲེའོ། །འཛིན་སྟངས་ཀྱི་སྒོ་ནས་དབྱེ་བ། མ་ཡིན་དགག་གི་གཞན་སེལ་དང་། མེད་དགག་གི་གཞན་སེལ་གཉིས་སོ། །གཉིས་པ་ལ། དངོས་པོའི་གཞན་སེལ། དངོས་མེད་ཀྱི་གཞན་སེལ། མ་ཡིན་དགག་གི་གཞན་སེལ། མེད་དགག་གི་གཞན་སེལ་དང་བཞི་ལས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རྟོག་ངོར་དོན་བྱེད་མི་ནུས་པར་རྣམ་པར་བཅད་ནས་དངོས་པོར་སྣང་བའི་སྒྲོ་བཏགས། གཉིས་པ་ལ། མངོན་གྱུར་ལ་ངེས་པའི་གཞན་སེལ་དང་། ལྐོག་གྱུར་ལ་ངེས་པའི་གཞན་སེལ་གཉིས་ལས། དང་པོ་ནི། དོན་རང་མཚན་མངོན་སུམ་གྱིས་མཐོང་བའི་རྗེས་སུ་སྐྱེས་པའི་ངེས་ཤེས་ཀྱི་དངོས་ཡུལ་ལྟ་བུ་སྟེ། མཐོང་བ་འགའ་ལའང་ཤེས་པ་གང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གཉིས་པ་ནི། མངོན་སུམ་གྱིས་དོན་རང་མཚན་མཐོང་བ་ལ་མ་ལྟོས་པར་སྒྲ་རྟོག་གི་དངོས་ཡུལ་དུ་གྱུར་པ་སྟེ། དབྱེ་ན་བདེན་པ་རྗེས་དཔག་གི་གཞན་སེལ། མི་བདེན་པ་ལོག་ཤེས་ཀྱི་གཞན་སེལ། གཉིས་ཆར་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དང་གསུམ་ལས། དང་པོ་ནི། རྗེས་དཔག་གི་དངོས་ཡུལ་དུ་གྱུར་པའི་བསྒྲུབ་བྱའི་དོན་སྤྱི་ལྟ་བུའོ། །གཉིས་པ་ནི། རྟོག་ངོར་ཡུལ་གྱི་གནས་ཚུལ་བཅད་པའི་སྒོ་ནས་གནས་ཚུལ་དང་མི་མཐུན་པར་སྣང་བའི་སྒྲོ་བཏགས་ཏེ། སྒྲ་རྟག་འཛིན་རྟོག་པ་ལ་སྒྲ་མི་རྟག་པ་བཅད་པའི་སྒོ་ནས་སྒྲ་རྟག་པར་སྣང་བ་ལྟ་བུའོ། །གསུམ་པ་ནི། ཐེ་ཚོམ་ཡང་རྟོག་པ་ལས་མ་འདས་པས་གང་ལ་དོགས་པ་དེ་དེ་མིན་རྣམ་པར་བཅད་པར་སྣང་བ་ལྟ་བུའོ། །གཉིས་པ་དངོས་མེད་ཀྱི་གཞན་སེལ་ལ། མཚན་ཉིད། དབྱེ་བ། དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་རྒྱུ་མཚན་དང་གསུམ་ལས། དང་པོ་ནི། རྟོག་ངོར་དོན་བྱེད་ནུས་པ་རྣམ་པར་བཅད་ནས་དངོས་མེད་དུ་སྣང་བའི་སྒྲོ་བཏགས། གཉིས་པ་ནི། དགག་བྱ་ཤེས་བྱ་ལ་སྲིད་པ་བུམ་མེད་ཀྱི་གཞན་སེལ་ལྟ་བུ་དང་། དགག་བྱ་ཤེས་བྱ་ལ་མི་སྲིད་པ་རི་བོང་རྭ་མེད་ཀྱི་གཞན་སེལ་ལྟ་བུ་གཉིས་ཡོད་དོ། །གསུམ་པ་ལ། དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་འཐད་པ་དང་། དེ་ལ་རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། དངོས་མེད་དེ་རྣམ་པར་རྟོག་པས་གཞན་སེལ་བའི་སྒོ་ནས་ཡུལ་དུ་བྱེད་པ་ཡིན་གྱི་སྣང་བའི་སྒོ་ནས་ཡུལ་དུ་བྱེད་པ་མ་ཡིན་ཏེ། དགག་བྱ་དངོས་པོ་བསལ་བའི་སྒོ་ནས་ཤེས་བྱར་བཞག་པ་ཡིན་གྱི་རང་གི་ངོ་བོའི་སྒོ་ནས་གྲུབ་པ་མེད་པའི་ཕྱིར་ཏེ། ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། དངོས་པོ་དང་མཚུངས་པའི་རྩོད་པ་སྤོང་བ། ཚད་མ་དང་འགལ་བའི། གྲགས་པ་དང་འགལ་བའི། ལུང་དང་འགལ་བའི་རྩོད་པ་སྤོང་བ་སྟེ་བཞི་ཡོད་པ་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གསུམ་པ་མ་ཡིན་དགག་གི་གཞན་སེལ་ལ། མཚན་ཉིད་དང་། མིང་གི་རྣམ་གྲངས་གཉིས་ལས། དང་པོ་ནི། རྟོག་ངོར་དགག་བྱ་མེད་དགག་རྣམ་པར་བཅད་ནས་བསྒྲུབ་པའི་རྣམ་པར་སྣང་བའི་སྒྲོ་བཏགས་ཏོ། །དཔེར་ན་བུམ་པའི་གཞན་སེལ་ལྟ་བུའོ། །གཉིས་པ་ནི་ལུགས་འདི་ལ་མ་ཡིན་དགག་གི་གཞན་སེལ་དང་། མ་ཡིན་དགག་དང་། སེལ་བའི་བསྒྲུབ་པ་གསུམ་དོན་གཅིག་ཅིང་། འདི་ལ་དགག་བྱ་དངོས་སུ་བཅད་པ་དང་། དགག་བྱ་དངོས་སུ་མ་བཅད་པ་གཉིས་ཡོད་པ་ལས། དང་པོ་ནི། བུམ་དག་གི་ས་ཕྱོགས་ཀྱི་གཞན་སེལ་ལྟ་བུ་ཡིན་ལ། ཕྱི་མ་ནི་བསྟན་ཟིན་མ་ཐག་པའོ། །བཞི་པ་མེད་དགག་གི་གཞན་སེལ་ལ། མཚན་ཉིད། མིང་གི་རྣམ་གྲངས། དབྱེ་བ་དང་གསུམ་ལས། དང་པོ་ནི། རྟོག་ངོར་བསྒྲུབ་པ་རྣམ་པར་བཅད་ནས་དགག་པའི་རྣམ་པ་ཅན་དུ་སྣང་བའི་སྒྲོ་བཏགས་སོ། །གཉིས་པ་ནི། མེད་དགག་གི་གཞན་སེལ་དང་། མེད་དགག་དང་། མེད་པ་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཀྱང་། ཕྱི་མ་གཉིས་ལ་དོན་ལྡོག་གཞན་དགོས་སོ། །གསུམ་པ་ནི། དགག་བྱ་ཡོད་མེད་ཀྱི་སྒོ་ནས་གཉིས་སུ་ཕྱེ་བ་ནི་དངོས་མེད་ཀྱི་གཞན་སེལ་གྱི་དབྱེ་བ་དང་འདྲའོ། །གསུམ་པ་མཚན་གཞི་གཅིག་གི་སྟེང་དུ་གནད་མ་ལུས་པ་གཏན་ལ་དབབ་པ་ལ། དགག་བྱ་བཅད་ཚུལ། མིང་གི་རྣམ་གྲངས། སོ་སོའི་སྒྲ་དོན། མཚན་གཞི་གཅིག་གིས་བསྟན་པ་དངོས་དང་བཞི་ལས། དང་པོ་ནི། རྗོད་བྱེད་ཀྱི་སྒྲ་དང་། རྟོག་པ་ཡུལ་ལ་འཇུག་པའི་ཚེ་ཡུལ་གྱི་དངོས་འགལ་བཅད་ནས་འཇུག་དགོས་ཏེ། བུམ་པར་ཆུ་འོན་ཅིག་ཅེས་པའི་སྒྲ་དེ་བུམ་པ་ལས་གཞན་ཁྱོར་བ་སོགས་སུ་ཆུ་ལེན་པ་དེ་མ་བཅད་ན་ཆུ་འོན་ཅིག་ཅེས་བརྗོད་རིགས་ཀྱི་བུམ་པ་ཞེས་པའི་ཚིག་སྨོས་པ་ལ་དགོས་པ་མེད་པའི་ཕྱིར་དང་། ཆུ་འོན་ཅིག་ཅེས་པའི་སྒྲ་དེས་ཆུ་ལས་གཞན་ཕྱག་དར་ལ་སོགས་པ་ལེན་པ་མ་བཅད་ན་འོན་ཅིག་ཅེས་བརྗོད་རིགས་ཀྱི་ཆུ་ཞེས་སྨོས་པ་དོན་མེད་པའི་ཕྱིར་དང་། དེ་བཞིན་དུ་འོན་ཅིག་ཅེས་པའི་སྒྲ་དེས་ལེན་པ་ལས་གཞན་མི་ལེན་པར་རྣམ་པར་མ་བཅད་ན་འོན་ཅིག་ཅེས་པའི་སྒྲ་བརྗོད་པ་ཡང་དོན་མེད་པའི་ཕྱིར་དང་། དེ་དག་འཛིན་པའི་རྟོག་པའི་འཇུག་ཚུལ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཡང་གཞན་དུ་སྦྱོར་བ་དོན་མེད་འགྱུར་ཞེས་པའི་རང་འགྲེལ་དུ་དཔེར་ན་བུམ་པས་ཆུ་འོན་ཅིག་ཅེས་བྱ་བ་ལྟ་བུ་ལ་གལ་ཏེ་བུམ་པ་དང་སྙིམ་པས་ཆུ་ཅི་འདྲ་ཡང་རུང་བ་ཞིག་བླང་བར་འདོད་པར་གྱུར་ན་ནི་ཆུ་འོན་ཅིག་ཅེས་བྱ་བ་ཁོ་ན་བརྗོད་པར་བྱ་བར་འགྱུར་གྱི་བུམ་པས་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱག་དར་རམ། གཞན་གང་ཡང་རུང་བ་ཞིག་བླང་བར་བྱ་དགོས་པར་འདོད་པ་བཞིན་དུ་གྱུར་ན་ནི་འོན་ཅིག་ཅེས་བྱ་བ་བྱེད་པ་དང་ལས་ལ་འཕངས་པ་ཅན་ཁོ་ན་བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་བླང་བའམ་བསྒྲུབ་པར་བྱ་བའམ། བསྒྲུབ་པར་བྱ་བ་མ་ཡིན་པར་གཞན་ཅུང་ཟད་གཅིག་ཡིན་པར་འདོད་ན་ནི་དེའི་ཚེ་འོན་ཅིག་ཅེས་བྱ་བ་ཡང་བརྗོད་པར་བྱ་བར་མི་འགྱུར་ཏེ། ཚིག་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱ་ལ་སོགས་པའི་ཚིག་ཐ་སྙད་དུ་འདོགས་པ་རྣམས་ལ་ཡང་རྣམ་པར་བཅད་པར་བྱ་བ་གང་ཞིག་ཡོད་པར་འགྱུར་ཏེ། གཞན་དུ་དོགས་པ་མེད་ན་སྦྱོར་བར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དངོས་འགལ་བཅད་པའི་ཆ་དེ་ཉིད་ལ། རྣམ་གཅོད་དང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་སྟེ་མིང་གི་རྣམ་གྲངས་བཞི་གསུངས་ཤིང་། དངོས་འགལ་བཅད་ནས་ཡུལ་དེར་སྣང་བའི་ཆ་ལ་སྤྱི་དང་། སྤྱི་མཚན་དང་། འདྲེས་པ་དང་། འབྲེལ་པ་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མ་གསུངས་སོ། །གསུམ་པ་ནི། དངོས་འགལ་རྣམ་པར་བཅད་པས་རྣམ་གཅོད་ཅེས་གསུངས་ཏེ། དེ་ཡི་དེ་དག་རྣམས་ལས་འདི། །མི་གཅོད་ན་ནི་དེ་ཇི་ལྟར། །གལ་ཏེ་འདི་ལ་རྣམ་གཅོད་ཡོད། །ཅེས་དང་། རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་དང་། རྣམ་གཅོད་བརྗོད་པར་བྱེད་པས་གྲུབ། །ཅེས་གསུངས་པའི་ཕྱིར། གཞན་དངོས་འགལ་སེལ་བས་ན་གཞན་སེལ་དང་། སེལ་བ་ཞེས་གསུངས་ཏེ། བསལ་བྱ་དངོས་སུ་སྨོས་པ་དང་། མ་སྨོས་པའི་ཁྱད་པར་རོ། །དེ་ལྟར་ཡང་དེ་ཕྱིར་གཞན་སེལ་ཡུལ་ཅན་གྱིས། །ཞེས་དང་། དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ཞེས་གསུངས་སོ། །དངོས་འགལ་ལས་ལྡོག་པས་ན་ལྡོག་པ་སྟེ། ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་སོགས་ལྡོག་པའི་ཐ་སྙད་མང་དུ་གསུངས་པའི་ཕྱིར་རོ། །གསལ་བ་རྣམས་ལ་རྗེས་སུ་འགྲོ་བས་ན་སྤྱི་དང་ཐུན་མོང་བའི་རང་བཞིན་ཡིན་པས་ན་སྤྱི་མཚན་ཏེ། སྤྱི་ཡི་དཔྱོད་ཡུལ་དུ་བརྟེན་ཏེ། །ཞེས་དང་། མདོ་ལས། མཚན་ཉིད་གཉིས་གཞལ་བྱ་ཞེས་གསུངས་པའི་ཕྱིར་རོ། །རྟོག་ངོར་འདྲེས་པ་ལྟ་བུ་སྣང་བས་འདྲེས་པ་དང་། གཞན་དགག་བྱ་བཅད་པ་ལ་ལྟོས་པ་ལྟ་བུར་སྣང་བས་འབྲེལ་པ་སྟེ། འདྲེས་པའི་དོན་གཅིག་གཅོད་པ་ན་ཞེས་དང་། འབྲེལ་བརྟག་ལས། དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཉིད་དུ་མེད། །ཅེས་གསུངས་པའི་ཕྱིར། བཞི་པ་ནི། ཤིང་དང་ཤིང་མིན་གྱི་གཞན་སེལ་གཉིས་པོ་མཚན་གཞིར་བྱས་ནས་སྔར་གྱི་དབྱེ་བ་ཐམས་ཅད་གཏན་ལ་དབབ་པར་བྱ་སྟེ། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བའི་སྒྲོ་བཏགས་དེ་ཆོས་ཅན། རྣམ་གཅོད་ཅེས་བརྗོད་དེ་ཤིང་མིན་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར་རོ། །འགྲེལ་པ་མཁན་པོ་དག་གིས་ལྡོག་པ་དང་། གཞན་སེལ་མཚན་ཉིད་པ་མེད་དགག་ཏུ་འདོད་པ་ནི་འདིས་འཁྲུལ་གཞི་བྱས་པར་སྣང་སྟེ། ཁོ་བོ་ནི་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཀྱི་དཀྱིལ་དུ་ཞུགས་ནས་གད་མོ་འཆོར་རོ། །ཡང་དེ་ཆོས་ཅན། གཞན་སེལ་དང་སེལ་བ་ཞེས་བྱ་སྟེ། དངོས་འགལ་སེལ་བ་ལ་ལྟོས་པའི་ཕྱིར། ལྡོག་པ་ཞེས་བརྗོད་དེ། དངོས་འགལ་ལས་ལྡོག་པར་སྣང་བའི་ཕྱིར། སྤྱི་དང་སྤྱི་མཚན་ཞེས་བརྗོད་དེ། ཤིང་གསལ་རྣམས་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པར་སྣང་བའི་ཕྱིར། འདྲེས་པ་དང་འབྲེལ་པ་ཞེས་བརྗོད་དེ། ཤིང་གསལ་རྣམས་ཤིང་གི་དོན་གཅིག་ཏུ་སྣང་བའི་ཕྱིར། ཡོད་པ་གཞན་སེལ་དང་། དངོས་པོའི་གཞན་སེལ་ཞེས་བརྗོད་དེ། ཤིང་གི་དོན་བྱེད་མི་ནུས་པ་བཅད་ནས་ཤིང་གི་དངོས་པོར་སྣང་བའི་ཕྱིར། སྒྲའི་གཞན་སེལ་དང་། བློའི་གཞན་སེལ་ཞེས་བརྗོད་དེ། ཤིང་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་དང་། ཤིང་འཛིན་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟོག་པ་དེ་ཉིད་ཤིང་འཛིན་མངོན་སུམ་གྱིས་དྲངས་པ་ཡིན་ན། གཞན་སེལ་དེ་མངོན་གྱུར་ལ་ངེས་པའི་གཞན་སེལ་དང་། གཞན་དུ་ན་ལྐོག་གྱུར་ལ་ངེས་པའི་གཞན་སེལ་ཏེ། འདི་ལ་ཡང་ཤ་པའི་རྟགས་ལས་ཤ་པ་དང་ལྡན་པའི་གཞིར་ཤིང་རྟོགས་པའི་ཚེ་སྔར་གྱི་གཞན་སེལ་དེ་ཉིད་བདེན་པ་ལ་འཇུག་པ་རྗེས་དཔག་གི་གཞན་སེལ་དང་། ཤིང་མེད་པ་ལ་ཡོད་པར་འཛིན་པའི་ཚེ་མི་བདེན་པ་ལ་འཇུག་པ་ལོག་པའི་གཞན་སེལ་དང་། ཤིང་ཡོད་མེད་ཐེ་ཚོམ་ཟ་བའི་ཚེ། གཉིས་ཀར་དུ་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དུ་འགྱུར་རོ། །ཡང་དེ་ཆོས་ཅན། མ་ཡིན་དགག་གི་གཞན་སེལ་ཞེས་བརྗོད་དེ། མཚན་ཉིད་དེའི་ཕྱིར། ཤིང་མིན་འཛིན་པའི་རྟོག་པ་ལ་ཤིང་མིན་དུ་སྣང་བའི་སྒྲོ་བཏགས་དེ་ཆོས་ཅན། རྣམ་གཅོད་ཅེས་བརྗོད་དེ། དགག་བྱ་ཤིང་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར། དེ་བཞིན་དུ་གཞན་སེལ་དང་། སེལ་བ་དང་། ལྡོག་པ་གསུམ་པོ་ལ་ཡང་སྦྱར་བར་ཤེས་པར་བྱའོ། །སྤྱི་ལ་སོགས་པ་བཞི་པོ་ཡང་ཤིང་མིན་ཐམས་ཅད་ལ་རྗེས་འགྲོ་བྱེད་པ་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཡང་དེ་ཆོས་ཅན། མེད་པ་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་ཞེས་བརྗོད་དེ། ཤིང་གི་དོན་བྱེད་ནུས་པ་རྣམ་པར་བཅད་ནས་ཤིང་གི་དངོས་པོ་མེད་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར། དེ་ལ་ཡང་གཉིས་ཡོད་པ་ལས། དགག་བྱ་ཤེས་བྱ་ལ་སྲིད་པཾའི་མེད་པ་གཞན་སེལ་ཡིན་ཏེ། འདིའི་དགག་བྱ་ཤིང་ཡོད་པའི་ཕྱིར། མེད་དགག་གི་གཞན་སེལ་ཞེས་ཀྱང་བརྗོད་དེ། དགག་བྱ་བསྒྲུབ་པར་བཅད་ནས་དགག་པའི་རྣམ་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་རྟོག་པ་ཡུལ་ལ་འཇུག་པའི་ཚེ་གཞན་སེལ་གྱི་རྣམ་གཞག་གིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཚུལ་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ལ། མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་ནི། དེ་ཕྱིར་གཞན་སེལ་ཡུལ་ཅན་གྱིས། །ཞེས་དང་། རྣམ་གཅོད་བརྗོད་པར་བྱེད་པས་གྲུབ། །ཅེས་པས་སེལ་འཇུག་བསྟན་པ་ཡིན་པས་རིགས་མི་མཐུན་རྣམ་པར་བཅད་པའི་སྒོ་ནས་འཇུག་པའི་ཡུལ་ཅན་དེ། སེལ་འཇུག་གི་མཚན་ཉིད་ཡིན་ཏེ། རིགས་གཏེར་ལས། དངོས་འགལ་བཅད་ནས་འཇུག་པ་ནི། །གཞན་སེལ་ཡུལ་ཅན་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར། དེ་ལ་འཛིན་པ་རང་དབང་ཅན། །ཞེས་པས་སྒྲུབ་འཇུག་བསྟན་པ་ཡིན་པས་རིགས་མི་མཐུན་རྣམ་པར་བཅད་པ་ལ་མི་ལྟོས་པར་སྣང་བ་ཙམ་གྱི་སྒོ་ནས་འཇུག་པའི་ཡུལ་ཅན་དེ་སྒྲུབ་འཇུག་གི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། སེལ་འཇུག་ལ་ངོ་བོའི་སྒོ་ནས་དབྱེ་ན། སྒྲ་རྟོག་གཉིས། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་སེལ་འཇུག་ཕྱིན་ཅི་ལོག་པ་དང་། མ་ལོག་པ་གཉིས། དང་པོ་ནི། སྒྲ་རྟོག་དོན་མི་མཐུན་དང་། གཉིས་པ་ནི། སྒྲ་རྟོག་དོན་མཐུན་རྣམས་ཡིན་ནོ། །སྒྲུབ་འཇུག་ལ་དབྱེ་ན་འཁྲུལ་པ་དང་། མ་འཁྲུལ་པ་གཉིས། དང་པོ་ནི། རྟོག་མེད་ལོག་ཤེས་རྣམས་ཡིན་ནོ། །གཉིས་པ་ནི། མངོན་སུམ་རྣམས་ཡིན་ནོ། །སྣང་བ་དང་སེལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པ་བཤད་ཟིན་ཏོ།།  ༈  །།གསུམ་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རང་མཚན་ཁོ་ན་བརྗོད་བྱ་ཡིན་པ་དགག སྤྱི་ཁོ་ན་བརྗོད་བྱ་ཡིན་དགག་པའོ། །དང་པོ་ལ་གཉིས་ཏེ། དོན་རང་མཚན་བརྗོད་བྱ་ཡིན་པ་དགག ཤེས་པ་རང་མཚན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ནི། མུ་སྟེགས་བརྡ་སྤྲོད་པ་དང་། རང་སྡེ་གནས་མ་བུའི་སྡེ་པ་ན་རེ། བུམ་པ་རང་མཚན་པ་དེ་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། བུམ་པ་འོན་ཅིག་ཅེས་བརྗོད་པ་ན་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ལེན་པ་ལ་འཇུག་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། རང་མཚན་ལ་བརྡ་དངོས་སུ་སྦྱར་ན་བརྡ་མི་རྒན་པོས་རང་མཚན་རེ་རེ་བཞིན་དུ་བརྡ་སྦྱར་དགོས་པ་ལས་དེ་མི་ནུས་པའི་ཕྱིར་ཏེ། རང་མཚན་ཡུལ་དུས་རྣམ་པ་སོ་སོར་ངེས་པ་ནི་མཐའ་ཡས་པའི་ཕྱིར་རོ། །གཞན་ཡང་བརྡ་དུས་ཀྱི་བརྡའི་དངོས་ཡུལ་དེ་ཐ་སྙད་ཀྱི་དུས་ན་མེད་པར་ཐལ། རང་མཚན་ལ་བརྡ་དངོས་སུ་སྦྱར་བ་གང་ཞིག བརྡ་དུས་ཀྱི་རང་མཚན་དེ་ཐ་སྙད་ཀྱི་དུས་ན་མེད་པའི་ཕྱིར། འདོད་ན། བརྡ་དུས་སུ་བུམ་པ་ཞེས་པའི་བརྡ་དངོས་སུ་སྦྱར་བས་ཐ་སྙད་ཀྱིས་དུས་སུ་བུམ་པ་གོ་བར་མི་འགྱུར་བར་ཐལ་ལོ། །གཞན་ཡང་བུམ་པ་འདས་པ་དང་མ་འོངས་པ་དེ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་བརྡ་དངོས་སུ་སྦྱོར་བ་དེ་མེད་པར་ཐལ། ཁྱོད་བུམ་པ་རང་མཚན་པ་མེད་པའི་ཕྱིར། གཞན་ཡང་བུམ་པ་ཞེས་པའི་སྒྲ་ལ་བརྟེན་ནས་བུམ་པ་རང་མཚན་གསལ་བར་སྣང་བའི་ཤེས་པ་སྐྱེ་བ་ཡིན་པར་ཐལ། བུམ་པ་རང་མཚན་པ་དེ་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཐོས་པའི་ཉན་ཤེས་མངོན་སུམ་ལ་ཡང་བུམ་པ་རང་མཚན་གསལ་བར་མི་སྣང་། རྗེས་ཀྱི་ངེས་ཤེས་ལ་ཡང་དེ་གསལ་བར་མི་སྣང་བའི་ཕྱིར། གཉིས་པ་ནི། ཁ་ཅིག ཤེས་པ་རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་ཡང་མི་འཐད་དེ། རིགས་པ་སྔ་མ་ཐམས་ཅད་ཀྱིས་གནོད་པའི་ཕྱིར་རོ། །གཉིས་པ་སྤྱི་ཁོ་ན་བརྗོད་བྱར་ཡིན་པ་དགག་པ་ལ་གཉིས་ཏེ། རིགས་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པ་དང་། སྒྲ་དོན་གྱི་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། དོན་རང་མཚན་དང་། ཤེས་པ་རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། ཇི་སྐད་དུ་བཤད་པའི་རིགས་པས་གནོད་ཀྱང་གསལ་བ་རྣམས་དང་རྫས་གཞན་པའི་རིགས་སྤྱི་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། དེ་གསལ་བ་རྣམས་ལ་སྒྲ་བློ་གཅིག་ཏུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། བ་གསལ་རྣམས་དང་རྫས་གཞན་པའི་བ་སྤྱི་ཆོས་ཅན། ཁྱོད་ལ་བ་ལང་ཞེས་པའི་བརྡ་སྦྱར་བ་ལ་དོན་མེད་པར་ཐལ། ཁྱོད་ལ་དེ་ལྟར་དུ་སྦྱར་བས་ཐ་སྙད་ཀྱི་དུས་སུ་བ་ལང་གོ་བར་མི་འགྱུར་ཏེ། དཔེར་ན་བུམ་པ་ལ་བརྡ་སྦྱར་བས་བ་ལང་མི་གོ་བ་བཞིན་ནོ། །གལ་ཏེ་སྐྱོན་མེད་དེ། སྤྱི་རྫས་གཞན་པ་དང་འབྲེལ་པའི་རང་མཚན་ལ་བརྡ་སྦྱར་བའི་ཕྱིར་རོ་ཞེ་ན། འོ་ན་སྤྱི་རྫས་གཞན་པ་དོར་བའི་རང་མཚན་ལ་བརྡ་ཅིའི་ཕྱིར་མི་སྦྱོར་ཞེས་དྲིས་པས་དེ་མཐའ་ཡས་པའི་ཕྱིར་ཞེ་ན། འོ་ན་སྤྱི་རྫས་གཞན་པ་དང་འབྲེལ་བའི་རང་མཚན་ལ་ཡང་བརྡ་མི་སྦྱོར་བར་ཐལ། དེ་མཐའ་ཡས་པར་མཚུངས་པའི་ཕྱིར། གཉིས་པ་ལ་བོད་ཁ་ཅིག་ན་རེ། དོན་རང་མཚན་དང་། ཤེས་པ་རང་མཚན་དང་། དོན་ལ་ཡོད་པའི་སྤྱི་ཁོ་ན་བརྗོད་བྱ་ཡིན་ན། མུ་སྟེགས་བྱེད་ལ་བཀོད་པའི་སྐྱོན་ཡོད་ཀྱང་རྟོག་པ་ལ་སྣང་བའི་དོན་སྤྱི་ཁོ་ན་དངོས་ཀྱི་བརྗོད་བྱ་ཡིན་པས་སྐྱོན་མེད་དོ། །ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། དོན་བུམ་པ་དང་བུམ་པ་ཞེས་པའི་སྒྲ་དང་། བུམ་འཛིན་ཤེས་པ་ལས་རྫས་གཞན་པའི་བུམ་པར་སྣང་བའི་མིང་གི་རྣམ་པ་ཅན་དང་། ལྟོ་ལྡིར་བར་སྣང་བའི་མཚན་མའི་རྣམ་པ་ཅན་གྱི་བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་དེ་ཁོ་ན་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ནོ། །ཞེས་ཟེར་རོ། །མི་འཐད་དེ་བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་དེ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་བརྡ་སྦྱར་བ་དོན་མེད་པར་ཐལ། ཁྱོད་ལ་དེ་ལྟར་དུ་བརྡ་སྦྱར་བས་བུམ་པ་གོ་བར་མི་འགྱུར་བའི་ཕྱིར་ཏེ། དཔེར་ན་བུམ་པ་ལ་བརྡ་སྦྱར་བས་བ་ལང་གོ་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྐྱོན་མེད་དེ། དེ་དང་བུམ་པ་གཉིས་པོ་ལྟོ་ལྡིར་བའི་རྣམ་པ་འདྲ་བས་དེ་གཉིས་གཅིག་ཏུ་འཁྲུལ་ནས་བུམ་པ་ལ་འཇུག་པའི་ཕྱིར་ཞེ་ན། འོ་ན་བུམ་པ་ཞེས་པའི་བརྡ་ལ་བརྟེན་ནས་བུམ་པ་ལ་འཇུག་པར་བྱེད་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཡུལ་དུས་ཀུན་ཏུ་བུམ་པའི་མིང་མཚན་དེ་བུམ་པར་འཁྲུལ་པ་མ་ཡིན་པར་ཡུལ་དུས་འགའ་ཞིག་ཏུ་བུམ་པ་དེ་ཡང་བུམ་པའི་མིང་མཚན་དུ་འཁྲུལ་པ་ཡིན་པར་ཐལ། ཁྱོད་དེ་གཉིས་འདྲ་བའི་རྒྱུ་མཚན་གྱིས་གཅིག་ཏུ་འཁྲུལ་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་གྱུར་ན་དུས་ཀུན་དང་། །ཡུལ་ལ་འཁྲུལ་མིན། ཞེས་གསུངས་པས་སོ། །འདི་ལ་ཡུལ་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་པ་མ་ཡིན་ཏེ། ཡུལ་འགའ་ཞིག་ཏུ་དེ་གཉིས་སོ་སོར་ཤེས་པ་སྲིད་པའི་ཕྱིར། དུས་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་པ་མ་ཡིན་པའི་སྒྲུབ་བྱེད་སྔ་མ་བཞིན་སྦྱར་བ་རིགས་གཏེར་རང་འགྲེལ་གྱི་དགོངས་པར་སྣང་ངོ་། །གཉིས་པ་རང་ལུགས་བཞག་པ་ལ། མཚན་ཉིད། དབྱེ་བ། དེའི་དོན་ངེས་པར་བྱ་བ་དང་གསུམ་ལས། དང་པོ་ནི། བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་རིམ་བཞིན། བརྡ་ལས་གོ་བར་བྱ་བ་དང་། དོན་གོ་བར་བྱེད་པའི་བརྡའོ། །གཉིས་པ་ལ་གཉིས་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་ཐུན་མོང་གི་དབྱེ་བ། རྗོད་བྱེད་ཀྱི་ཐུན་མོང་མ་ཡིན་པའི་དབྱེ་བའོ། །དང་པོ་ནི། བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་པ་ལྟ་བུ་ལ་མཚོན་ན། འཆད་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས། འཇུག་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ལས། འཆད་དུས་ཀྱི་བརྗོད་བྱ་རྗོད་བྱེད་ལ་དངོས་ཀྱི་བརྗོད་བྱ་རྗོད་བྱེད་དང་། ཞེན་པའི་བརྗོད་བྱ་རྗོད་བྱེད་གཉིས། དངོས་ཀྱི་བརྗོད་བྱ་ནི་བུམ་པའི་དོན་སྤྱི་ལྟ་བུའོ། །དངོས་ཀྱི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་སྤྱི་ལྟ་བུའོ། །ཞེན་པའི་བརྗོད་བྱ་ནི་བུམ་པ་རང་མཚན་ལྟ་བུ་དང་། ཞེན་པའི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་རང་མཚན་པ་ལྟ་བུའོ། །དེང་སང་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ཙམ་ཞིག་རིགས་གཏེར་ལ་ཞེ་སྨོན་བྱེད་པ་རྣམས་ཀྱི་བློ་ལ་སྣང་ན་ཡང་། དངོས་ཀྱི་རྗོད་བྱེད་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ད་དུང་བློ་ལ་མི་ཤོང་བར་སྣང་ངོ་། །བདག་ཉིད་ཆེན་པོའི་དགོངས་པ་ལ་ཁྱད་པར་མེད་དེ། སྒྲ་ཐོས་པའི་ཉན་ཤེས་ཀྱི་རྗེས་སུ་བྱུང་བའི་རྟོག་པ་ལ་སྒྲ་འདིས་དོན་འདི་བརྗོད་པར་འདུག་གོ་སྙམ་པའི་རྗོད་བྱེད་དུ་སྣང་བ་ལ་དངོས་ཀྱི་རྗོད་བྱེད་དང་། བརྗོད་བྱར་སྣང་བ་ལ་དངོས་ཀྱི་བརྗོད་བྱར་འཇོག་པའི་ཕྱིར་རོ། །འཇུག་དུས་ཀྱི་བརྗོད་བྱ་ལ་དངོས་དང་ཞེན་པ་གཉིས་སུ་ཕྱེ་བ་མེད་དེ། འཇུག་པའི་ཚེ། རྟོག་པའི་དངོས་ཡུལ་དང་དོན་རང་མཚན་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །འཇུག་དུས་ཀྱི་རྗོད་བྱེད་ལ་གཉིས་སུ་ཕྱེ་བ་མེད་དེ། དེའི་ཚེ་རྟོག་པ་ལ་སྣང་བའི་སྒྲ་སྤྱི་དང་། ཉན་ཤེས་ལ་སྣང་བའི་སྒྲ་རང་མཚན་པ་གཉིས་པོ་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ངོ་བོའི་སྒོ་ནས་དབྱེ་བ། ཡུལ་གྱི་སྒོ་ནས་དབྱེ་བ། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཡང་བཞི་སྟེ། ཡི་གེ མིང་། ཚིག ངག་གོ །དང་པོ་ལ། མཚན་ཉིད་ནི། རང་གི་ངོ་བོའི་སྒོ་ནས་བརྗོད་དོན་མི་སྟོན་པར་བརྗོད་དོན་སྟོན་པའི་མིང་ཚིག་གཉིས་ཀྱི་གཞིར་གྱུར་པའི་སྒྲའི་སྐད་ཅིག་དུ་མ་ཚོགས་པའི་བཏགས་ཡོད། དབྱེ་བ་ལ། འཕགས་ཡུལ་པ་ལྟར་ན་དབྱངས་ཡིག་བཅུ་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་སོ་བདུན་ཡོད་དེ། ཤཱནྟི་པས། འདིར་ནི་དབྱངས་ཡིག་བཅུ་བཞི་སྟེ། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །ཞེས་གསུངས་སོ། །བོད་ཡུལ་བ་ལྟར་ན་དབྱངས་ཡིག་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ཡོད་དོ། །དང་པོ་ནི། ཨི་དང་། ཨུ་དང་། ཨེ་དང་། ཨོ་དང་བཞིའོ། །གཉིས་པ་ནི། ཀ་ནས་ཨའི་བར་སུམ་ཅུའོ། །མིང་ལ་མཚན་ཉིད་ནི། ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །དབྱེ་བ་ལ་དངོས་མིང་དང་བཏགས་མིང་གཉིས་ལས། མཚན་ཉིད་རིམ་བཞིན། དོན་དེ་ལ་འདོད་རྒྱལ་བས་ཐོག་མར་བརྡ་སྦྱར་ཞིང་ཐ་སྙད་ཀྱི་དུས་སུ་དོན་དེ་འཁྲུལ་མེད་དུ་གོ་ནུས་ཀྱི་མིང་དང་། དངོས་མིང་དུ་འཇུག་པའི་གཞི་དང་དོན་དེ་འདྲ་འབྲེལ་གང་རུང་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཕྱིས་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མིང་ངོ་། །དེ་ལྟར་ཡང་། ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །ཞེས་གསུངས་སོ། །དངོས་མིང་ལ་དབྱེ་ན་བཤད་པ་རྒྱུ་མཚན་ཅན་གྱི་དངོས་མིང་དང་འཇུག་པ་རྒྱུ་མཚན་ཅན་གྱི་དངོས་མིང་གཉིས་ལས། དང་པོ་ནི། ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུ་དང་། གཉིས་པ་ནི། བུམ་པ་ཞེས་པ་ལྟ་བུའོ། །བཏགས་མིང་ལ་དབྱེ་ན། འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ནི། གང་ཟག་འགའ་ཞིག་ལ་སེངྒེ་ཞེས་པ་དང་། སྨན་འགའ་ཞིག་ལ་བྱ་རོག་རྐང་ཞེས་པ་ལྟ་བུའོ། །གཉིས་པ་ལ། བདག་གཅིག་འབྲེལ་པ་རྒྱུ་མཚན་དུ་བྱས་པ་དང་། དེ་བྱུང་འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ལ། སྤྱི་མིང་བྱེ་བྲག་ལ་བཏགས་པ་དང་། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་དང་། ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་དང་། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་དང་བཞི་ལས། དང་པོ་ནི། མིག་ཤེས་ཀྱི་ཡུལ་ལ་གཟུགས་སུ་བཏགས་པ་ལྟ་བུའོ། །གཉིས་པ་ནི། རྐྱེན་གསུམ་ལས་སྐྱེས་པའི་ཤེས་པ་ལ་དབང་ཤེས་སུ་བཏགས་པ་ལྟ་བུའོ། །གསུམ་པ་ནི། ཡི་གེའི་ཆ་ཤས་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པ་ལ་ཡི་གེ་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པར་བཏགས་པ་དང་། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །བཞི་པ་ནི། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་ལྟ་བུའོ། །གཉིས་པ་ལ། རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་བུའི་མིང་རྒྱུ་ལ་བཏགས་པ་གཉིས། དང་པོ་ནི། ཉི་མའི་འོད་ཟེར་ལ་ཉི་མར་བཏགས་པ་དང་། གཉིས་པ་ནི། བསྒྲུབ་ངག་ཡང་དག་ལ་རྗེས་དཔག་ཏུ་བཏགས་པ་ལྟ་བུའོ། །ཡང་མིང་ལ་དབྱེ་ན། བཤད་པ་རྒྱུ་མཚན་ཅན་གྱི་མིང་དང་། འཇུག་པ་རྒྱུ་མཚན་ཅན་གྱི་མིང་གཉིས། དང་པོ་ནི། སངས་རྒྱས་ཞེས་པ་དང་། གཉིས་པ་ནི། ཤིང་ཞེས་པ་ལྟ་བུའོ། །འདི་གཉིས་མཚོ་སྐྱེས་ཞེས་པའི་མིང་ལྟ་བུ་ལ་མཚོན་ན་བཤད་འཇུག་གཉིས་ཀ་ཡོད་པ། དེ་གཉིས་ཀ་མེད་པ། བཤད་དུ་ཡོད་ལ་འཇུག་ཏུ་མེད་པ། འཇུག་ཏུ་ཡོད་ལ་བཤད་དུ་མེད་པའི་མུ་དང་བཞི་ལས། དང་པོ་ནི། མཚོ་ལས་སྐྱེས་པའི་པདྨོ་ལྟ་བུའོ། །གཉིས་པ་ནི། རྡོ་བ་ལྟ་བུའོ། །གསུམ་པ་ནི། མཚོ་ལས་སྐྱེས་པའི་སྦལ་པ་ལྟ་བུའོ། །བཞི་པ་ནི། སྐམ་ལས་སྐྱེས་པའི་པདྨ་ལྟ་བུའོ། །འདི་གཉིས་དངོས་མིང་དང་། བཏགས་མིང་གང་ཡིན་ཞེ་ན། བཤད་པ་རྒྱུ་མཚན་ཅན་གྱི་མིང་ལ་ནི་གཉིས་ཀ་ཡོད་ཅིང་། ཕྱི་མ་ནི་དངོས་མིང་ཁོ་ན་ཡིན་པར་མངོན་ནོ། །ཚིག་གི་མཚན་ཉིད། མིང་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །ངག་ཚིག་གཉིས་ཀྱི་ཟླས་ཕྱེ་བའི་ངག་གི་མཚན་ཉིད། ཚིག་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་དེ་ཡང་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །ཡང་མིང་ཚིག་ངག་གསུམ་ཀ་ལ་དབྱེ་ན། དང་པོ་ངོ་བོ་བརྗོད་པ། གཉིས་པ་བྱ་བ། གསུམ་པ་བྱེད་པ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་བ། བདུན་པ་གནས་གཞི། བརྒྱད་པ་བོད་པ་བརྗོད་པ་སྟེ་བརྒྱད་དོ། །དང་པོ་ནི་ཤིང་ཞེས་པ་ལྟ་བུའོ། །གཉིས་པ་ནི་ཤིང་ལ་བྱ་བ་བ་ཅེས་པ་ལྟ་བུའོ། །གསུམ་པ་ནི་ཤིང་གིས་མེ་བུས་ཞེས་པ་ལྟ་བུའོ། །བཞི་པ་ནི་ཤིང་ལ་ཆུ་དྲོངས་ཞེས་པ་ལྟ་བུའོ། །ལྔ་པ་ནི་ཤིང་ལས་འབྲས་བུ་འབྱུང་ཞེས་པ་ལྟ་བུའོ། །དྲུག་པ་ནི་ཤིང་གི་ཡལ་ག་ཞེས་པ་ལྟ་བུའོ། །བདུན་པ་ནི་ཤིང་སྟེང་ན་བྱ་ཚང་གནས་ཞེས་པ་ལྟ་བུའོ། །བརྒྱད་པ་ནི། ཀྱེ་ཤིང་ཁྱེར་ཤོག་ཅེས་པ་ལྟ་བུའོ། །དེ་དག་ལ་སྒྲ་རང་མཚན་པ་དང་། སྒྲ་སྤྱི་གཉིས་གཉིས་ལས། དང་པོ་ནི། ཞེན་པའི་རྗོད་བྱེད། གཉིས་པ་ནི། དངོས་ཀྱི་རྗོད་བྱེད་དེ། མིང་ཚིག་ངག་གསུམ་ཅི་རིགས་པའི་ཁོངས་སུ་འདུས་སོ། །གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ། རིགས་དང་ཚོགས་པ་བརྗོད་པའི་སྒྲའོ། །དང་པོ་ནི། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་མི་སྤོང་བར་ཁྱད་གཞི་དེ་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་སྤངས་ནས་ཁྱད་གཞི་དེའི་ཁྱད་ཆོས་འགའ་ཞིག་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད་ཡིན་ཏེ། ཁྱད་པར་གཞན་ནི་སྤོང་བ་དང་། །ཞེས་སོགས་དང་། ལ་ལར་སོར་མོའི་ལྡན་པ་ཞེས། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རིགས་བརྗོད་ཀྱི་སྒྲ་དང་། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་རིམ་བཞིན། རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་རིགས་སྤྱི་དངོས་སུ་གོ་བར་བྱེད་པའི་སྒྲ་དང་། རྡུལ་རྫས་དུ་མ་ཚོགས་པའི་ཚོགས་སྤྱི་དངོས་སུ་གོ་བར་བྱེད་པའི་སྒྲ་སྟེ། ཤིང་ཞེས་པའི་སྒྲ་དང་། བུམ་པ་ཞེས་པའི་སྒྲ་ལྟ་བུའོ། །ཤིང་ཞེས་པའི་སྒྲ་རིགས་བརྗོད་ཀྱི་སྒྲ་ཡིན་ཀྱང་ཤིང་རིགས་སྤྱིར་ཁས་ལེན་ནི་མི་དགོས་ཏེ། དེའི་དངོས་ཀྱི་བརྗོད་བྱ་རིགས་སྤྱིར་འཇོག་པའི་ཕྱིར་རོ། །སྤྱི་དོན་དུ་བྲིས་པ་ནི། འུ་ཡུག་པའི་ལུགས་བྲིས་ཤིང་གཞན་ལུགས་འགོག་པའང་དེའི་དབང་དུ་བྱས་པས་འདི་དང་འགལ་བར་མི་སེམས་སོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད། གཞན་ལྡན་རྣམ་གཅོད། མི་སྲིད་རྣམ་གཅོད་ཀྱི་ངག་གསུམ་ལས། འདི་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རིམ་པ་བཞིན་རང་གི་ཞེན་པའི་བརྗོད་བྱ་དེ་བློ་ཡུལ་དུ་མི་འཆར་བར་རྣམ་པར་བཅད་ནས་འཆར་བར་སྟོན་པའི་ངག་དང་། རང་གི་ཞེན་པའི་བརྗོད་བྱ་ལས་ཞེན་པ་བློ་ཡུལ་དུ་འཆར་བར་རྣམ་པར་བཅད་ནས་དེ་ཁོ་ན་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་དང་། རང་གི་ཞེན་པའི་བརྗོད་བྱ་དེ་མི་སྲིད་པ་རྣམ་པར་བཅད་ནས་དེ་སྲིད་པར་སྟོན་པའི་ངག་གོ །གཉིས་པ་ལ། ངེས་གཟུང་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་དང་། ངེས་གཟུང་མ་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་ལས། དང་པོ་ནི། རིམ་པ་བཞིན། སྒྲ་བྱས་པ་ཁོ་ན་ཡིན་ཞེས་དང་། སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་པ་ཁོ་ན་ཡིན་ཞེས་པའི་ངག་བཞིན་ནོ། །གཉིས་པ་ལ། ཁྱད་གཞི་རྐྱང་པའི་རྣམ་གཅོད་ཀྱི་ངག་གསུམ་དང་། ཁྱད་གཞི་དང་ཁྱད་ཆོས་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་ལས། དང་པོ་ནི། བུམ་པ་ཞེས་པའི་ངག་གཅིག་ལ་གསུམ་ཆར་ཚང་ངོ་། །ཕྱི་མ་ནི། ནག་པ་འཕོང་སྐྱེན་མི་སྐྱེན་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་པའི་ངག་དང་། ནག་པ་དང་སྲིད་སྒྲུབ་གཉིས་གང་འཕོང་སྐྱེན་དྲིས་པའི་ཚེ་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་ངག་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་མི་སྲིད་དྲིས་པའི་ཚེ་མཚོ་སྐྱེས་ལ་སྔོན་པོ་སྲིད་ཅེས་པའི་ངག་ལྟ་བུའོ། །གསུམ་པ་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་པར་བསྟན་པ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། གཞི་མེད་ལ་བརྡ་སྦྱར་བས་རང་མཚན་ཐོབ་པའི་འཐད་པའོ། །དང་པོ་ནི། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་དེ། ཤེས་བྱ་ཐམས་ཅད་དོན་རང་མཚན་དང་། ཤེས་པ་རང་མཚན་དང་། དོན་སྤྱི་དང་། སྒྲ་སྤྱི་དང་བཞིར་འདུས་པ་ལས། དང་པོ་གཉིས་ནི་དངོས་ཀྱི་བརྗོད་བྱ་མ་ཡིན་ཞིང་། ཕྱི་མ་གཉིས་པོ་དངོས་པོར་མེད་པའི་ཕྱིར། གཉིས་པ་ནི། དོན་ལ་ཕྱི་རོལ་དོན་དུ་མེད་ཀྱང་རྟོག་པས་ཕྱི་རོལ་དོན་དུ་འཁྲུལ་པ་ལ་བརྡ་སྦྱོར་བར་བྱེད་པ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པ་ལ་བུམ་པ་ཞེས་པའི་སྒྲ་ལས་བུམ་པར་སྣང་བའི་རྣམ་པ་སྐྱེ་ཞིང་རྣམ་པ་དེ་བུམ་པར་མེད་ཀྱང་བུམ་པར་འཁྲུལ་ནས་འདི་ནི་བུམ་པའོ་ཞེས་བརྡ་སྦྱོར་བར་བྱེད་པའི་ཕྱིར་རོ། །གནད་འདི་མ་ཟིན་པར་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ལ་སྔར་བཤད་པ་ལྟར་གྱི་བརྗོད་བྱ་ངོས་འཛིན་ཚུལ་དུ་མ་བྱུང་ཞིང་དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱི་རིགས་པ་ཤིན་ཏུ་ཞིབ་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་ནི། སྣང་བརྟག་གཅིག་ཏུ་འཁྲུལ་པ་ལ་བརྡ་སྦྱར་བས་རང་མཚན་ཐོབ་པར་འགྱུར་ཏེ། བརྡ་དུས་སུ་ཡང་སྣང་བརྟག་གཅིག་ཏུ་འཁྲུལ་ནས་བརྡ་སྦྱོར། ཐ་སྙད་ཀྱི་དུས་སུ་ཡང་སྣང་བརྟགས་གཅིག་ཏུ་འཁྲུལ་ནས་འཇུག་པར་འགྱུར་བས་གང་རུང་གཅིག་ཐོབ་པ་གང་ཞིག སྒྲོ་བཏགས་ལ་ཐོབ་རྒྱུ་མེད་པའི་ཕྱིར་རོ། །གནད་འདི་ཡང་། འཇམ་དབྱངས་བླ་མའི་ཞལ་སྔ་ནས། ཆོས་གཉིས་གཅིག་པ་མི་སྲིད་ཅིང་། །ལྡོག་ལ་ངོ་བོ་མ་གྲུབ་པས། །ལྡོག་པ་བརྗོད་པ་ཉིད་ཀྱིས་ནི། །ལོག་པའི་དངོས་པོ་གྲུབ་པར་གསུངས། །ཞེས་གསུངས་པས་སྐལ་བ་དང་ལྡན་ན་མི་གོ་བའི་དོན་མེད་དོ། །གསུམ་པ་རྩོད་པ་སྤོང་བ་ལ། དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤོང་བ་སོགས་ལྔ་གསུངས་པ་ནི་རིགས་པའི་གཏེར་གྱི་གཞུང་དོན་གྱི་སྐབས་སུ་ཤེས་པར་འགྱུར་རོ། །བརྗོད་བྱ་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པ་བཤད་ཟིན་ཏོ།།  ༈  །།བཞི་པ་འབྲེལ་པ་དང་འགལ་བའི་རྟོགས་ཚུལ་ལ་གཉིས་ཏེ། འབྲེལ་པའི་རྣམ་གཞག་དང་། འགལ་བའི་རྣམ་གཞག་གོ །དང་པོ་ལ་གསུམ་སྟེ། དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ་སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས་ལས། དང་པོ་ནི། དོན་ལ་འབྲེལ་པ་མེད་དེ། དངོས་པོ་ལ་ཡང་དོན་ལ་འབྲེལ་པ་མ་གྲུབ། དངོས་མེད་ལ་ཡང་དོན་ལ་འབྲེལ་པ་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་ལ་རང་གཞན་གཉིས་སུ་ཁ་ཚོན་ཆོད་ཅིང་རང་ནི་གཞན་ལ་མ་འདྲེས་པར་གནས། གཞན་ནི་རང་ལ་མ་འདྲེས་པར་གནས་པའི་བར་ན་ཕུང་གསུམ་མེད་པའི་ཕྱིར་རོ། །དེ་ན་དངོས་པོ་རང་མཚན་རྣམས་ལ་དོན་ལ་འབྲེལ་པ་མེད་དེ། གྲངས་ཅན་འདོད་པ་ལྟར་གྱི་དུ་མ་རང་བཞིན་གཅིག་ཏུ་འདྲེས་པ་ནི་མི་སྲིད་ལ་གསལ་བ་རང་མཚན་གཅིག་ཉིད་རང་ཉིད་རང་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། །ཅེས་གསུངས་པའི་ཕྱིར། བོད་ཁ་ཅིག དངོས་མེད་ལ་དངོས་འབྲེལ་གྲུབ་སྟེ། གཞན་དུ་ན་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་བསྒྲུབ་ཆོས་དངོས་པོར་མེད་པས་དངོས་འབྲེལ་མི་སྲིད། དགག་ཆོས་དོན་ལ་མེད་པས་ལྡོག་འབྲེལ་ཡང་མི་སྲིད་ན། འབྲེལ་པ་གཏན་མེད་ཀྱི་གཏན་ཚིགས་ཡང་དག་ཡོད་པར་འགྱུར་རོ། །དེས་ན་དངོས་མེད་ལ་དངོས་འབྲེལ་ཡོད་ཀྱང་དེ་ངེས་མི་ནུས་པས་ལྡོག་འབྲེལ་ལ་བརྟེན་ནས་ངེས་པར་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །འདི་ནི་མི་འཐད་དེ། དངོས་མེད་ལ་བདག་ཉིད་གཅིག་པའི་དངོས་འབྲེལ་ཡོད་ན་རང་བཞིན་གྱི་དངོས་པོར་འགྱུར་ཞིང་། དེ་ལས་བྱུང་བའི་དངོས་འབྲེལ་ཡོད་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །ཡང་དངོས་པོ་དང་དངོས་མེད་གཉིས་ཀ་ལ་འབྲེལ་པའི་མཚན་ཉིད་དོན་དམ་པར་མ་གྲུབ་སྟེ། འབྲེལ་པའི་མཚན་ཉིད་ནི་ཆོས་གང་ཞིག ཆོས་གཞན་མི་འདོར་བ་ཡིན་ལ། དངོས་པོ་རྣམས་ནི་ཕན་ཚུལ་འདྲེ་བ་མེད་པས་དོན་དམ་པར་ཆོས་གཞན་མི་འདོར་བ་དེ་མེད། དངོས་མེད་ནི་དངོས་པོར་མ་གྲུབ་པས་དེ་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འགའ་ཡང་འབྲེལ་བའི་མཚན་ཉིད་ནི། །གཉིས་ལ་གནས་ཀྱིས་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར་རོ། །འབྲེལ་པའི་སྒྲ་དོན་ཡང་དོན་དམ་པར་མ་གྲུབ་སྟེ། སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀས་འབྲེལ་བའི་སྒྲ་སམ་བནྡྷ་ཞེས་ཡང་དག་པར་བཅིངས་པའམ། པྲ་ཏི་བནྡྷ་ཞེས་སོ་སོར་བཅིངས་ཤིང་གཉིས་ཕན་ཚུན་མི་འདོར་བ་ལ་འདོད་ལ། དེ་ཡང་སྔར་ལྟར་དངོས་པོ་དང་དངོས་མེད་གཉིས་ལ་མ་གྲུབ་པའི་ཕྱིར། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་ལས། ཆོས་ཐམས་ཅད་འབྲེལ་པ་མེད་ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། བདག་གཅིག་གི་འབྲེལ་པ་དོན་ལ་གྲུབ་པ་དགག དེ་བྱུང་གི་འབྲེལ་པ་དོན་ལ་གྲུབ་པ་དགག དེ་ལས་གཞན་པའི་འབྲེལ་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་འདུས་པ་ལས་དངོས་མེད་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། དངོས་མེད་རང་ཉིད་དོན་ལ་མ་གྲུབ་པའི་ཕྱིར་རོ། །དངོས་པོ་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། དངོས་པོ་དེ་རྫས་ཐ་དད་དང་རྫས་གཅིག་གཉིས་སུ་འདུས་པ་ལས། དང་པོ་ལ། བདག་གཅིག་འབྲེལ་པའི་དོན་མི་གནས། ཕྱི་མ་ལ་ལྡོག་པ་གཅིག་དང་ཐ་དད་གཉིས་ལས། དང་པོ་ལ། འབྲེལ་པའི་དོན་མི་གནས། ཕྱི་མ་ལ། ལྡོག་པ་ཐ་དད་དོན་ལ་ཡོད་ན་ལྡོག་པ་རྫས་སུ་གྲུབ་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་རྫས་ལ་འབྲེལ་པ་དགག རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་པ་དགག་པའོ། །དང་པོ་ལ། རྒྱུ་འབྲས་རིམ་གྱིས་པ་ལ་འབྲེལ་པ་དགག་པ་དང་། རྐྱང་པ་ལ་འབྲེལ་པ་དགག་པ་དང་། ལྟོས་པ་ལ་འབྲེལ་པ་དགག་པ་དང་གསུམ་ལས། དང་པོ་ནི། རྫས་ཐ་དད་དུས་མཉམ་རྣམས་ལ་དེ་བྱུང་གི་འབྲེལ་པ་མི་སྲིད་ཅིང་། དུས་མི་མཉམ་པའི་མེ་དུ་ལྟ་བུ་ལ་ཡང་དེ་བྱུང་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། རྒྱུ་མེ་ཡོད་པའི་དུས་སུ་འབྲས་བུ་དུ་བ་མ་སྐྱེས་དུ་བ་སྐྱེས་པའི་དུས་སུ་རྒྱུ་མེ་འགགས་ཟིན་ནས་དངོས་པོར་མེད་པས་གང་རུང་ཅིག་དངོས་པོར་ཡོད་ཚེ་ཅིག་ཤོས་དངོས་པོར་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡང་། །དེ་གཉིས་ལྷན་ཅིག་མི་གནས་པས། །གཉིས་ལ་གནས་པ་ཅི་ལྟར་གྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འབྲེལ་པ་ནི་ཆོས་གཉིས་ལ་ལྟོས་མི་དགོས་ཀྱི་མེ་དུ་སོ་སོ་བ་རེ་རེའི་སྟེང་དུ་གཉིས་ཆར་གྱི་འབྲེལ་པ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། འབྲེལ་མེད་ཀྱི་ཆོས་མེད་པར་ཐལ་བ་དང་། ཕན་ཚུན་ལྟོས་མེད་ཀྱི་མེ་དུ་སོ་སོ་བ་གཅིག་མཐོང་བ་ན་གཉིས་ཆར་གྱི་འབྲེལ་པ་ངེས་པར་ཐལ་བ་དང་། ཕན་ཚུན་ལྟོས་པ་མེད་ཀྱང་རྒྱུ་འབྲས་ཡིན་ན་འབྲས་རྟགས་དང་རྒྱུ་མ་དམིགས་པའི་གཏན་ཚིགས་རྣམས་གོ་བྱེད་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། དེ་མེད་པ་ཡང་ཡོད་པའི་ཕྱིར། །གཅིག་ལ་འདུག་པ་འབྲེལ་པ་མེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཕན་འདོགས་པ་ལ་འབྲེལ་པ་དགག