རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར་བཞུགས། ཁ༽

དེའི་རྒྱུ་མཚན་གྱིས་སྐྱེས་བུ་ལས་གཞན་ལས་ཀྱི་ཁྱད་པར་རྣམས་ལ་འཚེད་པ་ཞེས་མཉན་པ་གཅིག་གི་རྒྱུ་མཚན་ཡིན་པའི་ཕྱིར། གཞན་ཡང་འཚེད་ལས་བཤོལ་དུས་ཀྱི་སྐྱེས་བུ་ཆོས་ཅན། འཚེད་པ་པོ་ཞེས་པའི་སྒྲ་མི་འཇུག་པར་ཐལ། འཚེད་པའི་ལས་ཀྱང་འགགས་ནས་གནས་པ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་ལས་ཀྱི་རིགས་ལས་ལ་འབྲེལ། ལས་ཀྱང་རྫས་ལ་འབྲེལ་བས་ལས་ཀྱི་རིགས་བརྒྱུད་ནས་རྫས་ལ་འབྲེལ་བའི་ཕྱིར་ན། རྫས་སྐྱེས་བུ་ལ་འཚེད་པ་པོ་ཞེས་པའི་སྒྲ་བློ་གཅིག་གི་རྒྱུ་ཡིན་ནོ་ཞེ་ན། ལས་བཤོལ་དུས་ན་ཆོས་ཅན། ལས་ཀྱི་རིགས་ལས་དང་མ་འབྲེལ་བར་ཐལ། ལས་ཞིག་ནས་མེད་པའི་ཕྱིར། འདོད་ན་ལས་ཀྱི་སྤྱི་ཆོས་ཅན། ལས་བཤོལ་དུས་ན་སྐྱེས་བུ་ལ་སྒྲ་བློ་གཅིག་འཇུག་པའི་རྒྱུ་ཡིན་པ་མི་རིགས་པར་ཐལ། ལས་ཀྱི་སྒོ་ནས་བརྒྱུད་ནས་ཀྱང་སྐྱེས་བུ་དང་འབྲེལ་བ་མེད་པའི་ཕྱིར་རོ། །ཁྱབ་སྟེ་འབྲེལ་པ་གྲུབ་པ་མིན་པ་ནི། དེ་ལ་སྒྲ་གཅིག་འཇུག་པའི་རྒྱུར་རིགས་པ་མིན་པའི་ཕྱིར་ཏེ། གལ་ཏེ་རིགས་ན་རྟ་ཡང་བ་གླང་ལ་སྒྲ་བློ་གཅིག་འཇུག་པའི་རྒྱུར་ཧ་ཅང་ཐལ་བའི་ཕྱིར་རོ། གལ་ཏེ་སྔར་བྱས་ཟིན་དང་། ཕྱིས་བྱེད་འགྱུར་གྱི་ལས་ད་ལྟ་སྒྲ་བློའི་རྒྱུ་ཡིན་ནོ་ཞེ་ན། སྔར་དང་ཕྱིས་ཀྱི་ལས་ཆོས་ཅན། ད་ལྟ་ཤེས་བརྗོད་དག་གི་རྒྱུ་མིན་པར་ཐལ་ཏེ། ད་ལྟ་མེད་པའི་ཕྱིར་རོ། །མ་ཁྱབ་ན་ཤེས་བརྗོད་དེ་དག་རྒྱུ་མཚན་ཅན་མ་ཡིན་པ་ཐོབ་པ་སྟེ་རྒྱུ་མེད་དུ་ཐལ། མེད་ན་དེའི་རྒྱུ་མིན་པས་མ་ཁྱབ་པའི་ཕྱིར་རོ། །གལ་ཏེ་ལས་ཀྱི་ནུས་པ་དེ་འཚེད་པའི་སྐྱེས་བུ་དུ་མ་ལ་འཚེད་པ་པོ་ཞེས་པའི་སྒྲ་བློ་གཅིག་གི་རྒྱུ་ཡིན་ནོ་ཞེ་ན། ལས་སོ་སོའི་ནུས་པ་དེ་ཡང་ཆོས་ཅན། དུ་མ་ལ་སྒྲ་བློ་གཅིག་གི་རྒྱུ་མ་ཡིན་པར་ཐལ། རྫས་གཞན་དང་གཞན་ལ་རྗེས་འགྲོ་མེད་པའི་ཕྱིར། གཉིས་པ་ནི་གལ་ཏེ་འཚེད་པ་པོ་ཉིད་ལ་སོགས་པའི་སྤྱི་གཅིག་ཡོད་པས་འཚེད་པ་པོ་དུ་མ་ལ་འཚེད་པ་པོ་ཞེས་པའི་སྒྲ་བློ་གཅིག་འཇུག་གོ་ཞེ་ན། འོ་ན་འཚེད་པའི་སྐྱེས་བུ་དེ་དག་ཆོས་ཅན། འཚེད་པའི་བྱ་བ་དང་མ་འབྲེལ་བའི་དང་པོ་སྐྱེས་མ་ཐག་ཉིད་དུ་འཚེད་པ་པོའི་སྒྲ་བློ་འཇུག་པར་ཐལ། དེའི་དུས་ན་འཚེད་པ་པོའི་སྤྱི་དེ་ཡོད་པའི་ཕྱིར་རོ། །རྟགས་ནི་ཁྱོད་ཀྱི་གཞུང་ལས་དོན་ལ་འཕྲོད་པ་འདུ་བའི་ཆོས་ཅན་གྱི་སྤྱི་ཇི་སྙེད་པ་དེ་དག་ནི་འདིའི་སྐྱེ་བ་དང་ལྷན་ཅིག་ཏུ་འཕྲོད་པ་འདུ་བ་ཙམ་ཡིན་ནོ་ཞེས་ཁས་བླངས་སོ། །གཞུང་དེ་ལས་འདས་ནས་དང་པོ་སྤྱི་དང་འབྲེལ་བ་མེད་ན་ནི་རྫས་སྐྱེས་བུ་དེ་ཆོས་ཅན། ཕྱིས་ཀྱང་སྤྱི་དང་འབྲེལ་བར་མི་འགྱུར་བར་ཐལ། ཕྱིས་ཀྱང་སྔར་གྱི་དེ་དང་ཁྱབ་པར་མེད་པའི་རྟག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རྫས་ལ་སྤྱི་དང་པོ་ནས་འབྲེལ་ཡང་མི་གསལ་བས་དང་པོ་ནས་སྒྲ་བློ་མི་འཇུག་གོ་ཞེ་ན། དང་པོ་ཆོས་ཅན། སྤྱི་དེ་གསལ་བར་འགྱུར་ཏེ། སྤྱི་སྣང་རུང་དུ་ཡོད་པའི་ཕྱིར། ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་དང་པོ་ནས་གསལ་བ་བཞིན་དུའོ། །གལ་ཏེ་དང་པོ་མི་གསལ་ཏེ་འཚེད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་ནས་སྤྱི་གསལ་བར་བྱེད་པ་ཡིན་པས་སོ་ཞེ་ན། རྫས་སྐྱེས་བུ་དེ་ཆོས་ཅན། ཁྱོད་ཀྱིས་སྤྱི་གསལ་བར་བྱེད་པ་བྱ་བ་ལྟོས་པ་མེད་པར་ཐལ། འགྱུར་བ་མེད་པའི་ཕྱིར། མ་གྲུབ་སྟེ། རྫས་འདི་ནི་རྐྱེན་ཀྱིས་ཕུལ་དུ་བྱུང་བར་བྱར་ཡོད་ན་ཡང་རྫས་ཆོས་ཅན། སྐད་ཅིག་མ་ཉིད་དུ་ཐལ། རྐྱེན་གྱིས་འགྱུར་བའི་ཕྱིར། འདོད་ན་རྫས་ཆོས་ཅན། ལས་ལ་ལྟོས་ནས་སྤྱི་རྟག་པ་གསལ་བར་བྱེད་པའི་བྱ་བ་གང་ལས་ཡོད་དེ་མེད་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར། གསུམ་པ་ཐ་དད་མཚུངས་ཡང་ཁྱད་པར་ཡོད་པ་ནི། འཚེད་པ་པོ་དུ་མ་དང་བུམ་སྣམ་སོགས་སྤྱི་དངོས་པོ་བ་མེད་པའི་ཐ་དད་དུ་མཚུངས་པ་ལ་འཚེད་པ་པོའི་སྒྲ་བློ་འཇུག་མི་འཇུག་མི་རིགས་སོ་སྙམ་ན། དེ་དག་ཐ་དད་དུ་མཚུངས་པ་ཡིན་ན་ཡང་འཚེད་པ་པོའི་གཞན་སེལ་བའི་རིགས་ཉེ་བ་དང་མི་ཉེ་བའི་རྒྱུ་མཚན་གང་གིས་སྐྱེས་བུ་འགའ་ཞིག་ལ་འཚེད་པ་པོའི་སྒྲ་བློ་གཅིག་རབ་ཏུ་འཇུག་ཅིང་། གཞན་བུམ་སྣམ་སོགས་ལ་འཇུག་པ་མ་ཡིན་ཏེ། གཞན་སེལ་དེ་ཉིད་སྤྱིའི་སྒྲ་དང་། ཤེས་པ་འཇུག་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །གཉིས་པ་སྤྱི་དངོས་དབང་གིས་འབྲས་བུ་གཅིག་པ་དགག་པ་ལ་གཉིས་ཏེ། སེར་སྐྱ་པ་ཡི་འདོད་པ་བརྗོད། །དེ་ཉིད་འགོག་བྱེད་རྒྱས་པར་བཤད་པའོ། །དང་པོ་ནི་སེར་སྐྱ་པ་ན་རེ་གལ་ཏེ་ལྡོག་པ་གཞན་སེལ་བ་སྤངས་པ་སྟེ་མ་གཏོགས་པའི་དངོས་པོའི་རྗེས་འགྲོ་དངོས་པོ་རྣམས་ཀྱི་ངོ་བོ་གཅིག་པ་གཞན་མེད་ན་གཅིག་ས་བོན་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མྱུ་གུ་དེ་ཆུ་ལུད་སོགས་གཞན་གྱི་འབྲས་བུར་འགྱུར་བ་མིན་པར་ཐལ། ཆུ་ལུད་སོགས་ལས་ཤིན་ཏུ་ཐ་དད་ཡིན་པའི་ཕྱིར། དེས་ན་དུ་མའང་རང་བཞིན་གཅིག་པར་འབྲས་བུ་གཅིག་བྱེད་དོ་ཞེ་ན། གཉིས་པ་ལ་གཉིས་ཏེ། གྲངས་ཅན་ལུགས་ཉིད་རིགས་པས་དགག དེ་ཡིས་འཛེམ་མེད་པ་ཡང་ཁེགས་པའོ། །དང་པོ་ལ་གསུམ་སྟེ་རང་བཞིན་གཅིག་པ་འཇུག་ཡུལ་མིན། །འཇུག་ཡུལ་རང་མཚན་ཁོ་ནར་བསྟན། །འཇུག་ཚུལ་སྤྱི་གཉིས་ཡོད་མེད་དཔྱད་པའོ། །དང་པོ་གསུམ་སྟེ། རང་བཞིན་གཅིག་གིས་བསྐྱེད་པ་དགག །དངོས་རྣམས་རང་བཞིན་གཅིག་པ་དགག །རང་བཞིན་རྣམ་འགྱུར་གཅིག་པ་དགག་པའོ། །དང་པོ་ལ་གསུམ་སྟེ། གཅིག་གིས་བསྐྱེད་ན་རྐྱེན་དོན་མེད། །དུ་མས་བསྐྱེད་ན་སྤྱི་དོན་མེད། །དུ་མས་བསྐྱེད་ཀྱང་ཁྱད་པར་ཡོད་པའོ། །དང་པོ་ནི། གལ་ཏེ་བདག་ཉིད་གཅིག་པ་སྤྱི་གཙོ་བོ་ཡོད་པ་ཡིས་ཆུ་ལུད་སོགས་དུ་མ་འབྲས་བུ་མྱུ་གུ་གཅིག་བྱེད་ན་མྱུ་གུ་ཆོས་ཅན། ཁྱོད་བསྐྱེད་པ་ལ་ལྷན་ཅིག་བྱེད་པའི་རྐྱེན་ཆུ་ལུད་སོགས་དོན་མེད་པར་འགྱུར་བར་ཐལ། ས་བོན་གྱི་བདག་ཉིད་གཅིག་ལའང་ཁྱོད་སྐྱེད་པར་ནུས་པའི་ཕྱིར་ཏེ། སྤྱི་གཙོ་བོ་དེ་ཡོད་པའི་ཕྱིར། དེ་ཉིད་གཞུང་འཛུགས་པ་ནི་ས་བོན་ཆོས་ཅན། རྟག་ཏུ་མྱུ་གུ་བསྐྱེད་ནུས་པར་ཐལ། མྱུ་གུ་དངོས་སུ་བསྐྱེད་ནུས་ཀྱི་ཐ་དད་མེད་པའི་ངོ་བོ་སྤྱི་གཙོ་བོ་དེ་ལས་གཞན་དུ་མི་འགྲོ་བར་དེའི་རང་བཞིན་ཡིན་པའི་ཕྱིར། ཁྱད་པར་ཏེ་ལྷན་ཅིག་བྱེད་རྐྱེན་ཆོས་ཅན། མྱུ་གུ་བསྐྱེད་པ་ལ་ངེས་པར་དགོས་པ་མ་ཡིན་པར་ཐལ། ས་བོན་གྱི་རང་བཞིན་དུ་གྱུར་པའི་གཙོ་བོ་དེ་དང་ལྷན་ཅིག་ཏུ་རྣམ་པར་གནས་པའི་ངེས་པ་དང་བྲལ་བའི་ཕྱིར། གཉིས་པ་ནི། གོང་གི་ལྷན་ཅིག་བྱེད་རྐྱེན་དོན་མེད་དུ་ཐལ་བར་འདོཾད་ནཾ། འབྲས་བུ་མྱུ་གུ་དེ་དག་ཆོས་ཅན། རྐྱེན་གྱི་བྱེ་བྲག་རྣམས་ལས་འབྱུང་སྟེ། རྐྱེན་རྣམས་ཚོགས་ན་སྤྱི་གཙོ་བོ་མེད་ཀྱང་འབྱུང་ཞིང་རྐྱེན་དེ་དག་ལས་གང་རུང་གཅིག་དང་བྲལ་ནའང་འབྱུང་བ་མེད་པའི་ཕྱིར། གང་ཞིག་གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་གཙོ་བོ་དེ་ལས་འབྲས་བུ་མྱུ་གུ་མི་འབྱུང་སྟེ། དོན་འབྲས་བུ་བྱེད་པ་སྟེ་སྐྱེད་པར་ནུས་པ་གང་ཡིན་པ་དེ་ཉིད་ནི་དོན་དམ་པར་ཡོད་པ་ཡིན་ཅིང་། དོན་དམ་པར་ཡོད་པ་དེ་ཡང་ཕན་ཚུན་རྗེས་འགྲོ་མེད་པའི་ཕྱིར། ཚིགས་བཅད་འདིས་ནི་དངོས་པོ་དང་སྤྱིའི་གཞི་མཐུན་དང་། དོན་བྱེད་ནུས་པ་ཡིན་ན་དོན་དམ་པར་དོན་བྱེད་ནུས་པ་ཡིན་པས་མ་ཁྱབ་པ་གཉིས་ཀ་བཀག་པར་ཤེས་པར་བྱའོ། །གསུམ་པ་ནི། གལ་ཏེ་མྱུ་གུ་བསྐྱེད་པའི་ས་བོན་ལས་ཐ་དད་པའི་ཆུ་ལུད་སོགས་ཀྱིས་ཀྱང་མྱུ་གུ་བསྐྱེད་ན་ནས་ཀྱི་ས་བོན་སོགས་ཐམས་ཅད་སཱ་ལུའི་མྱུ་གུ་སོགས་སྐྱེད་པ་པོར་འགྱུར་ཏེ། ཐ་དད་པར་ཁྱད་པར་མེད་པའི་ཕྱིར་ཞེ་ན། རང་བཞིན་གཅིག་གིས་བསྐྱེད་ན་ཧ་ཅང་ཐལ་བ་དེས་ན་ནས་ཀྱི་ས་བོན་དང་སཱ་ལུའི་ས་བོན་བདག་ཉིད་ཐ་དད་དུ་མཚུངས་ཀྱང་སཱ་ལུའི་ས་བོན་སོགས་འགའ་ཞིག་ཆོས་ཅན། སཱ་ལུའི་མྱུ་གུའི་རྒྱུ་ཡིན་གྱི་གཞན་པ་ནས་ཀྱི་ས་བོན་སཱ་ལུའི་མྱུ་གུའི་རྒྱུ་མ་ཡིན་ཏེ། དེ་ལྟ་བུ་འདི་དངོས་པོའི་རང་བཞིན་ནམ་ཆོས་ཉིད་ཡིན་པའི་ཕྱིར། གཉིས་པ་དངོས་རྣམས་རང་བཞིན་གཅིག་པ་དགག་པ་ལ་ལྔ་སྟེ། ཐལ་བ་འགོད་ཅིང་ཉེས་སྤོང་དགག །སེལ་བའི་སྤྱི་ལ་མཚུངས་པ་སྤང་། །རང་མཚན་སྐྱེད་བྱེད་མིན་པ་སྤང་། །དུ་མས་བསྐྱེད་ལ་གནོད་བྱེད་མེད། །གཅིག་གིས་བསྐྱེད་ལ་གནོད་བྱེད་ཡོད་པའོ། །དང་པོ་ནི། དངོས་པོ་ཐམས་ཅད་རང་བཞིན་ཐ་དད་མེད་པ་གཅིག་ཉིད་ཡིན་ན། སྔ་ཕྱིར་འབྱུང་བའི་དངོས་པོ་སྣ་ཚོགས་རྣམས་ཆོས་ཅན། ཅིག་ཆར་སྐྱེ་འཇིག་ཏུ་འགྱུར་བར་ཐལ། རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་ཐ་དད་གཏན་མེད་མ་ཡིན་གྱི་སྤྱི་གཙོ་བོ་དེ་ལས་གནས་སྐབས་ཐ་དད་དུ་ཡོད་པས་ཅིག་ཆར་སྐྱེ་འཇིག་བྱེད་པ་དེ་ལྟར་མི་འགྱུར་ཏེ། གནས་སྐབས་མི་རྟག་ཀྱང་རང་བཞིན་རྟག་པའི་ཕྱིར་ཞེ་ན། གཙོ་བོའི་བདག་ཉིད་ཆོས་ཅན། ཁྱད་པར་དེའི་རང་བཞིན་དུ་གཅིག་པ་མིན་པར་ཐལ། ཁྱད་པར་གཅིག་འཇིག་པའི་ཚེ་ཁྱོད་མི་འཇིག་པར་གནས་ན་སྟེ་གནས་པའི་ཕྱིར། འདོད་ན་སྤྱི་དང་ཁྱད་པར་དོན་ལ་ཐ་དད་དུ་འགྱུར་ལ་དེ་ལྟར་ན། སྤྱི་དང་ཁྱད་པར་ཆོས་ཅན། ཁྱད་པར་འདིའི་སྤྱི་འདི་ཞེས་སམ། སྤྱི་འདིའི་ཁྱད་པར་འདིའོ་ཞེས་པའི་སྒྲ་བློ་དོན་མཐུན་འཇུག་པར་མི་འགྱུར་བར་ཐལ། ཕན་ཚུན་ལྟོས་པ་མེད་པའི་རྫས་ཐ་དད་ཡིན་པ་དེས་ན་སྟེ་དེའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གསལ་བ་འཇིག་པའི་ཚེ་སྤྱི་འཇིག་མི་འཇིག་བརྟགས་པའི་ཉེས་པ་དེ་སེལ་བའི་སྤྱི་ལའང་མཚུངས་ཏེ། སེལ་བའི་སྤྱིའང་གསལ་བ་གཅིག་ཞིག་པས་འཇིག་པ་ལྟར་ན་གསལ་བ་ལྷག་མ་སྤྱི་མེད་དུ་འགྱུར་ལ། མི་འཇིག་ན་སྤྱི་དང་ཁྱད་པར་རྫས་ཐ་དད་དུ་འགྱུར་རོ་ཞེ་ན། འདིར་སེལ་བའི་སྤྱི་ལ་དེ་མིན་ལས་ལྡོག་པ་སེལ་ངོར་གསལ་བ་ཀུན་ལ་ཡོད་པ་ལ་སེལ་བར་བྱས་པ་དང་། རྟོག་པའི་གཟུགས་བརྙན་སེལ་བར་བྱེད་པ་པོ་ལ་སེལ་བའི་མིང་གིས་བཏགས་པ་གཉིས་ལས། དང་པོའི་དབང་དུ་བྱས་ན་ལྡོག་པའི་སེལ་བ་དེ་ཆོས་ཅན། གསལ་བ་གཅིག་ཞིག་པ་ན་ཁྱོད་དོན་ལ་གནས་པ་དང་མི་གནས་པའི་དངོས་པོ་གང་ཡིན་ཞེས་བརྟག་པར་རིགས་པ་མ་ཡིན་ཏེ། ཁྱོད་ངོ་བོ་ཉིད་མེད་པའི་ཕྱིར། གཉིས་པའི་དབང་དུ་བྱས་ན་དུ་མ་ལ་གཅིག་ཏུ་རྟོག་པའི་སྤྱིའི་བློ་ཡང་ཆོས་ཅན། གསལ་བ་གཅིག་ཞིག་པ་ན་ཁྱོད་དོན་ལ་གནས་པའམ་མི་གནས་པའི་དངོས་པོ་གང་ཡིན་ཞེས་པའི་སྒོ་ནས་སུན་དབྱུང་བ་ཡང་མེད་དེ། ཁྱོད་ལ་ཕྱི་རོལ་གྱི་གསལ་བར་སྣང་བ་ནི་བསླད་པ་འཁྲུལ་ཤེས་ཡིན་གྱི་ཕྱི་རོལ་གྱི་གསལ་བ་དང་རྫས་གཅིག་མ་ཡིན་པར་ཤེས་པའི་རྫས་ཡིན་པའི་ཕྱིར། འདི་ནི། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་གསུངས་པ་དང་དོན་གཅིག་གོ །འདིར་བོད་དག་དོན་རང་མཚན་ལ་སེལ་བར་བྱས་པ་དང་། དེ་མིན་ལས་ལྡོག་པའི་མེད་དགག་ལ་སེལ་བར་བྱས་པ་དང་། རྟོག་པའི་གཟུགས་བརྙན་སྒྲའི་དངོས་ཀྱི་བརྗོད་བྱ་ལ་སེལ་བར་བྱས་པ་གསུམ་ལས། དང་པོའི་དབང་དུ་བྱས་ན་གསལ་བ་དང་སྐྱེ་འཇིག་ཅིག་ཆར་དུ་བྱེད་ཅེས་པ་ཁ་བསྐང་། གཉིས་པའི་དབང་དུ་བྱས་ནས་ཚིག་རྐང་དང་པོ་གཉིས། གསུམ་པའི་དབང་དུ་བྱས་ནས་རྐང་པ་ཕྱི་མ་གཉིས་ཏེ་དེ་ཡང་སྤྱིའི་བློ་ཆོས་ཅན། ཁྱོད་ཀྱིས་སྒྲོ་བཏགས་པའི་སྤྱི་དེ་གསལ་བ་གཅིག་ཞིག་པ་ན་དོན་ལ་གནས་མི་གནས་དཔྱད་པའི་སྒོ་ནས་སུན་དབྱུང་དུ་མེད་དེ། བསླང་པ་ཡིན་པས་རང་གིས་སྒྲོ་བཏགས་པའི་སྤྱི་དེ་བདེན་པར་མེད་པའི་ཕྱིར། ཞེས་འཆད་པ་ནི་རྒན་པོའི་ཟེར་སྒྲོས་ཚད་མར་བྱས་པས་གཞུང་གི་དགོངས་པ་མ་ལོན་པ་སྟེ། དང་པོ་ཁ་བསྐང་བ་ཡང་དགོས་པ་མེད་པའི་ཕྱིར་དང་། ལྡོག་པའི་གཞན་སེལ་ལ་མེད་དགག་གིས་ཁྱབ་པ་ནི་སྤྱི་དོན་དུ་བཀག་ཟིན་པའི་ཕྱིར་དང་། གསུམ་པ་སྤྱིའི་བློས་སྒྲོ་བཏགས་པའི་སྤྱི་ལ་སྦྱར་བ་ནི། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པ་དང་ཁྱད་པར་མི་སྣང་བའི་ཕྱིར་རོ། །གསུམ་པ་ནི་ཆུ་ལུད་ལ་སོགས་པ་ཆོས་ཅན། ཁྱོད་ཀྱིས་མྱུ་གུ་ཇི་ལྟར་བསྐྱེད་དེ་མི་སྐྱེད་པར་ཐལ། མྱུ་གུ་དེའི་སྐྱེད་བྱེད་ས་བོན་གྱི་ངོ་བོ་གང་ཡིན་པ་དེ་ལས་གཞན་པ་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རང་བཞིན་ཐ་དད་པའི་ཁྱད་པར་ཆུ་ལུད་སོགས་ཉིད་མྱུ་གུ་སྐྱེད་བྱེད་ཡིན་ཞེས་བརྗོད་ཟིན་པའི་ཕྱིར། གལ་ཏེ་ཁྱད་པར་དེ་རྣམས་ལ་རང་བཞིན་ཐ་དད་མིན་པ་སྤྱི་གཙོ་བོའང་ཡོད་པས་མྱུ་གུ་གཅིག་བྱེད་ཀྱིས་ཁྱད་པར་རྣམས་ཀྱིས་མ་ཡིན་ནོ་ཞེ་ན། རང་བཞིན་གཅིག་པོ་དེས་མྱུ་གུ་དེ་བསྐྱེད་པ་མ་ཡིན་ཏེ། དེ་མྱུ་གུ་བསྐྱེད་པ་ལ་ལྷན་ཅིག་བྱེད་རྐྱེན་དོན་མེད་དུ་ཐལ་བ་བརྗོད་ཟིན་པའི་ཕྱིར་རོ། །དེས་ན་ས་བོན་སོགས་ཆོས་ཅན། ཐ་དད་བྱ་ཡིན་ཏེ་རང་བཞིན་ཐ་དད་ཡིན་ཏེ། བློ་མ་འཁྲུལ་བ་ལ་སྣང་བའང་ཕན་ཚུན་གཅིག་གི་རང་བཞིན་སྟེ་གཞན་ལ་མི་བརྟེན་པར་སོ་སོར་སྣང་བའི་ཕྱིར། འང་གིས་སྐྱེ་འགག་ཀྱང་ཐ་དད་དུ་བྱེད་པ་སྡུད་དོ། །དེས་ན་ས་བོན་ལ་སོགས་པའི་ཁྱད་པར་དེ་ཉིད་དོན་དམ་པར་ཡོད་པ་དང་། ཁྱད་པར་དེ་ནི་གཞན་ལས་ལོག་པ་ཡིན་པ་དང་། ཁྱད་པར་དེ་ནི་སྐྱེད་བྱེད་ཀྱི་རྒྱུ་དང་བསྐྱེད་བྱའི་འབྲས་བུར་བཤད་ཅིང་ཁྱད་པར་དེ་ནི་རང་གི་མཚན་ཉིད་དུ་འདོད་ལ་ཁྱད་པར་དེ་ནི་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་ཐམས་ཅད་ཀྱིས་འཇུག་པའི་ཡུལ་ཡང་ཡིན་ཏེ། དེ་ལ་བླང་དོར་བྱས་ན་འབྲས་བུ་འབྱུང་བ་ཅན་ཡིན་པས་སོ། །སྤྱི་གཙོ་བོ་ནི་དེ་ལྟར་མ་ཡིན་པས་འབྲས་བུ་སྐྱེད་བྱེད་མ་ཡིན་ནོ། །བཞི་པ་ནི། ཐ་དད་དུ་ཁྱད་པར་དུ་མེད་ན་ཡང་ནས་ཀྱི་ས་བོན་སོགས་ཐམས་ཅད་སཱ་ལུའི་མྱུ་གུ་སོགས་ཀུན་གྱི་སྒྲུབ་བྱེད་མ་ཡིན་ཏེ། ཐ་དད་དུ་ཁྱད་པར་མེད་ན་ཡང་དངོས་པོའི་ཆོས་ཉིད་ཀྱིས་སཱ་ལུའི་ས་བོན་སོགས་འགའ་ཞིག་ཁོ་ན་སཱ་ལུའི་མྱུ་གུ་སོགས་འགའ་ཞིག་གི་བྱེད་པ་པོར་འགྱུར་གྱི་ནས་ཀྱི་མྱུ་གུ་སོགས་ནི་དེའི་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་ན་གྲངས་ཅན་ཁྱོད་རང་གི་ལུགས་ལ་དངོས་པོ་ཐམས་ཅད་རང་བཞིན་ཐ་དད་མེད་པར་ཁྱད་པར་མེད་ན་ཡང་རྒྱུ་ཐམས་ཅད་འབྲས་བུ་ཀུན་གྱི་སྒྲུབ་བྱེད་མིན་པ་དེ་བཞིན་ནོ། །ལྔ་པ་ནི། དངོས་པོ་ཐམས་ཅད་རང་བཞིན་ཐ་དད་མེད་པར་གཅིག་ཉིད་ཡིན་ན་ཡང་ནས་ཀྱི་ས་བོན་དང་སཱ་ལུའི་ས་བོན་ཆོས་ཅན། སཱ་ལུའི་མྱུ་གུ་གཅིག་ཉིད་ཀྱི་བྱེད་པ་དང་མི་བྱེད་པའི་ཆ་གཉིས་སོ་སོར་ཡོད་པར་འགལ་བར་འགྱུར་ཏེ། རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་ནས་ཀྱི་ས་བོན་ཆོས་ཅན། སཱ་ལུའི་མྱུ་གུ་བསྐྱེད་པའི་བྱ་བ་མེད་པ་མི་འགལ་ཏེ། སཱ་ལུའི་ས་བོན་ལས་གནས་སྐབས་ཐ་དད་དུ་ཡོད་པ་དེའི་ཕྱིར་ཅེ་ན། ལྷན་ཅིག་བྱེད་རྐྱེན་ཆུ་ལུད་ཆོས་ཅན། སཱ་ལུའི་མྱུ་གུ་མི་སྐྱེད་པར་ཐལ། གཏན་ཚིགས་སྔ་མ་དེའི་ཕྱིར། འོན་ཏེ་གཙོ་བོ་གཅིག་པོ་དེ་ཉིད་རྒྱུ་སྣ་ཚོགས་ཀྱི་ཚུལ་དུ་རིམ་གྱིས་ཞུགས་ནས་འབྲས་བུ་སྣ་ཚོགས་རིམ་བཞིན་བྱེད་པ་པོ་ཉིད་ཡིན་ནོ་ཞེ་ན། རིམ་གྱིས་བྱེད་པ་དེ་ཅི། གཙོ་བོ་དངོས་པོ་བ་གཅིག་པུ་དེ་ཉིད་ཀྱིས་ཡིན་པའམ་གཞན་གྱིས་ཡིན། དང་པོ་ལྟར་ན་མི་འཐད་དེ། རྟག་པས་འབྲས་བུ་སྐྱེད་ན་ཅིག་ཅར་སྐྱེད་དགོས་པའི་ཕྱིར། ཕྱི་མ་ལྟར་ན་གཙོ་བོ་དོན་མེད་དོ། །གསུམ་པ་རང་བཞིན་རྣམ་འགྱུར་གཅིག་པ་དགག་པ་ནི། བྱེ་བྲག་དེ་དང་ལྡན་པའི་སྤྱི་དངོས་པོ་བ་ཆོས་ཅན། ཤིན་ཏུ་ནི་ཐ་དད་པ་དུ་མར་འགྱུར་བར་ཐལ། དུ་མ་དང་དོན་ལ་གཅིག་ཡིན་པའི་ཕྱིར། ཡང་བྱེ་བྲག་དུ་མ་ཆོས་ཅན། ཐ་དད་དུ་མེད་པའི་གཅིག་ཏུ་འགྱུར་བར་ཐལ། སྤྱི་གཅིག་དང་དོན་ལ་གཅིག་ཡིན་པའི་ཕྱིར། འམ་ནི་ཕྱི་མ་འདྲེན་པ་སྟེ་སྤྱི་དང་ཁྱད་པར་གྱི་རྣམ་གྲངས་ཆོས་ཅན། ཕན་ཚུན་རང་བཞིན་ཐ་དད་དུ་འགྱུར་བར་ཐལ། འདྲ་བ་དང་མི་འདྲ་བའི་བདག་ཉིད་ཅན་གཉིས་ཡིན་པའི་ཕྱིར་རོ། །གལ་ཏེ་སྤྱི་དང་ཁྱད་པར་གཉིས་པོ་དེ་ཡང་རིམ་པ་ལྟར་ནུས་པ་དང་གསལ་བའི་བདག་ཉིད་ཡིན་པས་ཐ་དད་དུ་འགྱུར་རོ་ཞེ་ན། སྤྱི་དང་ཁྱད་པར་གཉིས་པོ་ཆོས་ཅན། རང་བཞིན་ཐ་དད་པ་ཉིད་དུ་འགྱུར་བར་ཐལ། གསལ་བ་དང་ནུས་པའི་བདག་ཉིད་གང་གིས་རིམ་པ་ལྟར་འདི་ནི་དེ་དག་གི་ཁྱད་པར་རོ། །འདི་ནི་དེ་དག་གི་སྤྱི་ཞེས་བྱ་བ་དེ་འཇོག་ཅིང་གལ་ཏེ་ནུས་པ་དང་གསལ་བ་དེས་ཁྱེད་དེ་དག་ཐ་དད་ན་སྟེ་ཐ་དད་པའི་ཕྱིར་རོ། །འདོད་པ་དེ་ལྟ་ནའང་སྤྱི་དང་ཁྱད་པར་དུ་འདོད་པ་གཉིས་པོ་དེའང་ཆོས་ཅན། ཁྱད་པར་སྤྱི་ཅན་དང་སྤྱི་ཁྱད་པར་ཅན་ཞེས་འབྲེལ་པ་ཅན་དུ་མི་འགྱུར་བར་ཐལ། ཕན་ཚུན་མ་ལྟོས་པའི་དོན་གཞན་ཡིན་པའི་ཕྱིར་ཏེ། དཔེ་ཇི་ལྟར་ན་བུམ་པ་དང་སྣམ་བུ་སོགས་ཕན་ཚུན་མི་ལྡན་པ་བཞིན་ནོ། །གཉིས་པ་འཇུག་ཡུལ་རང་མཚན་ཁོ་ནར་བསྟན་པ་ནི་བསྒྲུབ་བྱ་བ་ལང་དེའི་འབྲས་བུ་འདོད་པ་ཅན་གྱི་སྐྱེས་བུ་འདི་ནི་ཆོས་ཅན། བ་ལང་གི་དོན་བྱེད་པ་དེའི་རྟེན་རང་མཚན་ཐ་དད་དང་ཐ་དད་མེད་པ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་པ་ལས་རང་གི་བདག་ཉིད་ཐ་དད་པའི་རང་མཚན་ལ་འཇུག་རིགས་ཏེ། བ་ལང་རང་མཚན་པ་གང་གི་བདག་ཉིད་འདུན་ཏེ་དམིགས་ཡུལ་དུ་བྱས་ནས་ཁྱོད་འཇུག་པར་འགྱུར་བའི་ཕྱིར། གསུམ་པ་འཇུག་ཚུལ་སྤྱི་གཉིས་ཡོད་མེད་བཤད་པ་ནི། བ་ལང་རང་མཚན་པ་ལ་འཇུག་པའི་ཚེ་ན་ཡང་གཞན་སེལ་གྱི་སྒོ་ནས་འཇུག་རིགས་ཀྱི་སྤྱི་དངོས་པོ་བའི་སྒོ་ནས་འཇུག་མི་རིགས་ཏེ། སེལ་ངོར་ལྡོག་པ་མཚུངས་པ་ཉིད་ཀྱི་སྤྱི་དག་ནི་གསལ་བ་རྣམས་ལ་ཡོད་པ་ཉིད་ཡིན་གྱི་གསལ་བའི་དངོས་པོ་ཕན་ཚུན་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་གཅིག་ནི་མེད་པའི་ཕྱིར་ཏེ། ཡོད་ན་བ་ལང་དོན་གཉེར་གྱི་སྐྱེས་བུ་བུམ་སྣམ་ལ་འཇུག་པ་དང་ལ་སོགས་པ་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་དེ་ཡིས་འཛེམ་མེད་པ་ཡང་ཁེགས་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས་པར་བསྟན། འགོག་བྱེད་རིགས་པ་གཞན་ཡང་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་བདག་ཐ་དད་རིགས་པས་ཁེགས། འཇུག་པ་འཆོལ་བའི་རིགས་པས་ཁེགས་པའོ། །དང་པོ་ནི། གྲངས་ཅན་དངོས་པོ་ཐམས་ཅད་རང་བཞིན་གཅིག་ཏུ་འདོད་པ་བཀག་པའི་རིགས་པ་དེ་ཉིད་ཀྱིས་ནི་ལོག་རྟོག་གཞན་ཡང་ཁེགས་ཏེ། འཛེམ་མེད་པ་སྟེ་གཅེར་བུ་པ་དག་མུན་པ་གཏི་མུག་གིས་སྤྲུལ་པའི་གྲུབ་མཐའ་གང་ཅི་ཡང་རུང་བ་ཞོ་རྔ་གཉིས་པོ་རང་བཞིན་གཅིག་དང་གནས་སྐབས་ཐ་དད་དུ་སྨྲ་བ་དེ་དག་ཀྱང་ནི་བསལ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཞོ་རྔ་གཉིས་པོ་ཆོས་ཅན། རང་བཞིན་གཅིག་མ་ཡིན་ཏེ། མཐའ་གཅིག་པ་སྟེ་ཤིན་ཏུ་ཐ་དད་པ་ནི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ཞོ་རྔ་ཐམས་ཅད་རང་གཞན་གཉིས་ཀའི་ངོ་བོ་ཉིད་ཡིན་ན། ཞོ་དོན་གཉེར་གྱི་སྐྱེས་བུ་ཆོས་ཅན། ཞོ་འཐུང་ཞེས་ནི་གཞན་གྱིས་བསྐུལ་བ་ན་ཅིའི་ཕྱིར་རྔ་མོ་འཐུང་བ་ལ་མི་རྒྱུག་སྟེ་རྒྱུག་རིགས་པར་ཐལ། ཞོ་འཐུང་བ་ལ་རྒྱུག་རིགས་པའི་ཕྱིར། ཁྱབ་པ་ཁས་ཏེ། ཞོ་རྔ་དེའི་ཁྱད་པར་ཐ་དད་པ་བསལ་བའི་ཕྱིར། འོན་ཏེ་ཁ་དོག་དཀར་བ་དང་འོ་མའི་རྣམ་འགྱུར་ལ་སོགས་པ་རྔ་མོ་ལས་ཕུལ་དུ་བྱུང་བ་འགའ་ཞིག་ཡོད་པ་གང་གིས་ཁྱད་པར་ཞོ་ལ་འཇུག་པར་འགྱུར་ཞེ་ན། ཞོ་ཆོས་ཅན། ཞོ་རྔ་གཉིས་ཀ་མ་ཡིན་པར་རྔ་མོ་ལས་གཞན་ཡིན་པར་ཐལ། ཁ་དོག་དཀར་བ་དང་འོ་མའི་རྣམ་འགྱུར་དེ་ཉིད་ཁྱོད་ཡིན་ཅིང་དེ་གཞན་རྔ་མོ་ལ་མེད་པའི་ཕྱིར། གཉིས་པ་ནི། ཞོ་རྔ་ཐམས་ཅད་རང་གཞན་ཀུན་གྱི་བདག་ཉིད་ཡིན་ན་ཞོ་རྔ་གཉིས་པོ་ཆོས་ཅན། བློ་སྒྲ་ཐ་དད་པ་འཇུག་པར་མི་འགྱུར་བར་ཐལ། རང་བཞིན་གཅིག་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཞོ་སྒྲ་རྟོག་དངོས་པོའི་དབང་གིས་འཇུག་པར་འདོད་པས་སོ། །འདོད་ན་གནས་སྐབས་ཐ་དད་རང་བཞིན་གཅིག་ཏུ་བསྡུས་པར་སྨྲ་བ་ཁྱོད་ལ་ཆོས་ཅན། གནས་སྐབས་ཐ་དད་རང་བཞིན་གཅིག་ཏུ་བསྡུས་པར་འགྱུར་བ་དེ་མི་སྲིད་པར་ཐལ། དངོས་པོ་ཐ་དད་དུ་ངེས་པ་དེ་མེད་པའི་ཕྱིར་ནའོ། །འདི་ཡན་ཆད་དུ་གཞན་ལུགས་འགོག་པའི་སྐབས་ཀྱི་སྤྱི་ཐམས་ཅད་ནི་སྤྱི་དངོས་པོ་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དངོས་མེད་གཞན་སེལ་སྒྲའི་སྒོ་ནས་བཤད་པ་ནི། དངོས་པོ་ལ་རང་གི་ངོ་བོ་ཡོད་པས་ཡུལ་ཅན་གྱི་སྒྲ་རྟོག་དངོས་པོའི་དབང་གིས་འཇུག་གམ་སྙམ་པའི་དོག་པ་སྲིད་ན་ཡང་དངོས་མེད་ཆོས་ཅན། ཁྱོད་བརྗོད་པའི་སྒྲས་ཁྱོད་ཀྱི་ངོ་བོ་དངོས་པོ་བ་བརྗོད་པར་བྱེད་པར་བྱ་བ་ཉིད་མ་ཡིན་ཏེ། ཁྱོད་ལ་ངོ་བོ་མེད་པའི་ཕྱིར། དེས་ན་དངོས་མེད་ཅེས་པའི་སྒྲ་ནི་ཆོས་ཅན། ཡུལ་གྱི་རིགས་མི་མཐུན་དེ་དག་ཉིད་རྣམ་པར་གཅོད་པའམ་གཞན་སེལ་བརྗོད་པར་བྱེད་པར་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་གང་ཞིག་ཡུལ་ལ་དངོས་པོའི་དབང་གིས་འཇུག་པ་མི་སྲིད་པའི་ཕྱིར། འདི་ནི་རིགས་གཏེར་ལས། དངོས་པོ་རྒྱུ་ལས་གྲུབ་པ་ནི། །དངོས་པོ་མེད་ལ་ལྟོས་མི་དགོས། །དངོས་མེད་རྒྱུ་ཡིས་མ་བསྐྱེད་པས། །དངོས་པོ་བཀག་ནས་བློ་ངོར་བསྒྲུབ། །ཞེས་གསུངས་ཏེ། དངོས་པོ་ཡིན་ན་རང་གི་ངོ་བོ་བདེན་པར་གྲུབ་པས་ཁྱབ་ཀྱང་ཡུལ་ཅན་གྱི་སྒྲ་རྟོག་སེལ་བས་འཇུག་པ་དང་། དངོས་མེད་ཡིན་ན་གཞན་སེལ་ཡིན་པས་ཁྱབ་པའི་དོན་ཏེ་གཞན་སེལ་གྱི་གནད་ལ་འདི་མེད་ཁ་མེད་དུ་དགོས་སོ། །གཉིས་པ་ངེས་གཞི་རྟགས་ཀྱི་དབྱེ་བ་བཤད་པ་ལ་གཉིས་ཏེ། ཁྱད་པར་དག་ལྟོས་གཉིས་སུ་དབྱེ། །དག་པ་བ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། འོ་ན་སྔར་བཤད་པའི་བསྒྲུབ་བྱའི་ཆོས་དང་རང་ཆས་སུ་འབྲེལ་པ་དེ་ངེས་པར་བྱ་བའི་རང་བཞིན་གྱི་གཏན་ཚིགས་དེ་ཇི་ལྟ་བུ་ཞེ་ན། བསྒྲུབ་བྱ་སྒྲ་མི་རྟག་པ་ལྟ་བུ་གཅིག་སྒྲུབ་པའི་ཕྱིར་དུ་བརྗོད་པའི་རང་བཞིན་གྱི་གཏན་ཚིགས་དེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ཁྱོད་ལ་རྟགས་ཀྱི་རང་ལྡོག་བློ་ལ་འཆར་བ་རྟགས་དེའི་ཁྱད་པར་བྱེད་ཆོས་ཀྱི་བྱེ་བྲག་གཞན་བློ་ཡུལ་དུ་འཆར་བ་ལ་ལྟོས་པའི་ལྟོས་པའམ་འོན་ཏེ་མི་ལྟོས་པའི་འབའ་ཞིག་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ནི། སྒྲ་འཇིག་པར་བསྒྲུབ་པ་ལ་འབྲས་བུ་བྱས་པའམ་རྩོལ་བྱུང་ངམ། སྐྱེ་ལྡན་རྟགས་སུ་བཀོད་པ་ལྟ་བུ་དང་། གཉིས་པ་ནི་ཡོད་པ་ཉིད་དང་དངོས་པོ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གྲངས་ཅན་པ་ན་རེ། གལ་ཏེ་ཡོད་པའི་རང་བཞིན་དེ་མི་རྟག་སོགས་བསྒྲུབ་པའི་གཏན་ཚིགས་སུ་རུང་ན་ཡོད་པ་དེ་གཙོ་བོ་ཡོད་པར་བསྒྲུབ་པའི་སྐབས་ཀྱི་བསྒྲུབ་བྱའང་ཇི་ལྟར་མ་ཡིན་ཏེ། ཡིན་པར་མཚུངས་པས་གཙོ་བོ་ཡོད་པར་བསྒྲུབ་ནུས་པ་ལ་གལ་ཏེ་ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་ཡོད་ཙམ་སྒྲུབ་ན་དགོས་པ་མེད་ལ། ཡོད་པའི་ཁྱད་པར་རྟག་གཅིག་ལ་སོགས་པར་ཡོད་པ་གྲུབ་ན་གཙོ་བོ་འགྲུབ་ཀྱང་ཁྱད་པར་དེ་འདྲ་བ་དེ་དཔེ་ལ་རྗེས་འགྲོ་མེད་པས་གཏན་ཚིགས་བསྒྲུབ་བྱའི་ཆོས་སུ་མི་རུང་ཞེས་པའི་སྐྱོན་མེད་དམ་ཞེ་ན། དེ་ནི་ཡོད་པ་རྟགས་སུ་བྱེད་པ་ལ་ཡང་མཚུངས་ཏེ། ཡོད་ཙམ་རྟགས་སུ་བྱེད་ན་དགོས་པ་མེད། ཡོད་པའི་ཁྱད་པར་སྒྲའི་ཡོད་པ་ལྟ་བུ་རྗེས་འགྲོ་མེད་པས་སོ། །དེས་ན་ཡོད་པའི་ཁྱད་པར་རྗེས་འགྲོ་མེད་པ་ནི་རྒྱུ་མཚན་གྱིས་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་གཉིས་ཀ་དག་ལས་ཉམས་པར་མཚུངས་སོ་ཤེ་ན། གཉིས་པ་ལ་བཞི་སྟེ། བསྒྲུབ་བྱར་བཟུང་ན་བསྒྲུབ་བྱའི་མཚན་ཉིད་མེད། །རྟགས་སུ་བཟུང་ན་རྟགས་ཀྱི་མཚན་ཉིད་ཚང་། །བསྒྲུབ་བྱར་བཟུང་ན་སྒྲུབ་བྱེད་ཡང་དག་མེད། །རྟགས་སུ་བཟུང་ན་བསྒྲུབ་བྱ་གོ་བྱེད་ཡིན་པའོ། །དང་པོ་ནི། ཡོད་པ་བསྒྲུབ་བྱའི་ཆོས་ཡིན་ན། ཚད་མས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ཡོད་ཙམ་མམ། གཙོ་བོའི་སྟེང་དུ་རྟག་གཅིག་གིས་ཁྱད་པར་དུ་བྱས་པའི་ཡོད་པ་གང་བསྒྲུབ་བྱའི་ཆོས་ཡིན། དང་པོ་ལྟར་ན་གཙོ་བོ་ཡོད་མེད་རྩོད་པའི་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྤྱིའི་ཆོས་ཅན་ལ་ཡོད་པས་ཁྱད་པར་དུ་བྱས་པ་ཙམ་དུ་ནི་བསྒྲུབ་པར་བྱ་བ་དེ་ཆོས་ཅན། ཁྱོད་གཞན་དོན་བསྒྲུབ་བྱ་ཡང་དག་མ་ཡིན་པར་ཐལ། ཁྱོད་ལས་སྔར་རྒོལ་གྱི་དོན་འགའ་ཞིག་ཀྱང་འགྲུབ་པར་མི་འགྱུར་ཞིང་། ཁྱོད་དེ་འདྲ་བ་ཡང་ཕྱིར་རྒོལ་ལ་བཀག་པ་མེད་པའི་ཕྱིར། གཉིས་པ་ལྟར་ན་གཙོ་བོའི་སྟེང་དུ་ཁྱད་པར་རྟག་པ་ལ་སོགས་པའི་བདག་ཉིད་ཅན་གྱི་ཡོད་པ་བསྒྲུབ་བྱར་བཟུང་ན་ཁྱད་པར་དེ་ལྟ་བུ་དེ་ཆོས་ཅན། གཞི་འགའ་ཞིག་གི་སྟེང་དུ་རྟགས་ཀྱིས་མི་འགྲུབ་པར་ཐལ། དེ་སྒྲུབ་པའི་གཏན་ཚིགས་དེ་ཆོས་ལྡན་གྱི་དཔེ་གང་ལ་ཡང་རྗེས་སུ་འགྲོ་བ་མེད་པ་ཅན་དུ་འགྱུར་བའི་ཕྱིར། ཡོད་ཙམ་བསྒྲུབ་པ་ལ་དགོས་པ་མེད་པས་ཡོད་པ་བསྒྲུབ་བྱར་བྱེད་པ་ཡིན་ན་ཡོད་པ་དེ་རྟག་གཅིག་ལ་སོགས་པས་ཁྱད་པར་དུ་བྱས་པ་དག་ནི་བསྒྲུབ་བྱར་བྱེད་དགོས་པར་འགྱུར་ཞིང་ཁྱད་པར་དེ་ཆོས་ཅན་གང་གི་སྟེང་དུ་ཡང་བསྒྲུབ་པར་མི་ནུས་པས་ན་གཙོ་བོའི་སྟེང་དུ་ཡོད་པ་བསྒྲུབ་བྱར་མི་འཐད་དོ། །གཉིས་པ་ནི། གཏན་ཚིགས་སུ་བྱས་པ་ལ་ཡང་མཚུངས་སོ་ཞེ་ན། ཡོད་པ་དེའི་ཁྱད་པར་སྒྲའི་ཡོད་པ་ལྟ་བུ་རྟགས་སུ་བཟུང་བ་མེད་པར་དངོས་པོ་ཙམ་ཞིག་ནི་སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་བྱེད་དུ་བཀོད་པ་ན་དངོས་པོ་དེ་ཙམ་ཆོས་ཅན། སྒྲ་མི་རྟག་པ་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་རུང་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་རང་གི་མཐུན་དཔེ་ལ་ཁྱབ་བྱེད་རང་གི་བསྒྲུབ་བྱ་ཡི་ཆོས་མི་རྟག་པས་ཁྱབ་པ་རྗེས་སུ་འགྲོ་བ་ཉམས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། དངོས་པོར་ཡོད་པ་དེ་ཆོས་ཅན། གཙོ་བོའི་སྟེང་དུ་རྟགས་ཀྱིས་བསྒྲུབ་བྱར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། གཙོ་བོའི་སྟེང་དུ་ཁྱོད་བསྒྲུབ་པ་ལ་ཡོད་ཆོས་མེད་ཆོས་གཉིས་ཀའི་ཆོས་གང་ཡང་རྟགས་སུ་མི་རུང་བའི་ཕྱིར་རོ། །འདི་ལྟར་གཙོ་བོ་རང་མཚན་པ་དེ་ལ་དོན་བྱེད་ནུས་པ་ལ་སོགས་པ་ཡོད་ཆོས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་མེད་པར་ཐལ། གཙོ་བོ་རང་མཚན་པ་ཉིད་ཡོད་པ་མ་གྲུབ་པའི་ཕྱིར། ཡོད་མེད་གཉིས་ཀ་ལ་བརྟེན་པའི་ཆོས་ཤེས་བྱ་ཆོས་ཅན། གཙོ་བོ་རང་མཚན་པ་དངོས་པོར་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མིན་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བ་ཅན་ཡིན་པའི་ཕྱིར། མེད་པའི་ཆོས་དོན་བྱེད་མི་ནུས་པ་ལ་སོགས་པ་ནི་ཆོས་ཅན། ཐལ་བ་འདྲ། དངོས་པོར་ཡོད་པ་དང་འགལ་བ་ཡིན་པའི་ཕྱིར་ནའོ། །བཞི་པ་ནི། ཡོད་པ་གཏན་ཚིགས་སུ་ཡང་མི་རུང་སྟེ། ཡོད་ཆོས་སྒྲུབ་ན་ཤེས་འདོད་མེད། །གཉིས་ཀ་བསྒྲུབ་ན་ཁྱབ་པ་འཁྲུལ། །མེད་ཆོས་སྒྲུབ་ན་ཁྱབ་པ་འགལ་བའི་ཕྱིར་ཞེ་ན། ཡོད་པའི་རང་བཞིན་དེ་ལ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་གྲུབ་པ་སྟེ་ངེས་ན་གོ་བྱེད་ཡིན་ཅིང་ཡོད་པ་དེ་ལས་ཁྱབ་བྱེད་དུ་ངེས་པའི་རང་བཞིན་མི་རྟག་པ་ལྟ་བུ་དེ་བློས་ཀྱང་དེ་ལྟར་བུར་ངེས་པ་ནི་གོ་བྱའི་ཆོས་ཡིན་གྱི་དེ་ལྟར་མ་ངེས་པའི་ཡོད་ཆོས་ལ་སོགས་པ་ནི་བསྒྲུབ་བྱའི་ཆོས་མ་ཡིན་ཏེ། ཁྱབ་པ་མ་ངེས་པའི་རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་མི་ནུས་པའི་ཕྱིར་རོ། །དེས་ན་རྟགས་ཆོས་ཁྱབ་བྱ་ཁྱབ་བྱེད་དུ་ངེས་ན་ཆོས་འདི་ལྡོག་པ་ན་རྟགས་དེ་ལྡོག་པ་ངེས་པར་བྱེད་དེ། དཔེར་ན་རྗེས་འགྲོའི་ངག་གིས་མི་རྟག་པ་ཉིད་ཀྱིས་བྱས་པ་ལ་ཁྱབ་པར་ངེས་པ་ན་རྟག་ན་མ་བྱས་པས་ཁྱབ་པ་ཤུགས་ལ་ངེས་པའམ་ལྡོག་པའི་ངག་གིས་མ་བྱས་པས་ནི་མི་འཇིག་པ་ལ་ཁྱབ་པར་ངེས་པ་ན་བྱས་ན་མི་རྟག་པས་ཁྱབ་པ་ཤུགས་ལ་ངེས་པ་བཞིན་ནོ། །གཞུང་འདིའི་དོན་ཡོད་པ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་དུ་རུང་བའི་དཔེར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་དུ་རུང་བ་བཞིན་ཞེས་བརྗོད་པར་སྣང་བས་སྔ་མའི་འཕྲོས་དོན་དུ་གསལ་ཞིང་། རྣམ་ངེས་ལས། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་དེ་མ་ཐག་ཏུ། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །ཞེས་སོགས་སྨོས་ནས་བར་གྱི་གཞུང་འདི་མ་བྱུང་བས་ཀྱང་གྲུབ་བོ། །འདིར་ཡོད་པ་གཏན་ཚིགས་སུ་བཤད་པ་ནི་རྒྱ་གར་གྱི་ཡོད་པ་དང་དངོས་པོ་སྐད་དོད་གཅིག་པའི་དབང་དུ་བྱས་པ་ཡིན་ལ། བོད་དུ་ནི་གཞན་སེལ་གྱི་ཡོད་པ་དང་དོན་ལ་ཡོད་པ་གཉིས་ཀ་ལ་ཡང་ཡོད་པའི་ཐ་སྙད་གཞུང་ལུགས་ཆེན་པོ་རྣམས་སུ་གསུངས་པས་མི་རྟག་པ་སྒྲུབ་པའི་ཡོད་པ་ནི་དངོས་པོ་ཉིད་ལ་གཟུང་བར་བྱའོ། །གསུམ་པ་ངེས་བྱེད་ལྟོས་མེད་གཏན་ཚིགས་བཤད་པ་ལ་གཉིས་ཏེ། མཐུན་དཔེའི་སྟེང་དུ་རིགས་པ་སྟོན། །རིགས་པ་དེ་ཉིད་གཞན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་འགོད། ཕྱོགས་ཆོས་སྒྲུབ། གྲུབ་དོན་བསྡུ་བའོ། །དང་པོ་ནི། རང་བཞིན་གྱི་རྟགས་ཡང་དག་གི་གཏན་ཚིགས་ལ་བསྒྲུབ་བྱའི་ཆོས་རང་ཆས་སུ་འབྲེལ་པའི་བདག་གཅིག་གི་འབྲེལ་བ་གྲུབ་ན་སྔར་བཤད་པའི་གཏན་ཚིགས་བྱས་ཡོད་ལ་བསྒྲུབ་བྱའི་ཆོས་མི་རྟག་པ་རང་ཆས་སུ་ཇི་ལྟར་འབྲེལ་ཞེ་ན། ཐོག་མར་མཐུན་དཔེའི་སྟེང་དུ་བསྒྲུབ་པ་ནི། བུམ་པ་ཆོས་ཅན། རང་གི་འཇིག་པ་ནི་རང་གི་ངོ་བོས་ཏེ་རང་ཆས་སུ་རྗེས་སུ་འབྲེལ་པ་ཉིད་ཡིན་ཏེ། རང་གི་དངོས་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་མེད་པར་རང་གི་དངོས་རྒྱུ་ལས་རང་གི་འཇིག་པ་སྐྱེས་པའི་ཕྱིར་ནའོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་བསྒྲུབ། རང་རྒྱུད་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ནི། གཏན་ཚིགས་མ་གྲུབ་བོ་ཞེ་ན། བུམ་སོགས་ཀྱི་དངོས་པོ་རྣམས་ནི་ཆོས་ཅན། ངེས་པར་འགྱུར་བ་མེད་པར་མཐོང་བ་སྟེ་མི་འཇིག་པ་སྲིད་པར་ཐལ། རང་གི་འཇིག་པ་རང་གི་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། གལ་ཏེ་བུམ་པ་འཇིག་པ་དེའི་རྒྱུ་ཐོ་བ་ལ་སོགས་པ་མང་པོ་ཡོད་པས་འཇིག་པར་ངེས་སོ་ཞེ་ན། དེ་ལྟ་ན་ཡང་བུམ་པ་འགའ་ཞིག་ལ་ནི་ཆོས་ཅན། འཇིག་པ་མི་སྲིད་པར་འགྱུར་བར་ཐལ། འཇིག་རྒྱུ་ཐོ་བ་སོགས་དང་མ་ཕྲད་པ་སྲིད་པའི་ཕྱིར། གལ་ཏེ་འཇིག་རྒྱུ་ཕྱིས་འབྱུང་དང་ཕྲད་ཀྱང་རྒྱུ་ཙམ་གྱིས་རང་གི་འབྲས་བུ་དེ་བསྐྱེད་པར་མ་ངེས་པ་དེས་ན་བུམ་པའི་འཇིག་པ་ཕྱིས་རྒྱུ་དང་ལྡན་པར་སྨྲ་བ་རྣམས་ཀྱིས་བུམ་པའི་འཇིག་པའི་རྒྱུར་བརྟགས་པའི་ཐོ་བ་སོགས་ནི་ཐམས་ཅད་དག་ཆོས་ཅན། ཁྱོད་ཀྱིས་བུམ་པའི་འཇིག་པ་བསྐྱེད་པ་ལ་འཁྲུལ་པ་ཉིད་དུ་བཤད་པ་སྟེ་དེ་བསྐྱེད་ངེས་མིན་པར་ཐལ། བུམ་པའི་འཇིག་པའི་བརྒྱུད་པའི་རྒྱུ་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་ཙམ་ལ་འབྲས་བུ་དེ་གནས་པའི་ངེས་པ་མེད་པའི་ཕྱིར། གཉིས་པ་ནི། བུམ་པ་ཆོས་ཅན། རང་གི་འཇིག་པ་རང་གི་རྒྱུ་ལས་གཞན་ལ་ལྟོས་པ་མེད་དེ། རང་གི་འཇིག་པ་དེའི་རྒྱུ་རང་རྒྱུ་ལས་ཕྱིས་འབྱུང་བ་དེས་རང་གི་འཇིག་པ་དངོས་པོ་དང་ཞིག་ཟིན་གྱི་དངོས་མེད་གང་ཡང་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། ཡང་གི་སྒྲས་ཞིག་ཟིན་གྱི་འཇིག་པ་དངོས་མེད་མི་བསྐྱེད་པ་ལ་སྔ་མ་དག་འཆད་ཀྱང་གཞུང་གི་དོན་རིགས་པ་སྔ་མ་སྡུད་པར་གསལ་ལོ། །གསུམ་པ་ནི། མཐོང་བའི་བུམ་སོགས་འདི་ནི་ཆོས་ཅན། རང་གི་ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཏེ། རང་རྒྱུ་ལས་གཞན་ལ་ལྟོས་མེད་དུ་འཇིག་པའི་ངོ་བོ་སྐྱེས་པའི་ཕྱིར། གཉིས་པ་ནི། མཐོང་བའི་བུམ་སོགས་གང་ལ་ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཞེས་བྱ་བ་དེ་ལས་གཞན་པའི་བྱས་ཡོད་ལ་ཡང་ཆོས་ཅན། རང་གི་ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཏེ། རང་རྒྱུ་ལས་གཞན་ལ་ལྟོས་མེད་དུ་འཇིག་པར་སྐྱེས་པར་ཁྱད་པར་མེད་པའི་ཕྱིར། གསུམ་པ་འབྲེལ་བའི་དབང་གིས་སྒྲུབ་རྟགས་གཉིས་སུ་ངེས་པ་ནི། འབྲེལ་པ་གཉིས་སུ་ངེས་པ་དེས་ན་འབྲས་རྟགས་དང་། རང་བཞིན་གྱི་རྟགས་ཆོས་ཅན། བསྒྲུབ་བྱའི་ཆོས་དངོས་པོ་སྟེ། སྒྲུབ་པ་ཡུལ་དུ་བྱེད་པ་ཅན་གྱི་རྗེས་སུ་དཔོག་པ་རྟགས་ཡང་དག་གང་ཡིན་པ་ཁྱོད་རྣམ་པ་གཉིས་སུ་ངེས་ཏེ། ཁྱོད་དེ་དག་ཁོ་ན་ལས་རང་གི་བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་དང་ངོ་བོར་གྱུར་པས་རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་པར་ངེས་པའི་ཕྱིར། གཉིས་པ་བཟློག་འབྲེལ་དགག་པའི་རྟགས་ལ་སྦྱར་བ་ལ་གསུམ་སྟེ། མ་དམིགས་དང་པོས་དགག་བྱ་འགོག་པའི་ཚུལ། །མ་དམིགས་གཉིས་པས་དགག་བྱ་འགོག་པའི་ཚུལ། །མ་དམིགས་གཉིས་སུ་ཕྱེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། ཡོད་ངེས་འགོག་པ་ཚད་མ་ཡིན། །མེད་ངེས་བསྒྲུབ་ལ་ཚད་མ་མིན་པའོ། །དང་པོ་ནི། སྒྲུབ་རྟགས་གཉིས་ལ་རྒྱུ་འབྲས་དང་བདག་གཅིག་གི་འབྲེལ་པ་གྲུབ་ནའང་དགག་རྟགས་ཀྱི་རྟགས་ཆོས་ལ་འབྲེལ་བ་ཇི་ལྟར་གྲུབ་ཅེ་ན། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ནི་ཐ་སྙད་ཀྱི་རྒྱུ་བཀག་པས་འབྲས་བུ་ཐ་སྙད་འགོག་པར་བྱེད་པ་ཡིན་པས་ན་དེ་བྱུང་འབྲེལ་པའི་ལྡོག་པ་དེ་ཉིད་ཀྱིས་འདིའི་རྟགས་ཆོས་ཀྱི་འབྲེལ་བ་ཡང་འགྲུབ་སྟེ། འདི་ལྟར་ཆོས་དེའི་ངོ་བོ་ཚད་མས་མི་དམིགས་ན། ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་འཇུག་པར་མི་བྱེད་དེ། ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ནི་ཆོས་དེ་དམིགས་བྱེད་ཀྱི་བློ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཞེས་བྱ་བར་གྲུབ་པས་སྐལ་དོན་ཚད་མས་མི་དམིགས་པ་ནི་ཆོས་ཅན། གཞི་འགར་སྐལ་དོན་ཡོད་ངེས་ཀྱི་ཐ་སྙད་འགོག་པ་ལ་སྒྲུབ་བྱེད་ཚད་མ་ཉིད་དུ་བཤད་དེ། གཞི་འགར་སྐལ་དོན་ཡོད་ངེས་ཀྱི་ཐ་སྙད་འགོག་པ་ལ་ཚུལ་གསུམ་ཚང་སྲིད་པའི་ཕྱིར། སྔ་མ་དག་འདི་ལ་ཡོད་ངེས་འགོག་པར་གཉིས་ཀ་མཚུངས་ཞེས་པའི་ཐ་སྙད་བྱས་ནས་དགག་རྟགས་གཉིས་ཀ་ལ་སྦྱོར་བ་ནི་རྣམ་ངེས་ལས། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཁོ་ན་ལ་སྦྱར་བ་དང་འགལ་ལོ། །གཉིས་པ་ནི། དོན་འགའ་ཞིག་བསྟན་བཅོས་ཀྱི་སྐབས་བརྗོད་བྱའི་དོན་ལ་འབྲེལ་པ་མེད་པ་དང་། དོན་རྣམས་དབང་པོ་ལས་འདས་ནས་ཡོད་ཀྱང་མངོན་སུམ་ལ་ལྟར་མི་རུང་བ་དང་། སྒྲུབ་བྱེད་ཀྱི་རྟགས་ཀྱང་མེད་པ་ཅན་གྱི་སྐལ་དོན་དེ་རྣམས་ནི་ཆོས་ཅན། གང་ལ་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མས་མི་དམིགས་པའི་ཕྱིར་ན་ཇི་ལྟར་མེད་ངེས་སུ་འགྲུབ་སྟེ་མི་འགྲུབ་པར་ཐལ། ཁྱོད་ཡོད་ཀྱང་གང་ཟག་དེའི་ཚད་མས་དམིགས་པས་མ་ཁྱབ་པའི་ཕྱིར། དེས་ན་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཚད་མ་དེ་ཆོས་ཅན། ཤ་ཟ་ཡོད་མེད་གང་རུང་ལ་ཀུན་ཏུ་ཐ་སྙད་པའི་ཚད་མ་ཉིད་དུ་མི་འགྱུར་ཏེ། ཤ་ཟ་ཡོད་མེད་གང་རུང་དུ་ངེས་པའི་ངེས་ཤེས་ཀྱི་འབྲས་བུ་ཅན་མིན་པའི་ཕྱིར་ནའོ། །རང་འགྲེལ་དུ། ཚད་མ་དག་ནི་ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ་ཞེས་དང་། ལྷས། དེ་ལ་མི་རྟག་པ་ལ་སོགས་པའི་རྣམ་པས་ཁྱད་པར་ཐ་དད་པའི་རང་བཞིན་ཅན་འབའ་ཞིག་བཟུང་དུ་ཟིན་ཀྱང་འཁྲུལ་བ་དེའི་ངོ་བོ་ཆོད་པ་ཅན་ཉིད་ཡིན་པའི་ཕྱིར་ངེས་པ་མ་ཡིན་ཅིང་། མ་ངེས་པ་ལས་ཀྱང་དེ་དག་མཐོང་བ་མ་བཟུང་བ་དང་འདྲ་བ་ཡིན་པ་དེ་ལྟར་ན་དེ་ནི་དེ་དག་ལ་ཚད་མ་ཡིན་ནོ་ཞེས་དང་། རྣམ་པ་གཞན་དུ་ནི་མ་ཡིན་ཏེ་ཚད་མ་ནི་འཇུག་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་དང་། ཤཾས། མངོན་སུམ་གྱི་ཚད་མ་ཡང་རྣམ་པ་ཀུན་འཛིན་པ་ན་འཇུག་པའི་ཡུལ་གྱིས་རྣམ་པར་ངེས་པར་བྱེད་པ་གང་ཡིན་པ་དེ་དག་ལ་ཚད་མ་ཡིན་གྱི་ཞེས་དང་། ཀ་ཤཱིས། མ་ཞེན་པའི་དོན་ལ་མི་སླུ་བ་ཉིད་ཀྱིས་ཀྱང་ཚད་མ་ཉིད་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་ཞེས་དང་། འདི་ལྟར་མངོན་སུམ་ཁྱད་པར་མེད་པར་སྐྱོན་ཡང་ཅི་ལྟར་ཡོངས་སུ་བཟུང་བའི་རྣམ་པ་ཅན་ནང་ཁོ་ན་ལ་རྟོག་པ་སྐྱེད་པར་བྱེད་པ་དེ་ཉིད་མངོན་སུམ་དུ་འདོད་དེ་གང་ལ་བསྐྱེད་པར་མི་བྱེད་པ་དེ་ནི་བཟུང་དུ་ཟིན་ཡང་མ་བཟུང་བ་ཡིན་ནོ་ཞེས་དང་། ངེས་པ་མི་སྐྱེད་པ་དེར་ནི་རྣམ་པ་ཐམས་ཅད་དོན་དུ་གཉེར་བ་མི་འཇུག་པའི་ཕྱིར་ཚད་མ་མ་ཡིན་པར་བརྗོད་རིགས་ཀྱི། གཞན་དུ་ནི་མ་ཡིན་ཏེ། ཞེས་གསུངས་པ་རྣམས་ཀྱི་དོན་ལ་སྔ་རབས་པ་ཁ་ཅིག མངོན་སུམ་ངེས་པར་འདོད་པ་དང་། ངེས་པ་མི་སྐྱེད་ཀྱང་ཚད་མ་མ་ཡིན་ཞེས་པ་བཀག་གོ་ཞེས་སྨྲ་བ་ནི་མི་འཐད་དེ། སངས་རྒྱས་ཀྱི་ས་ན་ཚད་མ་མེད་པར་འགྱུར་ཏེ། དེ་ན་ངེས་པ་སྐྱེད་བྱེད་མེད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཀྱི་ཡེ་ཤེས་ཡིན་ན་མངོན་སུམ་ཡིན་པས་མ་ཁྱབ་པར་ཐལ་ལོ། །དེས་ན་འདི་དག་གི་དོན་ཀུན་ཏུ་ཐ་སྙད་པའི་ཚད་མ་ཡིན་ན་རང་སྟོབས་དང་གཞན་སྟོབས་གང་རུང་གིས་ངེས་པ་འདྲེན་པས་ཁྱབ་ཞེས་པའི་དོན་ཏེ། རྒྱས་པར་སྤྱི་དོན་དུ་བསྟན་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། ཁྱད་པར་ཡོད་ན་མེད་ངེས་འགྲུབ། །མེད་ངེས་བསྒྲུབ་པའི་རྣམ་གྲངས་བཤད་པའོ། །དང་པོ་ནི། མ་དམིགས་པའི་རྟགས་ལ་མེད་ངེས་གོ་བྱེད་མི་སྲིད་དམ་སྙམ་ན། རྟགས་ཀྱི་ཕུལ་བྱུང་སྟེ་སྣང་རུང་གིས་ཁྱད་པར་ཡོད་པ་ཅན་གྱི་མ་དམིགས་པ་ལ་ལ་མེད་ངེས་གོ་བར་བྱེད་པ་ལ་ཚད་མ་སྟེ་རྟགས་ཡང་དག་ཏུ་འགྱུར་ཏེ། སྣང་རུང་མ་དམིགས་ན་མེད་པར་ངེས་པས་ཁྱབ་པའི་ཕྱིར། འོ་ན་མ་དམིགས་པས་མེད་པ་མི་འགྲུབ་ཅེས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། ཡོད་ཀྱང་རང་བཞིན་ཏེ་རང་གི་ངོ་བོ་མཐོང་བས་མི་ཤེས་ཤིང་ཤེས་བྱེད་རྟགས་ལས་ཀྱང་མི་ཤེས་པའི་སྐལ་དོན་ལ་མ་དམིགས་པས་མེད་ངེས་མི་འགྲུབ་སྟེ། དེ་ཡོད་པ་ལ་ཚད་མས་དམིགས་པས་མ་ཁྱབ་པའི་ཕྱིར། ཞེས་པའི་རིགས་པ་འདི་ནི་བརྗོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འབྲེལ་ལྔ་བཀག་པས་མེད་ངེས་འགྲུབ། །འགལ་ལྔ་དམིགས་པས་མེད་ངེས་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་དང་ཁྱབ་བྱེད་བཀག་པས་འགྲུབ། །སྣང་རུང་རང་བཞིན་བཀག་པས་འགྲུབ་པའོ། །དང་པོ་ནི། མི་སྣང་བ་མ་དམིགས་པའི་རྟགས་ཆོས་ལ་དེ་བྱུང་འབྲེལ་བའི་ལྡོག་པ་གྲུབ་ན་སྣང་རུང་མ་དམིགས་པའི་གཏན་ཚིགས་ལ་འབྲེལ་བ་ཇི་ལྟར་གྲུབ་ཅེ་ན། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ལ་དེ་བྱུང་འབྲེལ་པ་དང་བདག་གཅིག་འབྲེལ་པའི་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་ནང་ནས་ལྡོག་པ་དང་དངོས་སུ་གྲུབ་ཅིང་། སྣང་རུང་མ་དམིགས་པའི་གཏན་ཚིགས་གཞན་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པར་གསུངས་པས་མཐར་བདག་གཅིག་གི་འབྲེལ་པ་དངོས་སུ་གྲུབ་བོ་ཞེས་གསུངས་པ་རྣམས་རིམ་པ་བཞིན་དུ་སྟོན་པ་ལས། དུ་བའི་རྒྱུ་མེ་མི་ཤེས་ན་སྟེ་མ་དམིགས་པ་ཆོས་ཅན། གཞི་འགར་འབྲས་བུ་དུ་བ་ནི་མེད་པ་ཉིད་དུ་སྒྲུབ་པར་བྱེད་དེ། དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། རང་བཞིན་ཤིང་མི་དམིགས་པ་ལའང་ཆོས་ཅན། གཞི་འགར་ཤིང་ཙམ་གྱི་དོན་གྱི་རང་བཞིན་ཤ་བ་མེད་པ་རྟགས་ཅན་དུ་བྱས་པ་ལ་རྟགས་ཡང་དག་ཡིན་ཏེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། དེ་ཡང་གལ་ཏེ་གཞི་འགར་ཡོད་ན་ལྟར་རུང་གི་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་འགའ་ཞིག་གིས་འབྲས་བུ་དང་ཁྱབ་བྱ་དེ་མེད་པར་ནི་རྟོགས་པར་འགྱུར་གྱི་གཞན་དུ་མ་ཡིན་ཏེ། སྣང་མི་རུང་གི་རྒྱུ་དང་ཁྱབ་བྱེད་མ་དམིགས་ན་འབྲས་བུ་དང་ཁྱབ་བྱ་མེད་པས་མ་ཁྱབ་པའི་ཕྱིར། གཉིས་པ་ནི། སྣང་རུང་སྟེ་བུམ་པ་ལྟ་བུ་མཐོང་བ་མེད་པའི་རྒྱུ་སྒྲིབ་བྱེད་ལ་སོགས་པ་མི་སྲིད་པར་ནི་གྱུར་པ་ན་ཆོས་ཅན། སྣང་རུང་བུམ་པའི་དངོས་པོ་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་རྟགས་ལས་གཞི་འགར་སྣང་རུང་བུམ་པའི་དངོས་པོ་མེད་པ་རྟོགས་པར་འགྱུར་ཏེ། སྣང་རུང་བུམ་པ་མ་དམིགས་ན་མེད་པས་ཁྱབ་པའི་ཕྱིར། གཉིས་པ་ནི། གྲང་རེག་ཆོས་ཅན། ཁྱོད་དེ་དང་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་དམིགས་པ་ནི་རྟགས་སུ་བྱས་པ་ལས་གཞི་འགར་ཁྱོད་མེད་པ་ཉིད་དུ་ངེས་པར་འགྱུར་ཏེ། ཁྱོད་དང་ལྷན་ཅིག་ཏུ་མི་གནས་པའི་འགལ་པའི་དངོས་པོ་ཡོད་ན་ཡང་ཁྱོད་དེ་ཡོད་པ་ལ་གནོད་བྱེད་ཡིན་པའི་ཕྱིར། གསུམ་པ་ལ་ལྔ་སྟེ། དོན་གསུམ་བཟུང་ནས་འགལ་མེད་བསྒྲུབ། །སྒྲ་དོན་རང་མཚན་ཡིན་པ་དགག །སྒྲ་དོན་བཀག་ན་སྐྱོན་དུ་འགྱུར། །དཔྱད་ཡུལ་རང་མཚན་ཁོ་ནར་བསྟན། །ལུང་དང་འགལ་བའི་དོགས་པ་སྤང་བའོ། །དང་པོ་ལ་ཁ་ཅིག་ན་རེ། མ་དམིགས་པའི་རྟགས་ཀྱིས་ཡོད་ངེས་འགོག་པ་ནི། མེད་ངེས་བསྒྲུབ་པ་ཡིན་ན་ཕྱོགས་གླང་གིས་གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་བཤད་པའི་རྟགས་འདི་མ་དམིགས་པའི་རྟགས་མ་ཡིན་པར་ཐལ། མེད་ངེས་བསྒྲུབ་པའམ་ཡོད་ངེས་འགོག་མི་ནུས་པའི་ཕྱིར་ཏེ། གཙོ་བོ་ཡོད་ན་དགག་མི་ནུས་ཤིང་མེད་ཅེས་པའི་ཚིག་མི་འཐད་ལ། མེད་ན་ཆོས་ཅན་མེད་པས་རྟགས་དེའི་ཕྱོགས་མེད་ཅིང་གཙོ་བོ་ཞེས་པའི་ཚིག་མི་འཇུག་པར་འགྱུར་ཞེ་ན། ཐོག་མ་མེད་པའི་བག་ཆགས་སྔ་མ་སྔ་མ་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པ་སྟེ་སྒྲོ་བཏགས་པའི་སྒྲ་དོན་གྱི་ཆོས་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། ཡོད་པ་དངོས་པོ་ལ་བརྟེན་པ་དང་། མེད་པ་དངོས་མེད་ལ་བརྟེན་པ་དང་། གཉིས་ཀ་ཤེས་བྱ་ལ་བརྟེན་པ་རྣམས་སུ་ཡོད་པའི་ཕྱིར། དེས་ན་སློབ་དཔོན་གྱིས་གསུངས་པའི་གཏན་ཚིགས་དེ་ལ་མེད་ཅེས་པའི་ཚིག་སྦྱོར་བ་མི་འཐད་པ་དང་། ཆོས་ཅན་མེད་པའི་སྐྱོན་མེད་དེ། སྒྲ་དོན་གསུམ་ལས་དངོས་མེད་གཙོ་བོའི་སྒྲ་དོན་དེ་གཙོ་བོ་དངོས་པོ་བའི་ཉེར་ལེན་མེད་པ་ཅན་སྒྲུབ་པ་ལ་དེ་གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་མི་དམིགས་པ་ནི་དེ་ལྟར་བསྒྲུབ་པའི་གཏན་ཚིགས་ཡིན་པ་གང་ཞིག གཙོ་བོའི་སྒྲ་དོན་དེ་ཉིད་ནི་མེད་པ་མ་ཡིན་པའི་ཕྱིར་ཏེ། གཙོ་བོ་ཞེས་པའི་སྒྲ་སྦྱོར་བ་ཡོད་པའི་ཕྱིར། གཉིས་པ་ནི། གཙོ་བོའི་སྒྲ་དོན་ཡོད་ན་གཙོ་བོ་རང་མཚན་མེད་པར་འགལ་ཏེ། སྒྲ་ཐམས་ཅན་དོན་དམ་སྟེ། རང་མཚན་ལ་མཐའ་གཅིག་ཏུ་འཇུག་པ་ཅན་ཉིད་ཡིན་པས་སྒྲ་དོན་དང་རང་མཚན་གཅིག་པའི་ཕྱིར་ཞེ་ན། ལྟ་བ་པོ་ཐ་དད་ཀྱིས་རྟག་མི་རྟག་ཏུ་མཐོང་བའི་བྱེ་བྲག་ཐ་དད་པའི་དོན་བུམ་པ་ལ་སོགས་པ་རྣམས་ལ་ནི་ཆོས་ཅན། རྟག་ཅེས་པ་དང་མི་རྟག་ཅེས་པའི་སྒྲ་རྣམས་ནི་འཇུག་པར་མི་འགྱུར་བར་ཐལ། སྒྲ་དེ་གཉིས་འཇུག་པའི་རྒྱུ་རྟག་མི་རྟག་གཉིས་ཀ་མེད་པ་ཅན་ཡིན་པའི་ཕྱིར་ཞེས་དང་། འདས་པ་དང་མ་སྐྱེས་པ་ལ་ཡང་ཆོས་ཅན། ད་ལྟ་ཚིག་མི་འཇུག་པར་ཐལ། ད་ལྟ་རང་མཚན་དུ་མེད་པའི་ཕྱིར། ཚིག་འགའ་ཞིག་ཀྱང་ཆོས་ཅན། རྫུན་པ་ཡི་དོན་ཅན་ཉིད་དུ་མི་འགྱུར་བར་ཐལ། རང་མཚན་ལ་རྗོད་བྱེད་དུ་འཇུག་པའི་ཕྱིར་ཞེས་པའི་སྐྱོན་འབྱུང་བའི་ཕྱིར་ན་སྒྲ་དེ་དག་ཆོས་ཅན། རྟོག་པའི་བློ་ལས་སྣང་བའི་དོན་གྱི་ཡུལ་ཅན་དུ་འདོད་དེ། རྗོད་བྱེད་གང་ཞིག་རང་མཚན་ལ་དངོས་སུ་མི་འཇུག་པའི་ཕྱིར། གསུམ་པ་ནི། སློབ་དཔོན་གྱིས་གསུངས་པའི་རྟགས་དེས་གཙོ་བོ་རང་མཚན་འགོག་པ་མ་ཡིན་གྱི་གཙོ་བོའི་སྒྲ་དོན་ཉིད་ཡོད་པ་མ་ཡིན་ཅེས་འགོག་པ་ཡིན་ཅེ་ན། གཙོ་བོའི་སྒྲ་དོན་ལ་བསྙོན་ནས་མེད་པ་རྟགས་ཀྱིས་བསྒྲུབ་པར་འདོད་པ་ལ་སྟེ་དེ་དག་གི་ལྟར་ན་གཙོ་བོ་མེད་པར་སྒྲུབ་པའི་རྟགས་དེ་ཆོས་ཅན། ཆོས་ཅན་གཙོ་བོའི་སྒྲ་དོན་དང་ཆོས་ཡོད་པ་མ་ཡིན་པའི་ཚོགས་པ་དེ་ཁྱོད་ཀྱི་བསྒྲུབ་བྱར་མི་འགྱུར་བར་ཐལ། ཆོས་ཀྱི་རྟེན་གཙོ་བོའི་སྒྲ་དོན་ནི་ཁྱོད་ཀྱིས་བསལ་བའི་ཕྱིར། གལ་ཏེ་འདོད་དེ། ཆོས་ཡོད་པ་མ་ཡིན་པ་རྐྱང་པ་བསྒྲུབ་བྱ་ཡིན་ནོ་ཞེ་ན། ཡན་གར་བའི་ཆོས་གཙོ་བོས་ཁྱད་པར་དུ་མ་བྱས་པའི་ཡོད་པ་མ་ཡིན་པའི་རྐྱང་པ་ནི་ཆོས་ཅན། གཙོ་བོ་མི་འདོད་པའི་ཕྱིར་རྒོལ་དེའི་ངོར་རྟགས་ཀྱི་བསྒྲུབ་བྱ་མིན་པར་ཐལ། ཕྱིར་རྒོལ་དེས་གྲུབ་བཞིན་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། གཙོ་བོའི་སྒྲ་དོན་མེད་ཅེས་མི་བསྙོན་ལ་དེ་ཉིད་གཙོ་བོ་ཞེས་པའི་སྒྲའི་འཇུག་ཡུལ་ཡིན་ནོ་ཞེ་ན། གཙོ་བོ་ཆོས་ཅན། ཁྱོད་ཉིད་སྒྲ་དོན་བསྙོན་པ་མེད་པར་ཁས་ལེན་པ་རྣམས་ཀྱིས་དོན་བྱེད་ནུས་པ་ཡོད་པ་དང་མེད་པའི་ཕྱོགས་ཀྱི་བྱེ་བྲག་གིས་ཁྱོད་ལ་བརྟགས་པ་ན་ཁྱོད་རང་མཚན་གྱི་དངོས་པོ་ཉིད་ནི་དཔྱད་པར་བྱ་བ་ཡིན་ཏེ། སྤྱིར་རང་མཚན་འདི་ལས་འབྲས་བུ་འབྱུང་བ་རག་ལས་པའི་ཕྱིར། གཙོ་བོ་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་ལ་དོན་གཉེར་བརྟགས་པས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། ཁྱོད་ཀྱི་སྒྲ་དོན་དེ་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། དཔེར་ན་མ་ནིང་གཟུགས་བཟང་ངམ་མི་བཟང་ཞེས་འདོད་ལྡན་རྣམས་ཀྱིས་བརྟགས་པས་ཅི་ཕན་ཏེ་མི་ཕན་པ་བཞིན་ནོ། །ལྔ་པ་ནི། སྒྲ་དོན་ཆོས་ཅན་དུ་བྱེད་ན། མདོ་ལས་གང་ཡང་བརྟགས་པའི་ཆོས་མི་དམིགས་པ་ཞེས་གཙོ་བོ་རང་མཚན་ཆོས་ཅན་དུ་བྱས་ནས་དེ་མ་དམིགས་པས་རྟགས་སུ་གསུངས་པ་དང་འགལ་ལོ་ཞེ་ན། གཙོ་བོའི་སྒྲ་ཡི་དོན་ཉིད་ནི་ཆོས་ཅན། བཏགས་པ་ཞེས་བརྗོད་པ་ཡིན་ཏེ། རྟོག་པའི་ཤེས་པའི་དངོས་ཡུལ་ཡིན་པ་ཉིད་ཀྱིས་སོ། །སྒྲ་དོན་དེ་གཙོ་བོ་དངོས་པོ་བ་ལ་བརྟེན་པར་མ་གྲུབ་པ་སྟེ་མ་དམིགས་པ་འདི་ཆོས་ཅན། གཙོ་བོའི་སྒྲ་དོན་གཙོ་བོ་དངོས་པོ་བ་ལ་བརྟེན་པ་མེད་པར་སྒྲུབ་པའི་གཏན་ཚིགས་ཀྱི་ཆོས་སུ་རིགས་པ་སྨྲ་བ་ཕྱོགས་ཀྱི་གླང་པོས་གསུངས་པ་ཡིན་ཏེ། མ་དམིགས་པ་ཞེས་པའི་དོན་ཡིན་པའི་ཕྱིར། བཞི་པ་གཏན་ཚིགས་ལྟར་སྣང་རྒྱས་པར་བཤད་པ་ལ་གཉིས་ཏེ། མཐའ་དཔྱད་པ་དང་། དོན་དངོས་སོ། །དང་པོ་ནི། གཞུང་འདི་མན་ཆད་འུ་ཡུག་བས། །བསྟན་བཅོས་སྐབས་དང་འབྲེལ་མེད་དང་། །ཞེས་པའི་འཕྲོས་དོན་ཁོ་ནར་བྱས་ནས་གཏན་ཚིགས་ལྟར་སྣང་རྒྱས་བཤད་ལ་མ་སྦྱར་བ་ལ་བརྟེན་ནས་བོད་ཕྱི་མ་ཕལ་ཆེར་དེའི་རྗེས་སུ་འབྲང་བར་བྱེད་དོ། །གཞུང་དེའི་འཕྲོས་དོན་ཡིན་པས་གཏན་ཚིགས་ལྟར་སྣང་རྒྱས་བཤད་ཡིན་པ་ལ་ཅུང་ཟད་ཀྱང་གནོད་པ་མེད་དེ། རྒྱས་བཤད་བཞི་པོ་སྔ་མ་སྔ་མའི་མཇུག་ལ་ཕྱི་མ་ཕྱི་མ་འཕྲོས་པ་སྔར་བཤད་ཟིན་ཅིང་། གཞུང་འདི་མན་ཆད་ཀྱི་བརྗོད་བྱའི་གཙོ་བོ་དང་། སྡོད་པའི་གནས་ལ་བརྟགས་ན་ཡང་ཤིན་ཏུ་གསལ་བའི་ཕྱིར་ཏེ། འདི་མན་ཆད་ཀྱི་གཞུང་ཚོགས་ཆེས་ཆེ་བ་རྣམས་ཀྱིས་གཏན་ཚིགས་ལྟར་སྣང་ཕྱིར་རོལ་པའི་གྲུབ་མཐའ་ལ་སྦྱར་ནས་བཤད་འདུག་པའི་ཕྱིར་དང་། རྣམ་ངེས་ལས་གཏན་ཚིགས་ལྟར་སྣང་མདོར་བསྟན་དང་སྦྱར་མི་དགོས་པས་སྐབས་འདིར་མ་བྱུང་ཡང་རྣམ་འགྲེལ་དུ་དེ་དང་སྦྱར་དགོས་པས་སྐབས་འདིར་བྱུང་བའི་ཕྱིར་རོ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །ཞེས་པས་ཀྱང་དོན་འདི་ཉིད་གསལ་བར་བྱས་ཏེ། མདོར་བསྟན་དུ། མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་གསུངས་པའི་མེད་ན་མི་འབྱུང་ངེས་པ་ལས་གཞན་པའི་གཏན་ཚིགས་ལྟར་སྣང་ངོས་འཛིན་པའི་དབང་དུ་བྱས་པའི་ཕྱིར་རོ། །གཞན་དག་གི་བཤད་པ་ལ་གཏན་ཚིགས་ལྟར་སྣང་རྒྱས་བཤད་གང་ལ་སྦྱར་མཐུན་སྣང་དུ་གྲུབ་པ་མི་སྣང་བའི་ཚུལ་ཡང་གོང་དུ་བཤད་ཟིན་ཏོ། །གཞུང་ཚོགས་ཆེས་ཆེ་བ་འདི་རྣམས་མ་རྙེད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པ་བཞི་ཙམ་ཞིག་ལ་ངོས་འཛིན་པ་དང་གཏན་ཚིགས་ལྟར་སྣང་རྒྱས་བཤད་གཏན་མེད་པར་འདོད་པ་རྣམས་ནི་གད་མོ་བྲོ་བའི་རྒྱུའོ། །གཉིས་པ་ནི། ཁ་ཅིག་ཚད་མ་གཉིས་ལོག་པས་སྐལ་དོན་མི་ཁེགས་ཀྱང་ལུང་ལོག་ན་ཁེགས་ཏེ། ལུང་གིས་དོན་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ་ཞེ་ན། འདི་འགོག་པ་ལ་ལྔ་སྟེ། སྒྲ་ཙམ་དོན་ལ་མ་ངེས་ལྟར་སྣང་ཡིན། །ཁྱད་པར་ཅན་ཚིག་མ་གྲུབ་ལྟར་སྣང་ཡིན། །རིགས་སྒྲ་བདེན་དོན་བསྒྲུབ་པའང་ལྟར་སྣང་ཡིན། །དེས་ན་ལུང་ཙམ་བརྗོད་བྱའི་དོན་ལ་འཁྲུལ། །ནང་འགལ་བསྟན་ཏེ་སྨྲ་བ་པོ་ལ་སྨད་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་བ་མེད་པས་སྒྲུབ་བྱེད་མིན། །དེ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། དེ་ཡོད་པ་རྟགས་སུ་བཀོད་པ་ལས། རང་གི་བརྗོད་བྱ་ཕྱི་རོལ་གྱི་དོན་རང་མཚན་ཡོད་པར་གྲུབ་པ་མིན་ཏེ། རང་གི་བརྗོད་བྱ་ཕྱི་རོལ་གྱི་དངོས་པོ་རང་མཚན་དང་། ལྷན་ཅིག་ཏུ་མེད་ན་མི་འབྱུང་ཉིད་མེད་པའི་ཕྱིར། དེས་ན་རྗོད་བྱེད་ཀྱི་སྒྲ་དེ་དག་ཆོས་ཅན། སྨྲ་བ་པོའི་རྒྱུད་ལ་ཀུན་སློང་གི་བསམ་པ་སྟོན་པ་སྟེ་སྒྲུབ་པར་བྱེད་སྲིད་དེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། འགལ་བར་དོགས་པའི་ལུང་ཚིག་དྲང་། །ལུང་དོན་བཤད་ནས་འགལ་མེད་བསྒྲུབ་པའོ། །དང་པོ་ནི། རྗོད་བྱེད་ཀྱི་སྒྲ་ཕྱི་རོལ་གྱི་དངོས་པོ་ལ་ཚད་མ་ཉིད་མ་ཡིན་ན། ཚད་མ་མདོར། ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་རྗེས་དཔག་ཏུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་རྗེས་དཔག་མཚན་ཉིད་པར་གསུངས་པ་མ་ཡིན་གྱི། འོན་ཀྱང་རྟོགས་ལྡན་ཤིན་ཏུ་ལྐོག་གྱུར་ལ་འཇུག་ལྡོག་བྱེད་པ་ན་དངོས་པོ་སྟོབས་ཤུགས་ཀྱི་ཚད་མས་འཇུག་ལྡོག་བྱེད་མི་ནུས་པས་ལུང་ཁོ་ན་ལས་བྱེད་དགོས་ལ། ལུང་གི་ནང་ནས་འདི་ལྟ་བུ་ཞིག་ཚད་མ་ཡིན་ཞེས་ཚད་མར་ཡོངས་སུ་བརྟགས་པའི་དབང་དུ་བྱས་ནས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཡིད་ཆེས་ཚིག་གི་མཚན་གཞི་བཤད། །མི་སླུ་བ་ཡི་དོན་ལྡོག་བཤད། །སྤྱི་ལས་རྗེས་སུ་དཔག་ཚུལ་བཤད་པའོ། །དང་པོ་ནི། མདོར་གསུངས་པའི་ཡིད་ཆེས་པའི་ཚིག་ནི་ཆོས་ཅན། ལུང་ཙམ་གྱི་དབང་དུ་བྱས་ནས་གསུངས་པ་མ་ཡིན་ཏེ། འབྲེལ་མེད་མ་ཡིན་པར་བླང་དོར་གྱི་གནས་སྟོན་པ་ལ་ངག་སྔ་ཕྱི་འབྲེལ་ཆགས་པ་དང་ནི། དགོས་པ་བསྒྲུབ་མི་ནུས་པ་མ་ཡིན་པར་དགོས་པ་སྒྲུབ་པ་དང་རྗེས་སུ་མཐུན་པའི་ཐབས་སྟོན་པ་དང་། དགོས་མེད་མ་ཡིན་པར་སྐྱེས་བུ་ལ་ཉེ་བར་མཁོ་བའི་དགོས་པའི་དོན་ནི་རྗོད་པར་བྱེད་པ་སྟེ། ཆོས་གསུམ་ལྡན་གྱི་ངག་ཡིན་མིན་ཡོངས་སུ་བརྟགས་ནས་དེའི་དབང་དུ་བྱས་པ་ཡིན་གྱི་ཆོས་གསུམ་ལྡན་དེ་ལས་གཞན་པའི་དབང་དུ་བྱས་པ་མིན་པའི་ཕྱིར་རོ། །གཉིས་པ་ནི། མཐོང་བ་མངོན་གྱུར་དང་། མ་མཐོང་བའི་དངོས་པོ་ཡི་དོན་ལྐོག་གྱུར་ཆོས་ཅན། ཁྱོད་དེ་དག་སྟོན་པ་ལ་མངོན་སུམ་དང་། དངོས་སྟོབས་རྗེས་སུ་དཔག་པ་རྣམ་པ་གཉིས་ཀྱིས་ཀྱང་གནོད་པ་མེད་པ་དེ། ཡིད་ཆེས་ཚིག་ནི་མི་སླུ་བའི། །ཞེས་པ་འདི་ཡི་སྐབས་ཀྱི་མི་སླུ་བའི་དོན་ཡིན་ཏེ། ཁྱོད་སྟོན་པ་ལ་ཚད་མ་གཉིས་ཀྱིས་གནོད་པ་མེད་པ་རྟགས་སུ་བྱས་ནས་ལུང་དེ་ཤིན་ལྐོག་ལ་མི་སླུ་བར་སྒྲུབ་དགོས་པའི་ཕྱིར། འདིར་ཁ་ཅིག་མ་མཐོང་བ་ལ་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གཉིས་སུ་བྱས་ནས་རང་ཚིག་གི་གནོད་པ་མེད་པ་ཁ་བསྐང་བ་དང་། གཞན་དག་མཐོང་བ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་སུ་བྱས་ནས་མ་མཐོང་བ་ལ་རྗེས་དཔག་གཉིས་ཀྱི་ནང་ནས་ལུང་ལ་བརྟེན་པའི་རྗེས་དཔག་གིས་གནོད་པ་མེད་ཅེས་འཆད་པ་ནི་སྐབས་ཀྱི་དོན་མ་ལོངས་པ་སྟེ་གནོད་བྱེད་ཀྱི་ཚད་མ་ལ་རྣམ་གཉིས་ཞེས་ངེས་པར་གཟུང་བ་དང་། སྤྱི་ལས་ཞེས་དང་། འདིའི་མི་སླུ་བ་ཞེས་པ་རྣམས་ཀྱིས་ནུས་པ་མ་ཐོན་པའི་ཕྱིར་དང་། གཞལ་བྱའི་གནས་གསུམ་ལ་མི་སླུ་བའི་རྟགས་ཀྱིས་ཤིན་ལྐོག་ལ་མི་སླུ་བར་བསྒྲུབ་པ་ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། སློབ་དཔོན་གྱི་གཞུང་དེས་ཡིད་ཆེས་ཀྱི་ཚིག་ཉིད་རྗེས་དཔག་ཏུ་གསུངས་པ་མ་ཡིན་གྱི། ཆོས་གསུམ་ཚང་བའི་ཡིད་ཆེས་པའི་ཚིག་ནི་མངོན་གྱུར་དང་ལྐོག་གྱུར་ལ་མི་སླུ་བར་དངོས་སྟོབས་ཚད་མས་ངེས་པའི་སྤྱི་ལས་ལུང་དེ་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་རྟོགས་པའི་བློ་ནི་ཆོས་ཅན། འདིའི་ཡུལ་ཤིན་ཏུ་ལྐོག་གྱུར་ཡིན་ནའང་རྗེས་སུ་དཔག་པ་ཉིད་དུ་གསུངས་ཏེ། ཚུར་མཐོང་གི་རྒྱུད་ཀྱི་ཤིན་ལྐོག་རྟོགས་པའི་ཚད་མ་གང་ཞིག ཚུར་མཐོང་གི་རྒྱུད་ཀྱི་དངོས་སྟོབས་ཚད་མ་ཤིན་ལྐོག་ལ་འཇུག་པའི་གོ་སྐབས་མེད་པའི་ཕྱིར། འོ་ན་སྤྱི་ལས་རྗེས་སུ་དཔག་ནུས་པའི་རྒྱུ་མཚན་གང་ཞེ་ན། ཡིད་ཆེས་པའི་ཚིག་ཆོས་ཅན། གཞན་ཤིན་ཏུ་ལྐོག་གྱུར་ལ་མི་སླུ་བར་རྗེས་སུ་དཔག་ནུས་པ་ཡིན་ཏེ། ལྐོག་གྱུར་གྱི་གཙོ་བོའི་དོན། བདེན་བཞི་ལ་མི་སླུ་བའི་ཕྱིར་ཏེ། ཁྱོད་ཀྱིས་བླང་བྱའི་དེ་ཉིད་འགོག་བདེན་དང་། དོར་བྱའི་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ནི་ཐབས་ལམ་ཀུན་འབྱུང་དང་བཅས་པ་ཇི་ལྟར་བསྟན་པ་ལྟར་དངོས་སྟོབས་ཀྱི་ཚད་མས་རབ་ཏུ་ངེས་པ་ཡིས་སོ། །སྔ་མ་དག་འདིར་ཡང་ན་ཞེས་པའི་མཚམས་སྦྱོར་བྱས་ནས་སྔ་མའི་རྣམ་གྲངས་སུ་འཆད་པ་དང་། རབ་ཏུ་ངེས་པས་རྒྱུ་བྱས་ནས་བསྟན་པ་ཡིས་ཞེས་པའི་འབྲུ་སྦྱར་བ་ནི་ཤིན་ཏུ་ཕྲ་བའི་དོན་ལ་བློ་གྲོས་རྩིངས་པ་སྟེ་སྔ་མས་རྗེས་དཔག་གི་མཚན་གཞི་ངོས་བཟུང་ནས་ཕྱི་མས་སྤྱི་ལས་རྗེས་སུ་དཔག་ཚུལ་སྟོན་པ་ཡིན་པའི་ཕྱིར་དང་། བདེན་བཞི་རབ་ཏུ་ངེས་པ་བདེན་བཞི་སྟོན་པའི་རྒྱུར་དགོས་ན་སངས་རྒྱས་ཀྱི་ས་ན་ངེས་ཤེས་མེད་པར་འདོད་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། དོན་ཇི་ལྟ་བ་བཞིན་དུ་མཐོང་བའི་ཡོན་ཏན་དང་ལྡན་ཅིང་ཉེས་པ་ཟད་པའི་སྐྱེས་བུ་ཕུལ་བྱུང་ལ་ལྟོས་པ་སྟེ་དེས་སྨྲས་པའི་ཚིག་ནི་ཅི་ལྟ་བ་བཞིན་གྱི་དོན་ཅན་དུ་རིགས་པ་ཅན་པ་གཞན་གྱིས་ཤེས་པས་དེ་ལས་བརྗོད་དོན་སྒྲུབ་ནུས་སོ་ཞེ་ན། གཉིས་པ་ལ་གཉིས་ཏེ། གཞན་ལ་སྐྱེས་བུ་ཕུལ་བྱུང་མེད། །རང་ལ་སྐྱེས་བུ་ཕུལ་བྱུང་གྲུབ་པའོ། །དང་པོ་ནི། གལ་ཏེ་སྐྱེས་བུ་ཕུལ་དུ་བྱུང་བ་དེ་ལྟར་ཡིན་པར་ཤེས་པར་ནུས་ན་དེའི་ཚིག་བདེན་པའི་དོན་ཅན་ཡིན་པའི་དོན་དེ་འདོད་པར་རིགས་ཀྱང་ཐ་མལ་པ་ཆོས་ཅན། ཕ་རོལ་པོ་སྐྱེས་བུ་ཕུལ་བྱུང་ཡིན་མིན་དུ་ཇི་ལྟ་བ་བཞིན་རྟོགས་པར་དཀའ་སྟེ། ཕ་རོལ་པོ་འདི་ནི་ཉེས་པ་འདི་ལྟ་བུ་དང་ལྡན་པའམ། དེ་ལྟར་མ་ཡིན་ཞེས་གཞན་ལ་སྐྱོན་ལྡན་ནམ་སྐྱོན་མེད་པའི་ཡུལ་ཅན་གྱི་ཚད་མ་རྣམས་ནི་རྙེད་པར་དཀའ་བའི་ཕྱིར་ཞེས་པ་ནི་སངས་རྒྱས་པ་གཞན་གྱིས་ཤེས་སོ། །གཉིས་པ་ལ་གསུམ་སྟེ། ཉེས་པ་སྤངས་པ་སྲིད་པར་བསྟན། །སྤངས་པ་སླར་མི་ལྡོག་པར་བསྟན། །ཉེས་པའི་རྒྱུ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། འོ་ན་ཉེས་པ་ཟད་པའི་སྐྱེས་བུ་གཏན་མི་སྲིད་དམ་ཞེ་ན། ཆགས་སོགས་ཀུན་ཆོས་ཅན། རང་གི་མི་མཐུན་པའི་ཕྱོགས་བདག་མེད་རྟོགས་པའི་གཉེན་པོ་དང་བཅས་པ་ཡིན་ཏེ། བདག་མེད་རྟོགས་པ་འཕེལ་ན་ཁྱོད་འགྲིབ་པ་དང་། བདག་མེད་རྟོགས་པ་འགྲིབ་ན་ཁྱོད་ཕུལ་བྱུང་བསྟེན་པ་ཡིན་པའི་ཕྱིར། དེས་ན་གང་ཟག་ལ་ལ་ཆོས་ཅན། ཟག་པ་ཉོན་མོངས་པ་ཀུན་ཟད་པར་འགྱུར་ཏེ། བདག་མེད་རྟོགས་པ་དེ་ཡུན་རིང་དུ་གོམས་པ་ལས་སེམས་རྒྱུད་བདག་མེད་རྟོགས་པ་དེའི་བདག་ཉིད་དུ་འགྱུར་བས་སོ། །གཉིས་པ་ནི། ཉེས་པ་ལན་གཅིག་ཟད་ཀྱང་སླར་ལྡོག་སྟེ་སྔར་ཉེས་པ་དང་བཅས་པའི་སེམས་ཕྱིས་ཉེས་མེད་དུ་འགྱུར་བ་དང་མཚུངས་སོ་ཞེ་ན། ལམ་གོམས་པས་འཁོར་བའི་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བ་ན་འཚེ་བ་མེད་པ་དང་། མི་རྟག་པ་ལ་སོགས་པ་རང་མཚན་གྱི་ཡུལ་ཅན་ཡིན་པས་ན་ཡང་དག་པའི་དོན་ལམ་གྱི་རང་བཞིན་ཡིན་པ་དང་། སེམས་ཀྱི་ངོ་བོ་ཉིད་ཉེས་པའི་གཉེན་པོར་གྱུར་པ་དེ་ལ་ནི་ཆོས་ཅན། ཕྱིན་ཅི་ལོག་སྟེ་རྣམ་པར་འཚེ་བ་དང་ཡང་དག་པ་མ་ཡིན་པ་དང་རང་བཞིན་མ་ཡིན་པའི་ཉེས་པ་དག་གིས་མི་ཟློག་སྟེ་ལམ་ལ་སྐྱོན་དང་ཉོན་མོངས་ལ་ཡོན་ཏན་མཐོང་མི་སྲིད་པས་དེ་སྤོང་བ་ལ་མི་འབད་ཅིང་འབད་དུ་ཟིན་ཀྱང་བློ་ནི་ལམ་བདག་མེད་རྟོགས་པ་དེའི་ཕྱོགས་འཛིན་པ་སྟེ་དེ་ཁོ་ན་ལ་འབད་རྩོལ་བྱེད་པའི་ཕྱིར་རོ། །གསུམ་པ་ནི། བདག་མེད་རྟོགས་པ་འཕེལ་འགྲིབ་ཀྱིས་ཉེས་པ་ཆགས་སོགས་ཀྱི་རྒྱུ་འཕེལ་འགྲིབ་བྱེད་ན་ཉེས་པའི་རྒྱུ་བདག་འཛིན་དུ་འགྱུར་ཅིང་དེ་ལྟར་ན་གཏི་མུག་ཉེས་པའི་རྒྱུ་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འཁོར་བའི་ཉེས་པ་རྣམ་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པ་ཡིན་ཞིང་འཇིག་ལྟ་དེ་མ་རིག་པ་ཡིན་པའི་ཕྱིར། དེས་ན་ཉེས་པ་རྣམས་ཀྱི་རྒྱུ་ནི་གཏི་མུག་ཡིན་པར་གསུངས་པའི་རྒྱུ་མཚན་ཡོད་དེ། མ་རིག་པའི་དབང་གིས་བདག་དེར་ཆགས་ཤིང་དེ་ལས་བདག་གི་བ་དེ་ལ་ཆགས། ཆགས་པ་དེ་གཉིས་ལས་ཞེ་སྡང་ལ་སོགས་པའི་ཉེས་པ་ཐམས་ཅད་འབྱུང་བ་དེ་ཉིད་ཀྱི་ཕྱིར་ནའོ། །མདོ་གཞན་ལས་འཇིག་ཚོགས་ལ་ལྟ་བ་རྒྱུའི་གཙོ་བོར་གསུངས་ཏེ། འཇིག་ལྟ་དེ་སྤངས་པ་ན་ཉེས་པ་རྣམས་སྤོང་བའི་ཕྱིར་རོ། །གསུམ་པ་རིག་སྒྲ་བདེན་དོན་བསྒྲུབ་པའང་ལྟར་སྣང་ཡིན་པ་ལ་གཉིས་ཏེ། སྐྱེས་བུས་མ་བྱས་རྟགས་ཀྱིས་སྒྲུབ་པ་དགག ཕྱོགས་གཅིག་མི་སླུའི་རྟགས་ཀྱིས་སྒྲུབ་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི་རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། བརྗོད་དོན་སྟོན་པ་གང་ཞིག སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་སྟེ། ཚིག་རྣམས་ལོག་པའི་དོན་ཅན་ཡིན་པ་ཉིད་ཀྱི་རྒྱུ་ནི་ཉེས་པ་ཆགས་སོགས་རྣམས་ཡིན་ལ། དེ་སྐྱེས་བུ་ལ་བརྟེན་པའི་ཕྱིར། དེས་ན་རིག་བྱེད་བརྗོད་བྱའི་དོན་ལ་མི་སླུ་བ་ཡིན་ནོ་ཞེས་ནི་དཔྱོད་པ་བ་ལ་ལ་བརྗོད་པར་བྱེད་དོ། །གཉིས་པ་ལ་གསུམ་སྟེ། རྩ་བའི་རྟགས་ཀྱི་ཁྱབ་སྒྲུབ་དགག །རྩ་བའི་གཏན་ཚིགས་བརྟགས་ནས་དགག །རྩ་བའི་རྟགས་ཀྱི་བསྒྲུབ་བྱ་དགག་པའོ། །དང་པོ་ལ་གཉིས་ཏེ། མགོ་མཚུངས་རིགས་པས་དགག ཁས་བླངས་འགལ་བས་དགག་པའོ། །དང་པོ་ནི། རིགས་བྱེད་ཆོས་ཅན། ལོག་པའི་དོན་ཅན་ཅིས་མིན་ཏེ་ཡིན་པར་ཐལ། བརྗོད་དོན་སྟོན་པ་གང་ཞིག སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་སྟེ། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ་མཚན་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་ཡིན་ལ་དེ་སྐྱེས་བུ་ལ་བརྟེན་པའི་ཕྱིར་ཞེས་པ་ནི་སངས་རྒྱས་པ་གཞན་དག་བརྗོད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་འགོད། ཉེས་སྤོང་དགག་པའོ། །དང་པོ་ནི། རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། ཁྱོད་ཀྱི་ངོ་བོ་སྐྱེས་བུས་བྱས་པ་མིན་ཡང་དོན་ལོག་པ་ཉིད་དུ་སྟོན་སྲིད་པར་ཐལ། ཁྱོད་ལས་དོན་ཤེས་པར་བྱེད་པ་དག་གི་རྒྱུ་བརྡ་ནི་སྐྱེས་བུ་ལ་བརྟེན་པས་དེའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཉེས་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། གཏན་ཚིགས་མ་གྲུབ་སྟེ། རིག་བྱེད་སྒྲ་དོན་གྱི་འབྲེལ་པ་སྐྱེས་བུས་བརྡ་བྱས་པ་མ་ཡིན་པར་རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་དགག རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ནི། རིག་བྱེད་ཀྱི་སྒྲ་ཆོས་ཅན། དོན་གང་ལ་བརྡ་སྦྱར་བ་རིག་པ་མེད་པར་ཁྱོད་ལས་བརྗོད་དོན་རྟོགས་པར་འགྱུར་བར་ཐལ། བརྡ་ལ་མ་ལྟོས་པར་སྒྲ་དོན་རང་བཞིན་གྱིས་འབྲེལ་བའི་དབང་གིས་ཁྱོད་ལས་དོན་གོ་བར་བྱེད་པའི་ཕྱིར། གལ་ཏེ་སྐྱེས་བུས་བརྡ་ལས་རང་བཞིན་གྱིས་འབྲེལ་བ་དེ་ནི་གསལ་བར་བྱེད་པ་ཡིན་པས་དེ་ལས་དོན་གོ་བ་ཡིན་ནོ་ཞེ་ན། རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱིས་བརྟགས་པ་བརྡའི་འབྲེལ་པ་ལས་གཞན་རང་བཞིན་གྱིས་འབྲེལ་པ་དག་ལ་དོན་གོ་བའི་ནུས་པ་མེད་པར་འགྱུར་ཏེ། བརྡ་སྦྱར་ན་དོན་གོ་བར་བྱེད་ལ་མ་སྦྱར་ན་རང་བཞིན་གྱིས་འབྲེལ་པ་ཡོད་ཀྱང་དོན་གོ་བར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། བརྗོད་དོན་ལ་བརྟགས་ནས་དགག འབྲེལ་བ་ལ་བརྟགས་ནས་དགག རྗོད་བྱེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། རིག་བྱེད་དེ་དོན་དང་རང་བཞིན་གྱིས་འབྲེལ་ན་དོན་གཅིག་ཁོ་ནའམ་དུ་མ་དང་རང་བཞིན་གྱིས་འབྲེལ། དང་པོ་ལྟར་ན་རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། ཁྱོད་ལས་དོན་གཞན་དུ་མ་རྟོགས་པར་མི་འགྱུར་བར་ཐལ། ཁྱོད་དོན་གཅིག་ཁོ་ན་ལ་རྗོད་བྱེད་དུ་ངེས་པའི་ཕྱིར་ནའོ། །གཉིས་པ་ལྟར་ན། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན། །ཞེས་པ་ལྟ་བུའི་རིག་བྱེད་ཀྱི་སྒྲ་ཆོས་ཅན། འདོད་པའི་དོན་དང་འགལ་བ་ཁྱི་ཤ་ཟ་བའང་གསལ་བར་བྱེད་པ་ཡིན་པར་ཐལ། དོན་དུ་མ་སྟེ་ཐམས་ཅད་དང་རང་བཞིན་གྱིས་མངོན་པར་འབྲེལ་བའི་ཕྱིར་ནའོ། །འདོད་ན། རིག་བྱེད་ཆོས་ཅན། འདོད་པའི་དོན་ཁོ་ན་ལ་མི་འཁྲུལ་བར་བསྒྲུབ་པ་ལ་སྐྱེས་བུས་མ་བྱས་པ་ཉིད་ཀྱང་ཀུན་ཏུ་བརྟགས་པ་དོན་མེད་པར་འགྱུར་ཏེ། འདོད་པའི་དོན་དང་འགལ་བར་སྟོན་པའི་ཕྱིར་རོ། །གཞན་ཡང་སྒྲ་དོན་ཐ་དད་རྣམས་ལ་འབྲེལ་པ་ཡང་ཡོད་ན་དེ་རྣམ་པར་གཞག་པའི་ཕྱིར། གཏན་ཚིགས་བརྗོད་རིགས་པ་ལས་སྒྲ་དོན་ཆོས་ཅན། འབྲེལ་པ་མེད་དེ། བདག་གཅིག་དང་དེ་བྱུང་གང་རུང་དུ་མ་འབྲེལ་བའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་རྫས་ཐ་དད་ཡིན་ཅིང་སྒྲ་རྟག་པར་འདོད་པས་སོ། །གཞན་ཡང་རིག་བྱེད་ཆོས་ཅན། ཁྱོད་ལས་རྣམ་པ་ཀུན་ཏུ་དོན་གོ་བ་མེད་པར་འགྱུར་ཏེ། སྐྱེས་བུས་ལེགས་པར་མ་བྱས་པའི་ཕྱིར། གལ་ཏེ་སྐྱེས་བུས་ལེགས་པར་བྱས་པར་ཁས་ལེན་པས་དོན་གོ་བར་ནུས་སོ་ཞེ་ན། ཁྱོད་ཀྱི་འདོད་པ་འདི་ནི་ཆོས་ཅན། དངོས་སུ་གླང་ཆེན་གྱི་ཁྲུས་དང་འདྲ་བར་འགྱུར་ཏེ་འཁྲུལ་པའི་དྲི་མ་བསལ་བའི་ཕྱིར་མ་བྱས་པར་འདོད་པ་ལ་དོན་མི་སྟོན་པའི་རླན་གྱིས་གོས། དོན་མི་སྟོན་པའི་རླན་བསལ་བའི་ཕྱིར་བྱས་པར་འདོད་པ་ལ་འཁྲུལ་པའི་དྲི་མས་གོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྟག་དང་མི་རྟག་བརྟགས་ནས་དགག །གཅིག་དང་ཐ་དད་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། རྟག་པ་འགོག་བྱེད་རིགས་པ་བཤད། །མ་ངེས་པ་ཡི་དཔེ་དོན་དགག་པའོ། །དང་པོ་ནི། སྒྲ་དོན་གྱི་འབྲེལ་བ་དེ་མི་རྟག་པ་ཡིན་ནམ་རྟག་པ་ཡིན། དང་པོ་ལྟར་ན་ངོ་བོ་ཉིད་ཀྱིས་གྲུབ་པ་དང་འགལ་ལ། གཉིས་པ་ལྟར་ན་འབྲེལ་པ་ཅན་རིག་བྱེད་ཀྱི་སྒྲའི་བརྗོད་བྱ་བུམ་སོགས་ཆོས་ཅན། ཁྱོད་དང་རིག་བྱེད་སྒྲའི་འབྲེལ་བ་ལ་རྟག་པའི་རྫས་ཡོད་པ་མ་ཡིན་ཏེ། ཁྱོད་རྣམས་མི་རྟག་པའི་ཕྱིར། དེས་ན་བརྗོད་བྱའི་དོན་དང་། རྗོད་བྱེད་སྒྲ་འདྲེས་པར་སྣང་བའི་འབྲེལ་པ་དེ་ཆོས་ཅན། སྐྱེས་བུའི་བློ་ཡིས་ལེགས་པར་བྱས་པ་སྟེ་བཏགས་པ་ཡིན་པར་ཐལ། ཐ་སྙད་དུ་ཡོད་ཅིང་རྟག་མི་རྟག་གང་དུ་ཡང་དོན་ལ་མེད་པ་དེའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ལས་དོན་གསར་བྱུང་མི་རྟོགས་པར་ཐལ། ཁྱོད་དོན་གསར་བྱུང་རྣམས་དང་འབྲེལ་བ་མེད་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། དོན་གསར་པ་རྣམས་དང་ལྷན་ཅིག་འབྲེལ་པ་སྐྱེས་པར་གྱུར་ན་ནི་རིག་བྱེད་ཀྱི་སྒྲ་རྣམས་ལ་ནི་ཆོས་ཅན། སྔར་དོན་ཕྱི་མ་དང་མ་འབྲེལ་བའི་རང་བཞིན་དག་ཕྱིས་རྣམ་པར་ལྡོག་ནས་འབྲེལ་བ་ཅན་དུ་འགྱུར་བར་མི་རིགས་པར་ཐལ། རྟག་པའི་ཕྱིར་རོ། །ཁྱོད་ལ་ཡང་དེར་འགྱུར་རོ་ཞེ་ན། སྒྲ་དོན་རྣམ་པར་བརྟགས་པའི་འབྲེལ་པ་ཙམ་འདོད་པ་ལ་ཆོས་ཅན། དོན་དམ་པའི་འབྲེལ་བ་ལ་བཀོད་པའི་ཉེས་པ་འདི་མེད་དེ། འབྲེལ་པ་རྟོག་བཏགས་སུ་འདོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟེན་བརྗོད་བྱ་མི་རྟག་ན་བརྟེན་པ་འབྲེལ་པའང་མི་རྟག་པར་འགྱུར་རོ་ཞེས་སྨྲས་པ་དེ་ལ་འབྲེལ་པ་ཆོས་ཅན། རྟེན་བརྗོད་བྱ་ནི་འཇིག་ན་ཡང་ཁྱོད་འཇིག་པ་མ་ཡིན་ཏེ། ཁྱོད་རྟག་པའི་ཕྱིར། གསལ་བ་ཞིག་ཀྱང་དེ་ལ་བརྟེན་པའི་རིགས་མི་འཇིག་པ་དང་འདྲའོ་ཞེ་ན། དཔེ་དོན་གཉིས་ཀ་མི་འཐད་པར་སྟོན་པ་ནི་གསལ་བ་དང་བརྗོད་བྱ་ཆོས་ཅན། གང་གིས་ན་དོན་གཞན་རིགས་དང་འབྲེལ་བ་དེ་ཁྱོད་ལ་བརྟེན་པར་འདོད་པ་ཡིན་ཏེ། མི་འཐད་པར་ཐལ། རིགས་དང་འབྲེལ་བ་རྟག་པ་རྣམས་ལ་བརྟེན་གྱི་སྒོ་ནས་ཕན་འདོགས་པའི་ནུས་པ་གང་ཡོད་དེ་མེད་པའི་ཕྱིར། གལ་ཏེ་རྟེན་གྱི་དོན་སྔར་མེད་གསར་དུ་བསྐྱེད་པ་མ་ཡིན་གྱི་གྲུབ་ཟིན་གསལ་བར་བྱེད་པས་རྟེན་ཡིན་ནོ་ཞེ་ན། སྤྱིར་གསལ་བྱ་གསལ་བྱེད་ལ་བསྐྱེད་བྱ་སྐྱེད་བྱེད་ཡིན་པས་ཁྱབ་སྟེ། བུམ་འཛིན་མིག་གི་ཤེས་པ་ལྟ་བུ་སྐྱེད་པར་བྱེད་པའི་ལྷན་ཅིག་བྱེད་རྒྱུ་གསལ་བྱེད་ཉི་མའི་འོད་ལ་སོགས་པ་རྣམས་ཚོགས་ན་བུམ་པ་བུམ་འཛིན་དེ་བསྐྱེད་པ་རུང་བ་ཉིད་དུ་འགྱུར་བའི་ཕྱིར་ན་རིགས་པ་ཤེས་པས་བུམ་སོགས་ཀྱང་རང་གིས་གསལ་བྱེད་ཉི་མའི་འོད་ལྟ་བུ་དེ་ལས་སྐྱེ་བ་ལ་ནི་སྟེ་སྐྱེ་བའི་སྒོ་ནས་གསལ་བྱ་ཡིན་པར་འདོད་པའི་ཕྱིར། དེ་ཉིད་རིགས་སོགས་ལ་མ་གྲུབ་པ་ནི་རིགས་དང་འབྲེལ་པ་ལ་སོགས་པ་རྣམས་ཆོས་ཅན། གསལ་བྱ་དང་བརྗོད་བྱ་སོགས་ཀྱིས་ཁྱད་པར་དུ་བྱར་མེད་པར་ཐལ། འགྱུར་བ་མེད་པའི་ཕྱིར། འདོད་ན་གསལ་བྱ་དང་བརྗོད་བྱ་དེས་ཆོས་ཅན། རིགས་དང་འབྲེལ་པ་དེ་གསལ་བར་བྱེད་པར་འདོད་པ་མི་འཐད་པར་ཐལ། གང་གི་ཕྱིར་ན་གསལ་བྱེད་རང་གིས་དོན་རིགས་དང་འབྲེལ་བ་རང་འཛིན་པ་སྐྱེད་ནུས་ཅི་བྱས་ཏེ་མ་བྱས་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་དོན་གྱི་འབྲེལ་པ་དངོས་པོ་ཉིད་དུ་འགྱུར་དུ་ཆུག་མོད་དེ་སྒྲ་དོན་གཉིས་ལས་རྫས་ཐ་དད་ཡིན་ནམ་མ་ཡིན། དང་པོ་ལྟར་ན་སྒྲ་དོན་གྱི་འབྲེལ་བ་ཆོས་ཅན། བློ་མ་འཁྲུལ་བས་སྒྲ་དོན་གཉིས་དང་རྫས་སྣ་ཚོགས་སུ་སྣང་བར་འགྱུར་བར་ཐལ། སྒྲ་དོན་གཉིས་ལས་རྫས་ཐ་དད་དུ་སྣང་རུང་ཡིན་པའི་ཕྱིར། གཉིས་པ་ལྟར་ན་སྒྲ་དོན་གྱི་འབྲེལ་བ་ཆོས་ཅན། སྒྲ་དོན་དེ་ཉིད་དུ་ཐལ། རྫས་སུ་གྲུབ་སྒྲ་དོན་དེ་ལས་ཐ་དད་མིན་པའི་ཕྱིར། འདོད་ན་སྒྲ་དོན་འབྲེལ་བྱེད་དུ་མི་རུང་ངོ་། །གལ་ཏེ་གཅིག་དང་ཐ་དད་གང་ཡང་མ་ཡིན་ནོ་ཞེ་ན། སྒྲ་དོན་གྱི་འབྲེལ་པ་ཆོས་ཅན། དངོས་པོ་མིན་པར་ཐལ། སྒྲ་དོན་ལས་རྫས་གཅིག་དང་རྫས་ཐ་དད་གང་རུང་མིན་པའི་ཕྱིར། ཁྱབ་སྟེ། རྫས་ཐ་དད་དང་རྫས་གཅིག་འདི་ལས་གཞན་པའི་དངོས་པོ་ཡོད་པ་མིན་པའི་ཕྱིར། དེས་ན་སྒྲ་དོན་ཆོས་ཅན། ཁྱེད་གཉིས་འདྲེས་པར་སྣང་བའི་འབྲེལ་པ་རྟོག་པས་བྱས་པ་སྟེ་སྒྲོ་བཏགས་པ་ཡིན་ཏེ། ཁྱོད་གཉིས་འདྲེས་པར་སྣང་བའི་འབྲེལ་པ་ཐ་སྙད་དུ་གྲུབ་པ་གང་ཞིག