སྤྱོད་རྒྱུད་སྤྱིའི་རྣམ་བཞག བྱ་རྒྱུད་སྤྱིའི་རྣམ་བཤད། ཀ༽

༼ཨ༽༄༅། །སྤྱོད་པའི་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

སྤྱོད་པའི་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྨད་བྱུང་མཁྱེན་བརྩེའི་སྤྱན་སྟོང་རབ་གསལ་ཞིང༌། །རྣམ་དག་རིག་པའི་རྡོ་རྗེ་དང་ལྡན་པའི། །ཕྱིར་རྒོལ་ལྷ་མིན་དཔུང་ཚོགས་འཇོམས་མཛད་པ། །ཡོངས་འཛིན་འཆི་མེད་དབང་པོ་ལ་ཕྱག་འཚལ། །ཚོགས་གཉིས་གྲུ་ཆེན་མཁྱེན་བརྩེའི་རླུང་གིས་བསྐྱོད། །སྟོབས་སོགས་ཡོན་ཏན་ནོར་བུས་རབ་བཀང་ནས། །བརྒལ་དཀའ་འཁོར་བའི་མཚོ་ལས་རྒལ་བ་པོ། །དེད་དཔོན་ཤཱཀྱའི་ཏོག་ལ་གུས་ཕྱག་འཚལ། །གང་གི་རང་བཞིན་སྤྲོས་ཀུན་ཉེར་ཞི་ཡང༌། །གདུལ་བྱའི་དོན་དུ་དཀྱིལ་འཁོར་ལྷ་ཡི་ཚོགས། །རྣམ་མང་སྤྲུལ་པས་འཇིག་རྟེན་གསལ་མཛད་པ། །ཡེ་ཤེས་སྐུ་ཅན་འཁོར་ལོའི་དབང་ཕྱུག་རྒྱལ། །རླབས་ཆེན་ཤེས་བྱའི་གནས་ལ་མ་རྨོངས་ཤིང༌། །ཟབ་ཡངས་སྔགས་ཚུལ་རྒྱ་མཚོའི་ཕ་མཐར་སོན། །སངས་རྒྱས་གསུང་གི་གསང་བའི་མཛོད་འཛིན་པའི། །སྤྱོད་རྒྱུད་ཤིང་རྟའི་སྲོལ་འབྱེད་དེ་ལ་འདུད། །རབ་མང་རྒྱུད་དང་འཕགས་ཡུལ་འགྲེལ་པ་དང༌། །གངས་ཅན་མཁས་པའི་ལེགས་པར་བཤད་པ་རྣམས། །མ་ཉམས་ཡུན་དུ་རྒྱས་པར་བྱ་ཕྱིར་དུ། །སྤྱོད་རྒྱུད་སྤྱི་ཡི་རྣམ་གཞག་བཤད་ཀྱིས་ཉོན། །འདིར་བདག་ཅག་རྣམས་ཀྱི་སྟོན་པ་རྨད་དུ་བྱུང་བའི་ཐུགས་རྗེ་དང་བརྩོན་འགྲུས་མངའ་བ་དེས་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་བརྙེས་པར་མཛད་ནས། གདུལ་བྱ་རྣམས་དེ་ཁོ་ན་ཉིད་ལ་གཟུད་པར་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། སྔགས་ཀྱི་ཐེག་པ་གཉིས་སུ་འདུས་པ་ཡིན་ཏེ། རྣམ་སྣང་མངོན་བྱང་གི་བསྡུས་དོན་གྱི་འགྲེལ་པར། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་དག་ཉིད། གསང་སྔགས་ཀྱི་སྤྱོད་པ་སྟོན་པར་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་བྱེད་པའི་མདོ་སྡེ་རྣམས་ཀྱིས་བསྟན་ཏོ། །ཞེས་སོ། །དེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི། བདག་ཏུ་ལྟ་བའི་ང་རྒྱལ་ཆེན་པོ་ལ་མངོན་པར་ཞེན་པའི་འགྲོ་བ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་བསྟན་པའི་སྒོ་ནས་བདག་མེད་པ་རྟོགས་པར་མཛད་ཅིང༌། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཟབ་ཅིང་རྒྱ་ཆེ་བ་བསྟན་ཏོ། །སྔགས་ཀྱི་ཐེག་པར་ནི། ཟབ་མོ་ལ་ལྷག་པར་མོས་པས་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་སྣོད་དུ་གྱུར་པ་རྣམས་ལ། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་གསུངས་ཏེ། སྨྲྀ་ཏིའི་རྣམ་འཛོམས་འགྲེལ་པར། དེ་ལྟ་བུའི་རྒྱུད་དེ་ཡང་གདུལ་བྱའི་ཁྱད་པར་དང༌། བརྗོད་བྱ་དོན་གྱི་ཁྱད་པར་གྱི་རྣམ་པ་བཞིའོ། །དེའང་གང་ཞེ་ན། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དོ། །གཞན་དག་རྒྱུད་གོང་མས་ལྟ་བ་སྟོན་ཅིང༌། འོག་མས་སྤྱོད་པ་སྟོན་པས་གཉིས་ཀའི་རྒྱུད་དང་ལྔའོ། །ཞེས་འདོད་པ་ནི་མི་འཐད་དེ། དེ་ལྟ་ན་ནི། རྒྱུད་ལ་ལ་ནས། རྒྱུད་ཕལ་ཆེར་གྱི་དོན་ཚང་བར་གསུངས་པའང་ཡོད་པས། རྒྱུད་སྡེ་ལྔ་ལས་ཀྱང་ལྷག་པར་འགྱུར་ཏེ། ཉེས་པ་འདི་ཡང་སྤང་བ་དཀའོ། །དེའི་ཕྱིར་རྒྱུད་སྡེ་ནི་བཞི་ཁོ་ནའོ། །ཞེས་སོ། །དེ་ལས་བྱེ་བྲག་ཏུ་སྤྱོད་པའི་རྒྱུད་དམ། གཉིས་ཀའི་རྒྱུད་ཅེས་ཡོངས་སུ་གྲགས་པའི་སྡེ་སྣོད་མཐའ་དག་གི་རྣམ་པར་གཞག་པ་འཆད་པ་ལ། དོན་ལྔ་སྟེ། ཐེག་པ་གཞན་ལས་སྤྱོད་པའི་རྒྱུད་ཁྱད་པར་དུ་འཕགས་ཚུལ། ཁྱད་པར་དུ་འཕགས་པའི་སྤྱོད་རྒྱུད་ཀྱི་སྒྲ་དོན། སྒྲ་དེ་ལྡན་གྱི་སྤྱོད་རྒྱུད་རྣམས་ངོས་བཟུང་ལ། དེ་དག་སྤྱོད་རྒྱུད་དུ་འཇོག་པའི་རྒྱུ་མཚན། རྒྱུད་དེ་རྣམས་ཀྱི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཕར་ཕྱིན་ཐེག་པ་ལས་སྤྱོད་རྒྱུད་ཁྱད་པར་དུ་འཕགས་ཚུལ་དང༌། བྱ་བའི་རྒྱུད་ལས་སྤྱོད་རྒྱུད་ཁྱད་པར་དུ་འཕགས་ཚུལ་ལོ། །དང་པོ་ནི། ཕར་ཕྱིན་ཐེག་པར། བསྐལ་པ་གྲངས་མེད་པ་གསུམ་ནས་འབྲས་བུ་མངོན་དུ་བྱེད་པ་ལས་གཞན་པའི་ཉེ་ལམ་མ་གསུངས་ལ། སྔགས་ཀྱི་ཐེག་པ་སྤྱི་དང༌། བྱེ་བྲག་ཏུ་སྤྱོད་པའི་རྒྱུད་རྣམས་ལས། ཚེ་འདི་ཉིད་ལ་འབྲས་བུ་མངོན་དུ་བྱེད་པའི་ཐབས་གསུངས་པས། ལམ་ཉེ་བ་འདིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། ཁྱད་པར་དུ་འཕགས་པ་གྲུབ་སྟེ། རྣམ་སྣང་མངོན་བྱང་ལས། གང་བསྐལ་པ་དུ་མར་རྩོལ་ཞིང་འབད་དེ། བྱ་དཀའ་བ་རྣམས་བརྩམས་ཀྱང་ཐོབ་པར་མི་འགྱུར་བ་དེ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་ཐོབ་པར་འགྱུར་རོ་ཞེས་དང༌། དེའི་རྒྱུད་ཕྱི་མར། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ཚེ་ཞེས་བྱ་བ་དེ་ནི། དེ་བཞིན་གཤེགས་པ་སྐྱེ་བ་ལ་འདུ་ཤེས་སུ་བྱ་བར་ཟད་དེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདུ་ཤེས་དེ་ཡང་ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ཐོབ་པའི་སྔོན་རོལ་ཉིད་དུ་འགག་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་སྐྱེ་བ་འདི་ཉིད་ལ་འབྲས་བུ་འགྲུབ་པའི་ལམ་ནི། འཇུག་པའི་སྤྱོད་པ་དང༌། སྦྱོར་བའི་སྤྱོད་པ་དང༌། སྒྲུབ་པའི་སྤྱོད་པ་གསུམ་ཡིན་ལ། འདི་དག་བྱ་རྒྱུད་ནས་ཇི་སྐད་བཤད་པ་ལྟར། སྤྱོད་རྒྱུད་ལས་ཀྱང་ཁྱད་པར་ཅུང་ཟད་མ་གཏོགས་པ་འདྲ་བར་གསུངས་ཏེ། རྒྱུད་སྡེ་གོང་མར། ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད། རབ་ཏུ་སྤྱད་པས་འགྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །ཞེས་བཤད་དོ། །ལམ་འདི་གསུམ་གྱི་ཁྱད་པར་འཕགས་ཚུལ་ཡང༌། ཁོ་བོས་བྱ་རྒྱུད་ཀྱི་རྣམ་གཞག་ཏུ་རྒྱས་པར་བཤད་ཟིན་པས་འདིར་མ་བྲིས་སོ། །གཉིས་པ་ལ་གཉིས། བྱ་རྒྱུད་ལས་ལམ་གང་གི་ཁྱད་པར་དུ་འཕགས་ཚུལ་དང༌། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བྱ་བའི་རྒྱུད་དུ་འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པའི་སྤྱོད་པ་གསུམ་གསལ་བར་བཤད་པས་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་འཕགས་པར་འགྲུབ་མོད། འོན་ཀྱང་ལམ་དེ་གསུམ་གྱི་སྐབས་སུ། རང་ཉིད་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པའི་རྣམ་པ་ཅན་གྱི་ང་རྒྱལ་བསྒོམ་པ་བྱ་བའི་རྒྱུད་གང་དུའང་མ་གསུངས་ལ། འདིར་སྤྱོད་པའི་རྒྱུད་ཐམས་ཅད་དུ། ལམ་དེ་ཉིད་གསལ་བར་གསུངས་པའི་ཕྱིར་ན། ཚུལ་འདིས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་སྐད་དུ་ཡང༌། རྣམ་སྣང་མངོན་བྱང་ལས། བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། བུམ་པ་སྤོས་ཆུས་བཀང་བ་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་མངོན་པར་བསྔགས་ཏེ། སྒོ་དང་པོར་བཞག་ལ། མཁས་པས་སྐྱེ་བོ་ཀུན་ལ་དེས་བསང་གཏོར་བྱའོ། །ཞེས་འཇུག་པའི་སྤྱོད་པའི་ཚེ་ཡང༌། བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམ་པ་དང༌། གཞི་ནི་རང་གི་ལྷར་བཞག་པ། རང་གི་ལུས་ཀྱི་གནས་ལ་བྱ། གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཞེས་སྦྱོར་བའི་སྤྱོད་པའི་སྐབས་སུ་ཡང་རང་ཉིད་ལྷ་སྐུར་བསྒོམ་པ་དང༌། དེ་ནས་སྙིང་པོ་སྙིང་གར་བཞག་ནས་ཡིད་བསྒྲུབ་པར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པ། དྲི་མ་མེད་པ། བརྟན་པ། རབ་ཏུ་མི་གཡོ་བ། རྣམ་པར་མི་རྟོག་པ། མེ་ལོང་ལྟ་བུ། རབ་ཏུ་ཕྲ་བ་ལ་མངོན་དུ་བལྟ་ཞིང༌། རྟག་ཏུ་གོམས་པའི་སྦྱོར་བས། རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་དུ་བྱའོ། །ཞེས་སྒྲུབ་པའི་སྤྱོད་པའི་ཚེ་ཡང༌། རང་སངས་རྒྱས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པར་གསུངས་པས། སྤྱོད་པ་གསུམ་གྱི་སྤྱི་བྱ་རྒྱུད་དང་འདྲ་ཡང༌། དེ་རྣམས་ཀྱི་དུས་སུ་བདག་ཉིད་སངས་རྒྱས་ཀྱི་སྐུའི་ང་རྒྱལ་བསྒོམ་པ་འདི་ཁོ་ནས་ཁྱད་པར་དུ་བྱས་པ་ཡིན་ནོ། །གཞན་ཡང་ལམ་འདིར་ནི། རྫོགས་སངས་རྒྱས་ཀྱི་བཅས་པ་ཡི། །བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང༌། །སྤྱོད་དང་བསླབ་པའི་གཞི་རྣམས་ལ། །གང་ཚེ་གནས་ནས་དེ་ཡི་ཚེ། །སྔགས་པས་འདི་ལྟར་སྔགས་སྒྲུབ་བོ། །ཞེས་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་གསུངས་པ་ལྟར། བརྟུལ་ཞུགས་དང་ཚུལ་ཁྲིམས་དང༌། བསླབ་པའི་གཞི་རྣམས་ལ་གནས་ནས། སྔགས་སྒྲུབ་དགོས་པ་ལས། རང་ལྷའི་སྐུར་བསྒོམ་པ་ནི། བརྟུལ་ཞུགས་ལ་སོགས་པའི་མཆོག་ཏུ་གསུངས་ཏེ། ཕྱག་རྡོར་དབང་བསྐུར་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན། ཇི་ལྟར་བརྟུལ་ཞུགས་ལ་གནས་པ་ཡིན། ཇི་ལྟར་སྤྱད་པ་སྤྱོད་པ་ཡིན། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་དུ་གནས་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་བ་དང༌། གསང་སྔགས་རྣམས་ལ་དངོས་གྲུབ་ཐོབ་པ་དང༌། ཐེག་པ་ཆེན་པོ་ལས་ཡོངས་སུ་མི་ཉམས་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང༌། འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་ལེགས་སོ་ལེགས་སོ་ཡང་ལེགས་སོ། །ཞི་བའི་བློ་གྲོས་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ཁོ་བོས་ཁྱོད་ལ་བཤད་དོ། །ཞི་བའི་བློ་གྲོས་གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བདག་ཉིད། རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་མངོན་པའི་ང་རྒྱལ་བསྐྱེད་ཅིང༌། འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། རྟག་ཏུ་དུས་ཐམས་ཅད་དུ་སྤྱོད་ཀྱང་མི་གཡོ་བ་དེའི་ཚེ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །གང་གི་ཚེ་ལྷས་བསྟན་པ་དེའི་ཚུལ་དང་མཐུན་པར་བྱ་བ་བྱེད་པ་དང༌། དེའི་རྣམ་པ་བསྟན་པ་དང༌། རྣལ་འབྱོར་ལ་བརྩོན་པ་དེའི་ཚེ་བརྟུལ་ཞུགས་ལ་གནས་པ་ཡིན་ནོ། །གང་གི་ཚེ་བརྟུལ་ཞུགས་དེ་ལ་བཟླས་བརྗོད་དང༌། སྦྱིན་སྲེག་ལ་སོགས་པའི་ལས་སྤྱོད་པ་དེའི་ཚེ། སྤྱད་པ་སྤྱོད་པ་ཡིན་ནོ། །ལྷའི་གཟུགས་དེ་དང་ཐ་མི་དད་པའི་རྣལ་འབྱོར་ལ་བརྩོན་ཞིང༌། གང་གི་ཚེ་བསླབས་པའི་གཞི་རྣམས་ཀྱང་ཡོངས་སུ་བཟུང་སྟེ། ཐེག་པ་ཆེན་པོ་སྤྱོད་པ་དེའི་ཚེ། གསང་སྔགས་རྣམས་ལ་དངོས་གྲུབ་ཐོབ་བོ། །ཞེས་བཤད་པའི་ཕྱིར་རོ། །དེས་ན་རང་ཉིད་ལྷ་སྐུར་མ་བསྒོམས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་གནས་པར་མི་འགྱུར་ལ། དེ་དག་མེད་ན་ལམ་གྱི་གཞི་མེད་པར་འགྱུར་བས། དེ་དག་ལ་གནས་པར་བྱ་བའི་ཕྱིར་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམ་པ་རིགས་པ་ཡིན་ནོ། །གཞན་ཡང་ལམ་བསྒོམ་པ་ནི། རང་གི་སེམས་རྣམ་པར་དག་པའི་ཕྱིར་ཡིན་ལ། དེ་ནི་རང་ཉིད་ལྷ་སྐུར་བསྒོམ་པ་ལ་བྱ་སྟེ། དེ་ཉིད་ལས། གང་དང་ལྡན་ན་བྱང་ཆུབ་སེམས་དཔའི་སྤྱད་པའི་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས། གསང་སྔགས་རྣམས་ལ་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིད་རྣམ་པར་དག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཁོ་བོས་ཁྱོད་ལ་བཤད་པར་བྱའོ། །འཇམ་དཔལ་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དཀྱིལ་འཁོར་མཐོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེའི་སེམས་དང་ལྡན་པ། ཐབས་ལ་མཁས་པ། གསང་སྔགས་ཀྱི་ཡི་གེའི་ཚུལ་བསྟན་པ་ལ་མཁས་པས། འདི་སྙམ་དུ་ངག་མ་གཏོགས་པར་ཡིད་མེད། ཡིད་མ་གཏོགས་པར་ངག་མེད། ཡིད་མ་གཏོགས་པར་ལྷའི་གཟུགས་མེད་དེ། ཡིད་ཉིད་ངག་ཡིན་ལ། ངག་ཉིད་ཡིད་ཡིན་ཞིང༌། ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ། །སྙམ་དུ་བསམ་པར་བྱའོ། །དེ་ལྟར་ཐ་དད་དུ་བྱ་བ་མེད་པར་མོས་ན་སྔགས་པས་ཡིད་རྣམ་པར་དག་པ་ཐོབ་བོ། །ཡིད་རྣམ་པར་དག་པ་དང་ལྡན་པ་དེ་གང་གི་ཚེ། རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཐུགས་སུ་མཚུངས་པར་མཐོང་བ་དེའི་ཚེ། མཉམ་པར་གཞག་པ་ཡིན་ནོ། །གང་ཚེ་ཀུན་དུ་ཐམས་ཅད་དུ། །སྔགས་པས་མཉམ་པར་བཞག་གྱུར་ན། །དེ་ཚེ་ལུས་ལ་སོགས་པ་ཡི། །མཉམ་ཉིད་གནས་ལ་ཞུགས་པར་གྱུར། །མཉམ་ཉིད་གནས་ལ་གནས་པ་ཡི། །ཡན་ལག་སྤྱོད་པ་ཇི་སྙེད་དང༌། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་ནི་སྔགས་དང་ཕྱག་རྒྱ་ཡིན། །སྔགས་པ་ཀུན་དུ་སྒྲ་མེད་ཅིང༌། །རྟག་ཏུ་མི་གཡོ་བདེ་བར་གནས། །དབང་ཕྱུག་ཀུན་གྱི་གོ་འཕང་ཐོབ། །ཅེས་བཤད་པས། སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ཡང༌། རང་ཉིད་གཟུགས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པ་ཤིན་ཏུ་རིགས་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་རང་ཉིད་སངས་རྒྱས་ཀྱི་སྐུའི་རྣམ་པ་ཅན་དུ་བསྒོམ་པ་དེ། རང་སངས་རྒྱས་ཡིན་ནས་བསྒོམ་པའམ། མ་ཡིན་ནས་བསྒོམ། དང་པོ་ལྟར་ན་གྲུབ་ཟིན་བསྒྲུབ་པར་འགྱུར་ཏེ། རང་སངས་རྒྱས་ཡིན་བཞིན་དུ་དེར་བསྒོམས་ནས་འབྲས་བུ་གཞན་བསྒྲུབ་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། སྤྲང་པོས་རྒྱལ་པོར་རློམ་པ་ལྟར། བསྒོམས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེ་ན། བཤད་པར་བྱ་སྟེ། དེ་ལ་སྤྱིར་ཡིན་ནས་བསྒོམ་པ་ཡིན་པས་ཀླན་ཀ་གཉིས་པའི་གནས་མེད་ལ། ཡིན་པས་བསྒོམ་པ་ལ་ཡང་ཞིབ་ཏུ་ཕྱེ་ན། འབྲས་བུ་དངོས་ཡིན་པ་དང༌། ཆོས་ཉིད་དམ་རྣམ་པ་ཡིན་པ་གཉིས་ལས་དང་པོ་ལྟར་མི་བསྒོམ་གྱི། ཆ་ཕྱི་མའི་དབང་དུ་བྱས་ནས་བསྒོམ་པ་ཡིན་ནོ། །དེ་ལ་ཆོས་ཉིད་ཡིན་པ་ནི་བསམ་གཏན་ཕྱི་མའི་འགྲེལ་པར། ཇི་ལྟར་བདག་གི་དེ་ཁོ་ན་ཉིད་གཉིས་པོ་འདི་རྣམ་པར་མི་རྟོག་ཅིང་རྣམ་པ་མེད་པ། ཕྱོགས་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ་བདག་འདོད་པའི་གསང་སྔགས་ཀྱང་དེ་བཞིན་ཏེ། དེ་བས་ན། འདི་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པས་ལྷའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་སྟེ། བདག་གི་རྣམ་པར་མི་རྟོག་པའི་བདག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྣང་བའི་ནང་དུ་འདུས། བདག་གི་ཡང་ཆུ་དང་འོ་མ་བཞིན་དུ་འདུས་པས་ན། བདག་ཅག་གཉིས་གཅིག་གོ་ཞེས་ཡོངས་སུ་བརྟགས་ཏེ། ཡང་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ། བདག་དང་ལྷ་གཉིས་གཅིག་པར་ང་རྒྱལ་མངོན་དུ་བྱས་ཏེ། སྣང་བ་མེད་པར་རང་གི་རིག་པ་ཤིན་དུ་མངོན་སུམ་དུ་གྱུར་པར་བསམ་གཏན་བྱའོ། །ཞེས་གསུངས་པ་ལྟར་བདག་གི་དེ་བཞིན་ཉིད་དང༌། ལྷའི་དེ་བཞིན་ཉིད་གཉིས་རྣམ་པར་མི་རྟོག་པའི་སྣང་བའི་སྒོར་གཅིག་པས་དེའི་ཕྱིར། བདག་དང་སངས་རྒྱས་རང་བཞིན་རྣམ་དག་གི་སྒོ་ནས་ཁྱད་པར་མེད་དོ། །ཅེས་ང་རྒྱལ་བསྒོམ་པ་སྟེ། འདི་ནི་ཁྱེད་བྱ་རྒྱུད་པ་དག་ཀྱང་འདོད་ལ། སྤྱོད་པའི་རྒྱུད་དུའང་འདི་ཁོ་ན་ལྟར་ཁས་ལེན་པ་ཡིན་ནོ། །དེ་བཞིན་དུ་རྣམ་པ་འདྲ་བའི་སྒོ་ནས་ཀྱང་སངས་རྒྱས་སུ་བསྒོམ་པ་འདི་ནི། སྤྱོད་རྒྱུད་ཡན་ཆད་ཀྱི་རྒྱུད་སྡེ་གོང་མ་རྣམས་ཀྱིས་གྲུབ་པའི་མཐའ་སྟེ། འབྲས་བུ་ཐོབ་འགྱུར་གྱི་སངས་རྒྱས་གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པའི་རྣམ་པ་ཅན་དེ་དང༌། རྣལ་འབྱོར་པ་རང་གིས་བསྒོམས་པའི་ལྷ་སྐུ་གཉིས་ཞལ་ཕྱག་གི་རྣམ་པའི་སྒོ་ནས་ཁྱད་པར་ཅུང་ཟད་ཀྱང་མེད་པས་དེའི་ཆ་ནས་འབྲས་བུའི་སངས་རྒྱས་དང༌། བདག་གིས་བསྒོམས་པའི་སངས་རྒྱས་གཉིས་ཁྱད་པར་མེད་དོ་ཞེས་ང་རྒྱལ་དང༌། མོས་པ་ལམ་དུ་བྱ་བའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །གལ་ཏེ་མོས་པ་ཡིད་བྱེད་ཙམ་གྱིས་འབྲས་བུ་འགྲུབ་པ་ཤིན་ཏུ་དཀའ་སྟེ། རང་གིས་མངོན་སུམ་དུ་མ་ངེས་པའི་ཕྱིར་རོ། །ཞེ་ན་དེ་ནི་མི་འཐད་དེ། དཔེར་ན་འཇིག་རྟེན་པ་དག་རྒྱང་རིང་པོའི་རི་ལ། དུ་བ་ཅན་དུ་མཐོང་བའི་ཚེ་དེ་ཉིད་ན། མེ་ཡོད་དོ་ཞེས་ངེས་ཤེས་མ་འཁྲུལ་བ་སྐྱེ་བ་དེ། བདག་ཉིད་ཀྱིས་ལ་དེར་མེ་ཡོད་པ་མངོན་སུམ་དུ་མ་དམིགས་ཀྱང༌། ཁྱིམ་གྱི་ཚང་མང་ན་མེ་ལས་དུ་བ་འབྱུང་བ་མངོན་སུམ་དུ་རྟོགས་པའི་རིགས་པས། དུ་ལྡན་གྱི་ལ་མེ་ཡོད་དུ་མངོན་སུམ་དུ་ཤེས་པ་ལྟར། འདིར་ཡང་རྣལ་འབྱོར་པས་འབྲས་བུ་གཟུགས་ཀྱི་སྐུ་མངོན་སུམ་དུ་མ་ངེས་ཀྱང༌། དྲི་མ་མེད་པའི་རྒྱུད་སྡེ་རྣམས་ལས་གཟུགས་ཀྱི་སྐུའི་ཞལ་དང་ཕྱག་དང་ཞབས་ཀྱི་རྣམ་པ་ནི་འདི་འདྲའོ་ཞེས་གསལ་བར་གསུངས་པ་དེ། བདག་ཉིད་ཀྱིས་མངོན་སུམ་དུ་མཐོང་བས་དེ་ལ་བརྟེན་ནས། བདག་གཟུགས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམས་པས། འབྲས་བུ་དེ་ཐོབ་པ་ཆོས་ཉིད་ཡིན་ཏེ། དཔེར་ན། རྒྱང་རིང་པོའི་དུ་བ་ལ། རྗེས་སུ་དཔགས་ནས་སྐྱེས་བུའི་རྩོལ་བས། དེར་ཕྱིན་པ་ན་མེ་དང་ཕྲད་པ་བཞིན་ནོ། །ཡང་གལ་ཏེ། བདག་ཉིད་སངས་རྒྱས་སུ་བསྒོམ་པ་ལ་ལྷའི་གཟུགས་བྱར་རུང་གི་རྟེན་ཁྱད་པར་ཅན་ཞིག་དགོས་པ་ལས། འདིར་དེ་མེད་དེ་རང་གི་ལུས་ཤ་ཁྲག་ལ་སོགས་པ་མི་གཙང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེ་ན། དེའང་མི་འཐད་དེ། ལུས་མི་གཙང་བའི་རང་བཞིན་ཉིད་ཀྱང་ཆོས་ཀྱི་དབྱིངས་ལ་སྦྱོར་བའི་དག་པའི་སྔགས་དང༌། ཕྱག་རྒྱ་སྟོང་པ་ཉིད་དུ་དག་པར་བྱས་ནས། དེ་ལ་སངས་རྒྱས་ཀྱི་སྐུ་བསྐྱེད་པ་འགལ་བ་ཡོད་པ་མ་ཡིན་ཏེ། གང་དག་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །ཅེས་དབུ་མའི་གཞུང་ལུགས་ལས་བཤད་པའི་ཕྱིར་རོ། །སྟོང་ཉིད་ཀྱི་ངང་ལས་ལྷའི་སྐུར་བསྒོམ་ཞིང་དེའི་རྒྱུན་གོམས་པར་བྱས་པ་ལས་མཐར་སངས་རྒྱས་ཀྱི་རྒྱུར་འགྱུར་བ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་འདི་ལ་རང་གི་ལུས་ཤ་དང༌། ཁྲག་དང༌། རུས་པ་དང༌། རྒྱུས་པ་དང༌། ནང་ཁྲོལ་དང༌། བུ་ག་དང༌། མི་གཙང་བ་དང༌། སྤུའི་ཚོགས་ཆེན་པོ་འདུས་པ་ཙམ་ལ་འཇིག་རྟེན་དག