མེད་ན་མི་འབྱུང་བའི་འབྲེལ་པ་དགག་པའོ། །དང་པོ་ནི། གལ་ཏེ་མེ་ཕན་འདོགས་བྱེད་དང་དུ་བ་ཕན་གདགས་བྱ་ཡིན་པས་འབྲེལ་པ་ནི་དེ་གཉིས་ཀ་ལ་དོན་དམ་པར་གྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕན་འདོགས་བྱེད་དང་གདགས་བྱ་གཉིས་གང་རུང་གཅིག་དངོས་པོར་ཡོད་པའི་ཚེ་ན་ཅིག་ཤོས་དངོས་པོར་མེད་པས་དངོས་པོ་དང་དངོས་མེད་ལ་དེ་བྱུང་གི་འབྲེལ་པ་བཀག་ཟིན་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འདི་ནི་གཞན་དུ་འདུག་པ་ན། །ཅི་སྟེ་དེ་གཉིས་གཅིག་ལ་ལྟོས། །ལྟོས་པས་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྒྱུ་ལ་མ་ལྟོས་པ་འབྲས་བུའི་ཐ་སྙད་མ་བྱུང་བ་ཙམ་ལ་འབྲེལ་པར་འདོད་དོ་ཞེ་ན། རྭ་གཡས་གཡོན་དང་། ཕ་རོལ་ཚུ་རོལ་དང་། རིང་ཐུང་ལ་སོགས་པ་ཐམས་ཅད་ཀྱང་རྒྱུ་འབྲས་སུ་འགྱུར་ཏེ། རྭ་གཡས་པ་སོགས་ལ་མ་ལྟོས་པར་གཡོན་པ་སོགས་ཀྱི་ཐ་སྙད་མི་འབྱུང་བའི་ཕྱིར་ཏེ། འབྲེལ་བརྟག་ལས། ཅི་སྟེ་དོན་གཅིག་འབྲེལ་བའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་བའི་ཕྱིར། །གཡས་གཡོན་རྭ་ཡང་དེ་ཉིད་ཐོབ། །ཅེས་གསུངས་པའི་ཕྱིར། གཉིས་པ་རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་པ་དགག་པ་ནི། རྒྱུ་འབྲས་རང་མཚན་པ་ལ་དེ་བྱུང་གི་འབྲེལ་པ་མ་གྲུབ་ཀྱང་རྒྱུ་འབྲས་ཀྱི་རིགས་ལ་དེ་བྱུང་གི་འབྲེལ་པ་གྲུབ་བོ་ཞེ་ན། མི་འཐད་དེ། རྒྱུ་འབྲས་ཀྱི་རིགས་དེ་རྒྱུ་འབྲས་ཉིད་ལ་བྱེད་དམ། དེ་ལས་གཞན་པ་ལ་བྱེད། དང་པོ་ལྟར་ན། རྒྱུ་འབྲས་ལ་འབྲེལ་པ་དོན་ལ་བཀག་པའི་རིགས་པ་མཚུངས་ལ། ཕྱི་མ་ལྟར་ན་རིགས་དེ་རང་གི་གསལ་བ་རྣམས་དང་རྫས་གཅིག་ཡིན་ན། གྲངས་ཅན་པས་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་འགོག་པའི་རིགས་པ་མཚུངས་ཤིང་། རྫས་གཞན་ཡིན་ན། བྱེ་བྲག་པས་སྤྱི་གསལ་རྫས་གཞན་དུ་འདོད་པ་འགོག་པའི་རིགས་པ་མཚུངས་པའི་ཕྱིར་རོ། །གསུམ་པ་དེ་ལས་གཞན་པའི་འབྲེལ་པ་དགག་པ་ནི། འདིས་ནི་ལྡན་དང་འདུ་བ་དང་། །ཁྱད་པར་དང་ནི་ཁྱད་པར་ཅན། །བྱེད་དང་ཕྲད་པ་ལ་སོགས་པ། །འབྲེལ་པར་འདོད་པ་བཀག་པ་ཡིན། །ཞེས་ཏེ་གཞུང་དོན་གྱི་སྐབས་སུ་རྟོགས་པར་བྱའོ། །གཉིས་པ་བློ་ངོར་འབྲེལ་པ་བསྒྲུབ་པ་ལ་གཉིས་ཏེ། བློས་ཇི་ལྟར་སྦྲེལ་བའི་ཚུལ་དང་། དེ་ལྟར་སྦྲེལ་བའི་འབྲེལ་པའི་རྣམ་གཞག་གོ །དང་པོ་ནི། ཇི་སྐད་བཤད་པའི་རིགས་པས་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་ཀྱང་བློ་ངོར་གྲུབ་སྟེ། དོན་བུམ་པ་གཅིག་ཉིད་ལ་ཐ་དད་དུ་འབྱེད་པའི་སྒྲ་རྟོག་གིས་ལྟོ་ལྡིར་བ་མ་ཡིན་པ་དང་། སྐད་ཅིག་གིས་འཇིག་པ་མ་ཡིན་པ་དང་། རྒྱུས་སྐྱེད་པ་མ་ཡིན་པ་གསུམ་རྣམ་པར་བཅད་པའི་སྒོ་ནས་བུམ་པ་དང་། མི་རྟག་པ་དང་། བྱས་པའི་ལྡོག་པ་གསུམ་ཐ་དད་དུ་ཕྱེ་སྟེ། གཅིག་ཏུ་སྡུད་པའི་སྒྲ་རྟོག་གི་བུམ་པ་འདི་ནི་མི་རྟག་སྟེ། བྱས་པའི་ཕྱིར། ཞེས་གཅིག་ཏུ་བཟུང་བའི་ཡུལ་ལ་བདག་གཅིག་གི་འབྲེལ་པར་འཇོག་པའི་ཕྱིར། དེ་ཡང་རྣམ་རྟོག་རང་དགའ་བས་རྒྱུ་མཚན་མེད་པར་དབྱེ་བསྡུ་བྱེད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་ལོག་པ་ཐ་དད་ལས་ལོག་པར་བཏགས་པ་ལྟར་དོན་ལ་ཡང་གནས་ཤིང་འཇིག་རྟེན་ན་གྲགས་པ་ལྟར་དབྱེ་བསྡུ་བྱས་པས་འཇུག་ཡུལ་རང་མཚན་ཐོབ་པར་འགྱུར་བའི་ཕྱིར་ཏེ། མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན། །ཞེས་དང་། འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྔར་བཤད་པའི་རིགས་པས་དེ་བྱུང་གི་འབྲེལ་པ་དོན་ལ་མ་གྲུབ་ཀྱང་བློ་ངོར་གྲུབ་སྟེ། སྔར་གྱི་མེ་དང་ད་ལྟར་གྱི་དུ་བ་ལ་མངོན་སུམ་གྱིས་དྲངས་པའི་མ་དམིགས་པ་ཕྲུགས་གསུམ་ལ་སོགས་པས་ད་ལྟར་གྱི་དུ་བ་འདི་ནི་སྔར་གྱི་མེ་དེ་ལས་སྐྱེས་པའོ། །ཞེས་སྦྲེལ་བར་བྱེད་པའི་ཡུལ་ལ་དེ་བྱུང་གི་འབྲེལ་བར་འཇོག་པའི་ཕྱིར་ཏེ། འབྲེལ་བརྟག་ལས། མངོན་སུམ་མ་དམིགས་པ་དག་ལས། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །འབྲེལ་པའི་དོན་བཞིན་ཡང་དག་དོན། །སྟོན་པའི་རྣམ་རྟོག་ལོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། དོན་དམ་པར་ནི་ཡོད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་པ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འབྲེལ་པའི་མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། ཆོས་གང་ཞིག་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་ཆོས་གཞན་མི་འདོར་བའོ། །གཉིས་པ་ནི། འབྲེལ་བའི་སྐད་དོད་ལ་བནྡྷ་ཞེས་འབྱུང་ལ་དེ་ཡང་སཾ་བནྡྷ་ཞེས་པ་ནི་ཡང་དག་པར་བཅིངས་པ་དང་། པྲ་ཏི་བནྡྷ་ཞེས་པ་ནི་སོ་སོར་བཅིངས་པ་སྟེ། གཞན་སེལ་གྱི་ངོར་ཆོས་གཉིས་མི་འབྲེལ་བར་བཅིངས་པས་ན་འབྲེལ་པའོ། །གསུམ་པ་ལ་གཉིས་ཏེ། དབྱེ་བ་དངོས་དང་། འབྲེལ་བ་གང་ལ་གནས་པའི་རྟེན་ངོས་གཟུང་བའོ། །དང་པོ་ལ། དབྱེ་གཞི། དབྱེ་ངོ་། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་ངེས་དང་ལྔ་ལས། དང་པོ་ནི། འབྲེལ་པ་ཙམ་མོ། །གཉིས་པ་ནི། བདག་གཅིག་གི་འབྲེལ་པ་དང་། དེ་བྱུང་གི་འབྲེལ་པ་གཉིས་སོ། །མཚན་ཉིད་རིམ་བཞིན། ཆོས་གང་ཞིག་སེལ་ངོར་རང་བཞིན་གཅིག་པའི་སྟོབས་ཀྱིས་ཆོས་གཞན་མི་འདོར་བར་དང་། གང་ཞིག་སེལ་ངོར་དེ་ལས་བྱུང་བའི་སྟོབས་ཀྱིས་ཆོས་གཞན་མི་འདོར་བའོ། །གསུམ་པ་ནི། རང་བཞིན་གཅིག་པ་དང་། དེ་ལས་བྱུང་བ་གཉིས་ཡོད་པའི་སྟོབས་ཀྱིས་སོ། །བཞི་པ་ནི། གཞི་སོ་སོ་ལ་ལྟོས་ནས་ངོ་བོ་གཅིག་ཡིན་ཏེ། དུ་བ་དེ་རང་གི་སྤྱི་ལ་ལྟོས་ནས་བདག་གཅིག་ཏུ་འབྲེལ། རང་གི་རྒྱུ་ལ་ལྟོས་ནས་དེ་བྱུང་དུ་འབྲེལ་བའི་ཕྱིར་རོ། །གཞི་གཅིག་ལ་ལྟོས་ནས་ངོ་བོ་ཐ་དད་ཡིན་ཏེ། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ་ན་དེ་ལ་དེ་བྱུང་དུ་འབྲེལ་བར་འགལ་བའི་ཕྱིར་རོ། །ལྔ་པ་ནི། འབྲེལ་པ་དེ་ལ་གཉིས་སུ་གྲངས་ངེས་ཏེ། ཤེས་བྱ་ཐམས་ཅད་ངོ་བོ་གཅིག་དང་ངོ་བོ་ཐ་དད་གཉིས་སུ་འདུས་པ་ལས་ངོ་བོ་གཅིག་ལ་འབྲེལ་པ་ཡོད་པ་རྣམས་ནི་བདག་གཅིག་འབྲེལ་དང་། ངོ་བོ་ཐ་དད་ལ་འབྲེལ་པ་ཡོད་པ་རྣམས་ནི་དེ་བྱུང་འབྲེལ་དུ་འདུས་པའི་ཕྱིར། གཉིས་པ་ནི་ཁ་ཅིག དངོས་མེད་ལ་རང་གི་ངོ་བོ་མ་གྲུབ་པས་འབྲེལ་པ་བཞག་ཏུ་མེད་ལ། དངོས་པོ་ལ་འབྲེལ་པ་འཇོག་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། འབྲེལ་པ་དོན་དམ་པ་ནི་གཉིས་ཀ་ལ་ཡང་བཞག་ཏུ་མེད་ཅིང་། བློས་བྱས་པ་ནི་དངོས་མེད་ལ་ཡང་བཞག་ཏུ་ཡོད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འབྲེལ་པ་བློ་ཡིས་བྱས་པ་ནི། །མེད་པ་ལ་ཡང་གང་གིས་འགོག །ཅེས་གསུངས་པའི་ཕྱིར་རོ། །ཁ་ཅིག རྫས་ལ་འབྲེལ་པ་བཞག་ཏུ་ཡོད་ཀྱིས། རིགས་ལ་འབྲེལ་པ་བཞག་ཏུ་མེད་ཅེས་པ་ཡང་སྔ་མས་ཁེགས་སོ། །ཁ་ཅིག སྐད་ཅིག་ལ་དེ་བྱུང་གི་འབྲེལ་པ་བཞག་ཏུ་མེད་དེ། དེ་ལ་ཕན་འདོགས་པའི་བྱ་བ་མེད་པའི་ཕྱིར་ཏེ། མདོ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་དང་། འདིར་ཡང་། སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་བ་དེ་ནི་མི་འཐད་དེ། སྐད་ཅིག་ལ་ཕན་འདོགས་པའི་བྱ་བ་ཡོད་ཀྱང་། ཐ་མལ་པའི་བློས་ངེས་མི་ནུས་པའི་ཕྱིར་ཏེ། རྣམ་ངེས་ལས། དངོས་པོ་སྐད་ཅིག་མ་རྣམས་ནི་ཕན་འདོགས་པ་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། མཚན་ཉིད་བསྒྲུབ་པ། མཚན་གཞི་ངོས་བཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བདག་གཅིག་གི་འབྲེལ་པ་ངེས་བྱེད་དང་། དེ་བྱུང་གི་འབྲེལ་པ་ངེས་བྱེད་དོ། །དང་པོ་ལ། ཐ་སྙད་བསྒྲུབ་ཀྱི་འབྲེལ་པ་ནི་མཚན་མཚོན་གཉིས་ཀྱང་མིང་དོན་གཅིག་ཏུ་འཁྲུལ་པ་ལ་བརྡ་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི་དོན་ལ་གཅིག་ཏུ་མེད་ལ་སྤྱི་དང་བྱེ་བྲག་གི་འབྲེལ་པ་ཡང་ལྡོག་པ་ཆིག་རྐྱང་དང་ལྡོག་པ་ཉིས་ཚོགས་ལ་བདག་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི་དོན་ལ་རྫས་གཅིག་པ་བཀག་ཟིན་ཏོ།།  །།དོན་བསྒྲུབ་ཀྱི་འབྲེལ་པ་ནི་རྟགས་ཆོས་སེལ་ངོར་ལྡོག་པ་ཐ་དད་ཡིན་ཀྱང་དོན་ལ་གཅིག་ཏུ་ཡོད་པར་གང་གིས་འགྲུབ་ཅེ་ན། འདི་ལ་རྩ་བའི་རྟགས་འགོད་པ་དང་། དེའི་ཚུལ་བསྒྲུབ་པ་གཉིས་ལས། དང་པོ་ནི། རང་བཞིན་ཡོད་ཙམ་དང་། འབྲེལ་པ་ཅན་གྱི་ངོ་བོ་ཡང་། །ཞེས་དང་། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་སོགས་གཞུང་གི་གནས་སྐབས་ཕལ་ཆེར་དུ་ཡོད་པ་རྟགས་སུ་འགོད་པར་གསུངས་ཤིང་། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་སྐབས་སུ་འབྲས་བུ་རྟགས་སུ་བཀོད་པ་དང་། ཡོད་པ་རྟགས་སུ་བཀོད་པ་གཉིས་གསུངས་སོ། །འདིར་ཁ་ཅིག་སྒྲ་ཇི་བཞིན་དུ། ཡོད་ན་མི་རྟག་པས་ཁྱབ་པར་ཁས་ལེན་པ་ནི་བོད་ཀྱི་ཐ་སྙད་ལ་ཅུང་ཟད་མི་བདེ་སྟེ། སྒྲ་མི་རྟག་པར་བསྒྲུབ་པ་ལ་རྟགས་སུ་བཀོད་པའི་ཡོད་པ་དང་། དངོས་པོ་གཉིས་རྒྱ་གར་ན་བྷ་ཝ་ཞེས་སྐད་དོད་གཅིག་ཏུ་ཡོད་པས་འགའ་ཞིག་ཏུ་དངོས་པོ་དང་། འགའ་ཞིག་ཏུ་ཡོད་པར་བསྒྱུར་བ་ཡིན་ཀྱང་སེལ་ངོར་ཡོད་པ་ལ་ཡང་ཡོད་པའི་ཐ་སྙད་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་མང་དུ་གསུངས་པའི་ཕྱིར་ཏེ། སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །ཞེས་དང་། ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཞེས་དང་། ལྡོག་པ་མཚུངས་པ་ཉིད་དག་ནི། །ཡོད་ཉིད། ཅེས་དང་། རིགས་གཏེར་ལས་ཀྱང་། དེ་མིན་རང་བཞིན་ལས་ལྡོག་པ། །དངོས་པོ་ཀུན་ལ་ཡོད་པ་དེ། །ཞེས་གསུངས་པས་སོ། །དེས་ན་གང་བྱས་པའམ་དངོས་པོ་ཡིན་ན། མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་པའམ་དངོས་པོ་ཡིན་ནོ། །ཞེས་པའི་སྦྱོར་བ་གཉིས་ལས། སྔ་མ་ནི། ཁྱད་པར་ལྟོས་པ་བ་དང་། ཕྱི་མ་ནི་རང་བཞིན་དག་པ་བའོ། །གཉིས་པ་ལ། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པ་གཉིས་ལས། དང་པོ་ནི། སྒྲ་དེ་རང་རྒྱུ་ལས་སྐྱེས་པར་མངོན་སུམ་ཕྲུགས་གསུམ་ལ་སོགས་པས་ངེས་པར་བྱེད་ལ། དེའི་རྟགས་ལས་བྱས་པར་ངེས་པ་བྱེད་ཅིང་། དོན་བྱེད་ནུས་པའི་རྟགས་ལས་དངོས་པོར་ངེས་པར་བྱེད་དོ། །གཉིས་པ་ལ། ལྟོས་མེད་ཀྱི་གཏན་ཚིགས་དང་། གནོད་པ་ཅན་གྱི་གཏན་ཚིགས་གཉིས་ལས། དང་པོ་ནི། གང་རང་གི་རྒྱུ་ལས་གཞན་པ་ལ་མི་ལྟོས་པར་དེའི་ངོ་བོར་འགྱུར་ན་དེའི་ངོ་བོར་ངེས་པས་ཁྱབ། དཔེར་ན་རྒྱུ་ཚོགས་པ་སྐད་ཅིག་ཐ་མ་དེ་རང་གི་རྒྱུ་ལས་གཞན་ལ་མི་ལྟོས་པར་རང་འབྲས་སྐྱེད་པ་བཞིན། བུམ་པ་ཡང་རང་གི་རྒྱུ་ལས་གཞན་ལ་མི་ལྟོས་པར་འཇིག་པ་ཡིན་ནོ། །ཞེས་པའོ། །གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། བུམ་པ་འཇིག་པ་ཐོ་བ་སོགས་དང་། ཤིང་འཇིག་པ་མེ་ལ་ལྟོས་པའི་ཕྱིར་ཞེ་ན། དེ་འགོག་པ་ལ། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཞེས་སོགས་དང་། མེ་ལས་དོན་གཞན་གྱུར་པ་དག །ཅེས་སོགས་གསུངས་སོ། །འདིར་འཇིག་པ་རྒྱུ་མེད་དུ་བཤད་པའི་དོན་ལ་འཇིག་པར་བྱ་རྒྱུའི་དངོས་པོ་བུམ་པ་ལྟ་བུ་ལ་བུམ་པའི་འཇིག་པར་བྱས་པ་སངས་རྒྱས་པའི་ལུགས་དང་། བུམ་པ་ཞིག་ནས་བུམ་པའི་དངོས་པོ་མེད་པ་ལ་བུམ་པའི་འཇིག་པ་བྱས་པ་བྱེ་བྲག་པའི་ལུགས་གཉིས་ལས། དང་པོ་ལ་སྦྱར་བའི་ཚེ་བུམ་པའི་རྒྱུ་ལས་གཞན་པའི་འཇིག་རྒྱུ་མེད་ཅེས་པའི་དོན་ཡིན་ལ། ཕྱི་མ་ལ་སྦྱར་བའི་ཚེ་རྒྱུ་གཏན་མེད་པའི་དོན་ཡིན་ནོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ནི། དབང་ཕྱུག་པ་རྣམས་བྱ་རོག་ཕལ་ཆེར་ནག་པོ་ཡིན་ཀྱང་དཀར་པོ་སྲིད་པ་ལྟར། དངོས་པོ་ཕལ་ཆེར་མི་རྟག་པ་ཡིན་ཀྱང་། དབང་ཕྱུག་ལ་སོགས་པའི་དངོས་པོ་འགའ་ཞིག་རྟག་པ་ཡིན་པས་གཏན་ཚིགས་དངོས་པོ་མི་མཐུན་ཕྱོགས་ལ་ཞུགས་ཞེས་ཟེར་བ་དང་། གྲངས་ཅན་པ་རྣམས་སྒྲ་ལ་སོགས་པའི་རྣམ་འགྱུར་གྱི་དངོས་པོ་གཙོ་བོས་བྱས་ཀྱང་རྟག་པ་ཡིན་པས་གཏན་ཚིགས་བྱས་པ་མི་མཐུན་ཕྱོགས་ལ་ཞུགས་ཞེས་ཟེར་བའི། དང་པོ་འགོག་པ་ལ། གང་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པས་སྟོང་ན་དངོས་པོས་སྟོང་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་ལ་སོགས་པའི་རྟག་པ་ཡང་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པས་སྟོང་པ་ཡིན་ནོ་ཞེས་གཏན་ཚིགས་དངོས་པོ་དང་། མི་མཐུན་ཕྱོགས་རྟག་པའི་གཞི་མཐུན་ལ་གནོད་པ་སྟོན་པའོ། །འདིར་བཀོད་ཚོད་ལ་དབང་ཕྱུག་རྟག་པར་བཀོད་ཀྱང་སོང་ཚོད་ལ་དེའི་སྒྲ་དོན་ཆོས་ཅན་དུ་སོང་བས་མ་གྲུབ་པའི་སྐྱོན་མེད་དོ། །ཕྱི་མ་འགོག་པ་ལ། གང་རེས་འགའ་སྐྱེ་ན་རྟག་པས་སྟོང་པས་ཁྱབ། དཔེར་ན་མར་མེའི་སྐད་ཅིག་ཐ་མ་བཞིན། སྒྲ་ཡང་རེས་འགའ་སྐྱེ་བ་ཡིན་ནོ་ཞེས་གཏན་ཚིགས་བྱས་པ་དང་། མི་མཐུན་ཕྱོགས་རྟག་པའི་གཞི་མཐུན་ལ་གནོད་པ་སྟོན་པར་བྱེད་པའོ། །འོ་ན་དེ་གཉིས་གང་རུང་གིས་ཁྱབ་པ་བསྒྲུབ་ནུས་པས་གཉིས་ཀ་བསྟན་མི་དགོས་སོ་ཞེ་ན། དེའི་ལན་ལ་ཁ་ཅིག གནོད་པ་ཅན་གྱི་ལམ་སྦྱོང་དུ་ལྟོས་མེད་ཀྱི་གཏན་ཚིགས་གསུངས་པ་ཡིན་ཏེ། གནོད་པ་ཅན་གྱིས་དངོས་པོ་ཐམས་ཅད་འཇིག་པར་བསྒྲུབ་པར་བྱེད་ཅིང་དེའི་གོང་དུ་ལྟོས་མེད་ཀྱི་དངོས་པོ་ཐམས་ཅད་རང་གི་རྒྱུ་ལས་གཞན་པའི་རྒྱུ་ལ་ལྟོས་མེད་དུ་འཇིག་པར་བསྒྲུབ་དགོས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། གཏན་ཚིགས་གཉིས་ཀྱིས་བསལ་བྱའི་ལོག་རྟོག་སོ་སོར་ཡོད་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་འཇིག་པར་འདོད་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་མི་འཇུག མི་འཇིག་པར་འདོད་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་མི་འཇུག་པའི་ཕྱིར་རོ། །དེས་ན་ལོག་རྟོག་གཉིས་ཀྱི་གཉེན་པོར་གཏན་ཚིགས་གཉིས་སོ་སོར་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་མི་འཇིག་པའི་གཉེན་པོར་གནོད་པ་ཅན་དང་། སྤྱིར་འཇིག་ཀྱང་རང་གི་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུ་དོན་གཞན་ལ་ལྟོས་ནས་འཇིག་པའི་ལོག་རྟོག་གི་གཉེན་པོར་ལྟོས་མེད་ཀྱི་གཏན་ཚིགས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་བྱུང་འབྲེལ་པ་ངེས་བྱེད་ལ་གཉིས་ཏེ། ངེས་བྱའི་རྒྱུ་འབྲས་ངོས་བཟུང་བ་དང་། དེ་ཇི་ལྟར་ངེས་པའི་ཚུལ་ལོ། །དང་པོ་ནི། རྒྱུ་འབྲས་ཀྱི་མཚན་ཉིད་རིམ་བཞིན། རང་གི་དོན་གཞན་ཕྱི་མ་ལ་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པ་དང་། རང་གི་དོན་གཞན་སྔ་མས་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའོ། །གཉིས་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི་ཁ་ཅིག ཚད་མ་ཕྲུགས་ལྔས་ངེས་ཏེ། དང་པོར་མེ་དུ་གཉིས་ཀ་མ་དམིགས་པའི་ཚད་མ། དེ་ནས་མེ་དམིགས་པའི་ཚད་མ། དེ་ནས་དུ་བ་དམིགས་པའི་ཚད་མ། དེ་ནས་མེ་མ་དམིགས་པའི་ཚད་མ། དེ་ནས་དུ་བ་མ་དམིགས་པའི་ཚད་མས་ངེས་པར་བྱེད་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། གནས་སྐབས་རྗེས་སུ་འགྲོ་ལྡོག་ཕྲུགས་ལྔས་ཀྱང་རྒྱུ་འབྲས་སུ་ངེས་པར་བྱེད་མི་ནུས་རང་བཞིན་རྗེས་སུ་འགྲོ་ལྡོག་ཕྲུགས་གསུམ་གྱིས་ཀྱང་ངེས་པར་བྱེད་ནུས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། གཞན་དུ་ན་གནས་སྐབས་འགའ་ཞིག་ཏུ་རྔ་སྒྲ་དང་། ཉི་མའི་འོད་ཟེར་གཉིས་ཀ་མ་དམིགས། དེ་ནས་རྔ་སྒྲ་དམིགས། དེ་ནས་ཉི་མའི་འོད་ཟེར་དམིགས། དེ་ནས་རྔ་སྒྲ་མ་དམིགས། དེ་ནས་ཉི་མའི་འོད་ཟེར་མ་དམིགས་པ་ཡང་ཡོད་པས། དེ་གཉིས་ཀྱང་རྒྱུ་འབྲས་སུ་ཐལ་བའི་ཕྱིར་རོ། །གཏན་ཚིགས་གཉིས་པ་གྲུབ་སྟེ། རང་བཞིན་རྗེས་སུ་འགྲོ་ལྡོག་ལ་མ་དམིགས་པ་སྔོན་དུ་འགྲོ་བའི་རྗེས་འགྲོ་ཕྲུགས་གསུམ་དང་། དམིགས་པ་སྔོན་དུ་འགྲོ་བའི་ལྡོག་པ་ཕྲུགས་གསུམ་གང་རུང་གིས་རྒྱུ་འབྲས་སུ་ངེས་པར་བྱེད་ནུས་པའི་ཕྱིར་རོ། །གཞན་དུ་ཕྲུགས་ལྔ་ངེས་པར་དགོས་ན། རྒྱུ་འབྲས་ཡིན་ན། སྔོན་མཐའ་དང་ཕྱི་མཐའ་གཉིས་ཀར་ངེས་དགོས་པར་ཐལ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཡིན་ན། དང་པོར་རྒྱུ་འབྲས་གཉིས་ཀ་མ་དམིགས་པ་དང་། མཐར་ཡང་རྒྱུ་འབྲས་གཉིས་ཀ་མ་དམིགས་པ་དགོས་པའི་ཕྱིར། ཁ་ཅིག་ཚད་མ་ཕྲུགས་གསུམ་གྱིས་ངེས་ཚུལ་ལ། དམིགས་པ་སྔོན་དུ་འགྲོ་བའི་ལྡོག་པ་ཕྲུགས་གསུམ་ཁོ་ན་དགོས་པར་འདོད་པ་ཡང་མི་འཐད་དེ། རྒྱུ་འབྲས་སུ་ངེས་ན་སྔོན་མཐའ་མ་ངེས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ལ། སྔོན་མཐའ་མ་ངེས་པའི་རྒྱུ་འབྲས་ངེས་པར་བྱེད་པའི་ཚུལ་དང་། ཕྱི་མཐའ་མ་ངེས་པའི་རྒྱུ་འབྲས་ངེས་པར་བྱེད་པའི་ཚུལ་གཉིས་ལས། དང་པོ་ནི། དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་སྟེ། དང་པོར་འབྲས་བུ་དུ་བ་སྐྱེ་བ་མཐོང་། དེ་ནས་སྐྱེ་བྱེད་ཀྱི་རྒྱུ་མ་མཐོང་། དེ་ནས་སྐྱེད་པའི་འབྲས་བུ་མ་མཐོང་བའི་གཞན་སེལ་གྱི་བློས་ངེས་པར་བྱེད་དོ། །ཕྱི་མ་ནི། མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ཏེ། དང་པོ་ས་ཕྱོགས་དག་པར་མེ་དུ་གཉིས་ཀ་སྣང་རུང་མ་དམིགས་པ་ལས་མེ་མཐོང་བའི་རྗེས་སུ་རྟོག་པས་མེའི་གཞན་སེལ་བཟུང་། དེ་ནས་དུ་བ་མཐོང་བའི་རྗེས་སུ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས་ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་དེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་འབྲེལ་བ་ངེས་པར་བྱེད་དོ། །གསུམ་པ་ནི། ཕྲུགས་གསུམ་གང་རུང་གིས་ངེས་ན་འབྲེལ་བརྟག་ལས། གང་ཞིག་མཐོང་ན་མ་མཐོང་མཐོང་། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ངེས་བྱེད་གཉིས་ཆར་གྱི་དབང་དུ་བྱས་པའི་ཕྱིར་རོ། །དེས་ན་རང་བཞིན་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱས་ན་ཕྲུགས་གསུམ་གང་རུང་གིས་ངེས་པར་བྱེད་ནུས་ཏེ། རྒྱུ་ལ་བརྟེན་པའི་མཐའ་གསུམ་ཁེགས་ཤིང་། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་གྲུབ་པའི་ཕྱིར་ཏེ། སྔར་མ་དམིགས་པས་རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་། འབྲས་བུའི་ལྡོག་པ་འགྲུབ་ལ་སྔར་མེད་པ་དང་ཕྱིས་སྐྱེ་བ་དམིགས་པ་གཉིས་ཀྱིས་གཏན་མི་སྐྱེ་བ་དང་། རྒྱུ་མེད་ལས་སྐྱེ་བ་ཁེགས་ཤིང་། འབྲས་བུའི་རྗེས་འགྲོ་འགྲུབ་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ནི། ཁ་ཅིག་འབྲེལ་པ་དོན་རང་མཚན་གྱི་རྫས་སུ་འདོད་པ་མི་འཐད་དེ། དོན་རང་མཚན་ཕན་ཚུན་རྗེས་འགྲོ་མེད་པའི་ཕྱིར་རོ། །འགའ་ཞིག་སྒྲ་དོན་ཁོ་ན་ལ་འདོད་པ་མི་འཐད་དེ། སྒྲ་དོན་དངོས་མེད་ལ་འབྲེལ་པ་བྱས་པས་རང་མཚན་གོ་བར་མི་ནུས་པའི་ཕྱིར་རོ། །རང་ལུགས་ནི། སྒྲ་དོན་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་གྱི་བློས། དུ་བ་དང་། མེ་དང་། བྱས་པ་དང་། མི་རྟག་པ་ལ་སོགས་པ་བཟུང་བ་ཉིད་ཡིན་ཏེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡིས་ངོ་བོ་ཉིད་དུ་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་དག་གང་གིས་ངེས་པའི་ཚུལ་ལ་གཉིས་ཏེ། ཕྱོགས་རེས་ངེས་པ་གཞན་གྱི་ལུགས་དང་། གཉིས་ཀ་དགོས་པ་རང་གི་ལུགས་སོ། །དང་པོ་ལ་གཉིས་ལས། དཔྱོད་པས་ངེས་པ་ནི་ཁ་ཆེ་བདེ་བྱེད་དགའ་བ་ན་རེ། གནས་སྐབས་ཀྱི་འབྲེལ་པ་ཚད་མས་ངེས་ཀྱང་། རང་བཞིན་གྱི་འབྲེལ་པ་དཔྱོད་པས་ངེས་དགོས་སོ། །ཞེས་གསུངས་སོ། །ཚད་མས་ངེས་པ་ནི། ཉི་འོད་པའི་པཎྜི་ཏ་རྣམས་ཞལ་མཐུན་པས་སྔར་བཤད་པ་བཞིན་དུ་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མས་འབྲེལ་པ་ངེས་པར་བྱེད་དེ། དཔེ་ལ་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་དང་། དེ་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་གཉིས་ཀྱིས་ཡོད་ན་ཡོད་པའི་རྗེས་འགྲོ་དང་། ལོག་ན་ལྡོག་པའི་ལྡོག་པ་གྲུབ་པས་སྤྱི་ཁྱབ་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། ཚད་མ་ལ་མ་ལྟོས་པའི་དཔྱོད་པའང་གཞན་སེལ་ཕྱིན་ཅི་ལོག་སྲིད་པས་མི་ངེས་ལ། མངོན་སུམ་ཡང་མ་ངེས་ན་འཇུག་ལྡོག་གི་ཐ་སྙད་མི་འགྲུབ། དེས་ན་རྟོག་དཔྱོད་ལས་མ་འདས་པས་རྗེས་དཔག་གི་མི་མཐུན་ཕྱོགས་ལ་ཁེགས་ཀྱང་རྟོག་དཔྱོད་མེད་ན་མཐུན་ཕྱོགས་དང་འབྲེལ་པ་མི་གྲུབ་པས་ཚད་མའི་སྟོབས་ཀྱིས་སྐྱེས་པའི་ངེས་པ་རྟོག་དཔྱོད་ཀྱིས་འབྲེལ་པ་ངེས་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས་ཞེས་དང་། དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འབྲེལ་པ་རྟག་པའི་རབ་ཏུ་བྱེད་པ་སྟེ་དྲུག་པ་བཤད་ཟིན་ཏོ།།  ༈  །།གཉིས་པ་འགལ་བའི་རྟོགས་ཚུལ་ལ་གཉིས་ཏེ། སྤྱིའི་མཚན་ཉིད་དང་། མཚན་གཞི་རབ་ཏུ་དབྱེ་བའོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི་ཁ་ཅིག འགལ་བའི་མཚན་ཉིད་ཐ་དད་གཞི་མཐུན་མི་སྲིད་པའམ། གང་ཞིག་གྲུབ་ན་གང་ཞིག་བཀག་པ་ལ་མི་འཁྲུལ་བ་སྟེ། སྔོན་པོ་གྲུབ་ན་སྔོ་མིན་བཀག་པ་ལ་མི་འཁྲུལ་བ་ལྟ་བུའོ། །དབྱེ་ན་ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་གཉིས། དང་པོའི་མཚན་ཉིད། གང་ཞིག་གང་གིས་དབེན་ཞིང་སྤང་གཉེན་ནུས་ལྡན་རྒྱུན་འགྲོགས་སུ་མི་རུང་བའམ། གང་ཞིག་གང་གིས་དབེན་ཞིང་ཕན་ཚུན་ཕྲད་ན་གནོད་བྱེད་དུ་འགྱུར་བའོ། །དེ་ཡང་སྟོབས་མཉམ་ན་གནོད་པ་མཉམ་སྟེ། མཉམ་དུ་ཤི་བ་ལྟ་བུའོ། །སྟོབས་མི་མཉམ་ན་སྟོབས་ཆེ་བས་གནོད་པ་ཆེ་བ་དང་། སྟོབས་ཆུང་བས་གནོད་པ་ཆུང་བར་བྱེད་དེ། ནུས་པ་འགལ་བའི་ཕྱིར་རོ། །གཉིས་པའི་མཚན་ཉིད། ཆོས་གང་ཞིག་རང་གི་དགག་བྱས་དབེན་པའམ། གང་ཞིག་ཡིན་པ་གྲུབ་ན་དེ་མིན་བཀག་པ་ལ་མི་འཁྲུལ་བ་སྟེ། དཔེར་ན་སྔོན་པོ་ཡིན་པ་གྲུབ་ན། སྔོ་མིན་བཀག་པ་ལ་མི་འཁྲུལ་བ་ལྟ་བུའོ། །གལ་ཏེ་ཚ་གྲང་གཉིས་ཀྱི་རྒྱུན་ཕན་ཚུན་སྤངས་འགལ་དུ་འགྱུར་རོ་ཞེ་ན་འདོད་དེ། ཚ་གྲང་གཉིས་ལ་འགལ་བ་གཉིས་ངོ་བོ་གཅིག་ཏུ་ཡོད་པར་ཆོས་མཆོག་ཆུང་བ་ལས་བཤད་པའི་ཕྱིར། ཁ་ཅིག རྒྱུན་མི་ལྡོག་ཀྱང་ཞེས་པ་མཚན་ཉིད་ཀྱི་ཟུར་དུ་བསྣན་ནས་ལྷན་ཅིག་མི་གནས་འགལ་གཅོད་པར་འདོད་དོ། །དབྱེ་ན་དངོས་འགལ་དང་རྒྱུད་འགལ་གཉིས། དང་པོའི་མཚན་ཉིད། རྣམ་བཅད་དང་། ཡོངས་གཅོད་གྲུབ་སྡེ་རྫས་གཅིག་པའམ་གང་ཞིག་གང་གིས་དབེན་ཞིང་རང་གི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་སྟེ། གཞི་གཅིག་གི་སྟེང་དུ་སྔོ་མིན་བཀག་པས་སྔོན་པོ་གྲུབ་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། འགལ་ཟླ་གཉིས་ཀའམ་གང་རུང་གཅིག་རྣམ་བཅད་དང་ཡོངས་གཅོད་ཀྱིས་ཁྱད་པར་དུ་བྱས་པ་སྟེ། སྔོན་པོ་དང་། སེར་པོ་ལྟ་བུའོ། །དབྱེ་ན་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང་མ་བྱས་པ་གཉིས་སོ། །དེ་དག་ཀྱང་རྫས་དང་ལྡོག་པ་འགལ་བའི་སྒོ་ནས་དྲུག་ཏུ་འགྱུར་ཏེ། རྫས་དངོས་འགལ་ནི་རྟག་པ་དང་མི་རྟག་པ་ལྟ་བུའོ། །རྫས་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ནི་རྟག་པ་དང་། བྱས་པ་ལྟ་བུའོ། །མ་བྱས་པ་ནི་སྔོན་པོ་དང་། སེར་པོ་ལྟ་བུའོ། །ལྡོག་པ་དངོས་འགལ་ནི་མེད་དགག་ཡིན་མིན་དང་། གཏན་ཚིགས་ཡིན་མིན་ལྟ་བུའོ། །ལྡོག་པ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ནི་མེད་དགག་དང་། ཤེས་བྱའི་ལྡོག་པ་ལྟ་བུ་དང་། གཏན་ཚིགས་མ་ཡིན་པ་དང་། བྱས་པའི་གཏན་ཚིགས་ལྟ་བུའོ། །མ་བྱས་པ་ནི་བྱས་ལྡོག་དང་། མི་རྟག་པའི་ལྡོག་པ་ལྟ་བུའོ། །ཞེས་སྨྲའོ། །གཉིས་པ་ནི། དེ་དག་ནི་ཆོས་ཀྱི་གྲགས་པའི་དགོངས་པ་མ་ཡིན་ཏེ། དུ་བ་དེ་མེ་དང་འགལ་བ་དང་། བྱས་ལྡོག་དེ་མི་རྟག་པའི་ལྡོག་པ་དང་འགལ་བར་འགྱུར་ཏེ། དེ་ལ་འགལ་བ་སྤྱིའི་མཚན་ཉིད་དང་། བྱེ་བྲག་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད་ཚང་བའི་ཕྱིར་རོ། །འདོད་ན། དུ་བ་དེས་མེ་འགོག་པ་དང་བསྒྲུབ་པ་གཉིས་ཀ་ནུས་པར་ཐལ་བ་དང་། བྱས་པ་དེས་མི་རྟག་པ་འགོག་པ་དང་བསྒྲུབ་པ་གཉིས་ཀ་ནུས་པར་ཐལ། དེ་གཉིས་དེ་དག་ལ་འགལ་བ་དང་འབྲེལ་པའི་གཞི་མཐུན་ཡིན་པའི་ཕྱིར། མ་ཁྱབ་ན་འགལ་བ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པ་དང་། འབྲེལ་པ་རྟགས་སུ་བཀོད་ནས་འབྲེལ་ཡུལ་བསྒྲུབ་པའི་རྣམ་གཞག་མི་འཐད་པར་ཐལ་ལོ། །དུ་བ་ཆོས་ཅན། མེ་ལ་གནོད་བྱེད་དུ་ཐལ། མེ་དང་འགལ་བའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། དེའི་ཕྱིར་བསྒྲུབ་པར་བྱ་བ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ལྷན་ཅིག་མི་གནས་འགལ་ཕན་ཚུན་སྤངས་འགལ་གྱི་བྱེ་བྲག་ཏུ་འདོད་པ་ཡང་མི་འཐད་དེ། དེ་གཉིས་གང་ལ་གནས་པའི་ཡུལ་དང་བྱེད་པ་ཐ་དད་པའི་ཕྱིར་ཏེ། ལྷན་ཅིག་མི་གནས་འགལ་ནི་ཡུལ་འགལ་ཟླ་གཉིས་ཀ་དངོས་པོར་ཡོད་པ་ལ་གནས། བྱེད་པ་འགལ་ཟླ་ཡོད་པར་འགོག ཕན་ཚུན་སྤངས་འགལ་ནི་ཡུལ་འགལ་ཟླ་གང་རུང་གཅིག་དངོས་པོར་མེད་པ་ལ་གནས། བྱེད་པ་འགལ་ཟླ་ཡིན་པ་འགོག་པའི་ཕྱིར། ལྷན་ཅིག་མི་གནས་འགལ་ཕན་ཚུན་གནོད་བྱེད་དུ་འདོད་པ་ཡང་མི་འཐད་དེ། བདག་འཛིན་དེ་བདག་མེད་རྟོགས་པའི་ཤེས་རབ་ལ་གནོད་བྱེད་དུ་ཐལ་བའི་ཕྱིར་རོ། །བརྒྱུད་འགལ་ལ་དངོས་འགལ་གྱིས་ཁྱད་པར་དུ་མ་བྱས་པ་ཡོད་པ་ཡང་མི་འཐད་དེ། བརྒྱུད་འགལ་དུ་འཇོག་པ་དེ་དངོས་འགལ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་ཤེས་བྱ་ཐམས་ཅད་གཅིག་དང་ཐ་དད་གཉིས་སུ་འདུས་པ་ལས། དང་པོ་ལ་འགལ་བ་བཞག་ཏུ་མེད་ཅིང་། གཉིས་པ་ལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། གཅིག་པ་བཀག་པའི་ཐ་དད་དང་། རྫས་ཐ་དད་དང་གསུམ་ལས། དང་པོ་ལ། བདག་གཅིག་གི་འབྲེལ་པ་འཇོག་པས་འགལ་བ་མི་སྲིད་ཅིང་། གཉིས་པ་ལ། ཕན་ཚུན་སྤངས་འགལ་འཇོག་གོ །གསུམ་པ་ལ། གནོད་བྱ་གནོད་བྱེད་དང་། ཕན་བྱ་ཕན་བྱེད་དང་། ཕན་གནོད་གང་ཡང་མེད་པ་གསུམ་ལས། དང་པོ་ལ་ལྷན་ཅིག་མི་གནས་འགལ་འཇོག་སྟེ། ཚ་གྲང་ལྟ་བུའོ། །གཉིས་པ་ལ། དེ་བྱུང་གི་འབྲེལ་པ་འཇོག་སྟེ། མེ་དུ་ལྟ་བུའོ། །གསུམ་པ་ལ། འགལ་འབྲེལ་གང་ཡང་མེད་དེ། སྔོ་སེར་ལྟ་བུའོ། །དེ་ལ་འགལ་བའི་མཚན་ཉིད་དུ། ཆོས་གང་ཞིག ཆོས་གཞན་ལ་གནོད་པར་བྱེད་པ་ཞེས་གསུངས་པ་ནི་གཞི་ལ་མ་བཀར་བའི་སྐྱ་རིས་ཙམ་ཡིན་ལ། གཞི་ལ་བཀར་ན། ཆོས་གང་ཞིག་ཆོས་གཞན་ལ་གནོད་པར་བྱེད་པ་དེ་ཆོས་གཞན་དེ་དང་འགལ་བའི་མཚན་ཉིད་ཡིན་ནོ། །གསུམ་པ་ནི་ཁ་ཅིག