ཁྱེད་གཉིས་དངོས་པོའི་ངོ་བོ་ཐ་དད་ཡིན་པའི་ཕྱིར། གཞན་ཡང་སྒྲ་དོན་གྱི་འབྲེལ་པ་ཆོས་ཅན། གཞན་སྒྲ་དོན་ལ་རག་ལུས་པའམ་གཞན་སྒྲ་དོན་གྱི་འབྲེལ་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རིམ་པ་ལྟར་རང་བྱུང་དུ་ཡོད་པའི་ཕྱིར་དང་རྫས་སུ་ཡོད་པའི་ཕྱིར། འདི་རྫས་གཞན་འགོག་པའི་གཞུང་ལ་ཡང་སྦྱོར་བ་ནི་གཞུང་གི་སྡོད་ཚུལ་དང་། ཡོད་རྫས་ཀྱི་ནུས་པ་མ་རྟོགས་པའོ། །གསུམ་པ་ནི། རིག་བྱེད་ཀྱི་སྒྲའི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་དོན་ལ་ཡོད་ན་ཡི་གེ་དང་དོན་ལ་ཡོད་དམ་ཚིག་སོགས་དང་དོན་ལ་ཡོད། དང་པོ་ལྟར་ན་ཡི་གེ་ཆོས་ཅན། རང་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་འབྲེལ་པ་དངོས་པོ་བ་མེད་པར་ཐལ། རང་གི་བརྗོད་བྱའི་དོན་སྟོན་པ་མེད་པ་ཅན་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། ཚིག་དང་ངག་སོགས་ཆོས་ཅན། ཁྱོད་དང་རང་གི་བརྗོད་བྱའི་དོན་ལ་དངོས་པོ་ཡི་ནི་འབྲེལ་བ་འདི་ཇི་ལྟར་ན་འཇུག་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྟོག་པས་ཀུན་བཏགས་པ་ཡིན་གྱི་དོན་ལ་དངོས་པོ་མེད་པའི་ཕྱིར། དེ་ཡང་ཉན་ཤེས་ལ་སྣང་བའི་སྒྲའི་སྐད་ཅིག་རང་མཚན་རྣམས་རེ་རེས་དོན་མི་སྟོན་ཅིང་ཚོགས་པ་མི་སྲིད་པས་ན་དངོས་ཀྱི་རྗོད་བྱེད་མ་ཡིན་ལ་རྟོག་པས་སྒྲའི་ཆ་ཤས་སྔ་ཕྱི་རྣམས་གཅིག་ཏུ་བཟུང་ཞིང་སྣང་བ་ངག་ཚིག་དང་རྗོད་བྱེད་སོགས་སུ་འཇོག་པས་ན་དེ་དག་དོན་ལ་མེད་དོ། །ཡི་གེ་ཡང་སྒྲའི་ཆ་ཤས་རང་མཚན་ལ་ཡི་གེའི་མིང་གིས་བཏགས་པ་དང་། དེ་དག་དུ་མ་ཚོགས་པ་རྟོག་པས་གཅིག་ཏུ་བཟུང་བ་མིག་འཛུམ་པའི་ཡུན་ཚད་ཡན་ཆོད་ལ་ཡི་གེ་མཚན་ཉིད་པར་བཞག་པ་གཉིས་ལས། དང་པོས་བརྗོད་བྱའི་དོན་མི་སྟོན་པར་བཤད་ཟིན་ཅིང་། ཕྱི་མ་ནི་དངོས་མེད་ཡིན་པ་ངག་ཚིག་དང་འདྲའོ། །གཉིས་པ་རྩ་བའི་གཏན་ཚིགས་བརྟགས་ནས་དགག་པ་ལ་གསུམ་སྟེ། ཕྱོགས་ཆོས་སྒྲུབ་བྱེད་བཅས་པ་དགག །ཁྱབ་པ་སྒྲུབ་བྱེད་བཅས་པ་དགག །ཕྱོགས་ཆོས་ཉིད་ཀྱི་ཁྱད་པར་དགག་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་ལ་བརྟགས་ནས་དགག མཚན་གཞི་ལ་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། བྱེད་པོ་མི་དྲན་གཏན་ཚིགས་དགག །འདོན་པ་ཐོག་མེད་གཏན་ཚིགས་དགག་པའོ། །དང་པོ་ནི། རྒྱལ་དཔོག་པ་ན་རེ། རིག་བྱེད་ཆོས་ཅན། སྐྱེས་བུས་མ་བྱས་ཞེས་ཀྱང་འདོད་དེ། བྱེད་པ་པོ་རྣམས་མི་དྲན་པའི་ཕྱིར་ཞེས་ཟེར་རོ་ལོ། །འདི་ལའང་དེ་ལྟར་ཡིན་ནོ་ཞེས་རྗེས་སུ་བརྗོད་པ་དེས་ན་འཇིག་རྟེན་ངན་པའི་མུན་པས་ཁྱབ་སྟེ། རྟགས་དེ་ལ་ཕྱོགས་ཆོས་དང་། ཁྱབ་པ་གང་ཡང་མ་གྲུབ་པའི་ཕྱིར། འདི་ལྟར་སངས་རྒྱས་པས་བརྒྱད་པ་དང་། མིའུ་ཐུང་ལྷ་དང་། སྣ་ཚོགས་བཤེས་གཉེན་བྱེད་པ་པོར་དྲན་ལ། ཁྲོན་པ་རྙིང་པ་སོགས་ལ་རྟགས་ཞུགས་པས་ཁྱབ་པ་ཡང་མ་ངེས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཏན་ཚིགས་བརྗོད། དེ་དགག་པའོ། །དང་པོ་ནི། དེ་ལྟར་རིག་བྱེད་འདོན་པ་པོ་ལས་གཞན། བྱེད་པ་པོར་འདོད་པ་དབྱིག་གི་སྙིང་པོ་སོགས་ལའང་ཆོས་ཅན། འདོན་པ་པོ་སྔ་མ་སྔོན་དུ་སོང་སྟེ། འདོན་པ་པོ་ཡིན་པའི་ཕྱིར། དཔེ་ཇི་ལྟར་ན་ད་ལྟ་རིག་བྱེད་འདོན་པའི་ཐ་མ་སྐྱེས་བུ་འདི། སྔ་མ་གཞན་ལས་མ་ཐོས་པར་ནི་རིག་བྱེད་ཀྱི་ཡི་གེ་དང་། ཚིག་གི་བཀོད་པ་དག་ནི་བརྗོད་པའི་ནུས་པ་མེད་པས་འདོན་པ་པོ་སྔ་མ་སྔོན་དུ་སོང་པ་དེ་ལྟར་རོ། །དེས་ན་རིག་བྱེད་ནི་བྱེད་པ་པོ་ཐོག་མེད་དུ་གྲུབ་པས་མ་བྱས་པར་གྲུབ་བོ་ཞེས་དཔྱོད་པ་བ་འགའ་ཞིག་སྨྲའོ། །གཉིས་པ་ལ་གསུམ་སྟེ། བརྟགས་ན་བྱེད་པོ་ཐོག་མེད་དུ་མི་འགྲུབ། །ཐོག་མེད་གྲུབ་ཀྱང་མ་བྱས་པར་མི་འགྲུབ། །མ་བྱས་གྲུབ་ཀྱང་བདེན་དོན་ཅན་མི་འགྲུབ་པའོ། །དང་པོ་ནི། སྡེབ་སྦྱོར་མཁན་པོས་སྤེལ་བ་ཡི་ནི་གཞུང་གཞོན་ནུ་འབྱུང་བ་ཅན་ལྟ་བུ་ཡང་ཆོས་ཅན། གང་གིས་ན་དེ་ཡང་སྐྱེས་བུས་མ་བྱས་པ་དེ་ལྟར་རྗེས་སུ་མི་དཔོག་སྟེ་དཔག་རིགས་པར་ཐལ། སྔ་མའི་མན་ངག་ཡོད་པ་ལས་གཞན་པའི་སྐྱེས་བུ་གཞན་དག་གིས་འདོན་པ་གང་མཐོང་སྟེ་འདོན་མི་ནུས་པའི་ཕྱིར་རོ། །གཞན་ཡང་རྒྱུ་སྐྱེས་བུ་ལས་འབྱུང་བར་མངོན་སུམ་དུ་མ་མཐོང་བ་ཅན་གྱི་རིག་བྱེད་གཞན་ཡང་ཆོས་ཅན། སྐྱེས་བུ་དེ་ལས་འབྱུང་བར་ཡང་དག་པར་ཤེས་ཏེ་སྐྱེས་བུས་བྱས་པར་ཐལ། སྐྱེས་བུས་བྱས་པའི་འཇིག་རྟེན་པའི་ངག་ཚིག་དང་ངག་ཚིག་ཏུ་མཚུངས་པའི་ཕྱིར། ཁྱབ་སྟེ། འབྲས་བུའི་རིགས་གང་རྒྱུའི་རིགས་གང་ལས་སྐྱེ་བར་ཚད་མས་གྲུབ་པ་ན་འབྲས་བུ་དེའི་རིགས་ཅན་གཞན་ཡང་རྒྱུ་དེ་ལས་སྐྱེ་བར་ཁྱད་པར་མེད་པའི་ཕྱིར། མེའི་ཁྱད་པར་འགའ་ཞིག་ཤིང་ལས་སྐྱེ་བས་དེ་དང་རིགས་མཚུངས་པའི་མེ་གཞན་ཡང་ཤིང་ལས་སྐྱེ་བ་བཞིན་ནོ། །དེས་ན་རིག་བྱེད་ཀྱི་སྒྲ་དེ་ལ་ཆོས་ཅན། སྐྱེས་བུས་མ་བྱས་པའི་ཁྱད་པར་དག་ནི་མ་བསྟན་པར་ཏེ་བསྟན་མི་ནུས་པར་ཐལ། སྐྱེས་བུའི་འབྲས་བུར་གྱུར་པའི་ངག་ཚིག་དང་ངག་ཚིག་ཏུ་མཚུངས་པར་ཚད་མས་མཐོང་པའི་ཕྱིར། དེས་ན་རིག་བྱེད་ཀྱི་ངག་ཚིག་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པར་བསྒྲུབ་པ་ལ་བྱེད་པ་པོ་ཐོག་མེད་ཡིན་པ་སོགས་གཏན་ཚིགས་རབ་ཏུ་སྤྲོས་པ་གང་ཡིན་པ་དེ་དག་ཐམས་ཅད་ཁྱབ་པ་འཁྲུལ་པ་ཅན་ཡིན་ཏེ། དེ་ལྟར་དུ་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་ནི། རིག་བྱེད་འདོན་པ་ལ་འདོན་པ་གཞན་སྔོན་དུ་སོང་བས་རིག་བྱེད་དེ་རྣམ་པ་ཀུན་ཏུ་ཐོག་མེད་གྲུབ་འགྱུར་མོད་དེ་ལྟར་གྲུབ་ཀྱང་སྐྱེས་བུ་མིན་པ་ལ་བརྟེན་པ་ཅན་དུ་གྲུབ་པ་མ་ཡིན་ཏེ། ཐོག་མེད་ཀྱི་དུས་ཅན་ཡིན་པ་དེ་ཉིད་ཀྱིས་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་ན། རིག་བྱེད་ལས་གཞན་བྱིས་པས་ས་རྡུལ་ལ་རྩེ་བ་སོགས་ཀྱང་ཆོས་ཅན། མི་ལ་མི་བརྟེན་པར་འགྱུར་ཏེ། ཐོག་མེད་ཀྱི་དུས་ཅན་ཡིན་པའི་ཕྱིར། གཞན་ཡང་མ་བག་མར་ལེན་པ་ཀླ་ཀློའི་ཐ་སྙད་དང་། བུ་བཙས་སྟོན་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་དང་། སྐྱེ་བ་སྔ་ཕྱི་མེད་པར་སྨྲ་བའི་རྒྱང་འཕེན་གྱི་ཚིག་རྣམས་ཀྱང་ཆོས་ཅན། རིག་བྱེད་དེ་བཞིན་དུ་སྐྱེས་བུས་མ་བྱས་པར་འགྱུར་བར་ཐལ། ཐོག་མེད་ཡིན་པའི་ཕྱིར་ནའོ། །གཏན་ཚིགས་གྲུབ་སྟེ་ཐོག་མེད་ནས་སྔོན་མ་སྔོན་མས་འདུས་བྱས་པའི་རྒྱུ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཡང་འདོད་ན་རིག་བྱེད་ཆོས་ཅན། སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་ནའང་ཁྱོད་བདེན་དོན་ཅན་དུ་གྲུབ་པའི་ཡོན་ཏན་ཅི་ཞིག་ཡོད་དེ་མེད་པར་ཐལ། ཕྱིན་ཅི་ལོག་གི་ཐ་སྙད་སྐྱེས་བུས་མ་བྱས་པར་གྲུབ་པ་དེ་དང་འདྲ་བའི་ཕྱིར་རོ། །རིག་བྱེད་ཐོག་མེད་ཡིན་པས་མ་བྱས་པར་གྲུབ་ཏུ་ཆུག་ཀྱང་རིག་བྱེད་ཆོས་ཅན། ཁྱོད་ལས་རང་གི་བརྗོད་བྱ་ལ་ཐེ་ཚོམ་དག་ཀྱང་སྐྱེ་བ་ཡིན་པར་ཐལ། ཁྱོད་འཆད་པར་བྱེད་པའི་སློབ་དཔོན་དག་གིས་དོན་གྱི་འདུ་བྱེད་ཀྱི་ཁྱད་པར་དུ་མ་རྣམས་ལ་འཆད་པར་མཐོང་བའི་ཕྱིར་རོ། །གཉིས་པ་མཚན་གཞི་ལ་བརྟགས་ནས་དགག་པ་ལ་གསུམ་སྟེ། ཡི་གེ་སྐྱེས་བུས་མ་བྱས་དགག །ངག་རྣམས་སྐྱེས་བུས་མ་བྱས་དགག །སྒྲ་དང་ནུས་པ་རྟག་པ་དགག་པའོ། །དང་པོ་ནི། རིག་བྱེད་སྐྱེས་བུས་མ་བྱས་པར་སྒྲུབ་ན་ཡི་གེའམ་ངག་མ་བྱས་པར་སྒྲུབ། དང་པོ་ལྟར་ན། ཡི་གེ་རྣམས་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པར་སྒྲུབ་པར་བྱེད་ན། འབྲས་བུ་ཅིར་འགྱུར་ཏེ་མི་འགྱུར་བར་ཐལ། གཞན་འཇིག་རྟེན་པའི་ཡི་གེ་དང་ཁྱད་མེད་ཅིག་ཡིན་པའི་ཕྱིར་ཏེ། གཅིག་ཏུ་ངོ་ཤེས་པའི་བློ་ནི་གཅིག་གི་རྒྱུ་མཚན་དང་། དེ་དག་ལ་ངོ་ཤེས་གཅིག་འཇུག་པས་རྟགས་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། ཡི་གེ་ལས་གཞན་ངག་མི་འཐད། །ཡི་གེའི་རིམ་པ་ངག་མིན་པའོ། །དང་པོ་ལ་གཉིས་ཏེ། སྣང་རུང་མ་དམིགས་རྟགས་ཀྱིས་དགག རྣམ་པར་བརྟགས་པའི་རིགས་པས་དགག་པའོ། །དང་པོ་ནི། ངག་མ་བྱས་པར་སྒྲུབ་ན། ངག་ནི་ཆོས་ཅན། ཡི་གེ་ལས་དོན་ལ་ཐ་དད་དུ་ཡོད་པ་མིན་ཏེ། ཡི་གེ་ལས་དོན་ལ་ཐ་དད་དུ་མ་དམིགས་པའི་ཕྱིར། འདོད་ན་སྐྱེས་བུས་བྱས་པར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། ཆ་ཤས་ཡོད་མེད་བརྟགས་ལ་དགག །རྟག་དང་མི་རྟག་བརྟགས་ལ་དགག །ཁྱབ་དང་མ་ཁྱབ་བརྟགས་ལ་དགག་པའོ། །དང་པོ་ལ་གཉིས་ཏེ། ཆ་ཤས་ཡོད་པ་དགག ཆ་ཤས་མེད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། རེ་རེ་ལ་དོན་མེད་པ་དགག རེ་རེ་ལ་དོན་ཡོད་པ་དགག་པའོ། །དང་པོ་ནི། ཡི་གེ་ལས་གཞན་པའི་ངག་ཡོད་ན། ངག་དེ་ཡན་ལག་དུ་མ་ཅན་ནམ་ཆ་མེད་གཅིག་ཡིན། ཡན་ལག་སྟེ་ཆ་ཤས་དུ་མའི་བདག་ཉིད་ཡིན་ན། ཡན་ལག་རེ་རེས་ངག་རིལ་པོས་བརྗོད་བྱ་སྟོན་ནུས་སམ་མི་ནུས། ཆ་དེ་རྣམས་ཐ་དད་རེ་རེ་ལ་ངག་རིལ་པོའི་དོན་སྟོན་པའི་ནུས་པ་མེད་པ་ཉིད་ཡིན་ཞེ་ན། ངག་གི་ཆ་ཤས་རྣམས་ཆོས་ཅན། ཁྱོད་མ་ཚོགས་པ་དེ་བརྗོད་བྱའི་དངོས་པོ་སྟོན་ནུས་པ་ཅན་མིན་པ་ལ་ཁྱོད་ཚོགས་པ་དེ་བརྗོད་བྱའི་དངོས་པོ་སྟོན་ནུས་པ་ཅན་དུ་རྟོག་པས་བཏགས་པར་ཐལ། ཁྱོད་རེ་རེ་ལ་བརྗོད་བྱ་སྟོན་པའི་ནུས་པ་མེད་ཅིང་། ཚོགས་པས་སྟོན་ནུས་པའི་ཕྱིར། བྲམ་ཟེའི་ཁྱེའུ་སེང་གེ་མ་ཡིན་པ་ལ་སེང་གེ་ཉིད་ལ་སོགས་པར་བཏགས་པ་བཞིན་ནོ། །འདོད་ན་སྐྱེས་བུས་བྱས་པར་འགྱུར་རོ། །གཉིས་པ་ནི། ངག་གི་ཆ་ཤས་རེ་རེ་ཡང་ངག་རིལ་པོའི་བརྗོད་བྱའི་དོན་དང་བཅས་པ་ཉིད་ཡིན་ཞེ་ནའང་། ངག་ཆོས་ཅན། ཁྱོད་ཀྱིས་དོན་གོ་བར་བྱེད་པ་ལ་ཆ་ཤས་དུ་མ་དགོས་པ་ཉིད་དུ་བཏགས་པ་དེ་ལོག་པ་ཡིན་པར་ཐལ། ཁྱོད་ཀྱི་ཡན་ལག་སྟེ་ཆ་ཤས་གཅིག་ནི་རྟོགས་པས་ཀྱང་ངག་གི་དོན་མཐའ་དག་རྟོགས་པར་འགྱུར་བའི་ཕྱིར། གལ་ཏེ་ངག་གི་ཆ་ཤས་ཐམས་ཅད་ཅིག་ཆར་ཐོས་པ་ཡིན་པས་ཆ་ཤས་གཅིག་རྟོགས་པས་དོན་ཀུན་རྟོགས་པ་མ་ཡིན་ནོ་ཞེ་ནའང་། ངག་ཆོས་ཅན། ཁྱོད་ལས་དོན་གོ་བ་ཁྱོད་ཀྱི་ཆ་ཤས་རྣམ་རིམ་གྱིས་ཐོས་པའི་དུས་ཀྱིས་ཁྱད་པར་སྔ་ཕྱི་དུ་མ་ལ་ལྟོས་པ་མི་རུང་བར་ཐལ། ཁྱོད་ཀྱི་ཆ་ཤས་གཅིག་ཐོས་པ་ན་ཁྱོད་ཀྱི་ཆ་ཤས་ཐམས་ཅད་ཅིག་ཆར་ཐོས་པའི་ཕྱིར། གཉིས་པ་ནི། ངག་ཆ་མེད་གཅིག་ཉིད་ཡིན་ནོ་ཞེ་ནའང་། ངག་ཆོས་ཅན། ཁྱོད་ཀྱི་ཆ་ཤས་རྣམས་རིམ་གྱིས་རྟོགས་པ་སྟེ་ཐོས་པ་མི་སྲིད་པར་ཐལ། ཁྱོད་ཆ་ཐ་དད་མེད་པ་ཡིན་པའི་ཕྱིར། །གཉིས་པ་ནི། ཡི་གེ་ལས་གཞན་པའི་ངག་དེ་མི་རྟག་གམ་རྟག མི་རྟག་ན་ནི། རིག་བྱེད་ཀྱི་ངག་ཆོས་ཅན། རྩོལ་བྱུང་དུ་ཐལ། མི་རྟག་པ་གང་ཞིག རྩོལ་བ་ལས་རྒྱུ་གཞན་མེད་པའི་ཕྱིར་རོ། །འདོད་ན་རིག་བྱེད་ཀྱི་ངག་དེ་ཆོས་ཅན། ཅིས་སྐྱེས་བུས་བྱས་པ་མིན་ཏེ་ཡིན་པར་ཐལ། རྩོལ་བྱུང་ཡིན་པའི་ཕྱིར། གལ་ཏེ་རྟག་པ་ཉིད་ཡིན་ནའང་རིག་བྱེད་ཀྱི་ངག་ཆོས་ཅན། རྟག་པར་ནི་དམིགས་པ་སྟེ་ཐོས་པར་འགྱུར་ཏེ། ཐོས་རུང་གི་རྟག་པ་གང་ཞིག ཐོས་པ་ལ་འགལ་རྐྱེན་ཀྱི་སྒྲིབ་གཡོགས་མེད་པའི་ཕྱིར་རོ། །གལ་ཏེ་ངག་ཐོས་པའི་ལྷན་ཅིག་བྱེད་རྐྱེན་འགའ་ཞིག་མ་ཚང་ན་ཐོས་པ་མིན་པས་རྟག་ཏུ་མི་ཐོས་སོ་ཞེ་ན། སྒྲ་ཆོས་ཅན། ཁྱོད་ཀྱིས་ཉན་ཤེས་བསྐྱེད་པ་རྐྱེན་གཞན་ལ་ལྟོས་པ་ཡིན་པ་ནི་བླ་སྟེ་ངེད་ཀྱང་འདོད་མོད་ཀྱི་ཕྱིས་ཀྱང་སྔར་བཞིན་ངེས་པའི་རྟག་པ་དག་ནི་འགལ་བ་ཡིན་པར་ཐལ། རྐྱེན་གྱིས་འགྱུར་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཁྱབ་བྱེད་མིན་པར་དགག ཁྱབ་བྱེད་ཡིན་པར་དགག་པའོ། །དང་པོ་ནི། རིག་བྱེད་ཀྱི་ངག་ཆ་མེད་དེས་ཡུལ་ཐམས་ཅད་དུ་ཁྱབ་བམ་མ་ཁྱབ། གལ་ཏེ་དེ་དག་ཁྱབ་བྱེད་མིན་ན་རིག་བྱེད་ཀྱི་ངག་ཆོས་ཅན། ཡུལ་གཅིག་ལས་གཞན་པའི་ཡུལ་ཐམས་ཅད་དུ་ནི་དམིགས་པར་མི་འགྱུར་བར་ཐལ། ཡུལ་གཅིག་ཁོ་ནར་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་འགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་ངག་དེས་ཡུལ་ཐམས་ཅད་དུ་ཁྱབ་ཅེ་ན། སྒྲ་ཐམས་ཅད་ཆོས་ཅན། སྒྲ་ཐོས་རུང་གི་གང་ཟག་ཐམས་ཅད་ཀྱིས་ཅིག་ཆར་དམིགས་པ་དག་ཏུ་འགྱུར་བར་ཐལ། ཁྱོད་ཡུལ་ཐམས་ཅད་ལ་ཁྱབ་པའི་ཐོས་རུང་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདུས་བྱས་ཁྱད་པར་ཡོད་པ་དགག ལེགས་བྱས་ཁྱད་པར་ཡོད་པ་དགག་པའོ། །དང་པོ་ནི། གལ་ཏེ་སྒྲ་ཐོས་རུང་དུ་རྐྱེན་གྱིས་འདུས་བྱས་པ་ཁོ་ན་དབང་པོའང་འདུས་བྱས་པ་ཁོ་ནས་དམིགས་པ་ཡིན་པས་སྒྲ་ཐམས་ཅད་ཅིག་ཆར་མི་དམིགས་ཞེ་ན་ཡང་། སྒྲ་ཆོས་ཅན། རྐྱེན་གང་གིས་འདུ་བྱེད་འགྱུར་ཏེ། མི་འགྱུར་བར་ཐལ། འགྱུར་མེད་ཡིན་པའི་ཕྱིར། གཞན་ཡང་སྒྲ་ཐོས་རུང་དུ་དབང་པོ་ལེགས་པར་འདུས་བྱས་པར་གྱུར་ན་སྐྱེས་བུ་དེས་ཀྱང་ཆོས་ཅན། ཁྱོད་ཀྱིས་སྒྲ་མ་ལུས་པ་ཅིག་ཆར་ཐོས་པར་འགྱུར་བར་ཐལ། ཁྱོད་ཀྱིས་ཐོས་པའི་སྒྲ་དང་སྒྲ་ཐམས་ཅད་ཆ་མེད་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྒྲ་གཅིག་ཁོ་ན་ཐོས་རུང་དུ་དབང་པོ་ལེགས་པར་འདུས་བྱས་པའི་ཁྱད་པར་ལས་དབང་པོ་ཐ་དད་དུ་འཇུག་པའི་ཕྱིར་ན་ཉན་ཤེས་དེ་དོན་སྒྲ་གཅིག་ཁོ་ན་འཛིན་པར་ངེས་པ་ཡིན་པས་སྒྲ་ཀུན་མི་ཐོས་སོ་ཞེ་ན། ཉན་ཤེས་ཆོས་ཅན། སྙན་ངག་དང་གླུ་ལ་སོགས་པ་སྒྲའི་ཚོགས་པ་དུ་མའི་ཅ་ཅོ་ཇི་ལྟར་ཐོས་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྒྲ་གཅིག་ཁོ་ན་འཛིན་པར་ངེས་པའི་ཕྱིར། གལ་ཏེ་ཅ་ཅོ་ཐོས་པ་དེ་ལ་རྗོད་བྱེད་མ་ཡིན་པའི་སྒྲ་ཙམ་ཡན་གར་བ་དུ་མ་ཅིག་ཆར་ཐོས་པར་འགྱུར་གྱི། རྗོད་བྱེད་ངག་ཚིག་ནི་དུ་མ་ཅིག་ཅར་ཐོས་པ་མ་ཡིན་ཞེ་ན། སྒྲ་ཙམ་ཡན་གར་བ་ལས་དོན་ཐ་དད་པའི་རྗོད་བྱེད་ཀྱི་ངོ་བོ་ཡོད་དོ་ཞེས་པ་འདི་ལ་ཆོས་ཅན། མོས་པའི་དབང་གིས་ཤིན་ཏུ་ཆེས་དད་པར་བྱ་བ་ཙམ་དུ་ཟད་དེ། རིགས་པ་མེད་པའི་དམ་བཅའ་ཡིན་པའི་ཕྱིར་རོ། །གཞན་ཡང་ཅ་ཅོའི་ནང་ནས་སྒྲ་གཞན་དག་ནི་མི་འདོན་པར་གནས་ནས་སྐྱེས་བུ་གཅིག་རིག་བྱེད་འདོན་པ་ན་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་ཇི་ལྟར་ཐོས་པ་ཡིན་ཏེ་མི་ཐོས་པར་ཐལ། སྒྲ་ཙམ་ཡན་གར་བ་ཁོ་ན་ཐོས་པའི་ཕྱིར། ཡང་ན་ཉན་ཤེས་ཆོས་ཅན། ཇི་ལྟར་ཐ་དད་པའི་སྒྲ་ཙམ་ཡན་གར་བ་དུ་མ་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྒྲ་ཙམ་ཡན་གར་བ་ཡང་རེ་རེ་ཐོས་པ་ལ་ནུས་པ་ངེས་པའི་ཕྱིར་ཏེ། མ་ངེས་ན་རྗོད་བྱེད་ཀྱང་རེ་རེ་ཐོས་པ་ལ་མ་ངེས་པར་མཚུངས་སོ། །དཔྱོད་པ་པ་དག་སྒྲ་ཙམ་ཆོས་ཅན། རྗོད་བྱེད་དུ་མི་འདོད་དེ། སྔ་ཕྱི་ཆ་དང་བཅས་པའི་ཉེས་པ་གང་དང་ཆ་སྔ་ཕྱི་ཚོགས་པ་མི་སྲིད་པའི་ཉེས་པ་གང་གིས་ཀྱང་སྟེ་དེའི་ཕྱིར། དེས་ན་རིམ་ཅན་གྱི་སྒྲ་ཙམ་གྱིས་གསལ་བར་བྱས་པའི་ངག་ཚིག་ཆ་མེད་རྗོད་བྱེད་ཡིན་ནོ་ཞེས་ཟེར་རོ། །རྗོད་བྱེད་ངག་ཚིག་ལ་ཆོས་ཅན། ཇི་ལྟར་གོ་རིམ་དེ་མེད་དེ་ཡོད་པར་ཐལ། གོ་རིམ་ཅན་གྱི་སྒྲ་ཙམ་དག་གིས་གསལ་བར་བྱ་བ་ཡིན་པའི་ཕྱིར་ནའོ། །གཉིས་པ་ཡི་གེའི་རིམ་པ་ངག་མིན་པ་ལ་བཞི་སྟེ། བཀོད་པའི་རིམ་པ་མ་བྱས་ངག་མ་ཡིན། །གསལ་བའི་རིམ་པའང་མ་བྱས་ངག་མ་ཡིན། །ཡི་གེ་ལས་གཞན་རིམ་པ་སྔ་མས་ཁེགས། །དེས་ན་གོ་རིམ་སྐྱེས་བུས་བྱས་པར་གྲུབ་པའོ། །དང་པོ་ནི། གལ་ཏེ་ཡི་གེ་ལས་ཐ་དད་པའི་ངག་མེད་པས་ཡི་གེའི་རིམ་པ་ཉིད་ངག་ཡིན་ཅིང་། དེ་མ་བྱས་པར་སྒྲུབ་བོ་ཞེ་ན། ཡི་གེའི་རིམ་པ་དེ་ཆོས་ཅན། སྐྱེས་བུས་མ་བྱས་པ་མིན་པར་ཐལ། ཡི་གེ་རྣམས་ལས་ཐ་དད་མེད་པ་གཅིག་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་རིག་བྱེད་ཀྱི་ཡི་གེ་དེ་དག་ཆོས་ཅན། ཁྱོད་ཀྱི་གོ་རིམ་སྐྱེས་བུས་མ་བྱས་པ་མཐའ་གཅིག་ཏུ་རྣམ་པར་གཞག་པའང་མེད་དེ། ཁྱོད་ཀྱི་གོ་རིམ་དེ་སྐྱེས་བུས་མ་བྱས་ན་གོ་རིམ་གཞན་དང་གཞན་དུ་བྱར་ཡོད་པ་ནི་འགལ་ལ། ཁྱོད་ཀྱི་གོ་རིམ་གཞན་དང་གཞན་དུ་བྱར་ཡོད་པའི་ཕྱིར་རོ། །རིག་བྱེད་ཀྱི་ཡི་གེ་རྣམས་ཆོས་ཅན། ཡུལ་སྔ་མ་སྤངས་ནས་གཞན་དུ་འཇུག་པའི་ཡུལ་གྱི་གོ་རིམ་དང་། འགའ་ཞིག་སྔར་ཡོད་ལ་འགའ་ཞིག་ཕྱིས་ཡོད་པའི་དུས་ཀྱི་གོ་རིམ་མེད་པར་ཐལ། ཡུལ་ཐམས་ཅད་ན་ཁྱབ་པ་དང་། རྟག་པར་བརྗོད་པའི་ཕྱིར། གལ་ཏེ་མི་རྟག་པ་དང་ཁྱབ་བྱེད་མ་ཡིན་ནོ་ཞེ་ན། རིག་བྱེད་ཀྱི་ཡི་གེ་རྣམས་ཆོས་ཅན། ཁྱོད་མི་རྟག་པ་དང་ཁྱབ་བྱེད་མ་ཡིན་པ་ཡང་མི་འཐད་པར་ཐལ། དེའི་སྐྱོན་ཡང་མི་རྟག་ན་ནི་རྩོལ་བྱུང་ཕྱིར། །ཞེས་དང་། གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཞེས་སྔར་ནི་བརྗོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། རྟག་པ་ཡིན་ན་གསལ་བར་འགལ། །ངོ་བོ་བསྐྱེད་ན་གསལ་བྱེད་མིན། །སྒྲིབ་བྱེད་བྲལ་ཙམ་གསལ་བ་མིན། །ཉན་བློ་སྐྱེས་པ་གསལ་བ་མིན་པའོ། །དང་པོ་ནི། ཡི་གེ་གྲུབ་ཟིན་རྟག་པ་བྱེད་པ་ལྕེ་རྐན་གྱིས་གསལ་བར་བྱས་པའི་རིམ་པའང་ངག་ཡིན་ཅིང་། དེ་མ་བྱས་པར་སྒྲུབ་བོ་ཞེ་ན། ཡི་གེ་ཆོས་ཅན། ཁྱོད་བྱེད་པ་ལྕེ་རྐན་གྱིས་གསལ་བར་བྱས་པ་མིན་ཏེ། ཁྱོད་རྟག་པ་གང་ཞིག རྟག་པ་ལ་རྐྱེན་གྱིས་གསལ་བ་གོང་དུ་བསལ་བའི་ཕྱིར་རོ། །གཉིས་པ་ནི། ཡི་གེ་དེ་ཆོས་ཅན། བྱེད་པ་ལྕེ་རྐན་གྱིས་འབྲས་བུ་ཉིད་ཡིན་གྱི་དེ་དག་གིས་གསལ་བྱ་ཙམ་མ་ཡིན་པར་ཐལ། བྱེད་པ་དེ་རྣམས་ཀྱི་བྱ་བའི་ནུས་པ་ཉིད་ལས་ཁྱོད་ཀྱི་ངོ་བོ་གྲུབ་པ་སྟེ་བྱུང་བའི་ཕྱིར་ནའོ། །ཁྱབ་སྟེ། གསལ་བྱ་རང་གི་རྒྱུ་ལས་གྲུབ་ཟིན་པའི་དོན་ལ་གསལ་བྱེད་རང་ཉིད་མངོན་དུ་ཤེས་པས་གཞན་གསལ་བྱ་འཛིན་པའི་བློའི་རྒྱུ་བྱེད་པ་ནི་གསལ་བྱེད་དུ་འདོད་པས་གསལ་བྱེད་ཀྱིས་གསལ་བྱའི་ངོ་བོ་བསྐྱེད་པ་མི་སྲིད་པའི་ཕྱིར་རོ། །དཔེར་ན་སྒྲོན་མེའི་འོད་ཀྱིས་བུམ་པ་གྲུབ་ཟིན་བློ་ཡུལ་དུ་གསལ་བར་བྱེད་པ་བཞིན། ཚུལ་དེ་ལས་གཞན་དུ་གསལ་བྱེད་ཀྱིས་གསལ་བྱའི་ངོ་བོ་བསྐྱེད་པ་ཡིན་ནའང་། གསལ་བྱེད་འདི་ཆོས་ཅན། གསལ་བྱའི་བྱེད་པ་པོ་ཉེར་ལེན་ལས་ཁྱད་པར་ཅི་ཡོད་དེ་མེད་པར་ཐལ། གསལ་བྱའི་ངོ་བོ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །དེས་ཡི་གེ་རྣམས་ཆོས་ཅན། བྱེད་པ་ལྕེ་རྐན་གྱི་འབྲས་བུའི་གཙོ་བོ་ཉིད་ཡིན་གྱི་གསལ་བྱ་མ་ཡིན་ཏེ། བྱེད་པ་ལྕེ་རྐན་རྣམས་ཀྱི་ཚོགས་པ་ཡི་བྱ་བ་ལས་ནི་ཁྱོད་ཀྱི་ངོ་བོ་ངེས་པར་ཡང་དམིགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གསལ་བྱེད་ཀྱི་རྒྱུ་ལ་ངོ་བོ་བསྐྱེད་པ་དེ་མི་སྲིད་པའི་ཕྱིར། འདིར་ཡི་གེ་བྱེད་པ་ལྕེ་རྐན་ལས་སྐྱེས་པར་སྒྲུབ་པའི་ཡི་གེ་ནི་ཡི་གེའི་ཆ་ཤས་ལ་ཡི་གེའི་མིང་གིས་བཏགས་པ་སྟེ་འདི་འདྲའི་རིགས་ཅན་མང་ངོ་། །གསུམ་པ་ནི། གལ་ཏེ་ཁྱེད་ཀྱིས་བྱེད་པ་ལྕེ་རྐན་རྣམས་ཀྱིས་སྒྲ་དེའི་ངོ་བོའི་སྒྲིབ་བྱེད་དང་བྲལ་བ་བྱེད་པ་ཙམ་ལ་གསལ་བྱེད་དུ་བརྗོད་པ་ཡིན་ན། སྒྲིབ་བྱེད་དང་བྲལ་ཙམ་ཆོས་ཅན། ཁྱོད་བྱེད་པ་ལ་ཅིའི་ཕྱིར་བྱེད་པའི་ཚོགས་ཀྱི་ནུས་པ་དེ་རུང་བར་འགྱུར་ཏེ་མིན་པར་ཐལ། ཁྱོད་དངོས་པོར་མེད་པའི་ཕྱིར། སྒྲ་ལས་གཞན་རྫ་བུམ་སོགས་དག་ཀྱང་ཆོས་ཅན། འཇིམ་པ་དང་རྫ་མཁན་སོགས་ཀྱི་གསལ་བྱ་ཡིན་པ་ཐོབ་པར་འགྱུར་ཏེ། སྒྲ་ལྕེ་རྐན་སོགས་ཀྱིས་གསལ་བྱ་ཡིན་པ་གང་ཞིག སྒྲ་ལྕེ་རྐན་སོགས་ལས་བྱུང་བའི་ཚུལ་དང་། ཁྱོད་འཇིམ་པ་སོགས་ལས་བྱུང་བའི་ཚུལ་ཁྱད་པར་མེད་པའི་ཕྱིར། དེ་བཞིན་དུ་ནི་ཁས་ལེན་ཞེ་ན། འཇིམ་པ་སོགས་རྒྱུ་རྣམས་ཀུན་གྱི་ཆོས་ཅན། རྫ་བུམ་སོགས་ཀྱི་ངོ་བོ་བསྐྱེད་པ་ལ་དོན་མེད་པ་ཉིད་དུ་འགྱུར་བར་ཐལ། རྫ་བུམ་སོགས་ཀྱི་གསལ་བྱེད་ཙམ་ཡིན་པའི་ཕྱིར། བྱེད་པ་ལྕེ་རྐན་སོགས་སྔར་ནས་ཡོད་པའི་སྒྲ་རྟག་པའི་གསལ་བྱེད་དུ་འདོད་ན་སྒྲ་རྟག་པར་ཅིས་འགྲུབ། གལ་ཏེ་སྔ་ཕྱི་གཅིག་ཏུ་ངོ་ཤེས་པ་དང་སྔར་ནས་ཡོད་པ་དོན་ལ་རྗོད་བྱེད་དུ་སྦྱར་བ་སོགས་གང་ཡིན་པ་སྒྲུབ་བྱེད་དུ་འདོད་ན་ནི། དེ་གཉིས་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། ཁྱོད་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། དངོས་པོ་རྣམས་ནི་སྐད་ཅིག་གིས་ནི་འཇིག་པའི་ཕྱིར་རོ། །སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་མེད་པར་བསྟན་པའི་རིགས་པ་འདི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། སྒྲ་རྟག་པར་སྒྲུབ་པའི་རྟགས་ངན་པ་གཞན་ཡང་སུན་དབྱུང་བའི་ཆེད་ཡིན་པའི་ཕྱིར། བཞི་པ་ནི། ཡི་གེ་གསལ་བ་ནི་ཡི་གེ་གསལ་བར་ཐོས་པའི་ཉན་བློ་ཡིན་ལ་དེའི་གོ་རིམ་དེ་རིག་བྱེད་ཀྱི་ངག་ཡིན་ནོ་ཞེ་ན། ཉན་བློ་དེ་ནི་ཆོས་ཅན། སྐྱེས་བུའི་རྟེན་ཅན་མིན་པར་ཐལ། སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་ངག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སྐྱེས་བུའི་རྟེན་ཅན་མ་ཡིན་པ་མི་འཐད་དེ། ཁྱོད་དེ་མ་ཡིན་པ་ལ་དཔྱོད་པ་བ་རང་གིས་བློ་སྐྱེས་བུའི་ཡོན་ཏན་དུ་ཁས་བླངས་པ་དང་། བློ་སྐྱེས་བུ་ལ་བརྟེན་པ་མངོན་སུམ་ཚད་མས་གྲུབ་པ་དང་། བློ་སྐྱེས་བུ་ལ་བརྟེན་པར་འཇིག་རྟེན་ན་གྲགས་པ་དང་། བློ་སྐྱེས་བུའི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྟགས་ལ་བརྟེན་པའི་རྗེས་སུ་དཔག་པས་ཅིག་ཆར་ཏེ་ཕན་ཚུན་མ་ལྟོས་པར་སོ་སོ་ནས་གནོད་པའི་ཕྱིར་རོ། །གསུམ་པ་ཡི་གེ་ལས་གཞན་རིམ་པ་སྔ་མས་ཁེགས་པ་ནི། ཡི་གེ་རྣམས་ལས་ཐ་དད་པའི་རིམ་པའང་ཆོས་ཅན། སྐྱེས་བུས་མ་བྱས་པའི་ངག་མ་ཡིན་ཏེ། གོང་དུ་སྣང་རུང་མ་དམིགས་པའི་རྟགས་ཀྱིས་གསལ་བར་བཅད་ནས་བཀག་ཟིན་ཏོ། །བཞི་པ་དེས་ན་གོ་རིམ་སྐྱེས་བུས་བྱས་པར་གྲུབ་པ་ནི། ཡི་གེའི་གོ་རིམ་དེ་ནི་ཆོས་ཅན། ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན་ཏེ་ཡིན་པར་ཐལ། ཡི་གེ་དང་གཅིག་དང་ཐ་དད་གང་ཡང་མ་གྲུབ་ཀྱང་རྟོག་པས་སྒྲོ་བཏགས་ནས་བཞག་པའི་ཕྱིར་ནའོ། །གསུམ་པ་སྒྲ་དང་ནུས་པ་རྟག་པ་དགག་པ་ལ་གསུམ་སྟེ། ཡོད་པས་སྒྲ་ལ་མི་རྟག་བསྒྲུབ། །དེས་ན་སྔར་བཤད་རིགས་པ་གྲུབ། །དེ་ཡིས་ནུས་པ་རྟག་པ་ཁེགས་པའོ། །དང་པོ་ལ་གཉིས་ཏེ། ཁྱབ་སྒྲུབ་བཅས་པའི་རྩ་རྟགས་དགོད། །ཁྱབ་སྒྲུབ་བཅས་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་མེད་པ་ཡིན་ན། རྟག་པ་མིན་པར་གང་གིས་གྲུབ་ཅེ་ན། སྒྲ་ནི་ཆོས་ཅན། སྐད་ཅིག་གིས་མི་རྟག་པ་ཉིད་ཡིན་ཏེ། ཡོད་པའི་ཕྱིར། མ་ཁྱབ་ན། འཇིག་པ་ཆོས་ཅན། དངོས་པོར་ཡོད་པ་ཙམ་དང་རང་ཆས་སུ་འབྲེལ་བ་ཅན་ཉིད་ཡིན་ཏེ། དངོས་པོའི་རྒྱུ་ལས་ཕྱིས་རྒྱུ་གཞན་ལ་ལྟོས་མེད་དུ་དངོས་པོའི་རྒྱུ་དེ་ཉིད་ལས་སྐྱེས་པའི་ཕྱིར་རོ། །རྩོད་ངོར་ནི་དངོས་པོ་འགོད་པར་བྱེད་ཅེས་སྔར་བཤད་ཟིན་ཏོ། །གཉིས་པ་ནི། རིག་བྱེད་པ་སོགས་ན་རེ། དངོས་པོ་དེ་ཉིད་འཇིག་པར་མི་འདོད་ལ་ཤིང་དང་བུམ་པ་སོགས་ཞིག་ནས་མེད་པ་ཉིད་དངོས་པོ་དེའི་འཇིག་པར་འདོད་ཅིང་དེ་རྒྱུ་མེ་དང་ཐོ་བ་ལ་སོགས་པ་ལ་ལྟོས་པའི་ཕྱིར། འཇིག་པ་ལྟོས་མེད་མ་གྲུབ་ཅེས་སྨྲའོ། །དེ་དགག་པ་ལ་གཉིས་ཏེ། ཁྱབ་སྒྲུབ་རྟགས་ལ་མ་གྲུབ་སྤང་། །རྩ་བའི་རྟགས་ལ་མ་ངེས་སྤང་བའོ། །དང་པོ་ལ་གཉིས་ཏེ། ཞིག་པ་རྒྱུ་ལས་བྱུང་བ་དགག །དེ་ལ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཞིག་པ་དོན་གཞན་སྐྱེ་བ་དགག །ཞིག་པ་དེ་ཉིད་སྐྱེ་བ་དགག །ཞིག་པ་ཕུང་གསུམ་སྐྱེ་བ་དགག་པའོ། །དང་པོ་ནི། མེས་ཤིང་གི་ཞིག་པ་བསྐྱེད་ན་ཤིང་ལས་དོན་གཞན་དུ་གྱུར་པ་དག་གམ་རྫས་གཅིག་པ་བསྐྱེད། དང་པོར་ལྟར་ན་ཤིང་ནི་ཆོས་ཅན། མེས་བསྲེགས་ཟིན་པའི་ཕྱིས་ཀྱང་མཐོང་བ་ཉིད་དུ་འགྱུར་བར་ཐལ། མེས་བསྲེགས་ཟིན་པའི་ཕྱིས་ཁྱོད་འཇིག་པ་སྟེ་ཞིག་པ་མེད་པའི་ཕྱིར་ཏེ། མེས་བསྲེག་པ་ན་ཁྱོད་ལས་དོན་གཞན་དུ་གྱུར་པའི་ཞིག་པ་དག་མེ་ལས་སྐྱེ་བ་ཙམ་ཡིན་པའི་ཕྱིར་ནའོ། །གལ་ཏེ་སྐྱོན་མེད་དེ། ཞིག་པ་དོན་གཞན་དེ་ཉིད་ཤིང་འདིའི་འཇིག་པ་སྟེ་ཞིག་པ་ཡིན་པའི་ཕྱིར་ཞེ་ན། མེ་ལས་སྐྱེས་པའི་ཞིག་པ་དེ་ཆོས་ཅན། ཇི་ལྟར་ན་གཞན་ཤིང་གི་འཇིག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཤིང་ལས་དོན་གཞན་ནི་ཡིན་པའི་ཕྱིར། གཞན་ཡང་ཞིག་པ་དོན་གཞན་དེ་ཤིང་གི་ཞིག་པ་ཡིན་དུ་ཆུག་ཀྱང་བླ་སྟེ་དེ་ཡོད་པའི་ཚེ་ཅིའི་ཕྱིར་ཤིང་མི་སྣང་ཞེས་དྲིས་པ་དེའི་ཚེ་ཆོས་ཅན། ཤིང་སྣང་བ་མིན་ཏེ། ཞིག་པ་དོན་གཞན་དེས་ཤིང་བཟུང་བ་སྟེ་བདག་གིར་བྱས་པའི་ཕྱིར་ཞེ་ན། ཞིག་པ་དོན་གཞན་དེ་ཆོས་ཅན། ཤིང་གི་སྒྲིབ་བྱེད་ཙམ་དུ་ཐལ། ཤིང་ལས་དོན་གཞན་གང་ཞིག ཁྱོད་ཀྱིས་བདག་གིར་བྱས་པས་ཤིང་མི་མཐོང་བའི་ཕྱིར། འདོད་ན་དེ་ཆོས་ཅན། ཤིང་གི་སྒྲིབ་བྱེད་དུ་རིག་པ་མིན་ཏེ། གང་གི་ཕྱིར་ན་ཁྱོད་དེ་ཡིས་ཤིང་མི་སྒྲིབ་པ་སྟེ་སྒྲིབ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་འཇིག་པ་སྟེ། མེ་ལས་སྐྱེས་པའི་ཞིག་པ་དེ་ཆོས་ཅན། འཇིག་པ་ཅན་དུ་འགྱུར་བར་ཐལ། རང་རྒྱུ་ལས་སྐྱེ་བའི་ཕྱིར། འདོད་པ་དེ་ལྟ་ནའང་ཤིང་ཆོས་ཅན། ཁྱོད་མེས་བསྲེགས་ཟིན་པའི་རྗེས་སུ་ཡང་མཐོང་བར་འགྱུར་བར་ཐལ། ཁྱོད་མེས་བསྲེགས་ཟིན་པའི་རྗེས་སུ་ཁྱོད་ཞིག་པ་ཞིག་ནས་མེད་པར་འགྱུར་བའི་ཕྱིར། གལ་ཏེ་ནག་པའི་གསོད་བྱེད་བསད་པ་ན་བསད་ཟིན་པའི་ནག་པ་སླར་འབྱུང་བ་མིན་པ་ཇི་བཞིན་དུ་ཤིང་གི་ཞིག་པ་འདི་ལའང་དེ་བཞིན་དུ་ཤིང་སླར་མི་འབྱུང་བ་ཡིན་ཞེ་ན། ཤིང་ཆོས་ཅན། ཁྱོད་ཞིག་པ་ཞིག་ན་ཁྱོད་སླར་འབྱུང་དགོས་པ་དང་ནག་པའི་གསོད་བྱེད་བསད་ན་ནག་པ་སླར་འབྱུང་དགོས་པ་དེ་མི་མཚུངས་པར་ཐལ། ཁྱོད་ཞིག་པ་དང་ནག་པ་བསད་པ་དེ་མཚུངས་ཀྱང་ནག་པའི་གསོད་བྱེད་དེ་ནག་པ་བསད་པ་ཉིད་མིན་པའི་ཕྱིར་རོ། །གཉིས་པ་ནི་མེས་བྱས་པའི་འཇིག་པ་དེ་ཤིང་ལས་དོན་གཞན་ཉིད་མ་ཡིན་ཅེ་ན། ཤིང་ཆོས་ཅན། ཁྱོད་ཉིད་འཇིག་པ་ཉིད་དུ་འགྱུར་བར་ཐལ། ཁྱོད་ཀྱི་འཇིག་པ་ཡང་ཁྱོད་ཀྱི་འཇིག་པ་ཁྱོད་ལས་དོན་གཞན་མིན་པའི་ཕྱིར། འདོད་ན་ཤིང་གི་འཇིག་པ་ཆོས་ཅན། མེ་དེ་ཁྱོད་ཀྱི་རྒྱུ་མིན་པ་ཉིད་དུ་ཐལ། མེ་དེ་མེད་པར་ཡང་ཁྱོད་ཤིང་གི་རྒྱུ་ལས་སྐྱེས་པའི་ཕྱིར་ནའོ། །གསུམ་པ་ནི། མེས་བྱས་པའི་འཇིག་པ་དེ་ཤིང་དང་རྫས་གཅིག་དང་རྫས་ཐ་དད་གང་ཡང་མ་ཡིན་ནོ་ཞེ་ན། ཤིང་དེ་ཆོས་ཅན། ཁྱོད་ལས་རྫས་གཅིག་དང་རྫས་ཐ་དད་གང་རུང་འདི་ལས་གཞན་པའི་འཇིག་པའི་རྣམ་པའང་མེད་དེ། ཁྱོད་རྫས་སུ་གྲུབ་པའི་ཕྱིར། གཉིས་པ་དེ་ལ་ཧ་ཅང་ཐལ་བ་སྤོང་བ་ལ་བཞི་སྟེ། ཞིག་དངོས་ལྷན་ཅིག་འགྱུར་བ་སྤོང་། །དངོས་པོ་འཇིག་པ་མེད་པ་སྤོང་། །བརྟགས་པའི་ཉེས་པ་མཚུངས་པ་སྤོང་། །ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པའོ། །དང་པོ་ནི། འཇིག་པ་སྟེ་ཞིག་པ་ཆོས་ཅན། རྟག་ཏུ་རྫས་སུ་ཡོད་པར་ཐལ། རྒྱུ་མེད་པ་ཅན་ཡིན་ནའང་སྟེ་ཡིན་པའི་ཕྱིར། འདོད་ན། ཤིང་གི་དངོས་པོ་དང་འཇིག་པ་སྟེ་ཤིང་གི་ཞིག་པ་དག་ལྷན་ཅིག་ཡོད་པར་འགྱུར་བར་ཐལ། ཤིང་ཞིག་པ་དེ་རྟག་ཏུ་ཡོད་པའི་ཕྱིར་ཞེ་ན། ཤིང་གི་ཞིག་པ་མེད་དགག་དེ་ཆོས་ཅན། རྒྱུ་མེད་ཡིན་ཡང་རྟག་ཏུ་རྫས་སུ་ཡོད་པ་ཉིད་གང་ལས་ཡིན་ཏེ་མིན་པར་ཐལ། དངོས་པོར་མེད་པའི་ཕྱིར། གཉིས་པ་ནི། འཇིག་པ་དངོས་པོར་མེད་ན་དེས་དངོས་པོ་བཤིག་མི་ནུས་པས་དངོས་པོ་མི་འཇིག་པར་འགྱུར་རོ་ཞེ་ན། ཞིག་པ་དོན་གཞན་དངོས་པོར་མེད་པར་འདོད་པ་ལ་ཆོས་ཅན། དངོས་པོ་འཇིག་པ་མེད་པ་ཉིད་ཀྱི་ཐལ་བར་འགྱུར་བ་གནོད་བྱེད་དུ་མི་རུང་སྟེ། གང་གི་ཕྱིར་ན་དངོས་པོ་རྣམས་འཇིག་པ་དོན་གཞན་པ་ཡིས་འཇིག་པར་བྱེད་པ་དག་ནི་མི་འདོད་པའི་ཕྱིར་ཏེ། དངོས་པོ་རང་གི་རྒྱུ་ལས་སྐད་ཅིག་མར་སྐྱེས་པ་ཉིད་འཇིག་པར་འདོད་པའི་ཕྱིར་རོ། །འཇིག་པ་དོན་གཞན་དངོས་པོར་མེད་ན་དངོས་པོའི་འཇིག་པ་རྒྱུ་མེད་ཡིན་ནོ་ཞེས་དེ་གཞིར་བྱས་ནས་རྒྱུ་མེད་ཀྱི་དཔྱད་པ་ཇི་ལྟར་རིགས་ཤེ་ན། དངོས་པོ་རང་ཉིད་ངང་གིས་འཇིག་པ་དེ་དངོས་པོའི་རྒྱུ་ལས་གཞན་ལ་ལྟོས་པ་མེད་པའི་ཕྱིར་ན་ལྟོས་མེད་ཡིན་པ་དེ་ཤེས་པར་བྱ་བའི་དོན་དུ་རྟོག་པའི་སེམས་ཀྱིས་ནི་དངོས་པོ་དང་དེའི་འཇིག་པ་ཐ་དད་མེད་ཀྱང་ཐ་དད་དུ་སྒྲོ་བཏགས་ནས་འཇིག་པའི་གནས་སྐབས་དེ་རྒྱུ་དོན་གཞན་མེད་པ་ཅན་དུ་བཤད་པ་ཡིན་གྱི་ཞིག་ཟིན་རྒྱུ་མེད་དུ་བཤད་པ་ནི་རྒྱུ་གཏན་མེད་དུ་བཤད་པ་ཡིན་པས་ཁྱད་པར་ཡོད་དོ། །གསུམ་པ་ནི། གལ་ཏེ་ཤིང་དེ་དངོས་པོ་མེད་པའི་ཞིག་པ་དེ་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་མེད་པར་ཤིང་རང་ཉིད་གྲུབ་ཙམ་ལས་ཡོད་ན་ཡང་འཇིག་པ་དེ་ཤིང་དང་གཅིག་གམ་ཐ་དད་ཅེས་པའི་རྣམ་རྟོག་འདི་ནི་མཚུངས་ཏེ། གཞན་ཡིན་ན་ཤིང་མི་འཇིག་པར་འགྱུར་ཞིང་། གཅིག་ཡིན་ན་ཤིང་སྐྱེ་བ་ཅུང་ཟད་ཀྱང་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཤིང་ཞིག་པ་དེ་ཆོས་ཅན། ཤིང་དེའི་དངོས་པོ་ལས་དེ་ཉིད་དང་གཞན་ཉིད་ཅུང་ཟད་ཀྱང་འགྱུར་བ་མེད་དེ། ཤིང་ཞིག་ཟིན་ནས་མེད་པར་གྱུར་པ་ཙམ་ཞིག་ཡིན་པའི་ཕྱིར། དངོས་པོ་དང་གཅིག་གམ་ཐ་དད་ཀྱི་རྣམ་རྟོག་འདི་དངོས་པོར་ཡོད་པ་ཁོ་ན་ལ་འགྱུར་ཏེ། གཅིག་དང་ཐ་དད་ཀྱི་སྒྲུབ་པ་སྟེ་བྱ་བ་ནི་དངོས་པོ་ཁོ་ན་དང་འབྲེལ་བའི་ཕྱིར་རོ། །དེས་ན་ཤིང་ཞིག་ཟིན་དེ་མེད་པ་ཡིན་ཞེས་གསུང་བ་སྟེ་བརྗོད་པ་དེ་ནི། དངོས་པོ་མིན་ཞེས་བྱ་བའང་དགག་པ་ཙམ་བྱེད་པ་ཡིན་གྱི། ཆོས་གཞན་སྒྲུབ་པ་ནི་མ་ཡིན་པས་དངོས་པོ་དང་གཅིག་དང་ཐ་དད་གང་ཡང་མ་ཡིན་ནོ། །དེས་ན་ཤིང་ཞིག་ཟིན་གྱི་མེད་དགག་དེ་ཆོས་ཅན། ཅི་སྟེ་ཤིང་གི་རྒྱུ་ལས་རྒྱུ་གཞན་འགའ་ཞིག་གི་ལྟོས་པ་པོར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ལ་རྒྱུའི་དངོས་པོ་གང་གིས་བྱ་བ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །ཁྱབ་སྟེ། གལ་ཏེ་རྒྱུ་འགའ་ཞིག་གིས་ལས་སུ་བྱ་བ་ཅུང་ཟད་ཅིག་ཡོད་ན་རྒྱུ་གཞན་ལ་ལྟོས་པར་འགྱུར་གྱི་མེད་ན་མི་ལྟོས་པའི་ཕྱིར་རོ། །བཞི་པ་ནི། ཞིག་པ་དངོས་མེད་དུ་བསྟན་པ་དེས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཞིག་པ་རྒྱུ་མེད་ལ་སྐྱོན་འགོད་པའི་ཧ་ཅང་ཐལ་བ་བསལ་བ་ཡིན་པའི་ཕྱིར་རོ། །སྐྱོན་ཇི་ལྟ་བུ་ཞེ་ན། གཅིག་འཇིག་པ་སྟེ་ཞིག་པ་ཆོས་ཅན། དངོས་པོ་མ་སྐྱེས་པ་ལས་སྟེ་མ་སྐྱེས་པའི་དང་པོ་ནས་ཡོད་པར་འགྱུར་བར་ཐལ། རྒྱུ་མེད་ཅན་ཡིན་པའི་ཕྱིར་ནའོ། །འདོད་ན་ཞིག་པ་ཆོས་ཅན། མྱུ་གུ་སོགས་ལས་གཞན་དུ་ཡོད་པ་ཉིད་དང་། འཇིག་པ་ཡིན་པ་ཉིད་དུ་ཐལ། དང་པོ་ནས་ཡོད་པ་དེའི་ཕྱིར་ཞེས་པའོ། །ཇི་ལྟར་བསལ་ཅེ་ན། ཞིག་པ་ཆོས་ཅན། རྒྱུ་མེད་ཡིན་ན་དང་པོ་ནས་ཡོད་པ་སོགས་གསུམ་དུ་མི་འགྱུར་ཏེ། དངོས་པོར་མེད་པའི་ཕྱིར། འདིར་འཇིག་པ་ཅེས་པའི་སྒྲ་ནི་རིགས་པ་ཅན་པས་ཤིང་ཞིག་ཟིན་ནས་ཤིང་གི་དངོས་པོ་མེད་ཀྱང་ཞིག་པ་དེ་ཉིད་དངོས་པོར་ཡོད་པ་ལ་འཇུག་པར་འདོད་ལ། སངས་རྒྱས་པས་ནི་ཤིང་ཉིད་རང་རྒྱུ་ལས་སྐད་ཅིག་མར་སྐྱེས་པ་ལ་འདོད་པས་སྦྱོར་ཚུལ་མ་འདྲེས་པར་ཤེས་དགོས་ལ་རྒྱུ་མེད་དུ་བཤད་པ་ནི་དང་པོ་ནི་རྒྱུ་གཏན་མེད་ཡིན་ལ། ཕྱི་མ་ནི་ཤིང་གི་རྒྱུ་ལས་རྒྱུ་གཞན་ལ་མི་ལྟོས་པའོ། །གཉིས་པ་རྩ་བའི་རྟགས་ལ་མ་ངེས་སྤང་བ་ནི། ཡོད་པ་ལ་འཇིག་པས་མ་ཁྱབ་སྟེ། དཔེ་ཇི་ལྟར་ན་སྐྱེ་ལྡན་གྱི་ཡོད་པར་འདྲ་ཡང་བུམ་པ་སོགས་འགའ་ཞིག་ཉིད་ཐོགས་བཅས་ཉིད་དུ་འདོད་ལ། རིག་པ་སོགས་འགའ་ཞིག་ཐོགས་པ་མེད་དུ་སྐྱེས་པ་དེ་བཞིན་དུ་ཡོད་པ་ལ་ཡང་གཉིས་ལས། སྐྱེ་ལྡན་གྱི་ཡོད་པ་རྣམས་འཇིག་པའི་རང་བཞིན་ཡིན་གྱི་སྐྱེ་ལྡན་མིན་པའི་ཡོད་པ་རྣམས་ནི་འཇིག་པ་མིན་པས་སོ་ཞེ་ན། འབྲས་བུ་བུམ་པ་དང་རིག་པའི་རང་བཞིན་ཆོས་ཅན། ཐོགས་བཅས་ཐོགས་མེད་དུ་སོ་སོར་ངེས་པ་ཡིན་ཏེ། ཐོགས་བཅས་ཐོགས་མེད་དུ་བསྐྱེད་པའི་རྒྱུའི་རང་བཞིན་སོ་སོར་ངེས་པ་ལས་དེ་ལྟར་སྐྱེས་པའི་ཕྱིར། ཡོད་པ་ཆོས་ཅན། རྟག་པ་དང་མི་རྟག་པའི་ངོ་བོ་ཐ་དད་དུ་འབྱུང་བ་མེད་དེ། རྟག་པ་དང་མི་རྟག་པ་ཐ་དད་པར་བསྐྱེད་པའི་རྒྱུ་རྣམས་མེད་པ་ཉིད་ཀྱི་ཕྱིར། གཉིས་པ་དེས་ན་སྔར་བཤད་རིགས་པ་གྲུབ་པ་ནི། ཡོད་ན་མི་རྟག་པས་ཁྱབ་པར་བསྟན་པའི་རིགས་པ་ཆོས་ཅན། སྒྲ་དོན་དེ་རྣམས་ཀྱི་འབྲེལ་པ་དངོས་པོ་ཡང་རྟག་པ་ཉིད་ནི་བསལ་བ་ཡིན་ཏེ། དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པར་བསྟན་པ་དེའི་ཕྱིར། གསུམ་པ་དེ་ཡིས་ནུས་པ་རྟག་པ་ཁེགས་པ་ནི། སྒྲའི་ནུས་པ་རྟག་པའང་སྔར། །འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། །ཞེས་བཤད་པའི་འབྲེལ་པ་རྟག་པའི་སྐྱོན་ཉིད་ཀྱིས་བསལ་བ་ཡིན་ཏེ། ནུས་པ་ཅན་རྣམས་མི་རྟག་ཕྱིར། །ནུས་པ་ལ་རྟག་ཡོད་མ་ཡིན། །ཞེས་འདོན་པ་བསྒྱུར་བས་ཆོག་པའི་ཕྱིར་རོ། །གཉིས་པ་ཁྱབ་པ་སྒྲུབ་བྱེད་བཅས་པ་དགག་པ་ལ་གསུམ་སྟེ། མ་བྱས་གཏན་ཚིགས་འཁྲུལ་པར་བསྟན། །གཏན་ཚིགས་འགལ་བའི་སྐྱོན་ཡང་བསྟན། །མི་འཁྲུལ་བ་ཡི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྐྱེས་བུས་ཆགས་སོགས་ཀྱིས་ཀུན་ནས་བསླངས་ནས་མ་བྱས་པ་ཞེས་བྱ་བ་ཉིད་ཆོས་ཅན། ཁྱོད་རིག་བྱེད་ཇི་ལྟ་བ་བཞིན་གྱི་དོན་ཤེས་པ་ཁོ་ན་སྐྱེད་བྱེད་ཡིན་པའི་ཕྱིར་སྒྲུབ་བྱེད་མིན་པར་ཐལ། ཁྱོད་ཡིན་ན་ཇི་ལྟ་བ་བཞིན་གྱི་དོན་ཤེས་པ་ཁོ་ན་བསྐྱེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སྐྱེས་བུའི་ཉེས་པ་ཆགས་སོགས་ཀྱིས་ཀུན་ནས་བསླངས་ནས་བྱས་པའི་སྐྱོན་མེད་པ་སྐྱེས་བུས་མ་བྱས་པ་དེ་ཆོས་ཅན། ཁྱོད་ཡིན་ན། མི་འཁྲུལ་པའི་ཤེས་པ་ཁོ་ན་སྐྱེད་བྱེད་ཡིན་པས་མ་ཁྱབ་པར་ཐལ། ཁྱོད་ཡིན་པའི་མེ་འོད་དང་ཟླ་འོད་སོགས་མི་འཁྲུལ་པའི་ཤེས་པའི་རྒྱུ་བྱེད་པ་ལས་རྣམ་པ་གཞན་དུ་འཁྲུལ་རྒྱུ་བྱེད་པར་མཐོང་བའི་ཕྱིར་ཏེ། རིམ་པ་བཞིན། མཚན་མོ་ཨུཏྤལ་སྔོན་པོར་དམར་པོར་མཐོང་བ་དང་། སེར་པོ་ལ་དཀར་པོར་མཐོང་བའི་རྒྱུ་བྱེད་པའི་ཕྱིར་རོ། །གཉིས་པ་ནི་རིག་བྱེད་དེ་ནི་ཆོས་ཅན། དོན་ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར་བར་ཐལ། མ་བྱས་པའི་རྟག་པར་འདོད་པའི་ཕྱིར་ནའོ། །ཁྱབ་སྟེ། རྟག་པ་དག་ལས་དངོས་པོའི་ནུས་པ་འགའ་ཡང་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ནམ་མཁའ་འཛིན་པའི་རྟོག་པ་ནམ་མཁའ་རྟག་པ་ལས་སྐྱེ་བ་མ་ཡིན་ནམ་ཞེ་ན། རང་རྒྱུ་རྣམ་རྟོག་སྔ་མའི་བག་ཆགས་ལས་བྱུང་ཞིང་ཡུལ་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་གྱི་ནམ་མཁའ་འཛིན་པའི་རྟོག་བློ་དག་འགའ་ཞིག་ཆོས་ཅན། བག་ཆགས་སྔ་མ་དེ་ལས་སྐྱེ་བར་འགྱུར་གྱི་ནམ་མཁའི་གཟུང་དོན་གྱི་སྤྱོད་ཡུལ་ཅན་མ་ཡིན་ཏེ། ཡིན་ན་རྟག་ཏུ་སྐྱེ་བར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེས་བུས་མ་བྱས་པ་དེ་རིག་བྱེད་བདེན་པའི་དོན་ཅན་དུ་བསྒྲུབ་པའི་རྗེས་འགྲོ་མེད་ཀྱང་ལྡོག་ཁྱབ་ཡོད་པས་རྟགས་ཡང་དག་ཡིན་ཏེ། དེ་ཡང་སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་ཚིག་ལ་ནི་ཁྱབ་བྱེད་སྐྱེས་བུས་བྱས་པ་ལོག་པས་ཁྱབ་བྱ་ལོག་པའི་དོན་ཅན་ལོག་ནས་བདེན་པའི་དོན་ཅན་དུ་གྲུབ་པ་ཡིན་ཏེ། རྟགས་སྐྱེས་བུས་མ་བྱས་པ་ལས་ལྡོག་པ་བྱས་པས་བསྒྲུབ་བྱའི་ཆོས་བདེན་པའི་དོན་ཅན་དང་འགལ་བ་ལོག་པའི་དོན་ཅན་ལ་ཁྱབ་པའི་ཕྱིར་ཏེ། ལོག་པའི་ངག་ཐམས་ཅད་སྐྱེས་བུས་བྱས་པ་ཉིད་དུ་མཐོང་བ་ཉིད་ཀྱི་ཕྱིར་ནའོ་ཞེ་ན། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པས་ལྡོག་པ་མེད། །ཚུལ་གསུམ་ངེས་པ་རྟགས་ལ་དགོས། །ལྡོག་པ་ཡོད་ན་རྗེས་འགྲོ་གྲུབ་པའོ། །དང་པོ་ནི། སྐྱེས་བུས་མ་བྱས་པ་དེ་ནི་ཆོས་ཅན། མི་མཐུན་ཕྱོགས་ལོག་པའི་དོན་ཅན་ལ་ཡོད་པར་དོགས་པར་འགྱུར་ཏེ། དེ་ལ་མེད་པར་བསྒྲུབ་པའི་ཕྱིར་དུ་གཏན་ཚིགས་མ་བསྟན་ནའང་སྟེ་བསྟན་རྒྱུ་མེད་པའི་ཕྱིར་རོ། །མ་གྲུབ་སྟེ། ལོག་པའི་དོན་ཅན་ཆོས་ཅན། སྐྱེས་བུས་བྱས་མ་བྱས་འགལ་བ་གཉིས་ལ་ཡོད་མི་སྲིད་དེ། ཁྱོད་ཆོས་གཅིག་ཡིན་པའི་ཕྱིར་ཞེ་ན། ཆོས་དེ་འགལ་བ་གཅིག་ལ་མཐོང་བས་འགལ་ལྔ་གཞན་ལ་ཆོས་དེ་མེད་ངེས་སུ་མི་གྲུབ་སྟེ། རྩོལ་བ་ལས་བྱུང་མ་བྱུང་གི་དངོས་པོ་འགལ་བ་དག་ལ་ཡང་མི་རྟག་པ་གཅིག་གིས་ཁྱབ་པར་བྱེད་པ་མཐོང་བའི་ཕྱིར་རོ། །གལ་ཏེ་མི་མཐུན་ཕྱོགས་ལ་མ་དམིགས་ཙམ་གྱིས་མེད་ངེས་སུ་འགྲུབ་བོ་ཞེ་ན། སྣང་དུ་རུང་མི་རུང་གི་དངོས་པོ་ཀུན་ལ་ཆོས་ཅན། མ་དམིགས་པ་ཙམ་གྱིས་མེད་ངེས་སུ་མི་གྲུབ་སྟེ། ཆོས་དེ་མེད་པ་ཆོས་མ་དམིགས་པས་མི་གྲུབ་ཅེས་ནི་གོང་དུ་བཤད་ཟིན་པའི་ཕྱིར་རོ། །དེས་ན་སྐྱེས་བུས་མ་བྱས་པ་ཆོས་ཅན། རང་གི་མི་མཐུན་ཕྱོགས་ལས་ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བ་སྟེ་ལྡོག་ཁྱབ་མ་གྲུབ་པར་ཐལ། རང་གི་མི་མཐུན་ཕྱོགས་ལ་མེད་པ་ཉིད་ནི་མ་གྲུབ་པ་སྟེ་མ་ངེས་པའི་ཕྱིར་ནའོ། །གཉིས་པ་ནི། ལྡོག་ཁྱབ་ལ་ཐེ་ཚོམ་ཟ་ན་སྒྲུབ་བྱེད་ཡང་དག་མ་ཡིན་དགོས་ཏེ། གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་རང་བསྒྲུབ་བྱའི་ཆོས་ཅན་ལ་ཡོད་པ་ཉིད་ཕྱོགས་ཆོས་ཀྱི་ཚུལ་གསུམ་པོ་དེ་ངེས་པའི་འབྲས་བུ་ཅན་སྟེ། རྒྱུར་གྱུར་པའི་ཚད་མའི་ཤེས་པ་ཡིས་གྲུབ་པར་འགྱུར་ན་དེ་ཁོ་ན་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རིག་བྱེད་ཆོས་ཅན། ཁྱོད་བདེན་པའི་དོན་ཅན་དུ་སྒྲུབ་པའི་གཏན་ཚིགས་སྐྱེས་བུས་མ་བྱས་པ་སོགས་ཐམས་ཅད་མཐུན་ཕྱོགས་ལ་རྗེས་འགྲོ་གྲུབ་པ་ཅན་ཡིན་པར་ཐལ། ཁྱོད་བདེན་པའི་དོན་ཅན་དུ་བསྒྲུབ་པའི་གཏན་ཚིགས་སྐྱེས་བུས་མ་བྱས་པ་དེ་མི་མཐུན་ཕྱོགས་ལས་ལྡོག་པར་ངེས་པའི་ཕྱིར། ཁྱབ་སྟེ། ཡུལ་གང་ལ་བསྒྲུབ་བྱའི་ཆོས་བདེན་པའི་དོན་ཅན་གྱི་མི་མཐུན་ཕྱོགས་ལོག་པའི་དོན་ཅན་ཡིན་པ་ལྡོག་པ་ཉིད་བརྗོད་པ་དེ་ཉིད་ནི་གཏན་ཚིགས་སྐྱེས་བུས་མ་བྱས་པ་འདིའི་ཆོས་མཐུན་ཕྱོགས་ཏེ། བདེན་པའི་དོན་ཅན་ལ་རྗེས་འགྲོ་གྲུབ་པ་ཅན་དུ་འགྱུར་བ་དེས་ནའོ། །གསུམ་པ་ཕྱོགས་ཆོས་ཉིད་ཀྱི་ཁྱད་པར་དགག་པ་ལ་བཞི་སྟེ། ཞི་སོགས་འབྲས་བུ་སྟེར་བ་བརྡ་ལ་ལྟོས། །ཡི་གེའི་ནུས་པ་ཁོ་ནས་སྟེར་བ་དགག །དེ་ཡི་གནས་སྐབས་ཆ་ལ་རྩོད་པ་སྤང་། །དེས་ན་ཁྱད་པར་ཅན་གྱི་སྔགས་བྱེད་གྲུབ་པའོ། །དང་པོ་ནི། གོང་དུ་སྤྱིར་རིག་བྱེད་ཙམ་དང་། དེའི་ཡི་གེ་དང་། ཚིག་དང་། ངག་སྐྱེས་བུས་མ་བྱས་པ་རྣམས་བཀག་ཟིན་ནས་འདིར་ཁྱད་པར་རིག་བྱེད་ཀྱི་སྔགས་སྐྱེས་བུས་མ་བྱས་པ་འགོག་པ་ནི། རིག་བྱེད་ཀྱི་སྔགས་རྣམས་ཆོས་ཅན། སྐྱེས་བུས་མ་བྱས་བཞིན་དུ་འབྲས་བུ་ཁྱད་པར་ཅན་སྒྲུབ་བྱེད་མ་ཡིན་ཏེ། སྐྱེས་བུ་ཁྱད་པར་ཅན་འགའ་ཡིས་སྔགས་ཀྱི་འབྲས་བུའི་ཆེད་དུ་བརྡ་བྱེད་པ་སྟེ་སྦྱར་བ་ཉིད་ཡིན་ན། ཁྱོད་འབྲས་བུ་སྒྲུབ་བྱེད་ཡིན་གྱི་གཞན་དུ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། གོ་རིམ་ལོག་པས་སྟེར་བར་ཐལ། །འབྲས་བུ་རྟག་ཏུ་སྟེར་བར་ཐལ། །ཀུན་ལ་འབྲས་བུ་སྟེར་བར་ཐལ་བའོ། །དང་པོ་ནི། ཅི་སྟེ་བརྡ་ལ་མི་ལྟོས་པར་སྔགས་ཀྱི་སྒྲ་རྟག་པའི་དངོས་པོའི་ནུས་པ་ཉིད་ལས་འབྲས་བུ་འགྲུབ་པ་ཡིན་ན། གཞན་འདོན་པའི་གོ་རིམ་ལོག་པ་ཡི་གེའི་གྲངས་ཚང་བ་ལའང་ཆོས་ཅན། སྔགས་འབྲས་ཁྱད་པར་ཅན་འབྱུང་བར་འགྱུར་བར་ཐལ། གོ་རིམ་མ་ལོག་པའི་སྔགས་དང་སྔགས་ཀྱི་སྒྲའི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། དེ་དག་དང་སྔགས་ཀྱི་ཡི་གེ་ཁྱད་མེད་རྟག་པ་གཅིག་ཏུ་འདོད་པས་རྟགས་ཁས་བླངས་སོ། །གལ་ཏེ་གོ་རིམ་ལོག་པས་མི་འགྲུབ་སྟེ། ཡི་གེའི་བཀོད་པ་སྔགས་ཡིན་པའི་ཕྱིར་ཞེ་ན། ཡི་གེ་ཆོས་ཅན། ཁྱོད་ཀྱི་བཀོད་པ་ཁོ་ན་ལས་སྔགས་འབྲས་འགྲུབ་པ་མ་ཡིན་པར་ཐལ། ཁྱོད་ལས་དོན་གཞན་ཉིད་དུ་གྱུར་པ་ཡི་ཁྱོད་ཀྱི་བཀོད་པའང་སྔར་ནི་གལ་ཏེ་ཡི་གེ་རིམ་པ་དག་ཅེས་སོགས་སུ་བསལ་བ་ཡིན་པའི་ཕྱིར་དང་། ཁྱོད་ལས་དོན་གཞན་མ་ཡིན་པའི་བཀོད་པས་སྔགས་འབྲས་འགྲུབ་པ་ལ་ནི་སྔར་གྱི་སྐྱོན་དེ་ཉིད་གནས་པའི་ཕྱིར། གཉིས་པ་ནི། སྔགས་དེ་ཆོས་ཅན། འདོད་པའི་དོན་རྟག་ཏུ་འགྲུབ་པར་འགྱུར་བར་ཐལ། འདོད་པའི་དོན་སྒྲུབ་བྱེད་ཀྱི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་རྟག་ཏུ་སྒྲུབ་བྱེད་མིན་ཏེ་ཆོ་ག་ལ་ལྟོས་ནས་འདོད་པའི་དོན་བསྒྲུབ་པ་ཡིན་པའི་ཕྱིར་ཞེ་ན། སྔགས་ཆོས་ཅན། ཁྱོད་ལ་ཆོ་ག་སོགས་ཀྱིས་ཕན་འདོགས་པའི་ནུས་པ་མེད་པར་ཐལ་བར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ། གནོད་བྱེད་ཐལ་བ་དངོས་སུ་བརྗོད། །བྱེད་པོའི་ཁྱད་པར་ཡོད་པ་དགག །བྱེད་པོ་འདོད་ན་ཁས་བླངས་འགལ། །རང་ལ་མཚུངས་པའི་ཉེས་པ་སྤང་བའོ། །དང་པོ་ནི། སྔགས་དེ་ནི་ཆོས་ཅན། བྲམ་ཟེ་དང་གདོལ་པ་སོགས་ཀུན་གྱི་དོན་སྒྲུབ་བྱེད་དུ་འགྱུར་བར་ཐལ། གལ་ཏེ་སྐྱེས་བུ་ལ་མི་ལྟོས་པར་སྔགས་ཀྱི་སྒྲ་རྟག་པའི་དངོས་པོའི་ནུས་པ་ཉིད་ཀྱིས་དོན་སྒྲུབ་པ་དེ་འདྲ་ཡིན་པའི་ཕྱིར་ནའོ། །ཁྱབ་སྟེ། དངོས་པོའི་ནུས་པ་ལ་ནི་སྐྱེས་བུ་ལ་ཉེ་རིང་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྐྱོན་མེད་དེ། བྲམ་ཟེ་དང་གདོལ་པ་རིགས་བཟང་ངན་གྱི་ཁྱད་པར་ངོ་བོ་ཉིད་ཀྱིས་གྲུབ་པས་སྔགས་འབྲས་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཞེ་ན། སྔགས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་འགྲུབ་པ་དེ་བྱེད་པ་པོ་བྲམ་ཟེ་དང་གདོལ་པའི་རིགས་བཟང་ངན་གྱི་ཁྱད་པར་ལ་ཡང་ལྟོས་པ་མི་རུང་བར་ཐལ། ཁྱོད་རྐྱེན་གྱིས་ལེགས་པར་བྱས་པ་མིན་པའི་ཕྱིར་རོ། །ཁྱབ་སྟེ། དངོས་པོ་རྐྱེན་གྱིས་འདུས་བྱས་པ་ཡིན་ཡང་འབྲས་བུའི་དངོས་པོའི་ཐ་དད་པ་དེ་རྒྱུ་ཐ་དད་པས་བྱེད་ཀྱི་གཞན་དུ་མིན་པའི་ཕྱིར། བྱེད་པ་པོ་བྲམ་ཟེ་དང་གདོལ་པའི་རིགས་བཟང་ངན་གྱི་ཁྱད་པར་ཆོས་ཅན། ཁྱོད་ངོ་བོ་ཉིད་ཀྱིས་གྲུབ་པ་ལས་སྔགས་ཀྱི་ནུས་པ་སོ་སོར་ངེས་པ་མིན་པར་ཐལ། ཁྱོད་འཇིག་རྟེན་གྱི་བརྡ་ཙམ་ལ་ལྟོས་ནས་འགྱུར་གྱི་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། སྔགས་ཆོས་ཅན། བྲམ་ཟེས་ཁྱོད་ལ་ཁྱད་པར་ཅི་ཞིག་བྱས་ནས་བྲམ་ཟེ་ཁྱོད་ཀྱི་བྱེད་པ་པོར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་རྐྱེན་གྱིས་ཁྱད་པར་བྱར་མེད་པ་ཅན་ཡིན་པའི་ཕྱིར་ནའོ། །གལ་ཏེ་བྲམ་ཟེས་སྔགས་ལ་ཁྱད་པར་གསར་དུ་མི་བྱེད་ཀྱང་སྔགས་མངོན་པར་གསལ་བར་བྱེད་པ་སྔགས་ཀྱི་སྦྱོར་བ་པོ་ཡིན་ནོ་ཞེ་ན། སྔགས་ཆོས་ཅན། ཁྱོད་རྐྱེན་གྱིས་གསལ་བྱ་མིན་པར་ཐལ། ཁྱོད་རྟག་པ་གང་ཞིག རྟག་པ་རྐྱེན་གྱིས་གསལ་བྱ་ཡིན་པ་དེ་ནི་གོང་དུ་བསལ་ཟིན་ཏོ། །གལ་ཏེ་བྲམ་ཟེ་གང་ལས་སྔགས་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཀྱི་བློ་སྐྱེས་པ་དེ་ནི་སྔགས་གསལ་བའི་དོན་ཡིན་ལ་བློ་དེ་ནི་སྔགས་ཀྱི་འབྲས་བུར་ཡང་སྦྱོར་བ་པོ་ཡིན་ནོ་ཞེ་ན། སྔགས་ཟློས་པ་པོ་ལས་གཞན་པའི་ཉན་པ་པོའང་ཆོས་ཅན། སྔགས་བཟླས་པའི་འབྲས་བུ་འབྲེལ་བ་སྟེ་ཐོབ་པར་ཐལ། སྔགས་སྒྲ་ཐོས་པའི་ཉན་བློ་སྐྱེས་པ་གང་ཞིག སྨྲ་བ་པོ་ལས་སྔགས་གསལ་བ་སྟེ་ཐོས་པ་ཉིད་སྔགས་བཟླས་པའི་འབྲས་བུ་ཐོབ་པའི་དངོས་རྒྱུ་ཡིན་པར་འདོད་པས་སོ། །གཞན་ཡང་ཉན་ཤེས་ཀྱིས་ཐོས་སུ་མི་རུང་བར་སྒྲ་ངག་གི་བྱེད་པ་ལྕེ་རྐན་རྣམས་ཀྱི་ཅུང་ཟད་ཕྲད་པའི་སྦྱོར་བ་ཤུབ་བུས་བཟླས་པའམ་ཡིད་ཀྱིས་བཟླས་པ་ཆོས་ཅན། སྔགས་བཟླས་པའི་དོན་སྒྲུབ་པའི་ནུས་པ་མེད་པར་འགྱུར་བར་ཐལ། སྔགས་སྒྲ་མངོན་པར་གསལ་བ་མིན་པའི་ཕྱིར། རྟགས་གྲུབ་སྟེ། མངོན་གསལ་གྱི་སྒྲ་ནི་རྣ་བའི་སྤྱོད་ཡུལ་ཡིན་པས་ཁྱབ་པའི་ཕྱིར། གལ་ཏེ་ཤུབ་བུ་དང་ཡིད་བཟླས་ཀྱི་དུས་ཀྱི་སྔགས་ཀྱི་རྣམ་པ་སྣང་བའི་རྟོག་བློ་དེའང་ཆོས་ཅན། སྔགས་སྒྲ་གསལ་པ་ཡིན་ཏེ། བརྒྱུད་པས་སྔགས་ཀྱི་སྒྲ་དེ་ལས་སྐྱེ་བ་ཉིད་ཀྱི་ཕྱིར། དེས་ན་ཡིད་བཟླས་དོན་མེད་མིན་ནོ་ཞེ་ན། ཤུབ་བུ་དང་ཡིད་བཟླས་ཀྱི་དུས་ཀྱི་སྒྲའི་རྣམ་པ་སྣང་བའི་རྟོག་པ་ཆོས་ཅན། གལ་ཏེ་སྒྲ་རང་མཚན་གྱི་གཟུང་དོན་ཅན་ཡིན་པ་མི་འགྲུབ་པར་ཐལ། རྟོག་པ་སྔ་མའི་རྗེས་སུ་འགྲོ་བ་ཅན་གྱི་རྟོག་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། འོ་ན་བརྡ་ལ་བརྟེན་ནས་སྔགས་ཀྱི་འབྲས་བུ་འགྲུབ་པར་འདོད་པ་ཁྱེད་ལྟར་ན་ཇི་ལྟར་ཡིད་བཟླས་དོན་མེད་མིན་ཅེ་ན། ཤུབ་བུ་དང་ཡིད་བཟླས་ཆོས་ཅན། སྔགས་ཀྱི་འབྲས་བུ་འབྱུང་བར་མི་འགལ་ཏེ། སྔགས་སྦྱོར་བ་པོའི་བསམ་པ་སྒྲུབ་པའི་སྒོ་ནས་བསྔགས་པའི་ཕྱིར་ཏེ། སྔགས་ཀྱི་སྤྱི་ལ་རང་མཚན་དུ་ཞེན་ནས་བཟླས་པའི་ཕྱིར། ཁྱབ་སྟེ། སྔགས་རང་མཚན་པ་དང་སྔགས་ཀྱི་སྤྱི་ཡི་རང་བཞིན་པ་རྣམས་ངོ་བོ་གཅིག་ཏུ་བརྗོད་པར་འདོད་པ་སྟེ་ཞེན་ནས་བརྡ་བྱེད་པ་པོ་རྣམས་ཀྱིས་སྔགས་བརྗོད་པ་ཡིན་པའི་ཕྱིར་རོ། །སྔགས་སྒྲ་རང་མཚན་གྱི་དངོས་པོ་ཉིད་ལས་འབྲས་བུ་འགྲུབ་པར་འདོད་པ་ལ་ཡིད་བཟླས་ལས་འབྲས་བུ་འབྱུང་བ་མི་འགལ་བ་མ་ཡིན་ཏེ། ཡིད་བཟླས་ལ་སྔགས་སྒྲ་རང་མཚན་མེད་པའི་ཕྱིར་རོ། །གསུམ་པ་དེ་ཡི་གནས་སྐབས་ཆ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ཡི་གེའི་ལས་ཐ་དད་པའི་ཡི་གེའི་གོ་རིམ་མེད་ན་ནི་རོ་དང་མཚོ་སྟེ་ར་སཿདང་ས་རཿཞེས་པའི་ཚིག་ཆོས་ཅན། ཁྱོད་ཐོས་པ་ལས་རིམ་པ་ལྟར་འབྲས་བུ་རོ་དང་མཚོ་ཐ་དད་དུ་གོ་བ་མེད་པར་འགྱུར་ཏེ། ཁྱོད་ཀྱི་གོ་རིམ་ལ་ཁྱད་པར་མེད་པ་གང་ཞིག ཡི་གེ་ལ་ཡང་ཁྱད་པར་མེད་པའི་ཕྱིར། རྟགས་སྔ་མ་ཁས་བླངས་ཤིང་ཕྱི་མ་ཡི་གེ་རྟག་པ་གཅིག་ཉིད་ཡིན་པས་གྲུབ་ཅེ་ན། གཉིས་པ་ལ་གསུམ་སྟེ། ཡི་གེའི་རྒྱུ་འབྲས་གོ་རིམ་སྐྱེས་བུས་བྱས། །དེས་ན་གོ་རིམ་གཞན་ལ་འབྲས་ཁྱད་ཡོད། །ཡི་གེའི་གོ་རིམ་སྐྱེས་བུས་བྱས་པར་བསྒྲུབ་པའོ། །དང་པོ་ནི། ར་སཿདང་ས་རཿཆོས་ཅན། ཁྱོད་ལ་གོ་རིམ་ཐ་དད་མེད་པའི་རྒྱུ་མཚན་གྱིས་འབྲས་བུའི་ཁྱད་པར་མེད་པ་མིན་པར་ཐལ། ཁྱོད་ཀྱི་གོ་རིམ་དེ་ནི་སྐྱེས་བུའི་རྟེན་ཅན་གྱི་ཐ་དད་ཡོད་པའི་ཕྱིར། འདི་ལྟར་ཀུན་སློང་དང་། ཉན་ཤེས་དང་། དྲན་ཤེས་ཀྱི་གོ་རིམ་གསུམ་ལས། རྒྱུ་ཀུན་སློང་གི་གོ་རིམ་ཐ་དད་དུ་ཡོད་དེ། ར་སཿལ་ར་ཀུན་སློང་གི་ཤེས་པ་ལས་ཡི་གེ་ར་དང་ས་ཀུན་སློང་གི་ཤེས་པ་སྐྱེ་ལ། ས་ཀུན་སློང་གི་ཤེས་པ་ལས་སྒྲ་ས་སྐྱེ་བའི་ཕྱིར་དང་། ས་རཿལ་དེ་ལས་ཟློག་པའི་ཕྱིར་རོ། །འབྲས་བུ་ཉན་ཤེས་ཀྱི་གོ་རིམ་ཐ་དད་དུ་ཡོད་དེ། ར་སཿལ་ར་ཉན་ཤེས་ཀྱིས་ཐོས་པའི་རྗེས་སུ་ར་དེ་ཡི་ཁྱད་པར་ཅན་གྱི་ས་དེ་ནི་རྣ་བས་ངེས་པ་སྟེ་ཐོས་པར་འགྱུར་བ་ཡིན་ཅིང་། ས་རཿལ་དེ་ལས་བཟློག་པའི་ཕྱིར་རོ། །འབྲས་བུ་དྲན་ཤེས་ཀྱི་གོ་རིམ་ཐ་དད་དུ་ཡོད་དེ། ར་སཿལ་ར་ཐོས་པའི་ཤེས་པ་དེས་བསྐྱེད་པའི་ཤེས་པ་རང་འཛིན་བྱེད་དུ་ཡོད་པ་ཅན་གྱི་ས་དེ་ཐོས་པ་ཧ་ཅང་མྱུར་བ་མིན་པ་སྔ་ཕྱི་སོ་སོར་ངེས་རུང་དུ་ཐོས་པ་ཅན་གྱི་ཚེ་སྔ་མ་ར་དེ་དྲན་པ་ལ་ལྟོས་ནས་ནི་ཕྱིས་ནི་ས་བདག་ཉིད་ལ་དྲན་པ་སྐྱེད་པར་བྱེད་ཅིང་། ས་རཿལ་དེ་ལས་བཟློག་པའི་ཕྱིར་རོ། །དེས་ན་ར་སཿདང་ས་རའི་ཡི་གེ་རྣམས་ཆོས་ཅན། ཁྱོད་ཀྱི་རྒྱུ་འབྲས་ཀྱི་གོ་རིམ་སྐྱེས་བུས་བྱས་ཏེ། ཇི་སྐད་བཤད་པའི་རྒྱུ་ཀུན་སློང་དང་། འཛིན་པ་ཉན་ཤེས་དང་། དྲན་པའི་སེམས་ཀྱི་གོ་རིམ་གསུམ་པོ་དེ་ནི་ཁྱོད་ཀྱི་རྒྱུ་དང་འབྲས་བུ་ཉིད་ཀྱི་གོ་རིམ་དག་ནི་ཡིན་ཞེས་བརྗོད་ཅིང་། དེ་དག་སྐྱེས་བུས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཡི་གེ་རྣམས་ཀུན་སློང་ལས་ཐ་དད་དུ་སྐྱེ་བ་དེའི་ཕྱིར་ར་སཿཞེས་པའི་ཚིག་དང་ས་རཿཞེས་པའི་ཚིག་ལ་ཡི་གེའི་ངོ་བོ་དེ་ཆོས་ཅན། རྫས་གཞན་ཉིད་ཡིན་གྱི་རང་བཞིན་གཅིག་མ་ཡིན་ཏེ། བྱེད་པ་པོའི་འདུ་བྱེད་དེ་ཀུན་སློང་ཐ་དད་ལས་རྫས་ཐ་དད་དུ་སྐྱེས་པའི་ཕྱིར། དེས་ན་ཡི་གེ་དེ་གཉིས་ཆོས་ཅན། འབྲས་བུ་རོ་མཚོ་གོ་བའི་ཁྱད་པར་ཐ་དད་དུ་བྱེད་དེ་ར་སཿལྷན་ཅིག་ཏུ་སྦྱར་བ་དང་། ས་རཿལྷན་ཅིག་ཏུ་སྦྱར་བའི་གོ་རིམ་གྱིས་ཁྱད་པར་ཡོད་པའི་ཕྱིར། གསུམ་པ་ནི། ཡི་གེ་རྣམས་ཀྱི་གོ་རིམ་དེ་ཡང་ཆོས་ཅན། སྐྱེས་བུས་སྤེལ་བར་བྱེད་པ་ལས་འཇུག་པ་ཡིན་ཏེ། སྐྱེས་བུའི་འདོད་པ་དང་མི་འགལ་བ་སྟེ་འདོད་པའི་དབང་གིས་གྲུབ་པ་ཅན་གྱི་གོ་རིམ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། སྐྱེས་བུས་མ་བྱས་པར་གོ་རིམ་དོན་ལ་གནས་པ་ཡོད་ན་འདོད་པས་འགྱུར་བ་འགལ་བའི་ཕྱིར་རོ། །དེས་ན་རིག་བྱེད་ཀྱི་ཡི་གེའི་རིམ་པ་ཀུན་ཆོས་ཅན། སྐྱེས་བུ་ལས་བྱུང་སྟེ། ཡི་གེའི་རིམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྐྱེས་བུ་དང་ནི་ཡི་གེ་རྣམས། རྒྱུ་འབྲས་ཉིད་དུ་ཚད་མས་གྲུབ་པའི་ཕྱིར། དཔེར་ན་མེ་དང་ཤིང་རྒྱུ་འབྲས་སུ་གྲུབ་པས་མེའི་ཁྱད་པར་ཅན་དོན་གྱི་མེ་ཡང་རང་རྒྱུ་ཤིང་གི་འབྲས་བུ་ཡིན་པའི་རིགས་པ་དེ་བཞིན་ནོ། །བཞི་པ་དེས་ན་ཁྱད་པར་ཅན་གྱི་སྔགས་བྱེད་གྲུབ་པ་ལ་གསུམ་སྟེ། ཤེས་མཐུས་སྐྱེས་བུ་ཁྱད་པར་ཅན་བསྒྲུབ་ནུས། །ཁྱད་པར་ཅན་མེད་སྒྲུབ་བྱེད་བསལ་བར་ནུས། །ཁྱད་པར་ཅན་མེད་གྲུབ་ན་ཁས་བླངས་འགལ་བའོ། །དང་པོ་ནི། སྔགས་ཞེས་པའི་ཡི་གེའི་གོ་རིམ་རང་དབང་དུ་བྱེད་ནུས་པའི་ཚུལ་ཅན་གྱི་སྐྱེས་བུ་དེ་ནི་ཆོས་ཅན། ཡི་གེའི་སྡེབས་དང་ཆོ་ག་སོགས་ཤེས་པ་དང་། ཇི་ལྟར་འདོད་པ་ལྟར་བྱིན་གྱིས་རློབ་ནུས་པའི་མཐུ་དག་གིས་ཁྱོད་གང་ཟག་ཕལ་པ་ལས་ཐུན་མོང་མ་ཡིན་པ་ཉིད་དུ་གྲུབ་སྟེ། ཁྱོད་ཤེས་མཐུ་དེ་དང་ལྡན་པ་གང་ཞིག ཕལ་པ་གཞན་ལ་ཤེས་མཐུ་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་སྟེ། ནམ་མཁའ་ལྡིང་གི་རྒྱུད་ཤེས་པའི་ཕལ་པས་དུག་ཞི་བ་ལ་སོགས་པའི་སྔགས་སྦྱོར་བ་མཐོང་བའི་ཕྱིར་ཞེ་ན། གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །དེ་དག་གིས་སྔགས་ཀྱི་སྦྱོར་བ་དེ་ཆོས་ཅན། གཙོ་བོ་རྒྱུད་བྱེད་པ་པོའི་མཐུ་ལ་ལྟོས་ནས་ཡིན་གྱི་ལྟོས་མེད་དུ་མ་ཡིན་ཏེ། རྒྱུད་བྱེད་པ་པོ་དེས་བཤད་པའི་རིགས་པ་སྟེ་དམ་ཚིག་དང་མན་ངག་སོགས་ལ་འཇུག་པས་སྔགས་སྦྱོར་བའི་ནུས་པ་ཡིན་པའི་ཕྱིར་རོ། །དེས་ན་སྔགས་རྣམས་ནི་ཆོས་ཅན། ཁྱོད་ལས་འབྲས་བུ་འབྱུང་བར་འདོད་པས་ཁྱོད་སྤྱིར་རྐྱེན་གྱིས་བྱས་པ་དང་། བྱེ་བྲག་ཏུ་སྐྱེས་བུས་བྱས་པར་བརྗོད་པར་བྱ་དགོས་ཏེ། ཁྱོད་སྐྱེས་བུས་མ་བྱས་པ་ལས་འབྲས་བུ་མི་འབྱུང་བའི་ཕྱིར། །གཉིས་པ་ནི། ཤེས་མཐུ་དང་ལྡན་པའི་སྔགས་བྱེད་ཡོད་པར་བསྟན་པ་འདི་ཉིད་ཀྱིས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། དཔྱོད་པ་པས་སྐྱེས་བུ་ལ་དབང་པོ་ལས་འདས་པའི་དོན་མཐོང་བའི་ནུས་པ་མེད་པའི་སྒྲུབ་བྱེད་བརྗོད་པ་ཐམས་ཅད་ནི་བསལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་ཁྱད་པར་ཅན་དུ་འདོད་པ་དེ་ཡང་བློ་དང་ལྡན་པ་སོགས་ཀྱི་རྟགས་ལས་ཁྱད་པར་ཅན་མ་ཡིན་པར་གྲུབ་བོ་ཞེ་ན། བློ་དང་ལྡན་པ་དང་། དབང་པོ་དང་ལྡན་པ་དང་། ངག་སྨྲ་བ་དང་། སྐྱེས་བུ་ཉིད་ཡིན་པ་ལ་སོགས་པ་སྐྱེས་བུ་ཁྱད་པར་ཅན་མ་ཡིན་པའི་སྒྲུབ་བྱེད་དུ་གང་བརྗོད་པ་དེ་དག་ཆོས་ཅན། ཚད་མ་སྟེ་རྟགས་ལྟར་སྣང་ཡིན་ཞིང་དེ་ལས་ཇི་ལྟ་བ་བཞིན་གྱི་དོན་རྟོགས་པའི་སྒྲུབ་བྱེད་ཡང་དག་ཏུ་ཡོད་པ་མིན་ཏེ། ཁྱབ་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པས་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དོན་ངེས་སྐྱེས་བུས་བརྟགས་པས་བརྫུན་པར་ཐལ། །ཆགས་སོགས་ལྡན་ལ་དོན་ངེས་རྟོགས་ཁྱད་མེད། །བྱེད་ཚིག་ཚད་མ་ཡོད་ན་ཁས་བླངས་འགལ་བའོ། །དང་པོ་ནི། སྐྱེས་བུ་ཁྱད་པར་ཅན་མེད་ན་རྒྱལ་དཔོག་པ་ཁྱད་པར་ཅན་ཡིན་པས་རིག་བྱེད་ཀྱི་དོན་རྟོགས་ཞེས་པའི་རང་ཚིག་དང་འགལ་ལོ་ཞེས་སྟོན་པ་རིག་བྱེད་ཀྱི་སྒྲ་ནི་ཆོས་ཅན། ཁོ་བོས་འདི་དོན་ཡིན་ཞེས་དང་འདི་དོན་མིན་ཞེས་རྗོད་པར་མི་བྱེད་དེ། བེམ་པོ་ཡིན་པའི་ཕྱིར་རོ། །དེས་ན་རིག་བྱེད་ཀྱི་སྒྲ་འདི་བརྗོད་བྱའི་དོན་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་པ་འདི་སྐྱེས་བུ་རྒྱལ་དཔོག་པ་རང་གིས་བརྟགས་པ་ཡིན་དགོས་ལ། རྒྱལ་དཔོག་པ་དེ་ཡང་ཆོས་ཅན། ཁྱོད་ཀྱིས་རིག་བྱེད་ཚད་མ་ཡིན་མིན་མི་ཤེས་པར་ཐལ། འདོད་ཆགས་ལ་སོགས་ལྡན་པའི་ཕྱིར། གཉིས་པ་ནི། རྒྱལ་དཔོག་པ་དེ་ཆོས་ཅན། ཁྱོད་གཅིག་པུས་རིག་བྱེད་ཀྱི་དེ་ཉིད་རིག