སྤྲིང་ཡིག་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ།།

༼ཨ༽༄༅། །སྤྲིང་ཡིག་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ།།

སྭ་སྟི་པྲ་ཛ་བྷྱཿ རང་གི་གྲྭ་པ་སྤྱི་ལ་གདམས་པ་སློབ་མ་ལ་ཕན་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་རབ་ཉིན་བྱེད་ཟེར་གྱིས་བདེ་གཤེགས་གསུང་རབ་པད་ཚལ་འབྱེད། །ཉིད་ཀྱི་ཐུགས་རྗེ་རི་བོང་འཛིན་ལྟས་སྨྲ་ངན་རྒྱུ་སྐར་ཟིལ་གྱིས་གནོན། །དེ་ཡི་ཕྲིན་ལས་བྱ་ལམ་ལྟ་བུས་མཐའ་ཡས་འགྲོ་བ་སྨིན་མཛད་པ། །ཐུབ་དབང་གཉིས་པ་བླ་མའི་ཞབས་ལ་ཟོལ་མེད་དད་པས་སྐྱབས་སུ་མཆི། །སྔོན་དགེའི་བསོད་ནམས་དཔག་མེད་ལས་གྲུབ་དལ་འབྱོར་ལན་ཅིག་ཐོབ་པ་འདི། །ཡུན་རིང་གནས་པའི་གོ་སྐབས་མེད་ཀྱི་གྲོགས་དག་ལུས་ངག་དགེ་ལ་སྦྱོར། །བག་མེད་སྤྱོད་པ་ཆོས་སུ་སྨྲ་བའི་མུ་སྟེགས་གཞུང་ལུགས་རིང་དོར་ལ། །ཐུབ་དབང་འགྲོ་ལ་ཕན་པས་གསུངས་བཞིན་བག་ཡོད་སྤྱོད་པ་བསྟེན་པར་རིགས། །དེ་ཕྱིར་བདག་ཉིད་ལེགས་པར་འདོད་པ་ཡི། །རྣམ་དཔྱོད་ཤེས་རབ་ལྡན་པའི་སློབ་མ་རྣམས། །རྒྱལ་བ་དགེས་པའི་ལམ་ལ་སློབ་པའི་ཚུལ། །དྲི་མེད་ལུང་ལས་འབྱུང་བཞིན་བཤད་ཀྱིས་ཉོན། །དེ་ལ་དམ་པའི་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་རྣམ་པར་དག་པ་ཐོབ་པའི་དུས་འདིར། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་བསྒྲུབ་པའི་དོན་དུ། ཡང་དག་པའི་ལྟ་བ་དང༌། སྤྱོད་པ་རྣམ་པར་དག་པ་ལ་ཚུལ་བཞིན་དུ་གནས་ཏེ། དལ་འབྱོར་གྱི་རྟེན་ཆོས་དང་མཐུན་པའི་འཚོ་བ་རྣམ་པར་དག་པས་ཡུན་རིང་དུ་འཚོ་བར་བྱ་དགོས་པ་ལ། སྐྱེས་བུ་མི་མཁས་པའི་ངང་ཚུལ་ཅན་རྣམས་ནི། བག་མེད་པའི་ཆང་དང་སེམས་ཅན་བསད་པའི་ཤ་ཁྲག་གིས་དལ་འབྱོར་འཚོ་བར་བྱེད་ཅིང༌། འདི་དག་ཀྱང་དམ་པའི་ཆོས་འདུལ་བ་དང༌། རྡོ་རྗེ་ཐེག་པ་ལས་ལོངས་སྤྱོད་པར་གསུངས་སོ་ཞེས་གཏན་ཚིགས་ཀྱང་འགོད་པར་བྱེད་དོ། །འདི་ལྟ་བུ་ནི་ཚུལ་བཞིན་མ་ཡིན་པ་ལ་རང་ཉིད་ཞུགས་ཤིང༌། གཞན་དག་ཀྱང་དེ་ལ་སྦྱོར་བ། སྦལ་དོང་ནང་གི་སྦལ་པ་རྨ་ཅན་ལྟ་བུ་རྒྱལ་བ་དགེས་པའི་སྤྱོད་པ་ལས་ཉམས་པ། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ། རང་ཉིད་ལ་ཕུང་ཁྲོལ་ཆེན་པོ་བསྐྱེད་པར་བྱེད་པའི་སྤྱོད་ལམ་དང་གྲུབ་པའི་མཐའ་ངན་པ་ཡིན་པས། འདི་དག་དགག་པར་བྱ་བ་ལ་གསུམ་སྟེ། ཆང་ལ་ལོངས་སྤྱོད་པའི་ཉེས་དམིགས་བཤད་པ། བསད་ཤས་འཚོ་བར་བྱེད་པའི་ཉེས་དམིགས་བཤད་པ། ཤ་ཆང་གཉིས་གསང་སྔགས་ལས་བཀག་ཚུལ་བཤད་པའོ། །དང་པོ་ལ་གསུམ་ལས། ཆང་འཐུང་པའི་ཉེས་པ་སྤྱིར་བསྟན་པ་ནི། དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང༌། །ཞེས་ཉེས་དམིགས་དུ་མ་དང་ལྡན་པའི་ཆང་ནི་མིའི་འགྲོ་བ་པ་རྣམས་ཀྱིས་མི་འཐུང་བར་བཤད་ལ། དེའི་ཉེས་དམིགས་ཀྱང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། དགའ་བ་ཅན་འབྲུའི་ཆང་དང༌། བཅོས་པའི་ཆང༌། བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི། འདི་དག་ཡིན་པར་རིགས་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་དེ་དག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང༌། ནད་རྣམས་རྒྱས་པར་བྱེད་པ་དང༌། འཐབ་པ་དང༌། རྩོད་པ་བསྐྱེད་པ་དང༌། དོན་མེད་པ་ལ་ལྟ་བ་དང༌། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང༌། ཤེས་རབ་ཉམས་ཆུང་བར་བྱེད་པ་དང༌། ལོངས་སྤྱོད་ཐོབ་པ་མི་ཐོབ་པར་འགྱུར་བ་དང༌། ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ་དང༌། གསང་མི་ཐུབ་པར་འགྱུར་བ་དང༌། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང༌། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང༌། མར་མི་འཛིན་པར་འགྱུར་བ་དང༌། ཕར་མི་འཛིན་པར་འགྱུར་བ་དང༌། དགེ་བ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང༌། བྲམ་ཟེར་མི་འཛིན་པར་འགྱུར་བ་དང༌། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་པར་འགྱུར་བ་དང༌། སངས་རྒྱས་ལ་མ་གུས་པར་འགྱུར་བ་དང༌། ཆོས་ལ་མ་གུས་པར་འགྱུར་བ་དང༌། དགེ་འདུན་ལ་མ་གུས་པར་འགྱུར་བ་དང༌། བསླབ་པ་ཡང་དག་པར་བླངས་པ་ལ་མ་གུས་པར་འགྱུར་བ་དང༌། ཚུལ་ཁྲིམས་འཆལ་པར་འགྱུར་བ་དང༌། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང༌། བག་མེད་པར་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང༌། ཉེ་དུ་དང་སྣག་གི་གཉེན་ཚན་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར་འགྱུར་བ་དང༌། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང༌། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང༌། ཆོས་མ་ཡིན་པར་སྤྱོད་པར་འགྱུར་བ་དང༌། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང༌། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར་བ་དང༌། དེ་མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང༌། བག་མེད་པར་ཉམས་བག་ཏུ་སྤྱོད་པར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང༌། མྱ་ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང༌། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང༌། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཆང་དང༌། བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་དག་ཡིན་པར་རིགས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་འཐུང་དུ་མི་རུང་བར་བསྟན་པ་ནི། མདོ་རྩ་བ་ལས། ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དོ། །ཞེས་གསུང་ཞིང༌། དེའི་རྒྱ་ཆེར་འགྲེལ་པར། དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དེ། བླུད་ན་མདོ་ལས་ངུ་འབོད་ཀྱི་དམྱལ་བར་སྐྱེ་བར་གསུངས་སོ། །ཞེས་བཤད་པས། སོ་སོ་ཐར་པའི་སྒོར་ཞུགས་པ་རྣམས་ཀྱིས་ཆང་རྩྭའི་རྩེ་མོས་བླངས་པའི་ཐིགས་པ་ཙམ་ཡང་འཐུང་དུ་མི་རུང་བར་བཤད་དོ། །གལ་ཏེ་ལུས་རང་བཞིན་དུ་གནས་པ་ལ་དེ་ལྟར་ཡིན་ཀྱང་ནད་པ་ལ་གནང་དུ་རུང་ངམ་སྙམ་ན་མ་ཡིན་ཏེ། མདོ་རྩ་བར། ནད་པ་ལ་ནི་ཉེས་པ་མེད་དོ། །ཞེས་པ་ནི་ལུས་ལ་བྱུག་པ་དང༌། འཁུར་བར་བསྲེལ་བ་ཙམ་སྟེ་ཁོང་པར་མིད་པ་ནི་མ་ཡིན་ནོ། །ནད་པ་ལ་ནི་ཞུན་མར་དང༌། འབྲུ་མར་བསྲེས་པ་བཏུང་བར་བྱ་བ་ཉིད་དོ། །ཆང་མ་ཡིན་པར་གྱུར་པ་ལ་ནི་ཉེས་པ་མེད་དོ། །དེ་ནི་བསྐོལ་བ་ལས་འགྲུབ་བོ་ཞེས་པའི་འགྲེལ་པར། ཞུན་མར་དང་འདྲེས་པ་ནི། མར་བྲེ་གསུམ། ཆང་བྲེ་གསུམ་དུ་བཅོས་པ་ཡིན་ནོ། །ཞེས་བཤད་པ་ལྟར། ནད་པའི་ལུས་ལ་བྱུགས་པ་ཙམ་ལས་ཁོང་པར་མིད་པ་མ་གནང་ལ། གལ་ཏེ་ནད་ཀྱི་དབང་གིས་ཁོང་པར་འཐུང་དགོས་ན། ཆང་བསྐོལ་བས་ནུས་པ་ཉམས་པར་བྱས་པ་དང༌། ཆང་གི་དྲིས་བསྒོས་པའི་ཁུ་བ་གཞན་དག་འཐུང་བ་ཡིན་ཏེ། མདོ་རྩ་བར། དེ་བསྐོལ་ན་ནི་དེ་ཉིད་ལས་ཉམས་པ་ཡིན་ནོ་ཞེས་དང༌། ཆང་གི་སྲེད་པ་དང་ཕྲལ་བར་བྱ་བའི་ཕྱིར། རྩ་བ་དང༌། སྡོང་བུ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་དྲིས་བསྒོས་པ་བཏུང་ངོ༌། །ཆང་དང་བཅས་པའི་སྣོད་དུ་དཔྱངས་ཏེ་བཞག་པས་བསྒོ་བར་བྱའོ། །རེག་པ་བསྲུང་ངོ༌། །དེའི་ཕྱིར་མ་གང་བ་དང༌། ཤུགས་དང་བྲལ་བ་ཉིད་དུའོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ད་ལྟ་བོད་རྣམས་ཀྱིས་ཆང་བསྐོལ་དུ་གྲགས་པ་འདི་ལ་ཆང་གི་རོ་དང་ནུས་པ་གཉིས་མེད་ན་ནད་པས་བསྟེན་དུ་རུང་ལ། རོ་དང་ནུས་པ་མ་ཉམས་པར་འདུག་ན་མི་རུང་སྟེ། ཆང་བསྐོལ་གྱི་དོན་ཆང་མ་ཡིན་པ་ལ་བཤད་པའི་ཕྱིར་རོ། །ནད་པ་མ་ཡིན་པ་རྣམས་ཀྱིས་ནི་འཁུར་བར་བསྲེལ་ཙམ་ཡང་མི་རུང་སྟེ། མདོ་རྩ་བར། འཁུར་བར་བསྲེལ་བ་དང་ལུས་ལ་སྐུད་པ་ནི་སྦྱོར་བ་དང་འདྲའོ་ཞེས་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ཚོད་ཟིན་པར་བྱས་ཏེ་བཏུང་ན་ཉེས་པ་མེད་དོ་ཞེས་ཟེར་བ་ནི་ཤིན་ཏུ་མི་འཐད་དེ། སློབ་དཔོན་ཤཱཀྱ་འོད་ཀྱིས། ཚོད་ཟིན་པར་འཐུངས་ན་སེམས་འཁྲུལ་པ་མེད་པས་ཉེས་པར་མི་འགྱུར་མོད་ཞེ་ན་དེ་ནི་མ་ཡིན་ཏེ། མྱོས་པར་འགྱུར་བའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང༌། དེའི་རིགས་དང་ལྡན་པ་ཡིན་པས་འཐུངས་པ་ཙམ་ལ་ལྟུང་བར་འགྱུར་རོ། །དེའི་ཕྱིར་སྟོན་པས། ང་ལ་ལུང་ནོད་པས་རྩ་མཆོག་གིས་ཀྱང་མི་སྦྱིན་མི་བཏུང་ངོ༌། །ཞེས་བསྟན་ཏེ་ཞེས་བཤད་པའི་ཕྱིར་རོ། །དེས་ན། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་སྟེ། །རྩྭ་རྩེ་ཙམ་ཡང་བཏུང་བར་མི་བྱའོ། །ཞེས་པ་ལྟར། རྣམ་པ་ཐམས་ཅད་དུ་བཀག་པ་ཡིན་ལ། དེའི་རྒྱུ་མཚན་ཀྱང༌། འཕགས་པ་ཉེར་སྦས་ཀྱིས། མཚམས་མེད་པ་ལྔ་དང༌། ལྟུང་བ་རིགས་ལྔ་དང༌། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། །སློབ་དཔོན་ཡོན་ཏན་འོད་ཀྱིས། ཆང་ནི་བཅས་པ་ཁོ་ནའོ་ཞེས་བཅས་པའི་ལྟུང་བར་གསུངས་ལ། རྒྱ་ཆེར་འགྲེལ་པར། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་ན་རེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་བཞིན་དུ་ཉེས་པར་སྤྱོད་པའོ་ཞེས་གསུངས་པའི་ཕྱིར་དང༌། ངན་སོང་གི་རྒྱུ་བསྟན་པའི་ཕྱིར་དང༌། བག་མེད་པའི་གནས་ཀྱི་གཞི་ཡིན་པའི་ཕྱིར་དང༌། གཅིག་ཏུ་ངེས་པར་མ་གནང་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །མདོར་ན་ཁ་ན་མ་ཐོ་བ་ཆེས་ཤིན་ཏུ་ཆེ་བའི་ཕྱིར། སྟོན་པས་ཉན་ཐོས་ཀྱི་སྡེ་སྣོད་དུ་ལེགས་པར་བཀག་པ་ཡིན་ནོ། །གསུམ་པ་ཐེག་ཆེན་ལ་ཞུགས་པ་རྣམས་ཀྱིས་བསྟེན་དུ་མི་རུང་བར་བསྟན་པ་ནི། འཕགས་པ་སོར་ཕྲེང་ཅན་གྱིས་ཞུས་པའི་མདོ་ལས། གང་བྱིས་པ་དང་མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་བྱིས་པ་དང་མ་ནིང་དུ་འགྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ་ཞེས་གསུང་ཞིང༌། དྲན་པ་ཉེར་གཞག་ལས། ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟྭ་རེ་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །སྤོང་བ་དག་ཏུ་ཉེ་བར་བསྟན། །བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང༌། །འཇིག་རྟེན་གཉིས་ནི་རྣམ་འཇིགས་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །བསྲེག་བྱེད་ཉིད་ནི་ཆང་ཡིན་ནོ། །ཞེས་དང༌། དེ་ཉིད་ལས། ཆང་འཐུང་པ་ལ་རྟག་ཏུ་ནི། །ཉེས་དམིགས་སུམ་ཅུ་རྩ་གཉིས་ཡོད། །དེ་བས་ཉེས་དམིགས་ཤེས་པ་གང༌། །དེ་ཡིས་ཆང་ནི་རྟག་ཏུ་སྤོངས། །རིགས་བཙུན་མཁས་པ་དག་ལ་ནི། །དྲི་མ་ཆེན་པོར་བྱེད་པ་ཡིན། །སྐྱེ་བོ་སོས་ཀའི་མེ་ཏོག་ལྟར། །ཡང་བ་ཁོ་ནར་བྱེད་པ་ཡིན། །ཞེས་དང༌། སྲེད་པའི་ཞགས་པས་བསླུས་པའི་མི། །ཁྱོད་ཀྱིས་རིགས་པའི་ལས་བྱས་པ། །དེ་ནི་ཁྱེད་ལ་རྟག་ཏུ་འཚེད། །ཆང་གིས་གཡེངས་པའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་ཞིག་རྟག་ཏུ་གསོན་འདོད་པས། །ཆང་ནི་རྟག་ཏུ་རྣམ་པར་སྤོངས། །ཞེས་ཉེས་དམིགས་མཐའ་ཡས་པའི་སྒོ་ནས་སྤང་དགོས་པར་གསུངས་ལ། མ་སྤངས་ན་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར་ཏེ། དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི། ཟངས་ཁུ་འཐུང་བའི་དམྱལ་བར་ལྟུང་ངོ་ཞེས་གསུངས་སོ། །དེར་མ་ཟད་གཞན་ལ་བྱིན་ན་ཡང་ཉེས་པར་འགྱུར་ཏེ། སེང་གེས་ཞུས་པ་ལས། ཆང་བྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེའོ་ཞེས་གསུང་ཞིང༌། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཆང་དང་དུག་དང་མཚོན་ཆ་དང༌། བསད་ཤ་སྟེར་བ་རྣམས་མ་དག་པའི་སྦྱིན་པར་གསུངས་པའི་ཕྱིར་རོ། །དེ་བས་ན་དྲན་པ་ཉེར་གཞག་ལས། མི་གང་དག་ནི་ཆང་སྤང་བ། །ཆོས་ཀྱི་ངང་ཚུལ་མཉམ་པར་གཞག །གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །ཞེས་བཤད་པ་ལྟར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཞུགས་པ་རྣམས་ཀྱིས་ཆང་མི་བཏུང་བ་ལ་བསླབ་པར་བྱའོ། །ད་ནི་སྤྱི་དོན་གཉིས་པ། བསད་ཤས་འཚོ་བར་བྱེད་པའི་ཉེས་དམིགས་བཤད་པར་བྱ་སྟེ། འདི་ལ་གསུམ་ལས། དང་པོ་ཤ་ཟོས་པའི་ཉེས་དམིགས་སྤྱིར་བསྟན་པ་ནི། འཕགས་པ་ལངྒར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན། རྒྱལ་པོ་སེང་གེ་འབངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཟས་སུ་ཤ་ཟ་ཞིང་མ་འོངས་པར་སྟོན་པས་རོ་ལ་སྲེད་ཅིང་ཆགས་པ་ལ་འདུན་པའི་ཕྱིར། མིའི་ཤ་ཡང་ཟོས་པར་གྱུར་ནས། དེའི་ཕྱིར་མཛའ་བོ་དང༌། བློན་པོ་དང༌། གཉེན་དང༌། གཉེན་འདབ་ཀྱི་སྐྱེ་བོའི་ཚོགས་ཀྱིས་ཀྱང་སྤངས་བར་འགྱུར་ན། གྲོང་ཁྱེར་པ་དང༌། ཡུལ་གྱི་འགྲོ་བ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། བདག་གི་སྲིད་དང༌། ཡུལ་ཡོངས་སུ་གཏང་བའི་ཕྱིར་རབ་ཏུ་ཉོན་མོངས་པར་གྱུར་ཏོ། །བློ་གྲོས་ཆེན་པོ། དབང་པོས་ཀྱང༌། སྔོན་ལྷའི་དབང་པོ་ཐོབ་པར་གྱུར་ནས་ཤ་ཟ་བའི་བག་ཆགས་ཀྱི་ཉེས་པས་ཁྲའི་གཟུགས་སུ་བྱས་ནས། ལུས་ཀུན་ཐི་བའི་གཟུགས་དང༌། ཆ་བྱད་འཆང་བ་ཤིན་ཏུ་གཙེས་པར་གྱུར་ཏེ། རྒྱལ་པོ་ཞི་ལྡན་ཉེས་པ་མེད་པ། འབྱུང་པོ་ལ་སྙིང་བརྩེ་བ་ཅན་ཉིད་ཀྱང༌། སྲང་ལ་བཏབ་ཅིང་སྡུག་བསྔལ་ཆེན་པོ་ཐོབ་པར་བྱས་སོ། །བློ་གྲོས་ཆེན་པོ། དེ་ལྟར་ཚེ་དུ་མར་གོམས་ཤིང་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཀྱང༌། བདག་དང་གཞན་ལ་ཉེས་པ་ཐོབ་པར་བྱེད་པར་གྱུར་ན། གཞན་དག ལྟ་ཅི་སྨོས། བློ་གྲོས་ཆེན་པོ། མིའི་དབང་པོར་གྱུར་པ་གཞན་རྣམས་ཀྱང་རྟ་ཤུགས་དྲག་པོས་ཁྱེར་ནས། འབྲོག་དགོན་པ་ན་འཁྱམས་འཁྱམས་པ་ལས། སྲོག་གི་རིམ་གྲོའི་ཕྱིར་སེང་གེ་མོ་དང་གཙེས་པར་གྱུར་ཏེ། བུ་དག་ཀྱང་སྐྱེས་པར་གྱུར་ཏོ། །སེང་གེ་དང་འགྲོགས་པའི་རྒྱུས་རྒྱལ་པོ་རྐང་ཁྲ་ལ་སོགས་པ་ཡང༌། སྔོན་གྱི་ཚེ་རབས་ལ་ཤ་ཟ་བའི་ཉེས་པའི་བག་ཆགས་ཀྱིས་མིའི་དབང་པོར་གྱུར་ཀྱང་ཤ་ཟ་བར་གྱུར་ཏོ། །བློ་གྲོས་ཆེན་པོ། ཚེ་འདི་ཉིད་ལའང་ཁྱིམ་བདུན་པོའི་ནང་ན། ཤ་ལ་ཤིན་ཏུ་བརྐམ་ཞིང་མ་འོངས་པར་བརྟེན་ན་མི་ཤ་ཟ་བའི་མཁའ་འགྲོ་དང༌། མཁའ་འགྲོ་མ་མ་རུངས་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ། དེ་དག་ཚེ་བརྗེས་ནས་ཀྱང༌། ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས། སེང་གེ་དང༌། སྟག་དང༌། གཟིག་དང༌། སྤྱང་ཀི་དང༌། འཕར་བ་དང༌། བྱི་ལ་དང༌། ཝ་དང༌། འུག་པ་དང༌། ཤ་མང་པོ་ཟ་བའི་སྐྱེ་གནས་དང༌། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུའང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་འཐོབ་པར་དཀའ་ན། མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ། ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན། བསྙེན་པ་རྣམས་ལྟ་སྨོས་ཀྱང་སྐྱེ་མོད། ཕྱིར་བཟློག་པས་ན། ཡོན་ཏན་ཤིན་ཏུ་མང་ན། བློ་གྲོས་ཆེན་པོ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡོན་ཏན་དང་ཉེས་པ་འདི་དག་དང༌། གཞན་ཡང་ཁོང་དུ་མི་ཆུད་དོ། །ཞེས་རྒྱས་པར་གསུངས་ཤིང༌། གླང་པོའི་རྩལ་དང་སྤྲིན་ཆེན་དང༌། །མྱ་ངན་འདས་དང་སོར་ཕྲེང་དང༌། །ལངྐར་གཤེགས་པའི་མདོ་ལས་ཀྱང༌། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རྣམས་ཀྱང་སྨད་པ་ལས། །ངོ་མི་ཚ་བར་ཟ་བ་ནི། རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤངས་པའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར་གླང་པོའི་རྩལ་གྱིས་ཞུས་པ་ལ་སོགས་པ་མདོ་སྡེ་རྣམ་པ་ལྔ་ལས། ཤའི་ཉེས་དམིགས་རྒྱ་ཆེར་གསུངས་ཏེ། འདིར་མངས་པས་འཇིགས་པས་མ་སྤྲོས་སོ། །མདོར་ན་ཁྱིམ་བདུན་བརྟེན་པ་ལ་སོགས་པ་མིའི་འགྲོ་བར་གཏོགས་པ་རྣམས་ཀྱིས་ཤ་ལ་ལོངས་སྤྱད་པ་ལ་ཉེས་དམིགས་མཐའ་ཡས་པར་རིགས་པར་བྱའོ། །གཉིས་པ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་ཤ་ཟར་མི་རུང་བར་བསྟན་པ་ནི། འཕགས་པ་ལངྐར་གཤེགས་པར། བློ་གྲོས་ཆེན་པོ། རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །བློ་གྲོས་ཆེན་པོ། གང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏོ། །ཞེས་སྐུར་བ་འདེབས་པ་དེ་ཡང༌། བློ་གྲོས་ཆེན་པོ། སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ། དེ་དག་ལ་ཡུན་རིང་པོར་དོན་མེད་པ་དང༌། གནོད་པ་དང་མི་བདེ་བ་བསྒྲུབ་པར་འགྱུར་རོ། །བློ་གྲོས་ཆེན་པོ། ངའི་འཕགས་པ་ཉན་ཐོས་རྣམས་ནི། ཁ་ཟས་ཐ་མལ་པའང་མི་ཟ་ན། ཤ་དང་ཁྲག་གི་ཟས་མི་རུང་བ་ལྟ་ཅི་སྨོས། ཞེས་ཉན་ཐོས་རྣམས་ལ་ཤ་བཀག་ཅིང༌། དེ་བཞིན་དུ་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། རིགས་ཀྱི་བུ་ད་ཕྱིན་ཆད་པའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ༌། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བར་ངས་ཅི་ལྟར་གནང༌། ཤ་ཟ་བ་ཡིན་ན་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ། །ཞེས་ངས་བསྟན་ཏོ་ཞེས་གསུངས་སོ། །དེས་ན་ཉན་ཐོས་པ་རྣམས་ཀྱིས་ཤ་རྫོགས་པར་ཟ་བ་ནི་ལྟ་ཞོག ཤ་དང་འདྲེས་པའི་ཟས་ཀྱང་བཟར་མི་རུང་བར་བཤད་དེ། མདོ་དེ་ཉིད་ལ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གཞན་གྱིས་བཙལ་བས་འཚོ་བ་རྣམས་ཀྱི་ཡུལ་གང་མ་བརྟགས་པའི་ཟས་མོད་པ་དེར། བསོད་སྙོམས་ཤ་དང་འདྲེས་པ་ཇི་ལྟར་དག་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་བར་ཆུས་བཀྲུས་ཏེ་བཟའ་བར་བྱའོ་ཞེས་ངས་བསྟན་ཏོ། །ཡུལ་དེ་ལྟ་བུ་ན། ཟས་དང༌། སྐོམ་ཤའི་ཟས་ཀྱི་ཤས་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ། །སྣོད་གཅིག་ལ་གཅིག་རེག་སྟེ་ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ཉེས་པ་མེད་དོ། །ཤ་འམ། ཉ་ཤའམ། རིགས་ཀྱི་ཤའམ། རྨིག་པ་སྐམ་པོའམ། ཤའི་བག་གཞན་གྱི་འབགས་པ་རྣམས་ཀྱིས་ལྟུང་བྱེད་དུ་འགྱུར་རོ་ཞེས་པ་ཟེར་རོ་ཞེས་བཤད་པའི་ཕྱིར་རོ། །འོ་ན་འདུལ་བ་ལུང་ལས། ཡ་རབས་རྣམས་ལ་གནང་བའི་ཤ་དང་ཉ་ལ་སོགས་པ་ལྟུང་བྱེད་དུ་འོངས་པ་རྣམས་ལ། མི་ཤ་ལ་སོགས་པ་མ་ཡིན་ནམ་སྙམ་དུ་བརྟགས་ཏེ་མ་ཡིན་ན་བཟའོ་ཞེས་དང༌། སྟག་གིས་ཟོས་པའི་གོད་ཤ་དང༌། ཆེད་དུ་བྱས་པ་མི་བཟའ་ཞེས་བཅས་པ་གཉིས་གསུངས་པ་དང་འགལ་ཞེ་ན། དེའི་དགོངས་པ་ནི། ལྷ་སྦྱིན་ལ་སོགས་པ་ཤ་སྤངས་པ་ཙམ་གྱིས་དག་པར་ལྟ་བ་དང༌། རྒྱལ་པོ་རྐང་ཁྲ་ལྟ་བུ་ཤའི་རོ་ལ་ཆགས་པས་བསྟན་པ་ལ་མི་འཇུག་པ་རྣམས་རྗེས་སུ་བཟུང་བ་ལ་དགོངས་པ་ཡིན། དགོངས་གཞི་དགེ་སློང་ནད་པས་སྨན་གྱི་ཆེད་དུ་ཤ་བསྟེན་པ་དང༌། དགེ་སློང་ཡང་དག་བློ་གྲོས་ལྟ་བུ། བྱམས་པ་ཆེན་པོ་ལ་གནས་པས་ཤའི་སྨན་བསྟེན་ཅིང༌། དེ་མ་བསྟེན་ན་འཆི་བའི་དུས་བྱེད་པར་འགྱུར་ལ། དེ་འདས་ན་ཛམྦཱུའི་གླིང་དུ་དམ་པའི་ཆོས་ནུབ་པར་འགྱུར་བ་འདི་ལྟ་བུའི་གང་ཟག་གིས་བཟར་རུང་བ་ལ་དགོངས་པ་ཡིན་ལ། དངོས་ལ་གནོད་བྱེད་ཀྱི་ཚད་མ་མྱ་ངན་ལས་འདས་པའི་མདོ་ལས། གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ། ངས་རིམ་གྱིས་བསླབ་པའི་གཞི་བསྡམས་པའི་ཕྱིར་དེའང་ངས་བོར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། དོན་ཆེད་ཀྱི་མུ་དགུ་དང༌། ཤ་རྣམ་པ་བཅུ་སྤང་བ་བཀའ་སྩལ་ལགས། བཀའ་སྩལ་པ། ཚིག་བཞག་པ་དེ་དག་ཀྱང༌། ཤ་མི་ཟ་བར་བསྡམས་པའི་ཕྱིར་བཅད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། ཤ་དང་ཉ་ཤ་བཟའ་བ་ཡང༌། ཁ་ཟས་བཟང་པོར་གསུང་ལགས། བཀའ་སྩལ་པ། ངས་ནི་ཤ་དང༌། ཉ་ཤ་ཁ་ཟས་བཟང་པོར་མ་གསུངས་ཀྱི། ངས་ནི་བུ་རམ་ཤིང་དང༌། འབྲས་སཱ་ལུ་དང༌། ཞེས་སོགས་ནས་འོ་མ་དང་འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས་སོ། །ཞེས་འདུལ་བའི་ཤའི་དངོས་བསྟན་དགོངས་པ་ཅན་དུ་སྟོན་པ་ཉིད་ཀྱིས་གསུངས་ཤིང༌། རྒྱལ་བའི་སྲས་པོ་ཞི་བ་ལྷས་ཀྱང༌། བསླབ་པ་ཀུན་ལས་བཏུས་པར། འདུལ་བ་ལས། དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པའི་ཤ་ཟོས་ན་སྤོང་བའི་བར་ཆད་དུ་མི་འགྱུར་རོ། །ཞེས་གང་གནང་བ་ནི། དེ་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱི་མངོན་པའི་ང་རྒྱལ་བསལ་བ་དང༌། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་མི་འཇུག་པ་སྤངས་བའི་ཕྱིར་རོ། །དེ་སྐད་དུ་ལངྐར་གཤེགས་པའི་མདོ་ལས་ཀྱང༌། བསྟན་པར་བརྗོད་པ་དེ་དང་དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེ་ནས་རང་ཤི་བ་བཅུའི་ཤ་ཡང་བཀག་གོ་ཞེས་གསུངས་སོ། །ཞེས་ལུང་འདྲེན་དང་བཅས་པ་གསལ་བར་བཤད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན། ལངྐར་གཤེགས་པར། བློ་གྲོས་ཆེན་པོ། ང་ནི་སེམས་ཅན་ལ་བུ་གཅིག་པ་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གི་བུ་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང༌། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་བ་འདི་ནི། བློ་གྲོས་ཆེན་པོ། གནས་མེད་དོ། །ཞེས་བཀའ་སྩལ་པ་ཉིད་དོན་ལ་གནས་སོ། །དེས་ན་ད་ལྟར་གྱི་འདུལ་བ་འཛིན་པ་ཁ་ཅིག འདུལ་བའི་སྡེ་སྣོད་ལས་ཤ་གནང་ཅིང༌། ཤ་ཟ་བ་སྡོམ་པ་གསུམ་གང་གི་ཡང་བཅས་འགལ་མ་ཡིན་པས་སྐྱོན་མེད་དོ། །ཞེས་དགེ་སློང་བརྒྱ་ཕྲག་དུ་མས་ཕྱོགས་ཐམས་ཅད་དུ་སྐད་གསངས་མཐོན་པོས་སྒྲོགས་པར་བྱེད་དོ། །འདི་དག་ཀྱང་རྒྱལ་བ་ཉིད་ཀྱིས་ལུང་བསྟན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན། རྒྱུན་ཏུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་རྣམས་མེད་པར་འགྱུར་ལ། དམ་པའི་ཆོས་གཞན་ཞིག་པའི་ཚེ། དགེ་སློང་འདུལ་བ་དང༌། མ་མོ་འཛིན་པ། རྟགས་སྣ་ཚོགས་ཅན། རང་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ་དང༌། ཁམས་འཁྲུགས་པ་དང༌། བཀྲེས་པ་དང༌། སྐོམ་པས་གཟིར་བ། ཆ་ལུགས་འཇིགས་འཇིགས་ལྟར་འདུག་པ། བ་ལང་རྫི་འདྲ་བ། བྱ་འདྲ་བ། ཆོས་གོས་ཚོན་ཅན་གྱི་རྟགས་འཆང་བ། བྱི་ལའི་བརྟུལ་ཞུགས་འཆང་བ། བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་ཁས་འཆེ་བ། གནོད་པ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱི་ས་ལུས་ལ་གོས་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་འཆོས་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་ཆོས་པ། དམ་པའི་ཆོས་ལྟར་བཅོས་མའི་ཡི་གེ་འཆང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས། ངས་བཅས་པའི་འདུལ་བ་དང༌། ཆོ་ག་དང༌། སྤྱོད་ཡུལ་དང་ལྡན་པའི་ཚུལ་དང༌། རུང་བ་མ་ཡིན་པ་ལ་ཆགས་པ་ལས་རྣམ་པར་གྲོལ་བ། ཐར་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་བཤིག་ནས། འདུལ་བ་དང་མདོ་སྡེ་སོ་སོ་ནས་ཅི་དགའ་དགུར་འཆོས་ཤིང་སྨྲ་བར་བྱེད་དེ། འདི་ལྟར་བདག་ཅག་གི་འདུལ་བ་ལས། བཅོམ་ལྡན་འདས་ཀྱི་ཤའི་བཅུད་ཀྱི་སྦྱིན་པ་ནི་རུང་བ་ཡིན་ནོ་ཞེས་ཟེར་ཞིང༌། ཤཱཀྱའི་བུ་དགེ་སློང་རྣམས་བདག་ཉིད་ཀྱིས་རང་བཟོར་བྱེད་ཅིང་འགལ་བར་སྨྲ་བ་དག་འབྱུང་བར་འགྱུར་རོ་ཞེས་དང༌། ལངྐར་གཤེགས་པར། བློ་གྲོས་ཆེན་པོ། གང་ཉེ་བར་བཟུང་སྟེ་ཉན་ཐོས་རྣམས་ལ་གནང་བར་བྱ་བ་མ་བྱས་པ་དང༌། བྱེད་དུ་མ་བཅུག་པ་དང༌། མ་བརྟགས་པ་ཞེས་བྱ་བའི་ཤ་ཡང་རུང་བ་མེད་ན། བློ་གྲོས་ཆེན་པོ། མ་འོངས་པའི་དུས་ན། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང༌། ཤཱཀྱའི་སྲས་ཡིན་ནོ་ཞེས་ཁས་ལེན་པ། ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ། སྐྱེས་བུ་གླེན་པ། ལོག་པའི་རྟོག་གིས་སེམས་ཉམས་པར་གྱུར་པ། འདུལ་བ་ལ་རྣམ་པ་མང་པོར་རྣམ་པར་རྟོག་པ་སྨྲ་བ། འཇིག་ཚོགས་ལ་ལྟ་བ་རྒྱས་པ། རོའི་སྲེད་པ་ལ་ཆགས་པ་རྣམས་ཤ་ཟ་བའི་གཏན་ཚིགས་སུ་སྣང་བ་དེ་དང་དེ་དག་སྟོན་ཏེ། ང་ལ་ཡང་ཡང་དག་པ་མ་ཡིན་པར་སྐུར་བ་འདེབས་པར་སེམས་སོ། །དོན་བྱུང་བའི་གླེང་གཞི་དེ་དང༌། དེ་དག་ལ་བརྟགས་ནས་སྨྲས་ཏེ། དོན་བྱུང་བ་འདི་ནི། གླེང་གཞི་འདི་ལས། བཅོམ་ལྡན་འདས་ཀྱིས་ཤའི་ཟས་གནང་སྟེ་རུང་བ་ཡང་ཡིན་ཁ་ཟས་བསོད་པར་ཡང་གསུངས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་གསོལ་ཞེའོ་ཞེས་ཟེར་རོ། །བློ་གྲོས་ཆེན་པོ། མདོ་གང་ལས་བསྙེན་པར་གནང་བ་མེད་དེ། ཟས་བསོད་པའི་ནང་དུའང་རུང་བར་མ་བཤད་དོ། །ཞེས་རྒྱ་ཆེར་གསུངས་ནས། དོན་བསྡུ་བ་ན། མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང༌། །བུ་ཡི་ཤ་དང་མཚུངས་པར་ཡང༌། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱི་ཟས་ལ་སྤྱོད། །སེང་གེ་དག་དང་སྟག་རྣམས་དང༌། །ཝ་ལ་སོགས་དང་གྲོགས་བྱ་བས། །ང་ནི་བྱམས་པས་གནས་པ་ལས། །རྟག་པར་རྣམ་པ་ཀུན་ཏུ་སྨད། །ཅེས་གསུངས་སོ། །དེས་ན་རང་གི་ཚུལ་བཞིན་དུ་བསྒྲུབ་པར་མ་ནུས་ཀྱང༌། ཤ་ལ་ལོངས་སྤྱོད་པ་ལ་སྐྱོན་མེད་དོ་ཞེས་གཞུང་འཛུགས་པར་མི་བྱ་སྟེ། རྒྱལ་བའི་བསྟན་པ་ལ་ཤིན་ཏུ་གནོད་པར་འགྱུར་བ་དང༌། རང་གི་རྗེས་སུ་འབྲང་བ་རྣམས་ལམ་ལོག་པ་ལ་བཅུག་པར་འགྱུར་བའི་ཕྱིར་རོ། །དེས་ན་སྔོན་བོད་ཀྱི་ཡུལ་དུ་སྔགས་རྙིང་མ་པ་རྣམས་ཀྱིས། སེམས་ཅན་རྣམས་ལ་ཕན་ཕྱིར་དང༌། །སངས་རྒྱས་རྣམས་ཀྱིས་བསྟན་པའི་ཕྱིར། །སེམས་ཅན་ཐམས་ཅད་བསད་བྱས་ཀྱང༌། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་སོགས་ཀྱི་རྒྱུད་ཀྱི་ཚིག་རྣམས་སྒྲ་ཅི་བཞིན་པར་བཟུང་ནས་གསོད་སྒྲོལ་ཆོས་སུ་སྨྲ་བའི་ལག་ལེན་དང་གཞུང་འཛུགས་པ་བྱུང་ཞིང༌། དེ་དང་ད་ལྟར་གྱི་འདུལ་འཛིན་རྣམས་ཀྱིས་གྲུབ་པའི་མཐའ་འདི་མཚན་ཉིད་གཅིག་པར་སྣང་བས་འདི་ལྟ་བུའི་གཞུང་འཛུགས་པར་མི་བྱའོ་ཞེས་བདག་ཕྱོགས་ཐམས་ཅད་དུ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །གསུམ་པ་ཐེག་ཆེན་ལ་ཞུགས་པ་རྣམས་ཀྱིས་ཤ་བཟར་མི་རུང་བར་བསྟན་པ་ནི། འཕགས་པ་ལངྐར་གཤེགས་པའི་མདོ་ལས། འདི་ལ་བློ་གྲོས་ཆེན་པོ། སྲོག་ཆགས་ཡུན་རིང་པོ་ནས་འཁོར་བ་རྣམས་ལ། གང་ཕའམ། མའམ། སྤུན་ནམ། སྲིང་མོའམ། བུའམ། བུ་མོའམ། གཉེན་བཤེས་སམ། གཉེན་ནམ། གཉེན་ལྟ་བུ་གང་ཡང་རུང་བར་མ་གྱུར་པའི་སེམས་ཅན་དེ་ནི་རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། །གཉེན་དང་གཉེན་ལྟ་བུར་གྱུར་པ་དེ་དག་ཚེ་གཞན་དུ་ལུས་བརྗེས་པའི་རི་དྭགས་དང༌། ཕྱུགས་དང༌། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འདོད་པ། འབྱུང་པོ་ཐམས་ཅད་བདག་དང་འདྲ་བར་གྱུར་པར་འདོད་པས། སྐྱེ་བ་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་བཟའ་བར་བྱ། བློ་གྲོས་ཆེན་པོ་སྲིན་པོ་རྣམས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཉིད་བཟང་པོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་བཟློག་ཅིང༌། སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་འདོད་པའི་སྐྱེ་བོ་རྣམས་ལྟ་ཅི་སྨོས། དེ་ལྟར་ན། བློ་གྲོས་ཆེན་པོ། ཚེ་རབས་འཕོས་པ་དེ་དང༌། དེ་དག་ཏུ་སེམས་ཅན་ཐམས་ཅད་གཉེན་བཤེས་དང༌། གཉེན་དུ་གྱུར་པའི་འདུ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་གི་འདུ་ཤེས་སུ་བསྒོམ་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ། སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཤ་བཟར་མི་རུང་བ་དང༌། འཁྲུལ་པའི་ཕྱིར་ཡང་ཤ་ཐམས་ཅད་མི་བཟའ་སྟེ། བློ་གྲོས་ཆེན་པོ། བོང་བུ་དང༌། རྔ་མོ་དང༌། ཁྱི་དང༌། གླང་དང༌། མིའི་ཤ་ལ་སོགས་པ་ནི་འཇིག་རྟེན་གྱི་བཟའ་བ་མ་ཡིན་ནོ། །འདི་ལྟར་ཤན་པ་དག་རིན་གྱི་ཕྱིར་བཟར་རུང་ངོ་ཞེས་ཟེར་ཞིང༌། སྲང་གི་དབུས་དག་ཏུ་འཚོང་བར་བྱེད་པ་དེའི་ཕྱིར། ཡང་བློ་གྲོས་ཆེན་པོ། བྱང་ཆུབ་སེམས་དཔའ་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ། གཙང་བར་འདོད་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ནི། ཁུ་ཆུ་དང་ཁྲག་ལས་བྱུང་བའི་ཕྱིར་ཡང་ཤ་མི་བཟའོ། །འབྱུང་པོ་རྣམས་དངང་བར་བྱེད་པའི་ཕྱིར་ཡང་བློ་གྲོས་ཆེན་པོ། བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པས། རྣལ་འབྱོར་ཅན་གྱི་ཤ་ཐམས་ཅད་བཟའ་བར་མི་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྨེ་ཤ་ཅན་དང༌། གདོལ་པ་དང༌། ཉ་པ་ལ་སོགས་པའི་ཁྱི་ཤ་ཟ་བའི་སེམས་ཅན་རྣམས་ནི་རྒྱང་མ་ནས་མཐོང་ཡང༌། ཁྱི་རྣམས་འཇིགས་པས་ཟུག་སྟེ། ལ་ལ་ནི་བདག་ཅག་ཀྱང་བསད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ། ནམ་མཁའ་དང༌། ས་དང༌། ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང༌། ཤ་ཟ་བ་རྣམས་རྒྱང་མ་ནས་མཐོང་མ་ཐག་ཏུ་སྣའི་དབང་པོ་རྣོན་པོས་དྲི་ཚོར་ནས་སྲིན་པོ་ལས་མི་དག་མྱུར་དུ་བྱོལ་བ་བཞིན་ཏེ། ལ་ལ་ནི་ཤིར་དོགས་པར་ཡང་འགྱུར་རོ། །བློ་གྲོས་ཆེན་པོ། དེའི་ཕྱིར་དངང་བར་འགྱུར་བས། བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་མི་བཟའོ། །བློ་གྲོས་ཆེན་པོ། འཕགས་པ་མ་ཡིན་པར་སྐྱེ་བོས་བསྙད་ཅིང༌། དྲི་ཞིམ་པ་ལ་མི་བསྙེན་པར་བྱེད་པ་དང༌། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ཤ་མི་བཟའོ། །བློ་གྲོས་ཆེན་པོ། འཕགས་པའི་སྐྱེ་བོ་ནི། དྲང་སྲོང་གི་ཟས་ཟ་སྟེ་ཁྲག་དང་ཤ་མི་ཟ་བས། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ཤ་མི་བཟའོ། །བློ་གྲོས་ཆེན་པོ། སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར། བསྟན་པ་ལ་སྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་བཟའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ། འཇིག་རྟེན་བསྟན་པ་ལ་སྐུར་བ་སྨྲ་བ་དག་ཡོད་དེ། ཀྱེ་མ་འདི་དག་གི་དགེ་སྦྱོང་ཉིད་ནི་ཅི་ཞིག་ཡོད། འདི་དག་གི་ཚངས་པར་འཇུག་པ་ཡང་ག་ལ་ཡོད་དེ། དེ་ལྟར་འདི་དག་ནི་སྔོན་གྱི་དྲང་སྲོང་གིས་ཟས་བོར་ཏེ། ཤ་ཟན་བཞིན་དུ་ཤའི་ཟས་ཀྱིས་ལྟོ་གང་ཞིང༌། ནམ་མཁའ་དང༌། ས་དང༌། ཆུ་ལ་གནས་པའི་འགྲོ་བ་ཕྲ་མོ་སྐྲག་པར་བྱེད་པ་རྣམས་འཇིག་རྟེན་འདི་དག་ན་ཀུན་ཏུ་རྒྱུའོ། །འདི་དག་ནི་དགེ་སྦྱོང་ཉིད་ནི་ཉམས་སོ། །འདི་དག་གི་སྡིག་པ་སྤངས་པ་ཉིད་ནི་ཞིག་གོ །འདི་དག་ལ་ནི་ཆོས་ཀྱང་མེད། འདུལ་བ་ཡང་མེད་དོ་ཞེས་དེ་ལྟར་སྡང་བའི་སེམས་འཆང་བ་རྣམས། རྣམ་པ་དུ་མས་བསྟན་པ་ལ་བསྐུར་ཏོ། །དེའི་ཕྱིར་བློ་གྲོས་ཆེན་པོ། སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར། བསྟན་པ་ལ་བསྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ། ཤི་བའི་རོ་དྲི་མི་ཞིམ་ཞིང་མི་འཕྲོད་པ་དང་མཚུངས་པའི་ཕྱིར་ཡང༌། བྱང་ཆུབ་སེམས་དཔའ་ཤ་མི་བཟའོ། །བློ་གྲོས་ཆེན་པོ། མི་ཤི་བའི་ཤ་བསྲེག་པ་དང༌། དེ་མ་ཡིན་པའི་སྲོག་ཆགས་གཞན་གྱི་ཤ་བསྲེག་པ་ཡང་དྲི་ཡི་ཁྱད་པར་གང་ཡང་མེད་དེ། ཤ་དེ་གཉིས་ཀ་ཡང་དྲི་མི་ཞིམ་པར་མཚུངས་སོ། །དེའི་ཕྱིར་ཡང༌། བློ་གྲོས་ཆེན་པོ། རྣལ་འབྱོར་ཅན་ཡང་གཙང་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ། དུར་ཁྲོད་པ་རྣམས་དང༌། དགོན་པ་ནགས་འདབས་མི་མ་ཡིན་པ་རྒྱུ་བ་བས་མཐའི་མལ་སྟན་ལ་གནས་པའི་རྣལ་འབྱོར་ལ་སྤྱོད་པ། བྱམས་པ་ལ་གནས་པ་རྣམས་དང༌། རིག་སྔགས་འཆང་བ། རིག་སྔགས་བསྒྲུབ་པར་འདོད་པ་རྣམས་ཀྱིས་རིག་སྔགས་བསྒྲུབ་པ་དང༌། ཐར་པ་ལ་གེགས་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་རྣམས་ཀྱི་རྣལ་འབྱོར་བསྒྲུབ་པ་ཐམས་ཅད་བར་ཆད་བྱེད་པར་འགྱུར། རྗེས་སུ་མཐོང་ནས་བདག་དང་གཞན་གྱི་ལུས་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཤ་ཐམས་ཅད་མི་བཟའོ། །གཟུགས་ལ་དམིགས་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཆགས་པ་བསྐྱེད་པའི་ཕྱིར་ཡང༌། འབྱུང་པོ་ཐམས་ཅད་བདག་ཏུ་གྱུར་པ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་བྱང་ཆུབ་སེམས་དཔའ་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་དེ་ལ་ལྷ་རྣམས་ཀྱང་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ། ཚེ་འདི་ཉིད་ལ་ཡང་དེའི་ཁ་དྲི་ཤིན་ཏུ་མི་ཞིམ་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཤ་ཐམས་ཅད་མི་བཟའོ། །ཞེས་སོགས་རྒྱ་ཆེར་གསུངས་པས་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པ་ཐམས་ཅད་དུ་བཀག་པ་ཡིན་ནོ།།  །།ད་ནི་སྤྱི་དོན་གསུམ་པ་ཤ་ཆང་གཉིས་གསང་སྔགས་ལས་བཀག་ཚུལ་བཤད་པར་བྱ་སྟེ། འདི་ལ་གཉིས་ལས། དང་པོ་སྔགས་པ་རྣམས་ཀྱིས་ཤ་ཆང་སྤང་དགོས་པར་བསྟན་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཤ་ཆང་ཀེའུ་བཙོང་དང་སྒོག་རྡོག་དང༌། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ཎ། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང༌། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་དང༌། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང༌། །ཞོ་དང་ནས་དང་འོ་མ་མར་དག་དང༌། །འབྲུ་མར་ཚིག་མ་དར་བ་འོ་སྐོལ་དང༌། །ཐུག་པ་དག་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་དང༌། དོན་ཡོད་ཞགས་པའི་རྒྱུད་ལས། གལ་ཏེ་དེ་ཉིད་འགྲུབ་འདོད་ན། །ཆང་དང་ཤ་དང་ཀུན་དོང་དང༌། །འདྲེས་དང་ཟ་འཕྲོ་སོགས་པ་སྤོང༌། །ཅེས་དང༌། སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་དང༌། དཀྱིལ་འཁོར་ཆེན་པོའི་རྒྱུད་ལས། མྱོས་པར་འགྱུར་བའི་ལྟུང་བ་རྣམས། །སྦྱིན་པར་མི་བྱ་སྦྱིན་མི་གཞུག །ཆང་ནི་ཉེས་པ་ཐམས་ཅད་ཀྱི། །རྩ་བ་ཡིན་པར་རྣམ་པར་བཤད། །ཅེས་གསུངས་སོ། །དེ་བཞིན་དུ་རྒྱུད་སྡེ་འོག་མ་གསུམ་ཆར་ལས། ཤ་ཆང་བསྟེན་དུ་མི་རུང་བའི་ཚུལ་མཐའ་ཡས་པ་ཅིག་གསུངས་ཤིང༌། དེ་དག་གི་ཆོ་ག་ཉམས་སུ་ལེན་པའི་ཚེ་ཡང༌། ངེས་པར་གསོ་སྦྱོང་ལ་གནས་པས་བྱ་དགོས་པ་སོགས་སྤྱོད་པ་རྣམ་པར་དག་པ་བརྟེན་དགོས་པར་གསུངས་སོ། །དེར་མ་ཟད་རྣལ་འབྱོར་ཆེན་པོ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་ཤ་ཆང་བསྟེན་དུ་མི་རུང་སྟེ། བླ་མ་ལྔ་བཅུ་པར། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །རང་བསྟོད་བླ་མར་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ། །ཞེས་མཚན་ཉིད་འདི་རྣམས་དང་ལྡན་ན་བདུད་རིས་ཀྱི་སློབ་དཔོན་ཡིན་གྱི་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་མ་ཡིན་པས་བླ་མར་མི་བྱ་བར་གསུངས་ལ། མཚན་ཉིད་དེ་དག་གི་དོན་ཡང༌། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། བརྩེ་མེད་ཤ་ཟ་བ་ལ་གསུངས། །ཁྲོ་བ་དགའ་བར་སྣུན་བྱེད་དང༌། །གདུག་པ་ལེགས་པའི་སྐྱེ་བོར་སྡང༌། །ཁེངས་པ་ཡེ་ཤེས་སྤངས་པའོ། །ཆགས་པ་ལྷ་ཡི་དཀོར་ལ་སྤྱོད། །མ་བསྡམས་ཤིན་ཏུ་ཆང་འཐུང་བ། །རང་བསྟོད་སྟོང་པ་ཉིད་ལམ་ལ། །སྨོད་ཅིང་གནོད་པ་བྱེད་པའོ། །ཞེས་སྙིང་རྗེ་མེད་པ་ནི་ཤ་ཟ་བ་དང༌། མ་བསྡམས་པ་ནི་ཆང་འཐུང་བ་ལ་བཤད་པའི་ཕྱིར། མཚན་ཉིད་འདི་དག་དང་ལྡན་ན། རྡོ་རྗེ་སློབ་དཔོན་དུ་མི་འགྱུར་བ་ཡིན་ནོ། །དེ་བཞིན་དུ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། སྔགས་པ་ཆང་གིས་རྣམ་འགྱུར་ཞིང༌། །འདོད་པ་ལ་བརྐམ་འཁྲིག་པར་བྱེད། །གར་བྱེད་དེ་བཞིན་རྒོད་པ་དང༌། །འཐབ་མོ་ལ་སྤྲོ་རྣམ་པར་འཁྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ཀྱང༌། །དམྱལ་བ་ངུ་འབོད་དུ་འཚེད་འགྱུར། །རྣལ་འབྱོར་མ་ཀུན་ཁྲོས་པ་དང༌། །སྡིག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །དེ་ལ་ནད་དང་མྱ་ངན་འཇིགས། །རྣམ་འཚེ་འཇིགས་སུ་རུང་བ་འབྱུང༌། །བླ་མ་ལ་འཁུ་བླ་མར་སྨོད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །བདུད་རྩི་དང་ནི་དུག་དེ་ཉིད། །དངོས་གྲུབ་བསྒྲུབ་པ་འབྲས་བུ་མེད། །འདི་དག་སྔོན་གྱི་སངས་རྒྱས་ཀྱིས། །སྔགས་པས་སྤང་པར་བྱ་བར་གསུངས། །ཞེས་དང༌། དུས་འཁོར་རྩ་རྒྱུད་ཀྱི་ལུང་འགྲེལ་ཆེན་དུ་དྲངས་པར། ལྷ་དང་རང་འཇིགས་ཕ་མེས་དང༌། །འདོད་གྲུབ་དོན་དང་རྩོད་ཕྱིར་ཡང༌། །གདུལ་དཀའ་སྡིག་པ་བྱེད་རྣམས་ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང༌། །ཟ་འདོད་ཁ་ན་མ་ཐོ་བཅས། །ཞེས་གསུངས་ཤིང༌། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པ་སྟེ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པ་ཡིན། །ཞེས་པ་དང༌། ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བ་ཡིན། །ཞེས་གསུངས་ལས། དེ་བཞིན་དུ། དགོངས་པ་ལུང་སྟོན་ལས་ཀྱང༌། །ཉ་དང་ཤ་དང་དེ་བཞིན་ཆང༌། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླན་པ་ཟ་བྱེད་ཅིང༌། །མེད་པར་སྨྲ་བ་ཆོས་སུ་སྒྲོགས། །ཞེས་པ་ནས། དེ་རྣམས་བདུད་ཀྱི་བྱིན་བརླབས་ཀྱིས། །གལ་ཏེ་དངོས་གྲུབ་ཕྲ་འདོད་ན། །དེས་ནི་མངོན་པ་རང་རྒྱལ་བའི། །མཁས་པ་སྙམ་དུ་ཤེས་པར་འགྱུར། །ཞེས་སོགས་ཀྱིས་རྒྱས་པར་གསུངས་པས། རྣལ་འབྱོར་ཆེན་པོ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་ཤ་ཆང་བསྟེན་དུ་མི་རུང་བར་བཤད་དོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། གལ་ཏེ་རྒྱུད་སྡེ་འོག་མ་གསུམ་ལ་ཞུགས་པའི་གང་ཟག་གིས་ཤ་ཆང་སྤང་དགོས་པ་བདེན་ན་ཡང་རྣལ་འབྱོར་ཆེན་པོ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་དེ་ལྟ་མ་ཡིན་ཏེ། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་གདུངས་གྱུར་ན་མི་འགྲུབ་སྟེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་ཤ་ཆང་སྤང་བ་སོགས་ཀྱི་དཀའ་ཐུབ་ཀྱིས་ཡེ་ཤེས་མི་འགྲུབ་པར་བཤད་པ་དང་འགལ་ཞེ་ན། ལུང་དེའི་དོན། སློབ་དཔོན་ཟླ་བ་གྲགས་པས། ལུས་ངལ་ཞིང་དུབ་པའི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པ་བསྒྲུབ་པའི་དཀའ་ཐུབ་དང༌། ཤིང་དྲུང་ལ་སོགས་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་དང༌། རི་ལས་མཆོངས་ཤིང་མེར་འཇུག་པ་ལ་སོགས་པ་མི་བཟད་པ་སྟེ། དེ་རྣམས་ལ་བརྟེན་ཅིང་གདུངས་བཞིན་པས་ནི་འགྲུབ་པར་མི་འགྱུར་ཏེ། བྱང་ཆུབ་རྙེད་པར་མི་འགྱུར་རོ། །ཞེས་ཕྱི་རོལ་པའི་རི་ལ་མཆོངས་པ་སོགས་ཀྱི་དཀའ་ཐུབ་ལ་བཤད་ཀྱི། ཤ་ཆང་སྤོང་བ་ཙམ་ལ་དཀའ་ཐུབ་ཏུ་མ་བཤད་དོ། །ཡང་གལ་ཏེ། བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུ་བའི་ཚེ། གསང་དབང་གི་རྫས་བསྟེན་པ་སོགས་བཤད་པས་དེ་དག་དང་འགལ་ལོ་ཞེ་ན། དེ་ལ་གསང་དབང་གི་དོན་དུ་བྱང་སེམས་ཀྱི་དོད། ཆང་ངམ། སྦྲང་ངམ། ཞོ་ལ་སོགས་པ་གང་རུང་ལ་བྱ་བར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་བཤད་ལ། དེ་དག་གིས་ཐིག་ལེ་ཙམ་ཞིག་ལྕེ་ལ་མྱོང་བར་བཤད་པ་ཡིན་གྱི། ཤིན་ཏུ་རྒྱགས་པའི་ཤ་ཆང་བསྟེན་པར་བཤད་པ་མེད་དོ། །དེས་ན་ད་ལྟར་གྱི་སྔགས་པ་ཕལ་མོ་ཆེ་ཞིག་དབང་བསྐུར་གྱི་སྐབས་ཡིན་པས་དགེ་སློང་རྣམས་ཀྱིས་ཀྱང་ངེས་པར་བསྟེན་དགོས་སོ་ཞེས་སྨྲ་ཞིང༌། ལག་ལེན་དུ་བྱེད་པ་མང་ན་ཡང་དེ་ལྟར་སྨྲ་བ་དེ་ལ་རིག་པ་འཛིན་པའི་སྡོམ་པ་ཡོད་ན་ནི་དམ་ཚིག་དེ་ཞིག་པར་འགྱུར་ཏེ། བདེ་མཆོག་སྟོད་འགྲེལ་ལས། གང་གི་ཚེ་དབང་བསྐུར་བ་ལ་སོགས་པའི་ཉིན་ཞག་ལ་བྱ་བའི་ཕྱིར་དམ་ཚིག་ནི་ཤིན་ཏུ་སྦས་པས་བྱ་ཞིང༌། ཕྱི་ནས་བླ་མ་དམ་པ་རྣམས་ཀྱིས་རིགས་ཀྱི་བུ་རྣམས་ལ་དགག་པར་བྱའོ། །དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་སུ་ཡང་སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་དམ་ཚིག་གི་ཐམས་ཅད་རབ་ཏུ་བསྟན་པར་བྱའོ། །རྣམ་པ་གཞན་དུ་བླ་མ་དམ་ཚིག་ཉམས་པར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །ཡང་གལ་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་རྣམས་ལས། ཚོགས་ཀྱི་འཁོར་ལོ་བྱ་བར་གསུངས་པ་དང་འགལ་ཞེ་ན། འདི་ལ་རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་མཚན་ཉིད་པ་དང༌། རབ་བྱུང་གིས་བྱ་བའི་རྗེས་མཐུན་པ་གཉིས་ལས། དང་པོ་ནི། སྦྱང་རྟོག་སྦར་གསུམ་དངོས་སུ་བྱེད་ནུས་པའི་རྣལ་འབྱོར་པ་རྣམས་ལ་ཚོགས་འཁོར་བྱ་བར་གསུངས་ཀྱི། རྫས་བསྒྱུར་མི་ནུས་པ་རྣམས་ལ་བྱ་བར་མ་གསུངས་ཏེ། དུས་ཀྱི་འཁོར་ལོའི་འགྲེལ་པར། དེའི་ཕྱིར་བསམ་གཏན་གྱི་སྟོབས་སམ་སྔགས་ཀྱིས་གདུག་པའི་རྫས་དེ་དག་རྣམས་ཀྱིས་གདུག་པའི་རང་བཞིན་དབྲོག་པར་མི་ནུས་ཀྱི་བར་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ལས་དང་པོ་པ་རྡོ་རྗེ་ཐེག་པ་ལ་དགའ་བ་དེ་ལ་རྡོ་རྗེ་སློབ་དཔོན་བླ་མ་དམ་པ་ལས་དང་པོ་པའམ། སྔགས་ཀྱི་ནུས་པ་དང་ལྡན་པས་དུག་ལ་སོགས་པ་དང༌། བདུད་རྩི་ལྔ་ལ་སོགས་པ་བཟའ་བ་དང་བྱུགས་པའི་ངེས་པ་སྦྱིན་པར་མི་བྱ་སྟེ། མ་དག་པའི་དུག་ལ་སོགས་པ་ཟོས་པས་འཆི་བར་འགྱུར་ཞིང༌། མ་དག་པའི་དམ་ཚིག་བྱུག་པས་འཇིག་རྟེན་པས་སྨད་པར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །འོ་ན་རྣལ་འབྱོར་པ་རྫས་བསྒྱུར་ནུས་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ཉིད་ལས། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་རྩི་ལྔ་ལ་སོགས་པ་རྣམས་བཟའ་བར་བྱ་བར་གསུངས་པ་དེ་ནི་བདེན་ཏེ། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི་ཐ་མལ་པའི་སེམས་ཅན་རྣམས་ཀྱིས་ནི་མ་ཡིན་ནོ། །གང་དག་གི་སྔགས་ཀྱིས་སྟོབས་སམ་བསམ་གཏན་གྱི་སྟོབས་ཀྱིས་སྦྱང་བ་བྱས་པ་དང༌། རྟོག་པ་བྱས་པ་དང༌། རབ་ཏུ་འབར་བ་བྱས་པ་དང༌། བདུད་རྩིར་བྱས་པའི་དུག་རྣམས་ནི་དུག་མེད་པར་འགྱུར་བ་དང༌། ཆང་རྣམས་ནི་འོ་མར་འགྱུར་བ་དང༌། དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང༌། སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ལ་སོགས་པ་རྣམས་ནི། བཅུད་ལེན་དུ་འགྱུར་བ་དང༌། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང༌། སོ་རྣམས་ནི་མུ་ཏིག་གི་འབྲས་བུར་འགྱུར་བ་དང༌། ཐོད་པ་ནི་པདྨར་འགྱུར་བ་དང༌། ཤ་ནི་པུ་ཏྲ་ཀེ་ཤར་འགྱུར་བ་དང༌། ཁྲག་ནི་སིཧླ་ཀར་འགྱུར་བ་དང༌། གཅི་བ་ནི་གླ་རྩིར་འགྱུར་བ་དང༌། ཁུ་བ་ནི་ག་པུར་དུ་འགྱུར་བ་དང༌། བཤང་བ་ནི་བཞི་མཉམ་དུ་འགྱུར་བ་དང༌། བ་སྤུ་རྣམས་ནི་གུར་གུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལྟར་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར། སྦྱང་བ་བྱས་པ་དང༌། རྟོག་པ་བྱས་པ་དང༌། རབ་ཏུ་འབར་བ་བྱས་པ་དང༌། བདུད་རྩིར་བྱས་པ་རྣམས་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་པ་དེ་ནི་བདེན་ནོ། །དུག་ལ་སོགས་པ་རང་བཞིན་གྱིས་དག་པ་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱས་པར་བྱེད་པར་འགྱུར་རོ། །བཤང་བ་ལ་སོགས་པ་རང་བཞིན་གྱིས་དག་པ་རྣམས་ལུས་ལ་བྱུག་པ་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་དོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་དེ་བཞིན་གཤེགས་པས་གསུངས་པ་རྣམས་ཏེ། གཞན་ལྷ་དང་སྔགས་མ་བསྒྲུབས་པར་བཀླག་པའི་རྨོངས་པ། མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ཆུ་སྐྱར་གྱི་སྒྱུ་མ་འཛིན་པ། ཚོགས་ཁང་དང༌། གཙུག་ལག་ཁང་གི་རྫས་ལ་མངོན་པར་ཆགས་པ་དང་ལྡན་པ། ཡི་དྭགས་དང་དམྱལ་བའི་སྐྱེ་བར་སྐྱེ་བ་འབྱུང་བ་ངེས་པར་བཅིངས་པ། རང་གི་དོན་དང༌། གཞན་གྱི་དོན་ཉམས་པ། རྒྱུད་ལས་གསུངས་པའི་དོན་ལ་ཕྱིན་ཅིག་ལོག་གི་དོན་སྟོན་པ་པོ་ཡོངས་སུ་བརྟག་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིགས་ཆེན་པོ་རྣམས་ཀྱིས་བཟའ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་སུ་མི་འགྱུར་རོ། །གདུག་པའི་སེམས་དང་ལྡན་པ་དེ་དག་རྣམས་ཀྱིས་དུག་ལ་སོགས་པ་གདུག་པའི་རྫས་རྣམས་དང༌། བདུད་རྩི་ལྔ་པོ་དེ་དག་རྣམས་སྦྱང་བ་བྱས་པ་དང༌། རྟོག་པ་བྱས་པ་དང༌། འབར་བ་བྱས་པ་དང༌། བདུད་རྩིར་བྱས་ཀྱང་བསྐལ་པ་དུ་མ་རྣམས་ཀྱིས་གདུག་པའི་རང་བཞིན་ཡོངས་སུ་གཏོང་བར་མི་འགྱུར་ཏེ། གདུག་པའི་རང་བཞིན་ཡོངས་སུ་མ་བཏང་བའི་ཕྱིར་རང་བཞིན་གྱིས་དག་པར་མི་འགྱུར་རོ་ཞེས་བཤད་པ་ལྟར་རོ། །འོ་ན་སྦྱང་རྟོག་སྦར་གསུམ་དངོས་སུ་བྱ་མི་ནུས་པར་ལ་ཚོགས་འཁོར་མི་རུང་བར་སྣང་ལ། དེ་ལྟར་ན་ལས་དང་པོ་པས་དབང་བསྐུར་གྱི་དམ་ཚིག་ཏུ་བཟའ་བའི་དམ་ཚིག་གསུངས་པ་དེ་ཉམས་པར་འགྱུར་རོ་སྙམ་ན། དེ་ནི་ཆོ་ག་བཞིན་བསྒྲུབས་པའི་བདུད་རྩི་རིལ་བུ་བསྟེན་པས་དོན་གྲུབ་པ་ཡིན་ཏེ། དེ་ཉིད་ལས་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རིལ་བུ་ཉུངས་ཀར་གྱི་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་བསྟེན་པའི་དོན་དུའོ། །ཞེས་གསུངས་པའི་ཕྱིར་རོ། །གང་ཡང་སྦྱང་རྟོག་སྦར་གསུམ་དངོས་སུ་བྱ་མི་ནུས་ཀྱང༌། ཚོགས་འཁོར་གྱི་ཆོ་ག་ཙམ་ཤེས་པས་རྣལ་འབྱོར་པར་ཁས་བླངས་ནས་ཚོགས་ཀྱི་འཁོར་ལོ་བྱེད་པ་ནི་བཀག་སྟེ། སློབ་དཔོན་ཡེ་ཤེས་གྲགས་པས། །དེ་ལྟར་དེ་ཉིད་མི་ཤེས་པར། །ཟོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་ཞིག་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་མ་དེ་བརླག་འགྱུར། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་སོགས་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང༌། །དེ་ནི་འོག་ནས་འོག་ཏུ་འགྲོ། །གང་ཡང་འདི་སྐད་དུ་བཤད་པའི་དམ་པའི་ཆོས་ཀྱི་དོན་མི་ཤེས་པར་དམ་ཚིག་དང་སྡོམ་པ་ལ་སོགས་པ་ཐོས་པ་ཙམ་ལ་བརྟེན་ཏེ། དགེ་བ་ལ་ལྷོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོ་བོ་རྣལ་འབྱོར་པ་རྣམས་ལ་རྗེས་སུ་གནང་བ་ཡིན་ནོ་ཞེས་སྒྲ་གསངས་མཐོན་པོར་སྒྲོགས་ཤིང༌། ཆགས་པ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཀྱིས་རྒྱུད་ཀྱི་མི་དགེ་བ་རྣམས་ཀྱང་བྱེད་པ་དེ་རྣམས་ནི། སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་ཅིང་བསླུས་པས་དམ་ཚིག་ཤིན་ཏུ་ཉམས་པའི་ཕྱིར་མནར་མེད་པ་ཉིད་དུ་ལྟུང་བར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་གནས་སྐབས་སུ་བྱ་བའི་ཁྱད་པར་འདི་ལ་བརྟེན་ཏེ་བག་མེད་པར་སྤྱད་པར་མི་བྱའོ། །གཉིས་པ་རབ་བྱུང་གིས་བྱ་བའི་ཚོགས་འཁོར་རྗེས་མཐུན་པ་ནི། སློབ་དཔོན་ཞི་བ་འཚོའི་བཞེད་པ་ལྟར་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོས་གསལ་བར་གསུངས་ཏེ། ཇི་སྐད་དུ་རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་ལུགས་ནི། མཆོད་པ་དང་གཏོར་མ་ལ་ཤ་ཆང་ལ་སོགས་པ་དབུལ། སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱོང་བ་ཙམ་བྱ། གཞན་ཡང་བུ་རམ་དང་ཤིང་ཏོག་ལ་བསང་བ་ལ་སོགས་པ་གཏོར་མ་བྱིན་གྱིས་བརླབ་པ་ལྟར་བྱ། ཤ་ལྔ་བདུད་རྩི་ལྔར་བསམས་ནས་ཟོས་པས་རྩ་ལྟུང་བཅུ་གསུམ་པའི་ཉེས་པ་མི་འབྱུང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་ཏེ། གསང་བ་འདུས་པ་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམས་པས་རྣམ་པར་བརྟག །རྡོ་རྗེའི་སྦྱོར་བས་ཟོས་པ་ཡིས། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབས། །ཞེས་བྱ་བ་དང༌། སམྦུ་ཊི་ལས་ཀྱང༌། ཤ་གང་ཡང་མེད་ན་རྣམ་པར་རྟོག་པ་ཤའི་རང་བཞིན་དུ་བྱས་ལ་འཇིག་རྟེན་པ་གང་ཟ་བ་དེ་བཟའ་བར་བྱའོ་ཞེས་གསུངས་པ་ལྟར་རོ། །དེས་ན་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ནས་བཟུང་ནས། ཇོ་བོ་ཆེན་པོ་རྗེ་དང༌། ཁོ་བོའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་འདི་ཡིན་ནོ། །སྡོམ་བརྩོན་རྣམས་ཀྱིས་དབང་བསྐུར་བ་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ། །ཞེས་བཤད་པ་ཉིད་དོན་ལ་གནས་པས་རྣལ་འབྱོར་པ་མ་ཡིན་པའི་སྔགས་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཚུལ་འདི་ལྟ་བུའི་ཆོ་ག་ཉམས་སུ་བླང་བར་བྱའོ། །ཡང་གལ་ཏེ་དཀྱིལ་འཁོར་གྱི་ལྷ་མཆོད་པའི་ཆེད་དུ་ཤ་ཆང་གཉིས་གསུངས་པ་དེ་གང་ཡིན་སྙམ་ན། ད་ལྟར་གྱི་སྔགས་པ་ཕལ་མོ་ཆེ་ཞིག་ནི། ལས་ཀྱི་ཤི་བའི་ཤས་དཀྱིལ་འཁོར་གྱི་ལྷ་དང་ཆོས་སྐྱོང་མཆོད་ན་མི་ཤིས་པ་འབྱུང་བས་བསད་པའི་ཤ་དགོས་སོ། །ཞེས་སྨྲ་བ་ནི་ཤིན་ཏུ་མི་འཐད་དེ། སློབ་དཔོན་དཔའ་བོས། ཕྱུགས་རྣམས་བསད་པས་ཆོས་འགྱུར་ཞིང༌། །ལྷ་ཡི་འཇིག་རྟེན་སྐྱེ་བ་དང༌། །ལྷ་ཡང་མཉེས་པར་འགྱུར་བ་དག །ཇི་ལྟ་བུར་ན་འཐད་པར་འགྱུར། །ཕྱུག་རྣམས་བསད་པར་གྱུར་ན་སྔགས་ཀྱི་མཐུས། །མཐོ་རིས་འགྲོ་ཕྱིར་དེ་བས་དེ་བསད་ན། །ཆོས་སུ་འགྱུར་ཞེས་ཟེར་བ་དེ་ཡང་བརྫུན། །གཞན་གྱིས་བྱས་པ་ཕ་རོལ་དུ་ཞིག་མཐོང༌། །ལོག་པར་སྤྱོད་ལ་ཡིད་ནི་མ་བཟློག་ཅིང༌། །དགེ་བའི་ལས་ལ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང༌། །བདག་བྱས་གཞི་མེད་ཇི་ལྟར་མཐོ་རིས་སྐྱེ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་བདག་ཉིད་ཆོས་སུ་བསྒྱུར་ལ་རག །གང་ཕྱིར་ཚུལ་འདི་གང་ནའང་མི་སྣང་བས། །དེ་ཕྱིར་དེ་དག་ཚིག་ནི་སུ་ཞིག་ཉན། །མཚུངས་མེད་མཐུ་གསུངས་རོ་དང་གཟིར་ལྡན་པའི། །བདུད་རྩི་ཟས་མཆོག་ལྷ་མོས་ཕུལ་བ་དག །བོར་ནས་ཕྱུགས་བསད་ཤ་ཁྲག་ལ་སོགས་པས། །ལྷ་རྣམས་མགུ་བར་འགྱུར་བ་ག་ལ་སྲིད། །ཅེས་བསད་ཤས་ལྷ་མཆོད་པ་བཀག་པའི་ཕྱིར་དང༌། བདེ་མཆོག་སྟོད་འགྲེལ་ལས། ད་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །ཕོ་ཉ་མོའི་ཀུན་ཏུ་སྤྱོད་པ་དང༌། འཁོར་ལོ་འདུས་པ་ལས་བདུད་རྩི་ལྔའི་རིལ་བུ་དང༌། གཡུལ་དུ་མཚོན་གྱིས་བསད་པ་ཁ་ན་མ་ཐོ་བ་དང་བྲལ་བའམ། ནད་ཀྱིས་ཤི་བའམ། ལས་ངན་པས་བསད་པ་ཡང་སྟེ། གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་དང༌། ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་རྣམས་ཀྱིས་ཕོ་ཉ་མོ་རྣམས་མཆོད་པའི་ཆོ་ག་ཕྱི་རོལ་དང་ནང་དུ་གསུངས་ཏེ། ཁྱད་པར་དུས་ལ་ཞེས་པ་ལ་སོགས་པས་སོ། །ཞེས་དཀྱིལ་འཁོར་གྱི་ལྷ་དང་རིག་ལྡན་མ་རྣམས་ལས་ཀྱིས་ཤི་བའི་ཤས་མཆོད་པར་གསུངས་པའི་ཕྱིར་རོ། །ཡང་གལ་ཏེ་དེ་ལྟར་ན། རྫས་བསྒྱུར་ནུས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚོགས་འཁོར་གྱི་ཚེ་ཡང་བསད་ཤ་ལ་ལོངས་མི་སྤྱོད་པར་འགྱུར་རོ་སྙམ་ན། དེ་ནི་ཤིན་ཏུ་ཡང་ཡིན་ཏེ་དུས་ཀྱི་འཁོར་ལོའི་འགྲེལ་པར། འོ་ན་སྔགས་ཀྱི་ཐེག་པ་འདིར་རྣལ་འབྱོར་པ་རྣམས་ཀྱིས་ཤ་ཟ་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། དེ་ཉིད་ཀྱང་རྟག་ཏུ་སྲོག་གཅོད་པ་ལས་འབྱུང་སྟེ། སྲོག་གཅོད་པ་མེད་པར་ནི་འགའ་ཞིག་གི་ཚེ་སྲིང་ངོ༌། །གལ་ཏེ་ཟ་བ་པོ་མེད་ན། གསོད་པ་པོ་ཡང་མི་འབྱུང་ངོ༌། །དེའི་ཕྱིར་ཟ་བ་པོ་དང༌། གསོད་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིག་བཞི་བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན་དེ་ནི་བདེན་ཏེ། རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ། རྒྱུ་དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་མཚན་མ་མེད་པ་དང༌། ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱི་གང་བཟའ་བ་མ་ཡིན་པ་དང༌། གང་གཙང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་དང༌། གཡུལ་དུ་ལས་ངན་པའམ་རང་གི་སྐྱོན་ཀྱིས་ཆོམ་རྐུན་ལ་སོགས་པས་བསད་པ་དེ་དག་ཐམས་ཅད་རྣལ་འབྱོར་པས་བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །རྫས་ཀྱི་ཉོས་པ་ནི་མ་ཡིན་ཞིང་ཕ་མེས་ལ་སོགས་པ་དང༌། མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་བསད་པ་ཡང་མ་ཡིན་ཏེ། མཚན་མ་དང་བཅས་པའི་ཤ་བཟའོ་ཞེས་ནི་དེ་བཞིན་གཤེགས་པས་མ་གསུངས་སོ། །ཞེས་རྣལ་འབྱོར་པས་ཀྱང་བསད་ཤ་ལ་ལོངས་སྤྱོད་པ་བཀག་ནས་ལས་ཀྱིས་ཤི་བའི་ཤ་བསྒྲུབ་པའི་ཕྱིར་རོ། །ཡང་གལ་ཏེ་དེ་ལྟར་ན། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་མཆོག་གསུམ་བསྒྲུབ་པར་བྱ། །ཞེས་སོགས་བཤད་པ་ལྟར། སོ་སོའི་ལས་སྒྲུབ་པའི་སྐབས་སུ། མི་དང་རྟ་ལ་སོགས་པའི་ཤ་བསྟེན་པར་བཤད་པ་དང་འགལ་ཞེ་ན། དེ་རྣམས་ཀྱང་ལས་ཀྱིས་ཤི་བའི་ཤའམ། དེ་མ་རྙེད་ན་ཤར་བསྒོམ་པས་སམ། བག་ཕྱེ་ལ་སོགས་པ་ལ་སོ་སོའི་གཟུགས་བརྙན་བྱས་པ་ལ་ལོངས་སྤྱད་པར་བཤད་དེ། རྀ་གི་ཨ་རལླི་ལས། བསྒོམ་པ་བདེ་ཆེན་མྱོང་བ་སྟེ། །དེ་བཞིན་དམ་ཚིག་མཆོད་པ་ཉིད། །ཐམས་ཅད་ཀྱིས་ནི་དམ་ཚིག་ལ། །མི་ལས་སྐྱེས་པ་རབ་ཏུ་བསྔགས། །ཀླུ་གཟིར་གཉིས་འཐུང་དམ་ཚིག་སྟེ། །རྨི་ལམ་རྟག་ནི་རབ་ཏུ་གྲག །བསད་ལ་མ་ཧེའི་དམ་ཚིག་གོ །དབང་ལ་ཁྱི་ནི་རབ་ཏུ་གྲག །ཁྲག་ལ་དགུག་པ་དམ་ཚིག་སྟེ། །འཇུག་ལ་དེ་བཞིན་རྔ་མོ་ཉིད། །རེངས་པ་ལ་ནི་ནེའུ་ལེ། །ཁ་ན་མ་ཐོ་མེད་རྙེད་སླ། །གལ་ཏེ་གསད་པར་བྱས་ན་ནི། །དེ་ཚེ་རྣལ་འབྱོར་པས་མི་འགྲུབ། །སེམས་ཅན་སྐྱབས་སེམས་རྣལ་འབྱོར་པ། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །ཅེས་དངོས་གྲུབ་སྒྲུབ་དུས་ཀྱི་ཁ་ཟས་རྣམས་ལས་ཤ་ཡིན་པར་བཤད་ཅིང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། ལས་ཀྱི་དབྱེ་བས་ལོངས་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེ་བ་ནི་མི་སྟེ་དེ་རྣམས་ཀྱི་ཤ་ནི། ཤི་བའི་རོ་ལས་བྱུང་བས་ན་དམ་ཚིག་མཆོག་སྟེ་དེས་གཏོར་མ་བྱིན་ལ། རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་རང་གི་ལུས་བསྒྲུབ་པར་བྱས་ན་ནམ་མཁའ་ལ་གནས་པ་ཐོབ་པར་འགྱུར་རོ། །དེ་ཡང་ཁ་ན་མ་ཐོ་བ་མེད་པར་རྙེད་པའི་མིའི་ཤས་བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར། འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ལ་ནམ་མཁའ་ལ་སྤྱོད་པ་ཉིད་བསྒྲུབ་པར་བྱའོ། །དམ་ཚིག་མཆོག་གི་ཞེས་བྱ་བ་ནི་ཤ་ཆེན་ལ་སོགས་པ་བཤང་གཅི་དང་ལྡན་པ་ནི་དམ་ཚིག་མཆོག་སྟེ། དེས་རིགས་པ་འཛིན་པ་ཉིད་བསྒྲུབ་པར་འདོད་ན་གཏོར་མ་སྦྱིན་པར་བྱའོ། །གླང་པོ་ཉིད་ཀྱི་ལུས་རང་གིས་ཤི་བ་དེའི་ཤ་ལས་མངོན་པར་ཤེས་པ་ལྔ་འདོད་པས་གཏོར་མ་སྦྱིན་པར་བྱའོ། །དེ་བཞིན་དུ་རྟའི་ཤས་ནི་མི་སྣང་བའི་དངོས་གྲུབ་བསྒྲུབ་པར་བྱའོ། །ལས་ཀྱི་དབྱེ་བས་གསུངས་པའི་ཤ་རྣམས་མ་རྙེད་པ་ལ་ཆོ་ག་བྱ་བ་བསྟན་པར་བྱ་བའི་ཕྱིར། ཁྱི་ཤ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱི་ཤ་ཡིས་ནི་སྔར་བསྟན་པའི་དངོས་གྲུབ་རྣམས་རབ་ཏུ་བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ་ཁ་ན་མ་ཐོ་བ་མེད་པའི་བ་ལང་གི་ཤ་ལ་ཉེ་བར་ལོངས་སྤྱོད་པས་རྡོ་རྗེ་སྟེ། བསྒྲུབ་བར་དཀའ་བ་རྒྱལ་པོ་ལ་སོགས་པ་དགུག་པར་བསྒྲུབ་པར་བྱའོ། །ཁ་ན་མ་ཐོ་བ་མེད་པའི་ཤ་མེད་ན། ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར་ཤ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བཤད་པའི་ཤ་རྣམས་མ་རྙེད་ན་བསྒོམས་པས་ཤ་རྣམས་བསྐྱེད་པར་བྱའོ། །ཡང་ན་བག་ཕྱེ་ལ་སོགས་པ་ལས་མི་རོ་ལ་སོགས་པ་བྱས་པ་ལ་དེའི་རང་གི་གཟུགས་ལས་སྲོག་དང་བྲལ་བར་བསམས་ནས་དེའི་ཡན་ལག་གིས་བསྒྲུབ་པར་བྱའོ། །རྡོ་རྗེ་སྦྱོར་བ་སྟེ་མི་ཤིགས་པའི་ཁ་ཟས་ཀྱི་ཆོ་ག་བཤད་མ་ཐག་པ་འདི་བྱས་ན། སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་ཅིང༌། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཡང་གལ་ཏེ། རྣལ་འབྱོར་པས་རྫོགས་རིམ་གྱི་ཡེ་ཤེས་བསྒྲུབ་པའི་ཚེ། ཧ་ཅང་རྣལ་འབྱོར་ལ་བརྩོན་པས་ལུས་རྒུད་པར་གྱུར་ན། ལུས་ཟུངས་རྒྱས་པའི་ཐབས་གསུངས་པ་དང་འགལ་ཞེ་ན། དེ་ལ་སྤྱིར་ལུས་ཟུངས་རྒྱས་པའི་ཐབས་ལ། ཏིང་ངེ་འཛིན་དང༌། བཅུད་ལེན་དང༌། སྨན་གྱི་སྦྱོར་བ་སོགས་མང་པོ་གསུངས་ཤིང༌། བྱེ་བྲག་ཏུ་ཁ་ཟས་ཀྱི་ལུས་ཟུངས་རྒྱས་པར་བྱེད་ན། དགྲ་ནག་གི་རྒྱུད་ལས། སྔགས་ཀྱི་དུབ་པས་ཁ་ཟས་བཟའ། །ཁ་ན་མ་ཐོ་མེད་རྙེད་སླ། །ཤ་ཆེན་དང་ནི་རྟ་དང་ནི། །གླང་པོ་ཆེ་ཡང་ཁྱད་པར་དུ། །བ་ལང་གི་དང་ཁྱི་དང་ནི། །བོང་བུ་རྔ་མོ་ཅེ་སྤྱང་ངོ༌། །ཞེས་ལས་ཀྱི་ཤས་ལུས་འཚོ་བར་གསུངས་ཤིང༌། དུས་ཀྱི་འཁོར་ལོར་ཡང་ཕྱག་རྒྱ་བསྒོམ་པའི་དོན་དུ་གསུངས་ཏེ། ཉིན་མཚན་དུས་སུ་ཆགས་པ་ཟད་པའི་དོན་ནི་མིན་པ་ཉིད། གསུང་གི་རྡོ་རྗེ་མཆོད་པའི་དོན་ཏེ་ངེས་པར་བསྔགས་པ་རྣམས་ལ་མྱོས་བྱེད་གསུངས་པ་ཉིད་མ་ཡིན། ཁ་ཟས་ཐམས་ཅད་བདེ་བའི་དོན་ཏེ་ཉིན་ཞག་སོ་སོའི་དུས་སུ་མ་ཞུའི་རྒྱུར་ཡང་མ་གསུངས་སོ། །ཞེས་དང༌། དེའི་འགྲེལ་པར། ད་ནི་ཕྱག་རྒྱ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་དང༌། མྱོང་བ་དང༌། ཁ་ཟས་དང༌། རྒྱུ་བའི་ངེས་པ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་གསུངས་པ་ནི། བསྒོམ་པའི་དོན་དུ་རྣལ་འབྱོར་གྱི་ཕྱག་རྒྱ་གསུངས་པ་སྟེ། ཆགས་པ་ཟད་པའི་དོན་ཏེ། རྒྱུར་ཉིན་མཚན་དུ་བུད་མེད་དང་རོལ་པར་གསུངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆང་གི་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་བྱེད་པ་སྟེ། བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ཁ་ཟས་བྱེད་པ་ནི་འདིར་ཁ་ཟས་ཐམས་ཅད་བདེ་བའི་དོན་ཏེ། གང་ཅུང་ཟད་ཁ་ཟས་བྱེད་པ་དེ་དག་ཐམས་ཅད་ཤིན་ཏུ་ཆུང་བ་བདེ་བར་འགྱུར་ཏེ། དེའི་ཕྱིར་ཉིན་ཞག་སོ་སོའི་དུས་སུ་མ་ཞུ་བའི་རྒྱུར་མི་བྱའོ། །ཞེས་པ་ནི་ཁ་ཟས་ཀྱི་ངེས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔགས་ཀྱི་ཐེག་པ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་ལོངས་སྤྱོད་པར་གནང་བའི་ཤ་ཞིག་ཡིན་ན་ནི། བསད་པའི་ཤ་གཏན་མ་ཡིན་གྱི་ལས་ཀྱིས་ཤི་བའི་ཤ་ཡིན་པས་ཁྱབ་པ་ཡིན་ནོ། །ཡང་དཀྱིལ་འཁོར་གྱི་ལྷ་མཆོད་པའི་དོན་དུ་གསུངས་པའི་ཆང་ནི། ད་ལྟར་བོད་ན་ནས་ཆང་དུ་གྲགས་པ་འདིས་ཀྱང་རུང་མོད། ཆང་གཞན་གྱིས་མི་རུང་བ་ནི་ཡིན་ཏེ། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་དེའི་རྗེས་ལ་ལུས་དང་ངག་དང་ཡིད་དག་པར་བྱ་བའི་ཕྱིར། ལྷ་རྫས་ཀྱི་བཏུང་བ་སྦྲང་ངམ་བུ་རམ་མམ་སྦྱར་བ་ལས་བྱུང་བ་སྟེ། རྣམ་པ་གསུམ་པོ་ཇི་ལྟར་རྙེད་པ་བདུད་རྩི་ལྔ་དང་བཅས་པ་མཆོད་ཡོན་གྱི་སྣོད་དུ་བཞག་སྟེ་ཞེས་གསུངས་ཤིང༌། རྩོད་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ཀྱང་དེ་ལྟར་བཤད་ལ། དུས་འཁོར་འགྲེལ་པར་ཡང༌། ད་ནི་ཆང་ཞེས་པ་ལ་སོགས་པས་སྟོན་པ་པོའི་ངེས་པ་གསུངས་པ་འདིར། ཆང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཏེ། སྦྲང་རྩི་ལས་སྐྱེས་པ་དང༌། བུ་རམ་ལས་སྐྱེས་པ་དང༌། འབྲས་ལས་སྐྱེས་པ་དང༌། ཤིང་ལས་སྐྱེས་པའམ་གཞན་པའོ། །ཞེས་ཆང་གི་བྱེ་བྲག་རྣམས་གསུངས་ཤིང༌། བདེ་མཆོག་སྡོམ་འབྱུང་ལས་ཀྱང༌། རྫས་སྐྱེས་དེ་བཞིན་རྩ་བ་སྐྱེས། །གཽ་ཊཱི་བིཥྚི་མཱ་དྷི་སྐྱེས། །ཤིང་སྐྱེས་དེ་བཞིན་བུར་ཤིང་སྐྱེས། །ཇི་ལྟར་ས་སྟེངས་སྐྱེས་རྣམས་ཏེ། །མ་དྷི་རྣམ་པ་ལྔ་རུ་བརྗོད། །བིཥྚི་རྣམ་པ་བརྒྱད་དུ་དྲན། །ཞེས་བཏུང་བའི་བྱེ་བྲག་རྣམས་གསུངས་པའི་ཕྱིར་རོ། །དེ་ལ་བུར་ཆང་ཞེས་པའི་དོན་ཡང༌། ད་ལྟ་བོད་ན་བུ་རམ་དང་ནས་ཆང་སྦྱར་བ་ལ་གྲགས་ཀྱང༌། བུར་ཤིང་གི་ཁུ་བ་དང་ཆུ་སྦྱར་བ་དྲོད་ཀྱིས་སྨིན་པར་བྱས་པ་ལ་བལ་པོ་ཕན་ཆད་ལ་བུར་ཆང་ཞེས་གྲགས་པས། ནས་ཆང་དང་སྦྱར་མི་དགོས་ཤིང༌། དེ་བཞིན་དུ། སྦྲང་ཆང་དང་རྒུན་ཆང་ཡང་ནས་ཆང་དང་སྦྱར་མི་དགོས་པ་ཡིན་ཏེ། རྒྱས་པར་སྡོམ་འབྱུང་གི་འགྲེལ་པར་བལྟ་བར་བྱའོ། །དེས་ན་བུ་རམ་སོགས་དང་ཆུ་སྦྱར་བ་ནང་མཆོད་དང་དམ་ཚིག་གི་རྫས་སུ་རུང་བར་ཤེས་པར་བྱའོ། །མདོར་ན། དཔལ་ཀྱེ་རྡོ་རྗེ་དང༌། འཁོར་ལོ་བདེ་མཆོག་དང༌། གསང་བ་འདུས་པ་སོགས་ཀྱི་དབང་བསྐུར་ཞུ་བའི་སྐབས་སུ། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་དམ་ཚིག་ཏུ་གསུང་ཞིང༌། དུས་ཀྱི་འཁོར་ལོའི་དབང་གི་སྐབས་སུ། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་གསུངས་པའི་ཡ་གྱལ་ཀྱང་བསད་ཤ་མི་ཟ་བ་དང༌། ཆང་མི་བཏུང་བ་ལ་གསུངས་པ་རྣམས་ཀྱང་དྲན་པར་བྱས་ལ། རྩིང་སྤྱོད་ཆོས་སུ་མི་སྨྲ་བར་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །གང་གི་ཕྱིར་སྔགས་པ་ལས་དང་པོ་པའི་གང་ཟག་རྣམས་ཀྱིས་བག་ཡོད་པའི་སྤྱོད་པ་ལ་ནན་ཏན་དུ་བསླབ་དགོས་པ་དེའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དུ། རྡོ་རྗེ་གུར་ལས། ཉན་ཐོས་སྤྱོད་པ་བསྲུང་བ་པོ། །ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཕྱི་རུ་ཉན་ཐོས་སྤྱོད་པ་སྲུང༌། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་བཀའ་སྩལ་པ་ཡང༌། སྡོམ་པ་གསུམ་གྱི་ཉམས་ལེན་ཐམས་ཅད་གང་ཟག་གཅིག་གིས་འཁྲུལ་མེད་དུ་ཉམས་སུ་ལེན་པའི་ཆེད་ཁོ་ནར་གསུངས་པ་ཡིན་ནོ། །དམ་ཆོས་སྒྲུབ་པའི་ལུས་རྟེན་ཁྱད་པར་ཅན། །དཀའ་བ་བརྒྱ་ཕྲག་དུ་མས་རྙེད་དཀའ་བའི། །རྣམ་དག་དལ་འབྱོར་མི་ལུས་ཐོབ་དུས་འདིར། །བག་ཡོད་སྤྱོད་པ་བརྟེན་དང་ཤེས་ལྡན་དག །སྲིད་གསུམ་ཐམས་ཅད་མི་རྟག་ངང་ཚུལ་ཅན། །སྐྱེས་བུའི་ཚེ་ཡང་རྩྭ་རྩེའི་ཟིལ་པ་ལྟར། །མི་རྟག་མྱུར་དུ་འཆི་བར་ངེས་པས་ན། །ཤུགས་དྲག་བརྩོན་འགྲུས་བསྐྱེད་དང་བློ་ལྡན་དག །ད་ལྟའི་བདེ་སྡུག་འབྱོར་རྒུད་འདུ་འབྲལ་རྣམས། །སྔོན་བསགས་ལས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །ལས་འབྲས་བསླུ་མེད་དོན་ལ་མ་རྨོངས་པས། །བླང་དོར་ཚུལ་བཞིན་སྤྱོད་དང་ཤེས་ལྡན་དག །འཁོར་བ་མཐའ་དག་སྡུག་བསྔལ་རང་བཞིན་ཅན། །བདེ་བའི་གོ་སྐབས་མེད་པར་ཤེས་བྱས་ནས། །དགེ་ལེགས་ཐར་པའི་ཡོན་ཏན་རྗེས་དྲན་པས། །བྱང་ཆུབ་སྤྱོད་ལ་ཞུགས་དང་བློ་ལྡན་དག །མཐའ་ཡས་འགྲོ་བ་བདག་གི་ཕ་དང་མ། །ལན་གྲངས་དུ་མར་བྱས་ཤིང་ཕན་བཏགས་པ། །དེ་དག་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བྱང་ཆུབ་སེམས་མཆོག་བསྐྱེད་དང་ཤེས་ལྡན་དག །ཚུལ་ཁྲིམས་གསུམ་དང་ཕར་ཕྱིན་དྲུག་ལ་སོགས། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ། །མ་ནོར་ཐར་པའི་ལམ་གྱི་རྩ་བ་རྣམས། །ཚུལ་བཞིན་གུས་པས་སྐྱོང་དང་ཤེས་ལྡན་དག །གཟུང་འཛིན་རྟོག་པའི་དྲྭ་བ་སྣ་ཚོགས་ཀྱིས། །འཁོར་བའི་སྡུག་བསྔལ་ཆེ་ལ་སྦྱོར་བྱེད་པ། །གཡོ་བའི་ཡིད་འདི་ཞི་གནས་ཏིང་འཛིན་གྱིས། །རྩེ་གཅིག་དགེ་ལ་སྦྱོར་དང་ཤེས་ལྡན་དག །གཟུགས་ལ་སོགས་པའི་ཕྱི་ནང་ཆོས་རྣམས་ཀུན། །གདོད་ནས་རང་བཞིན་མེད་པར་རྟོག་བྱེད་པ། །སོ་སོར་རྟོག་པའི་ཤེས་རབ་མེ་འོད་ཀྱིས། །དངོས་འཛིན་བུད་ཤིང་བསྲེགས་དང་ཤེས་ལྡན་དག །ཀྭ་ཡེ་ཁོ་བོའི་རྗེས་སུ་སློབ་པ་རྣམས། །ཤ་ཆང་ལ་སོགས་མ་དག་འཚོ་བ་སྤངས། །རྨད་བྱུང་ཡོན་ཏན་ཀུན་གྱི་གཞི་གཅིག་པུ། །ཚུལ་ཁྲིམས་རིན་ཆེན་སྲོག་པས་གཅེས་པར་ཟུང༌། །གསུང་རབ་སྙིང་པོ་དབུ་མའི་གཞུང་ལུགས་ལ། །ཐོས་བསམ་ཚུལ་གྱིས་མ་ནོར་ལྟ་བ་ཚོལ། །འདུལ་བའི་གཞུང་དང་བྱང་སེམས་སྡེ་སྣོད་ལ། །བརྟེན་ནས་བག་ཡོད་སྤྱོད་པ་རྗེས་སུ་བསྒྲུབས། །རྙེད་བཀུར་འདོད་ཕྱིར་རྒྱལ་པོ་བསྟེན་པ་སོགས། །རང་དོན་ཉམས་པའི་བྱ་བ་ཐམས་ཅད་སྤངས། །རྒྱལ་བས་བསྔགས་པའི་བས་མཐའ་དབེན་པ་རུ། །བྱང་ཆུབ་སེམས་གཉིས་བསྒོམ་ལ་རང་རྒྱུད་ཐུལ། །དེ་ལྟར་གུས་དང་སྦྱོར་བའི་བརྩོན་འགྲུས་ཀྱིས། །ཐུན་མོང་ལམ་གྱི་བློ་སྦྱོང་རྫོགས་པ་ན། །ཐེག་པ་གཞན་ལས་ཁྱད་པར་ཆེས་འཕགས་པའི། །ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས། །མི་དགེའི་ལམ་ལ་སྦྱོར་བར་བྱེད་པ་ཡི། །བདུད་ཀྱི་རིགས་ཀྱི་སློབ་དཔོན་རིང་སྤངས་ལ། །གང་དང་འགྲོགས་ན་དགེ་ལ་སྦྱོར་ནུས་པའི། །མཚན་ལྡན་བླ་མ་གང་ན་འདུག་ཀྱང་བསྟེན། །ལམ་གྱི་རྩ་བ་བླ་མ་ཡིན་པའི་ཕྱིར། །ལྷག་པའི་ལྷ་དང་དབྱེར་མེད་འདུ་ཤེས་ཀྱིས། །ལུས་དང་སྲོག་གི་བར་གྱིས་མཉེས་གྱིས་ལ། །གསང་ཆེན་གནད་ཀྱི་གདམས་པའི་བདུད་རྩི་འཐུངས། །ཆོ་གའི་ཁྲིགས་དང་གཞུང་ཙམ་འདོན་པ་ལ། །སྔགས་པར་རློམ་པའི་ལུགས་ངན་འདི་དོར་ལ། །དཔྱད་པ་གསུམ་གྱིས་དག་པའི་རྒྱུད་སྡེ་རྣམས། །ཡང་དག་རིགས་པས་ཚུལ་བཞིན་བསྒྲུབ་པར་བྱོས། །སྔགས་ཀྱི་དངོས་གྲུབ་ཀུན་གྱི་རྩ་བ་མཆོག །རྣམ་དག་དམ་ཚིག་སྡོམ་པར་ཤེས་གྱིས་ལ། །འཁྲུལ་མེད་གཞུང་གི་དགོངས་པ་ཇི་བཞིན་དུ། །ཉམས་སུ་ལེན་ལ་བརྩོན་འགྲུས་ལྷག་པར་བསྐྱེད། །རྣམ་དག་རྒྱུད་སྡེའི་དགོངས་པ་བསམ་ཡས་ཕྱིར། །ཕྱོགས་གཅིག་ཁོ་ནས་རྒྱུད་དོན་མི་རྙེད་པས། །རྒྱུད་སྡེ་རྣམ་བཞི་དགོངས་འགྲེལ་དང་བཅས་པའི། །རབ་འབྱམས་སྔགས་ཀྱི་གཞུང་ལ་ཕྱོགས་མེད་སྦྱངས། །དེ་ལྟར་ཐོས་བསམ་མཐར་ཕྱིན་གྱུར་པ་ན། །རིམ་གཉིས་གྲོགས་དང་བཅས་པའི་རྣལ་འབྱོར་ལ། །ཆུ་བོའི་རྒྱུན་དང་མར་མེའི་རྩེ་མོ་ལྟར། །གསལ་དང་རྒྱུན་ཆད་མེད་པར་ཉམས་ལེན་མཛོད། །དེ་ལྟར་བྱས་ན་སྐལ་བཟང་ཁྱེད་རྣམས་ཀྱི། །སྐུ་གསུམ་མངོན་གྱུར་སྟོན་པ་རྫོགས་སངས་རྒྱས། །ཐུབ་དབང་ཤཱཀྱའི་གོ་འཕང་དམ་པ་དེ། །མྱུར་དུ་ཐོབ་པར་འགྱུར་རོ་གྲོགས་མཆོག་ཀྱེ། །དེ་ལྟར་སྐལ་ལྡན་སློབ་མའི་ཚོགས་རྣམས་ལ། །ཕན་དང་བདེ་བའི་ལམ་བཟང་བསྟན་ཕྱིར་དུ། །ཆོས་ལ་སྐུལ་བའི་སྤྲིང་ཡིག་ཟབ་མོ་འདི། །ལྷག་བསམ་དག་པས་སྙིང་གཏམ་ཡི་གེར་བཀོད། །མཚམས་སྦྱོར་ཙམ་ཞིག་བདག་གིས་བགྱིས་གྱུར་ཀྱང༌། །གཞན་རྣམས་སྟོན་པའི་བཀའ་དང་བསྟན་བཅོས་དང༌། །དྲི་མེད་རྒྱུད་ལས་འབྱུང་བཞིན་བཀོད་པས་ན། །འདི་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་ལོངས། །འདི་སྦྱར་དགེ་བ་འོད་ཟེར་འབུམ་ལྡན་པས། །ཉེས་པར་སྤྱོད་པའི་མུན་སྟུག་ཀུན་བསལ་ཏེ། །མ་ནོར་ཆོས་ཀྱི་སྣང་བའི་གཟི་འོད་ཀྱིས། །བསྟན་པའི་གླིང་བཞི་ཀུན་ཏུ་གསལ་བར་ཤོག །རང་གི་གྲྭ་པ་སྤྱི་ལ་གདམས་པའི་སྤྲིང་ཡིག་སློབ་མ་ལ་ཕན་པ་ཞེས་བྱ་བ་འདི་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ། རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་ཤིང༌། སྡོམ་པ་གསུམ་གྱི་བཀའ་དྲིན་ཐོབ་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། སྣ་ཚོགས་དབྱིག་གི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཡར་ཚེས་ལྔ་ལ། དཔལ་ལྡན་ས་སྐྱ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ཀྱི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་བཟང་པོས་བགྱིས་སོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭཱ་ཧི་ཏོ་བྷ་ཝནྟུ།།  །།ཤུ་བྷཾ།།  །། ༄། །ས་བཟང་བསོད་ནམས་དཔལ་ཀྱི་དྲིས་ལན་བཞུགས་སོ།།  ༈ །ན་མཿཤྲཱི་ཀ་ལ་ཙ་ཀྲཱ་ཡ། རྒྱ་ཆེན་བསོད་ནམས་ཆུ་གཏེར་རབ་ཡངས་པར། །བརྩོན་པའི་གྲུ་གཟིངས་ཆེ་ལ་གནས་བཅས་ནས། །དོན་གཉིས་དཔལ་འབྱོར་ནོར་བུའི་མཛོད་འཛིན་པ། །བཤེས་གཉེན་དེད་དཔོན་མཁས་ལ་འདི་སྐད་ཞུ། །དུས་ཀྱི་འཁོར་ལོའི་རྒྱུད་ཉན་པ་ལ་དབང་རྫོགས་པར་ཐོབ་པས་ཆོག་གི རྡོ་རྗེའི་རྣལ་འབྱོར་ངེས་པར་ཐོབ་དགོས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། ཇི་ལྟར་སྐལ་བ་ངན་པའི་སེམས་ཅན་འདི་ནི་བསྒོམ་པ་ལ་སོགས་པ་ལ་འདི་དབང་བ་དང་རྒྱུད་ཉན་པའི་སླད་དུ་སྟེ། སེམས་ཅན་རྣམས་ལ་རྒྱུད་བསྟན་པ་དང༌། དཀྱིལ་འཁོར་བྲི་བའི་སླད་དུ་ནི་མ་ཡིན་ནོ། །ཞེས་དང༌། འདིར་དབང་གོང་མ་ནི་རྣམ་གཉིས་ནི། གཅིག་ནི་སེམས་ཅན་གཞུག་པའི་དོན་དང༌། ལམ་ཡོངས་སུ་ཤེས་པའི་དོན་དང༌། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང༌། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསལ་«་་་་་གསུངས་ཀྱང་སྦྱོར་དྲུག་མ་ཐོབ་པར་རྒྱུད་འགྲེལ་ཉན་པའི་ལུང་མ་ལགས། »བར་བཤད་པའི་ཕྱིར་རོ། །གཞན་ཡང་རྒྱུད་ཉན་པ་ལ་ཁྲིད་ངེས་པར་ཐོབ་དགོས་ན། སྔོན་རིགས་ལྡན་གྲགས་པས་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་རྣམས་ལ་དབང་བསྐུར་ཁྲིད་བསྟན་ནས་རྒྱུད་འཆད་པར་རིགས་པ་ལ།«་་་་་ཉེས་པའང་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་ཅིང༌། ཁྲིད་ཀྱི་དབང་བཞི་པའི་ཉམས་མྱོང་མེད་པར་དེའི་དོན་བཤད་ན། གསང་སྒྲོགས་སུ་འགྲོ་ཞིང༌། གསང་བ་བསྒྲགས་པའི་སྒྱུར་འབྱུར་བར་མཆིས་སོ།། »དབང་བསྐུར་ནས་རྒྱུད་བསྟན་པ་ལས་ཁྲིད་བསྟན་པར་མ་བཤད་པའི་ཕྱིར་རོ། །གལ་ཏེ་དྲང་སྲོང་དེ་དག་སྔོན་ཐར་པ་ཆ་མཐུན་གྱི་བསོད་ནམས་བསྐྲུན་པས་རྒྱུད་ཉན་པ་ཙམ་གྱིས་རྫོགས་རིམ་གྱི་རྟོགས་པ་སྐྱེས་པའམ། ཡང་ན་སྐབས་དེར། རྫོགས་རིམ་བསྟན་པའང་སྲིད་དོ་སྙམ་ན། དང་པོ་ལྟར་ན་ཁོ་བོའི་འདོད་པ་གྲུབ་སྟེ། རྒྱུ་མཚན་དེས་དབང་ཐོབ་པས་ཆོག་གི རྫོགས་རིམ་ཐོབ་པ་ངེས་པར་སྔོན་དུ་འགྲོ་མི་དགོས་པའི་ཕྱིར་རོ། །གཉིས་པ་ལྟར་ན། འགྲེལ་ཆེན་དུ། ཕན་ཚུན་ཞུས་པ་དང༌། ལན་བཏབ་པ་དང༌། དབང་བསྐུར་ཚུལ། སྐྱབས་འགྲོ་བྱས་ཚུལ་སོགས་ཐམས་ཅད་རྒྱས་པར་གསུངས་ནས། ཁྲིད་བསྟན་ཞེས་པའི་ཚིག་གཅིག་ཀྱང་མི་གསུང་བའི་རྒྱུ་མཚན་ཅི་ཞིག་ཡིན་སྨྲ་དགོས་སོ། །དེ་བས་ན། འགྲེལ་ཆེན་དུ། རྒྱལ་བས་གསུངས་པའི་ཆོ་གས་དབང་ཆོག་བླངས་ནས་རྒྱུད་འདིའམ་ནི་བསྡུས་པ་ཡི། །རྒྱུད་རྒྱལ་མ་ལུས་ཐོས་ནས་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས། །ཁེངས་དང་ལོངས་སྤྱོད་འབྱོར་པ་དུ་མ་བཏང་ནས་སེམས་ནི་བླ་མར་གཏད་བྱས་ཏེ། །སངས་རྒྱས་ཉིད་ཀྱི་སླད་དུ་གཙོ་བོའི་འགྲེལ་བཤད་གཞན་ཕན་སྤྱོད་པ་ཉན་པར་བྱ། །ཞེས་པའི་དོན་ཡང༌། ཨ་ཙ་ལ་«་་་་་ཡིས་འདི་བཞིན་སུརྻུ་ལུགས་སུ་མེད་»གརྦྷ་དང༌། མཁས་པ་གཞན་དག་གིས་བཤད་པ་ལྟར། ཉན་པར་བྱ་ཞེས་སྦྲེལ། གང་ན། གཙོ་བོའི་འགྲེལ་བཤད་གཞན་ཕན་སྤྱོད་པ་དེའོ། །གང་གིས་ན། དུ་སོགས་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པ་དང༌། དེར་མ་ཟད་«་་་་་ཚིག་འདི་རྣལ་འབྱོར་པར། »གཞན་བྱིས་པའི་མཁས་པ་ཁྱིམ་པ་ལ་སོགས་པས་«་་་་་ཞེས་གསུངས་པའང་སྦྱོར་དྲུག་མ་ཐོབ་པར་ཉན་པ་ལ་དབང་བའི་ལུང་ངུ་མི་འགྲོ་བས་སམ། »སོ། །ཅིས་བྱས་ན། བསྒྲུབ་ཕྱོགས་བསྟེན། དགག་ཕྱོགས་སྤོང་བའི་སྒོ་ནས་ཏེ། དེ་ལ་བསྒྲུབ་ཕྱོགས་བསྟེན་པ་གང་ཞེ་ན། རྒྱལ་བས་གསུངས་པའི་ཆོ་གས་དབང་ཆོག་བླངས་ནས་རྒྱུད་འདིའམ་ནི་བསྡུས་པ་ཡི། རྒྱུད་རྒྱལ་མ་ལུས་སྔར་ཐོས་པའམ། མ་ཐོས་ཀྱང་དབང་ཐོབ་པས་སོ། །དགག་ཕྱོགས་སྤོང་བ་གང་ཞེ་ན། ཁེངས་དང་ལོངས་སྤྱོད་འབྱོར་པ་དུ་མ་བཏང་ནས་སོ། །ཅིའི་ཆེད་དུ་ན། སེམས་ནི་སངས་རྒྱས་ཉིད་ཀྱི་སླད་དུ་གཏད་བྱས་ཏེ། ཅེས་སྦྲེལ་ལོ། །གང་ལ་ན། བླ་མ་ལའོ། །ཞེས་པ་ལྟར་དོན་ལ་གནས་ཀྱི། གཞན་དུ་ན་སྔར་བཤད་པའི་ལུང་རྣམས་དང་ནང་འགལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཤོང་འགྱུར་དུ་དེ་ལྟར་བྱུང་ཡང༌། ཇོ་ནང་པའི་འགྱུར་གསར་པར། རྒྱུད་རྒྱལ་མ་ལུས་ཐོས་སླད་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས། ཞེས་རྒྱུད་ཉན་པའི་དོན་དུ། དུ་སོགས་ཡང་དག་གི་ལམ་ལ་གནས་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ནི་འགྱུར་ལེགས་པ་མ་ཡིན་ཏེ། སྔར་བཤད་པའི་ལུང་དང་ནང་འགལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་རྒྱུད་སྔ་ཕྱིའི་འབྲེལ་མི་བརྟག་པར་རང་འདོད་ཀྱིས་འགྱུར་བཅོས་བྱེད་ན།«་་་་་ཞེས་པའང་མ་བརྟགས་པར་གསལ་ཏེ། གནས་དང༌། སླད་གཉིས་གཞུང་ཚིག་དེ་ལ་འབྲེལ་གང་ཆེ་གཟིགས། »གནས་ཞེས་པའི་སྐད་དོད། །ག་ཏ་ནཾ་ཞེས་བྱ་བ་ཡོད་ལ། དེ་འགྲོ་བ་དང་གནས་པ་གཉིས་ཀ་ལ་འཇུག་པར་ཨ་མར་ཀོ་ཥ་ལས་བཤད་པས། ཡང་དག་ཡེ་ཤེས་ལམ་ལ་འགྲོ་བའི་རྣལ་འབྱོར་པས། །ཞེས་ཁོ་བོས་འགྱུར་བཅོས་ཀྱི་སྐྱོན་བརྗོད་ཅིག གཞན་ཡང༌། ཇོ་ནང་པའི་ཕྱག་སྲོལ་ཡིན་པར་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་རྒྱལ་གྱིས། དེ་ལྟར་ན་དང་པོར་སེམས་ཅན་གཞུག་པའི་དོན་དང༌། ལམ་བསྒོམ་པ་དང༌། རྒྱུད་ཉན་པ་ལ་དབང་བའི་དོན་གྱིས་སློབ་མ་ལ་དབང་བསྐུར་བ་ཡང་དག་པར་བསྟན་ཟིན་ཏོ། །ཞེས་«་་་་་སའང་གོང་བཞིན་ལུང་དུ་མི་འགྲོ་ཞིང༌། ཆོས་ཀྱི་རྒྱལ་པོ་ཡང་ཁྲིད་མ་ཐོབ་པར་མི་གསུངས་ལ། བླ་མ་གོང་མའི་ཕྱག་སྲོལ་བཞིན་མཛད་ཅེས་ཐོས། »དུས་ཀྱི་འཁོར་ལོའི་དབང་ཆོག་ཏུ་གསུངས་པའི་ཕྱིར་རོ། རྣམ་པ་གཅིག་ཏུ་ན། ཐོས་སླད་ཅེས་བསྒྱུར་ཡང་དོན་མི་འགལ་ཏེ། དབང་བསྐུར་རྒྱུད་ཐོས་པའི་སླད་དུ་སྟེ། རྗེས་ལ་རྫོགས་རིམ་བསྒོམ་པ་སྟེ། སླད་མ་ཕྱིས་འབྱུང་ཞེས་པ་བོད་ཀྱི་བརྡ་རྙིང་ཡིན་པའི་ཕྱིར་རོ། །མདོར་ན་དབང་མ་ཐོབ་པར་སྦྱོར་དྲུག་བསྒོམ་པ། རྒྱུད་འགྲེལ་ལས་དངོས་སུ་བཀག་པ་དེ་བོར་ནས། དབང་གོང་མ་ཙམ་གྱིས་ཆོག་པར་རློམ་ཞིང༌། དབང་ཐོབ་ན་ཁྲིད་མ་ཐོབ་ཀྱང་རྒྱུད་འགྲེལ་ཉན་དུ་རུང་བས་དམ་དོགས་ཆེར་བྱེད་པ་ནི་མཁས་པའི་རིང་ལུགས་མ་ཡིན་པས། བློ་གྲོས་ཅན་ཐར་པ་དོན་དུ་གཉེར་བ་རྣམས། དབང་ལེའི་འགྲེལ་ཆེན་དུ་གསུངས་པའི་ལུང་རྣམས་ལ་དཔྱད་ནས་སྨྲ་བར་རིགས་སོ། །ཁྱོད་བློ་ཡོན་ཏན་རྟ་བདུན་དབང་པོ་ལ། །བདག་ཡིད་སྲིན་བུ་མི་ཁྱེར་ལྟ་བུ་ཡིས། །ཆ་ཤས་ཙམ་ཡང་དཔྱད་པར་མི་ནུས་མོད། །རྒྱུད་འགྲེལ་མཁས་པའི་རིང་ལུགས་རྗེས་འབྲངས་ནས། །ཀུན་དགའི་མིང་ཅན་བློ་ངན་དེ་ཡིས་ཞུས། །དེ་ཡི་དགེ་བ་རི་བོང་འཛིན་པ་དེས། །སྨྲ་ངན་ལོག་ལྟའི་པད་ཚལ་ཁ་ཟུམ་སྟེ། །ཡིན་ལུགས་ལེགས་བཤད་འོད་དཀར་ལྡན་པ་དེ། །བློ་གསལ་ཡིད་ཀྱི་ནམ་མཁར་གནས་གྱུར་ཅིག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།།  །།«དུས་ཞབས་པས་མཛད་པའི་དཀའ་འགྲེལ་པདྨ་ཅན་ལས། དེ་བཞིན་གཤེགས་པས་གསུངས་པའི་ཆོ་གས་དབང་བཞི་པ་ཡན་ཆད་གང་གིས་ཐོབ་པའོ། །ཕྱི་ནས་རྟོག་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའི་ལམ་དོར་ནས། ཡང་དག་ཡེ་ཤེས་ལམ་ལ་གནས་ཞེས་བྱ་བ་ལས། ཡང་དག་པའི་ཡེ་ཤེས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཏེ། དེའི་ལམ་ཞེས་བྱ་བ་ནི། དུ་བ་ལ་སོགས་པའི་རྟགས་དང༌། བདེན་པར་འགྱུར་བའི་ལམ་མོ། །དེ་ལ་གནས་པའི་རྣལ་འབྱོར་པ་དེས། འགྲེལ་བཤད་འདི་ཉན་པ་ཡིན་གྱི། གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་པས། རྭ་འབྲོ་སོགས་ཀྱི་ཕྱག་ལེན་ལའང་ཡོད་པ་འདྲ་བས། ཇོ་ནང་བརྒྱུད་གི་སྲོལ་ཡང་མ་ཡིན་པ་འདྲ་ལགས། མཆན་བུ་འདི་ས་བཟང་པ་བླ་མ་བསོད་ནམས་དཔལ་གྱིས་བཏབ་པའོ།།» ༈ །།ས་བཟང་པ་བསོད་ནམས་དཔལ་གྱི་ཡང་ལེན། སླར་ཡང་མཆན་བུ་བཀོད་པའི་ལན་རྣམས་ལ་དཔྱད་ནས་ཞུ་བ་ནི། ཁོ་བོས་དྲངས་པའི་འགྲེལ་ཆེན་གྱི་ལུང་དེ་གཉིས་ལ། སྦྱོར་དྲུག་མ་ཐོབ་པར་རྒྱུད་འགྲེལ་ཉན་པའི་ལུང་མ་ལགས་གསུངས་པའང་མི་འཐད་དེ། སྒྲུབ་བྱེད་བཀོད་རྒྱུ་མི་འདུག་པའི་ཕྱིར་རོ། །ཁོ་བོ་ནི། ལུང་དང་པོས་སྦྱོར་དྲུག་མ་ཐོབ་ཀྱང་དབང་ཐོབ་ན་རྒྱུད་འགྲེལ་ཉན་རུང་དུ་བསྟན་ཏེ། དབང་གོང་མ་ཡན་ཐོབ་ཅིང༌། རྡོ་རྗེ་སློབ་དཔོན་དུ་དབང་མ་བསྐུར་བའི་སྐལ་ངན་དེས་རྒྱུད་ཉན་རུང་དུ་བཤད་པ་གང་ཞིག རྫོགས་རིམ་ཐོབ་པ་སྔོན་དུ་འགྲོ་མི་དགོས་པའི་ཕྱིར། དེ་ཐོབ་པ་སྔོན་དུ་འགྲོ་མི་དགོས་ཏེ། ཇི་ལྟར་སྐལ་པ་ངན་པའི་སེམས་ཅན་འདི་ནི་བསྒོམ་པ་ལ་སོགས་པ་ལ་འདི་དབང་བ་དང༌། རྒྱུད་ཉན་པའི་སླད་དུ་སྟེ་ཞེས་བཤད་ཀྱི། རྫོགས་རིམ་ཐོབ་པ་འདི་ནི་ཞེས་མ་བཤད་པའི་ཕྱིར། ལུང་གཉིས་པས་ཀྱང༌། དབང་ཐོབ་ན་སྦྱོར་དྲུག་མ་ཐོབ་ཀྱང་རྒྱུད་འགྲེལ་ཉན་རུང་དུ་བསྟན་ཏེ། དབང་ཐོབ་པའི་དགོངས་པ་རྒྱུད་འགྲེལ་ཉན་རུང་དུ་བཤད་པ་གང་ཞིག རྫོགས་རིམ་ཐོབ་པ་སྔོན་དུ་འགྲོ་བ་མི་དགོས་པའི་ཕྱིར། རྟགས་གྲུབ་སྟེ། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པ་དང༌། ལམ་ཡོངས་སུ་ཤེས་པ་དང༌། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ་ཞེས་གསུངས་ཀྱི། རྫོགས་རིམ་ཐོབ་པ་ནི་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ་ཞེས་མ་བཤད་པའི་ཕྱིར། མདོར་ན་ལུང་དེ་གཉིས་ལས། དབང་ཐོབ་ནས་རྒྱུད་ཉན་པར་བསྙོན་མེད་དུ་བསྟན་མོད། དེས་ངེས་པར་རྫོགས་རིམ་སྔོན་དུ་འགྲོ་མི་དགོས་པ་ལགས། ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་གསུངས་པའི་ཚིག་ལུང་མ་བསྟན་པ་འདིས། སོ་སྐྱེ་རྣམས་ཀྱིས་རྒྱུད་འགྲེལ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་འགོག་པ་ནི་མ་ལགས་མཆི། ཁྲིད་ཀྱི་དབང་བཞི་པའི་ཉམས་མྱོང་མེད་པར་དེའི་དོན་བཤད་ན་གསང་སྒྲོགས་སུ་འགྲོ་གསུངས་པའང༌། རང་ལ་ཉམས་མྱོང་མེད་པར་དོན་བཤད་ན་རང་ལ་གསང་སྒྲོགས་འབྱུང་ཞེས་པའི་ཚིག་འབྲེལ་མེད་འདི་དགེ་བཤེས་འགྲེས་པོའི་གསུང་ཡིན་མིན་ཁྱེད་རང་དཔྱོད་པར་ཞུ། གལ་ཏེ་ལ་དང་པ་གཉིས་ནོར་བ་ཡིན་ན་དེའང་མི་འཐད་དེ། སྔར་སྦྱོར་དྲུག་ཐོབ་མ་མྱོང་བའི་སློབ་མ་ཞིག་ལ། བླ་མས་སྦྱོར་དྲུག་བསྟན་པའི་ཚེ། སློབ་དཔོན་དེ་ལ་གསང་སྒྲོགས་ཀྱི་ལྟུང་བ་འབྱུང་བར་འགྱུར་ཏེ། ཁྲིད་ཀྱི་ཉམས་མྱོང་མེད་པ་ལ་དེའི་དོན་བཤད་པའི་ཕྱིར་རོ། །གཞན་ཡང་སྔར་དབང་གིས་མ་སྨིན་པའི་སློབ་མ་ཞིག་ལ་དབང་བཞི་པ་ངོ་སྤྲོད་པའི་ཚེ། སློབ་དཔོན་དེ་ལ་གསང་སྒྲོགས་ཀྱི་ལྟུང་བ་འབྱུང་བར་འགྱུར་ཏེ། དབང་བཞི་པའི་ཉམས་མྱོང་མེད་པ་ལ་དེའི་དོན་བཤད་པའི་ཕྱིར་རོ། །གཞན་ཡང༌། ཁྲིད་ཀྱི་ཉམས་མྱོང་ཞེས་པ། ཉམས་མྱོང་མཚན་ཉིད་པ་ལ་ཟེར་རམ། རྗེས་མཐུན་པ་ལ་ཟེར། དང་པོ་ལྟར་ན་སོར་སམ་ཙམ་ཐོབ་ཅིང༌། དུ་སོགས་ཀྱི་ལམ་ལ་གནས་ཙམ་དེ་ཡང༌། རྒྱུད་འགྲེལ་ཉན་དུ་མི་རུང་བར་འགྱུར་ཏེ། འགྲེལ་ཆེན་དུ། ཡན་ལག་དྲུག་ལས་སོར་སྡུད་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་ནི་ཞུགས་པ་ཞེས་བརྗོད་དེ། ཞུགས་པ་དེ་ལས་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། ཞེས་རྗེས་དྲན་གྱི་མཇུག ཏིང་ངེ་འཛིན་གྱི་ཐོག་མར་དབང་བཞི་པའི་ཉམས་མྱོང་སྐྱེ་བའི་མགོ་བཙུགས་ནས་ཏིང་ངེ་འཛིན་མཐར་ཕྱིན་པ་དང་དབང་བཞི་པའི་ཉམས་མྱོང་མཐར་ཕྱིན་པར་བཤད་པའི་ཕྱིར་རོ། །གཉིས་པ་ལྟར་ན། དབང་བཞི་པ་བསྐུར་བའི་ཚེ། དེའི་དོན་ཚིག་གི་སྒོ་ནས་ངོ་སྤྲད་པས་རྒྱུད་འགྲེལ་ཉན་རུང་དུ་འགྱུར་ཏེ། འགྲེལ་ཆེན་དུ། དེ་བཞིན་དུ་བཞི་པ་དུ་བ་ལ་སོགས་པའི་ལམ་སྦྱིན་པར་བྱ་ཞེས་པ་སྟེ། ཚིག་གི་བརྗོད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གསང་སྒྲོགས་ཀྱི་ལྟུང་བའང་ངོས་མ་ཟིན་ཏེ། འགྲེལ་ཆེན་དུ་རི་བོ་ཞེས་པ་བདུན་པར་འགྱུར་ཏེ། མ་སྨིན་པའི་མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ། གསང་བ་བྱིན་ལས་ཞེས་པ་བདེ་བ་ཆེན་པོ་བྱིན་པ་ལས་སློབ་དཔོན་རྣམས་ལ་ལྟུང་བའོ། །ཞེས་གསུངས་པས། དབང་མ་ཐོབ་པ་ལ་རྒྱུད་དང་ཁྲིད་འཆད་པ་ལ་བྱའི། དབང་ཐོབ་ན་ཁྲིད་མ་ཐོབ་པ་ལ་རྒྱུད་བཤད་པས་རྩ་ལྟུང་དུ་མི་འགྱུར་ཏེ། དབང་གིས་མ་སྨིན་པ་ཞེས་བཤད་ཀྱི་ཁྲིད་ཀྱིས་མ་སྨིན་པ་ཞེས་མ་བཤད་པའི་ཕྱིར་རོ། །ཨ་ཙ་ལ་གརྦྷ་ཚིག་ཇི་ལྟ་བ་བཞིན་ཡོད་པ་མ་ལགས། སྤྱིར་ལུང་ལ་ཚིག་ཇི་ལྟ་བ་བཞིན་དྲངས་པ་དང་དོན་བླངས་ཏེ། ཉུང་ངུར་བྲིས་པ་གཉིས་འབྱུང་བ་བསྟན་བཅོས་པ་རྣམས་ཀྱི་ལུགས་ལགས་མོད། དེ་ཡིན་མ་ཡིན་བསྟན་བཅོས་གཞན་ལའང་གཟིགས། རྣལ་འབྱོར་པར་མ་ཟད་གཞན་བྱིས་པའི་མཁས་པ་ཁྱིམ་པ་ལ་སོགས་པ་ཞེས་གསུངས་པའང་སྦྱོར་དྲུག་མ་ཐོབ་པར་ཉན་པ་ལ་དབང་བའི་ལུང་དུ་མི་འགྲོ་གསུངས་པའང་མི་འཐད་དེ། གོང་དུ། དུ་སོགས་ལ་གནས་པའི་རྣལ་འབྱོར་པ་དང་ཞེས་བཤད་ནས། འོག་ཏུ་དེར་མ་ཟད་ཅེས་འབྱུང་བས་འོག་མ་དུ་སོགས་ལ་མི་གནས་པ་ཤུགས་ཀྱིས་བསྟན་པ་ལགས། པདྨ་ཅན་གྱི་ལུང་གི་དོན་ཡང༌། དབང་ཐོབ་ཅིང་རྩ་རྒྱུད་དམ། བསྡུས་རྒྱུད་སྔར་ཐོས་པའམ། དབང་ཐོབ་ཅིང་ཁྲིད་ཐོབ་པ་དེས་ཉན་པར་བསྟན་གྱི། གཞན་དུ་ན་ཐོག་མར་རྒྱུད་ཉན། དེ་ནས་དབང༌། དེ་ནས་ཁྲིད། དེ་ནས་འགྲེལ་པ་ཉན་པའི་ལུང་དུ་འགྱུར་ཏེ། དཀའ་འགྲེལ་པདྨ་ཅན་ནས། དེ་ལྟ་བརྒྱུད་པའི་འགྲེལ་གང་ཡིན་པ་དེ་གང་ལ་བསྟན་དུ་རུང་ཞེ་ན། རྒྱུད་འདི་ཐོས་སམ་རྒྱལ་བས་གསུངས་པའི་ཆོ་གས་བླ་མེད་དབང་ནི་བླངས་ནས་སུ། ཞེས་བྱ་བ་ལ། རྒྱུད་འདི་ཞེས་བྱ་བ་འདི། རྩ་བའི་རྒྱུད་དེ་སྔོན་དུ་ཐོས་པའམ། ཡང་ན་བསྡུས་པའི་རྒྱུད་ཐོས་ནས། དབང་གི་ལེའུ་ལས། དེ་བཞིན་གཤེགས་པའི་ཞེས་སོགས། ཁྱེད་རང་གིས་དྲངས་པའི་ལུང་གསུངས་པའི་ཕྱིར་རོ། །ནས་དང་སླད་ཡང་གང་འབྲེལ་རྩོད་གཞིར་གདའ་བས་དགོངས་མཆི། ཕྱོགས་རྒྱལ་བས་བཤད་པའང་སྔར་བཞིན་ལུང་དུ་མི་འགྲོ་གསུངས་པའང་མི་འཐད་དེ། གོང་དུ་ལུང་རིགས་ཀྱི་ཤེས་བྱེད་མ་བཀོད་པས་གོང་དུ་གང་དང་འབྲེལ། ཁྱད་གཞི་རི་བོང་གི་རྭ་མ་གྲུབ་པས་ཁྱད་ཆོས་སྦོམ་ཕྲ་མི་འཐད་པ་ལྟར་རོ། །དུས་ཞབས་པས་བཤད་པའི་ཕྱིར། རྭ་འབྲོ་ཡང་བཞེད་པ་འདྲ་གསུང་བ། ཐལ་རྟགས་དོས་ཆད་དུ་སོང་གདའ་ལགས།།  །།ཤུ་བྷཾ།།  །། «༄། །ལོཙྪ་བ་རྡོ་རྗེ་དཔལ་གྱི་དྲིས་ལན་བཞུགས་སོ།།»  ༈ །ཨོཾ་སྭ་སྟི། མཁྱེན་དང་བརྩེ་བའི་རང་བཞིན་ཅན། །དཔལ་ལྡན་བླ་མར་གུས་བཏུད་ནས། །མཁས་པའི་དབང་པོ་ལོཙྪ་བས། །ཇི་ལྟར་དྲིས་པའི་ལན་བརྗོད་བྱ། །དེ་ལ་དྲི་བ་དང་པོ་བྱང་སེམས་སོ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པ། ཞེས་པའི་བདེ་བ་ཆེན་པོའི་ངོ་བོ་ནི་ཇི་ལྟ་བུ་ཞེས་པ་ནི། འདི་ལ་སློབ་དཔོན་བྷ་བ་བྷ་དྲའི་འགྲེལ་པར། བདེ་བ་ཆེན་པོ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོའི་གནས་པ་ལས་གཞན་དུ་མི་འགྲུབ་པའི་ཕྱིར་རོ། །ཞེས་འཆད་པ་དང༌། ཌཾ་ཀ་དཾ་ཤས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ་འཆད་པ་དང༌། བོད་ཁ་ཅིག ཀུནྡ་བྱང་སེམས་དང༌། ཧཾ་ཡིག་སོགས་ལ་འཆད་པ་ནི་ཆེས་མི་རིགས་ཏེ། རྒྱུད་རྩ་བཤད་གཉིས་ཀར། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་ཞེས་རྩ་རེ་ལ་བྱང་སེམས་རེ་འབབ་པར་བཤད་པ་དང་འགལ་ཞིང༌། ཟག་མེད་ཀྱི་བདེ་བ་སོགས་སུའང་མི་རིགས་ཏེ། རྩ་འདི་རྣམས་ལས་བྱུང་བའི་ཁམས་ནི། མི་ཕྱེད་མ་ནི་སྤྱི་བོར་གནས། །སོ་དང་སེན་མོ་འབབ་པར་བརྗོད། །ཅེས་སོགས་ཐ་མལ་གྱི་ལུས་བསྐྱེད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་རང་ལུགས་ལ་བདེ་བ་ཆེན་པོའི་ངོ་བོ་ནི་སོ་དང་སེན་མོ་ལ་སོགས་པ་བསྐྱེད་པའི་ཁམས་སོ་གཉིས་པོ་དེ་ཡིན་པར་དཔལ་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་དེ། རྒྱུད་ལས། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་གསུངས་པའི་ཕྱིར་ན་ཡང་དག་པའི་ལུགས་སོ། །འོ་ན་ཁམས་དེ་རྣམས་ལ་བདེ་ཆེན་ཞེས་འདོད་པའི་རྒྱུ་མཚན་ཅི་ཞེ་ན། རྣལ་འབྱོར་པས་རྫོགས་རིམ་བསྒོམ་པའི་ཚེ་ལམ་འདི་རྣམས་ལ་བརྟེན་ནས་ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་ལ། ཡེ་ཤེས་དེའི་རང་བཞིན། གཞོན་ནུའི་དགའ་བ་ཇི་ལྟའམ། ལྐུགས་པའི་རྨི་ལམ་ཇི་ལྟ་བའོ། །མིང་དུ་གདགས་པ་དང་བྲལ་བའི་ཕྱིར་འདིར་རྟེན་ལ་བརྟེན་པའི་མིང་གིས་བཏགས་པར་ཟད་དེ། རྒྱུད་ལས། དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བདེ་བ་ཆེན་པོའི་གནས་སུ་ཞེས་པའི་གནས་དེ་གང་ལ་ངོས་འཛིན་ཞེས་པ་ནི། འདི་ལ་སློབ་དཔོན་ཤཱནྟི་པའི་འགྲེལ་པར། བདེ་བ་ཆེན་པོའི་གནས་ནི་མགོ་བོའི་དབུས་ལས། དེ་ལྔ་པའི་དོན་ལས་བདུན་པའོ། །དེ་ལས་འཛག་པ་ནི་འབབ་པ་སྟེ། དཔེར་ན་རི་བོ་ལ་ཆུ་འབབ་པ་བཞིན་ནོ། །དེ་ལྟར་མགོ་བོའི་དབུས་ལས་བྱང་ཆུབ་ཀྱི་སེམས་འཛག་གོ །ཞེས་སྤྱི་བོ་ཁོ་ན་ལ་འཆད་པ་ནི་རྣམ་པར་མི་རིགས་ཏེ། བཤད་པའི་རྒྱུད་ལས། མི་ཕྱེད་མ་ནི་སྤྱི་བོར་གནས། །ཞེས་སོགས་ཀྱི་རྩ་སོ་གཉིས་པོ་རྣམས་སྤྱི་བོ་ནས་རྐང་པའི་བར་ཐམས་ཅད་ལ་ཁྱབ་པར་བཤད་པ་དང་འགལ་ཞིང༌། སྤྱི་བོར་རྩ་སོ་གཉིས་པོ་ཐམས་ཅད་གནས་པར་བཤད་པ་མེད་པའི་ཕྱིར་རོ། །གལ་ཏེ་སྤྱི་བོའི་རྩ་འདབ་སོ་གཉིས་ནི་འདིར་བསྟན་པའི་རྩ་སོ་གཉིས་པོ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འདིར་བསྟན་པའི་རྩ་སོ་གཉིས་ནི། མི་ཕྱེད་མ་ལ་སོགས་པའི་མིང་ཡོད་ལ། སྤྱི་བོའི་རྩ་འདབ་སོ་གཉིས་ནི། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །འདོད་མ་འདོད་སྤྱོད་ཚེ་ལུས་ལ། །ཟླ་ཐུང་ཟླ་ལྟ་མཛོད་མ་དང༌། །སྐད་སྙན་ལྐུགས་མ་དཱུར་བ་མ། །ཅེ་སྤྱང་རྒྱ་མ་སྐམ་པ་མ། །མེ་མ་སྔོན་མོ་ཟླ་བ་མ། །གང་མ་གཉིས་མ་གཉིས་སྐྱེས་མ། །ཆང་འཚོང་ཆང་སྟེར་བདུད་རྩི་མ། །དུ་མ་དང་ནི་དུང་རྣ་མ། །དུ་མིག་མ་དང་དུ་སྣ་མ། །མཐུས་ཆུག་མ་དང་མཐུ་སེར་མ། །མཐུ་རྨོངས་མ་དང་མཐུ་རྒྱབ་མ། །འགྱིང་མ་དང་ནི་རི་རྟེན་མ། །སུམ་ཅུ་རྩ་གཉིས་ཐོད་པའི་གནས། །ཞེས་གསུངས་པའི་ཕྱིར་རོ། །འདིར་རང་ལུགས་ལ། རྗེ་བཙུན་སྐུ་མཆེད་ཀྱིས། བདེ་བ་ཆེན་པོའི་ཞེས་བྱ་བ་ནི་ལྟེ་བའམ་གསང་གནས་སུ་འཛག་པ་ཡིན་ནོ། །ཞེས་གསུངས་པས་རང་བྱིན་བརླབས་ཀྱི་ཚེ་ལྟེ་བར་གནས་ཏེ། ཀུ་མུ་ཏི་ལས། ཟག་པ་དང་བཅས་པའི་ཡུལ་རྣམས་ལས་བྱུང་བའི་བདེ་བ་རྣམས་ལས་ཆེ་བ་ནི་བདེ་བ་ཆེན་པོ་སྟེ། དེའི་གནས་ནི་ལྟེ་བའི་དཀྱིལ་འཁོར་ཞེས་བཤད་པ་དང་མཐུན་ནོ། །དཀྱིལ་འཁོར་འཁོར་ལོའི་ཚེ་གསང་གནས་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། འདིར་བདེ་བ་ཆེན་པོ་ནི་བདེ་བ་ཆེན་པོ་ཡང་དག་པར་རིགས་པའི་ཕྱིར་གསང་བའི་འཁོར་ལོ་ཡིན་ལ། ཞེས་བཤད་པ་དང་མཐུན་ནོ། །གནས་འདི་གཉིས་ལ་བདེ་བ་ཆེན་པོའི་གནས་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། རྒྱུད་ལས། བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །ཞེས་གསུངས་ལ། འདིའི་རཀྵི་ཏའི་སྒྲ་ལས། དང་པོ་བདེ་བ་མ་སྐྱེས་པ་སྐྱེས་པར་བྱེད་པ་དང༌། བར་དུ་སྐྱེས་པ་སྐྱོང་བ་དང༌། མཐར་མི་ཉམས་པར་བསྲུང་བས་ན་བདེ་བ་ཅན་ནོ། །ཞེས་བླ་མ་ཆོས་ཀྱི་རྒྱལ་པོ་བཞེད་དོ། །གསུམ་པ་གོང་གི་ལེའུ་དང་པོར་རྩ་སོ་གཉིས་ཀྱི་གསལ་བ་མིང་གི་རབ་དབྱེའི་སྐབས་སུ། སཾ་ཊིར། མི་ཕྱེད་མ་ལ་སོགས་པ་སྤྱི་བོ་ལ་སོགས་པ་ནས་སྙིང་གའི་བར་དུ་གནས་པར་གསུངས་ཤིང༌། རོ་རྐྱང་ཀུན་འདར་གསུམ་བདག་མེད་མས་མི་ཕྱེད་མ་ནས་གཏུམ་མོའི་བར་རིམ་བཞིན་རྩ་གཉིས་གཉིས་རྡོ་རྗེ་མ་ནས་མཁའ་ལ་སྤྱོད་མའི་བར་གྱིས་ལུགས་འབྱུང་དུ་སྦྱོང་བར་གསུངས་ལ། ཕྱི་མའི་བཞི་པའི་འཕོ་བའི་སྐབས་སུ་དཀར་ཕྱོགས་ལ་སྐྱེས་པའི་རྐང་པ་གཡས་པའི་མཐེ་བོང་ནས། སྤྱི་གཙུག་གི་བར་གཏུམ་མོ་ནས་གཞོལ་མའི་བར་ལུགས་བཟློག་དང༌། ནག་ཕྱོགས་ལ་གཡོན་པའི་ཐེ་བོང་ནས་སྤྱི་གཙུག་གི་བར་མི་ཕྱེད་མ་ནས་ཚ་བ་མའི་བར་ལུགས་འབྱུང་དང༌། བུད་མེད་ལ་དེ་དག་གོ་ལོག་སྟེ་བགྲོད་པའི་རྒྱུ་མཚན་ཅི་ཡིན་ཞེས་པ་ནི། དྲི་བ་འདི་ལ་ཅུང་ཟད་དཔྱད་པར་བྱ་སྟེ། བརྟག་པ་དང་པོར་རྩ་སོ་གཉིས་པོ་ལྷ་མོ་རྣམས་ཀྱིས་ལུགས་འབྱུང་དུ་སྦྱོང་བར་བཤད་པ་དང༌། ཕྱེ་མར་ལུགས་བཟློག་ཏུ་སྦྱོང་བར་བཤད་པ་གང་ཡིན་འདྲི་བ་ཡིན་ན་ནི། ས་བགྲོད་ཚུལ་དང༌། འཕོ་བའི་དབང་གིས་མི་འདྲ་བར་བསྟན་པ་ཡིན་ཏེ། རྗེ་བཙུན་སྐུ་མཆེད་ཀྱིས། དེ་ལྟར་ན་ས་བགྲོད་པའི་གནས་དང༌། རྩའི་འཕོ་བའི་གནས་ཀྱི་སྡོད་ས་མི་འདྲ་བ་དེ་མི་འགལ་ལམ་ཞེ་ན་མི་འགལ་ཏེ། དཔེར་ན་རྒྱལ་པོ་ཆེན་པོའི་ཕོ་བྲང་དང༌། དེས་མངའ་རིས་སོ་སོ་ལ་ལོངས་སྤྱོད་པའི་ཚུལ་དང་འདྲའོ། །ཞེས་བཤད་པའི་ཕྱིར་རོ། །ཡང་དཀར་ཕྱོགས་ལ་སྐྱེས་པའི་གཡས་དང༌། བུད་མེད་ཀྱི་གཡོན་ནས་བགྲོད་པའི་རྒྱུ་མཚན་འདྲི་བ་ཡིན་ན། དེ་ནི་ཐབས་ཤེས་རབ་ཀྱི་དབྱེ་བ་ལས་གཞན་མ་ཡིན་ཏེ། སྡོམ་འབྱུང་ལས། གཡོན་པར་ཨཱ་ལི་ཟླ་བ་སྟེ། །ཕྲ་བ་ཡི་ནི་ངོ་བོ་ཉིད། །གཡས་པར་ཀཱ་ལི་ཉི་མ་སྟེ། །རགས་པ་ཡི་ནི་རང་བཞིན་ནོ། །ཞེས་གསུངས་པའི་རིགས་པས་སོ། །བཞི་པ་རྐང་པའི་མཐེ་བོང་གཡས་གཏུམ་མོ་དང༌། གཡོན་མི་ཕྱེད་མ་གཉིས་མཁའ་སྤྱོད་མས་སྦྱང་ཞིང༌། ཚུལ་དེ་བཞིན་དུ་ལྷ་མོ་རྣམས་ཀྱི་ལུགས་བཟློག་ཏུ་སྦྱོང་བར་བཤད་པ་རྣམས་ལ་རྩ་རྣམས་ཀྱི་གནས་ཚུལ་དང༌། དེ་རྣམས་སྦྱོང་བར་བྱེད་པའི་ལྷ་མོ་སོགས་གོ་རིམ་ཕལ་ཆེར་འཁྲུགས་པས་འགལ་སྤོང་ཇི་ལྟར་བགྱིད་ཅེས་པ་ནི། རྐང་པ་གཡས་གཡོན་ལ་སོགས་པའི་གནས་རྣམས་ལ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཁམས་དྭངས་མ་རེ་གནས་ལ། དེ་དག་མཁའ་སྤྱོད་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་སྦྱངས་པས། སྤྱི་བོར་གནས་པའི་མི་ཕྱེད་མ་ལ་སོགས་པའི་རྩ་རྣམས་ཀྱང་སྦྱངས་པ་ཡིན་གྱི། མི་ཕྱེད་མ་མཐེ་བོང་སོགས་ལ་གནས་དགོས་པ་ནི་མ་ཡིན་ཏེ། རྗེ་བཙུན་སྐུ་མཆེད་ཀྱིས་རྐང་པ་གཡོན་པའི་མཐེ་བོང་ནས་གཡས་པའི་མཐེ་བོང་གི་བར་རིམ་པ་བཞིན་མི་ཕྱེད་མ་ནས་གཏུམ་མོའི་བར་རྩ་སུམ་ཅུ་རྩ་སོ་གཅིག་པའི་ནུས་པ་གནས་པ་སྟེ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་མཐེ་བོང༌། བྱིན་པ། བརླ། གསང་གནས། ལྟེ་བ་སོགས་རྣམས་ལ་མི་ཕྱེད་མ་སོགས་རྩ་རྣམས་ཀྱི་ནུས་པ་གནས་པ་ཡིན་གྱི། རྩ་དེ་ཉིད་གནས་པ་ནི་མ་ཡིན་ཏེ། རྐང་པའི་བོལ་ལ་བསྐུ་མཉེ་བྱས་ན་མིག་བདེ་བར་འགྱུར་བ་དང༌། ལྟེ་བར་བསྐུ་མཉེ་བྱས་ན་རྣ་བ་བདེ་བར་འགྱུར་བར་བཤད་པ་ལྟ་བུའོ། །ལྔ་པ་རྩ་སོ་བདུན་དང༌། བྱང་སེམས་སོ་བདུན་ལ་སྦས་པའི་རྩ་ལྔ་དང༌། དེའི་བྱང་སེམས་ལན་གཉིས་བགྲངས་ན་ཟློས་ལ། འོན་ཏེ་གཞན་བགྲངས་ན་གང་ལགས་ཞེས་པ་ནི། དཔལ་ས་སྐྱ་པ་རྗེས་འབྲང་དང་བཅས་པ་རྣམས། རྩ་སོ་གཉིས་ལས་གཞན་པའི་སྦས་པའི་རྩ་ལྔ་ཞེས་པ་མི་བཞེད་པས་ཟློས་པའི་སྐྱོན་མེད་ལ། རྒྱུ་མཚན་གཞན་རྣམས་འོག་ཏུ་འཆད་དོ། །དྲུག་པ་ཉ་ལ་ཉིན་མཚན་གཉིས་སུ་འབྱེད་པའི་དོན་ཆ་བཅུ་དྲུག་པའི་དོན་དུའོ་ཞེ་ན། ཀུན་འདར་ཀྱི་སྟེང་དུ་གནས་པར་གསུངས་པས། དེ་བདག་མེད་མའི་སྦྱང་བྱར་མི་འགྱུར་བས་སོ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། མཚན་མོ་གང་ཡིན་ཉིན་གང་ཡིན། །མཚན་མོ་བདག་གིས་བཤད་པར་བྱ། །མཚན་མོ་ཤེས་རབ་ཏུ་ནི་གྲགས། །ཤེས་རབ་མཚན་མོ་ཡིན་པར་འགྱུར། །ཞེས་དང༌། ཉིན་མོ་ཐབས་སུ་གྲགས་པ་སྟེ། །ཐབས་ནི་ཉི་མ་ཡིན་པར་འགྱུར། །ཞེས་གསུངས་པས་ཐབས་ཤེས་ཀྱི་དབང་དང༌། ཆ་བཅུ་དྲུག་བའི་ཕྱིར་ཉིན་མཚན་གཉིས་སུ་འབྱེད་པ་ཡིན་ལ། དེ་ཀུན་འདར་གྱི་སྟེང་ན་གནས་པས་ཡུམ་གྱི་སྦྱང་བྱར་མི་འགྱུར་ཏེ། ཀུན་འདར་གྱི་ཡར་སྣ་ནི་སྨིན་མཚམས་ཡིན་ལ། དེ་ལས་ལྷག་པར་ཡོད་པར་མ་གསུངས་པས། འདིར་ཡར་ངོ་ལ་ཀུན་འདར་གྱི་སྟེང་སྤྱི་གཙུག་ཨཿཚེག་དྲག་ཅན་རྣམ་པར་གནས་ནས་ཀུན་འདར་ལ་ཐིམ་ཞིང་མར་ངོ་ལ་ཧཱུྃ་གི་རྣམ་པས་བདུད་འདྲལ་མ་ལ་ཐིམ་པ་ཡིན་གྱི། གཉིས་ཀ་ཀུན་འདར་ལ་ཐིམ་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང༌། འཕོ་བ་གཉིས་དང་རྩ་བཞི་དང༌། །ཚེས་དང་ལྷན་སྐྱེས་ཡི་གེ་གཅིག །གནས་གཅིག་ན་ནི་གཉིས་མེད་བཞུགས། །ཞེས་གསུངས་པས་སོ། །ས་སྤྱོད་མཁའ་སྤྱོད་གཉིས་བྲི་བྱ་ལ་ཤར་ནུབ་ཏུ་འབྲི་བ་ལྟར། བསྒོམ་བྱ་ལའང་དེ་བཞིན་བྱས་ན་སྐྱོན་ཅི་ཡོད་ཅེས་པ་ནི། འདི་ལ་གནས་དྲུག་པ་སོགས་ཁ་ཅིག་ཤར་ནུབ་ཀྱི་པདྨ་གཉིས་ལ་ལྷ་མོ་གཉིས་གཉིས་བཞུགས་པར་འདོད་པ་དང༌། ཁ་ཅིག་སྒོ་གཉིས་སུ་ལྷ་མོ་གཉིས་འགོད་པར་འདོད་པ་ནི་རྣམ་པར་འཁྱམས་ཏེ། སམྦུ་ཊའི་བདག་མེད་མའི་སྐབས་ནས། དེ་ཉིད་གསུམ་གྱི་རང་བཞིན་བདག །མཁས་པས་དབུས་སུ་བསྒོམ་པར་བྱ། །ཞེས་དང༌། འོག་ནས་འབྱུང་བའི་ལུང་རྣམས་དང་འགལ་བའི་ཕྱིར་རོ། །ཁ་ཅིག