རྟོག་གེའི་གཞུང་ལས་གནས་སྐབས་འགའ་ཞིག་ཏུ་སྔོ་སེར་ལ་སོགས་པ་འགལ་བར་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ནི་རྟ་དང་འབྲེལ་བའི་བ་གླང་ཞེས་འབྲེལ་བའི་མིང་གིས་བཏགས་པ་བཞིན་དུ་ཐ་དད་ཕན་ཚུན་ཡིན་པར་མི་སྲིད་པ་ཙམ་ལ་འགལ་བའི་མིང་གིས་བཏགས་པ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་མཚན་ཉིད་དེ་མི་འཐད་དེ། ཆོས་གཅིག་ལ་འགལ་བ་བཞག་ཏུ་མེད་པའི་ཕྱིར་རོ། །དེས་ན་གནོད་བྱ་གནོད་བྱེད་དུ་འགྱུར་བ་དེ་འགལ་བའི་མཚན་ཉིད་ཡིན་ཏེ། འགལ་བར་འཇོག་པ་ལ་ཆོས་གཉིས་དགོས་པའི་ཕྱིར། ཞེས་ཟེར་རོ། །འོ་ན་ཚ་བ་དང་གཤེར་བ་དེ་མེ་ཆུའི་མཚན་ཉིད་དུ་བཞག་ན་ཅིས་འགོག གལ་ཏེ་མི་འཐད་དེ། ཚ་བས་ཆུ་ལ་མ་ཁྱབ། གཤེར་བས་མེ་ལ་མ་ཁྱབ། དེ་གཉིས་ལྷན་ཅིག་ཏུ་ཚོགས་པ་མེད། མཚན་ཉིད་སོ་སོར་འཇོག་ན། མཚོན་བྱ་ཡང་སོ་སོར་འགྱུར་བའི་ཕྱིར་རོ་ཞེ་ན། སྔ་མ་ལ་ཡང་མཚུངས་ཏེ། གནོད་བྱེད་ཀྱིས་གནོད་བྱ་ལ་མ་ཁྱབ། དེ་གཉིས་ལྷན་ཅིག་ཏུ་ཚོགས་པ་ནི་མེད། མཚན་ཉིད་སོ་སོར་འཇོག་ན་མཚོན་བྱ་ཡང་སོ་སོར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཕན་བྱ་ཕན་བྱེད་དུ་གྱུར་པ་དེ་རྒྱུ་འབྲས་ཀྱི་མཚན་ཉིད་དུ་ཐལ་བ་སོགས་མཐའ་ཡས་པ་བརྗོད་པར་བྱའོ། །གནད་ཀྱི་དོན་ནི་དུ་བ་མཚན་གཞིར་གཟུང་ནས་མེ་དང་འབྲེལ་ཞེས་འཇོག་པ་བཞིན་དུ་གནོད་བྱེད་མཚན་གཞིར་བཟུང་ནས་གནོད་བྱ་དེ་དང་འགལ་ཞེས་འཇོག་དགོས་སོ། །འདི་ལ་ཡང་གཞི་གཅིག་གི་སྟེང་དུ་མ་བཟུང་བར་སྤྱི་ཙམ་གྱིས་དབང་དུ་བྱས་ན་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་དང་། གནོད་བྱེད་ཁོ་ན་ཡིན་པ་དང་། གནོད་བྱ་ཁོ་ན་ཡིན་པ་གསུམ་ཡོད་པ་ལས། དང་པོ་ནི། རྟག་མི་རྟག་ལྟ་བུའོ། །གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་དེ་བདག་འཛིན་ལ་གནོད་བྱེད་ཁོ་ན་ཡིན་པ་ལྟ་བུའོ། །གསུམ་པ་ནི། དེ་ལས་ལྡོག་པ་ལྟ་བུའོ། །གཞི་གཅིག་གི་སྟེང་དུ་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་ནི་མི་སྲིད་དེ། བུམ་པའི་སྟེང་དུ་རྟག་པས་མི་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་དང་། ནམ་མཁའི་སྟེང་དུ་མི་རྟག་པས་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་རོ། །འདི་ནི་ཁོ་བོས་རྟོགས་སོ། །གཉིས་པ་མཚན་གཞིའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་ལོ། །དང་པོ་ལ་བཞི་སྟེ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་བཟློག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ་ཁ་ཅིག ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དངོས་པོ་གཉིས་ལ་གནས་པའི་གནོད་བྱ་གནོད་བྱེད། ཅེས་ཟེར་བ་དེ་མི་འཐད་དེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་གྱལ་འགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་བོ། །དེས་ན་རང་ལུགས་ལ་འགལ་བ་གནས་པའི་ཡུལ་གནོད་བྱ་གནོད་བྱེད་གཉིས་ལ་མཚན་ཉིད་སོ་སོར་འཇོག་ཅིང་། དེ་ལ་གནས་པའི་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། སྤྱི་གཅིག་ཏུ་འཇོག་པ་ནི་འཇམ་པའི་དབྱངས་ཀྱི་དགོངས་པ་སྟེ། རང་གི་རྒྱུན་མ་གཏུགས་པར་འབྱུང་བ་ན་ཆོས་གཞན་ཉེ་བས་ནུས་མེད་དུ་སྐྱེ་བ་དེ་ལྷན་ཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་མཚན་ཉིད། རྒྱུན་མ་གཏུགས་པར་འབྱུང་བ་ཅན་གཞན་ནུས་མེད་དུ་སྐྱེད་པར་བྱེད་པ་དེ། ལྷན་ཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་ཀྱི་མཚན་ཉིད། ཆོས་གང་ཞིག ཆོས་གཞན་ཡོད་པ་ལ་གནོད་བྱེད་དེ་ཆོས་གཞན་དེ་དང་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དབྱེ་ན་བློའི་ངོ་བོར་གྱུར་པའི་ལྷན་ཅིག་མི་གནས་འགལ་དང་། དོན་གྱི་ངོ་བོར་གྱུར་པའི་ལྷན་ཅིག་མི་གནས་འགལ་གཉིས། དང་པོ་ནི། ངེས་ཤེས་དང་སྒྲོ་འདོགས་ལྟ་བུའོ། །གཉིས་པ་ནི། ཚ་རེག་དང་གྲང་རེག་ལྟ་བུའོ། །གཉིས་པ་ནི། ལྷན་ཅིག་མི་གནས་འགལ་ནི་ངོ་བོ་གཅིག་པ་དང་། འགལ་ཟླ་དངོས་པོར་མེད་པ་ལ་མི་གནས་ཏེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་གཉིས་ཀ་ཡང་དངོས་པོར་ཡོད་དགོས་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཚ་རེག་དང་གྲང་རེག་སྐད་ཅིག་དང་པོ་ལ་ཕྲད་ན་ལྷན་ཅིག་མི་གནས་འགལ་མ་ཡིན་ཅིང་། ཕྲད་མ་ཐག་ཏུ་བཅོམ་པ་ཡིན་ན་གནོད་བྱ་གནོད་བྱེད་དུས་མཉམ་དུ་འགྱུར་རོ་ཞེ་ན། འདིའི་ལན་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི་ཁ་ཅིག སྤང་གཉེན་གཉིས་བྱ་རྫོགས་ཀྱི་སྐད་ཅིག་གསུམ་གྱི་བར་དུ་ལྷན་ཅིག་ཏུ་གནས་ནས་གསུམ་པ་ལ་སྤང་བྱའི་རྒྱུན་ལྡོག་པ་ཡིན་ནོ། །ཞེས་ཟེར་རོ། །ཁ་ཅིག་ད་ལྟར་ནས་སྤང་གཉེན་གཉིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་རྒྱུན་རིང་དུ་འགྲོགས་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། རྒྱུན་ཡུན་རིང་དུ་ལྷན་ཅིག་ཏུ་གནས་ན་ལྷན་ཅིག་མི་གནས་འགལ་ཡིན་པར་འགལ་བའི་ཕྱིར་རོ། །ཆོས་མཆོག་གིས། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ། ཤིན་ཏུ་མྱུར་ན་སྐད་ཅིག་གསུམ་པ་ལ་གྲང་རེག་གི་རྒྱུན་ལྡོག ལྡོག་པ་བུལ་བའི་མུ་མཐའ་ནི་གཟུང་དུ་མེད་དོ། །ཞེས་ཟེར་རོ། །མི་འཐད་དེ། སྐད་ཅིག་གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ་བ་མི་འཐད་པར་ཐལ། ཚ་རེག་དང་ཕྲད་པའི་གྲང་རེག་སྐད་ཅིག་མ་གཉིས་པ་དེས་རང་གི་རིགས་འདྲ་ཕྱི་མ་སྐྱེད་པ་སྲིད་པའི་ཕྱིར། རྟགས་ཁས། གཉིས་པ་ལ། དོན་གྱི་ངོ་བོར་གྱུར་པའི་གནོད་བྱ་ལྡོག་པའི་དུས་དང་། བློའི་ངོ་བོར་གྱུར་པའི་གནོད་བྱ་ལྡོག་པའི་དུས་གཉིས་ལས། དང་པོ་ནི། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། དེ་གཉིས་ཕྲད་པའི་ཚ་རེག་སྐད་ཅིག་མ་དང་པོས་ལྷན་ཅིག་བྱེད་རྐྱེན་དང་། གྲང་རེག་སྐད་ཅིག་མ་དང་པོས་ཉེར་ལེན་བྱས་ནས་སྐད་ཅིག་གཉིས་པ་ལ་རང་གི་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པ་མེད་པའི་གྲང་རེག་སྐྱེ། སྐད་ཅིག་གསུམ་པ་ལ་གྲང་རེག་མི་སྐྱེ་བ་ལ་རྒྱུན་ལྡོག་པར་འཇོག་པ་ཡིན་ནོ། །གལ་ཏེ་ནུས་མེད་དུ་སྐྱེ་བ་ལ། ཕྲད་དགོས་པ་ལ། སྣང་མུན་གཉིས་ཕྲད་པ་མེད་དོ་ཅེ་ན་མི་འགལ་ཏེ། མུན་པའི་སྐད་ཅིག་སྔ་མས་སྣང་བ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་པའི་ཚེ། སྣང་བའི་སྐད་ཅིག་སྔ་མས་མུན་པ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་ལ། དེ་ནས་སྣང་བ་དང་ཉེ་བའི་མུན་པ་ནུས་མེད་དུ་སྐྱེའོ། །ཕྱིས་མུན་པ་ནུས་མེད་འགགས་པ་ཉིད་སྣང་བ་སྐྱེས་པ་ཡིན་པས་སྐྱེ་འགག་དུས་མཉམ་སྟེ། སྲང་མདའི་མཐོ་དམན་བཞིན་ནོ། །གཉིས་པ་ནི། སྐད་ཅིག་དང་པོ་ལ་ངེས་ཤེས་ཀྱི་དངོས་རྒྱུ་དང་སྒྲོ་འདོགས་ནུས་མེད་གཉིས་དངོས་སུ་ཕྲད། སྐད་ཅིག་གཉིས་པ་ལ་ངེས་ཤེས་སྐྱེད་པ་དང་སྒྲོ་འདོགས་ཀྱི་རྒྱུན་ལྡོག་པ་ཡིན་ནོ། །གསུམ་པ་ལ། དོན་གྱི་འགལ་བ་ལ་རྩོད་པ་སྤོང་བ་དང་། བློའི་འགལ་བ་ལ་རྩོད་པ་སྤོང་བ་གཉིས་ཡོད་པ་ནི་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །བཞི་པ་ལ་གསུམ་སྟེ། དོན་ལ་འགལ་བ་དགག བློ་ངོར་འགལ་བ་བསྒྲུབ། འགལ་བ་རྟགས་སུ་སྦྱོར་བའི་ཚུལ་ལོ། །དང་པོ་ནི། དོན་ལ་འགལ་བ་མ་གྲུབ་སྟེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་དང་གནོད་བྱེད་གཉིས་ནི་རྒྱུ་འབྲས་ཡིན་པས་དེ་བྱུང་འབྲེལ་དོན་ལ་གྲུབ་པ་འགོག་པའི་རིགས་པ་རྣམས་ཀྱིས་ཁེགས་ལ། ཕན་ཚུན་སྤང་འགལ་གྱི་འགལ་ཟླ་གང་རུང་གཅིག་དངོས་པོར་མེད་པས་དངོས་པོར་མེད་པ་ལ་དོན་ལ་གྲུབ་པའི་འགལ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བློ་ངོར་འགལ་བ་གྲུབ་སྟེ། གནོད་བྱེད་ནུས་ལྡན་དང་གནོད་བྱ་ནུས་མེད་གཉིས་མངོན་སུམ་ཕྲུགས་གསུམ་གྱིས་རྒྱུ་འབྲས་སུ་ངེས་པར་བྱེད་ཅིང་། ཕན་ཚུན་སྤངས་འགལ་གྱི་འགལ་ཟླ་གང་རུང་གཅིག་ཚད་མས་བཀག་ཅིང་། ཅིག་ཤོས་ཚད་མས་གྲུབ་པ་ལ་འགལ་བར་སྒྲོ་འདོགས་པའི་ཕྱིར་རོ། །གསུམ་པ་ནི་འོག་ཏུ་འཆད་དོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ་གསུམ་སྟེ། གཅིག་དང་ཐ་དད་ཀྱི་རྣམ་གཞག ཐ་དད་ལ་འགལ་བ་འཇོག་པའི་ཚུལ། ཕན་ཚུན་སྤངས་འགལ་ཉིད་བཤད་པའོ། །དང་པོ་ལ། ཐ་དད་ཀྱི་རྣམ་གཞག་དང་། གཅིག་གི་རྣམ་གཞག་གཉིས། དང་པོ་ལ། རྫས་ཐ་དད་ནི་རྒྱུ་རྐྱེན་ཐ་དད་ལས་སྐྱེས་པ་སྟེ། སཱ་ལུའི་མྱུ་གུ་དང་། ནས་ཀྱི་མྱུ་གུ་ལྟ་བུའོ། །ལྡོག་པ་ཐ་དད་ནི་ཤེས་པ་ལ་རྣམ་པ་ཐ་དད་དུ་སྣང་བ་སྟེ། བྱས་མི་རྟག་ལྟ་བུའོ། །གཉིས་པ་ལ། རྫས་གཅིག་ནི་རྒྱུ་རྐྱེན་གཅིག་ལས་སྐྱེས་པ་སྟེ། བྱས་མི་རྟག་ལྟ་བུའོ། །ལྡོག་པ་གཅིག་ནི་ཤེས་པ་ལ་རྣམ་པ་གཅིག་ཏུ་འཆར་བ་སྟེ། བྱས་པ་དང་བྱས་པ་ལྟ་བུའམ་ཚད་མ་དང་ཡང་དག་ཤེས་པ་ལྟ་བུའོ། །གཉིས་པ་ནི། ཐ་དད་ལ་ཕན་བྱ་ཕན་བྱེད་དང་། གནོད་བྱ་གནོད་བྱེད་དང་། དེ་གཉིས་གང་ཡང་མ་ཡིན་པ་གསུམ་ལས། བར་པ་ཉིད་ལ་འཇོག་གོ །གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་ཁ་ཅིག ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་ཅིང་འགལ་ཟླ་དངོས་པོར་མ་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་གྱལ་མཚན་ཉིད་དུ་འཇོག་ན་ཅིག་ཤོས་ལ་མ་ཁྱབ་པའི་ཕྱིར་རོ། །རང་ལུགས་ནི། ཆོས་གང་ཞིག་ཆོས་གཞན་ཡིན་པ་ལ་གནོད་བྱེད་དེ་ཆོས་གཞན་དེ་དང་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། གཉིས་པ་ལ་དངོས་འགལ་དང་བརྒྱུད་འགལ་གཉིས། དང་པོའི་མཚན་ཉིད་ལ་ཁ་ཅིག རང་གི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་ཞེས་ཟེར་བ་མི་འཐད་དེ། སྔོན་པོ་ཆོས་ཅན། སྔོ་མིན་རྣམ་པར་བཅད་ལྡོག་ཙམ་དུ་གནས་པར་ཐལ། དེ་དང་དངོས་འགལ་ཡིན་པའི་ཕྱིར། འདོད་ན། སྔོ་འཛིན་རྟོག་པའི་སྣང་ཡུལ་དུ་ཐལ་ལོ། །ཁ་ཅིག་རྣམ་བཅད་ལ་དགག་བྱ་རྣམ་པར་བཅད་ནས་ཡོངས་གཅོད་ལ་དེར་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། དངོས་པོ་ཆོས་ཅན། འདུས་མ་བྱས་དང་དངོས་འགལ་དུ་ཐལ། རྣམ་བཅད་ལ་འདུས་མ་བྱས་རྣམ་པར་བཅད་ནས་ཡོངས་གཅོད་ལ་འདུས་བྱས་སུ་གྲུབ་པའི་ཕྱིར། རང་ལུགས་ནི། ཆོས་གང་ཞིག་ཆོས་གཞན་ཡིན་པ་ལ་དངོས་སུ་གནོད་བྱེད་དང་བརྒྱུད་ནས་གནོད་བྱེད་དེ་རིམ་པ་བཞིན། ཆོས་གཞན་དེ་དང་དངོས་འགལ་དང་། བརྒྱུད་འགལ་གྱི་མཚན་ཉིད་དོ། །ཡང་ན་རང་མིན་དང་དངོས་འགལ་གྱི་མཚན་ཉིད། རང་མིན་འགོག་པའོ། །དཔེར་ན་རྟག་པ་དང་མི་རྟག་པ་ལྟ་བུའོ། །རང་མིན་གྱི་ཁྱབ་བྱེད་འགོག་པ་དེ། རང་མིན་གྱི་ཁྱབ་བྱེད་དེ་དང་བརྒྱུད་འགལ་གྱི་མཚན་ཉིད། དཔེར་ན། བྱས་པ་དང་། རྟག་པ་དང་། དངོས་པོ་དང་། རྟག་དངོས་དང་། ངེས་དངོས་དང་། ལྟོས་བཅས་ལྟ་བུའོ། །བརྒྱུད་འགལ་ཡིན་ན། དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་པའི་དོན་ཡང་། དངོས་འགལ་གྱི་འགལ་ཟླ་གནོད་བྱེད་དེ་དང་ཡིན་ཁྱབ་མཉམ་ཡིན་པ་དང་། དེའི་བྱེ་བྲག་ཐམས་ཅད་དངོས་འགལ་གྱི་གནོད་བྱ་དེ་དང་བརྒྱུད་འགལ་ཡིན་ལ། དངོས་འགལ་གྱི་གནོད་བྱ་དགག་པ་དེ་དང་ཡིན་ཁྱབ་མཉམ་དང་། དེའི་བྱེ་བྲག་ཐམས་ཅད་ནི་གནོད་བྱེད་དེ་དང་བརྒྱུད་འགལ་མ་ཡིན་ཏེ། གནོད་བྱ་དེ་གནོད་བྱེད་དེ་དང་དངོས་འགལ་མ་ཡིན་པའི་ཕྱིར་རོ། །རང་མིན་གྱི་ཁྱབ་བྱེད་འགོག་པའི་དོན་ཡང་བྱས་པའི་རང་མིན་ནི་མ་བྱས་པ་ཡིན་ལ། དེའི་ཁྱབ་བྱེད་ནི་རྟག་པ་ཡིན་པས་དེ་འགོག་པ་ཡིན་ནོ། །གལ་ཏེ་ཀ་བ་དང་བུམ་པ་ཕན་ཚུན་སྤངས་འགལ་མ་ཡིན་ན། དེ་གཉིས་གཅིག་ཡིན་པ་གྲུབ་པས་ཅིག་ཤོས་ཡིན་པ་འགོག་མི་ནུས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བུམ་པ་ཡིན་པ་རྟགས་སུ་བཀོད་ནས་ཀ་བ་མ་ཡིན་པར་བསྒྲུབ་པའི་རྟགས་ཡང་དག་ནི་མེད་ཅིང་། བུམ་པ་ཡིན་པའི་རྒྱུ་མཚན་གྱིས་ཀ་བ་མ་ཡིན་པར་གྲུབ་པ་ནི་དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་སྟོབས་ཀྱིས་ཡིན་གྱིས་ཕན་ཚུན་སྤངས་འགལ་གྱི་སྟོབས་ཀྱིས་མ་ཡིན་པའི་ཕྱིར་རོ། །དེས་ན་ཕན་ཚུན་སྤངས་ཏེ་གནས་པ་ཙམ་གྱི་དགག་བྱ་ནི་སྣང་རུང་མ་དམིགས་པའི་རྟགས་ཀྱིས་འགོག་སྟེ། འདི་ལྟར་བུམ་པ་ཆོས་ཅན། ཀ་བ་མ་ཡིན་ཏེ། ཀ་བ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཕན་ཚུན་སྤངས་འགལ་ལ་དངོས་འགལ་གྱི་འགལ་ཟླ་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པའི་རྟགས་ཡང་དག་ནི་མེད་ཅིང་། དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་སྟེ། འདི་ལྟར་བུམ་པ་ཆོས་ཅན། རྟག་དངོས་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །འགལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བདུན་པའོ། །ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་རྣམས་བཤད་ཟིན་ཏོ།།  ༈  །།གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་གཞག་དང་། མཚོན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པར་བསྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གོ །དང་པོ་ནི། ཤེས་བྱ་ཐམས་ཅད་ལ་མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་གྱིས་ཁྱབ་པར་རང་རིག་གི་སྟོབས་ཀྱིས་འགྲུབ་སྟེ། ཤེས་བྱའི་རྣམ་པ་གང་ཡང་རུང་བ་གཅིག་བློ་ཡུལ་དུ་འཆར་བ་ན་གཞན་དང་མི་འདྲ་བའི་རྣམ་པ་དང་། དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བས་ཞེན་དུ་རུང་བ་དང་། དེའང་གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །དཔང་ལོས། ལཀྵཎ་ཅེས་པའི་སྒྲ་གཅིག་ཉིད་ལོ་ཙཱ་བས་རེས་མཚན་གཞི་དང་། རེས་མཚོན་བྱ་ལ་བསྒྱུར་བ་ཡིན་པས་འདི་གཉིས་དོན་གཅིག་ལ། དེང་སང་མཚན་མཚོན་གཞི་གསུམ་གྱི་སྦྱོར་བ་བྱེད་པ་ནི་གཞུང་ལུགས་ཆེན་པོའི་བརྡ་ཆད་མ་ཡིན་ཏེ། གཞན་དུ་ན་ཤེས་བྱ་ཤེས་བྱེད་ཤེས་གཞི་གསུམ། བརྗོད་བྱ་རྗོད་བྱེད་བརྗོད་གཞི་གསུམ་ལ་སོགས་པ་ཡང་དགོས་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་སོ། །འདི་ལ་རྣམ་པར་ཕྱེ་བར་བྱ་སྟེ། སྤྱིར་མཚན་ཉིད་ལ་མཚོན་བྱ་ལ་མཚན་ཉིད་དུ་བྱས་པ་དང་། མཚོན་བྱེད་ལ་མཚན་ཉིད་དུ་བྱས་པ་གཉིས། ཕྱི་མ་ལ་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ལྟ་བུ་ངོ་བོ་གཏན་ལ་འབེབས་པའི་མཚན་ཉིད་དང་། མི་རྟག་པའི་མཚན་ཉིད་སྐད་ཅིག་མ་ལྟ་བུ་དེ་མིན་ལས་འབྱེད་པའི་མཚན་ཉིད་གཉིས་ལས། དང་པོ་ལ། མཚོན་བྱ་དང་མཚན་གཞི་དོན་གཅིག་སྟེ། སྡུག་བསྔལ་བདེན་པའི་མཚན་ཉིད་མི་རྟག་སོགས་བཞི་པོ་དེས་མཚན་གཞི་ཉེར་ལེན་གྱི་གཟུགས་ཕུང་ལྟ་བུ་ཡང་མཚོན་དགོས་པའི་ཕྱིར་རོ། །འདི་ལ་དགོངས་ནས་མངོན་པ་དང་། རྩ་ཤེར་ལས། མཚོན་བྱ་དང་མཚན་གཞི་དོན་གཅིག་ཏུ་གསུངས་སོ། །ཕྱི་མ་ལྟར་ན། མཚོན་བྱ་དང་མཚན་གཞི་དོན་མི་གཅིག་སྟེ། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་གསུངས་པ་དེས་མཚན་གཞི་མངོན་རྗེས་གང་རུང་རེ་རེ་མཚོན་མི་ནུས་པའི་ཕྱིར་རོ། །མཚན་མཚོན་གཞི་གསུམ་གྱི་སྦྱོར་བ་བྱེད་པ་རྣམས་ནི་འདི་ལ་དགོངས་ལ། འདི་ཉིད་རྟོག་གེའི་གཞུང་ལུགས་རྣམས་ལས་བཤད་དེ། ཚད་མ་མདོར། གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཆོས་ལྔ་གསུངས་པ་ལ། རྣམ་འགྲེལ་དུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་གཅོད་པའི་སྒོ་ནས་མཚན་ཉིད་རྣམ་དག་ཏུ་འགྱུར་བ་གསུངས་ལ། དེའི་ཚེ་མཚོན་བྱ་དང་མཚན་གཞི་ཁྱད་པར་མེད་ན་ཆོས་ལྔ་པོ་དེས་སྒྲ་དང་མི་རྟག་པའི་ཚོགས་དོན་ལ་ཡང་སྐྱོན་གསུམ་གཅོད་ནུས་པར་ཐལ་བའི་ཕྱིར་རོ། །གཞུང་ལུགས་ཆེན་པོའི་བརྡ་ཆད་མིན་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་འདོགས་ཕྱིར་ནི་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་ཕྱེ་བས་ཡང་དག་བཤད། །ཅེས་གསུངས་པ་ཇི་ལྟར་དྲང་། འདི་ལ་ཡང་། ཕན་གདགས་ཕྱིར་ནི་ཤེས་གཞི་དང་། །ཞེས་སོགས་ཀྱིས་སུན་འབྱིན་སྨྲའམ་དེས་ན་ལེགས་པར་སོམས་ལ་སྨྲོས་ཤིག གཉིས་པ་ལ། མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་ལས། དང་པོ་ལ་གསུམ་སྟེ། མཚན་ཉིད་ལ་མཚན་ཉིད་མི་དགོས་པ་འདོད་པ་དགག དགོས་པའི་མཚན་ཉིད་གཞག དེའི་བསལ་བྱ་སྐྱེན་ཅན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ནི་ཁ་ཅིག མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་ཏེ། དོན་ལྡོག་རྫས་ཡོད་ཡིན་པའི་ཕྱིར་དང་། དགོས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་དོན་དང་ཐ་སྙད་གཉིས་ལས། དོན་ལ་མཚན་ཉིད་གཞན་མི་དགོས་ཀྱང་དོན་དེ་མཚན་གཞིར་བཞག་ནས་མཚན་ཉིད་ཀྱི་ཐ་སྙད་དུ་མཚོན་པའི་མཚན་ཉིད་འཇོག་པ་ཡིན་ལ། དེ་རྫས་ཡོད་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་ཟེར་རོ། །ཁ་ཅིག་དོན་ལ་དགོས་ཀྱང་སྐྱོན་མེད་དེ། ཐ་སྙད་གཉིས་པའི་མཚན་ཉིད་བ་ལང་གི་ཐ་སྙད་ལ་མཚན་ཉིད་ནོག་སོགས་འདུས་པ་དགོས་པ་བཞིན་ནོ། །དེ་ལྟར་ན་མཚན་ཉིད་ཀྱི་ཐ་སྙད་ཐུག་མེད་ཡིན་ཏེ། དཔེར་ན་གཏན་ཚིགས་བཞིན་ནོ་ཞེས་ཟེར་རོ། །དེ་ལ་དང་པོ་མི་འཐད་དེ། མཚན་ཉིད་ལ་མཚན་ཉིད་དགོས་ཀྱང་མཚན་ཉིད་ཐུག་མེད་དུ་མི་འགྱུར་ཏེ། སྦྱོར་བ་གསུམ་པར་ཐུག་པའི་ཕྱིར་རོ། །ཕྱི་མ་ཡང་མི་འཐད་དེ། རྣམ་འཇོག་གི་རྒྱུ་མ་ངེས་པར་རྣམ་གཞག་གི་འབྲས་བུ་ངེས་སམ་མ་ངེས། ངེས་ན་མཚན་ཉིད་དགོས་པ་མེད་པར་འགྱུར་ཏེ། མཚན་ཉིད་མེད་ཀྱང་མཚོན་བྱ་གོ་བའི་ཕྱིར། མ་ངེས་ན་རྩ་བའི་མཚན་ཉིད་ངེས་པ་མི་སྲིད་པར་ཐལ། མཚན་ཉིད་ཐུག་མེད་ཀྱི་ཕྱི་མ་ངེས་པ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་ལུགས་ནི་མཁས་པས་གཏན་ཚིགས་དང་། མཚན་ཉིད་ཀྱི་དོན་མཐོང་བ་ཙམ་གྱིས་ཐ་སྙད་འགྲུབ་ལ། བླུན་པོ་ལ་དེ་དག་གི་མཚན་ཉིད་རྟགས་སུ་བཀོད་པའི་ཐ་སྙད་བསྒྲུབ་ཀྱིས་འགྲུབ་ཅིང་། ཤིན་ཏུ་བླུན་པོ་ལ་ནོག་ལྐོག་ཤལ་གྱི་དོན་ལྡོག་གཉའ་བར་ཤ་སྤུངས་པ་དང་མགྲིན་པར་པགས་པ་འཕྱང་བ་ལ་སོགས་པ་བརྡ་དོན་སྦྲེལ་དགོས་པ་སྲིད་དོ། །དེ་ཙམ་བརྗོད་ཀྱང་མི་གོ་བ་ནི་ཐ་སྙད་བསྒྲུབ་ཀྱི་ཡུལ་མ་ཡིན་ནོ། །འོ་ན་བླུན་པོ་ལ་ཐ་སྙད་ཇི་ལྟར་བསྒྲུབ་སྙམ་ན། ནོག་སོགས་འདུས་པ་མཚན་ཉིད་དུ་བསྒྲུབ་པ་ན་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ན། མཚན་ཉིད་ཡིན་པས་ཁྱབ། དཔེར་ན་ལྟོ་ལྡིར་བ་བཞིན། ནོག་སོགས་འདུས་པའང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ནོ། །ཞེས་པས་འགྲུབ་ཅིང་། དེ་ཉིད་མཚན་ཉིད་ཡིན་པ་ཡང་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ་མཚན་ཉིད་ཀྱི་བརྡ་སྦྱར་ཏེ། ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན། ཞེས་པ་ཉིད་ཀྱིས་འགྲུབ་ལ། སྦྱོར་བ་འདི་གཏོགས་ཀྱང་བྱེ་བྲག་ལ་བཀར་ཏེ་བརྗོད་པ་ཉིད་ཀྱིས་ཤེས་པར་སླའོ། །གཉིས་པ་ལ། དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག མཚན་ཉིད་ཀྱི་མཚན་ཉིད་མཚོན་བྱ་རྣམ་འཇོག་གི་རྒྱུ་མཚན་ཞེས་ཟེར་བ་མི་འཐད་དེ། དེ་ལྟར་ན་རྟགས་ཀྱི་མཚན་ཉིད་ཀྱང་བསྒྲུབ་བྱ་གོ་བྱེད་དུ་ཐལ་བའི་ཕྱིར་རོ། །འགའ་ཞིག་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ལ། ཆོས་གསུམ་པོ་ཡང་སྤྱིར་མཚན་ཉིད་ཡིན་པ། རང་གི་མཚོན་བྱ་ལས་གཞན་གྱི་མཚན་ཉིད་མ་ཡིན་པ། མཚན་གཞི་ལ་གྲུབ་པ་ཡིན་ནོ། །ཞེས་ཟེར་བ་དང་། འགའ་ཞིག་མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཅེས་ཟེར་བ་གཉིས་ཀ་ཡང་མི་འཐད་དེ། མཚན་ཉིད་དུ་གོ་བ་མཚོན་བྱ་ལ་ལྟོས་དགོས་པའི་ཕྱིར་རོ། །གཉིས་པ་ནི། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་སྟེ། དངོས་འགལ་གཅོད་པ་ཞེས་པས་རིགས་མི་མཐུན་རྣམ་པར་གཅོད་ལ། འོ་ན་མཚོན་བྱ་དང་མཚན་གཞི་ཡང་དེར་འགྱུར་རོ་སྙམ་ན་དོན་ལྡོག་ཅེས་པས་མཚོན་བྱ་དང་མཚན་གཞིའི་ལྡོག་པ་གཅོད་དོ། །གྲུབ་པ་ཞེས་པ་ནི་དོན་ལྡོག་སྟེ་བློས་གང་ལ་གྲུབ་པའི་གཞི་རང་མཚན་དང་སྒྲ་དོན་སོ་སོར་མ་ཕྱེ་བའི་ལྟོ་ལྡིར་བ་ལྟ་བུ་གཟུང་ངོ་། །འདིར་རྩ་ཚིག་ཚིགས་སུ་བཅད་པའི་ངོར་བྱས་ནས་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་ཞེས་པ་སྒྲ་ཇི་བཞིན་དུ་འཇོག་པ་ནི་འབྲེལ་པར་གྲུབ་པ་ཞེས་པའི་ཚིག་རྣམ་པ་ཐམས་ཅད་དུ་སྦྱར་བའི་ནུས་པ་འཐོན་པའོ། །གསུམ་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། བོད་སྔ་རབས་པ་རྣམས། མཚན་ཉིད་ཀྱི་སྐྱོན་བསྡུ་ན་རང་ལྡོག་རྫས་སུ་མ་གྲུབ། དོན་ལྡོག་གཞན་འགྱུར། མཚན་གཞི་ལ་མི་གནས་པ་དང་གསུམ། དང་པོ་ནི། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལས་རང་དབང་དུ་མ་གྲུབ་པ་སྟེ། དབྱེ་ན། བ་ལང་གི་མཚན་ཉིད་དུ་བ་ལང་ཉིད་ལྟ་བུ་རང་གི་ཐ་སྙད་དང་། བ་ལང་གི་མགོ་བོ་ལྟ་བུ་རང་གི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་སོ། །གཉིས་པ་ནི། རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་། རང་མཚོན་བྱའི་དོན་ལྡོག་མ་ཡིན་པའོ། །དབྱེ་ན་བཞི་སྟེ། རྟར་མཚོན་པ་ལ་ནོག་སོགས་འདུས་པ་ལྟ་བུ་མི་སྲིད་པ་དང་། བ་ལང་གི་མཚན་ཉིད་དུ་ལྐོག་ཤལ་ཁྲ་བོ་བཀོད་པ་ལྟ་བུ་མ་ཁྱབ་པ་དང་། བ་ལང་གི་མཚན་ཉིད་དུ་མགོ་ལྡན་ལྟ་བུ་ཁྱབ་ཆེས་པ་དང་། མི་རྟག་པའི་མཚན་ཉིད་རྒྱུ་རྐྱེན་གྱིས་བསྐྱེད་པ་ལྟ་བུ་ཁྱབ་མཉམ་པའི་དོན་ལྡོག་གཞན་འགྱུར་རོ། །གསུམ་པ་ནི། རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་མཚོན་པར་བྱ་བའི་གཞི་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན་བཞི་སྟེ། འགལ་ནས་མི་གནས་པ། ལྡོག་པ་ཐ་དད་མེད་ནས་མི་གནས་པ། དོན་ལྡོག་ཐ་དད་མེད་ནས་མི་གནས་པ། མཚན་གཞིའི་ཕྱོགས་གཅིག་ལ་མ་ཁྱབ་ནས་མི་གནས་པའོ། །དཔེར་བརྗོད་རིམ་པ་ལྟར། རྟ་དང་། ནོག་སོགས་འདུས་པ་དང་། བ་ལང་དང་། སྲོག་ཆགས་ཙམ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུའོ། །ཞེས་ཟེར་རོ། །དེ་དག་ནི་མི་འཐད་དེ། འདི་དག་སྦྱོར་བར་བཀོད་ནས་སྐྱོན་བརྩི་ན་མཚན་ཉིད་མཚོན་བྱ་ལས་དོན་ལྡོག་གཞན་དུ་གྱུར་པ་སྐྱོན་དུ་མི་འཐད་དེ། སྟོང་ཉིད་མེད་དགག་ཏུ་མཚོན་པ་ལ་བསྒྲུབ་ཆོས་དོར་བ་བཀོད་པའི་ཚེ། བསྒྲུབ་ཆོས་དོར་བ་མེད་དགག་གི་ཐ་སྙད་ལ་མི་སྲིད་པའི་དོན་ལྡོག་གཞན་འགྱུར་དུ་ཐལ་བའི་ཕྱིར་རོ། །སྦྱོར་བར་མ་བཀོད་པ་ལ་སྐྱོན་བརྩི་ན་མཚན་གཞི་ལ་མི་གནས་པ་མི་དགོས་ཏེ། བ་ལང་གི་མཚན་ཉིད་དུ་ནོག་སོགས་འདུས་པ་བཀོད་པ་སྐྱོན་མེད་ཡིན་པའི་ཕྱིར་རོ། །གཞུང་གི་དགོངས་པ་ཡང་མ་ཡིན་ཏེ། རིགས་པའི་གཙུག་རྒྱན་གཉིས་ཀྱིས་ཀུན་བཏུས་དང་སྡེ་བདུན་ལས་མ་བཤད་པའི་ཕྱིར་རོ། །གཉིས་པ་རང་ལུགས་གཞག་པ་ནི། མཚན་ཉིད་ཀྱི་སྐྱོན་ཐམས་ཅད་བསྡུ་ན་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དུ་འདུས་ཏེ། རང་ལྡོག་རྫས་སུ་མ་གྲུབ་པ་ལ་སོགས་པ་གསུམ་པོའང་སྐྱོན་དུ་འགྲོ་བའི་ཆ་ཐམས་ཅད་གསུམ་པོ་འདིར་འདུས་པའི་ཕྱིར་དང་། སློབ་དཔོན་གྱིས་ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་བ་གཞུང་ལས་གསུངས་པའི་ཕྱིར་དང་། ཕྱོགས་གླང་གིས་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད། ངོ་བོའི་དོན་སོགས་ཆོས་ལྔ་གསུངས་པའང་རྣམ་འགྲེལ་དུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སེལ་བར་གསུངས་པའི་ཕྱིར་དང་། སྒྲའི་རྣམ་གཅོད་ཀྱང་མི་ལྡན་དང་། གཞན་ལྡན་དང་། མི་སྲིད་རྣམ་གཅོད་གསུམ་དུ་འདུས་པར་གཞན་དོན་ལེའུར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སྐྱོན་ཅན་གསུམ་པོ་རེ་རེ་ལ་ཡང་མཚན་ཉིད་དང་དབྱེ་བ་གཉིས་གཉིས་ལས། མ་ཁྱབ་པའི་སྐྱོན་ཅན་གྱི་མཚན་ཉིད། མཚན་ཉིད་གང་ཞིག མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པ། དཔེར་ན་བ་ལང་གི་མཚན་ཉིད་ནོག་སོགས་འདུས་པ་ཁྲ་བོ་བཀོད་པ་ལྟ་བུའོ། །ཁྱབ་ཆེས་པའི་སྐྱོན་ཅན་གྱི་མཚན་ཉིད། མཚན་ཉིད་གང་ཞིག