བདག་ཏུ་ང་རྒྱལ་བྱེད་པ་འདི་ཙམ་ཁོ་ན་ནི་བདག་གིས་བརྗོད་པར་བྱ་བ་སྟེ། དེ་ཁོ་ན་ནི་མཐུའི་བྱེད་པ་གཞན་གྱིས་བྱིན་གྱིས་བརླབས་པས་ལུས་དེ་ཉིད་ལྷའི་གཟུགས་བྱ་རུང་བའི་རྟེན་ཁྱད་པར་དུ་གནས་པའོ། །འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ལ་སྦྱོར་བའི་དག་པའི་སྔགས་དང༌། ཕྱག་རྒྱས་དག་པར་བྱེད་ལ། སྤྱན་དང་གཙུག་ཏོར་དང༌། སྙན་དང་ལྗགས་ལ་སོགས་པའི་ཕྱག་རྒྱས་བཏབ་ལ་སྔགས་བརྗོད་པ་དང༌། ལྷའི་རྒྱན་གྱི་ཁྱད་པར་དང་འདུག་སྟངས་མཐུན་པར་མོས་པ་དག་གིས་རིམ་གྱིས་མཐུའི་བྱེད་པ་ཚོགས་པ་སྨིན་པ་ན་མངོན་སུམ་ཁོ་ནར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལུས་སུ་འགྱུར་བའོ། །ཞེས་སོ། །གལ་ཏེ་དེ་ལྟར་ན། སྟོང་པ་ཉིད་ལྷར་བསྒོམ་པར་སོང་གི རང་ལུས་ལྷར་བསྒོམ་པར་མ་སོང་ངོ་སྙམ་ན། འོ་ན་སྟོང་པ་ཉིད་ལྷར་སུ་ཞིག་གིས་བསྒོམ་སྨྲ་དགོས་ལ། དེའི་ལན་དུ་རྣལ་འབྱོར་པའི་སེམས་ཀྱིས་བསྒོམ་མོ་ཞེས་སྨྲ་ན། དེའང་མི་འཐད་དེ། བསྒོམ་མཁན་གྱི་སེམས་ཉིད་ཀྱང་སྐྱེ་མེད་དུ་གཏན་ལ་ཕབ་ཚར་བའི་ཕྱིར་རོ། །གལ་ཏེ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཉིད་ཡིན་ནོ་ཞེ་ན། འདིར་ཡང་མཚུངས་ཏེ། ལུས་སྟོང་པར་བསྒོམ་པའི་ངང་ལས་སངས་རྒྱས་ཀྱི་སྐུར་འབྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དུ་ཟད་དེ། འཇམ་དཔལ་རྩ་རྒྱུད་ལས། ཇི་ལྟར་རང་གི་སྔགས་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་ཅིང་ནམ་མཁའི་ངོ་བོ་ཉིད་རྙེད་པ་དག་སྔོན་གྱི་སྨོན་ལམ་དང་ཚོགས་ཀྱི་མཐུས་འབད་པ་མེད་པར་ལྷའི་སྐུར་ཡུལ་དང༌། དུས་དེ་དང༌། ཇི་ལྟར་སྣང་བ་བཞིན་དུ། སྔགས་རིག་པ་དེ་དང༌། དེའི་དུས་ཁོ་ནར་ཆོས་ཀྱི་དབྱིངས་ལས་ལྷའི་ལུས་སུ་ཡུད་ཙམ་གྱིས་འཐོན་པ་སྟེ། ཀྱེ་རྒྱལ་བའི་སྲས་དཔེར་ན་ཡོངས་སུ་དག་པའི་སྟོན་ཀའི་ནམ་མཁའ་ལས་རྒྱ་མཚོ་ཆེན་པོའི་ཀླུའི་བསོད་ནམས་ཀྱིས་སྤྲིན་ཁ་དོག་དང་དབྱིབས་སྣ་ཚོགས་པ་འབྱུང་བ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བདག་ཉིད་བྱས་པའི་སྔགས་པ་ཡང་ཆོས་ཀྱི་དབྱིངས་ཉིད་ལས་ལྷའི་ལུས་སུ་སྣང་བ་འབྱུང་བ་འདི་ཉིད་ལ་དཔྱད་དུ་ཅི་ཞིག་ཡོད། ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སེམས་ཅན་གྱི་རིགས་ན་སྣ་ཚོགས་པའི་མོས་པའི་སྒོ་ནས་འཇུག་པར་འདོད་པ་དག་བདག་གི་དེ་ཁོ་ན་དང༌། དེའི་རྗེས་སུ་ལྷའི་ལུས་སུ་བྱ་བ་དག་ལ་རིམ་པའི་ཕྱེ་བ་འདི་དག་ཁོ་ན་ངས་ངེས་པར་བྱས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་དང༌། ཐབས་མཁས་པའི་རྣམ་པར་འཕྲུལ་པའི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ལ་ལྟོས། ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་དངོས་པོར་འཛིན་པ་མ་སྤངས་པ་དང༌། སྤངས་པའི་རིམ་གྱིས་རང་ལྷའི་ལུས་སུ་བྱས་པའི་འོག་ཏུ་ལུས་སམ་སེམས་སམ་འབྱིན་པ་པོའམ། ལྷའི་ལུས་སུ་ཤིན་ཏུ་རྣམ་པར་དཔྱད་ན། ངོ་བོ་ཉིད་འགའ་ཡང་རྙེད་པར་མི་ནུས་ཏེ། དངོས་པོའི་བློ་ལོགས་པར་བྱེད་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། ལུས་སམ། སེམས་སམ། འབྱིན་པ་པོའམ། ལྷའི་ལུས་དེ་དག་གི་རྒྱུ་ཅི་ཞིག་ཅེས་ལེགས་པར་དཔྱད་ན། རྒྱུའི་ངོ་བོ་ཉིད་མི་བསླུ་བ་གཅིག་པུ་པ་ཉམས་དགའ་བར་བྱེད་པ་འགའ་ཡང་མེད་པར་འགྱུར་ཏེ། འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་གཞན་ཡང་ལེགས་པར་རྟོགས་པའི་ངོ་བོ་ཉིད་རྒྱུ་དང་བཅས་པར་རིག་པའི་སྔགས་རིག་པ་དེ་གང་ལ་སྨོན་ཅིང་འདོད་པ་དོན་དུ་གཉེར་བ་དེ་ཉིད་ལ་ལེགས་པར་བརྟགས་པས་མཇལ་བ་ན་གང་གི་ངོ་བོ་ཉིད་ཀྱང་མ་མཐོང་བ་དང༌། དེའི་བློ་དངོས་པོའི་སྲེད་པ་ལས་ངེས་པར་གྲོལ་ཏེ། སེམས་ཅན་རྣམས་རྗེས་སུ་བཟུང་བའི་ཆེད་མ་ཡིན་པར། ལྷའི་ལས་འདས་པའི་ལུས་དང་གནས་དང་ལོངས་སྤྱོད་ལ་ཡང་འདོད་པ་མེད་པ་དང༌། སྲེད་པ་ཆད་པ་སྟེ་འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་བྱ་བའི་རྒྱུད་ལས་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམ་པའི་ལམ་ཁྱད་པར་ཅན་ཁོ་ནས་ཁྱད་པར་འཕགས་པའི་རྒྱུད་སྡེ་རྣམས་ལ། ཅིའི་ཕྱིར་སྤྱོད་པའི་རྒྱུད་ཅེས་བྱ་སྙམ་ན། དེ་ནི་ཕྱི་ལུས་ངག་གི་བྱ་བ་དང༌། ནང་སེམས་ཀྱི་ཏིང་ངེ་འཛིན་གཉིས་ཀ་ཆ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་ཅེས་བྱ་སྟེ། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པའི་སྦྱོར་བའི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར། བྱ་བའི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་སྟོན་པས་བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །ཞེས་གསུངས་པའི་ཕྱིར་རོ། །རབ་ཏུ་སྒྲོན་གསལ་ལས། བརྟུལ་ཞུགས་དང༌། དངོས་གྲུབ་དང༌། རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་དེ། ཞེས་བརྟུལ་ཞུགས་ཀྱི་སྤྱོད་པ་གཙོ་བོར་སྟོན་པས། སྤྱོད་པའི་རྒྱུད་དུ་འཆད་ཀྱང༌། བཤད་པ་སྔ་མ་གཙོ་བོར་གཟུང་ངོ༌། །ཡང་དེ་ཉིད་ལ་གཉིས་ཀའི་རྒྱུད་ཅེས་ཀྱང་བྱ་སྟེ། ཀྱེ་རྡོར་གྱི་དོན་བསྡུས་ཀྱི་འགྲེལ་པར། གང་ཞིག་བྱ་བའི་ཁྱད་པར་ལ་ཡང་མོས་ཤིང༌། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་ཡང་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ལ་ནི་བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ལས་མཐུན་པའི་གཉིས་ཀའི་རྒྱུད། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་དང༌། ཞེས་སོ། །དེའི་ཕྱིར་མཁས་པའི་དབང་པོ་ལོཙྪ་བ་རིན་ཆེན་བཟང་པོས། གང་ཞིག་བྱ་བའི་ཁྱད་པར་ལ་ཡང་མོས་ཤིང༌། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ལ་ནི། བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ཀ་དང་ལྡན་པའི་གཉིས་ཀའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཉིད་ནི་གསང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་ཤེས་རབ་དང༌། ཐབས་གཙོ་བོར་གྱུར་པ་རྒྱ་ཆེར་སྟོན་པས་སྔོན་གྱི་མཁས་པ་དག་གིས་སྤྱོད་པའི་རྒྱུད་ཅེས་ཀྱང་བཤད་དོ། །ཅེས་བཤད་པ་ཡང་དོན་ལ་གནས་པ་ཉིད་དོ། །གསུམ་པ་ལ་གསུམ། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་ཀྱི་རྒྱུད་དོ། །དང་པོ་ནི། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ། རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བའི་རྩ་བའི་རྒྱུད་དང༌། དེའི་རྒྱུད་ཕྱི་མ་གསང་བ་མཆོག་གི་རིམ་པར་ཕྱེ་བ་སྟེ། འདི་དེང་སང་བོད་ན་བཞུགས་པའི་དཔེ་ལ། དེ་བཞིན་གཤེགས་པ་འབྱུང་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རིམ་པར་ཕྱེ་བ་ཡན་ཆད་སྣང་ཡང༌། འདིའི་འཕྲོ་ད་རུང་མ་རྫོགས་ཏེ་བསྡུས་འགྲེལ་ལས། རྒྱུད་ཕྱི་མའི་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །རྒྱུད་འདི་གཉིས་ནི་སྤྱོད་རྒྱུད་ཀྱི་རྩ་བར་སྣང་ཞིང་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཞེས་བྱ་བའི་རྒྱུད་ཆེན་པོ་ནི། འཇམ་དཔལ་རྩ་བའི་རྒྱུད་དུ་གྲགས་པ་ཉིད་དོ། །དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི། རྒྱུད་རྒྱས་པའི་དུམ་བུ་ཡིན་པར་ཤྲདྡྷཱ་ཀ་རའི་འགྲེལ་པར་བཤད་དོ། །རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལ་མ་བསྙེན་ཀྱང་འགྲུབ་པའི་གསང་སྔགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་གསུངས་པར་བཞེད་ཅིང༌། འགྲེལ་པ་ལས་ཀྱང༌། རང་རང་རྒྱུད་དང་རྟོག་པ་ལ་གནས་པའི་དཔའ་བོ་གཅིག་ཏུ་གྲུབ་པ་རྣམས་གཅིག་ཏུ་ཡང་དག་པར་བསྡུས་ཏེ་བསྟན་ཏོ། །ཅེས་བཤད་པས་སྤྱོད་རྒྱུད་རྐྱང་པ་ཡིན་པའི་ངེས་པ་མི་སྣང་ཡང༌། ཡེ་ཤེས་པ་རང་ལ་འཇུག་པ་མ་བསྟན་པས་སྤྱོད་རྒྱུད་དུ་བཞག་གོ །རྒྱུད་འདི་གཉིས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་ཡིན་ནོ། །ལྷ་མོ་འོད་ཟེར་ཅན་གྱི་རྟོག་པ་ནི། འོད་ཟེར་ཅན་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བྱུང་བར་བཤད་ལ། འདིའི་རིག་པའི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུའི་འཁོར་ལོའི་སྐབས་སུ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡང་དག་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །འོད་ཟེར་ཅན་མ་ཡེ་ཤེས་མཚོ། །དེ་ཡི་མཉེས་ཐབས་བདག་གིས་བརྗོད། །ཅེས་པ་ནས། སྟོང་ཕྲག་བརྒྱད་ནི་བཟླས་བྱས་ན། །ངེས་པར་དངོས་གྲུབ་ཏུ་ནི་འགྱུར། །ཞེས་པའི་བར་ཤླཽ་ཀ་བརྒྱད་དང༌། རྐང་པ་གསུམ་ནི་སློབ་དཔོན་སྙིང་པོ་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་ཚིག་ཏུ་སྣང་བས། སྒྲུབ་ཐབས་དེ་དང་རྟོག་པ་འདི་དཔེ་གྲས་མཚུངས་པའི་རྒྱ་དཔེ་ཤོག་ཡར་གཅིག རྟོག་པ་འདིའི་གསེབ་ཏུ་སོང་བས། ལོཙྪ་བས་མ་རིག་པར་བསྒྱུར་བར་སྣང་བས་རྟོག་པ་རང་ལ། སོ་སོར་འདུད་པ་བྱས་ལ། རང་ཉིད་ཀྱི་མདུན་དུ་འགྲོལ་དུ་གཞུག་གོ །དེ་ནས་དེའི་ཕྱིར་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་ལས་གཞན་གྱི་སྒྲུབ་པ་ཡིན་སྟེ། ཞེས་ཚིག་སྦྲེལ་བས་ཆོག་པ་འདྲ་སྟེ། རྒྱ་དཔེ་མཐོང་ན་དཔྱད་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་གྱི་རྒྱུད་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་མི་གཡོ་བ་དེའི་སྟོབས་དཔག་ཏུ་མེད་པ་བརྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྟོག་པ་ནི། རྣམ་སྣང་མངོན་བྱང་དུ་མི་གཡོ་བ་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོར་གསུངས་པའི་རིགས་པས་འདིར་ཡང་དེ་བཞིན་དུ་བཞག་གོ །འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མ་དང༌། ཕྱི་མའི་ཕྱི་མ་གསང་བའི་རྟོག་པ་ཞེས་བྱ་བ་ནི། ལེའུ་ཉི་ཤུ་རྩ་གཉིས་ཀྱིས་རྒྱུད་ཐམས་ཅད་ཡོངས་སུ་བསྡུས་པ་སྟེ། འདི་ལ་སློབ་དཔོན་པདྨ་སཾ་བྷ་ཝའི་སློབ་མ་པཎྜི་ཏ་བིདྱཱ་ཨཱ་ཀ་ར་པྲ་བྷ་དང༌། གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ་འགྱུར་ངན་པ་ཅིག་ཡོད། སློབ་དབོན་ཤཱནྟི་གརྦྷས། བྲང་ཏི་ཛ་ཡ་རཀྵི་ཏ་ལ་བཤད་ནས་བསྒྱུར་བ་ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཟེར་བ་འགྱུར་འབྲིང་ཞིག་ཀྱང་ཡོད། པཎྜི་ཏ་བིདྱཱ་ཨཱ་ཀ་ར་པྲ་བྷ་དང༌། ཨཱ་ཙརྻ་ཤྲི་ལེནྡྲ་བོ་དྷིས་བསྒྱུར་བ་འགྱུར་བཟང་བ། མཚན་ཡང་གཤིན་རྗེའི་གཤེད་བཀྲ་ཁོག་བསླངས་བྱ་བ་གཅིག་ཀྱང་ཡོད། བཀྲ་ཁོག་ནི་མི་རོའི་མིང་ཡིན་ཏེ། བཀྲ་རྒན་གྱི་ཁོག་པ་བྱ་བ་མི་རོའི་གཅེས་མིང་དུ་བོད་ཀྱི་གནའ་མི་རྣམས་ཀྱང་འདོགས། བསླངས་པ་ནི་རོ་ལངས་སྒྲུབ་པ་གཙོ་ཆེར་བཤད་པས་དེ་སྐད་དུ་བསྒྲགས། འགྱུར་རྙིང་འདི་རྣམས་ལ་དུས་ཕྱིས་བོད་ཀྱིས་བཅུག་པའི་ཚིག་ཤླཽ་ཀ་ཁ་ཡར་འདྲེས་ཡོད་ཅེས་གླེང༌། ཕྱིས་སྔགས་ཕྱི་འགྱུར་གྱི་དུས་ན་པཎྜི་ཏ་ཀྲྀཥྞ་པ་བྱ་བ་ཅིག་བོད་དུ་བྱོན་པའི་ཕྱག་ན་རྒྱ་དཔེ་སྣང་བ་དང༌། གུ་རུབ་ལོཙྪ་བ་ཆོས་ཀྱི་ཤེས་རབ་ཀྱི་ལག་ཏུ་རྒྱ་དཔེ་གཉིས་བྱུང༌། དེ་གཉིས་མ་རྙེད་པའི་གོང་དུ་རོང་ཟོམ་ལོཙྪ་བ་ཆོས་ཀྱི་བཟང་པོས། གུ་རུབ་ལ་བཀྲ་ཁོག་བསླངས་ཀྱི་སྐབས་འགའ་ཞིག་ཏུ་འགྱུར་མ་བདེ་བ་འདི་ལྟ་བུ་ཡོད། དེ་རྣམས་དོན་ལ་འདི་དང་འདི་སྐད་དུ་བསྒྱུར་ན་ལེགས་པ་ཡིན་ཏེ། རང་རེ་ལ་རྒྱ་དཔེ་མེད་པས་འགྱུར་བཅོས་སུ་མི་རུང་གསུང༌། ཕྱིས་རྒྱ་དཔེ་རྙེད་ནས་གུ་རུབ་ཀྱི་གཟིགས་པས་དེ་བཞིན་དུ་འདུག་ནས་ཡིད་ཆེས་ཏེ། རྒྱ་དཔེ་ཅིག་རོང་ཟོམ་ལ་ཕུལ་ནས་རྒྱུད་ཀྱི་བཤད་པ་ཚར་གཅིག་གསན། གུ་རུབ་ཀྱིས་འགྱུར་བཅོས་ཀྱང་མཛད། དེ་ནས་བླ་མ་རོང་ཟོམ་ཆོས་ཀྱི་བཟང་པོས་ཀྱང་རྒྱ་དཔེ་དེ་གཉིས་ལ་གཏུགས་ཏེ། ཤྲི་ལེནྡྲ་བོ་དྷིའི་འགྱུར་ལ་འགྱུར་བཅོས་མཛད་པ་ནི། འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོའི་སྐབས་དང་པོ་ནས་རྟོག་པ་བརྒྱད་པའི་བར་རྩ་བའི་རྒྱུད་རྟོག་པ་དགུ་པ་རྟོག་པ་ཕྱི་མ་རྟོག་པ་བཅུ་རྟོག་པ་ཕྱི་མའི་ཡང་ཕྱི་མ། རྟོག་པ་ཕྱི་མའི་ཡང་ཕྱི་མ་རྟོག་པ་བསྡུ་བ་ལ་རྟོག་པ་དྲུག རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བ་དང་བདུན། གསང་བའི་རྟོག་པར་རྟོག་པ་ཁྲོ་བོ་ཀཱི་ལི་ཀཱི་ལ་ལ་སོགས་པའི་རྟོག་པ་ལ་རྟོག་པ་ལྔ་སྟེ། སྤྱིར་ལེའུ་ཉི་ཤུ་རྩ་གཉིས་ཡོད་ཅིང༌། འགྱུར་འདི་བཟང་ཤོས་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ལོཙྪ་བ་འགོས་ལྷས་བཙས་ཀྱིས་གནུབས་སངས་རྒྱས་རིན་པོ་ཆེས་བཀྲ་ཁོག་བསླངས་བྱ་བ་གཤིན་རྗེའི་རྒྱུད་བརྩམས་སོ་ཞེས་བཤད་པའང༌། སྔར་གྱི་འགྱུར་རྙིང་པ་རྣམས་ལ་གནུབས་ཀྱི་ཚིག་མང་པོ་བཅུག་ནས་རྒྱུད་ལྷད་མར་བྱས་ཤིང༌། གཤིན་རྗེ་ཚེ་བདག་དང༌། ཁ་ཐུན་ལ་སོགས་པ་རྫུན་མ་རྣམས་ཀྱིས་རྒྱབ་བརྟེན་དུ་བྱས་པ་འགོག་པའི་ཕྱིར་གསུངས་པ་ཡིན་ལ། རྒྱུད་ལྷད་མེད་འདི་འགོག་པ་མ་ཡིན་ཏེ། འདི་ནས་བཤད་པའི་ཀུན་སྤྱོད་རྣམས་སློབ་དཔོན་ཨ་བྷ་ཡཱ་ཀ་རས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་དྲངས་པའི་ཕྱིར་རོ། །འདི་དང་གོང་མ་གཉིས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོའི་རྒྱུད་ཡིན་ནོ། །གཉིས་པ་པདྨའི་རིགས་ཀྱི་རྒྱུད་ནི་བོད་དུ་འགྱུར་བ་མི་སྣང་ངོ༌། །གསུམ་པ་ནི། འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ནི་བམ་པོ་བཅུ་གཉིས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་ཀྱི་དངོས་གྲུབ་སྒྲུབ་པའི་ཆོ་ག་ཡན་ཆད་ཡོད་ལ། འདིའི་མཇུག་ཏུ་རྗེས་སུ་ཡི་རང་བ་ལ་སོགས་པ་མ་བཤད་པས་རྒྱུད་ཀྱི་འཕྲོ་མ་འགྱུར་བར་སྣང་ངོ༌། །ལྷ་མོ་བརྒྱད་ཀྱི་གཟུངས་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་གྱི་ནང་ནས་ཕྱུང་བ་ཡིན་པས། རྒྱུད་ལོགས་པར་མི་བགྲང་ངོ༌། །འབྱུང་པོ་འདུལ་བྱེད་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི། རྒྱུད་རྒྱས་པ་སྟོང་ཕྲག་བཅུ་དྲུག་པ་ལས་ཕྱུང་བར་བཤད་དོ། །དེ་ལྟར་ན་སྤྱོད་པའི་རྒྱུད་རྣམ་པར་དག་པ་དེང་སང་བོད་ན་བཞུགས་པ་ནི་དགུ་པོ་འདི་ཙམ་དུ་ཟད་ལ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་རྡོ་རྗེ་ས་འོག་ལེའུ་བཅུ་གསུམ་པ་དང༌། རྡོ་རྗེ་ས་འོག་གི་རྒྱུད་ལེའུ་བདུན་པ་དང༌། ས་གསུམ་རྒྱུ་བའི་རྟོག་པ་ལེའུ་ལྔ་པ་དང༌། གོས་སྔོན་ཅན་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལེའུ་ལྔ་པ་དང་བཞི་ནི། བདག་ཉིད་ལྷར་བསྐྱེད་པ་སོགས་བྱས་པས་སྤྱོད་རྒྱུད་དུ་འདོད་མོད། མཁས་པ་རྣམས་ཀྱིས་རྒྱུད་རྫུན་མར་བཤད་པས་མ་བཀོད་དོ། །བཞི་པ་ནི། དེ་ལྟར་བཤད་པའི་རྒྱུད་དེ་དག་སྤྱོད་པའི་རྒྱུད་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། བཤད་པར་བྱ་སྟེ། དེ་ལ་རྒྱུད་འདི་རྣམས་བྱ་བའི་རྒྱུད་མ་ཡིན་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་བཤད་པའི་ཕྱིར་རོ། །རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་ཡང་མ་ཡིན་ཏེ། རང་ལ་ཡེ་ཤེས་པ་བསྲེ་བ་མ་གསུངས་པའི་ཕྱིར་རོ། །དེས་ན་སྤྱོད་པའི་རྒྱུད་དུ་འགྲུབ་སྟེ། བདག་སངས་རྒྱས་སུ་བསྐྱེད་པ་བཤད་ཅིང༌། དེ་ལ་ཡེ་ཤེས་པ་གཞུག་པ་མ་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་སྣང་མངོན་བྱང་ལས། བཅོམ་ལྡན་འདས་ལྷའི་གཟུགས་གང་གིས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལྷའི་གཟུགས་ལ་དམིགས་ནས། བདག་ཉིད་རང་གི་ལྷའི་གཟུགས་སུ་བསྒྱུར་ནས་ཐེ་ཚོམ་མ་མཆིས་པར། དངོས་གྲུབ་ཐོབ་པར་འགྱུར་བའི་ལྷའི་གཟུགས་བྱིན་གྱིས་རློབ་པར་བཤད་དུ་གསོལ། ཞེས་སོགས་རྒྱས་པར་གསུངས་པ་དང༌། སློབ་དཔོན་ཨཱརྻ་དེ་ཝས། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། ཞེས་སྤྱོད་བསྡུས་སྒྲོན་མེར་བཤད་དོ། །དེ་བཞིན་དུ་འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་ལས་འདས་ཏེ། སེམས་དེ་ཉིད་ཟླ་བའི་དཀྱིལ་འཁོར་རང་གི་སྔགས་ཀྱི་ཡི་གེ་དང་བཅས་པ་རྟག་པར་སྔོན་དུ་བྱས་ལ་ཡི་གེ་དེ་ལས་ཀྱང༌། དེ་དང་མཐུན་པའི་སྒྲའི་རྣམ་པར་གྲགས་པར་སེམས་ཤིང་རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་ཅན་གྱི་ལྷའི་མཚན་མར་གྱུར་པ་ལས་ལྷའི་ལུས་སུ་གྱུར་ཅིང༌། དེ་ལ་དམ་ཚིག་གི་སྔགས་དང་ཕྱག་རྒྱ་དང་སྤྱན་དང་ལྗགས་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་ལུས་སུ་འགྱུར་རོ། །ཞེས་སོ། །དེས་ན་རྒྱུད་འདི་བྱ་རྒྱུད་དུ་བཞེད་པའང་རྣམ་པར་མ་བརྟགས་པ་ཆེན་པོ་ཡིན་ནོ། །དཔའ་བོ་གཅིག་གྲུབ་ལས། གཞོན་ནུའི་གཟུགས་ཅན་འཇམ་པའི་རྡོ་རྗེ་བདག་ཉིད་བསམས་ལ། ཞེས་དང༌། སྐུ་མདོག་དཀར་པོ་རལ་གྲི་དང་པོསྟི་འཛིན་པ། བདག་ཉིད་ཡུད་ཙམ་གྱིས་ཡོངས་སུ་གྲུབ་པ་རྣམ་པར་བསམས་ལ། ཞེས་བཤད་དོ། །འོད་ཟེར་ཅན་གྱི་རྟོག་པར། བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པདྨའི་ལྟེ་བར་སེང་གེའི་ཁྲི་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གསེར་གྱི་མདོག་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། རལ་པའི་དབུ་རྒྱན་འཆང་ཞིང་ཞི་བ། ཡི་གེ་མྃ་ཉིད་ཡིད་ལས་བརྗོད་པའི་རྣམ་པས་བསམ་པར་བྱའོ། །དེ་ནས་མདུན་དུ་ཟླ་བའི་གཟུགས་བརྙན་རྣམ་པར་སྣང་མཛད་ཀྱི་འོད་ཟེར་ལས་བྱུང་བའི་འོད་ཟེར་ཅན་མ། ཞེས་བདག་རྣམ་སྣང་དུ་བསྒོམ་པའི་འོད་ཟེར་གྱིས། མདུན་དུ་འོད་ཟེར་ཅན་སྤྱན་འདྲེན་ཞིང་བསྐྱེད་པ་གནས་སྐབས་མང་པོར་བཤད་པས། རྒྱུད་འདི་བྱ་རྒྱུད་དུ་འདོད་པའང་ཞིབ་ཏུ་མ་དཔྱད་པར་ཟད་དོ། །དེ་བཞིན་དུ་མི་གཡོ་བ་བརྟུལ་ཕོད་ཅན་གྱི་རྟོག་པར་ཡང༌། སེམས་ནི་རྩེ་གཅིག་གྱུར་པ་ཡིས། །བདེ་གཤེགས་བདག་ཉིད་བསྒོམས་ནས་སུ། །གཟའ་རྣམས་སོ་སོར་མདུན་གནས་ནས། །གསང་སྔགས་བརྗོད་པར་བྱ་བ་ཡིན། །ཞེས་གསུངས་ལ། བཀྲ་ཁོག་བསླངས་ཀྱི་རྒྱུད་ལས་ཀྱང༌། ཡིད་ཀྱིས་པདྨའི་སྟེང་ལ་འདུག །བདག་ཉིད་དེ་ཡི་སྟེང་དུ་ཡང༌། །ས་བོན་ཧཱུྃ་ལས་གྱུར་པའི་སྐུ། །བརྟག་པར་བྱས་ཏེ་བརྟགས་ནས་ཀྱང༌། །བདག་གི་སྤྱི་བོར་ཡི་གེ་ཨོཾ། །མིག་གཉིས་སུ་ནི་ཡི་གེ་ཨས། །བསྲུང་བ་བྱས་ཏེ་དེ་ནས་ཡང༌། །སྔགས་ཀྱི་ཡི་གེ་བཅུ་བདུན་པོ། །བཟླས་ཤིང་དེ་བཞིན་གཤེགས་དྲན་ནས། །རང་གི་ལུས་ལ་སླར་བཞག་པ། །སྙིང་གར་སྙིང་པོ་ཧཱུྃ་གཞག་བྱ། །དེ་ནས་ཁྲོ་བོའི་མཚོགས་མ་ཡིས། །བདག་གི་མཚོགས་མར་རེག་པར་བྱ། །གཙོ་བོ་གཙོ་བོའི་སྤྱི་གཙུག་ཀྱང༌། །ཕྱིས་ནི་གཙུག་ཏུ་གཞག་པར་བྱ། །དེ་ནས་ལུས་ལ་གོ་ཆ་ཡང༌། །ལག་པས་གོ་ཆ་བཞིན་དུ་བྱ། །དེ་ནས་རང་གི་ལག་གཉིས་ལ། །བློ་དང་ལྡན་པས་མཚོན་ཆ་དགོད། །རང་གི་དམ་ཚིག་ལྡན་པའི་རྒྱ། །མཁས་པས་ཆོ་ག་བཞིན་བཅིངས་ནས། །ཁྲོ་བོ་གཙོ་བོ་རོ་ལངས་ནི། །བདག་གི་སྙིང་གར་གཞག་པར་བྱ། །ཞེས་བདག་ཉིད་ལྷར་བསྐྱེད་པའི་རིམ་པ་རྣམ་སྣང་མངོན་བྱང་ལྟར་གསུངས་སོ། །དེས་ན་སློབ་དཔོན་ལྷ་སྦས་ཀྱིས་མཛད་ཟེར་བའི་འགྲེལ་པར་བྱ་རྒྱུད་དུ་བྱས་ཤིང༌། རྫོགས་རིམ་སོགས་ཀྱི་ཐ་སྙད་བཤད་པ་ནི། རྒྱུད་ཀྱི་དོན་དང་མ་འབྲེལ་པས་མི་འཐད་ལ། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་སྤྱོད་རྒྱུད་དུ་བཤད་པ་ཉིད་ལེགས་པ་ཡིན་ནོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བདག་ཉིད་ལྷ་སྐུར་བསྐྱེད་པར་བཤད་པ་རྣམས་སྔར་མང་དུ་དྲངས་ཟིན་ལ། དེའི་ཕྱིར་སློབ་དཔོན་ཛྙཱ་ན་བོ་དྷིས་མཛད་པའི་ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ་ལས། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཀྱང༌། ཞེས་དང༌། ཇོ་བོ་རྗེས་མཛད་པར་གྲགས་པའི་ལམ་སྒྲོན་རང་འགྲེལ་ལས་ཀྱང༌། སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བརྒྱ་བཞུགས་སོ། །ཞེས་སྤྱོད་རྒྱུད་དུ་གསལ་བར་བཤད་དོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། དེ་ནས་རང་ལྷའི་སྐུར་བསམ་མོ། །དེ་ནས་ཁྲོ་བོའི་བདག་པོའི་ཕྱག་རྒྱས་ཡན་ལག་དྲུག་ཏུ་དགོད་པར་བྱ་སྟེ། ཞེས་པ་ནས། དེ་ནས་དཀྱིལ་འཁོར་གྱི་ལྷའི་སྙིང་པོས་སྤྱན་དྲངས་ཏེ། ཞེས་སོགས་ཀྱིས་བདག་ལྷར་བསྐྱེད་པ་དང༌། སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་ཀྱང༌། སྤྱོད་རྒྱུད་དུ་བཤད་པ་ལྟར་འཐད་ལ། སློབ་དཔོན་ཨ་བྷ་ཡཱས་བྱ་རྒྱུད་དུ་མཛད་པ་ནི་རྒྱུད་དང་མི་མཐུན་ནོ། །མདོར་ན་རྒྱུད་སྡེ་དེ་རྣམས་ལས་བདག་ཉིད་སངས་རྒྱས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པ་གསལ་བར་བཤད་པའི་ཕྱིར་སྤྱོད་པའི་རྒྱུད་དུ་གྲུབ་པ་ཡིན་ནོ། །ལྔ་པ་རྒྱུད་དེ་རྣམས་ཀྱི་དོན་གཏན་ལ་དབབ་པ་ལ་གཉིས། ཚིག་ཇི་ལྟར་འཆད་པའི་ཚུལ་དང༌། དོན་ཉམས་སུ་བླང་བའི་རིམ་པ་བཤད་པའོ། །དང་པོ་ནི། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་ལས་བཤད་པ་ལྟར། གདུལ་བྱ་དབང་རྣོན་མགོ་སྨོས་པས་གོ་བ་ལ་རྒྱུད་ཀྱི་མཚན་ཙམ་དང༌། དབང་འབྲིང་རྣམ་པར་ཕྱེ་བས་གོ་བ་ལ་མིང་དེ་ཉིད་ཀྱི་དོན་རབ་ཏུ་ཕྱེ་བ་ཙམ་བརྗོད་པ་དང༌། དབང་རྟུལ་ཚིག་ལྷུར་ལེན་པ་ལ། ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་དབྱེ་བ་བརྟག་པའི་རིམ་གྱིས་རྒྱས་པར་སྤྲོས་ཏེ་འཆད་པའི་སྒོ་གསུམ་དང༌། དེ་གསུམ་ཀ་ལ་ཡང་རྒྱུ་དང༌། ངོ་བོ་དང༌། འབྲས་བུ་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་པོ་རང་གི་དོན་ཕུན་སུམ་ཚོགས་པ་དང༌། དེས་དཀྱིལ་འཁོར་དང༌། སྔགས་དང༌། ཕྱག་རྒྱ་ལ་སོགས་པའི་སྒོ་ནས། གཞན་དོན་ཕུན་སུམ་ཚོགས་པ་གཉིས། དེ་ལ་ཡང་དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་དག་པར་བརྟེན་པའི་སྤྱོད་པ་དང༌། དེ་ལས་གཞན་རིག་སྔགས་དང་གསང་སྔགས་ལ་སོགས་པ་མཉེས་པར་བྱ་བའི་ཕྱིར། སྒྲུབ་པ་པོ་རྣམས་ཀྱི་སྤྱོད་པ་འབྲས་བུ་དང་བཅས་པ་གཉིས། དེ་ལ་ཡང་གསང་སྔགས་མཉེས་པར་བྱ་བ་ལ། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པོ་དང༌། དངོས་གྲུབ་ཀྱི་སྤྱོད་པ་དང་བཞི་འོག་ཉམས་ལེན་གྱི་སྐབས་སུ་འཆད་པར་འགྱུར་བ་ལྟ་བུ་སྟེ། དེ་རྣམས་ཀྱིས་བསྡུས་པའི་སྒོ་ནས་རྣམ་སྣང་མངོན་བྱང་བཤད་པ་བཞིན་དུ། སྤྱོད་རྒྱུད་གཞན་ལ་ཡང་ཅི་རིགས་པར་སྦྱར་ལ། རྒྱུད་སོ་སོའི་ཆོས་སྐད་རྐང་ཚུགས་པར་བྱས་ལ་བཤད་དོ། །གཉིས་པ་ལ་གསུམ། རྒྱུ་རྟེན་གྱི་གང་ཟག