སཾ་ཊིར། སྲིད་དང་ཞི་བའི་རང་བཞིན་གྱིས། །ངོས་སུ་བསྒྱུར་མ་འདི་དག་གནས། །ཞེས་བཤད་ལ། ངོས་ཀྱི་སྐད་དོད་ལ་པར་ཤུ་ཞེས་པ་ཡོད་ཅིང༌། དེ་རྩིབ་ལོགས་ལ་འཇུག་པས། གཙོ་མོའི་གཡས་གཡོན་གཉིས་སུ་བསྒོམ། ཞེས་འདོད་པའང་མུན་སྤྲུལ་ཏེ། སྒྲ་དེ་རྩིབ་ལོགས་ཁོ་ན་ལ་འཇུག་པ་མ་ཡིན་པ་སྤྱིར་ལོཙྪ་བ་ཆེན་པོ་རྣམས་ཀྱིས་ཀྱང་ངོས་སུ་བསྒྱུར་ལ། དེའང་ཤར་ནུབ་དང༌། གཡས་གཡོན་དང་སྟེང་འོག་གི་ངོས་རྣམས་ལ་འཇུག་པ་ལས། འདིར་སྟེང་འོག་གི་ངོས་ཡིན་པར་དྲི་མ་མེད་པའི་ལུང་གིས་གྲུབ་ཅིང༌། སུམ་བསྒྲིགས་སུ་བསྒོམ་པ་ཡིན་ན། རྒྱུད་ལས། གསང་གསུམ་འཁོར་ལོའི་དབུས་སུ་ནི། །སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །སྟེང་དང་འོག་དང་དབུས་གནས་ཀྱི། །འཁོར་ལོའི་དབུས་སུ་རྣམ་པར་གནས། །ཞེས་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་དེ་ནི་ལུས་ཀྱི་དཀྱིལ་འཁོར་ལ་དགོངས་པའོ་སྙམ་ན། བླ་མ་གོང་མས་ཕྱིའི་དཀྱིལ་འཁོར་ལ་བཤད་པ་དང༌། སློབ་དཔོན་བྷ་ཝ་བྷ་དྲས་ཀྱང༌། འཁོར་ལོའི་དབུས་སུ་རྣམ་པར་གནས། །ཞེས་པ་ལ། འཁོར་ལོ་ནི་དཀྱིལ་འཁོར་ཏེ་དེའི་དབུས་སུའོ། །ཞེས་དང༌། འོག་ཏུ་ས་སྤྱོད་མ་ཞེས་པ་ནི། བསྒོམ་པ་ལའོ། །འབྲི་བ་ན་ཕྱི་རོལ་གྱི་སྒོའི་འཕར་མའི་ནང་དུའོ། །སྟེང་དུ་མཁའ་སྤྱོད་མ་ཞེས་པ་ནི་བསྒོམ་པའོ། །འབྲི་བ་ལ་ཤར་སྒོའི་ནང་དུའོ། །ཡང་རྒྱུད་ཀྱི་ཕྱིའི་དཀྱིལ་འཁོར་གྱི་སྐབས་ནས། འོག་ཏུ་ས་སྤྱོད་མ་ཞེས་བརྗོད། །སྟེང་དུ་མཁའ་སྤྱོད་མ་ཞེས་གནས། །ཞེས་དང༌། གུར་ལས། སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། །འོག་ཏུ་དེ་བཞིན་ས་སྤྱོད་མ། །དབུས་སུ་བདག་མེད་མཁའ་འགྲོ་མ། །མཁའ་འགྲོའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་གསལ་བར་བཤད་པ་རྣམས་དང་འགལ་ཞིང་ལུས་ལ་སྙིང་གའི་ནང་སྐོར་གྱི་ཤར་ནུབ་ཀྱི་རྩ་འདབ་གཉིས་ལ་འགོད་པ་ཡིན་གྱི། ལྟེ་བ་དང་མགྲིན་པ་གཉིས་ལ་བཤད་པ་མེད་པའི་ཕྱིར་རོ། །འོ་ན་རྒྱུད་ཕྱི་མར། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང༌། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་མ་གསུངས་སམ་ཞེ་ན། གཞུང་འདི་ནི་འཁོར་ལོ་དང༌། སྐུ་དང༌། སྡེ་པ་ལ་སོགས་པ་ཕྱི་རོལ་གྱི་ཆོས་ཐམས་ཅད་ནང་དུ་ཚང་བ་བརྩི་བ་ལས། སྐུ་བཞི་དང་གནས་བཞི་སྦྱོར་བ་ཡིན་པར་རྒྱ་བོད་ཀྱི་འགྲེལ་བྱེད་མཁས་པ་རྣམས་ཀྱིས་མ་བཤད་ལ། ལུས་དཀྱིལ་གྱི་གཞུང་དུ་འདོད་པ་ནི། ཁོ་བོ་ཅག་ལ་རྒྱུད་འདིའི་ཆ་ཡོད་རེ་སྐན་ནོ། །ཞེས་མནའ་འབོར་བར་བྱེད་པའི་གསང་ཚིག་ཡིན་ནོ། །དེ་བས་ན་རང་གི་ལུགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་བཞུགས་ཤིང་དེའི་ལྟེ་བར་པདྨའི་སྡོང་བུའི་རྩ་བའི་མདུན་དུ་ས་སྤྱོད་མ་དང༌། དེའི་སྟེང་དུ་པད་འདབ་བརྒྱད་དམ་བཞི་ལ་དབུས་སུ་བདག་མེད་མ་སོགས་ནང་མ་ལྔ་དང༌། གཙོ་མོའི་སྟེང་དུ་མཁའ་སྤྱོད་མ་རྣམས་བཞུགས་པ་ཡིན་ནོ། །འོ་ན་པདྨའི་སྡོང་བུ་ནི་དུས་ཀྱི་འཁོར་ལོར་བཤད་མོད་ཀྱི། དེ་ནི་རྣམ་བཞག་གཞན་ཡིན་ལ། འདིའི་རྒྱུད་འགྲེལ་དག་ལས་ནི་མ་བཤད་ཅིང༌། པདྨ་སྡོང་བུ་དང་བཅས་པ་ཡིན་ན་ཐིག་གསུངས་པ་དོན་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འགྲེལ་པ་ཁ་སྦྱོར་ལས། འོག་གི་སྒྲས་པདྨའི་རྩེ་མོ་དང༌། རྩ་བ་དག་གི་འོག་ཏུ་གནས་པའི་ཕྱིར་ས་སྤྱོད་མ་སྟེ། དེ་བཞིན་དུ་སྟེང་དུ་མཁའ་སྤྱོད་མའོ། །ཞེས་སྡོང་བུ་དང་བཅས་པའི་པདྨ་གསུངས་ཤིང༌། ཐིག་གསུངས་པ་དོན་མེད་པ་མ་ཡིན་ཏེ། བྲི་བྱ་ལ་སྡོང་བུ་བྲིས་མེད་པའི་ཕྱིར་རོ། །གལ་ཏེ་གཞལ་ཡས་ཁང་གི་དཔངས་ལ་སུམ་བརྩེགས་མི་རྫོགས་སོ་ཞེ་ན། མ་ཡིན་ཏེ། གཞལ་ཡས་ཁང་ལ་རྒྱ་དཔངས་མཉམ་པོར་འདོད་པ་དང༌། རྒྱ་ཕྱེད་དཔངས་སུ་འདོད་པ་གཉིས་ལས། དང་པོ་ལྟར་ན་ནི། ཤིན་དུའང་རྫོགས་མོད་ཀྱི། ལུགས་དེ་ལ་ལུང་རིགས་ཀྱི་གནོད་པ་དུ་མ་འབབ་པས་ལེགས་པ་མ་ཡིན་ལ། གཉིས་པ་ལྟར་ནའང་རྫོགས་ཏེ། དཀྱིལ་འཁོར་ཤར་ནུབ་ཀྱི་སྒོ་ནས་སྒོའི་བར་ལ་ཆ་ཆེན་བརྒྱད་དང༌། དཔངས་ཆ་ཆེན་བཞི་ཡོད་པ་ལས། སྟེང་འོག་ལྷ་མོ་གཉིས་པད་གདན་དང་བཅས་པ་ལ་ཆ་ཆེན་རེ་རེ་དང༌། རྩེ་མོ་ལ་དེ་ཕྱེད་དང་ཉིས་འགྱུར་དུ་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྡོ་རྗེ་རྩེ་མོ་ལས། བསྐལ་པ་ཆེན་པོ་ཞིང་གི་དབུས། །དཀྱིལ་འཁོར་ཤིན་ཏུ་གདུགས་སྟེང་དུ། །དཔག་ཚད་སྟོང་ཕྲག་བརྒྱད་ཅུ་ཡི། །རྡོ་རྗེ་སེང་གེའི་ཁྲི་བྱུང་གྱུར། །ཀུན་ནས་ཕྱོགས་རྣམས་བཞི་དག་ཏུ། །དཔག་ཚད་སྟོང་ཕྲག་དྲུག་ཅུ་ལྡན། །རྡོ་རྗེ་རིན་ཆེན་རང་བཞིན་མཛེས། །སེང་གེའི་ཁྲི་ནི་བཞི་བྱུང་གྱུར། །ཞེས་གསུངས་པའི་རིགས་པས་སོ། །འོ་ན་རྗེ་བཙུན་གྱིས། གཞལ་ཡས་ཁང་གི་ཐོག་དཔངས་ལྷའི་དབུ་ཡི་སྟེང་ནས་ཁྲུ་རེས་མ་རེག་པར་བཤད་པ་དང་འགལ་ཞེ་ན། དེ་ནི་བདེ་མཆོག་གི་འཁོར་ལོའི་དབང་དུ་བྱས་པ་སྟེ། སྒྲུབ་ཐབས་དེ་ཉིད་དུ། འཁོར་ལོའི་དཔངས་ནི་ལྷ་སོ་སོའི་དབུའི་སྟེང་ན་ཡར་ཁྲུ་རེས་འཕགས་པ་ཡིན་ལ་ཞེས་གསུངས་པའི་ཕྱིར་རོ། །གཞན་དུ་ན། ལྷ་སོ་སོའི་ཞེས་པའི་ཚིག་བཤད་དུ་མི་རུང་སྟེ། གཙོ་འཁོར་རྣམས་ཁྲུ་མི་མཉམ་པའི་ཕྱིར་རོ། །གཞན་ཡང་ཆ་ཆེན་རེ་ལ་གཙོ་བོའི་ཁྲུ་རེར་བོད་ཀྱི་བླ་མ་རྣམས་བཞེད་ལ། གཞལ་ཡས་ཁང་གི་ཐོག་དཔངས་ལ་ཆ་ཆེན་བཞི་ལས་མེད་པའི་ཕྱིར་ལྷའི་སྐུ་ལུས་ལ་རང་གི་ཁྲུ་རེ་ལས་མེད་པའི་སྐྱོན་ཡོད་དོ། །བརྒྱད་པའི་སམྦུ་ཊར། ལུས་ཅན་སྙིང་གི་དཀྱིལ་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །ཞེས་པ་ཙམ་ལས་མ་གསུངས་ལ། སུམ་སྐོར་མ་སོགས་ལྔ་པོ་ལ་ངོས་འཛིན་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེས་པ་ནི། རྩ་དེ་ལྔ་ལ་སྦས་པའི་རྩ་ལྔར་ངེད་མི་འདོད་པས། དེའི་རྒྱུ་མཚན་འདོད་མཁན་རྣམས་ལ་གསུང་རྒྱུ་ཡིན་ནའང༌། འདིར་ཅུང་ཟད་བཤད་ན། སམྦུ་ཊའི་དྲུག་པའི་རབ་བྱེད་གཉིས་པར། མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདིར་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱི་གཞི་ལ་ཡང༌། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེས་སོན་པའི། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གའི་དཀྱིལ་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །ཞེས་པའི་དོན་ལ། ཁ་ཅིག་སུམ་སྐོར་མ་སོགས་ནང་སྐོར་གྱི་རྩ་ལྔ་ཡིན་པར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་བཤད་དོ་ཞེས་ཟེར་བ་ནི་མ་ངེས་པ་སྟེ། བདག་མེད་བསྟོད་འགྲེལ་ལས། སྦས་པའི་རྩ་ལྔ་ནི་གནས་སྙིང་ག་ན་གནས་ཏེ། ཡང་དག་པར་སྦྱོར་བ་ལས། ལུས་ཅན་སྙིང་གི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །ཞེས་བཤད་པའི་ཕྱིར་རོ། །བདུད་འདྲལ་མ་ནི་དེ་དག་གི་རྒྱབ་ཀྱི་ཆ་ལ་བརྟེན་ནོ་ཞེས། རྩ་ལྔ་བདུད་འདྲལ་མ་དང་བཅས་པ་ས་བཅུ་གསུམ་པའི་སྦྱང་གཞི་དང༌། སུམ་སྐོར་མ། འདོད་མ། ཁྱིམ་མ། གཏུམ་མོ་སྟེ་རྩ་བཞིའོ། །སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་སྐོར་གྱི་རྩ་འདབ་བཞི་ལས། ཕྱི་སྐོར་བརྒྱད་དུ་གྱེས་པའི་མཚམས་ནས་རླུང་དང་བདུད་རྩི་ལྔ་འདྲེས་པ་འབབ་པའི་རྩ་བཞི་པོ་དེ་ཞེས་ས་བཅུ་གཅིག་པའི་སྦྱང་གཞིར་གསུངས་པ་དང་འགལ་ཞིང༌། སྦྱང་གཞི་རྩ་སོ་བདུན་དང༌། སོ་དང་སེན་མོ་ལ་སོགས་པ་ཁམས་སོ་བདུན། པཱུ་ཛ་སོགས་ཡི་གེ་སོ་བདུན། དེ་དག་སྦྱོང་བྱེད་དུ་བྱང་ཕྱོགས་སོ་བདུན། བསྐྱེད་པའི་རིམ་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་སོ་བདུན། དེ་དག་གི་སྦྱངས་འབྲས་སངས་རྒྱས་ཀྱི་ཡོན་ཏན་སོ་བདུན་སོགས་རྒྱུ་ལམ་འབྲས་བུ་གསུམ་ཆོས་སུམ་ཅུ་སོ་བདུན་དུ་སྦྱར་བ་རྣམས་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང༌། རྩ་ལྔའི་ཡ་གྱལ་བདུད་འདྲལ་མ་ཡིན་ན། དཔལ་ས་སྐྱ་པ་རྣམས་ཀྱིས་ཀྱང་བདུད་འདྲལ་མ་རྩ་ལྔའི་རྒྱབ་ཀྱི་ཆ་ལ་གནས་པར་བཤད་པ་དང༌། ནཱ་རོ་པ་དང༌། རྡོ་རྗེ་སྙིང་འགྲེལ་ལས། ལྕེའི་དབུས་སུ་བདུད་འདྲལ་མ་སྟེ། །སྐུད་པ་ནག་པོའི་རང་བཞིན་གྱིས། །ལྕེའི་རྩེ་མོའི་བར་དུ་ལངས་པ་ཞེས་པ་དང་འགལ་ཏེ། རྩ་ལྔ་པོ་སྙིང་གི་ནང་དུ་བཤད་པའི་ཕྱིར་རོ། །ཁ་ཅིག་དགུ་པ་དང༌། འཁོར་བའི་རྩ་བཞི་ལ་འདོད་པ་ནི་རྣམ་པར་འཁྱམས་ཏེ། སམྤུ་ཊ་ལས། རྩ་གཉིས་སྐྱེས་གནས་དབུས་སུ་ནི། །གཡོན་དང་གཡས་པའི་ངོས་དག་ལས། །གཡོན་དུ་ཁུ་བ་རྣམས་ཤེས་བྱ། །གཡས་པ་ལ་ནི་ཁྲག་ཉིད་དོ། །ཞེས་འཁོར་བའི་རྩ་བཞི་ལྟེ་བ་ནས་གྱེས་པར་བཤད་ལ། འདིར་སྙིང་གར་ཡོད་པར་བཤད་པ་དང་འགལ་བས་སོ། །དེས་ན་རང་ལུགས་ལ་རོ་རྐྱང་གཉིས་ལས་གཉིས་གཉིས་སུ་གྱེས་པ་དང༌། དབུ་མ་ལས་གཅིག་གྱེས་པ་སྟེ་ལྔ་ཡིན་ནོ། །ཞེས་སློབ་དཔོན་ཆེན་པོ་བསོད་ནམས་རྩེ་མོས་བཤད་དེ་སྐྱོན་མེད་པའི་ལུགས་སོ། །དགུ་པ་མཉམ་སྦྱོར་ལ། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། ཞེས་སོགས་ལ་སོ་སོར་སྦྱར་ཚུལ་ཇི་ལྟར་བགྱིད་ཅེས་པ་ནི། དབྱིངས་དང་རང་བཞིན་གྱིས་དག་རྒྱུ་དང༌། ཐིག་ལེའི་རིམ་ཕྱིར་དང༌། སེམས་རྣམས་མཉམ་སྦྱོར་ལ་སྦྱོར་ཞིང༌། ཡེ་ཤེས་དང༌། འབྲས་ཕྱིར་དང༌། ལུས་རྣམས་མི་མཉམ་སྦྱོར་ལ་སྦྱོར་ལ། དབང་ཕྱིར་དང༌། དགོས་པ་བསམ་ཡས་དང༌། རྒྱས་གདབ་རྣམས་གཉིས་ཀ་ལ་སྦྱོར་ཏེ། བདག་གིས་བྱས་པའི་མངོན་བྱང་གི་གཞི་བཤད་སྦས་པའི་དོན་གསལ་དུ་ཤེས་པར་བྱའོ། །བཅུ་པ་བསྐྱེད་རིམ་གྱིས་སྐྱེ་གནས་བཞི་སྦྱང་བར་གསུངས་ན། མཉམ་སྦྱོར་གྱིས་སྐྱེ་གནས་གང་སྦྱང་ཞེས་པ་ནི། ངག་སྒྲོས་ལ་རྫུས་སྐྱེས་དང་སྒོང་སྐྱེས་གཉིས་སྦྱང་ངོ་ཞེས་འཆད་པར་སྣང་ལ། རྗེ་བཙུན་གོང་མས་མངོན་པར་རྟོགས་པ་ཟབ་པ་ལ་སྐྱེ་གནས་བཞི་ཀ་སྦྱང་བར་བཤད་པས། འདིར་གཙོ་བོར་མངོན་བྱང་ལྔ་ལས་སྐྱེད་པ་ན་ཟླ་བ་འོག་མ་གཤེར་བ་དང༌། གོང་མ་དྲོད་ཡིན་པར་རྗེ་བཙུན་རྩེ་མོས་བཤད་པས་དྲོད་གཤེར་སྐྱེས་སྦྱང་ལ། འཁོར་གྱི་ལྷ་མོ་རྣམས་མངལ་ནས་འབྱིན་པས་མངལ་སྐྱེས། འབྲས་བུ་རྡོ་རྗེ་འཛིན་པ་ཐིག་ལེའི་གོང་བུ་ལས་བཞེངས་པས་སྒོང་སྐྱེས་དང༌། སྐྱེ་མཆེད་ཀྱི་ལྷ་རྣམས་རྫུས་སྐྱེས་སྦྱང་བར་བཞེད་དོ། །དེ་ལྟར་དྲིས་པའི་དོན་རྣམས་ལ། །རྣམ་པར་བཤད་ན་མཐའ་ཡས་མོད། །རྒྱུད་དང་འགྲེལ་པའི་དགོངས་པ་བཞིན། །ཉུང་ངུར་བསྡུས་ནས་གསལ་བར་བྱས། །དིང་སང་ཆོས་གྲྭ་འདི་ཡི་གཞིར་གནས་འགའ། །འདོད་པས་གཡེངས་བས་དོན་ལ་མི་རྟོན་ཞིང༌། །རྒྱུད་འགྲེལ་རིང་སྤངས་ཆགས་སྡང་རང་བཟོར་འཆད། །ཐན་ངན་འབྱུང་པོའི་དམག་ཚོགས་འདུས་པས་ན། །ཁོ་བོས་ལེགས་བཤད་སྨྲ་བར་མི་ནུས་མོད། །རྣམ་དཔྱོད་རྒྱ་མཚོའི་གླིང་ལས་ལེགས་འོངས་པའི། །བློ་གྲོས་ནོར་འཆང་དཔལ་ལྡན་ལོཙྪ་བ། །རྡོ་རྗེ་དཔལ་གྱི་གསུང་གིས་བསྐུལ་གྱུར་ནས། །མཁྱེན་རབ་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་རྗེ། །རྟོག་མེད་ཞབས་ཀྱི་གསུང་ལས་རབ་སྐྱེས་པ། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར། །དེ་ཡི་དགེ་བས་དོན་གཉིས་གྲུབ་གྱུར་ཅིག།  །། «༄། །སློབ་དཔོན་དགེ་འདུན་མགོན་གྱི་དྲིས་ལན་བཞུགས་སོ།།»  ༈ །ཨོཾ་སྭ་སྟི། སྐྱབས་གསུམ་ངོ་བོ་མཚུངས་མེད་ཆོས་ཀྱི་རྗེ། །རྟོག་མེད་མཚན་ཅན་ཞབས་ལ་གུས་བཏུད་ནས། །གྲོགས་མཆོག་དམ་པས་ཇི་ལྟར་དྲིས་པའི་ལན། །མདོ་ཙམ་བརྗོད་ཀྱིས་ཁྱེད་ཐུགས་དགྱེས་པར་མཛོད། །དེ་ལ། ཨཾ་དང་ཧཱུྃ་གི་རྡོ་རྗེ་ཆེ། །ཞེས་སོགས་རྒྱུ་རྡོར་འཛིན་གྱི་ས་བོན། ཨཾ་ཧཱུྃ་སྔོན་པོ་ཞེས་སོགས་འབྲས་བུ་རྡོར་འཛིན་གྱི་ས་བོན་དུ་འཆད་ཅིང༌། ས་བཅད་དེ་ལྟར་མཛད་པ་ནི། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་པ་དང་འགལ་བས། འདིར་ས་བཅད་ཀྱང༌། དང་པོ་འབྲས་བུ་རྡོ་རྗེ་འཛིན་པའི་ས་བོན་དང༌། ཕྱི་མ་རྒྱུ་རྡོ་རྗེ་འཛིན་པའི་ས་བོན་དུ་བསྒྱུར་ན་འཐད་དོ་ཞེས་པ་ནི་རིགས་པ་མ་ཡིན་ཏེ། ཨཾ་དང་ཧཱུྃ་གི་ས་བོན་ལས་བསྐྱེད་པའི་རྒྱུ་རྡོར་འཛིན་གྱི་གཞུང་དང་སྦྱོར་བ་ལ། ཁུ་བའི་གཟུགས་ལས་ཞེས་སོགས་དང་མི་འགྲིག་པའི་སྐྱོན་མེད་དེ། ཞུ་བ་དང་ཁུ་བ་སྐད་དོད་གཅིག་པས་ཨཾ་དང་ཧཱུྃ་ཞུ་བ་ལས་རྡོར་འཛིན་ཡབ་ཡུམ་བསྐྱེད་པའི་དོན་ཏོ། །ཡང་དང་པོ་འབྲས་བུ་རྡོར་འཛིན་གྱི་ས་བོན་དང་ཕྱི་མ་རྒྱུ་རྡོར་འཛིན་གྱི་ས་བོན་དུ་འཆད་པའང་ཆེས་ནོར་ཏེ། འདིར་འཁྲུགས་མེད་ཅེས་གསུངས་པ་ལ། དེ་ལྟར་ན་འཁྲུགས་ཅན་དུ་འགྱུར་བའི་ཕྱིར་དང༌། ཡང་གཞུང་ཕྱི་མ་རྒྱུ་རྡོར་འཛིན་ལ་སྦྱར་ན། ཧཱུྃ་སྔོན་པོ་ཞེས་གསུངས་པས་ས་བོན་ལས་བསྐྱེད་པའི་རྒྱུ་རྡོར་འཛིན་སྐུ་མདོག་སྔོན་པོར་ཐལ་བའི་སྐྱོན་ཡོད་ལ། འདོད་ན། དག་ལྡན་ལས། འཁོར་རྣམས་མངལ་དུ་ས་བོན། དེ་ལས་སྐུར་གྱུར་ཏེ་ཕྱོགས་མཚམས་སུ་སྤྲོ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོར་བྱས་ཏེ། ཅེས་དང༌། ས་བོན་བསྐྱེད་པའི་སྐབས་སུ་ས་བོན་ལས་ལྷ་མོར་གྱུར་ཏེ་ཕྱིར་སྤྲོ་བ་ནི། གཾ་ཙཾ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ཀྱིས་བསྟན་ཏོ་ཞེས་པ་དང་འགལ་ལོ། །མངོན་རྟོགས་བཅུ་བཞིའི་དབྱེ་བ་བདག་གིས་ལོགས་སུ་བཀོད་བདོག་པས་དེར་གཟིགས། གླེང་གཞིའི་སྐབས་སུ་རྒྱ་དཔེ་ལ་སྙིང་པོ་མེད་པ་མ་དག་པ་སྟེ། མན་ངག་སྙེ་མ་ལས། གླེགས་བམ་ཁ་ཅིག་ལས་སྙིང་པོ་ཞེས་ཀློག་པ་མེད་དེ། འབྲི་མཁན་གྱི་སྐྱོན་ཉིད་ཀྱི་ཕྱིར་རོ་ཞེས་དང༌། དེ་རྣམས་ཀྱི་དེ་ཁོ་ན་ནི་སྙིང་པོ་སྟེ་ཞེས་བཤད་པའི་ཕྱིར་རོ། །འཕར་མ་གཉིས་ཀྱི་དོན་བཤད་པ་ལ། པདྨ་འདབ་བརྒྱད་ཉིས་བརྩེགས་ལ་འཆད་པ་ནི་མ་ཡིན་ཏེ། རྡོ་རྗེ་གུར་ལས། ཤར་གྱི་སྒོར་ནི་དཀར་མོ་ཆེན་མོའོ། །ཞེས་དང༌། རྗེ་བཙུན་ཆེན་པོས། ཤར་སྒོར་ལི་ཅེས་དང༌། ཤར་སྒོར་ནི་དཀར་མོའོ་ཞེས་སོགས་དང༌། ཌོམྦི་པས། ཡང་ནི། ཤར་སྒོར་དཀར་མོ་སྟེ། དེ་བཞིན་ལྷོར་ནི་ཆོམ་རྐུན་མ། །ནུབ་ཀྱི་སྒོ་ལ་རོ་ལངས་མ། །ཞེས་དང༌། གཉིས་མེད་རྡོ་རྗེས། དེ་ནས་དཀྱིལ་འཁོར་འཁོར་ལོའི་ནང་དུ་པདྨ་འདབ་མ་བརྒྱད་པ་དམར་པོ་བསམས་ཏེ། པདྨའི་ནང་ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་དང༌། དེ་བཞིན་དུ་གཞལ་ཡས་ཁང་གི་ཟུར་བཞི་དང༌། སྒོ་བཞི་དང༌། སྟེང་འོག་རྣམས་སུ་རོ་བཅོ་ལྔ་དང་ལྡན་པར་བལྟ་བར་བྱའོ། །ཞེས་དང༌། དེ་ནས་ཕྱི་རོལ་གྱི་རིམ་པ་ལ། དབང་པོ་ལ་སོགས་པའི་མཚམས་སུ། ཨཱུ་རྀ་རཱྀ་ལྀའི་དབྱངས་ལ་སོགས་པའི་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། འོད་དཔག་ཏུ་མེད་པས་རྒྱས་བཏབ་པ། ས་དང༌། ཆུ་དང༌། མེ་དང༌། རླུང་རྣམས་ཀྱི་རང་བཞིན། པུཀྐ་སཱི་དང༌། ཤ་ཝ་རཱི་དང༌། ཙཎྜ་ལཱི་དང༌། ཌོམྦཱི་ནི་རྣམས་བསྒོམ་པར་བྱའོ། །དེ་ནས་ཤར་ལ་སོགས་པའི་སྒོ་རྣམས་སུ། ལཱྀ་ཨེ་ཨཻ་ཨོའི་དབྱངས་ལས་བྱུང་བ་པུཀྐ་སཱི་ལ་སོགས་པ་བཞིན་དུ་རྒྱས་གདབ་པ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་རྣམས་ཀྱིས་རང་བཞིན་དུ་གཽ་རཱི་དང༌། ཙཽ་རཱི་དང༌། བཻ་ཏ་ལཱི་དང༌། གྷསྨ་རཱི་རྣམས་བསྒོམ་པར་བྱའོ། །ཞེས་དང༌། ཤཱནྟི་པས། ཕྱིའི་གྲྭ་མཚམས་སུ་ཉི་མ་ལ་ཨཱུ་རྀ་རཱྀ་ལྀའོ། །ཤར་ལ་སོགས་པའི་སྒོའི་ཉི་མ་ལ་ལཱྀ་ཨི་ཨཻ་ཨཽའོ། །ཞེས་དང༌། མཚམས་རྣམས་སུ། པུཀྐ་སཱི་དང༌། རི་ཁྲོད་མ་དང༌། གཏུམ་མོ་དང༌། གཡུང་མོའོ། །སྒོ་རྣམས་སུ་ཆོམ་རྐུན་མ་དང༌། རོ་ལངས་མ་དང༌། གྷསྨ་རཱིའོ། །ཞེས་བཤད་པས་ན། རྒྱུད་དང༌། རྗེ་བཙུན་གོང་མའི་མན་ངག་དང༌། རྒྱ་གཞུང་དེ་དག་ལས་དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་སྒོ་མཚམས་སུ་དགོད་པར་གསུངས་པའི་ཕྱིར་འདབ་བརྒྱད་ཕྱི་མ་ནི་དོན་མེད་དོ། །གཞན་ཡང་དབང་གི་ཆུ་བོར། འཕར་མ་གཉིས་པར་བྱེད་ན་རྡོ་རྗེ་རྭ་བ་སྔོན་པོ་མེ་རི་དམར་སེར་དུ་བྱ། དེ་ནས་ལྷ་སྣམ་ཤར་ཕྱོགས་ཀྱི་སྒོ་དཀར་པོ་བྱ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། འཕར་མ་གཅིག་པར་བྱེད་ན་པདྨ་ཆེན་པོ་གཅིག་གིས་སྒོའི་བར་དུ་ཁྱབ་པར་བྱས་ནས། དེ་ལ་རྡོ་རྗེ་རྭ་བ་དང༌། མེ་རི་བྱས་ཀྱང་བཏུབ་བོ། །ཞེས་གསུངས་ཀྱི། འཕར་མ་གཉིས་པ་ལ་འདབ་བརྒྱད་ཉིས་བརྩེགས་བྱེད་པར་མ་གསུངས་སོ། །དེས་ན་འཕར་མ་གཉིས་ཀྱི་དོན་ནི། ནང་དུ་པདྨ་འདབ་མ་བརྒྱད་པའམ་བཞི་པ་ལ་རྡོ་རྗེ་རྭ་བ་དང་མེ་འོད་ཀྱིས་བསྐོར་བ། འཕར་མ་གཅིག་དང༌། ཆོས་འབྱུང་གྲུ་གསུམ་པའི་ནང་དུ་ཆུད་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ནི་འཕར་མ་གཅིག་ཡིན་ཏེ། བླ་མ་མངའ་རིས་པའི་ཚིག་འགྲེལ་ལས། འཕར་མ་གཉིས་ནི་ནང་ན་ལྷ་མོ་བདུན་གྱི་གནས་ལ་རྡོ་རྗེའི་རྭ་བ་མེ་འོད་ཀྱིས་བསྐོར་བ། ཕྱི་གྲུ་བཞི་སྒོ་བཞི་པའོ། །ཞེས་གསུངས་ལ། ལྷ་མོ་བདུན་གྱི་གནས་ཞེས་པ་ནི། བསྒོམ་བྱའི་དབང་དུ་བྱས་ནས། གཙོ་བོའི་སྟེང་འོག་ཏུ་མཁའ་སྤྱོད་མ་དང༌། ས་སྤྱོད་མ་གཉིས་ཏེ་བདུན་དུ་མངོན་ནོ། །དེ་བཞིན་དུ་སློབ་དཔོན་མཚོ་སྐྱེས་ཀྱང༌། ཉིས་བརྩེགས་ནི་ཁང་པ་ཉིས་རིམ་མོ། །ལྟེ་བ་ཡིས་ནི་གཅིག་ཡིན་ཏེ། །ཞེས་པ་ལྟེ་བས་ཉེ་བར་མཚོན་པས་པདྨ་ནི་དབུས་ཀྱི་པདྨ་ཞེས་པའི་དོན་ཏོ། །ཟུར་གསུམ་གྱིས་ནི་ཞེས་བྱ་བས་ནི་ཆོས་ཀྱི་འབྱུང་གནས་ཀྱིས་མཚོན་པས། རྩེགས་མ་གཞན་གྱི་ཕྱི་རོལ་ཕྱིའི་གཽ་རཱི་ལ་སོགས་པའི་གནས་གྲུ་བཞིའོ། །ཞེས་དང༌། སློབ་དཔོན་དམ་ཚིག་རྡོ་རྗེས། རིམ་པ་གཉིས་ནི་རིམ་པ་གཉིས་སོ། །ཟེའུ་འབྲུ་ལས་ནི་གཅིག་ཡིན་ཏེ། ཞེས་གསུངས་པ་ནི། དབུས་ཀྱི་པདྨ་འདབ་མ་བརྒྱད་པ་ནི་རིམ་པ་དང་པོའོ། །གྲུ་གསུམ་ཞེས་གསུངས་པ་ནི་གྲུ་གསུམ་པའི་ནང་དུ་ཆུད་པའི་གྲུ་བཞི་པའོ། །ཞེས་དང༌། གྲུབ་ཐོབ་བྷ་བ་བྷ་དྲས་འཕར་མ་གཉིས་བསྟན་པའི་བཤད་པ་གསུངས་པ། ཟེའུ་འབྲུ་ལས་གཅིག་གྱུར་ཏེ། ཞེས་པ་ལ་པདྨ་ལ་སོགས་པ་ལས་མ་གཏོགས་པར་ནི་ཟེའུ་འབྲུ་འབྱུང་བ་མ་ཡིན་ནོ། །དེས་ན་པདྨའི་ཟེ་འབྲུ་ཞེས་མན་ངག་ཏུ་སྟོན་ཏོ། །ནང་གི་འཕར་མས་གཅིག་གྱུར་པའོ། །གྲུ་གསུམ་གྱི་ནི་ཕྱི་མར་བརྗོད། །ཅེས་པ་ནི་ཆོས་འབྱུང་གི་ནང་དུ་སོན་པ་གྲུ་གསུམ་གྱི་རྣམ་པའི་ནམ་མཁར་སྟོན་པ་ནི་ཕྱི་མ་སྟེ་ཕྱི་རོལ་གྱི་འཕར་མ་ཉིད་དོ། །དེ་ཡང་གྲུ་བཞི་པ་ལ་སོགས་པ་དང་ལྡན་པ་སྟེ། གྲུ་བཞི་པ་ལ་སོགས་པ་ནི་འཆད་པར་འགྱུར་བའི་ཐུན་མོང་གི་མཚན་ཉིད་ལ་སོགས་ཞེས་གསུངས་པས་ན། རྒྱ་བོད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དེ་རྣམས་ཀྱི་དགོངས་པ་ནི་བདག་གི་ཡོངས་སུ་འཛིན་པ་ཆེན་པོ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པས་གསལ་བར་མཛད་པ་ལྟར་ཡིན་ལ། ཚིག་གི་ཆ་དེ་དག་ཀྱང་བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོའི་ཞལ་སྔ་ནས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར་དུ་གསུངས་པ་ལྟར་བྲིས་པས་ན་ཁ་ན་མ་ཐོ་བ་ཅི་ཡང་མེད་དོ། །དེའི་ཕྱིར་གཞན་གྱི་བློ་གྲོས་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ་ལ་རང་ཐོས་ཆུང་གི་བློ་གྲོས་གཞལ་བར་བྱེད་པ་ནི་ཁྲོན་པའི་སྦལ་ཆུང་དང་མཚུངས་པ་ཡིན་ནོ། །གལ་ཏེ་ཕྱིའི་འཕར་མ་གྲུ་བཞི་པ་དང༌། ནང་གི་འཕར་མ་པདྨ་ལ་འཆད་པའི་རྒྱུ་མཚན་ཅི་ཞེ་ན། ནང་གི་འཕར་མ་ཡང་དཔངས་ཕྱིའི་འཕར་མ་ལྟ་བུའི་གྲུ་བཞི་པ་ཡིན་པ་ལ། དེ་ཉིད་རྡོ་རྗེ་ཕྲེང་བ་དང་མེ་འོད་ཀྱིས་བསྐོར་བས་ཟུར་རྣམས་བཅད་པ་ཡིན་ཏེ། སློབ་དཔོན་སྦྱང་དཀའ་ཟླ་བས། འཕར་མ་གཉིས་ཞེས་གསུངས་པ་ནི། ཁ་སྦྱོར་ལྟ་བུའི་འཕར་མ་སྟེ། རྡོ་རྗེ་ཕྲེང་བས་ཡོངས་སུ་བཅད་པ་དང་སྦས་པའོ། །ཞེས་གསུངས་ལ། ཁ་སྦྱོར་ནི་གྲུ་བཞི་པ་ཡིན་ཏེ། རིན་ཆེན་འབར་བ་ལས། ཁ་སྦྱོར་གཅིག་པ་སྒོ་བཞི་པ། །ཞེས་དང༌། དེའི་འགྱུར་ཁ་ཅིག་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་འབྱུང་བའི་ཕྱིར། གལ་ཏེ་ཁ་སྦྱོར་དང་འཕར་མ་དང༌། རིམ་པ་སོགས་ནི་པདྨ་ལ་བྱའི་གྲུ་བཞི་པ་ལ་བྱ་བ་ནི་མ་ཡིན་ནོ་ཞེ་ན། དེ་ལ་ནི་སྔར་བཤད་པའི་ལུང་དེ་རྣམས་ཀྱིས་ཀྱང་གནོད་ལ། རྒྱུད་ལས་ཀྱང༌། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་ཡབ་ཀྱི་སྐབས་སུ་གསུངས་པ་དེ་ཡང་པདྨ་འདབ་བརྒྱད་ལ་འཆད་པར་འགྱུར་བའི་སྐྱོན་ཡོད་དོ། །འདོད་ན་གཞུང་དེ་ཡི་རྗེས་ཁོ་ན་ལ། དེ་དབུས་པདྨ་འདབ་མ་ནི། །བརྒྱད་པ་ཟེ་བར་བཅས་པ་བྲི། །ཞེས་པའི་གཞུང་གོང་འོག་ལ་དཔྱད་པ་མ་ཞུགས་པར་ཟད་ལ། དུས་ཀྱི་འཁོར་ལོ་ལ་སོགས་པའི་གཞུང་གཞན་ལས། བདེ་གཤེགས་འཕར་མ་ཞེས་གྲུ་བཞི་པ་ལ་གསུངས་པ་རྣམས་ཀྱང་མ་མཐོང་བ་ཡིན་ནོ། །ཡང་སྟེང་འོག་གི་ལྷ་མོ་གཉིས་བསྒོམ་པའི་ཚེ། གཙོ་བོའི་སྟེང་འོག་ཏུ་བསྒོམས་ལ། མཚན་མ་དགོད་པའི་ཚེ་གང་དུ་འབྲི་ན། ལོཙྪ་བ་ཁ་ཅིག སམྦུ་ཊ་ལས། སྲིད་དང་ཞི་བའི་རང་བཞིན་གྱིས། །ངོས་སུ་བསྒྱུར་མ་འདི་དག་གནས། །ཞེས་དང༌། དེ་ཉིད་གསུམ་གྱི་རང་བཞིན་བདག །མཁས་པས་དབུས་སུ་བསྒོམ་པར་བྱ། །ཞེས་གསུངས་པས་གཙོ་བོའི་གཡས་གཡོན་དུ་བྲི་ཞེས་སྨྲ་མོད་ཀྱི། གཞུང་དེ་བསྒོམ་བྱའི་སྐབས་སུ། གཙོ་མོའི་སྟེང་འོག་ཏུ་བསྐྱེད་པར་བསྟན་པ་ཡིན་གྱི་བྲི་བྱའི་སྐབས་མ་ཡིན་པའི་ཕྱིར་དང༌། སློབ་དཔོན་མཚོ་སྐྱེས་ཀྱིས་ཀྱང༌། འདིར་མན་ངག་གི་རོ་ལངས་མའི་མཚན་མ་དང་ཉེ་བར་ས་སྤྱོད་མའི་འོ། །ཕྱིའི་གཽ་རིའི་མཚན་མ་དང་ཉེ་བར་མཁའ་སྤྱོད་མའོ། །ཞེས་དང༌། དཀྱིལ་ཆོག་རྡོ་རྗེ་ཕྲེང་བར། མཁའ་སྤྱོད་མའི་མཚན་མ་ནི་དཀར་མོའི་ཕྱི་ངོས་སུའོ། །རོ་ལངས་མའི་ཕྱི་ངོས་སུ་ནི་ས་སྤྱོད་མའི་འོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་དང༌། རྒྱ་བོད་ཀྱི་བླ་མ་གོང་མ་གང་གིས་ཀྱང༌། དེ་ལྟ་བུར་མ་བཤད་པའི་ཕྱིར་མུན་སྤྲུལ་ཁོ་ན་ཡིན་ལ། སམྦུ་ཊའི་ལུང་ཤེས་བྱེད་དུ་འདྲེན་པའང་སྣ་བཅད་མ་གཡར་པོའི་རྒྱན་ཆས་མཛེས་པར་བྱེད་པ་དང་མཚུངས་སོ། །དེས་ན་ལྷ་མོ་འདི་གཉིས་ཀྱི་མཚན་མ་སྟེང་གི་ཤར་སྒོ་དང༌། འོག་གི་ནུབ་སྒོར་འགོད་པ་ཕྱག་ལེན་ཡིན་ཞིང༌། རྗེ་བཙུན་རྩེ་མོ་དང༌། ནེ་ཙོ་སྦལ་སྟོན་སོགས་ཀྱིས་ཀྱང་བཤད་དོ། །གོང་དུ་བརྟག་པ་བཅུ་གཉིས་པར་ཞེས་སོགས་ལ། ལོཙྪ་བ་ཁ་ཅིག་རྒྱས་པར་བརྟག་པ་བཅུ་གཉིས་ཀྱིས། །གོང་མར་གསུངས་པ་མདོ་རུ་བསྡུ། །ཞེས་པའི་གཞུང་དུ་སྣང་སྟེ། འདི་བརྟག་པ་སུམ་ཅུའི་འོག་མ་ཡིན་པས་སོ་གཉིས་པ་འདི་ནས་ཡར་བཅུ་གཉིས་པ་བགྲངས་པའི་གོང་མ་ཉི་ཤུ་རྩ་བཞི་པ། ཡས་མར་བགྲངས་པའི་དགུ་པ་ནི། ཀུ་རུ་ཀུལླེའི་བརྟག་པ་ཡིན་ཏེ། གུར་ལས། མཁའ་འགྲོ་ཀུ་རུ་ཀུལླེ་དགུ། །ཞེས་པ་དང་འགྲིག་གོ་ཞེས་འཆད་པ་ནི་ནོར་བ་སྟེ། གཞུང་དེ་བརྟག་པ་སོ་གཅིག་པ་ནས་འབྱུང་བ་ལ། སོ་གཉིས་པ་ནས་བགྲངས་པ་དོན་མེད་པའི་ཕྱིར་དང༌། དེ་ཉིད་ཀྱིས་བརྟག་པ་བཅུ་གཉིས་པར་ཡང་བསྒྲུབ་ནུས་ཏེ། སོ་གཉིས་པ་ནས་བགྲངས་པའི་བཅུ་ཚན་གཉིས་ཀྱི་གོང་མ་བརྟག་པ་བཅུ་གཉིས་ཡིན་པའི་ཕྱིར་དང༌། འགྱུར་དེ་ལས་བཅུ་གཉིས་ཀྱི་གོང་མར་ཞེས་འབྱུང་གིས། བཅུ་གཉིས་པ་གཉིས་ཀྱི་གོང་མར་ཞེས་མི་འབྱུང་བའི་ཕྱིར་རོ། །དེས་ན་རྗེ་བཙུན་སྐུ་མཆེད་ཀྱི་རྣམ་བཤད་གཉིས་སུ་དངོས་གྲུབ་བརྟག་པ་བཅུ་གཉིས་པ་ཁོ་ན་ལ་གསུང་ཞིང༌། སློབ་དཔོན་དམ་ཚིག་རྡོ་རྗེས། བརྟག་པ་བཅུ་གཉིས་ཞེས་བྱ་བ་ནི། དགེས་པ་རྡོ་རྗེའི་རྒྱུད་རྒྱས་པའི་བརྟག་པ་བཅུ་གཉིས་ལས་སོ། །ཞེས་དང༌། ཌཾ་ཀ་དྷ་ཤས། སྔོན་དུ་ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པའི་བདག་ཉིད་དུ་བརྟག་པ་བཅུ་གཉིས་ཀྱི་རྒྱས་པར་གསུངས་པ་དེ། ད་ནི་མདོར་བསྡུས་ལ་བཤད་པར་བྱའོ། །ཞེས་བཤད་པ་ལྟར་དོན་ལ་གནས་སོ། །གལ་ཏེ་དེ་ལྟར་ན། གུར་ལས་དགུ་པར་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། དགུ་པ་ནས། ཀུ་རུ་ཀུལླེའི་དཀྱིལ་འཁོར་སྟོན་ལ། བཅུ་གཉིས་པ་ནས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལས་སྟོན་ཏོ། །ཞེས་བླ་མ་མངའ་རིས་པའི་འགྲེལ་པར་བཤད་དོ། །སྔགས་མཚན་ཉིད་འབྲས་བུ་མཉམ་པོར་འདོད་ན། སྔགས་ཀྱི་འབྲས་བུ་བཅུ་གསུམ་པ་མ་ཡིན་པར་འགྱུར་ཏེ། གཉིས་ཀའི་འབྲས་བུ་ལ་ཁྱད་མེད་ཅིང༌། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བཞུགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔགས་ཀྱི་འབྲས་བུ་ཡང་ས་བཅུ་གསུམ་པ་ཡིན་ཏེ། དེའང་ཕར་ཕྱིན་པའི་ས་བཅུ་ལ་གསུམ་དུ་ཕྱེ་བའི་ས་བཅུ་པ་ཙམ་ནི་བཅུ་པ། ཁྱད་པར་གྱི་ལམ་ནི་བཅུ་གཅིག་པ། བར་ཆད་མེད་པའི་ལམ་ནི་བཅུ་གཉིས་པ། ཀུན་ཏུ་འོད་ནི་བཅུ་གསུམ་པའོ། །ཡང་ན་ས་བཅུའི་སྟེང་དུ། ཚོགས་སྦྱོར་གཉིས་བསྣན་པས་བཅུ་གསུམ་ཡིན་ནོ། །ཞེ་ན་མ་ཡིན་ཏེ། སམྦུ་ཊ་ལས། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་རྣམས་ཀླ་ཀློའི་སྐད། །ཞེས་སོགས་ཀྱི་ས་བཅུ་མན་ཆད་ཕ་རོལ་དུ་ཕྱིན་པ་དང་མཚུངས་པར་བཤད་ལ། ཕར་ཕྱིན་ནས་འདི་ལྟ་བུའི་རྣམ་གཞག་མི་འབྱུང་བའི་ཕྱིར་དང༌། དེ་ལྟར་ནའང་ཕར་ཕྱིན་པའི་འབྲས་བུའང་ས་བཅུ་གསུམ་པར་འགྱུར་བའི་ཕྱིར་དང༌། ཚོགས་ལམ་ལས་དང་པོ་པའི་ས་དང༌། སྦྱོར་ལམ་མོས་པ་སྤྱོད་པའི་ས་གཉིས་ཐོབ་པས། སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པ། དང་པོའི་ཡོན་ཏན་རྣམས་མི་སྐྱེ་བའི་ཕྱིར་དང༌། ཕར་ཕྱིན་པའི་ཚོགས་ལམ་གསང་སྔགས་པའི་ས་དང་པོ་ཡིན་ན། ཡུལ་བཞིའི་རླུང་སེམས་དབུ་མར་ཐིམ་དགོས་པ་ལས་དེར་ཐིམ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཐིམ་པ་སྲིད་དོ་ཞེ་ན། མི་སྲིད་དེ། དེར་ཐིམ་ན་མཇུག་ཏུ་ཐིམ་རྒྱུ་མེད་པ་ལ། དེར་མ་ཐིམ་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་ཀྱང༌། རླུང་སྟོང་བརྒྱད་བརྒྱ་མ་འགགས་ཤིང༌། མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱ་མ་རྫོགས་པས། སྤངས་རྟོགས་ལྷག་མ་དང་བཅས་པ་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུ་བཤད་དོ། །ཞེས་པ་འདི་ཡང་སློབ་དཔོན་དགེ་འདུན་མགོན་གྱིས་དྲིས་པའི་ལན་དུ། ཐམས་ཅད་མཁྱེན་པ་རྟོག་མེད་ཞབས་ཀྱི་བཀའ་དྲིན་གྱིས་བསྐྱངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཆོས་གྲྭ་ཆེན་པོ་དཔལ་ས་སྐྱར་སྦྱར་བའོ།།  །།ཤུ་བྷཾ།།  །། «༄། །ཨ་མོ་གྷའི་དྲིས་ལན་བཞུགས་སོ།།  »༈ །ན་མཿཤྲཱི་གུ་ར་ཝེ། དཔལ་ཀྱེ་རྡོ་རྗེའི་སྒྲུབས་ཐབས་ཀྱི་ཊཱི་ཀའི་སྐབས་གྱི་དོགས་སྤོང་ཅུང་ཟད་བརྗོད་ན། དྲི་བ་དང་པོ་གཞལ་ཡས་ཁང་གི་དཔངས་ཀྱི་ཚད་ཀྱི་སྐབས་སུ། ནང་གི་ཀ་བ་ཆ་ཆེན་བཞི་ཡིན་པའི་སྒྲུབ་བྱེད་དུ། དེ་ཉིད་སྣང་ཆེན་གྱི་ལུང་ལ་བརྟེན་ནས། ལྟེ་བ་ནས་རྡོ་རྗེའི་ཐིག་གི་བར་ཐལ་པོར་བཏབ་ལ། ཀ་བའི་རིང་ཐུང་དང་སྦོམ་ཕྲའི་ཚད་དུ་མཛད་གསུངས་པ། རྩ་ཐིག་ནས་ཚངས་ཐིག་གི་བར་ལ་ཆ་ཆེན་བཞི་ཡོད་ཀྱང་རྩ་ཐིག་ནང་ནས་ཟླུམ་པོར་བསྐོར་བའི་གདུང་ཐིག་གི་ནང་ནས་ལྟེ་བའི་བར་ལ་ཆ་ཆེན་བཞི་མི་ཡོང་བས། ཇི་ལྟར་བཞེད་གསུངས་པ་ལ། དེ་ལྟར་ན་རྟ་བབས་དཔངས་སུ་སྒོ་ཚད་གཅིག་མའི་ཚེ། དབུས་རའི་རིངས་སུ་ཆ་ཕྲན་གཉིས་པར་འགྱུར་ཏེ། མདའ་ཐིག་ནས་གདུགས་ཀྱི་ཕྱི་ཐིག་བར་ལ་ཆ་ཆེན་གཉིས་ཡོད་ཀྱང༌། ཆོས་འཁོར་གྱི་འོག་གི་དབུས་རྭའི་མཐོངས་ས་ལ་ཆ་ཕྲན་གཉིས་ལས་མེད་པའི་ཕྱིར་རོ། །གལ་ཏེ་དེ་ནི། དབུས་རྭ་རྣམས་བྲི་བྱ་ལ། རྟ་བབས་ཀྱི་འོག་ཏུ་ནོན་པས་མ་མཐོང་བ་ཡིན་གྱི། བསྒོམ་བྱ་ལ་ཆ་ཆེན་གཉིས་ཡོད་དོ་སྙམ་ན། འདིར་ཡང་མཚུངས་ཏེ། བྲི་བྱ་ལ་གདུང་ཟླུམ་གྱི་ཐིག་གི་འོག་ཏུ་ནོན་པ་ཡིན་པས། བསྒོམ་བྱ་ལ་ཆ་ཆེན་བཞི་མེད་པའི་སྐྱོན་མེད་དོ། །དེས་ན་ཀ་བ་ཆ་ཆེན་བཞིར་ངེས་པ་འདི། དེ་ཉིད་སྣང་ཆེན་དང༌། ཀོ་ས་ལའི་རྒྱན་གཉིས་ཀའི་དགོངས་པར་མཆིས་སོ། །དྲི་བ་གཉིས་པ། འོག་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དཔངས་ལ་ཆ་ཆེན་གཅིག་ཏུ་བཞེད་གསུངས་པ། རྭ་དབུས་མའི་དཔངས་ཀྱང་དེ་ལས་ཆད་པ་ཡོང་དོན་མེད་པས། རྭ་ཉི་ཤུ་པའི་ཚེ། སྟེང་འོག་གི་རྭའི་སྐྱེ་ས་དང་ཆགས་ཚུལ་ཇི་ལྟར་བཞེད། ཡང་རྭ་རྣམས་ཕྱི་ནང་དུ་ནི་མི་བཞེད་ལས་ཆེ། གལ་ཏེ་བཞེད་ན་བྲི་བྱའི་དུས་དེ་མཐུན་གྱི་ཐིག་དགོས་ན་ཡང༌། དེ་འདྲ་ནི་མེད་པ་འདྲ་བས་ཇི་ལྟར་མཛད་གསུངས་པ་ལ། ལྟེ་བའི་དཔངས་ལ། འདོད་ཚུལ་མེད་འདྲ་བ་མང་དུ་ཡོད་པ་ཊཱི་ཀར་བཀོད་ཟིན་ལ། རང་ལུགས་ལ། སློབ་དཔོན་ཤཱནྟི་པའི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སུ་སྟེགས་བུར་བཤད་པ་ལ་བརྟེན་ནས། དཔངས་ཆ་ཆེན་གཅིག་ཏུ་འདོད། དེའི་ཚེ་རྭ་རྩེ་བཅུ་གཉིས་པ་ལ་དོགས་པ་མེད་ཀྱང༌། རྩེ་མོ་ཉི་ཤུ་པའི་ཚེ་སྟེང་འོག་ཏུ་སྐྱེས་ཡོད་མེད་ཀྱི་དོགས་པ་འཁྲུངས་པ་ཤིན་ཏུ་མོད། འོན་ཀྱང་རྡོ་རྗེ་ཕྲེང་བར་ཐིག་གི་སྐབས་སུ། སྣ་ཚོགས་རྡོ་རྗེ་རྩེ་ལྔ་པའི་ཕྱོགས་ལ་ནི། རྭའི་འགྲམ་དུ་རྭ་གཞན་དག་གོ །ཞེས་རྭ་སྦྲག་མ་བྲི་བར་བཤད་པ་ལྟར། བསྒོམ་བྱ་ལའང་དེ་ལྟར་དུ་འདོད་ལགས། གལ་ཏེ་དེ་བྲི་བྱ་ཡིན་གྱི་བསྒོམ་བྱ་ལ་རྭ་གཉིས་སྟེང་འོག་ཏུ་དགོས་ཀྱི། དེ་ལྟ་མ་ཡིན་ན། རྡོ་རྗེར་མ་སོང་ངོ་སྙམ་ན། འོ་ན་སློབ་དཔོན་ལ་ལི་ཏ་བཛྲའི་ལུགས་ཀྱི་དགྲ་ནག་གི་དཀྱིལ་འཁོར་གྱི་དབུས་སུ། སྣ་ཚོགས་རྡོ་རྗེ་འཇིགས་ལྟ་ཉི་ཤུ་འཇོམས་པ་དག་པས། རྭ་ཉི་ཤུ་པའི་དབུས་སུ་གཙོ་བོ་ཕྱོགས་ཀྱི་རྭ་བཞི་ལ་གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པ་བཞི་འགོད་པར་བཤད་པ་དེ། དབུས་རྭའི་རྩེ་མོ་གུག་པའི་འོག་ཏུ་ནི་ལྷ་མི་ཤོང༌། རྭ་ལ་འགོད་པར་ནི་བཤད། སྟེང་རྭའི་སྟེང་དུ་མི་རྟ་ལ་ཞོན་པ་ལྟར་ཡང་ཁས་ལེན་མི་ནུས་པས། རྭ་གཉིས་ཕྱི་ནང་ལས་འོས་མེད་པ་ལགས། དེ་བཞིན་དུ་སློབ་དཔོན་སངས་རྒྱས་གསང་བའི་རྡོ་རྗེ་རྣམ་འཇོམས་ཀྱི་དཀྱིལ་འཁོར་ལ། སྣ་ཚོགས་རྡོ་རྗེའི་མཚམས་ཀྱི་རྭ་བཞི་ལ་ཁྲོ་བོ་བཞི་འགོད་པར་བཤད་པ་དང་ཡང་མཐུན་པར་མཆིས་སོ། །དྲི་བ་གསུམ་པ། བདག་མེད་མ་ལྟ་བུ་འོག་ཏུ་ལྷ་སྣམ་དགོས་པ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལྷ་སྣམ་དང་བཅས་པ་ལ་དཔངས་ཆ་ཆེན་ལྷག་ཙམ་ལས་མ་བྱུང་བས། འོག་གི་ལྷ་དཀྱིལ་འཁོར་དེའི་ལྷར་ངེས་པར་བཞེད་དགོས་ཙ་ན། དེའི་བསྐྱེད་ས་གང་དུ་མཛད་གསུངས་པ་ལ། སྤྱིར་འདི་ལ་དགག་སྒྲུབ་རྒྱས་པར་བྱ་དགོས་ནའང༌། རེ་ཞིག་རང་ལུགས་ལ། ལྷ་སྣམ་གྱི་དབུས་སུ་པདྨ་གྱེན་དུ་འཕག་པའི་ཡུ་བ་ལ་ཆ་ཕྲན་བདུན་ཡོད་པ་དེའི་མདུན། དབུས་ཀྱི་ས་གཞིའི་སྟེང་དུ་འོག་གི་ལྷ་བསྒོམ་པ་ལགས། དེའི་སྟེང་དུ་མི་ཤོང་བའི་སྐྱོན་མེད་དེ། བདག་གི་ལུགས་ལ། ཁང་བཟངས་ཀྱི་ནང་གི་ཐོག་དཔངས་ཀྱི་ཚད་ཆ་ཕྲན་སོ་གཉིས་སུ་འདོད་པས་སོ། །དེ་ལྟར་བཤེས་གཉེན་དམ་པས་དྲིས་པའི་ལན། །རིངས་ཤིང་ཤིན་ཏུ་མགྱོགས་པར་ཕུལ་བ་འདི། །གུས་དང་གཡར་ཁྲལ་འཚལ་བར་བྱ་ཕྱིར་ཏེ། །སླར་ཡང་ཅི་ནུས་ལེགས་བཤད་སྒྲོགས་པར་སྨོན།།  །།ཤུ་བྷཾ།།  །། «༄། །ཆེན་པོ་ཆོས་རིན་གྱི་དྲིས་ལན་བཞུགས་སོ།།  »༈ །རིགས་རུས་ཆོ་འབྲང་རྣམ་པར་དག་ཅིང༌། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ལ། མཐུ་སྟོབས་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དྲུང་བླ་མ་ཆེན་པོའི་དྲུང་དུ། དགེ་སློང་རྒྱལ་ཁམས་པས་ཞུ་བ། རྣལ་འབྱོར་གྱི་དབང་ཕྱུག་ཁྱེད་ཉིད་སྐུ་ཁམས་བཟང་ཞིང༌། རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་ལ་བརྩོན་པ་མི་ལྷོད་པར་བཞུགས་པའི་ངང་ནས་གསུང་ཤོག་གནང་སྦྱིན་བཟང་པོ་དང་བཅས་པ་བསྐུར་བ་རྣམས། བླ་མ་པས་འཕྲོད་པས་ཐུགས་ལ་བཏགས་ཤིང་རྗེས་སུ་ཡི་རངས་ལགས། སླད་ནས་སྔགས་འཆང་དམ་པ་ཁྱེད་ཉིད། བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོའི་དོན་དུ་ཡུན་རིང་དུ་བཞུགས་པར་གསོལ་ཞིང༌། དེ་ལྟར་གྱུར་ཅིག་པའི་སྨོན་ལམ་ཡང་རྩེ་གཅིག་ཏུ་འདེབས་པ་ལགས། ཚོགས་འཁོར་སོགས་ཀྱི་ཞལ་ཏ་རྣམས་ལ། ཞུ་བ་མདོར་བསྡུས་ཏེ་ཕུལ་ན། ཚོགས་འཁོར་བྱེད་མཁན་གྱི་གང་ཟག་དེ། དགེ་སློང་སོགས་རབ་བྱུང་ཡིན་ནམ་རྣལ་འབྱོར་པ་ཡིན། འདི་གཉིས་ལས་མི་འདའ་ལགས། དང་པོ་ལྟར་ན། ཚོགས་རྫས་ལ། ཚིམ་ཚིམ་དུ་ལོངས་མི་སྤྱོད་པ་དེ། ཆོས་རྗེའི་དགོངས་པ་ཡིན་པར་ཁྱེད་རང་གིའང་ཞལ་གྱིས་བཞེས་ཚར། དེའི་ཕྱིར་འོ་སྐོལ་རྣམས་ཆོས་གོས་འཛིན་པའི་རབ་བྱུང་ལགས་མོད། གཉིས་པ་ལྟར་ན། རང་རྒྱུད་ལ་ཡེ་ཤེས་རྒྱས་པའི་ཐབས་སུ་ཚོགས་འཁོར་ལྐོག་ཏུ་བྱ་བ་དང༌། གདུལ་བྱ་གཞན་མ་དད་པ་བཟློག་པའི་ཕྱིར་དངོས་སུ་བྱེད་པ་གཉིས་ལས་མ་འདས། དང་པོ་ལྟར་ན། བསྐྱེད་རིམ་གྱི་ཏིང་ངེ་འཛིན་གྱིས་ཐ་མལ་གྱི་སྣང་ཞེན་འགོག་ནུས་པ་ཅིག་དགོས་པར། ཆོས་རྗེས་དཔེ་དང་བཅས་ཏེ་གསུངས། འདི་ལྟ་བུའི་ཡོན་ཏན་བདག་ཅག་ལ་མེད་དོ། །རང་རེའི་གསུང་ཡིག་ན་ཐ་མལ་གྱི་སྣང་ཞེན་མེད་པ་དང༌། རྫས་ལ་དག་མ་དག་གི་རྟོག་པ་མ་སྤངས་པའི་ཚོགས་འཁོར་བྱེད་མཁན་སུ་ཡོད་གསུང་གདའ་བ། དེ་ལྟ་བུའི་ཡོན་ཏན་ཡོད་ན་སྐྱབས་སུ་མཆི། འོན་ཀྱང་ཡོན་ཏན་འདི་ཐོབ་པར་ཞལ་གྱིས་བཞེས་པའི་སྔགས་འཆང་རྣམས་ཚོགས་འཁོར་མཛད་པའི་དྲུང་དུ་ལུག་ཤ་བཟང་པོ་ཅིག་དང༌། ཁྱི་ཤ་རུལ་པ་ཅིག་ཕུལ་ན་བཟང་ངན་གྱི་རྟོག་པ་འདུག་མི་འདུག མངོན་སུམ་གྱིས་གྲུབ་མཆིས། གཉིས་པ་ལྟར་ན། གཞན་གསང་སྔགས་ལ་མི་མོས་པ་བཟློག་པའི་དོན་དུ། སྐྱེ་བོ་མང་པོའི་དབུས་སུ་དྲི་ཆེན་ལ་སོགས་པ་མ་དག་པའི་རྫས་རྣམས་དག་པའི་རྫས་སུ་དངོས་སུ་བསྒྱུར་ནས་གཞན་གྱི་མ་དད་པ་དངོས་སུ་བཟློག་ནུས་པའི་རྣལ་འབྱོར་པ་ཆེན་པོས་བྱེད་པར་བཤད་ཀྱི། དེ་རྣམས་མི་ནུས་པས་བྱེད་པར་མ་བཤད་གདའ། དེས་ན་བདག་གིས་ཉན་ཐོས་ཀྱི་སྒོར་ཞུགས་པ་དང༌། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ལ་སོ་ཐར་གང་རུང་གི་སྒོར་ཞུགས་པ་ཅིག་ངེས་པར་དགོས་པ་དོན་ལ་གནས་ཤིང༌། རྗེ་ཡབ་སྲས་ཀྱིས་གསུང་རབ་ནས་འབྱུང་ལ། རྣལ་འབྱོར་པ་ཆེ་ཆུང་གཉིས་ཀའི་ཡོན་ཏན་གང་དང་ཡང་མི་ལྡན་ཞིང༌། རྟེན་ཆོས་གོས་འཛིན་པར་སོང་བས་རང་གི་རྒྱུད་ཚོད་དང་མཐུན་པའི་སྤྱོད་པ་ཉམས་སུ་བླངས་པ་ལགས། རྗེ་བཙུན་རྡོ་རྗེ་འཆང་གཉིས་པས། དགེ་ཚུལ་ལམ། དགེ་སློང་རྡོ་རྗེ་འཛིན་པས་འདུལ་བ་ནས་བཤད་པའི་དགེ་ཚུལ་གྱི་བསླབ་བྱ་བཅུ་བླང་འདས་དང་བཅས་པ་དང༌། དགེ་སློང་གི་ལྟུང་བ་སྡེ་ལྔ་པོ་རྣམས་ལ་ཀུན་སློང་ཁྱད་གསོད་ཀྱི་བློས་དཔྱད་ན། དགེ་སློང་རྡོ་རྗེ་འཛིན་པས་མེ་ལ་རེག་ན་བླ་མེད་ཀྱི་རྩ་ལྟུང་གཉིས་པར་འགྱུར་ཞིང༌། ཁྱད་གསོད་མེད་པར་སྤྱད་ན། ཡན་ལག་གི་ལྟུང་བར་འགྲོ་བར་བཤད་པ་འདི་མ་ངེས་པ་ནི་མི་སྲིད་མཆི། ཡང་དར་པཎ་གྱི་གྲུབ་མཐའ་མཆོག་ཏུ་འཛིན་པ་དང༌། རྗེ་ས་སྐྱ་པའི་གྲུབ་མཐའ་རང་ལུགས་སུ་ཁས་ལེན་པ་གཉིས་མི་འགལ་ལགས་སམ། རྗེ་བཙུན་གྱིས། ཉན་ཐོས་ཀྱི་དགེ་སློང་སྔགས་ཀྱི་སྡོམ་ལྡན་ལ་དགེ་སློང་རྡོ་རྗེ་འཛིན་པར་བཤད་གདའ་འམ། མཆོག་དབང་གསུམ་ཐོབ་པ་ལ་དགེ་སློང་རྡོར་འཛིན་དུ་བཤད་གདའ། ཧེ་ཧེ། ཡང་རང་རེ་པས། གོས་དམར་ལུས་ལ་དཀྲིས་པ་དཔལ་ལྡན་བླ་མ་མིན། ཞེས་པ་ཤེས་བྱེད་འཐད་ལྡན་དུ་དྲངས་གདའ་སྟེ། དེ་ལྟར་ན། དྲུང་པ་རང་ཡང་དེར་ཐལ། དེའི་ཕྱིར། མདོར་ན་འདུལ་བ་དང༌། གསང་སྔགས་ཚ་རེག་དང་གྲང་རེག་བཞིན་དུ་འཛིན་པའི་གྲུབ་མཐའ་འདི། རྗེ་ས་སྐྱ་པ། འཁྲུལ་ཟད་ལྔ་ཆར་གྱི་གསུང་རབ་དང་འགལ་ཞིང༌། བསྟན་པ་སྤྱི་ལ་གནོད་པས་བཀའ་བསྐྱོན་ཆེན་པོ་འདི་མི་གསུང་བ་དྲུང་ནས་མཁྱེན་མཁྱེན། སངས་རྒྱས་རྡོ་རྗེ་འཆང་གིས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །དམ་ཚིག་དང་ནི་སྡོམ་པ་མ་ལུས་ལ། །སྔགས་པ་ཁྱིམ་པས་རྟགས་དང་ཆ་ལུགས་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་བཀའ་སྩལ་པ་འདི་མ་བསྙེལ་བ་ཐུགས་ལ་འདོགས་པར་ཞུ། ཡང་དྲུང་པའི་གསུང་ཡིག་ཏུ། ཐ་མལ་པའི་འཁྲིག་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་ངོ་འཕྲོད་མ་འཕྲོད་མ་གཏོགས་པ་ཁྱད་པར་མེད་གསུངས་པ་འདི། བྱང་ཆུབ་སྒྲུབ་པ་ལ་གེགས་བྱེད་པའི་ནོར་པ་ཆེན་པོ་ལགས་པས། བདག་གི་ཞུ་ཡིག་འདི་སླེབས་ཕྱིན་ཆད་གྲུབ་མཐའ་འདི་ཞལ་ནས་འདོན་པ་ལྟ་ཞོག ཐུགས་ལ་ཡང་སྐད་ཅིག་ཙམ་ཡང་མི་འཆང་བར་ཞུ་ལགས། འདི་ཡི་རྒྱུ་མཚན། དབང་པོ་གཉིས་བྱུང་བདེ་བ་ནི། དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ཡི་དེ་ཉིད་བདེ་ཆེན་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་ལུང་དུ་དྲངས་ནས་དགག་པ་ཡང་ཡང་མཛད་པ་མ་གཟིགས་ལགས་སམ། གྲུབ་མཐའ་འདི། མུ་སྟེགས་ཀྱི་གསང་སྔགས་པ་རྣམས་ཀྱི་འདོད་པ་ཡིན་པར་སློབ་དཔོན་མཻ་ཏྲི་པས་བཤད་གདའ་ཞིང༌། བོད་དུ། རྔོག་ཆོས་རྡོར་བཞེད་པ་ལ། རྗེ་ས་སྐྱ་པ་རྣམས་ཀྱིས་བཀག་པ་དེ་ལགས་མོད། སྤྱིར་དེང་སང་གི་སྔགས་པ་རྣམས་ཀྱིས་མི་འགྱུར་བའི་བདེ་བ་དང༌། འཛག་པའི་བདེ་བ་གཉིས་ཤན་མི་ཕྱེད་པར་གདའ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ན། རྒྱུ་མི་འགྱུར་བའི་བདེ་བ་ལས་བྱུང་བས་ཁྱབ་ལགས་མོད། ཧེ་ཧེ། སྔགས་རྙིང་མའི་ཆོས་སྐོར་ཀུན་ལ། དགག་སྒྲུབ་ཀྱི་དགོས་པ་ཆུང་བར་གདའ་ཞིང༌། བདག་སྔགས་རྙིང་མ་ལ་སྡང་ཞེན་དེ་ཙམ་མི་ཆེ། འདི་དག་འདི་མི་དག་སྔོན་གྱི་མཁས་པ་རྣམས་ཀྱིས་བྲིས་གདའ་བས་དེས་ཁྱབ་ལགས། ཆོས་སྐྱོང་དང་གཤིན་རྗེ་གཤེད་ཀྱི་གདམས་ངག་སྐོར་ལ་ཕྱིས་ཀྱི་བླ་མ་འགའ་ཞིག་གིས། རྙིང་མའི་མདོས། བསྐང་བ། ཟོར་སོགས། གསར་མའི་རྒྱུད་འགྲེལ་ན་བརྡ་ཆད་ཙམ་ཡང་མེད་པ་མང་པོ་བསྣན་གདའ་བ། མངོན་སུམ་གྱིས་གྲུབ་པ་དེ་ལགས་མོད། སླད་མར་སྐུ་ཁམས་རིན་པོ་ཆེ་བཟང་ཞིང་ཐུགས་དམ་འགྲོ་དོན་རྒྱ་ཆེ་བའི་ངང་ནས། བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་ཏུ་རྗེ་བཙུན་ས་སྐྱ་པའི་བསྟན་པ་དར་རྒྱས་ཀྱི་ཐབས་ལ། སྔར་བཞིན་དུ་བརྩོན་པ་མི་འདོར་བ་ཐུགས་ལ་འདོགས་པར་ཞུ། གདན་སར་སླེབས་ནས་ཞུ་ཡིག་ཅིག་འབུལ་བར་བགྱི། ཉེར་དྲུག་ལ་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག།  །།མངྒ་ལཾ། ཤུ་བྷཾ་སདྷུ།།  །། «༄། །གླིང་འོད་ཟེར་རྒྱལ་མཚན་གྱིས་དྲིས་ལན་བཞུགས་སོ།།  »༈ །ན་མོ་བཛྲ་བ་ར་ཧཱི། མི་གཡོ་བླ་མེད་ཀྱི་རྒྱུད། ལོཙྪ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། བུད་མེད་ལ་དབང་བསྐུར་བའི་ཚེ། བུད་མེད་གཏི་མུག་རྡོ་རྗེ་མ་ལ་སོགས་པ་ཡུམ་ལྔར་བསྐྱེད་པ་ལ། རིག་པའི་དབང་ལྔ་བསྐུར་བ་སོགས་ཁྱད་པར་མང་དུ་བཤད་གདའ་བ་རྣམས་རྒྱུད་དེ་ཉིད་དུ་གཟིགས་པས་འཚལ་བར་མཆིས། འོན་ཀྱང་མི་གཡོ་བའི་དཀྱིལ་འཁོར་དུ་བུད་མེད་ལ་དབང་བསྐུར་ན་ཡིན་གྱི། གཞན་དུ་འདིའི་རིགས་མཐུན་སྦྱར་དུ་མི་རུང༌། དབང་གསུམ་པའི་སྐབས་སུ། བུད་མེད་ལ་ཐབས་གཏད་པར་བསྒོམ་པ། སློབ་དཔོན་བི་བྷཱུ་ཏི་ཙནྡྲས་བཤད་གདའ། གཞན་རྒྱུད་རྣམས་ལས་སྐྱེས་པ་དང༌། བུད་མེད་ལ་རྡོ་རྗེའི་མིང་ཐ་དད་དུ་བཤད་པ་ཙམ་མ་གཏོགས། གཞན་གསལ་བར་བཤད་པ་མ་མཐོང་ལགས། ཞེས་པ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་ནས་ཕུལ་བ་དགེ།  །།ཤུ་བྷཾ།།  །། «༄། །བསམ་གྲུབ་རྒྱལ་མཚན་གྱི་དྲིས་ལན་བཞུགས་སོ།།  »༈ །ན་མོ་བུདྡྷཱ་ཡ། དམ་པའི་ཆོས་ལ་སྒྲུབ་པ་སྙིང་པོར་མཛད་པ། བླ་མ་བསམ་གྲུབ་རྒྱལ་མཚན་པ་ཐུགས་དམ་འཕེལ་བའི་ཐད་ནས་གསུང་ཡིག་རས་ཕྲུགས་བཟང་པོའི་རྟེན་བཅས་འདིར་འཕྲོད་པས་སེམས་ཤིན་ཏུ་སྤྲོ། དེ་ལ་ཁྱེད་ཀྱི་དྲི་བ་དང་པོ་སྤྱིར་བསྟན་པའི་ལམ་གྱི་འགྲོ་ཚུལ་གང་ཡིན་གསུང་བ། ཐོག་མར་མདོ་སྡེ་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཅིག་གི་དྲུང་དུ། ཆོས་སྙིང་ནས་བྱེད་འདོད་ཀྱི་སློབ་མ་ཅིག་ལྷགས་པ་ན། དལ་འབྱོར་རྙེད་དཀའ་དང༌། མི་རྟག་པའི་གཏམ་གྱིས་ཚེ་འདིའི་སྲེད་པ་དོན་གཉེར་གྱི་བློ་བཟློག་པར་བྱས། དེའི་འོག་ཏུ་ལས་རྒྱུ་འབྲས་ལ་ཡིད་ཆེས་ཁྱད་པར་ཅན་བསྐྱེད་པའི་གཏམ་གྱིས་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་དུ་བྱེད་ཅིང་ཡིད་ཆེས་སུ་བཅུག དེའི་འོག་ཏུ་འཁོར་བའི་སྡུག་བསྔལ་གྱི་གཏམ་གྱིས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན། བདེ་བ་དང་སྙིང་པོ་ཅུང་ཟད་ཙམ་ཡང་མེད་པར་ཤེས་པས་འཁོར་བ་ལ་ཡིད་འབྱུང་ནས་སྐྱབས་ཀྱི་དམ་པ། དཀོན་མཆོག་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་འགྲོ་ཞིང༌། དེའི་བསླབ་བྱ་ལ་ཚུལ་བཞིན་དུ་སློབ་ཏུ་གཞུག དེ་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་དེ་སྤངས་ལ། ཐར་པ་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱེད་དགོས་ཤིང༌། སངས་རྒྱས་དེའང་རྒྱུ་མེད་རྐྱེན་མེད་ལས་མི་འགྲུབ་པས། རྒྱུ་སྙིང་རྗེ་ཆེན་པོ་དང༌། རྩ་བ་བྱང་ཆུབ་ཀྱི་སེམས་དང༌། རྐྱེན་ཐབས་ལ་མཁས་པའི་སྤྱོད་པ་སྟེ། འདི་གསུམ་དུ་ཐེག་ཆེན་གྱི་ལམ་ཐམས་ཅད་འདུས་པར་ཤེས་ནས་ཐབས་འདི་གསུམ་ལ་བརྩོན་པ་དྲག་པོས་ནན་ཏན་དུ་བསླབས་པས། ལམ་ལྔ་དང་ས་བཅུ་རིམ་ཅན་དུ་བགྲོད་ནས། བསྐལ་པ་གྲངས་མེད་པ་གསུམ་གྱི་མཐར་འཚང་རྒྱ་བར་འགྱུར་བ་ལགས། ཡང་གང་ཟག་བློ་གྲོས་ཆེན་པོ་འགའ་ཞིག སྐྱེ་བ་འདི་ལ་སངས་རྒྱ་བར་འདོད་ན། རྡོ་རྗེ་ཐེག་པའི་ལམ་ལ་ངེས་པར་འཇུག་དགོས་ལ། དེའི་ཚུལ་ཡང་རྐྱེན་ཐབས་ལ་མཁས་པ་ལ་བསླབ་ཚུལ་ཡན་ཆད་སྔར་བཞིན་ལེགས་པར་བསླབས་ནས། དེའི་རྗེས་སུ་རྡོ་རྗེ་སློབ་དཔོན་རྒྱུད་ནས་གསུངས་པའི་མཚན་ཉིད་ཅན་བཙལ་ལ། དེ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས། དད་པས་གསོལ་བ་བཏབ། དེའི་འོག་ཏུ། བྱ་བ། སྤྱོད་པ། རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་སྨིན་གྲོལ་རིམ་པ་བཞིན་བསླབས་ནས་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་འཇུག་པའམ། ཡང་ན་བླ་མ་མཉེས་པར་བྱས་པའི་འོག་ཏུ་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་ཞུགས་ཀྱང་རུང༌། དེའང་ཐོག་མར་བདེ་ཀྱེ་གསང་གསུམ་མམ། དུས་འཁོར་སོགས་རྒྱུད་སྡེ་ཚད་ལྡན་ནས་བཤད་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ལ། དབང་ཡོངས་སུ་རྫོགས་པར་བླང༌། དེ་དུས་ཐོབ་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་ནན་ཏན་དུ་བྱ། དམ་ཚིག་དག་པའི་རྟེན་དེས་བསྐྱེད་རིམ་ཡོངས་སུ་རྫོགས་པར་བསྒོམས་ནས་ཐ་མལ་གྱི་རྣམ་རྟོག་སྦྱངས། དེའི་འོག་ཏུ་རྫོགས་རིམ་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པས་རླུང་དབུ་མར་ཞུགས་ཏེ། ལྷར་སྣང་བདེ་བ་ཆེན་པོ་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་རྟོགས་ནས་སྔར་གྱི་ལམ་ལྔ་དང༌། ས་བཅུ་ནང་ཏིང་ངེ་འཛིན་གྱི་དུས་མྱུར་དུ་བགྲོད་ནས་སྐྱེ་བ་འདི་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ཡིན། ཚུལ་འདི་ཉུང་ངུས་གཏན་ལ་ཕེབས་མི་ནུས་པས། མདོ་སྔགས་ཀྱི་གཞུང་དྲི་མ་མེད་པ་རབ་འབྱམས་ལ་སྦྱང་དགོས་ཤིང༌། དེ་ཙམ་མི་ནུས་ན་དགེ་བའི་བཤེས་གཉེན་ཕྲིན་ལས་པ་ཆེན་པོའི་བསྟན་རིམ་དང༌། སློབ་དཔོན་ཕྱྭ་པའི་རྒྱལ་སྲས་འཇུག་ངོགས་དང༌། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་རྒྱལ་སྲས་ལམ་བཟང་རྣམས་ལ་སྦྱང་བ་ཡུན་རིང་དུ་བྱས་ན། ཕར་ཕྱིན་ཐེག་པའི་ལམ་སྤྱིའི་གནད་རྟོགས་པར་འགྱུར་ཞིང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་དང༌། རྗེ་འགོས་ཀྱི་གསང་འདུས་ཀྱི་སྟོང་ཐུན་དང༌། བླ་མ་འབྲོ་བའི་དུས་འཁོར་གྱི་འོད་ཟེར་ཕྲེང་བ་དང༌། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་ལུང་རྩ་འགྲེལ་རྣམས་ལ་ཐོས་བསམ་ཡུན་རིང་དུ་མཛད་པས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་ཚུལ་རྣམས་རྫོགས་པར་འགྱུར་བ་ལགས། དྲི་བ་གཉིས་པ། གསང་སྔགས་ཀྱི་གཞི་ལམ་འབྲས་བུ་གསུམ་གང་ཡིན་ཞེས་པ་ལ། སྤྱིར་མང་ཡང༌། འདིར་ཀྱེ་རྡོ་རྗེར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པའི་རྐང་པ་དང་པོ་གཉིས་ཀྱི་གཞི། རྐང་པ་འོག་མའི་ཕྱེད་དང་པོས་ལམ། ཕྱེད་འོག་མས་འབྲས་བུ་རྣམས་བསྟན་ཏེ། རྒྱུ་རྒྱུད་རང་གི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་ལ། རང་བཞིན་རྣམ་དག་གི་ཆ་ནས་སངས་རྒྱས་སུ་བཏགས་ནས་གསུངས་པ་ཡིན་གྱིས། སྟོབས་སོགས་སངས་རྒྱས་ཀྱིས་ཡོན་ཏན་རྣམས་ཡོད་ནས་སངས་རྒྱས་སུ་བཞག་པ་མ་ཡིན། ཐབས་རྒྱུད་གློ་བུར་གྱི་དྲི་མ་དེ་སེལ་བའི་ཐབས་སྨིན་གྲོལ་གྱི་ཏིང་ངེ་འཛིན་འཁོར་དང་བཅས་པ་ལ་ཟེར་བ་ཡིན། འབྲས་རྒྱུད་ལམ་བསྒོམས་པས་གློ་བུར་གྱི་དྲི་མ་རྣམས་ཡོན་ཏན་དུ་གནས་གྱུར་ནས་སྐུ་བཞི་མངོན་དུ་གྱུར་པ་ལ་ཟེར་བར་གདའ། དྲི་བ་གསུམ་པ་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་གང་ཡིན་ཅེས་པ་ལ། ཡུལ་དངོས་པོའི་གནས་ལུགས་སྤྲོས་པ་དང་བྲལ་བར་འཆད་པ་ལ་མདོ་སྔགས་གཉིས་ལ་ཁྱད་པར་མེད་པས་དབུ་མ་ནས་ཇི་སྐད་བཤད་པ་བཞིན། སྔགས་ཀྱི་ཐེག་པར་ཡང་བསྐྱར་ཏེ་འཆད་པ་མ་གཏོགས་གཞན་ཁྱད་པར་མེད། འོན་ཀྱང་ལྟ་བ་དེ་ཡུལ་ཅན་རྣལ་འབྱོར་པའི་བློ་ལ་མ་རྟོགས་པ་རྟོགས་པར་བྱེད་པ་དང༌། རྟོགས་ནས་གོམས་པར་བྱེད་པ་ལ་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན། བསྒོམ་པ་རྒྱུད་སྡེ་འོག་མ་གསུམ་ལྟར་ན་མཚན་བཅས་མཚན་མེད་དམ། རྣལ་འབྱོར་བླ་མེད་ལྟར་ན། རིམ་གཉིས་འཁོར་བཅས་ལ་ཟེར། སྤྱོད་པ་སྤྱིར་སོ་ཐར་གྱི་སྤྱོད་པ་འདུལ་བ་དང་མཐུན། བྱང་སེམས་ཀྱི་མདོ་སྡེ་དང་མཐུན། གསང་སྔགས་རྒྱུད་སྡེ་དང་མཐུན་དགོས་ཀྱི། སྡོམ་པ་གསུམ་གང་དང་ཡང་མི་མཐུན་པའི་རྩིང་སྤྱོད་བྱ་མི་ཉན། བྱེ་བྲག་ཏུ་གསང་སྔགས་ལ་ཁྱིམ་པ་རྡོ་རྗེ་འཛིན་པ་དང༌། རབ་བྱུང་རྡོ་རྗེ་འཛིན་པ་གཉིས་ལས། དང་པོ་རང་གིས་ཁས་བླངས་པའི་སོ་ཐར་གྱི་སྡོམ་པ་དང༌། དེར་མ་ཟད་གཞན་ཡང༌། རྟགས་འཛིན་པ་མ་གཏོགས་པའི་སོ་ཐར་རྣམས་བསྲུང་དགོས་པར་བཤད་དེ། དཔུང་བཟང་ལས། རྒྱལ་བ་དེས་གསུངས་སོ་སོར་ཐར་པ་ཡི། །དམ་ཚིག་དང་ནི་འདུལ་བ་མ་ལུས་ལ། །སྔགས་པ་ཁྱིམ་པས་རྟགས་དང་ཆ་ལུགས་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་ལ། རབ་བྱུང་རྡོ་རྗེ་འཛིན་པ་ལྟར་ན། རྩྭ་གཅོད་པ་དང༌། ས་རྐོ་བ་སོགས་སོ་ཐར་དང་འགལ་བའི་ལྟུང་བ་ཕྲ་མོ་བྱུང་བ་ལ། ཀུན་སློང་ཁྱད་གསོད་ཀྱིས་བློ་ཡོད་ན་གསང་སྔགས་ཀྱི་རྩ་ལྟུང་གཉིས་པར་འགྱུར་ཞིང༌། ཁྱད་གསོད་ཀྱི་བློ་མེད་ན་བཅད་ཙམ་གྱི་ཡན་ལག་གི་ལྟུང་བར་འགྱུར་བས་རྡོ་རྗེ་འཛིན་པ་རྣམས་ཀྱིས་སོ་ཐར་གྱི་སྡོམ་པ་འདུལ་འཛིན་རབ་རེ་བསྲུང་དགོས། བྱང་སེམས་ཀྱི་སྡོམ་པ་ཁྱིམ་པ་དང་རབ་བྱུང་གི་རྡོར་འཛིན་གང་ཡིན་ཀྱང་རུང་སྟེ། རིགས་ལྔ་སྤྱིའི་བསྡུས་པའི་དམ་ཚིག་ཡིན་པའི་ཕྱིར་ངེས་པར་བསྲུང་དགོས་པ་ལགས། དྲི་བ་བཞི་པ། ཕྱག་རྫོགས་དབུ་མ་གསུམ་ལ་ལྟ་བ་མཐོ་དམན་གྱི་ཁྱད་པར་ཡོད་དམ་མེད་ཅེས་པ་ལ། རྫོགས་ཆེན་ལ། ལྷ་བླ་མ་ཡེ་ཤེས་འོད་དང༌། རྗེ་འགོས། ཉ་དབོན་ཀུན་དགའ་སོགས་ཀྱིས་གཞུང་རྣམ་དག་མིན་གསུངས་པའི་དགག་པ་མཐའ་ཡས་པ་མཛད་གདའ་ཞིང༌། ཕྱག་ཆེན་ལ། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་ཟད། །ཅེས་སོགས་གསུང་གདའ། ངེད་ཀྱིས་ཕྱག་རྫོགས་གཉིས་ཀ་ལ་སྦྱང་པ་མ་བྱས་པས་བཟང་ངན་ཅི་འདྲ་ཡོད་མི་ཤེས་ལགས། དབུ་མ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཙལ་ནས་དེ་ཉམས་སུ་ལེན་པ་ལས་འཐད་པ་གཞན་མི་ཡོང༌། དྲི་བ་ལྔ་པ། སྡོམ་གསུམ་བསླབ་པ་འགལ་བ་ནང་ཐུག་པ་རྣམས་ཇི་ལྟར་བསྲུང་ཞེས་པ་ལ། གང་ཟག་ལས་དང་པོ་པའི་དུས་སུ་སོ་ཐར་གཙོ་བོར་བྱ། བརྟན་པ་ཅུང་ཟད་ཐོབ་ནས། བྱང་སེམས་གཙོ་བོར་བྱ། བརྟན་པ་ཆེར་ཐོབ་ཏེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་མཉམ་ནས་རྣལ་འབྱོར་བར་གྱུར་པའི་ཚེ། གསང་སྔགས་ཀྱི་སྤྱོད་པ་གཙོ་བོར་བྱ། མདོར་ན། བསྟན་པ་རིན་པོ་ཆེ་ལ་གང་ཕན་དང༌། རང་གི་རྒྱུད་ཚོད་དང་བསྟུན་པའི་སྤྱོད་པ་གཅིག་བྱ་དགོས་ཀྱི་འདི་གཙོ་མཐའ་གཅིག་ཏུ་ངེས་པ་མེད། ངེད་ཀྱི་རྣམ་ཐར་མདོར་བསྡུས་ཤིག་བསྐུར་གསུང་བ། དཀོན་མཆོག་གསུམ་ལ་ཞེ་ནས་སྐྱབས་སུ་འགྲོ་ཞིང༌། མདོ་སྡེ་མཛངས་བླུན་ལ་སྙིང་ནས་དད་པ་རྙེད་པ་ཙམ་མ་གཏོགས་གཞན་ཡོན་ཏན་གྱི་ཁྱད་པར་གང་ཡང་མེད། བླ་མ་བསྟེན་ཚུལ་སོགས་མཇལ་དུས་གླེང་བས་ཁྱབ། ཚེ་དཔག་མེད་གྲུབ་རྒྱལ་མའི་ཆོས་སྐོར་རྣམས་ངེད་ཀྱིས་མ་ཐོབ་ལགས། སྤྱིར་རང་རེ་ཐུགས་རབ་ཕུན་སུམ་ཚོགས་པ་ཡོད་པར་གདའ་བས། ཕར་ཕྱིན་དང༌། འདུལ་བ་ཅིག་ལ་ཅི་ནས་ཀྱང་གསན་སྦྱོང་མཛད་པ་དྲག་པས་དེ་བཞིན་མཛད་དུ་གསོལ། ཉེར་བདུན་ལ་བྲག་དཀར་དགོན་པ་ནས་དགེ་ལེགས་འཕེལ།།  །།ཤུ་བྷཾ།།  །། «༄། །སློབ་དཔོན་བསམ་བཟང་གི་དྲིས་ལན་བཞུགས་སོ།།  »༈ །སློབ་དཔོན་བསམ་བཟང་གི་ཞུས་ལན་ལ། སྦྱོང་རྒྱུད་དུ་རང་རང་གི་མཆོད་རྟེན་དང༌། རང་གི་ལྷའི་སྐུ་ལ་དབང་བསྐུར་ཞེས་པ། གཤིན་པོའི་རུས་པ་ལ་བྱས་པའི་ཚ་ཚ་དང༌། པར་སྐུ་བཏབ་པ་སོགས་ལ་དབང་བསྐུར་བ་ལགས། དབང་བསྐུར་དུས་མཆོད་རྟེན་དང༌། ལྷ་སྐུ་གང་ཡིན་ཀྱང་རྡོ་རྗེ་སེམས་དཔར་བསྐྱེད་པས་ཁྱབ། མིང་འཛིན་པ་ལ་དབང་བསྐུར་ན་མིང་འཛིན་པ་དེ་ལ་ཚེ་འདས་ཀྱི་དོན་དུ་དབང་བསྐུར་བྱེད་པ་ལགས། གཤིན་ཆོག་མི་དགོས། རོ་བསྲེགས་པའི་སྔོན་དུ་སྦྱང་བ་ནས་སྐྱབས་འགྲོའི་བར་གྱི་གཤིན་ཆོག་སྔོན་དུ་སོང་ནས་རོ་རྡོ་རྗེ་སེམས་དཔར་བསྐྱེད་པ་ལ། དབང་བསྐུར་རྫོགས་པར་བྱེད་དབང་ཚར་བ་དང༌། རོ་ཐབ་ཁུང་དུ་སྦྱིན་སྲེག་གི་ཚུལ་དུ་བསྲེགས་པ་ལགས། བླ་མ་དང་དགེ་བཤེས་སོགས་ཀྱི་གདུང་སྦྱངས་ན་གདུང་དེ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་ཞི་བའི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་བྱས་པས་ཁྱབ། ཡོན་བདག་གི་ཚུལ་དུ་སྦྱངས་ན་ཐབ་ཀྱི་དབུས་སུ་དཀྱིལ་འཁོར་བསྐྱེད། རོ་དེ་བསྲེག་རྫས་སྣ་ཚོགས་པར་བསམས་ནས་སྦྱིན་སྲེག་བྱེད། ཀྱེ་རྡོར་གྱི་དུས་ཐ་མ་ལྟར་ལུས་ཀྱི་ཡན་ལག་སོ་སོ་ལ་འབུལ་བ་རྣམས་འདིར་མི་དགོས། ཡུམ་ཆེན་མོ་སེར་མོ་ཕྱག་བཞི་མ་གཞུང་གང་ན་འདུག་མ་མཐོང༌། བཀའ་གདམས་དར་ཡུལ་བའི་སྨན་ལྷའི་མཆོད་ཆོག་ན་བྲིས་སྣང༌། ཕྱིས་ཆོས་རྗེ་རྒྱལ་སྲས་པས་ཀྱང་དེ་བཞིན་མཛད་གདའ། གཞན་མ་མཐོང༌། འཇིགས་བྱེད་ཀྱི་སྒྲུབ་ཐབས་ཆོས་རྒྱལ་འཕགས་པས་མཛད་པ་དེ་གཙོ་བོ་རྐྱང་པའི་སྒྲུབ་ཐབས་ཡིན་བདག་བསྐྱེད་ལ་དེ་བསྒོམས་ནས། བུམ་བཟླས་མདུན་བསྐྱེད་ལྷ་སྟ་གོན་རྣམས་ལ་རོ་ལངས་བརྒྱད་བསྐོར་ཕྱག་མཚན་དང་བཅས་པ་བསྐྱེད་པ། ཕྱག་ལེན་དང་བཅས་པ་གཉིས་ཀ་ལ་བདོག བདག་བསྐྱེད་ལ་རོ་ལངས་བརྒྱད་བསྐྱེད་པ་མ་དག བདག་མདུན་གཉིས་ཀ་ལ་ཡུམ་བྱེད་པ་ཤིན་ཏུ་མ་དག དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཐུགས་དཀྱིལ་བྲིས། ཆོ་ག་ཐམས་ཅད་ཡོངས་རྫོགས་ལྟར་རྒྱས་པར་བྱ། བྱེ་བྲག་ཏུ་མདུན་གྱི་དཀྱིལ་འཁོར་བསྐྱེད་པའི་ཚེ་ཐུགས་དཀྱིལ་དངོས་སུ་བསྐྱེད། གསུང་དཀྱིལ་མན་ཆད་བློས་སྤྲུལ་ནས་བསྐྱེད་པས་ཆོ་ག་རྣམ་པར་དག་པར་འགྱུར་ཏེ། རྒྱུད་དུ་དབང་གི་དོན་དུ་རིགས་ཀྱི་དབང་གི་ཕྱི་རོལ་དཀྱིལ་འཁོར་དག་ནི་རབ་ཏུ་དམན་པ་ཉིད་དུ་འགྱུར། ཞེས་གསུང༌། དེའི་དོན་གསུང་དཀྱིལ་མན་ཆད་ཀྱི་ལྷ་རིགས་ཅན་ཡིན་ཅིང༌། ཐུགས་དཀྱིལ་གྱི་ལྷ་རྣམས་རིགས་བདག་ཡིན་པའི་ཕྱིར། ཐུགས་དཀྱིལ་གྱི་ལྷའི་ནང་དུ་གཞན་ཐམས་ཅད་འདུས་པར་བསྟན་པ་ཡིན་ཞེས་ཆོས་རྗེ་ཕྱོགས་པའི་ཡིག་ཆར་འབྱུང༌། ཀུན་སྤངས་ཆེན་པོའི་དངོས་སློབ་ཆོས་རྗེ་བྲག་ཁ་བ་གྲགས་པ་སེང་གེའི་ཕྱག་ལེན་ལ་ཡང་དེ་ལྟར་མཛད་ཀྱིན་ཡོད་གདའ་བས་ཤིན་ཏུ་དག་པ་ལགས།།  །། «༄། །དབུ་མ་པ་ལ་གདམས་པ་བཞུགས་སོ།།  »༈ །སིདྡྷིཿབྷ་ཝནྟུ། རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པའི་མདོ། །གང་གི་བློ་ཡི་རྒྱ་མཚོར་ལེགས་གཏམས་ཤིང༌། །སྣ་ཚོགས་ཤེས་བྱའི་དེ་ཉིད་སྣང་བ་ཅན། །བཤེས་གཉེན་དབུ་མ་པ་ལ་འདི་སྐད་འདོམས། །ཡོ་ག་རྣལ་འབྱོར་གྱི་རྒྱུད་ཀྱི་དབང་བསྐུར་བ་སྤྱིའི་རྣམ་གཞག་ལ། སློབ་མ་སྟ་གོན་དང་དངོས་གཞི་གཉིས། དང་པོ་ལ་གསོལ་བཏབ་དང༌། རྣ་བ་གཏད་པར་སྐུལ་བ་སོགས་སྔོན་དུ་འགྲོ་བས་གནས་བཞི་བྱིན་གྱིས་བརླབ་པ། དངོས་གཞི། སྲུང་སྐུད། སོ་ཤིང་སོགས་མཐའ་བརྟེན་དུ་བྱས་པའི་སྟ་གོན་རྫོགས་པར་བྱས་ནས། དངོས་གཞི་ལ་འཇུག་པ་དང་དབང་བསྐུར་བ་གཉིས་ཀྱི། དང་པོ་དཀྱིལ་འཁོར་བསྟན་པ་ཡན་ཆད་དང༌། གཉིས་པ་དབང་ལ། རྡོ་རྗེ་སློབ་མར་དབང་བསྐུར་བ་དང༌། སློབ་དཔོན་དུ་དབང་བསྐུར་བ་ལས། དང་པོ་མེ་ཏོག་གང་ཕོག་གི་རྟེན་ལ། རིག་པའི་དབང་ལྔ། རྡོ་རྗེའི་བརྟུལ་ཞུགས་རྣམས་བསྐུར། གཉིས་པ་སློབ་དཔོན་གྱི་དབང་ལ། རྡོ་རྗེ་སེམས་དཔའི་རྟེན་ལ་རྣལ་འབྱོར་ཆེན་པོའི་ལྷ་རྣམས་བཀོད་པ་ལ་དམ་ཚིག་གསུམ་སྦྱིན། དེའི་མཐའ་བརྟེན་དུ་མིག་ཐུར་དང་མེ་ལོང་སོགས་སྦྱིན་པ་ཡོ་གའི་དབང་ཡོངས་རྫོགས་ཀྱི་ཆོ་གའི་ལུགས་ཡིན་པ་ལྟར། ཡོ་ག་སྨད་ལུགས་ཀྱི་བླ་མ་རྣམས་ཀུན་རིག་ལའང་དབང་གི་རྣམ་གཞག་དེ་ལྟར་བཞེད་ནའང༌། འདིར་ཡོ་ག་སྟོད་ལུགས་ཀྱི་བླ་མ་རྣམས་སྦྱོང་རྒྱུད་ཀྱི་དངོས་བསྟན་ཙམ་ལས་ཁ་སྐོང་མང་པོ་མི་མཛད་ཀྱང༌། དོན་སྔར་གྱི་ཡོ་ག་སྤྱིའི་རྣམ་བཞག་རྣམས་ཚང་བར་ཡོད་པ་ཡིན་ཏེ། དེ་ལ་རྒྱུན་བཤགས་བྱ་བ་ནས། སྲུང་བའི་བར་སློབ་མ་སྟ་གོན། གདོང་གཡོགས་པ་ནས་དམ་ཚིག་ཕོག་པའི་བར་འཇུག་པའི་ཆོ་ག དེ་ནས་རྡོ་རྗེ་སློབ་མར་དབང་བསྐུར་བ་ལ་སྔགས་དབང༌། རིག་པའི་དབང་ལྔ། རྡོ་རྗེའི་བརྟུལ་ཞུགས་རྣམས་འབྱུང་བ་ལས། སྔགས་བཅུ་གསུམ་བརྗོད་པ་སྔགས་དབང༌། རིགས་ལྔའི་བུམ་པས་དབང་བསྐུར་བ། དང་པོ་ཆུ་དབང༌། རིགས་ལྔའི་ཕྱག་རྒྱ། རིན་ཆེན་ཅོད་པཎ། དར་དཔྱངས་དང་གསུམ་སྟེར་བ་གཉིས་པ། ཅོད་པཎ་གྱི་དབང༌། རིགས་ལྔའི་ཕྱག་མཚན་དང༌། ཕྱག་མཚན་གྱིས་ཡུ་བ་བྱས་པའི་དྲིལ་བུ་སྟེར་བ་གསུམ་པ་རྡོ་རྗེའི་དབང་དང༌། བཞི་པ་དྲིལ་བུའི་དབང༌། སངས་རྒྱས་ཞེས་བྱ་བ་དང་རྡོ་རྗེ་ཞེས་བྱ་བ་ནས་ལས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་རིགས་ལྔ་ཆར་གྱི་མཚན་ནས་བརྗོད་པ་མིང་གི་དབང་སྟེ་རིག་པའི་དབང་ལྔ་དང༌། སྣ་ཚོགས་རྡོ་རྗེ་སྟེར་བ་རྡོ་རྗེའི་བརྟུལ་ཞུགས་ཀྱི་སློབ་མའི་དབང་ངོ༌། །དེ་ནས་ཆོས་འཁོར་ལག་ཏུ་གཏད་པའམ། འཁོར་ལོའི་ཕྱག་རྒྱས་གཏུགས་པས། སློབ་མ་བྷྲཱུྃ་དང་འཁོར་ལོ་ལས་བྱུང་བའི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་དུ་བསྒོམ་པ། འཁོར་ལོས་སྒྱུར་བ་ལྔའི་དབང་སྟེར་བ། ཕྱག་ཆེན་སྐུའི་དམ་ཚིག གཟུང་མ་ལྔའི་དབང་སྟེར་བ། དྲིལ་བུ་གསུང་གི་དམ་ཚིག རིགས་ལྔའི་ཕྱག་མཚན་སྟེར་བ་རྡོ་རྗེ་ཐུགས་ཀྱི་དམ་ཚིག འདི་ལ་ཕྱག་མཚན་ཕྲ་མོ་མཐེབ་སྲིན་གྱི་འོག་ཏུ་སྦས་ནས་བསྐུར་བའི་ཕྱིར་གསང་དབང་ཞེས་ཀྱང་གདགས། དེ་ལྟར་དམ་ཚིག་གསུམ་བྱིན་པས་སློབ་དཔོན་དུ་གྱུར་ཏོ་ཞེས་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་པས་ཆོས་བཤད་པའི་རྗེས་གནང༌། དེ་ལྟར་དབང་རྫོགས་པར་ཐོབ་པའི་མཐའ་རྟེན་དུ་རིན་ཆེན་སྣ་བདུན་དང་བཀའི་དབང་བསྐུར་བ་རྣམས་བྱེད་པས་ལུགས་འདི་ལ་ཡོ་ག་ཆེ་བའི་དབང་གི་དོན་རྣམས་ཚང་མར་བཞུགས་པས། གཞན་གྱི་ཆོ་ག་མང་པོ་ཁ་བསྐང་མི་དགོས་ཤིང༌། དབང་གི་རྣམ་གཞག་དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་དབང་ཆོག་གི་ཚིགས་བཅད་རྣམས་ལ་དཔྱད་པས་རྟོགས་པར་འགྱུར་བ་ལགས། ཆོ་གའི་དོན་ལ་དཔྱད་པ་མཛད་པ་ཤིན་ཏུ་ངོ་མཚར་ཆེ། ད་དུང་དེ་བཞིན་མཛད་དུ་གསོལ། ཞེས་ཨེ་ཝཾ་རི་ཁྲོད་ནས་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག།  །། «༄། རཏྣ་ཤྲཱི་ལ་སྤྲིངས་པ་བཞུགས་སོ།།  »༈ །ན་མོ་བུདྡྷཱ་ཡ། གང་གི་ཚུལ་ཁྲིམས་རྙོག་པའི་དྲི་བྲལ་ཞིང༌། །མངོན་ལྐོག་མེད་པའི་རྣམ་དག་སྤྱོད་པ་ཅན། །ཟོབ་བརྫུའི་གཏིང་སྐྱོན་རྡུལ་ཙམ་མི་མངའ་བ། །མཁས་པའི་དབང་པོ་གཡག་སྟོན་ཆོས་རྗེ་རྒྱལ། །དེ་ཡིས་རྗེས་བཟུང་སྲས་ཀྱི་ཐུ་བོ་པ། །ཐུབ་བསྟན་རིན་ཆེན་རྒྱས་པའི་ཁུར་ཆེར་ཞིང༌། །གཞུང་ལུགས་རབ་འབྱམས་རྟོགས་པའི་དཔལ་ཡོན་ཅན། །བཤེས་གཉེན་མཁས་པའི་མཆོག་ལ་འདི་སྐད་གསོལ། །འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་པའི་ཐད་ནས་གསུང་ཡིག་གནང་བ། ཀ་བཅུ་པ་དཀོན་བཟང་ནས་བརྒྱུད་དེ་འཕྲོད་པས་སེམས་ཤིན་ཏུ་སྤྲོ། འདིར་ཡང་དཀོན་མཆོག་གི་བཀའ་དྲིན་ལས། སྐྱབས་འགྲོ་འཕེལ་བར་མཆིས། སྐབས་ཞུས། རྒྱལ་བ་རྡོ་རྗེ་འཆང་གིས། ཉིན་རེར་རྡོ་རྗེའི་སློབ་མ་ལ། །མཁས་པས་དཀྱིལ་འཁོར་བསྟན་པར་བྱ། །བཤང་གཅི་ཤ་ཡི་བྱ་བ་དང༌། །རྡོ་རྗེ་གསང་བའི་ཚིག་དག་གིས། །སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །བསྒོམས་ན་དེ་མ་ཐག་ཏུ་འབར། །ཞེས་བཀའ་སྩལ་ཞིང༌། དེའི་འགྲེལ་པར། ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་སློབ་མ་སྟེ། དབང་བསྐུར་བ་ཐོབ་པ་ལ། མཁས་པ་ཞེས་པ་རྡོ་རྗེ་སློབ་དཔོན་གྱིས། དཀྱིལ་འཁོར་ཞེས་པ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཉིན་རེའམ། ཟླ་རེའམ། ལོ་རེ་བྱ་བའི་ཚུལ་བསྟན་ཅིང་ལུང་འབོགས་པར་བྱའོ། །ཇི་ལྟར་ཞེ་ན། བཤང་གཅི་ཤའི་བྱ་བ་དང༌། །ཞེས་བྱ་བ་སྟེ། དེ་ལ་བཤང་གཅི་སྨོས་པས་ནི་བདུད་རྩི་ལྔ་ཡོངས་སུ་གཟུང་ངོ༌། །ཤ་སྨྲོས་པས་ནི་རྣམ་པ་ལྔ་ཡོངས་སུ་གཟུང་ངོ༌། །བྱ་བ་དང་ཞེས་བྱ་བ་སྨྲོས་པས་ནི། བཟའ་བ་དང་བཏུང་བར་བྱ་བ་མ་ཡིན་པ་རྣམས་བཟུང་སྟེ། བཤང་བ་ལ་སོགས་པ་འདི་དག་དང༌། རྡོ་རྗེ་གསང་བའི་ཚིག་དག་གིས་ཞེས་བྱ་བ། དབང་པོ་གཉིས་མཉམ་པར་སྦྱོར་བ་དང༌། གར་དང་གླུ་ལ་སོགས་པ་དག་གིས་གདུག་པ་ཐམས་ཅད་གདུལ་བར་བྱའོ། །ཞེས་བྱ་བར་དགོངས་སོ། །བདུད་རྩི་ལྔ་ལ་སོགས་པས་བཟའ་བ་ལ་ཉེར་བར་སྤྱོད་པའི་དུས་སུ་ཡིད་ཆེས་པ་བརྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་དང་པོར་གྱུར་པ་ཡི་གེ་ཨོཾ་སྔགས་སྦྱར་བ་རྟོགས་པར་བྱ་བ་ལ་བསྒོམ་ན་དེ་མ་ཐག་ཏུ་མངོན་སུམ་དུ་འབར་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རིག་པའི་སྐྱེས་བུ་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བཤད་པ་ལྟར། སྦྱང་རྟོགས་སྦར་གསུམ་ནུས་པའི་ཏིང་ངེ་འཛིན་གྲུབ་ནས། ཐུན་མོང་མ་ཡིན་པའི་ཀུན་སྤྱོད་རྣམས་མཛད་དུ་གསོལ། ཁྱེད་ལུང་སྡེ་སྣོད་གསུམ་འཆད་ཤེས་ཤིང༌། མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པའི་དགེ་བཤེས་ཡིན་པས། གཞན་གང་བྱེད་རང་གིའང་མི་ཆོག་ལགས། སླད་མ་མྱུར་དུ་མཇལ་ནས། སློབ་དཔོན་ཤཱཀྱ་འོད་ཀྱིས་འདུལ་འཛིན་རྣམས་ཀྱི་བསད་ཤ་བཟའ་རུ་མི་བཏུབ་པ་སོགས་ཀྱི། ཆོས་ཀྱི་བཀའ་མཆིད་བགྲོ་བར་སྨོན། །རྒྱལ་ཀྱི་ཟླ་བའི་ཉེར་གསུམ་ལ། ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་ནས་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག།  །། «༄། །ཉག་རེ་གསང་སྔགས་ལ་སྤྲིངས་པ་བཞུགས་སོ།། » ༈ །ན་མོ་བུདྡྷཱ་ཡ། ཐོས་པ་རྒྱ་མཚོའི་གླིང་ནས་ལེགས་འོངས་ཤིང༌། །བསམ་དཔྱོད་བརྩོན་པའི་བྱི་དོར་གྱིས་སྦྱངས་པས། །ཏིང་འཛིན་བསྒོམས་པའི་འོད་ཟེར་སྟོང་འབར་བ། །དཔལ་ལྡན་བླ་མ་དབང་གི་རྒྱལ་པོར་འདུད། །ངེས་མེད་རྒྱལ་ཁམས་རྒྱུ་བའི་བསོད་སྙོམས་པ། །ཆོས་བརྒྱད་རྣམ་རྟོག་སྤངས་པའི་བྱ་བྲལ་བ། །ཕྱི་མ་བྱང་ཆུབ་རེ་བའི་འདོད་པོ་ཆེ། །ཀུན་དགའ་བཟང་པོར་གྲགས་པའི་དགེ་སློང་གིས། །རྒྱུད་སྡེའི་ཁང་བཟངས་རིམ་གཉིས་ནོར་གྱིས་ཕྱུག །རྣམ་དག་དམ་ཚིག་སྡོམ་པའི་རྒྱན་གྱིས་མཛེས། །ཕྲིན་ལས་སྒོ་བཞིའི་གདུལ་བྱ་ལེགས་བསྐྱངས་པ། །ཀུན་དགའ་གཞོན་ནུར་གྲགས་ལ་འདི་སྐད་གླེངས། །ཁྱོད་སྐུ་སྐབས་གསུམ་དབང་པོའི་ཕོ་བྲང་ལ། །རྣམ་གཡེང་ལྷ་མིན་དཔུང་དང་མི་ལྡན་པར། །བློ་གསལ་ལྷ་བུའི་ཚོགས་དང་ལྷན་ཅིག་ཏུ། །ཆོས་དོན་བདུད་རྩིའི་ཟས་ལ་སྤྱོད་དོ་ཞེས། །རིང་ནས་འོངས་པའི་སློབ་གཉིས་རྒྱུད་མངས་ཀྱི། །པི་ཝང་སྒྲ་སྙན་སྒྲོགས་པ་ཡང་ཡང་ཐོས། །ཁྱད་པར་ལྷག་བསམ་དག་པའི་ཆུ་གཏེར་ལས། །ལེགས་འཁྲུངས་འབུལ་བའི་མེ་ཏོག་རྣམ་མང་དང༌། །དད་པའི་བློ་གྲོས་ནམ་མཁའི་ཁྱོན་ཡངས་པར། །ཕྲིན་ཡིག་ཉི་མའི་དཀྱིལ་འཁོར་རབ་རྒྱས་པ། །ཕོ་ཉ་རྟ་བདུན་ཤིང་རྟས་རབ་དྲངས་ནས། །དཔལ་ལྡན་ས་སྐྱའི་སྐྱེད་མོས་ཚལ་དུ་ཤར། །དེ་ཚེ་ཁོ་བོའི་ཡིད་ཀྱི་ཆུ་སྐྱེས་ཚལ། །དགའ་བའི་འདབ་སྟོང་ལྡན་པར་བྱས་པ་ལ། །དོན་གཉེར་རྐང་དྲུག་ལྡན་པའི་ཚོགས་རྣམས་ཀྱིས། །དགེ་ལེགས་སྙན་པའི་སྒྲ་དབྱངས་སྒྲོག་པར་བྱེད། །འདིར་ཡང་ཁོ་བོའི་དལ་འབྱོར་ལྷུན་པོ་ལ། །རྣམ་གཡེང་མི་མཐུན་རླུང་གིས་མི་གཡོ་ཞིང༌། །ལེགས་བཤད་རིན་ཆེན་ཁམས་དང་ལྡན་བཞིན་དུ། །གདུལ་བྱ་གླིང་བཞིའི་དབུས་ན་བདེ་བར་གནས། །ཤིན་ཏུ་རྙེད་དཀའི་དལ་འབྱོར་ཐོབ་དུས་འདིར། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་དགོས་པས། །དམ་ཆོས་རིན་ཆེན་ཚུལ་བཞིན་འཆད་པ་ལ། །ཡེངས་མེད་བརྩོན་འགྲུས་རྩོམ་དང་ཤེས་ལྡན་དག །རྒྱུད་སྡེའི་དགོངས་པ་གཏིང་དཔག་དཀའ་བའི་ཕྱིར། །ཚིག་སྒྲོས་དངོས་བསྟན་ཙམ་ལ་མ་ཞེན་པར། །མཐའ་དྲུག་ཚུལ་བཞིའི་གསང་བའི་སྒོ་ཕྱེ་ནས། །སྐབས་དོན་ཉམས་སུ་ལོང་དང་ཤེས་ལྡན་དག །འཁོར་དང་ལོངས་སྤྱོད་རྒྱས་པའི་སེམས་འཛིན་སོགས། །ཚེ་འདིའི་ཆེ་ཐབས་བསྒྲུབ་པའི་བློ་སྤངས་ནས། །གང་ན་དམ་ཆོས་འཕེལ་བའི་གནས་རྣམས་སུ། །བཤད་སྒྲུབ་ཚུལ་བཞིན་བསྒྲུབས་དང་ཤེས་ལྡན་དག །སླད་མར་དཔོན་སློབ་སོ་སོར་ཞབས་བརྟན་ཞིང༌། །མཁས་པའི་གྲྭ་སློབ་ཐ་གྲུར་རྒྱས་པ་དང༌། །ཚེ་རིང་ནད་མེད་ཐོས་བསམ་འཕེལ་བཞིན་དུ། །དངོས་སམ་ཡི་གེའི་ངོས་ནས་འཕྲད་པར་སྨོན། །ཁྱེད་ཀྱི་དམ་ཆོས་ཚུལ་བཞིན་བསྒྲུབ་པ་དང༌། །རྒྱ་ཆེན་འབུལ་བའི་རྣམ་གཞག་བསྐུར་བ་སོགས། །དུས་གསུམ་བསགས་པའི་དགེ་བའི་རྩ་བ་རྣམས། །བདེ་གཤེགས་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོ།།  །།ཤུ་བྷཾ།།  །། «༄༅། །བླ་མ་སངས་རྒྱས་རྒྱལ་མཚན་ལ་སྤྲིངས་པའོ།།  »༈ །ན་མོ་བུདྡྷཱ་ཡ། མཁྱེན་བརྩེ་ནུས་ལྡན་དཀོན་མཆོག་རྣམ་གསུམ་དང༌། །སྤྱན་རས་གཟིགས་ལ་གུས་པར་ཕྱག་འཚལ་ཏེ། །སངས་རྒྱས་བསྟན་ལ་ལེགས་པར་རབ་བྱུང་ནས། །ངུར་སྨྲིག་རྒྱལ་མཚན་འཛིན་ལ་འདི་སྐད་སྨྲ། །ཡོན་ཏན་མེད་ལ་ཆེན་པོའི་གོ་འཕང་དག །ནམ་ཡང་འཐོབ་པའི་གོ་སྐབས་མི་སྲིད་བས། །མདོ་དང་རྒྱུད་འགྲེལ་མན་ངག་ཆེ་རྣམས་ལ། །འབད་པས་སྦྱངས་ཏེ་མཁས་པར་བྱ་བར་རིགས། འདི་དང་ཕྱི་མའི་མངོན་མཐོ་ངེས་ལེགས་ཀུན། །སྐྱོན་མེད་ཚུལ་ཁྲིམས་བསྲུང་བ་ལས་བྱུང་ཞིང༌། །ཚུལ་ཁྲིམས་ཉམས་ལ་ཐར་པའི་སྐབས་མེད་པས། །བསླབ་གསུམ་མིག་འབྲས་བཞིན་དུ་བསྐྱང་བར་རིགས། །མར་གྱུར་འཁོར་བའི་མཚོ་ལས་བསྒྲལ་བ་དང༌། །རང་ཉིད་ཐུབ་དབང་གོ་འཕང་ཐོབ་འདོད་ན། །ཀུན་རྫོབ་པ་དང་དོན་དམ་བྱང་ཆུབ་སེམས། །ལེགས་པར་བསྒོམས་པས་བཟང་པོར་བྱ་བར་རིགས། །བརྩོན་འགྲུས་ཉམས་ལ་མཁས་བཙུན་བཟང་གསུམ་དག །ཤར་ནུབ་རི་བཞིན་ཤིན་ཏུ་རིང་བའི་ཕྱིར། །སྔོན་གྱི་རྒྱལ་བས་བརྩོན་འགྲུས་ཁུར་བཞེས་ལྟར། །ཉིན་མཚན་འདའ་བས་བརྩོན་འགྲུས་བརྩམ་པར་རིགས། །དེ་ལྟར་མཁས་དང་བཙུན་དང་བཟང་བ་དང༌། །ཀུན་གྱི་གྲོགས་གྱུར་བརྩོན་འགྲུས་བརྩམ་དགོས་ཞེས། །ཟོལ་མེད་སྙིང་གི་དཀྱིལ་ནས་སྨྲས་པའི་མཐུས། །སྡིག་སྤོང་དགེ་བའི་ལས་ལ་བརྩོན་གྱུར་ཅིག །ཅེས་ཆོས་སྨྲ་བ་ཀུན་དགའ་བཟང་པོས་སངས་རྒྱས་རྒྱལ་མཚན་ལ་སྤྲིངས་པའོ།།  །། «༄། །སངས་རྒྱས་རྒྱལ་མཚན་པ་ལ་སྤྲིངས་པ།།  »༈ །ཨོཾ་སྭ་སྟི། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་གྱོང་པོ་ཀུན། །མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོ་ལ། །སངས་རྒྱས་རྒྱལ་མཚན་ཞེས་པར་མཚན་གསོལ་བའི། །རྟག་པར་རང་རྒྱུད་བསྲེག་ལ་ཕྱག་འཚལ་ལོ། །གང་གིས་གྱོང་པོའི་ཀུན་སྤྱོད་བསྟན་པའི་ཚེ། །ཀོ་སྐམ་ཤིན་ཏུ་མཁྲེགས་པའང་ཟིལ་གནོན་ན། །གཡག་དང་མཛོ་བས་གྱོང་བ་སྨོས་ཅི་འཚལ། །དེ་ཕྱིར་ཁྱོད་འདྲ་གྱོང་པོའི་མཆོག་ཏུ་གྱུར། །ཨེ་མ་གང་ཞིག་རྟ་བདུན་རྒྱལ་པོ་འདི་སྙམ་དུ། །ཁྱོད་ལྟའི་གྱོང་པོ་གླིང་གཞན་དག་ན་ཡོད་མེད་ཅེས། །ངེས་པར་བྱ་ཕྱིར་འབད་པས་གླིང་གཞན་ཀུན་བསྐོར་ཀྱང༌། །ཉིད་འདྲའི་གྱོང་པོ་མེད་པར་ཤེས་ནས་སླར་ཡང་ནི། །ཤར་རིའི་རྩེ་མོར་འོངས་ནས་འདི་སྐད་དུ། །བ་ལང་སྤྱོད་སོགས་གླིང་གཞན་བསྐོར་བྱས་ཀྱང༌། །ཁྱོད་དང་མཉམ་པའི་གྱོང་པོ་མ་རྙེད་ན། །ཁྱོད་པས་ལྷག་པ་སྲིད་པ་མ་ཡིན་ཞེས། །ངོ་མཚར་དད་པའི་ཚ་ཟེར་འཕྲོ་བཞིན་དུ། །མ་ཕོད་སེམས་ཀྱིས་གླིང་འདིར་ཤར་པ་བཞིན། །ཞེས་བཤེས་གཉེན་སངས་རྒྱས་རྒྱལ་མཚན་ལ་བསྔགས་པ་སྒྲོ་འདོགས་དང་སྐུར་འདེབས་དང་བྲལ་བ་འདི་ནི། ཀུན་དགའ་བཟང་པོས་སྦྱར་བའོ།། །། «༄། །དགེ་སློང་བསོད་ནམས་རིན་ཆེན་ལ་སྤྲིངས་པ།། » ༈ །དགེ་སློང་བསོད་ནམས་རིན་ཆེན་གྱིས། འདུས་པའི་གླེགས་བམ་དེ། མེ་ཉག་དགེ་བཤེས་ལ། ད་ལན་གཡར་ཕོར་ཐོང༌། དེའི་དགེ་བ་དེས། ཁྱེད་ཉིད་སངས་རྒྱས་ཤོག། །། «༄། །རྒྱལ་མོ་རོང་པ་བཀྲ་ཤིས་དཔལ་ལ་གདམས་པ།།  »༈ །ན་མོ་བུདྡྷཱ་ཡ། རྨད་བྱུང་ཐུགས་རྗེའི་དབང་ཕྱུག་འགྲོ་བའི་རྗེ། །སྤྱན་རས་གཟིགས་ལ་གུས་པས་ཕྱག་འཚལ་ནས། །ཀུན་དགའི་མིང་ཅན་ཤཱཀྱའི་དགེ་སློང་དེས། །དད་ལྡན་བཀྲ་ཤིས་དཔལ་ལ་འདི་སྐད་སྨྲ། །འབྱོར་པ་བཅུ་ལྡན་མི་ཁོམ་བརྒྱད་བྲལ་བའི། །ལུས་རྟེན་དལ་འབྱོར་ཕུན་ཚོགས་ཐོབ་དུས་འདིར། །རྣམ་དག་ཚུལ་ཁྲིམས་ལམ་གྱི་གཞིར་ཟུང་ལ། །དམ་ཆོས་འབད་པས་སྒྲུབས་ཤིག་བཀྲ་ཤིས་དཔལ། །སྡུག་བསྔལ་རང་བཞིན་བདེ་བའི་སྐབས་མེད་པའི། །འཁོར་བའི་བདེ་བ་ལྟར་སྣང་ལ་ཆགས་ན། །ཅི་བྱས་ཆོས་སུ་འགྲོ་བ་མི་སྲིད་པས། །ཚེ་འདིའི་ཕུན་ཚོགས་སྤོངས་ཤིག་བཀྲ་ཤིས་དཔལ། །མཐའ་ཡས་འགྲོ་ཀུན་ཕ་མར་ཤེས་བྱས་ནས། །བྱམས་དང་སྙིང་རྗེ་ཀུན་རྫོབ་བྱང་སེམས་དང༌། །སྤྲོས་ཀུན་བྲལ་བའི་དོན་དམ་བྱང་སེམས་རྣམས། །བརྩོན་འགྲུས་དྲག་པོས་སྒོམས་ཤིག་བཀྲ་ཤིས་དཔལ། །བདེ་གཤེགས་དཀྱིལ་འཁོར་བསྒོམ་དང་བཟླས་པ་དང༌། །མཆོད་དང་གཏོར་མ་སྦྱིན་སྲེག་བདག་འཇུག་སོགས། །རྒྱ་ཆེན་ཟབ་མོའི་ཐབས་ལ་འབད་བཞིན་དུ། །བརྩོན་པས་རྫོགས་རིམ་སྒོམས་ཤིག་བཀྲ་ཤིས་དཔལ། །ཁྱོད་ཀྱིས་མཚན་རྟོགས་སྐྱབས་ཕྱིར་བགྲང་ཕྲེང་དང༌། །སྡིག་པ་ཞི་ཕྱིར་དྲི་མེད་རས་དཀར་དང༌། །བསོད་ནམས་རྒྱས་ཕྱིར་བསྔོ་བའི་བསྟན་བཅོས་རྣམས། །བུ་ཁྱོད་ཡུལ་དུ་འགྲོ་བའི་སྐྱེས་སུ་འབུལ། །རང་ཡུལ་རྣམ་པར་རྒྱལ་བའི་ཁང་བཟངས་སུ། །སྐལ་བཟང་ལྷ་ཡི་དབང་པོ་ཁྱོད་སོང་ལ། །སྣ་ཚོགས་ཐབས་ཚུལ་མཐུ་སྟོབས་རྡོ་རྗེ་དེས། །བོན་ངན་ལྷ་མིན་བདུད་སྡེ་ཆོམས་ཤིག་དང༌། །བདེ་གཤེགས་བསྟན་པའི་རྒྱལ་མཚན་འཛིན་པ་དང༌། །འགྲོ་མང་དམ་པའི་ཆོས་ལ་སྦྱོར་བ་དང༌། །རང་གི་འདོད་དོན་ཕུན་ཚོགས་ལེགས་ཐོབ་ནས། །བསྟན་པ་རྒྱས་པར་འགྱུར་རོ་བཀྲ་ཤིས་དཔལ། །ཞེས་པ་འདི་རྒྱལ་མོ་རོང་པ་བཀྲ་ཤིས་དཔལ་ལ་འགྲོ་ཆོས་སུ། རྟའི་ལོ་དབོ་ཟླ་བའི་ཡར་ཚེས་བརྒྱད་ལ་དཔལ་ས་སྐྱར་བྲིས་པའོ།།  །། «༄། །བློ་བཟང་ལ་གདམས་པ།། » ༈ །ན་མཿཤྲཱི་གུ་ར་ཝེ། གང་ལ་བརྟེན་ན་བསླུ་བ་མེད་པའི་སྐྱབས། །འདྲེན་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་བྱ་བྲལ་བ། །བློ་གྲོས་བཟང་པོ་དེ་ལ་འདི་སྐད་གདམས། །ཚུལ་གནས་ཐོས་པའི་ཡོན་ཏན་དང་ལྡན་ནས། །བསྒྲུབས་ལ་བརྩོན་པའི་གོ་ཆ་ཆེར་བགོས་ཏེ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ། །ཆུ་བོའི་རྒྱུན་བཞིན་བསྒོམ་པ་ཤིན་ཏུ་གཅེས། །ཁམས་གསུམ་འགྲོ་བ་མཐའ་དག་རང་ཉིད་ཀྱི། །ཕ་མ་ལན་མང་བྱས་ཤིང་ཕན་བཏགས་ཕྱིར། །དེ་དག་ཀུན་ལ་སྙིང་རྗེའི་བློ་བསྐྱེད་ནས། །ཀུན་རྫོབ་བྱང་སེམས་བསྒོམ་པ་ཤིན་ཏུ་གཅེས། །ལས་འབྲས་ངོ་བོ་བདེན་པར་མ་གྲུབ་ཀྱང༌། །ཇི་སྙེད་ལས་ཀྱི་བག་ཆགས་མ་སྤངས་པར། །རྒྱུ་འབྲས་བསླུ་མེད་ཚུལ་ལ་ཡིད་ཆེས་པས། །སྡིག་སྤངས་དགེ་ལ་འབད་པ་ཤིན་ཏུ་གཅེས། དབོན་པོ་རིན་རྣམ་འདིར་སློབ་གཉེར་ཡང་ཆེར་མ་བྱུང་འདུག་ཅིང༌། ཆང་ཡང་དུམ་པ་འཐུང་གིན་ཡོད་པ་འདྲ་བས་རེ་ཞིག་ངེད་ཀྱི་རྗེས་ལ་ལོ་གཉིས་ཙམ་ཅིག་ཕྱིན་ན་དྲག་གམ་ཟེར་བ་བྱས་པས། ཁྱེད་བགྲེས་པས་འགྲོ་མི་ནུས་ཟེར་བས་ཇི་ལྟར་འཐད་ཀྱི་གྲོས་མཛོད། མོས་གུས་ཀྱི་རྟེན་དུ་སྐེ་རགས་ཆུང་ངུ་ཟླ་བ་དྲུག་ཙམ་བཅིངས་པ་ཅིག་བདོག འབྲལ་མེད་བླ་མ་སྤྱི་བོར་བསྒོམ་པ་དང༌། །ཁམས་གསུམ་འགྲོ་ལ་སྙིང་རྗེ་བསྒོམ་པ་དང༌། །རང་སེམས་སྤྲོས་དང་བྲལ་བར་བསྒོམ་པ་གསུམ། །བློ་བཟང་ཁྱེད་ཀྱིས་རྒྱུན་གྱི་ཉམས་ལེན་མཛོད།།  །། «༄། །ཉག་ར་སངས་རྒྱས་གྲགས་ལ་གདམས་པ།། » ༈ །རྗེ་བཀའ་དྲིན་ཅན་གྱི་བླ་མ་དང༌། །ལྷ་དཀོན་མཆོག་གསུམ་ལ་གུས་བཏུད་ནས། །ཕ་ཀུན་དགའི་མིང་ཅན་དགེ་སློང་གིས། །བུ་སངས་རྒྱས་གྲགས་ལ་འདི་སྐད་སྨྲ། །རྟེན་དལ་འབྱོར་རྙེད་པ་ཤིན་ཏུ་དཀའ། །དེ་ཡུན་རིང་མི་གནས་ངེས་པར་འཇིག །ནམ་འཇིག་ཚེ་རྒྱུ་འབྲས་རྗེས་སུ་འབྲང༌། །དོན་འདི་ལ་སོམས་དང་སངས་རྒྱས་གྲགས། །ཁྱོད་མི་ལུས་ལན་གཅིག་ཐོབ་དུས་འདིར། །ཆོས་རྣམ་དག་བསྒྲུབས་ལ་མ་འབད་ན། །ཡུལ་ཁམས་གསུམ་འཁོར་བའི་སྡུག་བསྔལ་དེ། །མི་ཁྱོད་ཀྱིས་བཟོད་དམ་སངས་རྒྱས་གྲགས། །རྒྱུ་འཁོར་བའི་མཚོ་ལས་སྒྲོལ་བ་ལ། །རྐྱེན་བྱང་ཆུབ་སེམས་ལ་རབ་བརྟེན་ནས། །ལས་བརྩོན་འགྲུས་དྲག་པོ་བསྐྱེད་དགོས་ཀྱི། །སེམས་བཟང་བས་མི་ཕན་སངས་རྒྱས་གྲགས། །གཞི་སོ་སོ་ཐར་བའི་སྡོམ་པ་དེ། །སེམས་ལས་སུ་རུང་བའི་མཆོག་ཡིན་ཏེ། །ཕན་བདེ་དགེ་བསྟན་པའི་རྩ་བ་ཡིན། །དེ་སྲོག་བཞིན་སྲུངས་ཤིག་སངས་རྒྱས་གྲགས། །ལམ་བྱང་ཆུབ་སེམས་དཔའི་བསླབས་པ་དེ། །མ་དྲིན་ཅན་སེམས་ཅན་ཐམས་ཅད་ཀྱིས། །དོན་བླ་མེད་བསྒྲུབ་པའི་ཐབས་ཡིན་པས། །དེ་གཅེས་པར་ཟུངས་ཤིག་སངས་རྒྱས་གྲགས། །སྔགས་རིག་འཛིན་དམ་ཚིག་སྡོམ་པ་དེ། །ཚེ་འདི་ལ་སངས་རྒྱས་བསྒྲུབ་འདོད་ན། །དོན་འདི་ལས་ལྷག་པ་གཞན་མེད་པས། །དེ་སྲོག་བཞིན་སྲུངས་ཤིག་སངས་རྒྱས་གྲགས། །ཁྱོད་མདོ་ཁམས་སྟོད་ནས་འདིར་འོངས་པ། །ཆོས་ཁོ་ནའི་ཆེད་དུ་མ་གཏོགས་པ། །དོན་གཞན་ལ་འོངས་བ་མ་ཡིན་པས། །བུ་བརྩོན་འགྲུས་བསྐྱེད་ཅིག་སངས་རྒྱས་གྲགས། །གླུ་དེ་སྐད་བླངས་པའི་དགེ་བ་དེས། །དོན་ཁྱོད་ཀྱི་སྙིང་ལ་རབ་ཞུགས་ནས། །ཚུལ་འབད་རྩོལ་དྲག་པོ་བསྐྱེད་བྱས་ནས། །དོན་ཁྱོད་ཀྱི་སྙིང་ལ་ཞུགས་པར་ཤོག།  །། « ༄། །དབོན་པོ་རྒྱལ་མཚན་དཔལ་ཡུམ་སྲས་བཅས་ལ་གདམས་པ་བཞུགས་སོ།།  »༈ །ན་མོ་བུདྡྷཱ་ཡ། གང་ལ་བརྟེན་ན་བསླུ་མེད་མཆོག་ཐོབ་ཅིང༌། །སྡུག་བསྔལ་རྒྱུ་བཅས་འཇོམས་པའི་སྐྱབས་ཅིག་པོ། །རིན་ཆེན་དཀོན་མཆོག་གསུམ་ལ་གུས་བཏུད་ནས། །མི་དབང་ཡུམ་སྲས་བཅས་ལ་འདི་སྐད་གསོལ། །བདེ་སྡུག་འབྱོར་རྒུད་འདུ་འབྲལ་ལ་སོགས་པ། །འགྲོ་བ་ཀུན་ལ་ཡོང་གི་ཅིག་ལ་མིན། །དེས་ན་ཆོས་ཚུལ་དགོངས་པའི་མི་དབང་ཁྱོད། །མྱ་ངན་ཟུག་རྔུ་སྤོངས་ལ་དམ་ཆོས་སྒྲུབས། །དེང་དུས་མི་འདོད་རྐྱེན་ངན་སྣ་ཚོགས་ཀྱིས། །ལུས་སེམས་སྡུག་བསྔལ་ཆེ་ལ་སྦྱར་བ་འདི། །སྔོན་བྱས་ལས་ཀྱི་འབྲས་བུ་སྨིན་པས་ན། །ཕྱི་མ་བདེ་བར་འགྱུར་ཞེས་དགའ་བར་སྒོམས། །ཕན་མང་བཏགས་པའི་འཁོར་གྱིས་འདི་ཕོད་ནི། །སྔོན་གྱི་ལས་ལས་འགྱོད་པ་གཞན་ཅི་ཡོད། དེས་ན་དགྲ་གཉེན་བར་མ་ཐམས་ཅད་ལ། །བྱང་སེམས་མཉམ་པར་སྒོམས་ཤིག་མི་དབང་དག །རྣམ་མང་སྐྱེ་བའི་ལན་ཆགས་འདེད་བྱེད་པའི། །སྡུག་པའི་བུ་མཆོག་སྙིང་ལ་ཞེན་པ་དེ། །མི་རྟག་འགྱུར་ནའང་འདུས་བྱས་ཐམས་ཅད་ཀྱི། །མཚན་ཉིད་དེ་ལྟར་མཁྱེན་མཛོད་སྦྱིན་བདག་མོ། །མྱ་ངན་སྡུག་བསྔལ་བརྒྱ་ཕྲག་སྣ་ཚོགས་ཀྱིས། །ལུས་སེམས་གདུངས་ཀྱང་གཞན་ལ་མི་ཕན་ཞིང༌། །རང་ཉིད་སྡུག་ལ་དགོས་པ་མེད་ཤེས་ནས། །ལུས་སེམས་སྡུག་བསྔལ་སྤོངས་ཤིག་སྦྱིན་བདག་མོ། །སླད་ནས་སྐུ་ཚེ་ལྷུན་པོ་ལྟར་བརྟན་ཞིང༌། །འཁོར་མང་རྒྱ་མཚོ་བཞིན་དུ་རབ་རྒྱས་ལ། །གྲགས་སྙན་ཉི་ཟླ་བཞིན་དུ་རྣམ་གསལ་ནས། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས་པར་གྱུར།།  །།ཤུབྷཾ།།  །། «༄། །ཡ་ཚེ་རྒྱལ་བོ་ཧསྟི་རཱ་ཛ་ཡབ་ཡུམ་སྲས་བཅས་ལ་གདམས་པ་བཞུགས་སོ།།  »༈ །ན་མོ་བུདྡྷཱ་ཡ། སྐུ་གསུམ་མངོན་གྱུར་རྫོགས་པའི་སངས་རྒྱས་དང༌། །ཐེག་གསུམ་དོན་སྟོན་ཆགས་བྲལ་དམ་པའི་ཆོས། །བསླབ་གསུམ་རྣམ་དག་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གཡོ་མེད་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་ཚོགས་ཀྱིས་རྗེས་བཟུང་ཞིང༌། །བདེ་གཤེགས་བསྟན་ལ་མི་ཕྱེད་དད་པ་ཅན། །དམ་ཆོས་སྨྲ་བའི་དགེ་སློང་ས་སྐྱ་པ། །བློ་ལྡན་ཀུན་དགའ་བཟང་པོ་ཞེས་བྱ་བས། །སྔོན་དགེའི་བསོད་ནམས་སྟོབས་ལས་གྲུབ་པའི་ལུས། །རྣམ་དག་རིགས་དང་ཆོ་འབྲང་ཆེས་མཐོ་ཞིང༌། །འཁོར་དང་ལོངས་སྤྱོད་དབང་ཕྱུག་ཕུན་ཚོགས་པས། །རྒྱལ་སྲིད་དེས་པས་སྐྱོང་བའི་དཔལ་ཡོན་ཅན། །ཆོས་ཀྱི་རྒྱལ་པོ་ཧསྟི་རཱ་ཛ་དང༌། །དེ་སྲས་ཐུ་བོ་ཨ་ཧྲུ་རཱ་ཛ་དཔལ། །བཙུན་མོ་དམ་པ་ཛ་གད་སྨལ་རྣམས་ལ། །དགེ་བའི་སེམས་ཀྱིས་ཆོས་ཀྱི་སྐྱེས་འདི་གླེང༌། །ཁྱེད་ཀྱིས་ལྷག་བསམ་དག་པས་བསྐུར་བ་ཡིས། །སྣ་ཚོགས་གཡོས་སུ་སྦྱར་བའི་ཞལ་ཟས་དང༌། །གདན་དང་རྒྱབ་ཡོལ་ཆོས་གོས་རྒྱུ་ལ་སོགས། །རིངས་ནས་འོངས་པའི་ཕོ་ཉས་ལེགས་པར་འཕྲོད། །རྣམ་མང་དགེ་བ་འདི་དང་དགེ་ཚོགས་གཞན། །ཇི་སྙེད་བསགས་རྣམས་གཅིག་ཏུ་བསྡུས་བྱས་ནས། །ཐུབ་དབང་ཤཱཀྱའི་གོ་འཕང་དམ་པ་དེ། །མར་གྱུར་འགྲོ་བས་མྱུར་དུ་ཐོབ་ཕྱིར་བསྔོ། །ཁྱེད་ཀྱི་ད་ལྟའི་སྟོབས་དང་བསོད་ནམས་རྣམས། །བྱེད་པོ་གཞན་གྱིས་བྱས་པ་མ་ཡིན་ཞིང༌། །ངོ་བོ་ཉིད་ཀྱིས་གྲུབ་པའང་མ་ཡིན་གྱི། །སྔོན་གྱི་དགེ་བ་ཁོ་ནའི་རྒྱུ་ཡིན་པས། །དེ་ཕྱིར་དགེ་བ་བསྒྲུབ་ལ་བརྩོན་པར་མཛོད། །སྟོན་པ་འཁོར་བའི་འདམ་ལས་མ་གྲོལ་ཞིང༌། །བསྟན་པ་ཉོན་མོངས་དྲི་མ་སྐྱེད་བྱེད་པ། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ལ་སོགས་དང༌། །མུ་སྟེགས་བྱེད་དང་ཀླ་ཀློའི་ཆོས་ལུགས་རྣམས། །རྣམ་པ་ཀུན་དུ་དུག་བཞིན་སྤོང་བར་མཛོད། །ཁྱད་པར་ཁྱེད་ཀྱིས་བསྐྱངས་པའི་རྒྱལ་ཁམས་ན། །ལྷ་རྣམས་མཆོད་ཕྱིར་བྱ་དང་ར་ལུག་སོགས། །སྲོག་གི་མཆོད་སྦྱིན་བྱེད་པ་ཡོད་ཅེས་ཐོས། །འདི་དག་ཆོས་རྒྱལ་ཁྱོད་ཀྱིས་དགག་པར་མཛོད། །འགྲོ་བ་བསད་པས་དགེས་པའི་ལྷ་དེ་ཡི། །རྒྱུད་ལ་སྙིང་རྗེ་ཆེན་པོ་ག་ལ་ཡོད། །སྙིང་རྗེ་མེད་པའི་ལྷ་ལ་མཆོད་བྱས་ན། །དེ་ཡི་འབྲས་བུ་ངན་སོང་ལས་གཞན་ཅི། །དེ་ལྟར་མཁྱེན་ནས་མི་དབང་ཁྱེད་ཉིད་ཀྱིས། །སྲོག་གི་མཆོད་སྦྱིན་རང་གིས་བྱེད་པ་དང༌། །བྱེད་དུ་འཇུག་དང་གཞན་གྱིས་བྱེད་པ་སོགས། །ཐམས་ཅད་རྣམ་པ་ཀུན་དུ་སྤོང་བར་མཛོད། །སྐྱབས་གནས་མཐར་ཐུག་དཀོན་མཆོག་རིན་པོ་ཆེ། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །སྐྱབས་སུ་སོང་ན་སྡུག་བསྔལ་ཀུན་ཞི་ཞིང༌། །དགེ་ལེགས་ཐོབ་པར་ངེས་པས་སྐྱབས་འགྲོ་མཛོད། །གྲོང་དང་ཚོང་དུས་འགྲོ་མང་འཚོགས་དབུས་སུ། །སྟོན་པ་བླ་མེད་ཤཱཀྱའི་རྒྱལ་པོ་དང༌། །རིན་ཆེན་དཀོན་མཆོག་རྣམ་པ་གསུམ་གྱི་མཚན། །སྐྱེ་བོ་ཀུན་གྱིས་ཐོས་སླད་བསྒྲགས་པར་མཛོད། །སྔོན་གྱི་ཡ་ཚེའི་ཆོས་རྒྱལ་ཆེ་རྣམས་ཀྱིས། །བོད་ཡུལ་བསྟན་པའི་འབྱུང་ཁུངས་མཁས་པའི་གླིང༌། །དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་དེར། །ཐེག་ཆེན་ཆོས་སྒྲ་སྒྲོགས་གནས་ཆོས་ཁྲིའི་སྟེང༌། །རིན་ཆེན་གསེར་གྱི་ཐོག་ཕུབ་རྒྱ་ཆེ་བ། །གསེར་བཟང་ཏོག་གིས་བརྒྱན་པ་ཕུལ་བ་ཡང༌། །དུས་རིང་དབང་གིས་རྙིང་ཞིང་ཞིག་པར་གྱུར། །འདི་དག་སྔོན་བཞིན་གསོས་ན་ཅིས་མི་ལེགས། །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་ཤེས་ནས། །དགེ་སློང་བྲམ་ཟེ་ཆོས་ལྡན་སྐྱེས་བུ་དང༌། །ཕོངས་དང་ནད་ཅན་མགོན་མེད་གྱུར་རྣམས་ལ། །རེ་བ་མེད་པའི་སྦྱིན་པ་རྒྱ་ཆེན་མཛོད། །བྲན་དང་གཡོག་སོགས་འགྲོ་བ་འདི་དག་ཀུན། །རང་གི་ཕ་མ་ཡང་ཡང་བྱས་ངེས་ཤིང༌། །ཕན་བདེ་བསྐྱེད་པའི་དྲིན་བཟང་བསམ་ཡས་ཕྱིར། །བྱམས་ཤིང་བརྩེ་བའི་སེམས་ཀྱིས་བསྐྱང་དུ་གསོལ། །རྒྱལ་སྲིད་ཆེད་དུ་ཕན་ཚུན་རྩོད་པ་དང༌། །དམག་དང་གཡུལ་ངོ་འགྱེད་པ་ལ་སོགས་པ། །ཐམས་ཅད་མི་དགེའི་བྱ་བར་རབ་མཁྱེན་ནས། །བག་ཡོད་སྤྱོད་པས་རང་སྲིད་བསྐྱང་དུ་གསོལ། །མི་དགེ་སྤྱད་ལས་འབྲས་བུ་ངན་སོང་དང༌། །དགེ་བའི་ལས་ལས་བྱང་ཆུབ་གསུམ་ཐོབ་པའི། །བསླུ་མེད་ལས་འབྲས་ཚུལ་བཞིན་རྟོགས་བྱས་ནས། །སྡིག་སྤོང་དགེ་བ་བསྒྲུབ་ལ་བརྩོན་པར་རིགས། །དེ་ལྟར་འདོམས་པའི་ཡི་གེའི་རྟེན་ཙམ་དུ། །རྒྱུད་བཞིན་མཁས་པས་བྲིས་པའི་བསྲུང་འཁོར་གསུམ། །རབ་གནས་ཆོ་གས་བརྟན་པར་བྱས་པ་དང༌། །དར་མདུད་སྔགས་ཀྱིས་བཏབ་པ་འདི་དག་འབུལ། །སླད་ནས་རྒྱལ་པོ་ཡབ་སྲས་འཁོར་བཅས་རྣམས། །ཚེ་རིང་ནད་མེད་དབང་ཕྱུག་ཕུན་ཚོགས་ཤིང༌། །སངས་རྒྱས་བསྟན་ལ་མངོན་པར་དད་པ་དང༌། །བླ་མེད་བྱང་ཆུབ་དམ་པ་ཐོབ་གྱུར་ཅིག།  །། «༄། །ཡ་ཚེ་བློན་པོ་ལ་གདམས་པ།།  »༈ །ཚེ་འདིའི་བྱ་བས་ཕྱི་མ་དོན་ཆེ་བས། །འགྲོ་ཀུན་ཕ་མར་ཤེས་ནས་བསྐྱངས་པ་དང༌། །རྒྱལ་བའི་བསྟན་ལ་དད་པ་བསྐྱེད་པ་དང༌། །མི་དགེའི་བྱ་བ་མཐའ་དག་སྤོང་བར་མཛོད།།  །།དད་པ་ཅན་ཨ་ཡ་དབང་ཕྱུག་བཀྲ་ཤིས་ཀྱི་ཟངས་བུམ་ཆེན་པོ་ཀླུ་གཏོར་གྱི་སྨན་དང་བཅས་པ་བླ་མ་པས་འཕྲོད་པས་སེམས་སྤྲོ། སྐབས་དོན། མི་རྟག་མྱུར་དུ་འཆི་བར་ངེས་པས་ན། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། །ཁམས་གསུམ་འགྲོ་བ་ཕ་མར་ཤེས་བྱས་ནས། །སྡིག་སྤོང་དགེ་བ་བསྒྲུབས་ལ་བརྩོན་པར་མཛོད། །དད་པའི་རྟེན་ཙམ་དུ་སྲུང་མདུད་གཅིག་བདོག །ཚེས་བཟང་པོ་ལ་ཕུལ་བ་དགེ།  །། «༄། །ཐར་པ་ཡེ་ཤེས་ལ་སྤྲིངས་པའོ།།  »༈ །ན་མོ་བུདྡྷཱ་ཡ། དད་པ་དང་དགེ་བའི་བསམ་པ་རྣམ་པར་དག་པ་དང་ལྡན་པ། དཔོན་རྒན་ཐར་པ་ཡེ་ཤེས་པ། སྐུ་ཁམས་བཟང་ཞིང་དགེ་བའི་བྱ་བ་ལ་བརྩོན་པའི་ཐད་ནས། གསུང་ཡིག་རྟེན་བཅས་འཕྲོད་པས་རྗེས་སུ་ཡི་རངས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། འདིར་བླ་མ་ཀུན་དགའ་རྒྱལ་མཚན་པ། རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྣམས་ཀྱི་གསུང་རབ་རྣམས་གྲུབ་ནས་ཞུ་དག་དང༌། རབ་གནས་སོགས་ལེགས་པར་མཐར་ཕྱིན་ནས། དེ་ཕྱོགས་སུ་སྤྱན་དྲངས་ནས་བྱོན་ཡོད་པས་ཐུགས་དགའ་སྤྲོ་རྒྱ་ཆེན་པོ་མཛད་པར་ཞུ། ཉམས་ལེན་གྱི་རིམ་པའི་ཆོས་ཤིག་དགོས་ཟེར་བ། མདོར་བསྡུས་ཏེ་བརྗོད་ན།།  ༈  །།ན་མོ་ལོ་ཀེ་ཤྭ་རཱ་ཡ། ཕུན་ཚོགས་དངོས་གྲུབ་འབྱུང་བའི་སྒོ་གཅིག་པོ། །དཔལ་ལྡན་བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ། །ཁམས་གསུམ་འགྲོ་བ་ཕ་མར་ཤེས་བྱས་ནས། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པར་བསྒོམ། །བདག་བདེ་གཞན་ལ་སྦྱིན་ཞིང་གཞན་རྒྱུད་ཀྱི། །སྡུག་བསྔལ་མཐའ་དག་རང་གིས་ལེན་པར་བསྒོམ། །དཀར་ནག་ལས་འབྲས་བསླུ་བ་མེད་ཤེས་ནས། །སྡིག་སྤང་དགེ་བ་བསྒྲུབས་ལ་བརྩོན་པར་མཛོད། །དེ་ལྟར་བྱས་ན་སྦྱིན་བདག་དད་པ་ཅན། །ཐར་པ་ཡེ་ཤེས་ཁྱེད་ཀྱང་ལམ་བཟང་ལ། །བར་ཆད་མེད་པར་ཞུགས་ནས་བྱང་ཆུབ་ཆེ། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །གནས་སྐབས་གང་དུ་ཚེ་རིང་ནད་མེད་ཅིང༌། །ལོངས་སྤྱོད་ཕུན་ཚོགས་བཀྲ་ཤིས་དགེ་ལེགས་ལྡན། །ས་ཕྱོགས་དགེ་ཞིང་ལོ་ཏོག་རྒྱས་པ་དང༌། །རྨད་བྱུང་དམ་ཆོས་ཕྱོགས་བཅུར་རྒྱས་པར་འགྱུར། །ཞེས་པ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་ནས་ཕུལ་བའོ། །དད་པའི་རྟེན་དུ་ངེད་ཀྱི་གོན་འཕྲོའི་ཆ་རོག་གཉིས་ཕུལ་བ་བདོག འདི་ཕྱོགས་ཀྱི་རྒྱུ་མཚན་རྣམས་བླ་མ་བ་ལ་གསལ། སྟག་ལོ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་རི་ཁྲོད་ནས་ཕུལ་བ་དགེ་ལེགས་འཕེལ།།  །། «༄། །སློབ་དཔོན་བཟོད་པ་ལ་བསྟོད་པའོ།།  »༈ །ཨོཾ་སྭ་སྟི། ཐུབ་དབང་བསྟན་པའི་མངའ་བདག་ས་སྐྱ་པ། མཁས་མཆོག་བརྒྱུད་པར་བཅས་པའི་ཕྲིན་ལས་ལས། །ལེགས་གྲུབ་རྩོད་པའི་དབང་ཕྱུག་བཟོད་པ་དཔལ། །ཕྱོགས་ལས་རྣམ་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དལ་འབྱོར་དོན་ཡོད་བྱ་ཕྱིར་དུ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །གསུང་རབ་དགོངས་འགྲེལ་བཅས་ལ་ཉིན་མཚན་དུ། །ཐོས་དང་བསམ་པས་དུས་འདས་ཁྱོད་ལ་འདུད། །ཀུན་མཁྱེན་གཉིས་པ་རོང་སྟོན་ཆོས་རྗེ་སོགས། །བཅུ་ཕྲག་གཉིས་དང་བདུན་གྱིས་ལྷག་པ་ཡི། །ཡོངས་འཛིན་དགེ་བའི་བཤེས་གཉེན་གུས་བསྟེན་ནས། །རྒྱ་ཆེན་ཆོས་ཀྱི་མཛོད་དུ་གྱུར་ལ་འདུད། །འདུལ་བ་མངོན་པ་ཕ་རོལ་ཕྱིན་ལ་སོགས། །ཟབ་མོའི་སྡེ་སྣོད་ཐམས་ཅད་ཐུགས་ཆུད་ནས། །མ་ནོར་ལེགས་པར་བཤད་པའི་ཆར་ཆེན་གྱིས། །གདུལ་བྱའི་བློ་གྲོས་རྒྱས་པར་མཛད་ལ་འདུད། །ཀུན་ལས་བཏུས་དང་སྡེ་བདུན་རིགས་གཏེར་སོགས། །རྟོག་གེའི་གཞུང་ལུགས་མཐའ་དག་ལེགས་རྟོགས་ནས། །ཡང་དག་རིག་པའི་སྣང་བས་གསུང་རབ་གྱི། །གྲངས་ངེས་ཚུལ་བཞིན་བྱེད་པ་ཁྱོད་ལ་འདུད། །གང་གི་རིག་པ་སེང་གེའི་གད་རྒྱངས་ཀྱིས། །སྨྲ་ངན་ཝ་ཚོགས་མཐའ་དག་ཕམ་བྱས་ནས། །ཡིན་ལུགས་ཆོས་ཀྱི་སྣང་བས་ཕྱོགས་ཀུན་ཏུ། །རབ་འབྱམས་གདུལ་བྱ་རྒྱས་པར་མཛད་ལ་འདུད། །ཞིང་གཞན་གཤེགས་ཚེ་ཞིང་འདིར་ནམ་མཁའི་ཁམས། །གྲངས་མེད་རྗེ་བཙུན་སྒྲོལ་མའི་སྐུས་གང་ནས། །བུ་ཁྱོད་བདེ་བ་ཅན་དུ་སོང་ཅེས་པའི། །ལུང་བསྟན་བྱང་ཆུབ་བརྙེས་པ་ཁྱོད་ལ་འདུད། །སྐུ་གདུང་ཞུགས་ལ་ཞེན་ཚེ་འཇའ་འོད་དང༌། །མེ་ཏོག་ཆར་གྱིས་འགྲོ་ཀུན་དྭང་བར་མཛད། །ལྷ་སྐུའི་ཚོགས་དང་རིང་བསྲེལ་བསམ་ཡས་ཀྱིས། །དད་ལྡན་ཚོགས་གཉིས་རྒྱས་མཛད་ཁྱོད་ལ་འདུད། །དེ་ལྟར་གསོལ་བ་བཏབ་པའི་བསོད་ནམས་དེས། །གདུལ་བྱར་གྱུར་རྣམས་རྗེས་སུ་འཛིན་པ་དང༌། །ཀུན་མཁྱེན་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །ཡང་དག་པའི་དགེ་བའི་བཤེས་གཉེན་བཟོད་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་བསྟོད་པ་འདི་ནི། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། ༄། །ཕྱིའི་གཏམ་བཤད་ལེགས་པོ་ཅིག་བཞུགས་སོ།། ༈ །གང་ཞིག་ལ་གུས་པས་བརྟེན་ཅིང་སྐྱབས་སུ་སོང་ན། ངན་འགྲོ་དང་སྲིད་ཞིའི་གཡེངས་པ་མཐའ་དག་ལ་སྐྱོབ་ཅིང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་བར་མཛད་པའི་བདག་ཉིད། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ལྷར་བཅས་འགྲོ་བ་མ་ལུས་པའི་གཙུག་རྒྱན་དང་འདྲེན་པ་དམ་པར་བཞུགས་ཤིང༌། དེ་དག་གི་རྟེན་ཡང༌། སྤྱིར་རྒྱལ་བའི་ཞིང་ཁམས་རབ་འབྱམས་མཐའ་དག་ན་བསམ་གྱིས་མི་ཁྱབ་པར་བཞུགས་ཤིང༌། བྱེ་བྲག་ཏུ་ཡང༌། གདན་ས་ཆེན་པོ་འདི་ཉིད་ཀྱི་གཙུག་ལག་ཁང་རྣམས་ན་ཡང༌། བདེ་བར་གཤེགས་པའི་རྟེན་གསུམ་ངོ་མཚར་བ་རྣམས་ཀྱི་དྲུང་ན། སྣ་ཚོགས་ཡིད་འོང་མཆོད་པའི་ཚོགས་དང་བཅས་ཏེ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་གཞན་ལས་ཁྱད་པར་དུ་འཕགས་པ་བཞུགས་པ་ལགས། དེ་དག་གི་སྐྱབས་ཀྱི་འོག་ནས། མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་པའི་བདག་ཉིད་བླ་མ་པས་གཙོ་མཛད། ཕུན་སུམ་ཚོགས་པའི་འཕགས་པ་དགེ་སློང་གི་དགེ་འདུན་རྣམས་ཀྱིས་གྲལ་གྱི་གཞི་བཟུང༌། མི་ཆེ་བས་གྲལ་གྱི་གོང་མནན། ཡོན་ཏན་མཁྱེན་པས་གྲལ་གྱི་ཟུར་བརྒྱན། བྱ་བ་བྱེད་པ་རྣམས་ཀྱིས་གྲལ་གྱི་མཐའ་བརྟེན་ཏེ། འདི་ལྟར་འཚོག་པ་གདན་གང་བར་བཞུགས་པ་ཐམས་ཅད་ཀྱང༌། དཀར་བ་ལས་ཀྱི་གཞི་བཟུང༌། དག་པ་སྨོན་ལམ་གྱི་མཚམས་སྦྱར་ཏེ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཉེ་བར་ཐོབ་པའི་ཆོས་དང་དམ་ཚིག་ཟབ་མོས་སྦྲེལ་བས་ན། འབྲེལ་བ་ཟབ། ཚོགས་པ་སྦྱིན་བདག་གི་རྒྱུད་ལ་ཚོགས་གཉིས་རྒྱས་པའི་ཐབས་ལ་འཚོག་པས་ན་འཚོགས་པ་ཡང་བཟང༌། ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྤྱིར་ཁམས་གསུམ་གྱི་སེམས་ཅན། དུས་གསུམ་གྱི་ནད་ཀྱིས་གཟིར་བ་རྣམས་ལ། སྐྱོབ་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་ཤིན་ཏུ་བཀའ་དྲིན་ཆེ། སྒོས་ཛམྦཱུ་གླིང་པ་རྣམས་ལ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང༌། མཆོག་གཉིས་དང་བརྒྱད་དུ་གྲགས་པ་རྣམས་བཀའ་དྲིན་ཆེ། བོད་ཁ་བ་ཅན་པ་རྣམས་ལ་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཤིན་ཏུ་བཀའ་དྲིན་ཆེ། དུས་ཕྱིས་ཀྱི་འགྲོ་བ་ཕལ་མོ་ཆེ་རྣམས་ལ། མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ། དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་རིམ་པར་བྱོན་པ་རྣམས་དང༌། ཆོས་རྒྱུད་འཛིན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་བཀའ་དྲིན་ཆེ། མཆོད་ཡུལ་དུ་ཞབས་ཡང་པར་བྱོན་པ་རྣམས། སྦྱིན་པའི་བདག་པོ་ལ་ཤིན་ཏུ་བཀའ་དྲིན་ཆེ་ལགས། དགོས་པ་སྐབས་དོན་གྱི་དབང་དུ་བགྱིས་ན། འདི་ལྟར། ཞལ་མངོན་སུམ་གྱུར་པའི་བླ་མ་དང༌། ཡང་དག་པའི་དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོའི་ཚོགས་དང་བཅས་པ་ལ། ཞལ་ཟས་ཚ་བའི་བསྙེན་ཅིང་བཀུར་བས་ཉེ་བར་མཆོད། བསྔོ་བ་ཞུ་བའི་རྟེན་རྣམ་པར་དག་པ་དང༌། གང་ལ་གང་འོས་ཀྱི་འབུལ་བ། སོ་སོའི་ཕྱག་ཏུ་གྲལ་འགྱེད་ཀྱི་དངོས་པོ་དང་བཅས་པ་བསྒྲུབ་པའི་སྐབས་ཀྱི་དོན། རྒྱལ་བའི་བསྟན་པ་དར་རྒྱས་སུ་བྱ་བ་དང༌། བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་སྐུའི་རིམ་གྲོར་ཡང་དམིགས་ཤིང༌། ཁྱད་པར་དུ་ཡང༌། སྦྱིན་པའི་བདག་པོ་རང་ཉིད་ཀྱི་སྐུའི་རིམ་གྲོར་དམིགས་ནས་བསམ་སྦྱོར་རྣམ་པར་དག་པའི་སྒོ་ནས་བསྒྲུབ་པར་གདའ་བས། དགེ་བ་རྣམ་པར་དག་པ་མཛད་པར་ཤིན་ཏུ་རྗེས་སུ་ཡི་རང༌། སླན་ཆད་ཀྱི་དབང་དུ་བགྱིས་ནས་གོང་མ་ཡོན་མཆོད་ཆབ་སྲིད་བརྟན། ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཐད་ནས། བཀྲ་ཤིས་ཤིང་ཆོས་འཕེལ་གྱི་བྱ་བ་འདི་ལྟ་བུ་ལ་ཡང་ཡང་ཞལ་འཛོམ་བགྱིད་པར་སྨོན། དགེ་འདུན་རྣམས་ཀྱི་གཏོར་མའི་བྱིན་རླབས། ཐེག་པ་ཆེན་པོའི་མདོ་བསྔོ་བ་རྣམས་རིམ་པ་བཞིན་ཐུགས་ལ་འདོགས་པར་ཞུ།།  །། «༄། །ནང་གི་ཡས་གཏམ་བཞུགས་སོ།། » ༈ །བདེ་ཆེན་འོད་གསལ་ཆོས་སྐུའི་ནམ་མཁའ་ཡངས་པར། ཟུང་འཇུག་ལོངས་སྐུའི་དཀྱིལ་འཁོར་རྒྱས་ནས། ཕྲིན་ལས་དཀྱིལ་འཁོར་པའི་ལྷ་ཚོགས་དཔག་ཏུ་མེད་པའི་ཚ་ཟེར་འཕྲོས་པས། འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་བདག་ཉིད། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། སྐྱབས་གནས་རྡོ་རྗེ་ཐེག་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ལྷར་བཅས་འགྲོ་བ་མ་ལུས་པའི་གཙུག་རྒྱན་དང་འདྲེན་པ་དམ་པར་བཞུགས་ཤིང༌། དེ་དག་གི་རྟེན་ཡང་སྤྱིར་ཨུ་རྒྱན་ལ་སོགས་པ་རྡོ་རྗེ་ཐེག་པའི་ཞིང་ཁམས་རྣམས་ན་བསམ་གྱིས་མི་ཁྱབ་པར་བཞུགས་ཤིང༌། བྱེ་བྲག་ཏུ་ཡང༌། སྣོད་དག་པ་གཞལ་ཡས་ཁང་དང༌། བཅུད་དག་པ་ལྷའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་རང་རེའི་དཀྱིལ་འཁོར་ཁང་པ་འདི་ཉིད་ན་ཡང༌། བདག་བསྐྱེད་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཐོག་དྲངས། བདེ་བར་གཤེགས་པའི་རྟེན་ངོ་མཚར་བ་རྣམས་ཀྱི་དྲུང་ན། ཕྱི་ནང་གསང་གསུམ་གྱི་མཆོད་པའི་ཚོགས་དང་བཅས་ཏེ། བཀའ་སྡོད་དམ་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་སྲུང་མ་གཞན་ལས་ཁྱད་པར་དུ་འཕགས་པ་བཞུགས་པ་ལགས། དེ་དག་གི་སྐྱབས་ཀྱི་འོག་ནས་རྒྱུད་སྡེའི་ཁང་བཟངས་རིམ་གཉིས་ཀྱི་ནོར་གྱིས་ཕྱུག་ཅིང༌། དམ་ཚིག་སྡོམ་པའི་རྒྱན་གྱིས་མཛད་པ་བླ་མ་པས་གཙོ་མཛད། རིག་པ་འཛིན་པའི་དགེ་འདུན་རྣམས་ཀྱིས་གྲལ་གྱི་གཞི་བཟུང༌། མི་ཆེ་བའི་རྡོ་རྗེ་འཛིན་པ་རྣམས་ཀྱིས་གྲལ་གྱི་གོང་མནན། ཡོན་ཏན་མཁྱེན་པའི་སྔགས་འཆང་རྣམས་ཀྱིས་གྲལ་གྱི་ཟུར་བརྒྱན། བྱ་བ་བྱེད་པའི་ལས་ཀྱི་རྡོ་རྗེ་ཧེ་རུ་ཀའི་ང་རྒྱལ་ཅན་རྣམས་ཀྱིས་གྲལ་གྱི་མཐའ་བརྟེན་ཏེ། འདི་ལྟར་ཚོགས་ཀྱི་དཀྱིལ་འཁོར་དུ་བཞུགས་པ་ཐམས་ཅད་ཀྱང་དཀར་བ་ལས་ཀྱི་གཞི་བཟུང༌། དག་པ་སྨོན་ལམ་གྱི་མཚམས་སྦྱར་ཏེ། དཔལ་ལྡན་བླ་མ་དམ་པ་རྣམས་ལས། དབང་བརྒྱུད་མན་ངག་ཟབ་མོ་རྣམས་ཉེ་བར་ཐོབ་པའི་རྡོ་རྗེའི་སྤུན་དུ་གྱུར་པས་འབྲེལ་པ་ཤིན་ཏུ་ཟབ། འཚོག་པ་ཚོགས་ཀྱི་འཁོར་ལོའི་བྱ་བ་ཐུན་མོང་མ་ཡིན་པ་ལ་འཚོགས་པས་ན་ཤིན་ཏུ་བཟང༌། ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྤྱིར་འདོད་ཁམས་ཀྱི་སེམས་ཅན་འདོད་ཆགས་རིགས་བཞིས་གཟིར་བ་རྣམས་ལ་རྒྱུད་སྡེ་བཞིའི་ཆོས་འཁོར་བསྐོར་ཏེ། སྐུ་བཞིའི་གོ་འཕང་ལ་སྦྱོར་བར་མཛད་པས། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་ཤིན་ཏུ་བཀའ་དྲིན་ཆེ། སྒོས་རྒྱུད་སྡེ་ཟབ་མོ་རྣམས་ཀྱིས་དྲང་ངེས་འབྱེད་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོས་བྱིན་གྱིས་བརླབས་པའི་སློབ་དཔོན་རྣལ་འབྱོར་དབང་ཕྱུག་ཆེན་པོ་བིརྺ་པ་ལ་སོགས་པ་གྲུབ་པ་ཐོབ་པའི་སློབ་དཔོན་རྣམས་བཀའ་དྲིན་ཆེ། བོད་ཁ་བ་ཅན་པ་རྣམས་ལ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་བསྒྱུར་ཞིང་བཤད་སྲོལ་འཛུགས་པའི་ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་རྣམས་བཀའ་དྲིན་ཆེ། བྱེ་བྲག་ཏུ་ཆོས་རྒྱུད་འདི་པ་ལ་རིག་པ་འཛིན་པའི་རྒྱལ་པོ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་ཐམས་ཅད་བཀའ་དྲིན་ཆེ། མཆོད་ཡུལ་དུ་བྱོན་པ་རྣམས་སྦྱིན་པའི་བདག་པོ་ལ་ཤིན་ཏུ་བཀའ་དྲིན་ཆེ་ལགས། དགོས་པ་སྐབས་དོན་གྱི་དབང་དུ་བགྱིས་ན། འདི་ལྟར་ཞལ་མངོན་སུམ་དུ་གྱུར་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ལ། ཐབས་ཤེས་རབ་ཀྱི་རྫས་ཁྱད་པར་ཅན་གྱིས་ཉེ་བར་མཆོད། བསྔོ་བ་ཞུ་བའི་རྟེན་དང་བཅས་པ་བསྒྲུབ་པའི་སྐབས་ཀྱི་དོན། རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་བྱ་བ་དང༌། བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ཀྱི་སྐུའི་རིམ་གྲོ་ལ་ཡང་དམིགས་ཤིང༌། ཁྱད་པར་དུ། དུས་ཁྱད་པར་ཅན་མཁའ་འགྲོ་འདུ་བའི་དུས་ཉི་ཤུ་དགུ་ལ། སྲུང་མ་ཁྱད་པར་ཅན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ། མཆོད་སྦྱིན་གྱི་གཏོར་མ་ནར་མར་འབུལ་བའི་རྒྱུན་ལ་དམིགས་ནས། སྦྱིན་བདག་པ་རྣམས་པས་བསམ་སྦྱོར་རྣམ་པར་དག་པའི་སྒོ་ནས་བསྒྲུབ་པར་གདའ་བས། དགེ་བ་རྣམ་དག་མཛད་པ་ཤིན་ཏུ་རྗེས་སུ་ཡི་རངས། ཕྱིན་ཆད་ཀྱི་དབང་དུ་བགྱིས་ན། གོང་མ་ཡོན་མཆོད་ཆབ་སྲིད་བརྟན། ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཐད་ནས། གསང་སྔགས་ཀྱི་ཀུན་སྤྱོད་ཟབ་མོ་འདི་ལྟ་བུ་ལ་ཡང་ཡང་ཞལ་འཛོམ་བགྱིད་པར་སྨོན། རིག་པ་འཛིན་པའི་དགེ་འདུན་རྣམས་ཀྱིས་ལྷག་མའི་གཏོར་མ། རྡོ་རྗེའི་ཀླུ། བཀྲ་ཤིས་ཀྱི་བྱིན་འབེབས་པ། དགེ་བའི་རྩ་བ་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་བསྔོ་བ་རྣམས་རིམ་པ་བཞིན་ཐུགས་ལ་འདོགས་པར་ཞུ།།  ༈  །།ན་མོ་རཏྣ་ཏྲ་ཡཱ་ཡ། ཕུན་ཚོགས་མཁྱེན་བརྩེའི་འོད་ཟེར་སྟོང་ལྡན་པས། །ཐུབ་བསྟན་པདྨའི་ཚལ་བརྒྱ་འབྱེད་མཛད་པ། །དཔལ་ལྡན་བླ་མ་རྒྱལ་བ་སྲས་བཅས་ཀྱིས། །རྒྱ་ཆེན་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །སྦྱིན་དང་ཚུལ་ཁྲིམས་བསྒོམ་པར་ལེགས་བསྡུས་ནས། །མར་གྱུར་འགྲོ་བ་བྱང་ཆུབ་ཐོབ་དོན་དུ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་ཐོབ་ཤོག །གནས་སྐབས་ཀུན་ཏུ་རིགས་བཟང་འབྱོར་པར་ལྡན། །དམ་པས་རྗེས་བཟུང་རྣམ་དག་ཁྲིམས་ཀྱིས་མཛེས། །རིགས་ཀྱི་ནུས་པ་གཞན་ལས་མི་དམན་པའི། །ཆོས་ལྡན་དལ་འབྱོར་ལུས་བཟང་ཐོབ་པར་ཤོག །སྦྱོར་བའི་སྔོན་ནས་སྙིང་རྗེ་ཆེ་བ་དང༌། །དཀོན་མཆོག་ལ་མོས་གཞན་གྱི་གནོད་པ་བཟོད། །དགེ་བ་ཡང་དག་སྤྱོད་ལ་དད་པ་སོགས། །རྣམ་དག་རིགས་ཀྱི་ཡོན་ཏན་ལྡན་པར་ཤོག །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་ཕྱིར་དུ། །སྐྱབས་ཀྱི་དམ་པ་མཆོག་གསུམ་རིན་ཆེན་ལ། །བཅོས་མེད་དད་པ་ཆེན་པོས་དུས་ཀུན་ཏུ། །སྐྱབས་སུ་འགྲོ་ཞིང་རྗེས་སུ་འཇུག་པར་ཤོག།  །། «༄། །གསེར་འོད་དམ་པ་ལས་བཏུས་པའི་སྨོན་ལམ་བཞུགས་སོ།།  »༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །སེམས་ཅན་སྡུག་བསྔལ་མང་གཟིར་ཐར་བྱེད་ཤོག །སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་གྱུར་ཅིག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་ཤོག །བསྐལ་པ་བསམ་གྱིས་མི་ཁྱབ་གནས་གྱུར་ཅིག །བདུད་རྩིའི་ཆུ་ཡིས་སེམས་ཅན་ཚིམ་བྱེད་ཤོག །ཇི་ལྟར་སྔོན་གྱི་རྒྱལ་བས་རྫོགས་པ་ལྟར། །ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་ཤོག །ཉོན་མོངས་བཅོམ་ཞིང་སྡུག་བསྔལ་སེལ་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་བྱེད་ཤོག །ཚེ་རབས་བརྒྱ་དང་ཚེ་རབས་བྱེ་བ་སྟོང༌། །བདག་ནི་རྟག་ཏུ་ཚེ་རབས་དྲན་པར་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་རྣམས་ཀྱིས་གསུང་རྒྱ་ཆེས་ཐོས་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོག་པ་རྙེད་པར་ཤོག །སྡིག་པའི་ལས་རྣམས་རྣམ་པར་སྤོང་གྱུར་ཅིག །དགེ་བའི་འབྱུང་གནས་དགེ་རྣམས་སྤྱོད་པར་ཤོག །ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང༌། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞིར་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་དེ་རིང་དབང་པོ་ཚང་བར་ཤོག །གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང༌། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །གང་དག་རྒྱལ་པོ་ཆོམ་རྐུན་དགྲས་བསྡིགས་བསད་ཟུག་དང༌། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཞིང་སྡུག་བསྔལ་དེ་དག་ཀུན། །འཇིག་ཚོགས་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག །གང་དག་རྒྱལ་པོ་ཆོམ་རྐུན་དགྲས་བསྡིགས་བས་ད་ཐུག་དང༌། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཞིང་སྡུག་བསྔལ་དེ་དག་ཀུན། །འཇིག་ཚོགས་མི་བཟད་བརྒྱ་པོ་ལས་ཐར་གྱུར་ཅིག །གང་དག་བསྡིགས་ཤིང་བཅིངས་པས་བཅིངས་གཟིར་བ། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང༌། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང༌། །འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག །བརྡེག་པ་རྣམས་ནི་བརྡེག་ལས་ཐར་པར་ཤོག །བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག །ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག །སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག །འོན་པས་ཡིད་འོང་སྐྲ་རྣམས་ཐོས་པར་ཤོག །གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག །ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར། །སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང༌། །གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག །རྟག་ཏུ་བདེ་བ་དུ་མ་སོག་གྱུར་ཅིག །ཡིད་ཀྱི་ཟས་སྐོམ་རབ་འབྱོར་བསོད་སྙོམས་དག །བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག །རྫ་རྔ་ཅང་ཏེའུ་པི་ཝང་སྒྲ་སྙན་དང༌། །ཆུ་མིག་མཚོ་དང་རྫིང་བུ་ལྟེང་ཀ་དང༌། །གསེར་གྱི་པདྨ་ཨུཏྤལ་འདབ་མ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག །རྒྱན་སེར་རིན་ཆེན་སྣ་ཚོགས་བཻ་ཌཱུ་རྻ། །དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག །འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་འབྱུང༌། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང༌། །ཕན་ཚུན་འདིར་ནི་འོད་བྱེད་གྱུར་པར་ཤོག །མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམ་པར་སྐྱེ་བར་དེ་དག་གྱུར། །བསམ་པ་ཐམས་ཅད་བསམ་མ་ཐག་ཏུ་ཡང༌། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང༌། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དང༌། །ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག །དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང༌། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། །རྡུལ་བྲལ་དྲི་མེད་བརྟེན་པའི་ཆོས་ལ་ཡང༌། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བ་བརྒྱད་པོ་དམ་པ་མཆོག་ཐོབ་འགྱུར། །རྟག་ཏུ་སངས་རྒྱས་འགྲོག་པ་ཐོབ་པར་ཤོག །རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡི་མཛོད་རྣམས་འབྱུང་གྱུར་ཅིག །སྙན་དང་གྲགས་པ་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་བརྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་འགྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང༌། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་ཌཱུརྻའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག །བདག་གིས་སྡིག་པའི་ལས་རྣམས་བསྒྲུབ་པ་ནི། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིག །སེམས་ཅན་གང་དག་སྡིག་པར་བཅིངས་གནས་ཀུན། །འཁོར་བའི་ཞགས་པའི་ཐག་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་འགྲོལ་བར་ཤོག །སྡུག་བསྔལ་རྣམས་ལས་ཐར་འགྱུར་ཐོབ་གྱུར་ཅིག །སེམས་ཅན་གང་དག་ཛམྦཱུའི་གླིང་འདི་དང༌། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ཟབ་མོ་རྣམ་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབ་པ་ཡི། །བདག་ནི་རྗེས་སུ་ཡི་རང་བསོད་ནམས་དེས། །བདག་གི་སྨོན་འགྲུབ་འབྲས་བུ་ཡོད་པར་ཤོག །བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག །སྨོན་ལམ་གྱི་ཚིགས་སུ་བཅད་པ་འཕགས་པ་གསེར་འོད་དམ་པ་ལས། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བཏུས་པའོ།།  །། «༄། །དྲིལ་བུ་པའི་ལུས་དཀྱིལ་གྱི་བཤད་པ་བཞུགས་སོ།།  »༈ །དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཀྱི་དཀའ་བའི་གནས་ཀྱི་མཐའ་རྣམ་པར་དཔྱད་པ། འཁྲུལ་འཇོམས་ཉི་མའི་འོད་ཟེར་ཅེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་གསུང་ཉིན་བྱེད་འོད་ཟེར་གྱིས། །བདག་བློའི་སྙིང་གི་མུན་བསལ་ནས། །མ་ནོར་ལམ་བཟང་སྣང་མཛད་པའི། །ཡེ་ཤེས་མཚན་ཅན་བླ་མར་འདུད། །ཨེ་མ་གང་ཞིག་ཚད་མེད་ཞལ་ལྡན་དེ་ཉིད་གསུམ་གྱི་སྤྱན་རྒྱས་ཤིང༌། །རྟེན་འབྲེལ་བཅུ་གཉིས་ཕྱག་གི་པདྨ་སྣ་ཚོགས་མཚོན་ཆས་ཉེར་མཛེས་ལ། །ཕྱག་རྒྱ་དྲུག་གིས་ཉེ་བར་སྒེག་ཅིང་འགྱུར་མེད་མགོ་བོའི་དོ་ཤལ་ཅན། །བརྐྱང་བསྐུམ་ཞབས་ཀྱིས་འཇིགས་བྱེད་སྙིང་གར་རོལ་པས་གར་མཛད་དེ་ཡིས་སྐྱོངས། །ཟབ་ཡངས་བདེ་མཆོག་རྒྱུད་སྡེའི་ཆུ་གཏེར་ལས། །སྨིན་གྲོལ་ཡིད་བཞིན་ནོར་བུ་ལེགས་བླངས་ནས། །སྐལ་ལྡན་གདུལ་བྱའི་བསམ་པ་ཚིམ་མཛད་པའི། །གྲུབ་པའི་དབང་ཕྱུག་དྲིལ་བུ་པ་ལ་འདུད། །འདི་ན་རྣལ་འབྱོར་གསང་མཐའི་རྒྱུད་སྡེ་ལ། །ཁོ་བོའི་བླ་མ་མཁྱེན་བརྩེའི་ཡོན་ཏན་མཛོད། །སྙིགས་དུས་བསྟན་པའི་སྒྲོན་མེའང་འཁྲུལ་གྱུར་ན། །སྒྲ་ཕྱིར་འབྲང་བ་གཞན་རྣམས་སྨོས་ཅི་དགོས། །དེ་ཕྱིར་བདག་བློ་མ་རྒྱུད་པདྨོའི་གཉེན། །དོན་གཉེར་བློ་གྲོས་པད་ཚལ་རྒྱས་བྱེད་པ། །ལེགས་བཤད་རྟ་བདུན་ལྡན་འདི་ཤར་བས་ན། །མུན་པའི་ལུས་དཀྱིལ་གླིང་གཞན་འགྲོ་བའི་རིགས། །འདིར་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་གྱི་རྣལ་འབྱོར་བསྒོམ་པའི་རིམ་པ་ལ་ཚུལ་གསུམ་སྟེ། ཕྱི་དཀྱིལ་རྐྱང་པ། ཕྱི་ནང་སྦྲག་སྟེ། ནང་དཀྱིལ་རྐྱང་པར་བསྒོམ་པའོ། །དང་པོ་ནི་སློབ་དཔོན་ལངྐ་རྒྱལ་བཟང་གི་སྒྲུབ་ཐབས་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་རའི་རྡོ་རྗེ་ཕྲེང་བར་བཤད་པའི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྣམ་པ་གསུམ་དང༌། སློབ་དཔོན་མཻ་ཏྲི་པའི་ལྷ་བཅུ་གསུམ་མ་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། ཕྱི་དཀྱིལ་དང་པོར་བསྒོམས་ནས། ནང་ལུས་དཀྱིལ་རྗེས་སུ་བསྒོམ་པ་གྲུབ་ཆེན་ལུ་ཧི་པ་རྗེས་འབྲང་དང་བཅས་པ་ལྟ་བུ་དང༌། ནང་དཀྱིལ་དང་པོར་བསྒོམས་ནས་ཕྱི་དཀྱིལ་རྗེས་ལ་བསྒོམ་པ་སློབ་དཔོན་བྱང་ཆུབ་རྡོ་རྗེའི་ལུགས་ལྟ་བུ་དང༌། ཕྱི་ནང་གཉིས་གཅིག་ཆར་དུ་བསྒོམ་པ་གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ལྟ་བུ་སྟེ་རྒྱས་པར་བསྒོམ་པའི་ཚུལ་གསུམ་དང༌། མ་ཎི་ཀ་ཤྲཱིའི་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལྟ་བུ་བསྡུས་ཏེ་བསྒོམ་པའི་ཚུལ་རྣམས་སོ། །གསུམ་པ་ནི། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པས་རྒྱུད་ཀྱི་སྦས་པའི་དོན་གཞུང་དུ་བཀོད་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་སུ་གྲགས་པ་འདི་ཡིན་ཏེ། འདིའི་དཀའ་བའི་གནས་དཔྱད་པ་ལ་གསུམ། ཕྱི་དཀྱིལ་ཙམ་ལས་ལུས་དཀྱིལ་ཁྱད་པར་དུ་འཕགས་ཚུལ། ཁྱད་པར་དུ་འཕགས་པའི་ལུས་དཀྱིལ་དེ་སངས་རྒྱས་ཀྱིས་གསུང་ཚུལ། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། བྱིན་རླབས་མྱུར་བས་ཁྱད་པར་དུ་འཕགས་པ་དང༌། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི་རྩ་བའི་རྒྱུད་ལས། ཡུལ་འདི་དག་གི་བུ་མོ་གང༌། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱིས་ཤུགས་ཀྱི་འཇུག་པ་ཡིན། །ཞེས་གསུངས་པ་ལྟར། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་བསྐྱེད་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལ་ཕྱིའི་ཡུལ་ཉེར་བཞི་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་དངོས་ཡིན་པར་བསྒོམས་པས། ཡུལ་དེ་དག་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བྱིན་རླབས་ཤིན་ཏུ་མྱུར་བར་འཇུག་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། རྡོ་རྗེ་མཁའ་འགྲོ་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །རྩའི་གཟུགས་ཀྱིས་རྣམ་པར་གནས་ཞེས་ནང་གི་རྩ་ཉེར་བཞི་ནས་རྣལ་འབྱོར་མ་རྣམས་ཀྱི་ངོ་བོར་གསུངས་པས་དེ་ལྟར་དུ་བསྒོམས་པའི་རྣལ་འབྱོར་པའི་ཡིད་ལ་འཇུག་པ་ཡིན་ནོ། །དེ་ལྟ་བུའི་རྣལ་འབྱོར་དེ་ཡང་ལུས་དཀྱིལ་ལ་ཡོད་ཀྱི། ཕྱི་དཀྱིལ་རྐྱང་པ་ལ་མེད་པས། ནང་གི་རྣལ་འབྱོར་འདི་མཆོག་ཏུ་ཤེས་པར་བྱའོ། །གཉིས་པ་ནི། ཕྱིའི་དཀྱིལ་འཁོར་བསྒོམས་པས་ནི་སྣང་བ་ལྷའི་འཁོར་ལོ་འཆར་ཞིང་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་ལ་སེམས་གཏད་པ་སོགས་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཅུང་ཟད་བསྐྱེད་ནུས་ཀྱང༌། རྩ་ཐིག་རླུང་གསུམ་ལ་གནད་དུ་མ་བསྣུན་པས། རྫོགས་རིམ་ལྟ་བུའི་ཡེ་ཤེས་ཁྱད་པར་ཅན་མི་སྐྱེ་ལ། ལུས་དཀྱིལ་བསྒོམ་པའི་ཚེ་ལུས་ཀྱི་རྩ་ཁམས་རྣམས་ལྷར་བསྒོམས་པས། རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་མན་ངག་ཏུ་སོང་ནས། རྫོགས་རིམ་གྱི་སྐབས་སུ་སྐྱེ་བ་ལྟ་བུའི་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ཡིན་ལ། དེའི་ཚུལ་ཡང་ཅུང་ཟད་བཤད་ན། རྣལ་འབྱོར་པའི་ལུས་གྲུབ་པའི་ཐོག་མར་མངལ་གྱི་གནས་སྐབས་སུ། སྙིང་གར་ཨ་ཝ་དྷཱུ་ཏཱི་དང་བཅས་པའི་རྩ་སུམ་སྐོར་མ་དང༌། འདོད་མ་དང༌། ཁྱིམ་མ་དང༌། གཏུམ་མོ་དང༌། བདུད་འདྲལ་མ་དང་ལྔ་སྐྱེ་ལ། བདུད་འདྲལ་མ་ནི་ཨ་ཝ་དྷཱུ་ཏཱི་དང་འདྲེས་ཤིང་བརྟན་པ། ལྟེ་བ་ནས་ལྕེའི་རྩེ་མོའི་བར་དུ་ལངས་པའོ། །རོ་རྐྱང་གཉིས་ཏེ། རྩ་བརྒྱད་དོ། །དེའི་སུམ་སྐོར་མ་ལ་སོགས་པ་བཞི་ལ། གཉིས་གཉིས་སུ་གྱེས་ནས། ཕྱོགས་སུ་འབྱུང་བཞིའི་རང་བཞིན་འབབ་པ་འབྱུང་བཞིའི་རླུང་རྒྱུ་བས་ངག་གི་སྒོ་བཞི་འབྱུང་ངོ༌། །མཚམས་སུ་བདུད་རྩི་ལྔ་དང༌། ཡུལ་བཞི་འབབ་པས། མཆོད་པ་བཞིའི་རང་བཞིན་ནོ། །མན་ངག་སྙེ་མར་མངལ་གྱི་གནས་སྐབས་སུ་དང་པོར་སྙིང་གི་རྩ་ལྔ་རྣམས་སྐྱེའོ། །དེའི་རྗེས་སུ་སྐྱེས་པ་གསུམ་རྣམས་སོ་ཞེས་པ་བརྒྱད་རྣམས་སོ། །དེ་ལ་འདབ་མ་རྣམས་ཀྱི་བཞི་ཡིས་འབྱུང་བའི་རྩ་རྣམས་རྣམ་པར་བཞག་གོ །ཕྱོགས་རྣམས་སུ་བཞི་རྣམས་ནི་འབྱུང་བ་བཞི་རྣམས་དང༌། དེའི་རང་བཞིན་རྣམས་འབབ་བོ་ཞེས་བྱས་ནས་སོ། །མཚམས་སུ་བཞི་རྣམས་ནི་སོ་སོར་བཤང་བ་དང༌། གཅི་བ་དང༌། བད་ཀན་དང༌། ཁྲག་དང༌། ཁུ་བ་རྣམས་འབབ་པར་འབྱུང་བའི་རྩ་རྣམས་ཀྱི་ལྷན་ཅིག་བྱེད་པ། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་འབབ་པའི་ཕྱིར་མཆོད་པའི་རང་བཞིན་ཏེ། དེའི་རང་བཞིན་ཡང་དངོས་པོར་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐ་དད་མེད་པའི་ཕྱིར་རོ། །འདི་ལྟར་ཨ་ཝ་དྷཱུ་ཏཱི་དང་ལྷན་ཅིག་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་གསུམ་དང༌། དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ། །གསུམ་སྐོར་མ་ནི་གཟུགས་སོ། །འདོད་མ་ནི་སྒྲའོ། །ཁྱིམ་མ་ནི་དྲིའོ། །གཏུམ་མོ་ནི་རོའོ། །བདུད་འདྲལ་མ་ནི་ཆོས་སོ་ཞེས་སོ། །སྙིང་གའི་རྩ་ཆེན་བརྒྱད་ལ་སྐུ་གསུང་ཐུགས་ཀྱིས་བསྒྱུར་བས་མི་ཕྱེད་མ་ལ་སོགས་པ་ཉི་ཤུ་རྩ་བཞིར་འགྱུར་ལ། མཆོད་པ་བཞིའི་རྩ་ལ། སྐུའི་སྒོ་བརྒྱད་ཀྱི་རྩ་རུ་འགྱུར་ཏེ། གཟུགས་འབབ་པ་ལས་མིག་གཡས་གཡོན་གཉིས། སྒྲ་འབབ་པ་ལས་རྣ་བ་གཡས་གཡོན་གཉིས། དྲི་འབབ་པ་ལས་སྣ་གཡས་གཡོན་གཉིས། རོ་དང་རེག་འབབ་པ་ལས། ཁ་དང་བཤང་ལམ་དང་གཅི་ལམ་གྱི་སྒོར་འགྱུར་རོ། །སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར། རོ་རྐྱང་ཨ་ཝ་དྷཱུ་ཏཱི་གསུམ་འདུས་པའི་ནང་དུ། བྱང་ཆུབ་ཀྱི་སེམས་རྡུལ་མུན་སྙིང་སྟོབས་གསུམ་ཀའི་དྭངས་མ་ཧཱུྃ་གི་དབྱིབས་སུ་གནས་པ་ཡོད་ལ། སོ་དང་སེན་མོ་ལ་སོགས་པའི་ཁམས་ཐམས་ཅད་ཀྱང་འདི་ལས་བྱུང་བ་ཡིན་ནོ། །རྣལ་འབྱོར་པའི་ལུས་ལ་དེ་ལྟར་གྲུབ་པ་ལ། རྫོགས་རིམ་གྱི་ཡེ་ཤེས་བསྒོམས་པས་ཐོག་མར་མིག་ལ་སོགས་པའི་སྐུའི་སྒོ་བརྒྱད་ཀྱི་རྩ་རྣམས་སུ་རླུང་འདུ་ལ། དེ་ནས་སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་དང་མཐར་རོ་རྐྱང་གཉིས་ཀྱི་རླུང་རྣམས་ཀྱང་སྙིང་གའི་ཨ་ཝ་དྷཱུ་ཏཱིར་ཞུགས་ནས་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་སྐྱེ་བར་བཤད་དོ། །དེ་བཞིན་དུ་འདིར་ཡང་མིག་ལ་སོགས་པའི་སྒོར་གནས་པའི་རྩ་རྣམས་སྒོ་མཚམས་མ་བརྒྱད་དང༌། ཡུལ་ཉེར་བཞིའི་རྩ་དང་ཁམས་རྣམས་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང༌། སྙིང་གའི་རྩ་བརྒྱད་སྙིང་པོའི་རྣལ་འབྱོར་མ་བཞི་ཐོད་པ་དང་བཅས་པ་དང༌། སྙིང་གའི་ཧཱུྃ་ཡིག་གཙོ་བོ་ཡབ་ཡུམ་དུ་བསྒོམས་པས་ལུས་ཀྱི་རླུང་དང་བྱང་སེམས་ཐམས་ཅད་རོ་རྐྱང་གི་ལམ་ནས་དྷཱུ་ཏཱིའི་ནང་དུ་ཚུད་དེ། ལྟེ་བའི་གཏུམ་མོ་འབར་ཏེ་སྙིང་གར་སླེབ་པའི་རྐྱེན་གྱིས་སྤྱི་བོའི་ཧཾ་ཡིག་ཞུ་ནས་སྙིང་གར་ཕྱིན་པས་དཔྱིད་དང་ཐིག་ལེ་སྙོམས་འཇུག་ཏུ་གྱུར་ཏེ་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངེས་དོན་གྱི་ཧེ་རུ་ཀ་རྒྱུད་ལ་འཆར་བ་ཡིན་ལ། ཚུལ་འདི་ཡང་ཕྱི་བསྐྱེད་རིམ་རྐྱང་པ་ལ་མེད་པས་ལུས་དཀྱིལ་གྱི་རྣལ་འབྱོར་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ནི་འོ་ན་དེ་ལྟ་བུའི་རྣལ་འབྱོར་དེ་རྒྱལ་བས་ཤེས་རབ་ཀྱི་མདོ་རྣམས་སུ་ཇི་ལྟར་གསུང་ཞེ་ན། འདི་ལ་གཉིས་ཏེ། རྩ་རྒྱུད་ལས་སྦས་པའི་ཚུལ་གྱིས་གསུང་ཚུལ་དང༌། བཤད་རྒྱུད་ལས་དུམ་བུའི་ཚུལ་གྱིས་གསུང་ཚུལ་ལོ། །དང་པོ་ནི། རྩ་བའི་རྒྱུད་ཀྱི་གླེང་གཞིའི་བཤད་པ་ཕྱོགས་གཅིག་གིས་ལུས་དཀྱིལ་གྱི་ངོ་བོ་ཙམ་ཞིག་གསལ་བར་བཤད་ལ། ལེའུ་བཞི་པར། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །ཞེས་མཁའ་འགྲོ་མ་ཉེར་བཞི་ཕྱི་རོལ་ལ་ཡོད་པ་ལྟར་ནང་དཀྱིལ་ལ་ཡང་གྲུབ་པར་བཤད་ཅིང༌། །དཔའ་བོ་ཉིད་གྱུར་གྲུབ་པ་ནི། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །དེ་ཤེས་རྟག་ཏུ་བསྒོམ་པ་ནི། །དངོས་གྲུབ་དེ་བཞིན་གཤེགས་པས་གསུངས། །ཞེས་ཡུལ་རྣམས་དཔའ་བོ་དང་བཅས་ཏེ་རྩའི་ཁྱིམ་ལ་བསྒོམ་པར་འགྲེལ་པ་རྣམས་ལས་བཀྲལ་ཞིང༌། ལེའུ་ལྔ་བཅུ་པར། དེ་ནས་གཞན་ཡང་བཤད་བྱ་བ། །གནས་ལ་སོགས་པའི་རྣལ་འབྱོར་མ། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཀུན་ཏུ་བརྟན་གཡོའི་བདག་ཉིད་ཅན། །ཞེས་དང༌། མཐོ་རིས་ས་སྟེངས་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །བུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ཞེས་གསུངས་པ་ཙམ་ལས་རྣམ་གཞག་རྒྱས་པར་མ་གསུངས་སོ། །གཉིས་པ་ནི། རྩ་རྒྱུད་ཀྱི་སྦས་པའི་དོན་དེ་བཤད་པའི་རྒྱུད་རྣམས་སུ་དུམ་བུ་དང༌། འཐོར་བའི་ཚུལ་གྱིས་གསལ་བར་གསུངས་ཏེ། ངེས་བརྗོད་བླ་མ་དང༌། མཁའ་འགྲོ་ཀུན་སྤྱོད་དང༌། རྡོ་རྗེ་མཁའ་འགྲོ་དང༌། སམྦུ་ཊ་བཞི་ལས་གཙོ་བོར་གསུངས་ཤིང༌། ཧེ་རུ་ཀ་མངོན་འབྱུང་ལས་ཅུང་ཟད་ཙམ་ཞིག་འབྱུང་བ་སྟེ། དེ་དག་རྒྱས་པར་མདོ་དང་སློབ་དཔོན་གྱི་གཞུང་སྦྱར་ཏེ་རྟོགས་པར་བྱའོ། །གསུམ་པ་ལ་གསུམ། གཞི་གང་དཀྱིལ་འཁོར་དུ་བསྒོམ་པ། རྣམ་པ་ཇི་ལྟ་བུར་བསྒོམ་པ། ཚུལ་ཇི་ལྟར་བསྒོམ་པའོ། །དང་པོ་ལ་གསུམ། གཞན་གྱི་འདོད་པ་དགག རང་གི་འདོད་པ་བརྗོད། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་བླ་མ་གཞན་དག ཆོས་དབྱིངས་དེ་བཞིན་ཉིད་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་རྟག་བརྟན་གྱི་ཚུལ་དུ་བཞུགས་པ་ལ་དོན་དམ་པའི་བདེ་མཆོག་གི་དཀྱིལ་འཁོར་ཡིན་ལ། དེ་ཉིད་ལ་འདུས་མ་བྱས་པ་དང༌། འགོག་བདེན་ཟབ་མོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྣམས་མིང་གི་རྣམ་གྲངས་སུ་འདོད་པ་ནི་མི་འཐད་དེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དོན་དམ་པའི་བདེ་མཆོག་གི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་ན། དྲིལ་བུ་པས། དེ་ཡི་རང་བཞིན་མི་ཤེས་པས། །སྣོད་དུ་བྱ་བར་བཞེད་པ་ཡིན། །ཞེས་པ་དང་འགལ་ཏེ། སེམས་ཅན་བདེ་མཆོག་གི་དཀྱིལ་འཁོར་དངོས་ཡིན་ན། ཁོང་རང་གི་རང་བཞིན་ཁོང་རང་གི་མི་ཤེས་པ་འགལ་བ་དང༌། སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་འདུས་མ་བྱས་པར་འདོད་པ་ཡང་མི་འཐད་དེ། ལུས་དཀྱིལ་གྱི་ལྷ་བསྐྱེད་པའི་གཞི་རྣམས་ནི་རྒྱུ་ཕ་མའི་ཁུ་ཁྲག་དང༌། རྐྱེན་བར་དོའི་ཤེས་པ་གསུམ་འཚོགས་པ་ལས་སྐྱེས་པའི་ཕྱིར་འདུས་མ་བྱས་པར་འགལ་ལ། བསྐྱེད་གཞི་དེ་ལས་བསྐྱེད་པའི་རྣལ་འབྱོར་པའི་ཤེས་པ་ལ་སྣང་བའི་བདེ་མཆོག་གི་དཀྱིལ་འཁོར་དེ་ཡང་འདུས་མ་བྱས་སུ་མི་རུང་སྟེ། ཏིང་འཛིན་བསྒོམ་པའི་ཚེ་ལྷར་སྣང་བ་སྐྱེ་ལ། རྗེས་ཐོབ་ཏུ་དེ་འཇིག་པའི་ཕྱིར་དང༌། ཏིང་ངེ་འཛིན་སྔ་ཕྱི་ལ་ཡང་བཟང་ངན་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་འགོག་པའི་བདེན་པར་འདོད་པ་ཡང་མི་འཐད་དེ། བསྐྱེད་གཞི་སེམས་ཅན་གྱི་ལུས་འགོག་པ་མྱ་ངན་ལས་འདས་པར་འགལ་བའི་ཕྱིར་དང༌། བསྐྱེད་ཆོག་ལྷའི་སྣང་བ་དེ་ལམ་བདེན་དུ་བཤད་པའི་ཕྱིར་རོ། །གཞན་ཡང་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་དང་འགལ་ཏེ། ལུས་དཀྱིལ་གྱི་བསྐྱེད་གཞི་ནི། མངལ་སྐྱེས་ཀྱིས་བསྡུས་པའི་འགྲོ་བ་མཐའ་དག་ལ་ཡོད་ལ། འགོག་བདེན་ནི་རིམ་གཉིས་བསྒོམ་པ་ལས་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར་མི་འཐད་དོ། །མདོར་ན་སྡུག་བསྔལ་འགོག་པའི་བདེན་པ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། མདོ་ལས། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་ཤེས་བྱའོ་ཞེས་གསུངས་པ་ལ་ཆོས་ཀྱི་སྐུ་དེ་ནི་ཉན་རང་གཉིས་ཀྱིས་ཀྱང་ཤེས་པའི་ཡུལ་མ་ཡིན་ན་རྣལ་འབྱོར་པ་སོ་སྐྱེས་མཐོང་བ་ནི་ཅི་ལྟར་སྲིད་དེ། དཔལ་ཕྲེང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་དཔེར་ན། དམུས་ལོང་གིས་གཟུགས་ལ་ལྟ་བར་མི་ནུས་པ་དང༌། བུ་བཙས་པའི་གནས་ན་མཆིས་པའི་བྱིས་པ་དགུང་བདུན་ལ་སོགས་པས་ཉི་མའི་དཀྱིལ་འཁོར་བལྟ་བར་མི་ནུས་པ་དེ་བཞིན་དུ། བཅོམ་ལྡན་འདས་སྡུག་བསྔལ་འགོག་པའི་བདེན་པ་ཡང་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིས་རྣམ་པར་ཤེས་པའི་ཡུལ་ཡང་མ་ལགས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པའི་ཡུལ་ཡང་མ་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འདོད་པའང་མི་འཐད་དེ། དེ་ནི་སོར་སྡུད་ལ་སོགས་པ་རྫོགས་རིམ་ཟབ་མོ་བསྒོམས་པ་ལས་བྱུང་བའི་ཉམས་རྟོགས་ཁྱད་པར་ཅན་ཡིན་ལ། འདིར་ནི་བསྐྱེད་རིམ་མཆོག་ཏུ་གྱུར་པའི་ལམ་ཡིན་པས། འདི་གཉིས་གཅིག་ཏུ་འདོད་པ་ཡང་མི་འཐད་པ་ཡིན་ནོ། །གཉིས་པ་ནི། རྣལ་འབྱོར་པའི་ལུས་རགས་པ་ཁོགས་པ་དང་བཅས་པ་དང་ཕྲ་བ་རྩ་ཁམས་རྣམས་ལྷར་བསྐྱེད་པའི་གཞི་ཡིན་ཏེ། སམྦུ་ཊར། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་ཡང་དག་གནས། །སུམ་མདོར་ཡང་ནི་མ་ཡིན་ཏེ། །གྲུ་གསུམ་འབར་བའི་དབྱིབས་སུ་གནས། །ལྟེ་བར་ཡང་ནི་ཆུ་ཡིན་ཏེ། །ཟླུམ་པོའི་དབྱིབས་སུ་ཡང་དག་གནས། །སྙིང་གར་ཡང་ནི་ས་ཡིན་ཏེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་དང༌། རྡོ་རྗེ་མཁའ་འགྲོར། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པར་ཡང་དག་གནས། །ལུས་ཀྱི་ཁམས་རྣམས་ཉི་ཤུ་བཞི། །དཔའ་བོའི་ཚོགས་སུ་ཡང་དག་བརྟག །ཅེས་སོ། །དེས་ན་ནང་ལུས་ཀྱི་དཀྱིལ་འཁོར་ཞེས་པའི་དོན་ཡང་དེ་ཉིད་ཡིན་ནོ། །དེ་ཉིད་ལ་བཅོས་མའི་དཀྱིལ་འཁོར་ཞེས་པའི་དོན་ཡང་རས་བྲིས་དང་རྡུལ་ཚོན་གཉིས་ནི། ལྷ་བཟོ་བ་དང་ཆོ་ག་མཁན་གྱིས་གསར་དུ་བསྒྲུབ་དགོས་པས་བཅོས་མར་བཞག་ལ། འདི་ནི་རྣལ་འབྱོར་པའི་ལུས་གྲུབ་པ་དང་མཉམ་དུ་ལྷ་བསྐྱེད་པའི་གཞིའི་རྩ་ཁམས་རྣམས་གྲུབ་པས་གསར་དུ་བསྒྲུབས་མི་དགོས་པའི་ཕྱིར་དེ་ལྟར་གདགས་སོ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་པའི་དོན་ཡང་དེ་ཉིད་དོ། །ཡང་དོན་དམ་གྱི་དཀྱིལ་འཁོར་ཞེས་པའི་དོན་ཡང༌། བསྐྱེད་གཞི་རས་བྲིས་དང་རྡུལ་ཚོན་གཉིས་བཅོས་མ་ཡིན་པས་ཀུན་རྫོབ་དང༌། ལུས་དཀྱིལ་གྱི་བསྐྱེད་གཞི་མ་བཅོས་པས་དོན་དམ་དུ་བཞག་པ་ཡིན་ནོ། །གསུམ་པ་ནི། གལ་ཏེ་མིའི་ལུས་ལ་རྩ་དང་ཁམས་གྲུབ་པ་རྣམས་བདེ་མཆོག་གི་དཀྱིལ་འཁོར་གྱི་བསྐྱེད་གཞི་ཡིན་པའི་ཆ་ནས་ལུས་དཀྱིལ་དུ་འཇོག་པ་མི་འཐད་དེ། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བདེ་མཆོག་གི་དཀྱིལ་འཁོར་རང་ཆས་སུ་གྲུབ་པར་བཤད་པ་དང་འགལ་བའི་ཕྱིར་རོ་སྙམ་ན་ཤིན་ཏུ་མི་འཐད་དེ། གསུང་རབ་སྤྱིའི་རྣམ་གཞག་དང་འགལ་བའི་ཕྱིར་རོ། །དེས་ན་རང་བཞིན་ཞེས་པའི་དོན་ལ་རྒྱུད་བླ་མར། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་དོན་དམ་གྱི་གནས་ལུགས་ལ་རང་བཞིན་དུ་བཤད་པ་དང༌། མེ་ཡི་རང་བཞིན་ཚ་བ་དང༌། །བུ་རམ་རང་བཞིན་མངར་བ་ལྟར། །ཞེས་ཀུན་རྫོབ་ཙམ་གྱི་གནས་ལུགས་ལ་རང་བཞིན་དུ་བཤད་པ་གཉིས་ལས། སྐབས་འདིར་སྔ་མ་ལྟར་བཤད་དུ་མི་རུང་སྟེ། དབུ་མ་རྩ་བར། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དོན་དམ་གྱི་རང་བཞིན་ཡིན་ན་གཞན་ལ་མ་ལྟོས་པར་བཤད་ལ། འདིར་ནི་རྣལ་འབྱོར་པ་བདེ་མཆོག་ཏུ་གྱུར་པ་ལམ་བསྒོམ་པ་ལ་ལྟོས་པའི་ཕྱིར་རོ། །དེས་ན་ཕྱི་མ་ལྟར་འཐད་དེ། མིའི་འགྲོ་བ་དབང་བསྐུར་ཡུལ་གྱི་སློབ་མའི་ལུས་འདི་ཉིད་གྲུབ་ཙམ་ན་ལྷ་བསྐྱེད་རྒྱུའི་རྩ་ཁམས་རྣམས་ཀྱང་གྲུབ་པས་ན་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱ་སྟེ། ལུས་དཀྱིལ་བསྐྱེད་གཞི་ལས་གཞན་པའི་ལུས་ཀྱི་རང་བཞིན་མེད་པའི་ཕྱིར་རོ། །དེའི་ཕྱིར་གཉིས་མེད་ཅེས་པའི་དོན་ཡང་ལུས་དང་ལུས་ཀྱི་ཀུན་རྫོབ་པའི་རང་བཞིན་གཉིས་ཐ་དད་མེད་པ་ལ་བྱའོ། །གཉིས་པ་ལ་དགག་བཞག་སྤང་གསུམ་གྱི་དང་པོ་ནི། དཔྱལ་སེ་ཉི་མ་རྡོ་རྗེ་ན་རེ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི་ཞེས་པའི་དོན། ལུས་ལ་འདོམ་གང་གྲུ་བཞི་ཡོད་པ་དེ་གཞལ་ཡས་ཁང་པའི་དོད་ཡིན་པས། ཕྱི་དཀྱིལ་གྱི་གཞལ་ཡས་ཁང་གྲུ་བཞི་པ་ལྟར་བསྒོམ་མི་དགོས་ལ། དེ་བཞིན་ཏུ་རྐང་རྣམས་ཀ་བའི་ཚོགས་ལ་སོགས་པ་ཐམས་ཅད་ཕྱི་དཀྱིལ་གྱི་དོད་ཙམ་ཡིན་གྱི་རྣམ་པ་ཅི་ལྟ་བ་བཞིན་དུ་བསྒོམ་པ་མ་ཡིན་ནོ། །ཞེས་འཆད་པ་ནི་མི་རིགས་ཏེ། སློབ་དཔོན་དཱ་རི་ཀ་པས། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི། །རྐང་པའི་མཐིལ་དུ་སྐྱོད་བྱེད་རླུང༌། །གཞུ་ཡི་དབྱིབས་སུ་ཡང་དག་གནས། །སུམ་མདོའི་གནས་སུ་མི་ཡི་དངོས། །གྲུ་གསུམ་འབར་བར་ཡང་དག་གནས། །ལྟོ་བར་ཆུ་ནི་ཟླུམ་པོ་སྟེ། །སྙིང་གར་ས་ནི་གྲུ་བཞི་གནས། །སྒལ་ཚིགས་དབྱུག་པ་རི་རབ་ཉིད། །རང་གི་ཡན་ལག་ལས་བྱུང་བའི། །ཀ་བ་བརྒྱད་ནི་ཡང་དག་གནས། །ཆུ་ཞིང་ཀུན་ཏུ་མཉམ་པ་ཡིས། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །དཀྱིལ་འཁོར་གསུམ་ནི་ངེས་པར་གསུངས། །ཞེས་གསུངས་པ་དང་འགལ་ཏེ། རང་གི་ཡན་ལག་ལས་བྱུང་བའི། ཀ་བ་བརྒྱད་ནི་ཡང་དག་གནས། །ཞེས་པའི་དོན། ལུས་ཀྱི་ཡན་ལག་རྐང་བརྒྱད་ལས་བྱུང་བའི་གཞལ་ཡས་ཁང་གི་ཀ་བ་ཡིན་ནོ་ཞེས་དངོས་སུ་བསྟན་པའི་ཕྱིར་རོ། །ཡང་བདག་གི་བླ་མ་མཁས་པ་དག ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི་པའི་དོད་ཡིན་པར་འདོད་པ་ལ། དེ་ལྟར་བྱེད་ན། རྩ་དང་ཁམས་རྣམས་ཀྱང་ལྷར་མི་བསྒོམ་པར་ལྷ་རྣམས་ཀྱི་དོད་དུ་མོས་པ་ཙམ་བྱ་བར་རིགས་སོ། །ཞེས་པའི་སྐྱོན་འཕངས་ནས། རང་ལུགས་འཇོག་པ་ན། རས་བྲིས་དང་རྡུལ་ཚོན་དང་ལུས་དཀྱིལ་གསུམ་པོ། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པའི་གཞི་མི་འདྲ་བ་ཡིན་གྱི་གང་དུ་བསྐྱེད་པར་བྱ་བའི་དཀྱིལ་འཁོར་ལ་ནི་རྣམ་པ་མི་འདྲ་བ་མེད་དེ། བརྟེན་པའི་དཀྱིལ་འཁོར་བསྒྲུབ་པ་ན་ལྷ་རེ་གཉིས་ཀྱི་སྐུ་མདོག་ཞལ་ཕྱག་ལ་སོགས་པའི་རྣམ་པ་ཅན་དུ་བསྒོམ་དགོས་པ་བཞིན་དུ་རྟེན་གྱི་དཀྱིལ་འཁོར་བསྒྲུབ་པ་ནའང་གྲུ་བཞི་སྒོ་བཞི་ལ་སོགས་པའི་རྣམ་པ་ཅན་དུ་བསྒྲུབས་པ་གཉིས་རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། །ཞེས་མདོར་བསྟན་ཞིང་ལུས་ཀྱི་ཆ་གང་གཞལ་ཡས་ཁང་གི་ཆ་གང་དུ་བསྒོམ་པ་རྒྱས་པར་བཤད་པའི་དོན་བསྡུས་ན། དེ་གཞལ་ཡས་ཁང་དུ་བསྒོམ་ཞེས་ལུས་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུ་བསྒོམ་པར་བཤད་དོ། །ཀླུ་བྱང་གིས་ཀྱང༌། ཚངས་པའི་ཐིག་ནས་ཡང་དག་བརྩམས། །གྲུ་བཞི་པ་རུ་རྣམ་པར་དབྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། །རྣལ་འབྱོར་པ་ཡི་སྐུ་དཀྱིལ་འཁོར། །ཞེས་ལུས་དཀྱིལ་གྱི་རྟེན་གྱི་དཀྱིལ་འཁོར་བསྒོམས་པའི་སྐབས་སུ་ལུས་གྲུ་བཞི་པ་ལ་སོགས་པའི་གཞལ་ཡས་ཁང་དུ་སྣང་བར་བསྒོམ་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པས་ན་གཞལ་ཡས་ཁང་གི་ཕྱོགས་མཚམས་སུ་ལྷ་མི་བཀོད་པར་རང་གི་ལུས་འགོད་པར་མི་རིགས་སོ་སྙམ་ན་སྐྱོན་མེད་དེ། དཔེར་ན་གསང་འདུས་མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་སུ་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་འཆང་བསྐྱེད་ནས་དེའི་ལུས་ལ་ལྷ་སོ་གཉིས་འགོད་པའི་ལུས་དཀྱིལ་གསུངས་པའི་སྐབས་སུ་གཞལ་ཡས་ཁང་གི་ཕྱོགས་མཚམས་སུ་མ་བཀོད་པ་བཞིན་སྟེ། གཞལ་ཡས་ཁང་བསྒོམ་པ་དང་ལྷ་ལུས་ལ་འགོད་པ་གཉིས་མི་འགལ་བའི་ཕྱིར་རོ། །བརྟེན་པའི་དཀྱིལ་འཁོར་བསྒྲུབ་ཚུལ་ནི་རྩ་དང་ཁམས་རྣམས་དཔའ་བོ་དང་དཔའ་མོའི་རྣམ་པ་ཅན་དུ་བསྒོམ་པ་ཡིན་ཏེ་མི་མཐུན་པ་མི་སྣང་ངོ༌། །གཞི་དེ་དག་གིས་དཀྱིལ་འཁོར་དུ་བསྒྲུབ་པའི་ཚུལ་ནི། དཔེར་ན་ཕྱི་དཀྱིལ་ཡཾ་རཾ་སོགས་ཀྱི་ཡི་གེ་ལས་བྱུང་བ་དང་རི་རབ་བསྐྱེད་པ་བཞིན་དུ་འདིར་ནི་རྐང་པ་གཉིས་བགྲད་པའི་གཞུའི་དབྱིབས་ཅན་དང༌། སུམ་མདོ་གྲུ་གསུམ་སོགས་ལས་མེ་ལ་སོགས་པ་བསྐྱེད་ལ། ཕྱི་དཀྱིལ་ལས་བྲིས་པའི་རྩིག་པ་ལ་སོགས་པ་གཞལ་ཡས་ཁང་བསྐྱེད་པ་བཞིན་དུ། འདིར་ནི་ལུས་ཀྱི་རླུང་ཁ་དོག་ལྔ་ལ་སོགས་པ་ལུས་ཀྱི་ཆ་རྣམས་གཞལ་ཡས་ཁང་དུ་བསྐྱེད་དེ། དེ་ཡང་ལུས་ནི་གཞལ་ཡས་ཁང་དུ་གྱུར། ཞེས་གསུངས་པ་བཞིན་དུ་ལུས་ཀྱི་ཆ་དེ་དང་དེ་དག་ཏུ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་རྩ་རྣམས་དང་རྩ་ནང་གི་ཁམས་རྣམས་ཀྱང་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་དེ། དཀྱིལ་འཁོར་གཞན་གཉིས་བཞིན་དུ་སྟོང་པར་སྦྱངས་ནས་བསྐྱེད་མི་དགོས་ཀྱི། དེ་དག་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གཉིས་སུ་བྱེད་པའོ། །རྩ་དང་ཁམས་རྣམས་ནི་ཕྱི་དཀྱིལ་ལྟར་ན་ལྷ་མཚན་བཀོད་པའི་དོད་དོ། །ཞེས་བཞེད་པ་ཡང་ཤིན་ཏུ་མི་འཐད་དེ། ཕྱོགས་སྔ་མ་ལ་འཕངས་པའི་ཐལ་འགྱུར་དེ་རང་ཉིད་ལ་ལོག་པར་འགྱུར་ཏེ། འདིར་བརྟེན་པ་ལུས་དཀྱིལ་རྣམས་ཕྱི་དཀྱིལ་ཇི་ལྟ་བ་བཞིན་དུ་བསྒོམ་པར་འགྱུར་ཏེ། རྟེན་ལུས་དཀྱིལ་ཕྱི་དཀྱིལ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ཕྱིར་རོ། །འདོད་ན་བརྟེན་པ་ལུས་དཀྱིལ་ལ་བདེ་ཆེན་འཁོར་ལོའི་ཕྱི་རོལ་དུ་ཐུགས་འཁོར་གྱི་ལྷ་ཡབ་ཡུམ་བརྒྱད་དང༌། དེའི་ཕྱི་རོལ་དུ་གསུང་གི་དང༌། དེའི་ཕྱི་རོལ་དུ་སྐུའི་དང༌། དེའི་ཕྱི་རོལ་དུ་དམ་ཚིག་གི་འཁོར་ལོའི་ལྷ་བརྒྱད་རྣམས་བསྒོམ་དགོས་པར་འགྱུར་ཏེ། ཕྱི་དཀྱིལ་ཇི་ལྟ་བ་བཞིན་དུ་བསྒོམ་དགོས་པའི་ཕྱིར་རོ། །འདོད་ན། ལུས་ལ་ལྷ་འགོད་ཀྱི་གཞལ་ཡས་ཁང་གི་ཕྱོགས་མཚམས་སུ་མི་བཀོད་པར་ཁས་བླངས་པ་དང་འགལ་ལོ། །ཞེས་འཕེན་དུ་བྱུང་ན་མི་སྨྲ་བའི་བརྟུལ་ཞུགས་ལེན་པ་ལས་ཐབས་གཞན་མི་སྣང་བས་འཐད་པར་མ་མཐོང་ངོ༌། །དེས་ན་ཕྱོགས་སྔ་མ་འདི་འགོག་པའི་ཚུལ་ཁོ་བོས་སྔར་བཤད་པ་ཉིད་བླང་བར་རིགས་སོ། །ཡང་ཁྱེད་རང་གི་ལུགས་ཀྱི་རྟེན་ལུས་དཀྱིལ་དེ་རྣལ་འབྱོར་པའི་ལུས་ཀྱི་པགས་པའི་ནང་ཚུན་ཆད་དུ་མི་གནས་པར་ཐལ། རང་ཕྱིའི་ཧེ་རུ་ཀར་བསྒོམ་པའི་ལུས་ཀྱི་ཕྱི་རོལ་དུ་གཞལ་ཡས་ཁང་ཡོད་པར་འདོད་པའི་ཕྱིར་རོ། །འདོད་ན། ལྭ་ཝ་པ་དང༌། པྲ་ཛྙཱ་རཀྵི་ཏས། རྣ་བའི་བུག་པའི་ནང་དུ་དགོད་པར་བཤད་པ་ནི་མཚོན་པ་ཙམ་སྟེ། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཀྱང་ལུས་ཀྱི་ནང་དུ་བསྒོམ་མོ་ཞེས་རང་གིས་བྲིས་པ་དང་འགལ་ལོ། །གལ་ཏེ་དེ་ནི་བརྟེན་པ་ལྷའི་དབང་དུ་བྱས་ཀྱིས་རྟེན་གཞལ་ཡས་ཁང་ལ་དེ་ལྟར་མི་འདོད་དོ་སྙམ་ན། འོ་ན་ཁྱེད་རང་གིས། དཀྱིལ་འཁོར་གསུམ་པོ་ནི་བསྐྱེད་གཞི་མི་འདྲ་བ་ཡིན་གྱི། གང་དུ་བསྐྱེད་པར་བྱ་བའི་དཀྱིལ་འཁོར་ལ་ནི་རྣམ་པ་མི་འདྲ་བ་མེད་དེ། ཞེས་སོགས་རྒྱུ་མཚན་མཚུངས་པའི་མགོ་སྙོམ་གྱི་སྒོ་ནས་བསྒྲུབས་པ་དང་འགལ་ལོ། །སྐྱོན་གཞན་ཡང༌། རྟེན་ལུས་དཀྱིལ་དུ་མི་འགྱུར་ཏེ། རྒྱུ་ལུས་ཀྱི་ཆ་ཤས་ལས་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་སྔར་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་དེ་ཉིད་ཀྱི་རྒྱུན། ད་གཟོད་གཞལ་ཡས་ཁང་མ་བསྡུས་བར་དུ་འཇུག་པར་མོས་པའི་ལུགས་ཡིན་པས། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པའི་མཚམས་ནས། རང་གི་རིགས་འདྲ་སྔ་མ་དང་ལུས་ཀྱི་ཆ་རེ་ལ་བརྟེན་ནས་རིགས་འདྲ་ཕྱི་མ་སྐྱེས་པར་བསྒོམ་པ་ཡིན་ནོ་ཞེས་སྨྲའོ། །དེ་ཡང་མི་འཐད་དེ། དེ་ལྟར་ན་འཇམ་པའི་རྡོ་རྗེ་དང༌། དགྲ་ནག་དང༌། གཤེད་དམར་བཅུ་གསུམ་མ་ལ་སོགས་པའི་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པའི་སྐབས་སུ། རང་གི་ལུས་ཀྱི་ཐིག་ལེ་ལས་གྲུབ་པའི་གཞལ་ཡས་ཁང་མངལ་དུ་བསྐྱེད། དེ་ཕྱིར་སྤྲོས། སྔར་བསྐྱེད་པའི་གཞལ་ཡས་ཁང་པ་ལ་ཐིམ་པས། གཞལ་ཡས་ཁང་ཕྱི་མ་བསྒོམ་པ་དེ་ཡང་ལུས་ཀྱི་རྣལ་འབྱོར་དུ་འགྱུར་ཏེ། རང་གི་རིགས་འདྲ་སྔ་མ་དང༌། ལུས་ཀྱི་ཆ་ཐིག་ལེ་ལས་རིགས་འདྲ་ཕྱི་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། ལུས་ལ་གཞལ་ཡས་ཁང་གི་དོད་རྣམས་གནས་པ་མ་ཡིན་ཞིང་དངོས་སུ་ཕྱི་དཀྱིལ་ལྟར་ཡོད་པའང་མ་ཡིན་པས། འདི་ལྟར་གོ་དགོས་ཏེ། ལུས་ཀྱི་ཆ་ཤས་རེ་རེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གི་ཆ་ཤས་རེ་གྲུབ་པ་ཡིན་ཏེ། དཔལ་དྷ་རི་ཀ་པས། རང་གི་ཡན་ལག་ལས་བྱུང་བའི། །ཀ་བ་དེ་ཡིས་བསྐོར་ཏེ་གནས། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་བསྒོམ་བྱའི་དཀྱིལ་འཁོར་ལྟར་བསྒོམ་མམ་སྙམ་ན། དེ་ལྟར་མི་བསྒོམ་སྟེ། སམྦུ་ཊིར། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །ཞེས་རྐང་མཐིལ་ན་གནས་པའི་རླུང་གི་ཁམས་དེ་གནས་དེ་ཉིད་དུ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པར་བསམས་ཏེ། ཐ་དད་ཀྱི་རྣམ་པ་ཡོངས་སུ་རྫོགས་པར་ཡོད་ཀྱང་རྩིག་པའི་སྟེང་དུ་ཕ་གུ་ཡོད་པ་སོགས་ཕྱི་དཀྱིལ་ལྟར་མི་བསྒོམ་མོ། །གསུམ་པ་ནི། གལ་ཏེ་དེ་ལུས་ཀྱི་ཆ་ཤས་རྣམས་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གི་རྣམ་པ་སོ་སོར་བསྒོམ་པར་རིགས་མོད། འོན་ཀྱང་ཕྱི་དཀྱིལ་ལྟར་རྣམས་ལྷན་ཅིག་ཏུ་མ་ཚོགས་ན་རྟེན་གཞལ་ཡས་ཁང་དུ་མི་འགྱུར་བའི་ཕྱིར་ན་མི་འཐད་དོ་སྙམ་ན། འོ་ན་བརྟེན་པའི་ལྷ་རྣམས་གཞིའི་ཧེ་རུ་ཀའི་ལུས་ལ་བཀོད་པ་ཡང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལྟར་འཁོར་ལོ་གསུམ་ལྷན་ཅིག་ཏུ་ཚོགས་པའི་དཀྱིལ་འཁོར་དུ་མི་སྣང་བའི་ཕྱིར་རོ། །གལ་ཏེ་ལྷ་སོ་སོའི་ཁ་དོག་དང་དབྱིབས་ཕྱག་མཚན་སོགས་ཡོངས་སུ་རྫོགས་པར་ཡོད་པས་སྐྱོན་མེད་དོ་སྙམ་ན། འདིར་ཡང་རྟ་བབས་དང་དྲྭ་ཕྱེད་སོགས་སོ་སོའི་རྣམ་པ་ཡོངས་སུ་རྫོགས་པ་ཡོད་པས་སྐྱོན་མེད་དོ། །གཞན་ཡང་བསྒོམ་བྱའི་གཞལ་ཡས་ཁང་ལྟར་མེད་པས་དཀྱིལ་འཁོར་དུ་མི་འགྱུར་ན། རས་བྲིས་དང་རྡུལ་ཚོན་གཉིས་ཀྱང་དཀྱིལ་འཁོར་མ་ཡིན་པར་འགྱུར་ཏེ། བསྒོམ་བྱའི་གཞལ་ཡས་ཁང་ལྟར་མེད་པའི་ཕྱིར་རོ། །གསུམ་པ་ལ་དགག་བཞག་སྤང་གསུམ་གྱི་དང་པོ་ལ་གཉིས། ས་བོན་ལས་བསྐྱེད་པར་འདོད་པ་དགག མངོན་བྱང་ལྔ་ལས་བསྐྱེད་པར་འདོད་པ་དགག་པའོ། །དང་པོ་ནི། གྲོགས་རྭ་བ་དངོས་གྲུབ་ཤེས་རབ་ན་རེ། ལུས་དཀྱིལ་གྱི་ལྷ་རྣམས་ནི་ས་བོན་ལས་བསྐྱེད་པ་ཡིན་ཏེ། གཞུང་ལས། མྃ་ལྃ་པྃ་ཏྃ་ཧཱུྃ་བརྒྱད་ཀྱང༌། །དམ་ཚིག་ཞེས་བྱར་བཤད་པ་ཡིན། །ཞེས་སོགས་ཀྱི་གཙོ་བོ་དང་འཁོར་གྱི་ལྷ་རྣམས་ས་བོན་ལས་བསྐྱེད་པར་བཤད་པའི་རིགས་པས། ཡུམ་དང་ཕྱིའི་ཧེ་རུ་ཀ་ཡང་ས་བོན་ལས་བསྐྱེད་དོ། །ཞེས་ཟེར་ལ། གཞུང་ཆུང་དུ་གྲགས་པར་ཡང༌། ཆོས་འཁོར་ཕྱིའི་འདབ་བརྒྱད་ལ། །རིང་པོའི་ཧཱུྃ་ལས་ཁྲོ་མོ་བརྒྱད། །ཅེས་བཤད་མོད། ཤིན་ཏུ་མི་འཐད་དེ། གྲོགས་རྭ་བ་རང་གི་ལོ་ཧི་པའི་ཊཱི་ཀར། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །ཅེས་སོགས་ཀྱི་དོན་ལུས་དཀྱིལ་གྱི་ལྷ་སྐད་ཅིག་གིས་བསྐྱེད་པ་ལ་སྦྱར་ནས་བཤད་བཞིན་དུ། འདིར་ས་བོན་ལས་བསྐྱེད་པར་འདོད་པའང་འགལ་བ་ཡིན་ནོ། །གཞུང་དུ་ས་བོན་བཤད་པ་ནི། བསྐྱེད་གཞི་རྩ་རྣམས་ཡི་གེ་ཧཱུྃ་དང་པཱུ་ཛ་སོགས་ཀྱི་དབྱིབས་སུ་གནས་པས། རྩ་དེ་རྣམས་ལྷར་བསྒོམ་དུས་ཡི་གེའང་ཞར་ལ་ལྷར་འགྱུར་བས། རྩའི་དབྱིབས་ཡི་གེ་འདི་དང་འདྲའོ་ཞེས་སྟོན་པ་ཡིན་གྱི། བསྐྱེད་རིམ་ལྟར་གྱི་ས་བོན་ལས་བསྐྱེད་པ་མི་སྟོན་པའི་ཕྱིར་དང༌། གྲུབ་ཐོབ་བྷ་ཝ་བྷ་དྲས། ལུས་དཀྱིལ་སྐད་ཅིག་ལས་བསྐྱེད་པར་བཤད་པ་དང་འགལ་བའི་ཕྱིར་རོ། །གཞུང་ཆུང་དུ་གྲགས་པ་ནི། བླ་མ་པུ་ཧྲང་ལོ་ཆུང་གི་རྗེས་སུ་འབྲང་བའི་བོད་ཁ་ཅིག་གིས་བྱས་ཀྱི་རྒྱ་གར་གྱི་གཞུང་མ་ཡིན་ནོ། །གཉིས་པ་ལ། ཕྱོགས་སྔ་མའི་འདོད་པ་བརྗོད་པ། དེ་ལ་ལུང་རིགས་ཀྱིས་གནོད་བྱེད་བཤད་པ་གཉིས་ཀྱི། དང་པོ་ནི། བདག་གི་བླ་མ་མཐའ་ཡས་པའི་ཡོན་ཏན་གྱི་ཁུར་གྱི་ལྕེ་བར་གྱུར་པའི་མཁས་པ་དག་འདི་ལྟར་བཞེད་དེ། གཞུང་ལས། འོད་ཟེར་འཕྲོས་པས་སྔོན་གྲུབ་པ། །བསྐུལ་ནས་ཕྱག་འཚལ་རང་ལུས་གཞུག །ཞེས་པའི་དོན། རང་ཧེ་རུ་ཀར་གནས་པའི་སྙིང་ག་ནས་འོད་འཕྲོས་པས། བསྒོམ་པ་དང་འདྲ་བའི་ཧེ་རུ་ཀའི་ལྷ་ཚོགས་སྤྱན་དྲངས། ཕྱག་དང་མཆོད་པ་དང་རྒྱུན་བཤགས་བྱས་ལ། ཚོགས་ཞིང་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམ་པ། སྲུང་བའི་འཁོར་ལོ་བསྐྱེད་པའི་དབུས་སུ་འབྱུང་བཞི་དང་རི་རབ་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པའི་ལྟེ་བར། མངོན་པར་བྱང་ཆུབ་པ་ལྔ་ལས། རྟེན་གཞལ་ཡས་ཁང་པ་དང༌། བརྟེན་པ་ཕྱིའི་ཧེ་རུ་ཀ་དུས་གཅིག་ལ་བསྐྱེད་དེ། དེའང་ཐོག་མར་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསྒོམ། དེའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཕྱིའི་ཧེ་རུ་ཀར་བསམ་པ་སྟེ། འདི་ཡན་ཆད་ལོ་ཧི་པའི་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་བྱས་ལ། རང་ཕྱིའི་ཧེ་རུ་ཀར་བསྐྱེད་པའི་ལུས་ལ། རྐང་པ་རླུང་གི་དཀྱིལ་འཁོར་ལ་སོགས་པའི་རྟེན་དང་བརྟེན་པའི་ལུས་དཀྱིལ་རྣམས་འགོད་ལ། དེའང་སྔར་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྐྱེད། དེ་ཉིད་ཀྱི་རྒྱུན། ད་གཟོད་གཞལ་ཡས་ཁང་མ་བསྡུས་བར་དུ་འཇུག་པར་མོས་པའི་ལུགས་ཡིན་པས། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པའི་མཚམས་ནས། རང་གི་རིགས་འདྲ་སྔ་མ་དང་ལུས་ཀྱི་ཆ་རེ་ལ་བརྟེན་ནས་རིགས་འདྲ་ཕྱི་མ་བསྐྱེད་པར་བསྒོམ་པ་ཡིན་ནོ། །ཞེས་བཞེད་དོ། །གཉིས་པ་ལ། སྤྱིར་དགག་པ། སོ་སོར་ཕྱེ་སྟེ་དགག་པ། དོན་བསྡུས་ཏེ་དགག་པ་གསུམ་གྱི་དང་པོ་ནི། རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་ལུས་དཀྱིལ་གྱི་སྒྲུབ་ཐབས་འདི་དབང་པོ་རྣོན་པོ་བློ་མཆོག་གི་དབང་དུ་བྱས་པ་ཡིན་ལ། ཁྱེད་རང་གིས་ཀྱང༌། གདུལ་བྱ་རབ་ལ་གསུངས་པའི་ལུས་དཀྱིལ། །ཅེས་བཤད་དོ། །གང་གདུལ་བྱ་རབ་ཀྱི་ཉམས་ལེན་ཡིན་ན་ཉུང་ངུ་ཞིག་ཡིན་པས་ཁྱབ་པས་ན། འདི་ལྟ་བུའི་སྤྲོས་པ་མང་པོའི་ཁུར་དབང་རྣོན་གྱི་ག་ལ་ཐེག