མཚན་གཞི་ལ་ཁྱབ་ཅིང་མཚོན་འདོད་མེད་པར་ཞུགས་པ། དཔེར་ན་བ་ལང་གི་མཚན་ཉིད་མགོ་ལྡན་བཀོད་པ་ལྟ་བུའོ། །མི་སྲིད་པའི་སྐྱོན་ཅན་གྱི་མཚན་ཉིད། གང་ཞིག་མཚོན་འདོད་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན་གཉིས་ཏེ། རང་ལྡོག་མ་གྲུབ་ནས་མི་སྲིད་པ་དང་། རང་ལྡོག་གྲུབ་ཀྱང་མཚོན་འདོད་ལ་མི་སྲིད་པའོ། །དང་པོ་ལ། རང་གི་ཐ་སྙད་དང་། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས། གཞན་གྱི་ཐ་སྙད་དང་། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་ཏེ་བཞིའོ། །གཉིས་པ་ལ་གསུམ་སྟེ། ངོ་བོ་ཐ་དད་ནས་མི་སྲིད་པ། རང་ལྡོག་ཐ་དད་མེད་ནས་མི་སྲིད་པ། དོན་ལྡོག་ཐ་དད་མེད་ནས་མི་སྲིད་པའོ། །དང་པོ་ལ། དངོས་པོའི་ཆོས་ལ་དཔེར་བརྗོད་ན། རྫས་ཐ་དད་པ། རྟ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ་དང་། ལྡོག་པ་ཐ་དད་པ་བྱས་པའི་མཚན་ཉིད་སྐད་ཅིག་མ་བཀོད་པ་ལྟ་བུའོ། །དངོས་མེད་ཀྱི་ཆོས་ལ་དོན་སྤྱི་དངོས་མེད་དུ་མཚོན་པ་ལ། དབང་ཤེས་འཁྲུལ་པས་བཟུང་བ་བཀོད་པ་ལྟ་བུའོ། །གཉིས་ཀའི་ཆོས་ལ་ཤེས་བྱ་མེད་དགག་ཏུ་མཚོན་པ་ལ་བློའི་ཡུལ་དུ་བྱར་མི་རུང་བ་བཀོད་པ་ལྟ་བུའོ། །གཉིས་པ་ནི། གཞི་ལྡོག་མཚན་ཉིད་དུ་བཀོད་པ་སྟེ། དངོས་པོ་ལ་ནོག་སོགས་འདུས་པ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུའོ། །དངོས་མེད་དང་གཉིས་ཀའི་ཆོས་ལ་ཡང་འགྲེའོ། །གསུམ་པ་ནི། རང་གི་མཚོན་བྱ་མཚན་གཞིར་བྱས་པ་ལ་མཚན་ཉིད་བཀོད་པ་སྟེ། དངོས་པོ་ལ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ་དང་། གཞན་གཉིས་ལ་ཡང་བགྲེའོ། །གསུམ་པ་རྩོད་པ་སྤོང་བ་ནི་གལ་ཏེ་མཚན་ཉིད་ཀྱི་སྐྱོན་འདི་དག་མཚན་གཞིར་བཀོད་པ་ལ་བརྩི་ན། བ་ལང་གི་མཚན་ཉིད་ལྐོག་ཤལ་ཁྲ་བོ་བཀོད་པ་འདི་མ་ཁྱབ་པར་མི་འགྱུར་ཏེ། དཀར་ཟལ་ལ་བཀོད་ན་སྐྱོན་མེད་དུ་འགྱུར་ཞིང་། ནག་སྒུར་ལ་བཀོད་ན་མི་སྲིད་པར་འགྱུར་བའི་ཕྱིར་རོ། །མ་བཀོད་པ་ལ་བརྩི་ན་མཚན་གཞིའི་སྐྱོན་ཐམས་ཅད་མི་འཐད་པར་མཚུངས་སོ་ཞེ་ན། སྐྱོན་ཐམས་ཅད་བཀོད་པ་ལ་བརྩི་ཡང་སྐྱོན་སྔ་མ་མེད་དེ། དཀར་ཟལ་མཚན་གཞིར་འཇོག་ལ། དེ་བ་ལང་ཙམ་དུ་མཚོན་པའི་ཚེ། ནོག་སོགས་འདུས་པ་ཁྲ་བོས་མ་ཁྱབ་པའི་ཕྱིར་རོ། གཉིས་པ་མཚོན་བྱ་ལ་ཡང་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་མཚན་མཚོན་དོན་ལ་རྫས་གཅིག་ཏུ་འདོད་པ་མི་འཐད་དེ། མཚན་ཉིད་མཐོང་བའི་དབང་ཤེས་དེ་མཚོན་བྱ་མིང་གི་ཁྱད་པར་དུ་བྱས་པ་དེ་མཐོང་བས་རྟོག་བཅས་སུ་འགྱུར་བའི་ཕྱིར་རོ། །ཁ་ཅིག་ཐ་སྙད་མཚོན་བྱའི་མཚན་གཞིར་འདོད་པ་ཡང་མི་འཐད་དེ། བརྡའི་དུས་སུ་མཚན་ཉིད་རྒྱུ་མཚན་དུ་བྱས་ནས་བཏགས་པ་དེ་ཕྱིས་མཚན་ཉིད་མཐོང་བས་བརྡ་དྲན་པར་བྱས་ནས་གཟོད་ཐ་སྙད་ལ་འཇུག་པར་གསུངས་པའི་ཕྱིར་རོ། །གཉིས་པ། རང་ལུགས་ནི་མཚོན་བྱའི་མཚན་ཉིད། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་སྟེ། རྒྱུ་མཚན་ཅན་ཞེས་པ་ནི་ལྟོ་ལྡིར་བ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་ཞེས་པའི་དོན་ཡིན་ལ། སྒྲ་ནི་ཐ་སྙད་བརྗོད་པའི་སྒྲ་དང་། བློ་ནི་དེ་ངེས་པའི་ངེས་ཤེས་ཏེ། དེ་གང་ལ་གྲུབ་པ་རང་མཚན་དང་། སྒྲ་དོན་སོ་སོར་མ་ཕྱེ་བའི་བུམ་པ་ལྟ་བུའོ། །གསུམ་པ་རྩོད་པ་སྤོང་བ་ནི། མཚན་མཚོན་རྫས་གཅིག་མ་ཡིན་ན། རང་བཞིན་གྱི་རྟགས་སུ་འགལ་ལོ་ཞེ་ན་སྐྱོན་མེད་དེ། གཞན་སེལ་གྱི་བློས་གཅིག་ཏུ་བཟུང་ནས་དེའི་འོག་ཏུ་ལྡོག་པ་སོ་སོར་ཕྱེ་སྟེ་ངོ་བོ་གཅིག་ཏུ་བསྒྲུབ་པ་ལ་རང་བཞིན་གྱི་རྟགས་སྦྱར་བས། ཀུན་ཏུ་ཐ་སྙད་པའི་མཚན་མ་ལ་མི་བསླུ་བར་གྲུབ་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། མཚན་ཉིད་ཀྱི་རྟེན་བྱེད་པའོ། །བོད་དག མཚན་མཚོན་སྐྱོན་མེད་ཟུང་གཅིག་གི་རྟེན་བྱེད་པ་ཞེས་འདོད་པ་ནི། མཚན་ཉིད་དང་ལྡན་པའི་གཞི་ཐོག་མར་ངོས་བཟུང་ནས་མཚན་ཉིད་དེས། མཚན་གཞི་དེ་ལ་མཚོན་བྱ་གསར་དུ་བསྒྲུབ་དགོས་པའི་དོན་མ་རྟོགས་པའོ། །གཉིས་པ་དབྱེ་བ་ལ། མཚན་གཞི་མཚན་ཉིད་པ། བ་ལང་གི་མཚན་གཞིར་དཀར་ཟལ་གཟུང་པ་ལྟ་བུ་དང་། བཏགས་པ་བ་སྐྱོན་ཡོན་བརྩི་བའི་གཞིར་གྱུར་པ་བ་ལང་གི་མཚན་གཞིར་རྟ་ལྟ་བུ་གཉིས་སོ། །གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ་གཉིས་ཏེ། ཇི་ལྟར་མཚོན་པའི་ཚུལ་དང་། ཕན་ཚུན་ངེས་པའི་རྣམ་གཞག་གོ །དང་པོ་ལ། རང་ལྡོག་ཡིན་པར་མཚོན་ཚུལ་དྲུག གཞན་ལྡོག་མིན་པར་མཚོན་ཚུལ་དྲུག་ལས། དང་པོ་ནི། ནོག་སོགས་འདུས་པ་མཚན་གཞིར་བཞག་ནས་མཚན་ཉིད་ཡིན་པར་མཚོན། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཞེས་སྤྱིར་མཚན་ཉིད་དུ་མཚོན་པ་དང་། ཡང་དེ་མཚན་གཞི་བ་ལང་གི་མཚན་ཉིད་ཡིན་པར་མཚོན། བ་ལང་གི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་ཅེས་བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་དུ་མཚོན་ཚུལ་གཉིས་དང་། དེ་བཞིན་དུ་བ་ལང་གི་ཐ་སྙད་མཚན་གཞིར་བཟུང་ནས་སྤྱིར་མཚོན་བྱར་མཚོན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱར་མཚོན་ཚུལ་གཉིས་དང་། དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚན་གཞི་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞིར་མཚོན་ཚུལ་གཉིས་ཀྱང་བསྒྲེས་ཏེ་ཤེས་པར་བྱའོ། །གཉིས་པ་ནི། བ་ལང་གི་ཐ་སྙད་དང་། དཀར་ཟལ་མཚོན་གཞིར་བཞག་ནས་སྤྱིར་མཚན་ཉིད་མ་ཡིན་པར་མཚོན། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་མ་ཡིན་པ་ཞེས་སྤྱིར་མཚོན་ཚུལ་དང་། བ་ལང་གི་མཚན་ཉིད་མ་ཡིན་པར་མཚོན། བ་ལང་གི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་མ་ཡིན་པ་ཞེས་བྱེ་བྲག་གི་མཚོན་ཚུལ་གཉིས་དང་། དེ་བཞིན་དུ་ནོག་སོགས་འདུས་པ་དང་། དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚོན་བྱ་མ་ཡིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱ་མ་ཡིན་པར་མཚོན་ཚུལ་གཉིས་དང་། ཡང་བ་ལང་གི་ཐ་སྙད་དང་ནོག་སོགས་འདུས་པ་མཚན་གཞིར་བཟུང་ནས་སྤྱིར་མཚན་གཞི་མ་ཡིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞིར་མ་ཡིན་པར་མཚོན་ཚུལ་གཉིས་ཏེ་དྲུག་གོ །དེ་ལྟར་དྲུག་ལས། བཞི་ཡང་དག་ཡིན་ཅིང་། དཀར་ཟལ་སྤྱིར་མཚན་གཞི་མ་ཡིན་པར་མཚོན་པ་དང་། བ་ལང་གི་ཐ་སྙད་དང་ནོག་སོགས་འདུས་པ་སྤྱིར་མཚན་གཞི་མ་ཡིན་པར་མཚོན་པ་གཉིས་ཡང་དག་མ་ཡིན་ཏེ། བ་ལང་ཁྲ་བོའི་ཐ་སྙད་མཚོན་པ་ལ་མཚན་ཉིད་སྐྱོན་མེད་ཡིན་པ་སྲིད་པའི་ཕྱིར་དང་། སྐབས་ཐོབ་ཀྱིས་ཆོས་ཐམས་ཅད་མཚན་གཞི་སྐྱོན་མེད་དུ་འགྱུར་བ་སྲིད་པའི་ཕྱིར་རོ། །གཉིས་པ་ནི། མཚན་མཚོན་གཉིས་གྲངས་མཉམ་སྟེ། མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་དང་། མཚོན་བྱ་གཅིག་ལ་མཚན་ཉིད་དུ་མ་མི་སྲིད་པའི་ཕྱིར། རྟོག་པས་གཅིག་ཏུ་བཟུང་བ་ཡིན་ཏེ། ལྟོ་ལྡིར་བ་འདི་ནི་བུམ་པའོ་ཞེས་བཟུང་བའི་ཕྱིར། མཚན་ཉིད་རྫས་ཡོད་དང་། མཚན་བྱ་བརྟགས་ཡོད་དུ་ངེས་ཏེ། མཚན་ཉིད་དོན་གྱི་ལྡོག་པ་དང་། མཚོན་བྱ་མིང་གིས་ཁྱད་པར་དུ་བྱས་པའི་ཕྱིར། འདིའི་རྫས་ཡོད་རྫས་སུ་གྲུབ་པའི་ཆོས་ནི་མ་ཡིན་ནོ། །ཁ་ཅིག་མཚན་མཚོན་དོན་ལ་རྫས་གཅིག་ཏུ་འདོད་པ་ནི་བཀག་ཟིན་ལ། ཉན་ཐོས་སྡེ་པ། འདུས་བྱས་ཀྱི་མཚན་ཉིད། སྐྱེ་གནས་རྒ་འཇིག་མཚོན་བྱ་འདུས་བྱས་ལས་རྫས་གཞན་དུ་འདོད་པ་ཡང་མི་འཐད་དེ། མཚན་ཉིད་དེ་མཚོན་བྱ་ངོ་བོ་དབྱེར་མེད་དུ་ནི་མཚོན་མི་ནུས་པ་ཁས་བླངས་ལ། ཐ་དད་ལྡན་པར་མཚོན་ན་འདུས་བྱས་བུམ་པ་ལྟ་བུ་དེ་མི་རྟག་པ་དང་ལྡན་པར་འགྱུར་གྱི་མི་རྟག་པ་མ་ཡིན་པར་འགྱུར་རོ། །ཁ་ཅིག་ས་བོན་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་དང་། བསྒྲུབ་བྱ་གཅིག་ལ་གཏན་ཚིགས་དུ་མ་རུང་བ་ལྟར་མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་མཚོན་པ་དང་། མཚན་ཉིད་དུ་མས་མཚོན་བྱ་གཅིག་མཚོན་པས་གྲངས་མི་མཉམ་ཞེས་གསུངས་པ་གཉིས་ཀ་མི་འཐད་དེ། མཚན་ཉིད་དེས་མཚོན་བྱ་དེ་དེ་མ་ཡིན་ལས་ཐ་དད་དུ་མ་ཕྱེ་ན་མཚོན་བྱ་དེ་མཚོན་མི་ནུས་ལ། འབྱེད་ན་དེ་མིན་དུ་མཚོན་མི་ནུས་པའི་ཕྱིར་ཏེ། དེ་མིན་དེ་དང་འགལ་བའི་ཕྱིར་རོ། །འོ་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཀ་ཚད་མའི་མཚན་ཉིད་དང་། ངོ་བོའི་དོན་སོགས་ཆོས་ལྔ་གཞན་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་ཕྱོགས་ཡང་དག་གཉིས་ཀྱི་མཚན་ཉིད་དུ་ཁས་བླངས་ཏེ། ཉེས་པ་ཁྱེད་རང་ལའང་མཚུངས་སོ་སྙམ་ན། མ་ཡིན་ཏེ། མི་བསླུ་མ་ཤེས་དོན་གསལ་གཉིས་མཚན་ཉིད་གཅིག་ཡིན་པའི་ཕྱིར་དང་། གཞན་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་ཕྱོགས་ཡང་དག་གཉིས་ཀྱང་མཚོན་བྱ་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ངོས་གཟུང་བ་དང་། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས་གཞུང་ལས། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་དང་། མ་ཤེས་དོན་གསལ་གཉིས་གསུངས་པ་དེ། མཚན་ཉིད་རྣམ་གྲངས་པའམ་སོ་སོ་བ་ཡིན་ཞེ་ན། སློབ་དཔོན་ལྷ་དབང་བློ་ནི་གང་རུང་རེ་རེ་ཀྱང་སོ་སོར་མཚོན་ནུས་པས་མཚན་ཉིད་སོ་སོར་འདོད་དེ། འགྲེལ་པར། དེ་ལྟར་ན་མཚན་མའི་མཚན་ཉིད་མི་བསླུ་བ་གཅིག་བཤད་དོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་གཞན་མཚན་ཉིད་གཉིས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྒྱན་མཛད་པས་དོན་དམ་པའི་ཚད་མ་དང་། ཐ་སྙད་པའི་ཚད་མ་གཉིས་ལས། དང་པོའི་མཚན་ཉིད་མ་ཤེས་དོན་གསལ་ཡིན་གྱི། མི་བསླུ་བ་མ་ཡིན་ཏེ། བཅད་པའི་དོན་ཐོབ་པ་མེད་པའི་ཕྱིར་རོ། །ཕྱི་མའི་མཚན་ཉིད། མི་བསླུ་བ་དང་མ་ཤེས་དོན་གསལ་ཚོགས་པ་ཡིན་ཏེ། བཅད་པའི་དོན་ཐོབ་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །ཡང་སློབ་དཔོན་ཆོས་མཆོག་ནི་རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཚིག་གསུམ་གྱིས་མཚོན་པའི་མི་བསླུ་བ་ཁྱད་པར་གསུམ་ལྡན་མཚན་ཉིད་ཡིན་ཏེ། ཁྱད་པར་གསུམ་ནི། ངོ་བོའི་ཁྱད་པར་དོན་འཐོབ་བྱེད་ཀྱི་ནུས་པ། ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པ། བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་བྱེད་ལ་གནས་པའི་ནུས་པའོ། །དེ་ལ་ངོ་བོའི་ཁྱད་པར་གྱིས་དངོས་པོར་འཛིན་པ་ཚད་མའི་མཚན་ཉིད་ཡིན་པ་གཅོད། ཡུལ་གྱི་ཁྱད་པར་གྱིས་མི་སྲིད་པ་གཅོད། བྱེད་པའི་ཁྱད་པར་གྱིས་ཁྱབ་ཆེས་པ་གཅོད་ལ། མ་ཁྱབ་པ་གཅོད་པ་ཞིག་ཁ་བསྐང་ངོ་། །བདེན་པའི་དོན་རྟོགས་ནི་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་མ་ཡིན་ནོ་ཞེས་གསུངས་སོ། །བྲམ་ཟེའི་རྗེས་སུ་འབྲང་བ་རྣམས་ནི། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཏེ། ངོ་བོའི་ཁྱད་པར་བཟློག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་དོན་ཡིན་པ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བའོ་ཞེས་གསུངས་སོ། དེ་དག་ལས་མི་འཐད་པའི་ཆ་དགག་ན་ལུགས་དང་པོ་ལ། ཚད་མ་དེ་མཚོན་བྱ་གཉིས་སུ་འགྱུར་ཏེ། དེ་མཚན་ཉིད་དོན་ལྡོག་གཉིས་ཀྱིས་འཇོག་དགོས་པའི་ཕྱིར། རང་ལ་ནི་མི་མཚུངས་ཏེ། མི་བསླུ་མ་ཤེས་དོན་གསལ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། དེང་སང་གི་བོད་དག་འདི་ལྷ་དབང་གི་དགོངས་པ་མ་ཡིན་ཏེ། གཞན་མཚན་ཉིད་གཉིས་པ་ཞེས་པ་མཚན་ཉིད་ཀྱི་ཟུར་ལ་དགོངས་པའི་ཕྱིར་ཞེས་སྨྲའོ། །དེ་ནི་མ་བརྟགས་པར་རང་དགར་སྨྲ་བ་སྟེ། ཁྱོད་རང་ལྟར་ན། གསར་དུ་ཞེས་པའི་མཚན་ཉིད་ཀྱི་ཟུར་ཆོས་ཅན། ཚད་མའི་མཚན་ཉིད་ཀྱི་ཟུར་དང་པོ་དེ་མ་ཡིན་པར་ཐལ། དེའི་ཟུར་གཉིས་པ་ཡིན་པའི་ཕྱིར། སུམ་ཆར་ཁས་བླངས། ལུགས་གཉིས་པའང་མི་འཐད་དེ། ཚད་མ་སྤྱིའི་མཚན་ཉིད་གང་ཡིན་ཞེས་དྲིས་པའི་ལན་དུ་སྤྱིའི་མཚན་ཉིད་བསྟན་རྒྱུ་མེད་པར་སོ་སོར་མཚན་ཉིད་འདི་ཡིན་ཞེས་བརྗོད་པ་མ་འབྲེལ་བའི་ཕྱིར་རོ། །ལུགས་གསུམ་པའང་མི་འཐད་དེ། མཚན་ཉིད་དུ་བཞག་པའི་ཚིག་དེ་ལ་མ་ཁྱབ་པ་གཅོད་པའི་ནུས་པ་མེད་ན། གཞན་ནས་ཁ་བསྐང་བས་ཚིག་སྔ་མ་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དང་། བདེན་པའི་དོན་རྟོགས་ཚད་མའི་བྱེད་པ་ཡིན་གྱི། མཚན་ཉིད་མ་ཡིན་ཞེས་པའང་གཞུང་གི་དགོངས་པ་མ་ཡིན་ཏེ། བདེན་པའི་དོན་རྟོགས་ནི་མ་ཤེས་དོན་གྱི་གསལ་བྱེད་ལ་འདོད་པར་སྣང་ལ། དེ་དང་མི་བསླུ་བའི་ཤེས་པ་དོན་གཅིག་པའི་ཕྱིར་དང་། དེའང་མཚན་ཉིད་མ་ཡིན་པར་འདོད་ན། སློབ་དཔོན་གྱིས་དེ་ལ་མཚན་ཉིད་ཀྱི་སྐྱོན་གསུམ་སྤོང་བར་མཛད་པའི་གཞུང་དང་འགལ་བའི་ཕྱིར་རོ། །ལུགས་བཞི་པའང་མི་འཐད་དེ། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ལ་རྣམ་བཅད་མེད་པས་མི་དགོས། ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པས་མངོན་སུམ་ལ་མ་ཁྱབ། དོན་བདེན་པ་རྟོགས་པའི་དོན། དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་བྱེད་ན་མངོན་རྗེས་གཉིས་ཀ་ལ་མི་སྲིད་པའི་ཕྱིར་ཏེ། ངེས་པའི་དབང་གིས་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་འཆད་པ་ནི། གཞུང་སྔ་ཕྱི་གཉིས་ཀྱི་དགོངས་པ་བཤད། མི་བསླུ་བའི་དོན་བཤད། དེས་ན་ཚིག་གཞན་བསྣན་མི་དགོས་པར་གྲུབ་པ་དང་གསུམ་ལས། དང་པོ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མ་མདོའི་གཞུང་ཀུན་གྱི་དགོངས་པར་འགྱུར་བའི་ཚད་མའི་དོན་ལྡོག་བསྟན་ཏེ། ཚད་མ་མདོར་ཚད་མའི་གྲངས་ངེས་འཆད་པའི་སྐབས་སུའང་མི་བསླུ་བའི་ཤེས་པ་རྣམས་ཚད་མའི་གྲངས་ངེས་ཀྱི་ཁོངས་སུ་གཏོགས་ཤིང་། བསླུ་བའི་ཤེས་པ་རྣམས་དེའི་ཁོངས་སུ་མི་གཏོགས་པར་གསུངས་པ་དང་། མངོན་སུམ་གྱི་སྐབས་སུའང་རྟོག་མེད་ཀྱི་ཤེས་པ་གཞིར་བཞག་ལ། མི་སླུ་བའི་ཤེས་པ་རྣམས་མངོན་སུམ་ཡང་དག་དང་། བསླུ་བའི་ཤེས་པ་རྣམས་མངོན་སུམ་ལྟར་སྣང་དུ་བཤད་པ་དང་། རྗེས་དཔག་གཉིས་ཀྱི་སྐབས་སུའང་བསྒྲུབ་བྱ་ལ་མི་བསླུ་བའི་གཏན་ཚིགས་རྣམས་གཏན་ཚིགས་ཡང་དག་དང་། བསྒྲུབ་བྱ་ལ་བསླུ་བའི་གཏན་ཚིགས་རྣམས་གཏན་ཚིགས་ལྟར་སྣང་དུ་བཤད་པའི་ཕྱིར།    རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*