སྐྱེས་བུ་གཞན་གྱིས་རིག་པ་མིན་ཅེས་པའི་ཁྱད་པར་ཡང་ནི་སུ་ཡིས་བྱས་སྟེ། སྐྱེས་བུར་མཚུངས་པའི་ཕྱིར། རྒྱལ་དཔོག་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་ཅིའི་ཕྱིར་རིག་བྱེད་ཀྱི་དོན་ཤེས་པ་དང་ལྡན་པའི་སྐྱེས་བུ་འགའ་མི་འདོད་དེ་འདོད་རིགས་པར་ཐལ། ཁྱོད་སྐྱེས་བུ་ཉིད་ཡིན་ཀྱང་རིག་བྱེད་ཀྱི་དོན་ཤེས་པ་དེ་བཞིན་དུ་སྐྱེས་བུ་ཉིད་ཡིན་པའི་རྣམ་པ་འགས་ཀྱང་རིག་བྱེད་ཀྱི་དོན་ཤེས་པ་ཡོད་པར་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་སྐྱེས་བུ་གང་གི་ཚིག་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཡིས་རིག་བྱེད་ཀྱི་དོན་ཤིན་ཏུ་ལྐོག་གྱུར་ལ་མི་སླུ་བར་གྲུབ་པའི་ཚིག་ལ་བརྟེན་ནས་ངེད་ཀྱི་རིག་བྱེད་དེའི་དོན་རིག་པ་ཡིན་ཞེ་ན། ཐ་མལ་གྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཆོས་ཅན། ཚིག་ཤིན་ཏུ་ལྐོག་གྱུར་ལ་མི་སླུ་བར་མི་འགྲུབ་པར་ཐལ། ཤིན་ཏུ་ལྐོག་ཏུ་གྱུར་རྣམ་ལ་འཇལ་བྱེད་དུ་ཡོད་པ་སྲིད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ལུང་ཚད་མ་ཆོས་ཅན། ལུང་ཚད་མ་ཡིན་པར་གྲུབ་པའི་ཆེད་དུ་སྐྱེས་བུས་བྱས་པ་མིན་པར་སྒྲུབ་པ་དོན་མེད་ཡིན་པར་ཐལ། སྐྱེས་བུ་གང་གི་ཚིག་ནི་དངོས་སྟོབས་ཀྱི་ཚད་མ་ཡིས་མི་སླུ་བར་གྲུབ་པའི་སྐྱེས་བུ་དེ་ཡིས་བྱས་པའི་ཚིག་དེ་ལུང་ཚད་མ་ཡིན་ཞེས་ཐོབ་པ་དེའི་ཕྱིར་རོ། །གཞན་ཡང་དབང་པོ་ལས་འདས་པ་ཤིན་ཏུ་ལྐོག་གྱུར་གྱི་དོན་རིག་པའི་སྐྱེས་བུ་ཁྱད་པར་ཅན་འགའ་ཡོད་དོ་ཞེས་ནི་མངོན་འདོད་འགྱུར་ཏེ་འདོད་དགོས་པར་ཐལ། གལ་ཏེ་ཤིན་ཏུ་ལྐོག་གྱུར་དོན་ལུང་མེད་པར་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཤེས་སྲིད་ན་སྟེ་དེའི་ཕྱིར། གསུམ་པ་རྩ་བའི་རྟགས་ཀྱིས་བསྒྲུབ་བྱ་དགག་པ་ལ་བཞི་སྟེ། རིག་བྱེད་དོན་ངེས་རྟོགས་པ་མེད་པར་བསྟན། །དེས་ན་དོན་ངེས་སྒྲུབ་བྱེད་ཚད་མ་མེད། །སྒྲུབ་བྱེད་ཡོད་པར་འདོད་པའི་གཞན་ལན་དགག །ངོ་བོ་ཉིད་ཀྱིས་དོན་ངེས་ཡིན་པ་དགག་པའོ། །དང་པོ་ནི། རྒྱལ་དཔོག་པ་ཆོས་ཅན། རིག་བྱེད་དོན་ནི་འདི་ཁོ་ན་ཡིན་ཞེས་ཁྱོད་ཀྱིས་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། བདག་ཉིད་འདོད་ཆགས་སོགས་དང་ལྡན་པའམ་སྟེ་ལྡན་པས་གཞན་གྱི་མན་ངག་ལ་མ་ལྟོས་པར་ཁྱོད་ཀྱིས་མི་རྟོགས། གཞན་ཡང་འདོད་ཆགས་དང་ལྡན་པས་གཞན་གྱི་མན་ངག་ལས་ཀྱང་ཁྱོད་ཀྱིས་རིག་བྱེད་དོན་རིག་མིན་ལ་རིག་བྱེད་ཉིད་ཀྱིས་བསྟན་པ་ལ་བརྟེན་ནས་ཀྱང་རིག་བྱེད་ཀྱི་དོན་ཁྱོད་ཀྱིས་རིག་པར་བྱེད་པ་མིན་པའི་ཕྱིར་ན་སྟེ་དེའི་ཕྱིར། གཉིས་པ་ནི། སྔ་མ་ལ་འདོད་ན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་ཐོས་པ་སྟེ་སྒྲ་དེ་ལ་ཆོས་ཅན། མཐོ་རིས་འདོད་པས་ཁྱི་ཤ་ཟ་ཞེས་བྱ་བ་དེ་དེའི་དོན་མིན་ཞིང་སྔགས་སྦྱངས་ཀྱིས་མར་མེ་ནང་དུ་བླུགས་པ་ཁོ་ན་དེའི་དོན་ཡིན་ཞེས་པ་འདི་ཚད་མ་གང་གིས་གྲུབ་སྟེ་མ་གྲུབ་པར་ཐལ། དེའི་དོན་མཐའ་གཅིག་ཏུ་རྟོགས་པ་མེད་པ་དེས་ན་སྟེ་དེའི་ཕྱིར། གསུམ་པ་ལ་གཉིས་ཏེ། འཇིག་རྟེན་གྲགས་པས་གྲུབ་པ་དགག །རིག་བྱེད་ཉིད་ཀྱིས་སྨྲས་པ་དགག་པའོ། །དང་པོ་ལ་བཞི་སྟེ། གྲགས་པས་ལྐོག་གྱུར་སྒྲུབ་མི་ནུས། །གྲགས་པ་ཉིད་དང་འགལ་བར་བསྟན། །གྲགས་པས་གྲུབ་ན་རང་ཚིག་འགལ། །གྲགས་པ་ཐེ་ཚོམ་རྒྱུ་རུ་བསྟན་པའོ། །དང་པོ་ནི། གལ་ཏེ་འཇིག་རྟེན་གྱི་ཚིག་ལ་རིག་བྱེད་ཀྱི་སྒྲ་སོ་སོའི་དོན་སོ་སོ་ལ་རབ་ཏུ་གྲགས་པ་ལས་ངེད་ཀྱི་རིག་བྱེད་ཀྱི་སྒྲ་སོ་སོའི་དོན་ངེས་པ་ཡིན་ཞེ་ན། འཇིག་རྟེན་པ་དེ་ལ་ཆོས་ཅན། རིག་བྱེད་ཀྱི་དོན་མཐོང་བའི་རྒྱུ་མཚན་གང་གིས་སྣ་ཚོགས་པའི་དོན་ལ་འཇུག་པ་ཅན་གྱི་རིག་བྱེད་ཀྱི་སྒྲའི་དོན་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ཞེས་རྣམ་པར་དབྱེ་བར་ནུས་ཏེ་མི་ནུས་པར་ཐལ། དབང་པོ་ལས་འདས་པ་རིག་བྱེད་ཀྱི་དོན་མཐོང་བ་གང་ཞིག་ཡོད་དེ་མེད་པའི་ཕྱིར། གཉིས་པ་ནི། རིག་བྱེད་ཀྱི་སྒྲ་ཆོས་ཅན། འཇིག་རྟེན་གྱི་གྲགས་པས་ཁྱོད་ཀྱི་དོན་མ་གྲུབ་པར་ཐལ། ཁྱོད་ལས་འཇིག་རྟེན་ན་གྲགས་པ་མིན་པའི་དོན་བརྗོད་པར་མཐོང་བའི་ཕྱིར་ཏེ། འཇིག་རྟེན་ན་མཐོ་རིས་དང་ལྷ་མོ་ནི་རིམ་པ་ལྟར་ལྷའི་གནས་དང་དེ་ན་ཡོད་པའི་བུ་མོ་ལ་གྲགས་ལ་ཁྱོད་ལས་མིའི་དགའ་བ་ཁྱད་པར་ཅན་དང་རྩུབ་ཤིང་ངོ་ཤེས་པས་ལ་སོགས་པའི་སྒྲ་མཐོང་ངོ་། །གལ་ཏེ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་པའི་བཤད་པ་ལས་དེའི་དོན་སྔགས་སྦྱངས་ཀྱི་མར་མེ་ནང་དུ་བླུགས་པ་ཁོ་ན་ལ་འཇུག་པར་གྲུབ་བོ་ཞེ་ན། མེ་ལ་སྦྱིན་སྲེག་སྦྱིན་ཞེས་པ་དེ་དང་འདྲ་བའི་སྒྲ་གཞན་དེའི་བཤད་པ་དག་ལ་ནི་ཆོས་ཅན། ཁྱོད་ཀྱི་དོན་མཐའ་གཅིག་ཏུ་ངེས་པ་སྐྱེས་བུས་མི་རྟོགས་པར་ཐལ། སྐྱེས་བུས་བདག་ཉིད་ཀྱི་བློ་ནུས་སམ་གཞན་གྱི་མན་ངག་ལས་སམ་སྒྲ་རང་ཉིད་ཀྱིས་བསྟན་པ་ལས་ཀྱང་མི་རྟོགས་པའི་ཕྱིར། འདོད་ན་ཁྱི་ཤ་ཟ་བ་ལ་འཇུག་པར་ཐལ་ཞེས་པ་དེ་འདྲའི་རྣམ་རྟོག་ཉིད་དུ་འགྱུར་རོ། །གསུམ་པ་ནི། གྲགས་པ་དག་ཀྱང་མི་སྟེ་སྐྱེས་བུ་རྣམས་ཀྱི་ཚིག་ཡིན་ལ་སྐྱེས་བུའི་ཚིག་དེ་ཡང་ཚད་མར་མི་འདོད་པ་དང་། སླར་ཡང་ཚིག་དེ་ལས་རིག་བྱེད་ཀྱི་དོན་རྟོགས་པར་འདོད་པའི་ཚིག་ལ་སྡང་བ་དང་འདོད་པ་འདི་ནི་ཅི་ཞིག་ཡིན་ཏེ་ཕན་ཚུན་འགལ་ཞེས་པའོ། །གལ་ཏེ་འཇིག་རྟེན་གྱི་གྲགས་པ་ལས་བརྒལ་བའི་མེ་ལ་སྦྱིན་སྲེག་སྦྱིན་ཞེས་པའི་དོན་ཁྱི་ཤ་ཟ་བ་ཡིན་ནོ་ཞེས་རྟོག་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། ཁྱོད་འདོད་པ་ལྟར་གྲགས་སུ་ཆུག་ཀྱང་རབ་གྲགས་ཚད་མ་ཉིད་མིན་ཕྱིར། སྒྲ་དེའི་དོན་སྦྱངས་སྔགས་ཀྱི་མར་མེ་ནང་དུ་བླུགས་པ་དེར་འཛིན་པ་ལའང་རྒྱུ་ཅི་ཡོད་དེ་མེད་པར་མཚུངས་སོ། །བཞི་པ་ནི། འཇིག་རྟེན་པ་ཆོས་ཅན། ཁྱོད་ཀྱི་གྲགས་པ་ཉིད་ཀྱིས་རིག་བྱེད་ཀྱི་སྒྲ་དོན་གཅིག་གི་རྗོད་བྱེད་དུ་ངེས་པ་ལ་དེ་ལྟར་ཡིན་མིན་གྱི་དོགས་པ་སྐྱེད་པ་ནི་ཡིན་པར་ཐལ། གང་གི་ཕྱིར་ན་གྲགས་པ་དེ་ལ་རིག་བྱེད་ཀྱི་སྒྲ་རྣམས་དོན་སྣ་ཚོགས་ལ་འཇུག་པ་ཅན་ཉིད་དུ་མཐོང་བའི་ཕྱིར་རོ། །དེས་ན་དོན་སྣ་ཚོགས་སྟོན་ནུས་པ་ཅན་གྱི་རིག་བྱེད་ཀྱི་སྒྲ་རང་ཉིད་ཆོས་ཅན། ཁྱོད་ཀྱི་དོན་མཐའ་གཅིག་ཏུ་ངེས་པའི་ངེས་བྱེད་མ་མཐོང་བའི་གང་ཟག་དག་གིས་ངེས་པར་ཁྱོད་ཀྱི་དོན་གང་ཡིན་དོགས་པར་འགྱུར་བ་སྟེ་དོགས་པར་ཐལ། འདོད་དོན་ལས་གཞན་དུ་འཇུག་མི་སྲིད་པར་ངེས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རིག་བྱེད་ཟོལ་གྱིས་སྐྱེས་བུས་བྱས་པར་གྲུབ། །སྐྱེས་བུས་བྱས་པ་མིན་ན་དོན་ངེས་འགལ་བའོ། །དང་པོ་ནི། རིག་བྱེད་རང་ཉིད་ཀྱིས་རྒྱལ་དཔོག་པ་ལ་དོན་ངེས་སྟོན་ཅིང་། དེས་གཞན་ལ་སྟོན་ནོ་ཞེ་ན། རྒྱལ་དཔོག་པ་ཆོས་ཅན། རང་ཉིད་ཀྱིས་རིག་བྱེད་དོན་ངེས་སྨྲས་པར་ཐལ། རིག་བྱེད་ལ་བསྙད་བཏགས་ནས་རིག་བྱེད་དོན་ངེས་སྨྲས་པ་གང་ཞིག དེ་དག་ལ་རང་ཉིད་ཀྱིས་སྨྲས་མ་སྨྲས་ཀྱི་བྱེ་བྲག་བརྟག་པར་གྱིས་ཏེ་མཚུངས་པའི་ཕྱིར། དཔེར་ན་གཡོན་ཅན་འགའ་ཞིག་ལམ་ནི་འདི་ཡིན་ཞེས། སྡོང་དུམ་འདི་ནི་སྨྲ་བར་འགྱུར་ཞེས་ཟེར་བ་དང་། སྐྱེས་བུ་གཞན་ནི་སྡོང་དུམ་ལ་བསྙད་མི་འདོགས་པར་ལམ་ནི་འདི་ཡིན་ནོ་ཞེས་བདག་ཉིད་ཀྱིས་ལམ་སྨྲ་བ་གཉིས་པོ་རང་ཚིག་གིས་སྨྲས་པ་ཁྱད་པར་མེད་པ་དེ་ལྟར་རོ། །གཉིས་པ་ནི། རིག་བྱེད་ཀྱི་སྒྲ་ཆོས་ཅན། རང་བཞིན་གྱིས་དོན་གཅིག་གི་གསལ་བྱེད་དེ་རྗོད་བྱེད་དུ་ངེས་པ་གང་ལས་ཡིན་ཏེ་མིན་པར་ཐལ། དོན་ཐམས་ཅད་ལ་འཇུག་རུང་ཡིན་པའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་སྒྲ་ཆོས་ཅན། བརྗོད་འདོད་ཀྱི་སྒོ་ནས་དོན་སོ་སོའི་རྗོད་བྱེད་དུ་ངེས་པ་མ་གཏོགས་པར་བརྗོད་དོན་དང་རང་བཞིན་གྱིས་འབྲེལ་པ་ཚད་མ་གང་གིས་ཤེས་ཏེ་མི་ཤེས་པར་ཐལ། བརྗོད་དོན་དང་རང་གཞན་གྱིས་འབྲེལ་བ་དབང་པོ་ལས་འདས་པ་སྟེ་ཚད་མའི་ཡུལ་མིན་པའི་ཕྱིར། རིག་བྱེད་ཀྱི་སྒྲ་དེ་ཆོས་ཅན། བརྗོད་དོན་གཅིག་ཁོ་ནའི་རྗོད་བྱེད་དུ་ངེས་པ་ཅན་དེ་གང་ལས་ཡིན་ཏེ་མིན་པར་ཐལ། སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་སྟེ། འདོད་བརྗོད་ནི་སྒྲ་རྣམས་དོན་སོ་སོའི་བརྗོད་བྱེད་དུ་ངེས་པའི་རྒྱུ་ཡིན་ཞིང་བརྡ་ནི་བརྗོད་འདོད་དེ་ཡི་གསལ་བྱེད་ཡིན་ལ་བརྡ་དེ་ནི་སྐྱེས་བུས་བྱས་པ་མིན་པ་ལ་མེད་ན་སྟེ་མེད་པའི་ཕྱིར། བཞི་པ་ནི། རིག་བྱེད་ཀྱི་སྒྲ་ཆོས་ཅན། བརྗོད་དོན་གཞན་ལ་བརྗོད་འདོད་དེས་ཀྱང་སྦྱར་དུ་མི་རུང་བར་ཐལ། བརྗོད་དོན་གཅིག་ཁོ་ནའི་རྗོད་བྱེད་དུ་རང་བཞིན་གྱིས་ནི་ངེས་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལས་དོན་གོ་བར་བྱེད་པ་ལ་བརྡ་ཡང་དོན་མེད་པ་ཅན་ཉིད་དུ་འགྱུར་བར་ཐལ་ཏེ། གཏན་ཚིགས་སྔ་མ་དེའི་ཕྱིར། གལ་ཏེ་རང་བཞིན་གྱིས་འབྲེལ་པ་བརྡ་ལས་གསལ་བར་བྱེད་པས་བརྡ་དོན་མེད་དུ་མི་འགྱུར་རོ་ཞེ་ན། བརྡ་ཆོས་ཅན། ཁྱོད་ལས་སྒྲ་དོན་རང་བཞིན་གྱིས་འབྲེལ་པའི་ཁྱད་པར་གྱིས་གསལ་བར་བྱེད་པ་སྟེ་དེ་ཉིད་ལ་སྦྱོར་བའི་ངེས་པའང་གང་ལས་ཡིན་ཏེ་མིན་པར་ཐལ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། བརྡ་ནི་ཆོས་ཅན། སྒྲ་དེ་རང་བཞིན་གྱིས་འཇུག་ཏུ་རུང་བ་ཉིད་ཀྱིས་འདོད་པའི་དོན་ཁོ་ན་གསལ་བར་བྱེད་པར་མི་འགྱུར་བར་ཐལ། དེ་ལ་རང་བཞིན་གྱིས་རང་གི་བརྗོད་བྱ་ངེས་པ་ལ་སྦྱོར་བར་ངེས་པ་ཞེས་བྱ་བ་གང་ཞིག་ཡོད་དེ་མེད་པ་དེས་ན་སྟེ་དེའི་ཕྱིར་ཏེ། དོན་གང་ལ་འདོད་པ་རང་རྒྱུད་པ་འཇུག་པས་སོ། །ཚིགས་བཅད་གཉིས་པོ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཉིས་པ་ཕྱོགས་གཅིག་མི་སླུ་བའི་རྟགས་ཀྱིས་སྒྲུབ་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། མེས་གྲང་བ་ཟློག་ཅེས་པ་ལས་གཞན་པའི་རིག་བྱེད་ཀྱི་སྒྲ་ཡང་ཆོས་ཅན། བདེན་པའི་དོན་ཅན་དེ་འདྲ་ཡིན་ཏེ་གང་གི་ཕྱིར་ན་རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་མེ་གྲང་བ་ཟློག་བྱེད་ཡིན་ཅེས་པའི་ངག་བདེན་པ་བཞིན་ཞེས་དེ་སྐད་དུ་དཔྱོད་པ་བ་རྒན་རབས་གཞན་དག་ཟེར་རོ་ལོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་ལྷག་ལྡན་ཉིད་དུ་བསྟན། །བསྒྲུབ་བྱ་ཉིད་ལ་གནོད་པ་བསྟན། །ཧ་ཅང་ཐལ་བའི་སྒོ་ནས་དགག་པའོ། །དང་པོ་ནི། རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པ་ཆོས་ཅན། རིགས་པ་ཤེས་པ་ཕྱོགས་ཀྱི་གླང་པོས་ཁྱོད་གཏན་ཚིག་ཡང་དག་ཡིན་པ་འདི་འདྲ་བ་བཀག་སྟེ། ཁྱབ་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པའི་འཁྲུལ་པ་ཉིད་ཀྱི་ཕྱིར། དཔེར་ན་ཤིང་ཐོག་ལྷག་མ་རྣམས་ཟོས་པ་དང་རོ་འདྲ་བར་བསྒྲུབ་པ་ལ་ཟོས་པ་དང་དབྱིབས་ཀྱི་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་པ་དང་། སྣོད་གཅིག་ཏུ་བཙོས་པར་མཚུངས་པ་ལ་ཡང་སྟེ་དེའི་རྟགས་ལས་འབྲས་ལྷག་མ་ཚོས་པར་སྒྲུབ་པ་བཞིན་ནོ། །གཉིས་པ་ནི། དཔྱོད་པ་པ་ཆོས་ཅན། བུད་མེད་གཡེམ་མ་མུ་ཅོར་གྱིས་བདག་པོ་ལས་རྒྱལ་བ་དང་མཚུངས་ཏེ། བསྟན་བཅོས་ལ་འཇུག་པའི་གེགས་ཚད་མ་གསུམ་དང་འགལ་བ་ཀུན་ཏུ་མ་བསལ་ཞིང་འཇུག་པའི་ཡན་ལག་བསྟན་བཅོས་ཀྱི་དོན་འབྲེལ་སོགས་ཆོས་གསུམ་པོ་ཡང་ཡོད་པར་མ་བསྟན་ལ། རིག་བྱེད་ཀྱི་བསྟན་བཅོས་དེ་ཕྱོགས་གཅིག་ལ་མི་སླུ་བའི་རྟགས་ཀྱིས་ཐམས་ཅད་བདེན་པའི་དོན་ཅན་ཡིན་ཅེས་ཁས་ལེན་པ་ཡིན་པའི་ཕྱིར་རོ། །ཚད་མ་གསུམ་དང་འགལ་བ་ཇི་ལྟར་ཡོད་ཅིང་དེ་མ་བསལ་ཅེ་ན། རིག་བྱེད་ཆོས་ཅན། ཚད་མ་གསུམ་དང་འགལ་བའི་དོན་བརྗོད་དེ། སྐྱེས་བུ་རྟག་པ་ལས་བྱེད་པ་པོ་ཉིད་དང་། སྒྲ་ལ་སོགས་པའི་དངོས་པོ་རྣམས་རྟག་པ་དང་། དབང་པོའི་ཡུལ་ལས་འདས་པའི་སྤྱི་དབང་པོས་བཟུང་བྱ་དང་། དངོས་པོ་རྣམས་རྒྱུ་མི་མཉམ་པ་རྟག་པའི་རྒྱུས་བསྐྱེད་པ་དང་། གནས་པ་མི་མཉམ་པ་རྟེན་དོན་གཞན་གྱིས་གནས་པ་དང་། འཇིག་པ་མི་མཉམ་པ་རང་རྒྱུ་ལས་ཕྱིས་བྱུང་བའི་རྒྱུ་གཞན་གྱིས་འཇིག་པ་དང་། གཞན་ཡང་བློ་ལྐོག་གྱུར་དང་། སྒྲ་རྟག་པ་ལྟ་བུ་དངོས་སྟོབས་ཀྱི་ཚད་མ་རྣམ་པ་གཉིས་ཀྱིས་རྣམ་པར་བསལ་བའི་སྤྱོད་ཡུལ་ལམ། སྡིག་པ་ཉོན་མོངས་ཀྱི་འབྲས་བུར་ཁས་བླངས་ནས་ཁྲུས་ཀྱིས་སྡིག་པ་འདག་པར་བརྗོད་པ་ལྟ་བུ་ལུང་ལ་ལྟོས་པའི་རྗེས་དཔག་དང་འགལ་བ་དག་ནི་རྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །རིག་བྱེད་ཆོས་ཅན། ཚད་མ་གསུམ་དང་འགལ་བ་ཀུན་ཏུ་མ་བསལ་ཏེ། དེ་དང་འགལ་བའི་ལན་མ་བཏབ་བའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཚིག་ཕྱོགས་གཅིག་བདེན་པར་མཐོང་བས་ཚིག་ལྷག་མ་ཐམས་ཅད་དེ་ལྟར་ཚད་མ་སྟེ་བདེན་པར་གྲུབ་ན་འོ་ན་སྐྱེས་བུས་མང་དུ་སྨྲ་བའི་ཚིག་འདི་ལ་ཆོས་ཅན། ཚད་མིན་ཏེ་མི་བདེན་པ་ཅི་ཡོད་དེ་མེད་པར་ཐལ། ཁྱོད་དེ་ལ་བདེན་པའི་དོན་གཅིག་མེད་པ་མིན་པ་སྟེ་ཕྱོགས་གཅིག་བདེན་པ་སྲིད་པའི་ཕྱིར་རོ། །བཞི་པ་དེས་ན་ལུང་ཙམ་བརྗོད་བྱའི་དོན་ལ་འཁྲུལ་པ་ལ་གཉིས་ཏེ། ལུང་ཙམ་དོན་དང་འབྲེལ་བ་མེད། །དེས་ན་བརྗོད་དོན་ངེས་མི་ནུས་པའོ། །དང་པོ་ནི། སྒྲ་འདི་ཆོས་ཅན། རང་གི་ཞེན་པའི་བརྗོད་བྱའི་དངོས་པོ་དང་རང་བཞིན་གཅིག་ཏུ་འབྲེལ་པའམ་དེའི་འབྲས་བུ་མ་ཡིན་ཏེ། རང་གི་ཞེན་པའི་བརྗོད་བྱ་མེད་ཀྱང་བརྗོད་པ་པོ་ལ་གནས་པ་སྟེ་བརྗོད་འདོད་ཙམ་ལས་སྐྱེ་བའི་ཕྱིར་རོ། །དེས་ན་རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ལས་རང་གི་ཞེན་པའི་བརྗོད་བྱ་ཡོད་པར་མི་འགྲུབ་སྟེ། ཁྱོད་རང་གི་ཞན་པའི་བརྗོད་བྱ་དང་འབྲེལ་པ་གཉིས་པོ་གང་རུང་མ་གྲུབ་པའི་ཕྱིར། ཁྱབ་སྟེ། བདག་གཅིག་དེ་བྱུང་གི་འབྲེལ་བ་འདི་ལས་རྣམ་པར་ལྡོག་པས་ཀྱང་བསྒྲུབ་བྱ་ལ་འཁྲུལ་པ་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྗོད་བྱེད་ཀྱི་སྒྲ་བརྗོད་དོན་གྱི་འབྲས་བུ་མ་ཡིན་པ་མ་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་ཀྱི་དོན་ལ་འཇུག་པ་ནི་བརྗོད་བྱ་ལས་བརྒྱུད་ནས་སྐྱེ་བའི་ཕྱིར་ཏེ། བརྗོད་བྱ་ལས་དེ་མཐོང་བའི་མངོན་སུམ་སྐྱེ། དེ་ལས་བརྗོད་འདོད་སྐྱེ། དེ་ལས་ཚིག་སྐྱེ་བས་བརྗོད་བྱས་བརྒྱུད་ནས་སྐྱེད་པར་བྱེད་པའི་ཕྱིར་ཅེ་ན། བུམ་པ་གཅིག་ལ་ཆོས་ཅན། ཕན་ཚུན་དག་ནི་འགལ་བའི་དོན་རྟག་མི་རྟག་གཉིས་ཀར་བརྗོད་པའི་སྒྲ་དེ་ནི་ཇི་ལྟར་འཇུག་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྟག་མི་རྟག་གཉིས་ཀའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཚིག་དོན་འབྲེལ་པ་མེད་པ་དེས་ན་ལུང་ཆོས་ཅན། ལུང་དེ་རྟགས་སུ་བཀོད་པ་ལས་རང་གི་བརྗོད་བྱའི་དོན་གང་ཚད་མས་ངེས་པ་ཡིན་ཏེ་མིན་པར་ཐལ། ལུང་དང་རང་གི་བརྗོད་བྱའི་དངོས་པོ་རྣམས་ལུང་ལས་བརྗོད་བྱ་རྟོགས་པར་འདོད་པ་པོའི་ཚད་མ་རྣམ་པ་འགའ་ཡི་ཡུལ་དུ་མེད་ན་མི་འབྱུང་བའི་འབྲེལ་པ་མི་གྲུབ་པའི་ཕྱིར། དེས་ན་ལུང་ཆོས་ཅན། ཁྱོད་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་དེ་ནི་ལོག་ན་ཡང་སྐལ་དོན་གྱི་དངོས་པོ་མེད་པར་འགྲུབ་པར་མི་འགྱུར་ཏེ། ཁྱོད་ཚད་མ་མ་ཡིན་པ་དེའི་ཕྱིར། དེས་ན་ཐ་མལ་པའི་ཚད་མ་ཆོས་ཅན། སྐལ་དོན་མེད་ངེས་ཀྱི་འབྲས་བུ་ཅན་དུ་ཁྱོད་ཀྱིས་མི་དམིགས་པས་ནི་མི་གྲུབ་པར་ཐལ། སྐལ་དོན་ཡོད་ན་ཁྱོད་ཀྱིས་དམིགས་པས་མ་ཁྱབ་པ་དེས་ན་སྟེ་དེའི་ཕྱིར། ལྔ་པ་ནང་འགལ་བསྟན་ཏེ་སྨྲ་བ་པོ་ལ་སྨད་པ་ནི། བླུན་པོ་རིགས་པ་ཅན་པ་ཆོས་ཅན། ཤེས་རབ་འཆལ་བའི་འབྲས་བུའི་རྟགས་ལྔ་དང་ལྡན་པ་ཡིན་ཏེ། ནང་འགལ་སྣ་ཚོགས་སྟོན་པའི་རིག་བྱེད་ཚད་མར་འདོད་པ་དང་ནི་སྐྱེས་བུ་རྟག་པ་འགས་ལས་བྱེད་པར་སྨྲ་བ་དང་། ལུས་ལ་ཁྲུས་བྱས་པ་ལས་སེམས་ཀྱི་སྡིག་པ་འདག་པའི་ཆོས་སུ་འདོད་པ་དང་ནི་ཤེས་རབ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་མེད་ཀྱང་བྲམ་ཟེ་ཡིན་ཞེས་རིགས་སྨྲ་བས་དྲེགས་པ་དང་། སྡིག་པ་གཞོམ་པའི་ཕྱིར་མི་ལྔ་བསྟེན་པ་ལ་སོགས་པའི་ལུས་ལ་གདུང་བ་རྩོམ་ཞེས་པ་ལྔ་དང་ལྡན་པའི་ཕྱིར་རོ། །གསུམ་པ་ནི། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཀུན་ཏུ་བཟང་པོའི་འོད་ཟེར་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའི་རྣམ་པར་བཤད་པའོ། །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*