སློབ་དཔོན་པྲཛྙཱ་རཀྵི་ཏས། ལོ་ཧི་པའི་འགྲེལ་པར། དབང་པོ་རྣོན་པོའི་སེམས་ཅན་གྱི་དབང་དུ་བྱས་ནས་མདོར་བསྡུས་པའི་བྱམས་པ་ལ་སོགས་པ་ནི་ཞེས་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་རས། རྡོ་རྗེ་ཕྲེང་བ་ལས་ཀྱང༌། ཁོ་བོ་ཅག་གི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ནི་དབང་པོ་རྣོན་པོའི་ངོར་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་བསྒོམ་པའི་རིམ་པ་སྙིང་པོ་བསྡུས་པ་བརྗོད་པ་ནི་ངེས་པར་བསྒོམ་པར་བྱའོ། །ཞེས་དབང་རྣོན་གྱི་རྣལ་འབྱོར་ཉུང་ངུ་བསྒོམ་པར་བཤད་པའང་དྲན་པར་བྱའོ། །གཉིས་པ་ལ། གཞུང་གཞན་གྱི་དགོངས་པར་འདོད་པ་དགག སློབ་དཔོན་དྲིལ་བུ་པའི་དགོངས་པར་འདོད་པ་དགག་པ་དང་གཉིས་ཀྱི་དང་པོ་ནི། འདིར་ཕྱི་དཀྱིལ་ལྟར་སྲུང་འཁོར་བྱེད་ལ། དེའང་མངོན་བརྗོད་ཀྱི་དགོངས་པ་ཡིན་ཞིང༌། མ་ཎི་ཀ་ཤྲཱི་ཛྙཱ་ནས་ཀྱང་བྱས་པའི་ཕྱིར་རོ། །ཞེས་སྨྲའོ། །འདིའང་མི་འཐད་དེ། མངོན་བརྗོད་ལེའུ་དགུ་པ་ནས་བཤད་པའི་དཔའ་བོ་གཅིག་པའི་དཀྱིལ་འཁོར་འདི། ཕྱི་ནང་སྦྲག་པའི་སྒྲུབ་ཐབས་ཡིན་གྱི། ནང་ལུས་དཀྱིལ་རྐྱང་པའི་སྒྲུབ་ཐབས་མ་ཡིན་ཏེ། འདི་ནས་སྲུང་འཁོར་དང་གཞལ་ཡས་ཁང་བསྐྱེད་པ་སོགས་ཕྱི་དཀྱིལ་གྱི་རྣལ་འབྱོར་མང་པོ་བཤད་པའི་ཕྱིར་རོ། །དེ་ལྟར་ན་ཡང༌། འདི་ལུས་དཀྱིལ་རྐྱང་པའི་གཞུང་ཡིན་ནོ། །ཞེས་ནན་གྱིས་སྨྲ་བར་བྱེད་དོ། །འོ་ན་ཕྱག་མཚན་ལ་ལྷ་བཀོད་པས། ནང་ལུས་དཀྱིལ་དུ་འགྱུར་བའི་སྐྱོན་ཡོད་དེ། འདིར་གཙོ་བོའི་ཕྱག་བཅུ་གཉིས་ལ་རྣལ་འབྱོར་མ་བཅུ་གཉིས་བཀོད་པར་བཤད་པའི་ཕྱིར་རོ། །འདོད་མི་ནུས་ཏེ། ལྭ་བ་པ་དང༌། པྲཛྙཱ་རཀྵི་ཏས། རྣ་བའི་བུག་པའི་ནང་དུ་དགོད་པར་བཤད་པ་ནི་མཚོན་པ་ཙམ་སྟེ། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱང་ལུས་ཀྱི་ནང་དུ་བསྒོམ་མོ། །ཞེས་ཁས་བླངས་པ་དང་འགལ་ལོ། །མ་ཁྱབ་པ་མ་ཡིན་ཏེ། ལུས་དཀྱིལ་གྱི་རྣལ་འབྱོར་ཡིན་པ་ལ། ལྷ་རྣམས་ལུས་ཀྱི་ནང་དུ་བསྒོམ་དགོས་པས་ཁྱབ་ན། མངོན་བརྗོད་དགུ་པའི་གཞུང་དེ་ལུས་དཀྱིལ་རྐྱང་པའི་གཞུང་ཡིན་ན་ལྷ་ཐམས་ཅད་ལུས་ཀྱི་ནང་དུ་བསྒོམ་པར་བཤད་དགོས་པའི་ཕྱིར་རོ། །མ་གྲུབ་པ་མ་ཡིན་ཏེ། མངོན་བརྗོད་དགུ་པར། མཁའ་འགྲོ་མ་ནི་རྡོ་རྗེ་ལ། ལ་མ་མ་ནི་དྲིལ་བུ་ལ། དུམ་སྐྱེས་མ་དང་གཟུགས་ཅན་མ་གཉིས་ནི། གླང་པོ་ཆེའི་པགས་པ་འཛིན་པའི་ཁུ་ཚུར་དག་ལ། ཁྭ་གདོང་མ་ནི་རྡོ་རྗེ་རྩེ་གསུམ་པ་ལ། འུག་གདོང་མ་ནི་ལྕགས་ཀྱུ་ལ། ཁྱི་གདོང་མ་ནི་གྲི་གུག་ལ། ཁྭ་གདོང་མ་ནི་ཅང་ཏེའུ་ལ། གཤིན་རྗེ་བརྟན་མ་ནི་ཐོད་པ་དང་ཁ་ཊྭཱཾ་ག་ལ། གཤིན་རྗེ་ཕོ་ཉ་མ་ནི་ཞགས་པ་ལ། གཤིན་རྗེ་མཆེ་བ་མ་ནི་ཚངས་པའི་མགོ་བོ་ལ། གཤིན་རྗེ་འཇོམས་མ་ནི་དགྲ་སྟྭ་ལ། ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་གཞུང་དེར་དུམ་སྐྱེས་མ་དང༌། གཟུགས་ཅན་མ་གཉིས་ཁུ་ཚུར་གཉིས་སུ་བཤད་པ་ནི། ལྷག་མ་བཅུ་ལ་ཡང་མཚུངས་ལ། དེའི་ཚུལ་ཡང་ཕྱག་མཚན་དང་ངོ་བོ་དབྱེར་མེད་པའི་ཕྱག་མགོ་བཅུ་གཉིས་ལས། དེ་རྣམས་བསྐྱེད་ནས་གནས་ཀྱང་ཕྱག་མགོའི་ནང་དུ་གཟུགས་བརྙན་ཤར་བ་བཞིན་བྱེད་དོ། །ཞེས་སྨྲ་བའོ། །འདིའང་མི་འཐད་དེ། མཁའ་འགྲོ་མ་ནི་རྡོ་རྗེ་ལ། །ཞེས་སོགས་ཕྱག་མཚན་ལ་ལྷ་འགོད་པར་ལན་བཅུ་བཤད་པའི་རིགས་པས་དུམ་སྐྱེས་མ་དང་གཟུགས་ཅན་མ་གཉིས་ཀྱང་གླང་ལྤགས་ཀྱི་གྲྭ་གཉིས་ལ་འགོད་དགོས་ལ། མངོན་བརྗོད་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་འགྱུར་ལས། དུམ་སྐྱེས་མ་དང་གཟུགས་ཅན་མ་དག་ནི་ཁུ་ཚུར་གཉིས་ཀྱིས་འཛིན་པ་ལའོ། །ཞེས་བཤད་པའི་ཕྱིར་དང༌། འཛིན་བྱེད་ཀྱི་ཕྱག་དང༌། བཟུང་བྱའི་ཕྱག་མཚན་དབྱེར་མེད་དུ་ལུང་དང་རིགས་པ་གང་གིས་ཀྱང་བསྒྲུབ་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་ཡང༌། གཞུང་འདིས་ཕྱག་གི་ནང་དུ། ལྷ་བསྐྱེད་པར་བསྟན་ལ། སློབ་དཔོན་དྷ་རི་ཀ་པའི་དགོངས་པའང་དེ་བཞིན་ཡིན་ནོ་སྙམ་ན། ཁྱེད་རང་གིས་དྷ་རི་ཀ་པས། ཕྱག་བརྒྱད་མ་ནི་སྒོ་བརྒྱད་དུ། །ལས་ཀྱི་རླུང་ནི་བྱེད་བདག་གིས། །ཁྭ་གདོང་གཤིན་རྗེ་མ་སོགས་བརྒྱད། །ཅེས་བཤད་པའི་ཕྱག་བརྒྱད་ནི། ཉིན་མོ་མཛད་ཀྱིས། ལག་པ་གཡོན་པའི་རྩེ་མོ་དང༌། མཁྲིག་མ་དང༌། ལག་པ་གཡས་པའི་རྩེ་མོ་དང༌། མཁྲིག་མ་བཞི་ལ་རིམ་པ་བཞིན་དུ། ཁྭ་དང་འུག་གདོང་སོགས་བཞི་དང༌། རྐང་པ་གཡས་གཡོན་གྱི་རྩེ་མོ་གཉིས་དང༌། གཡས་གཡོན་གྱི་ལོང་བུ་གཉིས་ལ་རིམ་པ་བཞིན། གཤིན་རྗེ་བརྟན་མ་དང༌། ཕོ་ཉ་མ་སོགས་བཞི་འགོད་པར་བཤད་པ་ལྟར་ཡིན་ནོ། །ཞེས་སྨྲས་པ་དང་འགལ་ལོ། །གཞན་ཡང་མངོན་བརྗོད་ལེའུ་དགུ་པ་འདི་ན་ལུས་དཀྱིལ་རྐྱང་པའི་གཞུང་དུ་བསྒྲུབས་ན། འོ་ན་འདི་ནས་བཤད་པ་ཐམས་ཅད་སློབ་དཔོན་དྲིལ་བུ་པའི་གཞུང་ལ་ཁ་བསྐང་ངམ། འོན་ཏེ་སྲུང་འཁོར་གཞལ་ཡས་ཁང་བསྐྱེད་པ་ཙམ་ཞིག་ཁ་སྐོང་གི་གཞན་མི་སྐོང༌། དང་པོ་ལྟར་ན། གཞལ་ཡས་ཁང་གི་ནང་དུ་པདྨ། དེའི་སྟེང་དུ་ཐོད་པ། དེར་མངོན་བྱང་ལྔ་ལས་གཙོ་བོ་བསྐྱེད་ནས་ལུས་ལ་ལྷ་ཉེར་བཞི་དང༌། ཕྱག་ལ་རྣལ་འབྱོར་མ་བཅུ་གཉིས་དང༌། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབས་པའི་ལྷ་བཅུ་བདུན་བསྒོམས་པ་རྣམས་ཀྱང་ཁ་བསྐང་དགོས་པར་འགྱུར་ཏེ། ཇི་སྐད་དུ་མངོན་བརྗོད་དགུ་པར། དེ་ནས་གཞན་ཡང་བཤད་བྱ་བ། །དཔའ་བོ་གཅིག་པུའི་ཆོ་ག་ནི། །སྔགས་པས་ལྟེ་བར་རྣམ་བསམ་པ། །རླུང་དང་མེ་ཡི་དབུས་སུའོ། །དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཐོད་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ། དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པའི་ཚུལ་གཉིས་འབྱུང་དུ་བྱས་ལ། ཧཱུྃ་གིས་བྱིན་གྱིས་བརླབས་པའི་བྃ་རྡོ་རྗེ་སེམས་དཔའི་སྦྱོར་བས་དགྱེས་པའི་བདེ་བ་ལས་བྱུང་བའི་དཔལ་ཧེ་རུ་ཀ་ཐུགས་རྗེའི་ཆགས་པས་རྣམ་པར་འཁོར་བར་བདག་ཉིད་བསྒོམ་མོ། །ཞེས་དང༌། ཕྱག་མཚན་ལ་རྣལ་འབྱོར་མ་བཅུ་གཉིས་བཀོད་པས་སྔར་དྲངས་པ་ལྟར་བཤད་པའི་རྗེས་ལ། གཤིན་རྗེ་འཇོམས་མ་ནི་དགྲ་སྟྭ་ལ། བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ནི་ཞལ་བཞི་པའི་ངོ་བོ་ལའོ། །སའི་ཁམས་ནི་འབེབས་མ། ཆུའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨ་དྲྭ་བ་ཅན་ནོ། །གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་པདྨ་གར་གྱི་དབང་ཕྱུག་མ། འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དཔལ་ཧེ་རུ་ཀའོ། །མིག་གཉིས་ནི་གཏི་མུག་རྡོ་རྗེ། སྣ་ནི་སེར་སྣ་རྡོ་རྗེ། ཁ་ནི་འདོད་ཆགས་རྡོ་རྗེ། རེག་བྱ་ནི་ཕྲག་དོག་རྡོ་རྗེ། ཁམས་དང་སྐྱེ་མཆེད་ཐམས་ཅད་ནི་དབང་ཕྱུག་རྡོ་རྗེ། ཡིད་ནི་མི་འཁྲུགས་པ། ངག་ནི་ཚེ་དཔག་མེད། ལུས་ནི་རྣམ་པར་སྣང་མཛད་དོ། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལྟར་སྨྲ་ན། སྲུང་འཁོར་གཞལ་ཡས་ཁང་མངོན་བྱང་ལྔ་ཙམ་ཞིག་ཁ་སྐོང་གི གཞན་རྣམས་ཁ་མི་སྐོང་བའི་རྒྱུ་མཚན་ཅི་ཡིན་གསལ་བར་སྨྲ་དགོས་སོ། །མ་ཎི་ཀ་ཤྲཱི་ཛྙཱ་ནས། སྲུང་འཁོར་བྱས་ཀྱང༌། སློབ་དཔོན་དྲིལ་བུ་པའི་གཞུང་དང་མི་མཚུངས་ཏེ། དེས་གཞལ་ཡས་ཁང་མ་བཤད་ལ། སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། མངོན་བྱང་ལྔ་ལས། བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་བསྐྱེད་ནས། དེའི་ལུས་ལ། གཞལ་ཡས་ཁང་མི་བསྐྱེད་པར་ལྷ་རྣམས་བསྐྱེད་པར་བཤད་པས། ལུགས་ཐ་དད་དུ་སྣང་བའི་ཕྱིར་དང༌། གཞུང་དེ་དྲིལ་བུ་པའི་རྗེས་སུ་འབྲང་བའི་ཤེས་བྱེད་མིན་པའི་ཕྱིར་དང༌། གཞུང་འདིའང་ཕྱི་ནང་སྦྲག་པ་ཡིན་པའི་ཕྱིར་རོ། །སྲུང་འཁོར་གྱི་དབུས་སུ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བསྒོམས་ལ། དེའང་ལོ་ནག་གཉིས་དང་གསང་འདུས་འཕགས་ལུགས་ནས་བཤད་ཅིང༌། ལུས་དཀྱིལ་རྐྱང་པ་ལ་དེ་ལྟར་བསྒོམ་པ་མངོན་བརྗོད་འགྲེལ་པ་དང་བཅས་པའི་དགོངས་པ་ཡིན་ཞེས་སྨྲའོ། །འདི་ཡང་མི་འཐད་དེ། དེ་ལྟར་ན་སློབ་དཔོན་དྲིལ་བུ་པའི་གཞུང་འདི་ལ། མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་གྱི་འཁོར་གྱི་ལྷ་རྣམས་ཀྱང་བསྒོམ་དགོས་པར་འགྱུར་ཏེ། ལོ་ནག་གཉིས་ལས་དེ་བཞིན་འབྱུང་ཞིང༌། གསང་འདུས་འཕགས་ལུགས་སུ་ཡང་འཁོར་གྱི་ལྷ་བསྒོམ་པ་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་རྣམས་ནི་ཕྱི་ནང་སྦྲག་པའི་ལུགས་ཡིན་ལ། འདིར་ལུས་དཀྱིལ་རྐྱང་པའི་སྐབས་ཡིན་པས་མི་འཐད་དོ་ཞེ་ན། འོ་ན་སྲུང་འཁོར་གྱི་དབུས་སུ་འབྱུང་བཞི་གཞལ་ཡས་ཁང་དང་བཅས་པ་བསྒོམ་པའང་ཕྱི་ནང་སྦྲག་པའི་ལུགས་ཡིན་གྱི་ལུས་དཀྱིལ་རྐྱང་པའི་སྐབས་སུ་མི་འཐད་པར་མཚུངས་སོ། །ཡང་བརྟེན་པའི་ལུས་དཀྱིལ་དགོད་པའི་གཞིའི་ཧེ་རུ་ཀ་ནི་མངོན་བྱང་ལྔ་ལས་བསྐྱེད་ལ། དེའང་མངོན་བརྗོད་ལས་གསུངས་པ་ལྟར་ལོ་ནག་གཉིས་ཀྱི་དགོངས་པ་ཡིན་ཞིང༌། མ་ཎི་ཀ་ཤྲཱིས་ཀྱང་གསལ་བར་བཤད་དོ། །ཞེས་སྨྲའོ། །འདིའང་མི་འཐད་དེ། ལོ་ནག་གཉིས་དང༌། མ་ཎི་ཀ་ཤྲཱིས་གཞིའི་ཧེ་རུ་ཀ་མངོན་བྱང་ལྔ་ལས་བསྐྱེད་པར་བཤད་པ་ནི། ཕྱི་ནང་སྦྲག་པའི་ལུགས་ཡིན་པར་མང་དུ་བརྗོད་ཚར་ལ། མངོན་བརྗོད་ཀྱང་ཕྱི་ནང་སྦྲག་པའི་ལུགས་ཡིན་ན་མི་མཐུན་པ་ལ། གལ་ཏེ་མཐུན་ན། མངོན་བྱང་ལྔ་ལས་སྐྱེས་པའི་ཡུམ་ཞལ་བཞི་ཕྱག་བཞི་མ་ཞིག་བསྒོམ་དགོས་པར་འགྱུར་ཏེ། མངོན་བརྗོད་ལེའུ་དགུ་པར་དེའི་མདུན་དུ་ཨཱ་ལི་དང་ཀཱ་ལི་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་བཞི་ཕྱག་བཞི་མ། སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐེ་རགས་ཅན། ཕྱག་གཡོན་པས་ཐོད་པ་བྱང་ཆུབ་ཀྱི་སེམས་དང་གདུག་པའི་བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བ་བསྣམས་པས་འཁྱུད་པ། གཡས་པས་སྡིགས་མཛུབ་ཅན་ལ་རྡོ་རྗེས་མཚན་པའི་གྲི་གུག་བསྣམས་པ། ཕྱག་གཞན་གཉིས་ལ་ཅང་ཏེའུ་དང་ཁ་ཊྭཱྃ་ག་བསྣམས་པ། བསྐལ་པའི་མེ་ལྟར་གཟི་བརྗིད་ཅན། ཞལ་ནས་ཁྲག་འཛག་ཅིང་ཁྲག་ལ་དགྱེས་པ། བྱིན་པ་གཉིས་མཉམ་པར་འཁྱུད་པ། བདེ་བ་ཆེན་པོའི་སྙིང་རྗེའི་བདག་ཉིད་ཅན། དམར་བ་དང༌། ལྗང་གུ་དང༌། སེར་བ་དང༌། སྔོ་བའི་ཞལ་དྲག་ཅིང་འཇིགས་པར་མཛད་པའོ། །ཞེས་བཤད་པའི་ཕྱིར་རོ། །ཡང་ལུས་དཀྱིལ་གྱི་རྟེན་དང་བརྟེན་པའི་གཞིའི་ཧེ་རུ་ཀ་དུས་གཅིག་ཏུ་བསྐྱེད་པ་དང༌། སྔ་ཕྱིར་བསྐྱེད་པ་གཉིས་གང་བྱས་ཀྱང་ཆོག་མོད་ཀྱང༌། དྲིལ་བུ་པའི་དགོངས་པ་སྔ་མ་ལ་ཉེའོ། །ཞེས་སྨྲའོ། །འདི་ཡང་མི་འཐད་དེ། སློབ་དཔོན་གྱི་གཞུང་གར་ཡང་མངོན་བྱང་ལྔ་ལས་རྟེན་དང་བརྟེན་པ་དུས་གཅིག་ལ་བསྐྱེད་པ་ནི་མ་བཤད་ལ། ལྷ་ལྔའི་སྒྲུབ་ཐབས་སུ་ཐོག་མར་གཞལ་ཡས་ཁང་བསྐྱེད། རྗེས་སུ་མངོན་བྱང་ལྔ་ལས་ལྷ་བསྐྱེད་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། རྟེན་དང་བརྟེན་པ་མངོན་བྱང་ལྔ་ལས་བསྐྱེད་པ་ལ་སོགས་པ་སྤྲོས་པའི་ཁུར་ཆེན་པོ་འདི་ལྟ་བུ་སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་གཞུང་གི་དངོས་བསྟན་མ་ཡིན་ཏེ། གཞུང་ཆེ་བར། འོད་ཟེར་འཕྲོས་པས་མངོན་གྲུབ་པ། །བསྐུལ་ནས་ཕྱག་འཚལ་རང་ལུས་གཞུག །རྐང་པ་སུམ་མདོ་ལྟེ་སྙིང་ག །རླུང་དང་མེ་ཆུ་ས་ཡིན་ནོ། །ཞེས་དང༌། གཞུང་ཆུང་ངུ་ལས། མཛོད་སྤུའི་ནང་ནས་རང་ལུས་བཞུགས། །ལུས་ལ་རྟེན་དང་བརྟེན་པ་ཡི། །འཁོར་ལོ་གསལ་གདབ་ཉེ་བར་དམིགས། །ཞེས་ཚོགས་ཞིང་རང་ལ་བསྟིམ་པའི་རྗེས་སུ་ལུས་དཀྱིལ་བསྒོམ་པར་བཤད་ཀྱི། བསྐྱེད་ཆོག་ཟུར་པ་མ་བསྟན་པའི་ཕྱིར་རོ། །གལ་ཏེ་ཚོགས་ཞིང་ཐིམ་པ་ལས་རྟེན་དང་བརྟེན་པ་བསྐྱེད་པའི་བསྐྱེད་ཆོག་བདེ་མཆོག་གི་རྒྱུད་དང་དེའི་འགྲེལ་པ་དང་རྒྱ་གཞུང་རྣམས་གང་ནས་ཀྱང་མ་གསུངས་ཤིང༌། དངོས་སུ་མ་ཟིན་ཀྱང་དོན་ལ་ཐོབ་པའི་ཤེས་བྱེད་ཀྱང་ཅི་ཡང་མི་སྣང་བའི་ཕྱིར་རོ། །ཞེས་སྨྲའོ། །འདིའང་མི་འཐད་དེ། རྒྱུ་ཚོགས་ཞིང་ཐིམ་པ་ལས་འབྲས་བུ་ལུས་དཀྱིལ་བསྐྱེད་ཅེས། སྔོན་བྱོན་པའི་བདེ་མཆོག་པ་རྣམས་ཀྱང་མི་བཞེད་ལ་ཁོ་བོ་ཅག་གིས་ཀྱང་མ་སྨྲས་སོ། །ཚོགས་ཞིང་ཐིམ་པའི་རྗེས་སུ་སྐད་ཅིག་གིས་བསྐྱེད་པ་ཡིན་པར་འོག་ནས་འཆད་དོ། །དེ་བཞིན་དུ་ཤུགས་བསྟན་ཡང་མ་ཡིན་ཏེ། ཤུགས་བསྟན་གྱི་དོན་ནི། གཞུང་གི་སྒྲས་དངོས་སུ་མ་ཟིན་ཀྱང༌། དོན་གྱིས་ཐོབ་ཅིང་དངོས་བསྟན་དང་མི་འགལ་བ་ཅིག་དགོས་པ་ལས། ཁྱེད་ཀྱིས་ལུགས་འདི་ནི་གཞུང་གི་དངོས་བསྟན་དང་འགལ་ཏེ། རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་དུ་འདོད་དོ། །ཨིནྡྲ་ནཱི་ལ་མཚུངས་པའི་མདོག །ཞལ་བཞི་རེ་རེ་སྤྱན་གསུམ་པ། །རྩ་བའི་ལུས་མདོག་ལྗང་དང་དམར། །ཞེས་སོགས་ནས། བདེ་ཆེན་ཐུགས་རྗེའི་རང་བཞིན་ཅན། །ཁ་སྦྱོར་ཕྱི་ཉིད་ལེགས་ཤེས་པས། །ཐུགས་སུ་ཨ་བ་དྷཱུ་ཏཱི་ཧཱུྃ། །མ་བཅོམ་ནང་གི་བདག་ཉིད་དོ། །ཞེས་པའི་བར་གྱིས། དང་པོར་རྟེན་ལུས་དཀྱིལ་དང་དེ་ནས་ཕྱིའི་ཧེ་རུ་ཀ་བསྒོམ་པ། དེ་ནས་བརྟེན་པ་ལུས་དཀྱིལ་རྣམས་བསྒོམ་པར་བཤད་ལ། ཁྱེད་ཀྱིས་དང་པོར་ཕྱིའི་ཧེ་རུ་ཀ་བསྐྱེད་ནས། དེའི་ལུས་རྟེན་དང་བརྟེན་པ་གཉིས་ཀ་འགོད་པས་གཞུང་དང་དངོས་སུ་འགལ་བ་ཡིན་ནོ། །གསུམ་པ་ནི། ལོ་ཧི་པ་དང༌། དྲིལ་བུ་པའི་སྒྲུབ་ཐབས་གཉིས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་དམ་ཡོད་གྲང༌། དང་པོ་ལྟར་ན་མི་འཐད་དེ། ལོ་ཧི་པ་རྣལ་འབྱོར་རྒྱས་ལ། དྲིལ་བུ་པ་ནི་ཤིན་ཏུ་བསྡུས་པར་སྣང་བ་དང༌། རྣལ་འབྱོར་རྒྱས་པ་དེ་དབང་པོ་རྟུལ་འབྲིང་གཉིས་དང༌། བསྡུས་པ་དེ་དབང་པོ་རབ་ཀྱི་ལམ་དུ་བཤད་ལ། དབང་རྣོན་ལ་བསྟན་པའི་ལམ་དེ་ནི་ཤིན་ཏུ་ཟབ་པ་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དེ་ལས་ཐེག་ཆེན་ཟབ་པ་བཞིན་ནོ། །དེས་ན་རྣལ་འབྱོར་འདི་གཉིས་ཀྱང༌། ལུས་དཀྱིལ་རྐྱང་པ་འདི་ཤིན་ཏུ་ཟབ་པར་གྲུབ་པ་ཡིན་ནོ། །མདོར་ན་ཁྱེད་ཀྱིས་སྦྱར་བའི་ལོ་ཧི་པ་དང༌། དྲིལ་བུ་པའི་སྒྲུབ་ཐབས་གཉིས་ལ་འཁོར་གྱི་ལྷ་རེ་གཉིས་ཕྱི་དཀྱིལ་ལ་འགོད་པ་འདི་མ་གཏོགས་གཞན་ཁྱད་པར་ཅུང་ཟད་ཀྱང་མི་སྣང་བས། དྲིལ་བུ་པ་འཁོར་མེད་པས་ཟབ་པར་ཁས་བླངས་དགོས་པར་འགྱུར་ལ། དེ་ལྟར་ན་འཁོར་མང་ཉུང་གཉིས་ལས་ཉུང་བ། ཡོད་མེད་གཉིས་ལས་མེད་པ་རྣམས་ཟབ་པར་འགྱུར་ལ། རིགས་པ་འདིས་ཞལ་ཕྱག་མང་བ་ལས་ཉུང་བ་ཟབ་པ་སོགས་སྐྱོན་མཐའ་ཡས་པར་འགྱུར་རོ། །གཉིས་པ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་བཞེད་པས། ལུས་ཀྱི་དཀྱིལ་འཁོར་གྱི་རྟེན་གཞལ་ཡས་ཁང་པ་དང༌། བརྟེན་པ་ལྷ་རྣམས་ཆོ་ག་ཇི་ལྟ་བུ་ལས་བསྐྱེད་སྙམ་ན། ཚོགས་རྟེན་གྱི་དཀྱིལ་འཁོར་རང་ལ་ཐིམ་པའི་རྗེས་སུ། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་པ་ཡིན་ཏེ། རྗེ་བཙུན་རྩེ་མོས། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་སྨིན་མཚམས་སུ་བསྟིམ་པར་བྱའོ། །དེའི་རྗེས་ལ་རང་གི་ལུས་ཀྱི་དཀྱིལ་འཁོར་གསལ་བར་བྱ་སྟེ། ཞེས་དང༌། རྗེ་བཙུན་ཆེན་པོས། བཅོམ་ལྡན་འདས་བདག་གི་སྨིན་མཚམས་ནས་ཞུགས་ཏེ་ལུས་ལ་ཐིམ་པས་བདག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དུས་གཅིག་ལ་ཝལ་གྱིས་བསྐྱེད་ལ་རིམ་གྱིས་གསལ་གདབ་པར་བྱ་བ་ནི། ཞེས་དང༌། མར་དོ་ཆོས་ཀྱི་དབང་ཕྱུག་གིས། གུས་པར་བྱས་པས་དེ་དག་འོད་དུ་གྱུར་པས་རང་ལ་བསྟིམ། སྐད་ཅིག་གིས་ལུས་རྟེན་དང་བརྟེན་པར་གྱུར་ཏེ། ཞེས་བཤད་པས། སྔོན་གངས་ཅན་གྱི་ཁྲོད་དུ་བྱོན་པའི་བདེ་མཆོག་གི་རྒྱུད་འགྲེལ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་ཐམས་ཅད་དོན་འདི་ལ་མི་མཐུན་པ་མེད་ལ། ཕྱིས་ཀྱི་མཁས་པ་བུ་སྟོན་ཐམས་ཅད་མཁྱེན་པའང་སྔ་རབས་པ་རྣམས་དང་འདྲ་བར་བཞེད་དེ། དེ་ཉིད་ཀྱི་སྦྱར་བའི་སྒྲུབ་ཐབས་ལས། བཅོམ་ལྡན་འདས་སྨིན་མཚམས་ནས་རང་གི་ལུས་ལ་གཞུག་གོ །རང་དང་དབྱེར་མེད་དུ་གྱུར་པས། རང་གི་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྐད་ཅིག་གིས་བསྐྱེད་ལ། རིམ་གྱིས་གསལ་གདབ་སྟེ། ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་དྲིལ་བུ་ཁ་ཆེ་ལུགས་དང༌། ཆག་ལུགས་ལ་སོགས་པ་རྣམས་ནས་ཀྱང༌། འདི་བཞིན་དུ་བཤད་པས། ལུགས་འདི་ནི་རྒྱུད་འགྲེལ་དང་སློབ་དཔོན་གྱི་དགོངས་པ་མཐར་ཐུག་པར་སྣང་སྟེ། རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ལེའུ་གཉིས་པར། འཁོར་ལོ་གསུམ་གྱི་རྣལ་འབྱོར་མའི་ཚོགས་ཐབས་དང་བཅས་པ་ཉི་ཤུ་རྩ་བཞིའི་གནས་རྣམས་སུ་སྐད་ཅིག་གིས་བཀོད་པས་ལུས་རྣམ་པར་སྦྱོང་ངོ༌། །ཞེས་བཤད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་སྐད་ཅིག་གིས་བསྐྱེད་པ་དེ་ནི། བསྐྱེད་རིམ་སྔོན་དུ་བརྟན་པར་བྱས་ནས། རྫོགས་རིམ་བསྒོམ་པའི་སྐབས་སུ་ཡིན་ལ། ལུས་དཀྱིལ་གྱི་བསྐྱེད་རིམ་བསྒོམ་པ་འདི་ནི་རྒྱུད་སྨིན་པར་བྱེད་པའི་དོན་དུ་ཡིན་པའི་ཕྱིར་དང༌། སྡོམ་འབྱུང་ལས། དབང་པོ་རྟུལ་འབྲིང་གིས་བསྐྱེད་རིམ་རིམ་གྱིས་དང༌། རྣོན་པོས་སྐད་ཅིག་མ་གཅིག་ལ་བསྒོམ་པར་གསུངས་པའི་དགོངས་པ་ཡང༌། འགྲེལ་པས་གང་ཟག་གཅིག་ཉིད་ཀྱི་ལམ་དུ་ཕྱེ་ལ། དབང་པོའི་རིམ་པས་གཞག་པ་ལ་བཤད་པ་ཡིན་ལ། རྣལ་འབྱོར་རྫོགས་ཕྲེང་ལས་ཀྱང༌། དེ་ལྟར་བཤད་པའི་ཕྱིར་ན། རྒྱུད་དེའི་དོན་ཡང་མིན་ནོ། །ཞེས་སྨྲའོ། །འདིའང་མི་འཐད་དེ། སྐད་ཅིག་གིས་བསྐྱེད་པ་ཐམས་ཅད་རྫོགས་རིམ་གྱི་སྔགས་ཀྱི་སྐུ་བསྐྱེད་པ་ཁོ་ན་ཡིན་ན། སྡོམ་འབྱུང་ལེའུ་གཉིས་པའི་འགྲེལ་པར། ས་བོན་ལ་སོགས་པ་དང་བྲལ་བས་སྐད་ཅིག་འོད་གསལ་ལས་སྐྱེས་པ་ནི་སྐྱེ་གནས་རྫུས་ཏེ་སྐྱེས་པའོ། །སྐྱེ་གནས་རྫུས་ཏེ་སྐྱེས་པ་ཉིད་ཟབ་མོ་བསྐྱེད་པའི་རིམ་པ་དང༌། བརྟག་པ་རྫོགས་པའི་རིམ་པར་ཡང་རྣམ་པར་གཞག་པར་བྱའོ། །ཞེས་སྐད་ཅིག་གིས་བསྐྱེད་པའི་ཆོ་ག་བསྐྱེད་པ་རྫོགས་པ་གཉིས་ཀ་ལ་བཤད་པའི་ཕྱིར་རོ། །དབང་པོ་རྟུལ་འབྲིང་གི་བསྐྱེད་རིམ་རིམ་གྱིས་དང༌། རྣོན་པོས་སྐད་ཅིག་མས་བསྒོམ་པར་གསུངས་པ། གང་ཟག་གཅིག་གི་ལམ་གྱི་སྔ་ཕྱི་ལ་གཞག་པ་ཡིན་མོད། དེས་དྲིལ་བུ་པའི་ལུགས་ཀྱིས་སྐད་ཅིག་གིས་བསྐྱེད་པ་ལ་མི་གནོད་དེ། དབང་གི་ཆོ་གར། བཅོས་མ་གཉིས་ཀྱི་ངོ་བོ་གང༌། དེ་ནི་གདུལ་བྱའི་དབང་གིས་འདོད། །མཁས་པས་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་དབང་རྣོན་ཁོ་ནའི་ལམ་དུ་བཤད་ཅིང༌། རྣལ་འབྱོར་རྫོགས་ཕྲེང་ཡང་དབང་རྣོན་ཁོ་ནའི་ལམ་ཡིན་གྱི། རྟུལ་འབྲིང་གཉིས་ཀྱི་ལམ་དུ་མ་བཤད་པའི་ཕྱིར་དང༌། སྒྲུབ་ཐབས་ཀྱི་གཞུང་གཅིག་གི་སྟེང་དུ་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱི་ལམ་ཐམས་ཅད་ཚང་དགོས་ན། ཕན་ཚུན་ནང་འགལ་བ་དུ་མ་འབྱུང་བའི་ཕྱིར་ཏེ། འདི་ལྟར་དབང་རྟུལ་ལས་དང་པོ་པའི་སྐབས་སུ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་དང༌། ཡེ་ཤེས་པ་དགུག་གཞུག་སོགས་མ་བྱས་ན། ལམ་གྱི་གནད་མཐའ་ཡས་པ་ཆད་པར་འགྱུར་ལ། དབང་རྣོན་གྱི་སྐབས་སུ་ནི། སློབ་དཔོན་ཨ་བྷཱ་ཡཱས། འདིར་རྫོགས་པའི་རྣལ་འབྱོར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པ་ནི་མ་བཤད་དོ། །ཞེས་སྔར་སྨོས་པ་དེ་དག་མི་དགོས་པར་བཤད་པའི་ཕྱིར་རོ། །ཡང་ལུས་དཀྱིལ་གྱི་སྒྲུབ་ཐབས་ལས་མ་བཤད་པས་ཁ་མི་བསྐང་ན་ནི། ཁྱེད་རང་གི་ལུང་དང་ཡང་འགལ་ལ། མངོན་རྟོགས་དང་དབང་ཆོག་གི་སྐབས་སུ་ངེས་པར་བྱ་དགོས་པ་དུ་མ་ཞིག་གཞག་དགོས་པར་འགྱུར་རོ། །ཞེས་སྨྲའོ། །འདིའང་མི་འཐད་དེ། དེ་སྒྲུབ་ཐབས་ཀྱི་སྐབས་སུ། དྲིལ་བུ་པའི་གཞུང་གི་ཚིག་དོན་གྱིས་མ་ཟིན་པའི་ཁ་བསྐང་པ་མེད་ལ། དབང་ཆོག་གི་འཇུག་པའི་སྐབས་སུ་ཁ་བསྐང་འགའ་མཛད་པ་འདྲ་མོད། སྤྱིར་ཡང་སློབ་དཔོན་ལངྐ་རྒྱལ་བ་བཟང་པོས། གང་ཕྱིར་དབང་བསྐུར་ཆོ་ག་ནི། །གཅིག་ཏུ་ཚང་བར་མ་བསྟན་གང༌། །གང་ཞིག་རྒྱུད་གཞན་ལས་གྲགས་པ། །བསྡེབས་ནས་གཅིག་ཏུ་ལེགས་བསྡུས་ནས། །དབང་བསྐུར་ཆོ་གའི་དགོངས་པ་ནི། །སློབ་མ་རྣམས་ལ་རྗེས་བརྩེ་ནས། །སྔགས་དང་ཚིགས་བཅད་གཞན་གྱི་ནི། །དེ་ཡང་འདིར་ནི་ཁ་བསྐང་བྱ། །ཞེས་དང༌། ཀཾ་ཀ་ཏ་པས། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བསྡུ་བར་བྱ། །ཞེས་གསུངས་པ་ལྟར། དབང་ཆོག་གི་རྒྱ་གཞུང་རྣམས་ལ་ཁ་བསྐང་དགོས་པ་ཤས་ཆེ་ལ། བྱེ་བྲག་ཏུ་གཞུང་འདིར་ནི། །དེ་ནས་ཐམས་ཅད་གྲུབ་པར་བྱ། །ཅེས་པའི་གཞུང་གིས་ཁ་བསྐང་དགོས་པར་བསྟན་པས་མི་འདྲ་བར་རིགས་པར་བྱའོ། །གལ་ཏེ་གཞུང་དེས་འོག་ནས་འབྱུང་བའི་དབང་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་མདོར་བསྟན་ཙམ་ཡིན་གྱི། འཇུག་པའི་ཆོ་ག་ཐམས་ཅད་གཞན་ནས་ཁ་བསྐང་སྟེ་བསྒྲུབ་པར་བྱའོ། །ཞེས་མ་བསྟན་ཏོ་སྙམ་ན་མི་འཐད་དེ། གཞུང་ལས། བདག་ཉིད་རྡོ་རྗེ་སློབ་དཔོན་དང༌། །དེ་བཞིན་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པའི་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔའི་ཆུ་འགྲུབ་བོ། །ཞེས་གསུངས་ལ། དེའི་དོན་ཁ་ཆེ་རིན་ཆེན་རྡོ་རྗེས། སློབ་མ་བདག་ཉིད་དུ་བསམ་སྟེ། དེ་ནས་ཐམས་ཅད་བསྒྲུབ་པར་བྱ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་པས། མེ་ཏོག་ཕྲེང་བ་འཛིན་བཅུག་སྟེ། དར་གྱིས་མིག་གཉིས་བཀབ་བྱས་ཏེ། །བུམ་པའི་ཆུ་ཡིས་བསང་བར་བྱ། །ཀྱེ་ཧོ་སུ་ཞིག་བྱ་བའི་སྒྲས། །དེ་ནས་གཞུག་ཕྱིར་བྲི་བྱ་སྟེ། །བདེ་བ་ཆེན་པོ་སྐལ་བཟང་བདག །འཇུག་པས་ཀྱང་ནི་སྨྲ་བར་བྱ། །སློབ་མའི་སྙིང་གར་རྡོ་རྗེ་ནི། །བཞག་ནས་འདི་སྐད་བརྗོད་པར་བྱ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་ཏྭ་ད་ཡཱ་མི་སུ་ར་ཏེ་ས་མ་ཡ་སྟྭྃ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁྃ། དེ་སྐད་བྱང་ཆུབ་སེམས་བསྐྱེད་དེ། །ཡང་ན་འདི་ལྟར་བརྗོད་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་གྱུར་པ། །ཐམས་ཅད་ཀྱིས་ནི་བྱིན་བརློབས་ཀྱིས། །ཁྱོད་ཀྱི་དེ་བཞིན་གཤེགས་ཀུན་གྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །མ་ཞུགས་པ་ལ་མ་སྨྲ་ཞིག །མི་དད་པར་ཡང་མ་བྱེད་ཅིག །ཞེས་ནི་དེ་ལྟར་བརྗོད་པར་བྱ། །ཛཿཧཱུྃ་བྃ་ཧོཿཞེས་བྱ་བ་འདིས། །སློབ་མ་ཡོལ་བའི་ནང་ཁྲིད་དེ། །འཇུག་འགྱུར་དཀྱིལ་འཁོར་ཤར་སྒོ་རུ། །བཞག་ལ་འདི་སྐད་བརྗོད་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་རིགས་ཀྱིས། །རིགས་སུ་ཞུགས་ཏེ་དེ་བས་ན། །ང་ཡིས་ཁྱོད་ལ་རྡོ་རྗེ་ཡི། །ཡེ་ཤེས་བསྐྱེད་པར་བྱ་བ་སྟེ། །ཁྱོད་ནི་ཡེ་ཤེས་གང་ཞིག་གིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དངོས་གྲུབ་ཀྱང་ནི་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱོད་ཀྱང་ཡང་ནི་དཀྱིལ་འཁོར་འདི། །མཐོང་མིན་རྣམས་ལ་མ་སྨྲ་ཤིག །འོན་ཏེ་སྨྲས་པར་གྱུར་ན་ནི། །དེ་མ་ཐག་ཏུ་དམ་ཚིག་ཉམས། །སྤྱི་བོར་རྡོ་རྗེ་བཞག་ནས་ཀྱང༌། །འདི་སྐད་ཅེས་ནི་བརྗོད་པར་བྱ། །འདི་ཁྱོད་རྡོ་རྗེའི་དམ་ཚིག་སྟེ། །གལ་ཏེ་ཁྱོད་ཀྱི་འདི་སྨྲས་ན། །ཀླད་པ་ངེས་པར་འགས་གྱུར་ཅིང༌། །དམ་ཚིག་ཉམས་པར་འགྱུར་བ་ཡིན། །མེ་ཏོག་དང་བཅས་རྡོ་རྗེ་ནི། །སྙིང་གར་བཞག་ལ་འདི་སྐད་བརྗོད། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་སྐད་བརྗོད་པ་བྱས་ནས་ནི། །མནའ་ནི་རབ་ཏུ་དགག་པར་བྱ། །པདྨའི་སྣོད་དུ་བཞག་པ་ལ། །ཡང་ནི་བདུད་རྩི་བསྒྲུབ་བྱ་སྟེ། །བློ་དང་ལྡན་པས་ཡིག་གསུམ་གྱིས། །བྱིན་གྱིས་བརླབ་པར་བྱ་བ་ཡིན། །འདི་ནི་བུ་ཡི་དམྱལ་བའི་ཆུ། །སྲུངས་ཤིག་མ་བསྲུངས་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་ཀུན་འགྲུབ་པས། །གྲུབ་པའི་བདུད་རྩི་ཆུ་འཐུངས་ཤིག །ཅེས་ཁ་སྐོང་རྣམས་རྒྱས་པར་བཤད་པས་སྐྱོན་མེད་དོ།།  །། ༄། །སྭ་སྟི་སིདྡྷཾ། གང་དག་མཚན་གྱི་གཟི་འོད་རེ་རེས་ཀྱང༌། །འཁོར་བ་ངན་འགྲོའི་འཇིགས་པའི་མུན་སྟུག་ཚོགས། །མཐར་བྱེད་ཕན་བདེའི་སྣང་བའི་མཛོད་འཛིན་པ། །སྟོན་མཆོག་ཉིན་མོར་བྱེད་པ་གཙུག་གིས་མཆོད། །གང་གི་དཔལ་མགུར་སྐྱེ་བ་ལྔ་པའི་སྒྲ། །ལྷོད་པོར་ལྡིར་ཁོངས་ང་ཡི་བསྟན་འཛིན་མཆོག །ཀུན་དགའ་བཟང་ཞེས་ལུང་གིས་བསྔགས་པ་ཆེའི། །གྲགས་པ་རྨད་དུ་བྱུང་དེ་ཕྱག་གི་ཡུལ། །མཁས་དང་གྲུབ་པའི་ཡོན་ཏན་ཕྱོགས་རེ་ལ། །སྒྲོ་བཏགས་རྡོ་རྗེ་འཆང་དུ་བསྔགས་མིན་ཀྱང༌། །རྒྱལ་བས་རྒྱལ་བར་ལུང་བསྟན་རྔ་བོ་ཆེ། །སྲིད་པའི་ཁོངས་སུ་སྙན་པ་འདིས་ཀྱང་ངོ༌། །སུ་ཞིག་གསོལ་བ་བཏབ་པས་རེ་སྐོང་འབྲས། །རྩོལ་བས་མཚུངས་ཀྱང་ཐུབ་མཆོག་བསྟན་པ་ལ། །མཁས་ཚུལ་གསུམ་གྱི་འདོད་པ་འཇོ་བ་ཡིས། །ཁྱད་འཕགས་ཁྱོད་ལས་དཔག་བསམ་ཡོངས་འདུ་དམན། །བསླབ་སྦྱངས་ཕྲ་མོའི་སྦྲང་བུས་ཤེས་བྱའི་མཁའ། །གཞལ་འདོད་རྣམ་ཐར་ཕལ་དང་མཚུངས་མིན་པར། །མདོ་སྔགས་ཀུན་མཁྱེན་གཤོག་རྩལ་ཡོངས་རྫོགས་པའི། །སྔོན་མེད་མཁའ་ལྡིང་དབང་པོ་ཨེ་ཝཾ་པ། །གསལ་བར་བྱས་སོ་ནོར་ལྡན་ཡངས་པའི་ཁྱོན། །ཉིན་མཚན་མགོན་པོ་ཟུང་གིས་རེས་མོས་སུ། །ཆོས་སྤྱན་ལྡན་པ་གང་གི་ཕྲིན་ལས་ཀྱིས། །ལུང་དང་རྟོགས་པའི་བསྟན་པ་མཐའ་དག་ཀྱང༌། །ཐོས་ན་དད་པའི་རྩ་བ་རབ་ཏུ་བརླིང༌། །བསམ་ན་ཡོན་ཏན་ལོ་འདབ་ཕྱོགས་བཅུར་རྒྱས། །བསྒོམ་པས་མངོན་མཐོ་ངེས་ལེགས་འབྲས་བུ་བཟང༌། །སྟེར་བའི་བསྟན་བཅོས་ཆེ་འདིར་སུ་མི་དད། །རྒྱལ་གསུང་དྲི་མེད་གྲུབ་བརྙེས་རིག་འཛིན་གྱིས། །ལེགས་བཀྲལ་སྙན་བརྒྱུད་བདུད་རྩིའི་དྲོད་རླངས་ཅན། །འདི་ཀོ་ཁུངས་མེད་རྟོག་བཟོའི་གླེགས་བམ་གྱིས། །འགྲན་ཟླར་གྱུར་མིན་འཆོས་སྐྱོབ་གཉིས་ལྡན་ཉིད། །འགལ་འདུའི་མེ་ཁྱེར་སྣང་བ་ཕྲ་མོ་ཡིས། །བླང་དོར་འཛུམ་རྒྱ་གྲོལ་འདོད་པད་དཀར་ཚོགས། །ཚུར་ཤོག་ཆོས་འདིའི་ཉིན་བྱེད་འོད་འཐུང་དང༌། །དོན་གཉིས་འདབ་ཡངས་དགོད་ལ་སོམ་ཉི་ཅི། །དེ་ལྟའི་མདོ་སྔགས་བཞེད་གཞུང་མ་ནོར་ལམ། །ཅི་བཞིན་བཀྲལ་བའི་གསུང་རབ་ཡིན་བཞིན་ནོར། །བོད་ཆེན་ཡངས་པར་དབང་སྒྱུར་ཆོས་རྒྱལ་ཆེས། །རྒྱུ་སྦྱོར་བཀོད་པས་ངོ་མཚར་པར་དུ་བསྐྲུན། །རྒྱ་ཆེན་ལེགས་བྱས་འདིས་མཚོན་དགེ་ཚོགས་མཐུས། །རྣམ་འདྲེན་བཞི་པའི་ལུང་རྟོགས་དྲི་མེད་རྒྱུན། །སྤྱི་དང་བྱེ་བྲག་ཀུན་དགའ་རྣམ་གཉིས་ཀྱི། །རིང་ལུགས་དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག །དེ་ཚུལ་སྣང་བྱེད་ཡོངས་འཛིན་མཆོག་རྣམས་ཀྱི། །སྐུ་ཚེ་ཕྲིན་ལས་སྲིད་མཐར་འཕེལ་རྒྱས་ཤིང༌། །བསྟན་འཛིན་ཚོགས་མཆོག་རིག་གྲོལ་འདུས་པའི་སྡེས། །དབྱིག་འཛིན་དགའ་མའི་བཞིན་རས་ཡོངས་ཁྱབ་ཤོག །ཁྱད་པར་སྡེ་བཞི་དགེ་བཅུའི་དབང་ཕྱུག་ཆེའི། །རིགས་སྟོབས་དཔལ་གྱིས་མངོན་མཐོའི་ལྷ་སྲས་མཆོག །ཕྱི་ནང་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཏེ། །སྐུ་ཚེ་བསྟན་སྲིད་ཡར་ཟླ་ལྟར་འཕེལ་ཤོག །འདི་སྨྲ་པོ་བདག་སྐྱེ་ནས་སྐྱེ་བ་ཀུན། །དལ་འབྱོར་རྟེན་ཐོབ་བཅུ་ཕྲག་རིག་གཞུང་ལ། །དབང་འབྱོར་སྟོབས་བཅུ་མངའ་བའི་བསྟན་པ་གང༌། །དཔྱད་གསུམ་དག་པས་འཛིན་སྐྱོང་སྤེལ་ནུས་ཤོག །ཡུལ་གྲུ་འདིས་མཚོན་ཡངས་པའི་ས་སྟེངས་ཀུན། །ནད་མཚོན་བཀྲེས་རྔབ་རྒུད་པ་ཀུན་ཞི་ཞིང༌། །འགྲོ་ཀུན་ཕན་ཚུན་བྱམས་པའི་འཛུམ་མདངས་བཅས། །རྫོགས་ལྡན་དང་པོའི་རྩེ་དགར་སྤྱོད་གྱུར་ཅིག །དེ་ལྟར་རྒྱལ་བ་ཉིད་ཀྱིས་དྲི་མེད་ལུང་གིས་བསྔགས་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་ཡོངས་སུ་གྲགས་པ་གོང་དེའི་གསུང་རབ་རིན་པོ་ཆེའི་གླེགས་བམ་གྱི་ཚོགས་རྣམས་སྟོབས་ཀྱི་དབང་ཕྱུག་༧ས་སྐྱོང་སྡེ་དགེ་བློ་གྲོས་རྒྱ་མཚོས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་པར་དུ་བསྐྲུན་པའི་པར་བྱང་དགེ་བསྔོ་ཉུང་ཟད་འདི་ནི། ༧རྗེ་ཞུ་ཆེན་ལྔ་རིག་པཎ་གྲུབ་རིན་པོ་ཆེ་ཞིང་ཁམས་བརྗེ་ཉེའི་སྐབས་པར་དཔོན་ཞུས་དག་པ་སོགས་ནས་འདི་བཞིན་གྱིས་ཤིག་ཅེས་བསྐུལ་བའི་ངོར། གོང་གི་རིགས་དབོན་ངག་དབང་དགེ་ལེགས་ལྷུན་གྲུབ་ཅེས་བྱ་བས་བྲིས་པ་དགེ་ལེགས་རྒྱ་ཆེན་པོ་འཕེལ་བར་གྱུར་ཅིག།  །།མངྒ་ལཾ།།  །། ༄༅། །རྒྱལ་བས་ལུང་དུ་བསྟན་པའི་སྐྱེས་བུ་དམ་པ་གྱུར་པ་རྫེ་བཙུན་ཨེ་ཝཾ་པ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་མཚན་གྱི་གྲགས་པ་སྲིད་གསུམ་ཁྱབ་པ་དེ་ཉིད་གྱི་ཞལ་སྔ་ནས་མཛད་པའི་གསུང་རབ་རིན་པོ་ཆེ་གླེགས་བམ་བཞིའི་གྲངས་ཅན་འདི། སྔོན་ས་དབང་བློ་གྲོས་རྒྱལ་མཚན་སྐུ་དུས་སྤར་སྐོ་བའི་བདག་རྐྱེན་མཛད་ཀྱང༌། མ་དཔེ་མ་དག་པའི་དབང་གིས་ལྷག་ཆད་དང་འབྲུ་ནོར་མང་དུ་མཆིས་པ་ལ། སླར་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟའི་ལོར། དམ་པ་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེ་ལ་བྱི་དོར་བླ་ན་མེད་པ་མཛད་པའི་ཐུགས་སྐྱེད་ཅན་ལྷ་རིགས་བླ་མ་ངག་དབང་བསྟན་འཛིན་གྱིས། འཇམ་མགོན་བླ་མ་སོགས་མཁས་གྲུབ་ཆོས་སྤྱན་ལྡན་པ་རྣམས་ལ་ཞུ་དག་གི་བཀའ་དྲིན་ཞུས་ཏེ་སྤར་རྣམ་དག་ཏུ་གྲུབ་པ་བགྱིས་པའི་དགེ་བས། དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་སྐྱེ་རྒུ་རྣམས་བདེ་སྐྱིད་ལ་སྤྱོད་པའི་རྒྱུར་གྱུར་ཅིག་གུ། སླར་སྨྲས་པ། གྲངས་མེད་ཚོགས་རྫོགས་ཐུབ་པ་ཉིན་མོར་བྱེད། །སྨོན་ལམ་འབུམ་ཕྲག་ཤིང་རྟས་ཉེར་དྲངས་ཤིང༌། །བཅུ་གཉིས་ཟེར་གྱིས་འགྲོ་བློ་འདབ་བརྒྱའི་ཚལ། །རྒྱས་མཛད་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །རྨད་བྱུང་གསང་གསུམ་སྣང་བ་དཀར་པོ་ཡིས། །ཐུབ་བསྟན་ཆུ་གཏར་རྒྱས་པའི་ཕྲིན་ལས་ཅན། །ས་སྐྱའི་འཇམ་མགོན་ལྟ་གྲུབ་བརྒྱུད་འཛིན་བཅས། །མཐུན་པ་མིན་པའི་དཔུང་ལས་རྒྱལ་གྱུར་ཅིག །རྒྱལ་བས་ལུང་བསྟན་ཕྲིན་ལས་རྒྱལ་དང་མཚུངས། །རྒྱལ་བས་ལེགས་གསུང་མདོ་སྔགས་རྒྱལ་བཞིན་བཀྲལ། །རྒྱལ་བའི་སར་གཤེགས་ཀུན་བཟང་རྒྱལ་བའི་སྲས། །རྒྱལ་བསྟན་རྣམ་དག་སྤེལ་ཕྱིར་རྒྱལ་ཁྱོད་བསྔགས། །གང་གི་གསུང་རབ་རྙོག་བྲལ་མ་དྲོས་མཚོ། །ལེགས་བཤད་ཆུ་ཀླུང་བྱེ་བའི་འབྱུང་གནས་ལ། །རོལ་བའི་མཁས་གྲུབ་ཡིད་བཞིན་ནོར་བུའི་ཕྲེང༌། །སྐལ་ལྡན་ཀླུ་དབང་གཙུག་ན་མཛེས་གྱུར་ཅིག །ལུང་རྟོགས་བསྟན་པ་ཡོངས་རྫོགས་ལྗོན་བཟང་མཆོག །བཤད་སྒྲུབ་རྣམ་དག་འབྱུང་བཞིས་ལེགས་བསྐྲུན་པ། །གནས་སྐབས་མཐར་ཐུག་ཕན་བདེའི་འབྲས་བུའི་ཚོགས། །མི་ཉམས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །རིང་ནས་བསགས་པའི་འབྲས་སྨིན་སྡེ་བཞིའི་དཔལ། །ལྷུན་གྱིས་གྲུབ་ཅིང་དགེ་བཅུས་ས་གསུམ་ཁྱོན། །དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་མཆེད་ཞལ་གྱི། །རྣམ་དཀར་མཛད་ཕྲིན་སྲིད་རྩེར་སོན་གྱུར་ཅིག །བཀྲ་ཤིས་ཆོས་སྐུའི་རང་བཞིན་ཀུན་གསལ་ངོས། །བཀྲ་ཤིས་གདུལ་བྱའི་སྣང་ཆ་གཟུགས་སྐུའི་སྤྲིན། །བཀྲ་ཤིས་ཆོས་ཆར་དེ་འཛིན་ཚོགས་མཆོག་ཀླུ། །བཀྲ་ཤིས་སྐྱེ་རྒུའི་བླ་ན་བརྟན་གྱུར་ཅིག །དགེ་བ་འདི་དང་འཁོར་འདས་ལེགས་བྱས་ཚོགས། །མོས་པའི་སྟོབས་ཀྱིས་ཀུན་བཟང་སྤྱོད་བཞིན་དུ། །དམིགས་བྲལ་བྱང་ཆུབ་སྙིང་པོར་བསྔོས་པའི་མཐུས། །འགྲོ་རྣམས་བདེ་སྟོང་ཟུང་འཇུག་སྐུར་གྱུར་ཅིག།  །།ཅེས་སྤར་བྱང་ཤིས་བརྗོད་བཀྲ་ཤིས་པའི་གྲངས་ལྡན་འདི་ལྷ་སྲས་བླ་མ་མཆོག་གི་བཀའ་ལྟར་བནྡེ་འཇམ་དབྱངས་མཁྱེན་རབ་ཀྱིས་བྲིས་པ་དགེ་ལེགས་འཕེལ།།  །།སརྦ་མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*