རྐྱེན་ལམ་གྱི་རིམ་པ། འབྲས་བུ་སངས་རྒྱས་ཀྱི་ས་བཤད་པའོ། །དང་པོ་ནི། དེ་ལ་ལམ་འདི་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་ནི། སྐྱེ་བ་སྔ་མ་རྣམས་སུ་སྲོག་གཅོད་པ་སྤང་བ་ལ་སོགས་པ་དགེ་བ་བཅུ་ལེགས་པར་སྤྱད་པས། དེའི་རྣམ་པར་སྨིན་པའི་དབང་གིས་སྐྱེ་བ་འདིར་ལུས་མཚན་དང་ལྡན་ཞིང་ངག་སྙན་པ་དང༌། སེམས་དུག་གསུམ་ཤས་ཆུང་བ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་འདི་ལ་རྒྱུད་ནི་རིགས་གཙོ་བོ་གསུམ་ཐོབ་བོ། །སྔོན་ཤིན་ཏུ་ལས་ལེགས་པར་སྤྱད་པ་སྤྱད་དོ། །འདིར་ལས་ཀྱི་བགོ་སྐལ་གྱི་གང་ཡིན་པ་དངོས་གྲུབ་ཀྱི་བགོ་སྐལ་དུ་འདོད་དོ། །དེའི་ཕྱིར་ལུས་མཚན་སྣ་ཚོགས་འབར་ཞིང༌། ཚངས་པ་དང༌། བྱ་ཀ་ལ་པིངྐ་དང༌། འབྲུག་གི་སྒྲ་དང་ལྡན་པ། འདོད་ཆགས་བསྲབས་ཤིང་ཞེ་སྡང་གི་ཟུག་རྔུ་དང་བྲལ་བ་གཏི་མུག་གི་མུན་པ་བསལ་བའི་ཡིད་ཅན་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་ལུས་དང༌། ངག་དང༌། ཡིད་དང་ལྡན་ན། དེ་ནི་སྒྲུབ་པ་པོ་མཆོག་གི་རྟེན་དུ་བརྗོད་དེ་སྔོན་བྱས་པས་འཕངས་པ་ཅན་ནོ། །ཞེས་སོ། །དེ་ལྟ་བུའི་གང་ཟག་གིས་ཐོག་མར་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་རྒྱུད་ལེགས་པར་སྦྱངས་ཏེ། དེ་ནས་རྒྱུད་འདིར་འཇུག་དགོས་ཏེ། ཕྱག་རྡོར་དབང་བསྐུར་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཆེན་པོ་ཤིན་ཏུ་རྒྱ་ཆེ་བ་འདི་དང༌། ཤིན་ཏུ་ཟབ་པ་འདི་དང༌། གཏིང་དཔག་དཀའ་བ་དང༌། གསང་བ་བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི། ལག་ན་རྡོ་རྗེ་ཁྱོད་ཀྱི་དཀོན་པ་ཞིག་སྨྲས་ཏེ། འདི་སེམས་ཅན་ཅི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང༌། གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་སྒྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདིར་གཞུག་པར་བྱའི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་གྲུབ་པ་ལ་དཀྱིལ་འཁོར་འདི་དང་ཕྱག་རྒྱ་འདི་བསྟན་པར་བྱའོ། །དེ་མ་ཡིན་པ་ལ་ནི་གླེགས་བམ་ཡང་བསྟན་པར་མི་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྤྱོད་པའི་བྱང་ཆུབ་སེམས་དཔའ་དམ་ཚིག་མི་ཤེས་པའི་སེམས་ཅན་ལ་དཀྱིལ་འཁོར་རམ་ཕྱག་རྒྱ་བསྟན་ན། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསླུས་པར་འགྱུར་རོ། །མཚམས་མེད་པ་ལྔ་ཡང་བྱས་པར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་བྱས་པ་ནི་སླའི། དམ་ཚིག་མི་ཤེས་པ་དང༌། ལུས་ཡོངས་སུ་མ་སྦྱངས་པ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་མ་གྲུབ་པ་ལ་སྟོན་པ་ནི་དེ་ལྟར་མ་ཡིན་ཏེ། འཇམ་དཔལ་སེམས་ཅན་དེ་དག་གི་མདུན་དུ་ནི་ནམ་ཡང་ཚིག་དུ་བརྗོད་པར་མི་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ་རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་ལས། དེ་ལ་སྒྲུབ་པ་པོའི་སྤྱོད་པ་ནི་སྤྱོད་པ་རྣམ་པ་གསུམ་ཏེ། འདི་ལྟ་སྟེ། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་དང༌། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྔགས་བསྙེན་པའི་ཆོ་གའི་མཚན་ཉིད་ཅན་གྱི་སྦྱོར་བའི་སྤྱོད་པ་དང༌། དེ་བཞིན་དུ་སྤྱོད་པ་གསུམ་པ་གསང་སྔགས་བསྒྲུབས་པས་གསང་སྔགས་ཀྱི་འབྲས་བུ་འགྲུབ་པ་སྟེ། འབྲས་བུ་ནི་གསང་སྔགས་ཀྱི་འབྲས་བུ་ངོ་བོ་ཉིད་དངོས་གྲུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དོན་གསུམ་ཏེ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། སྒྲུབ་པའི་སྤྱོད་པའོ། །དང་པོ་ལ་གཉིས། ཕྱིའི་འཇུག་པ་དང༌། ནང་གི་འཇུག་པའོ། །དང་པོ་ལ་གཉིས་ཀྱི། དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་དང༌། དམ་ཚིག་དང་སྡོམ་པ་ལ་གནས་པར་བྱའོ། །དང་པོ་ནི། གསང་སྔགས་ཀྱི་ཚུལ་ལ་མོས་ཤིང་ཡིད་ཆེས་པའི་སློབ་མས། ཤེས་རབ་དང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བླ་མ་ལ་ལོ་དང་ཟླ་བ་མང་པོར་ཕྱག་དང་མཎྜལ་འབུལ་བ་དང༌། ཟས་གོས་དང་སོ་ཆིས་ལ་སོགས་པས་མཉེས་པར་བྱས་ནས་དབང་བསྐུར་བར་གསོལ་བ་བཏབ་ལ། དེས་ཀྱང་སྤྱོད་པའི་རྒྱུད་ལས་གསུངས་པའི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་དང༌། དམ་ཚིག་དང་སྡོམ་པ་ལ་སོགས་པ་བྱིན་པས་ལམ་བསྒོམ་པའི་སྣོད་རུང་དུ་བྱ་ཞིང༌། རང་གི་འདོད་པའི་ལྷའི་བཟླས་ལུང་ཡང་སྦྱིན་པར་བྱ་སྟེ། སློབ་དཔོན་ཛྙཱ་ན་ཨཱ་ཀ་རས། དེ་ལ་འཇུག་པའི་སྤྱོད་པ་ནི། །སྔགས་ལ་དད་པའི་སློབ་མ་ཡིས། །བླ་མ་ཡོན་ཏན་ལྡན་པ་ལ། །དུས་རིང་བསྙེན་པ་སྔོན་འགྲོ་བས། །མཉེས་ནས་གསོལ་བ་གདབ་བྱས་ལ། །དཀྱིལ་འཁོར་འཇུག་དང་དབང་བསྐུར་ཞིང༌། །རང་གི་འདོད་ལྷ་བཟུང་བ་སྟེ། །དེ་ནི་གཞི་ཡི་རྐྱེན་ཞེས་བྱ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དང་པོ་ཉིད་དུ་ཐེག་པ་ཆེན་པོ་ལ་མངོན་པར་དད་པའི་སློབ་མས། བླ་མ་སྔར་བཤད་པའི་ཡོན་ཏན་ཅན་ལ། དམ་ཚིག་ལྟ་བའི་གསོལ་བ་གདབ་ཅིང༌། སློབ་དཔོན་གྱིས་དཔྱད་པ་བྱས་པ་དང༌། ཕྱི་ནས་དཀྱིལ་འཁོར་ཆེན་པོར་སློབ་མ་མངོན་པར་དབང་བསྐུར་ཞིང་རྗེས་སུ་གནང་བ་ལས་ལྷ་ཡང་དག་པར་བཟུང་བ་འདི་ནི་འཇུག་པའི་སྤྱོད་པ་སྟེ། གཞིའི་རྐྱེན་ཞེས་བྱའོ། །ཞེས་སོ། །དེའི་ཚེ་དབང་ཅི་ཙམ་ཞིག་བསྐུར་སྙམ་ན། རྒྱུད་སྡེ་གོང་མར། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཞེས་དབང་ལྔ་བསྐུར་བར་གསུངས་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། དབང་ལྔ་བསྟན་ཏེ། སྔོན་བྱུང་ལ་དེ་བཞིན་གཤེགས་པའི་འོད་ཟེར་ཕྱག་རྡོར་གྱི་སྤྱི་བོར་འདུག་པ་ཆུའི་དབང༌། རྡོ་རྗེ་ཆེན་པོ་སྙིང་པོ་རྒྱ་ཆེ་བའི་དབང་དུ་གསུངས་པས་སངས་རྒྱས་ཀྱི་འཁོར་ཐམས་ཅད་དུ་ལག་ན་རྡོ་རྗེ་ཅོད་པཎ་ཅན་དུ་ཀུན་ཏུ་སྣང་ངོ༌། །ཞེས་གསུངས་པས་ཅོད་པཎ་གྱི་དབང༌། རྡོ་རྗེ་ཐོགས་པ་མེད་པའི་སྙིང་པོས་རྡོ་རྗེ་ལག་ཏུ་བྱིན་པས་རྡོར་དྲིལ་གྱི་དབང༌། སངས་རྒྱས་འཁོར་བཅས་ཐམས་ཅད་དེའི་ཚེ་ལག་ན་རྡོ་རྗེ་ལག་ན་རྡོ་རྗེ་ཞེས་བརྗོད་པས་མིང་གི་དབང་ངོ༌། །རྗེས་འཇུག་དཀྱིལ་འཁོར་གྱི་ཆོ་གའི་སྐབས་སུ། རིན་པོ་ཆེ་སྣ་བཞིའི་བུམ་པ་སོགས་ཀྱི་ཆུ་དབང་དང༌། ལག་པ་གཡས་སུ་རྡོ་རྗེ་དང༌། གཡོན་དུ་འཁོར་ལོ་བཞག་ནས་སུ། ཞེས་སོགས་ཀྱིས་ཕྱག་མཚན་གྱི་དབང་དང༌། སློབ་མ་རྡོ་རྗེ་ཆོས་བརྗོད་ལ། ཞེས་པས་མིང་དབང་བསྟན་པས་རིགས་པའི་དབང་ལྔར་འཆད་ལ། རྣམ་སྣང་མངོན་བྱང་ལས། ཆུ་དབང་དང༌། ཐུར་མ་དང༌། མེ་ལོང་དང༌། ཆོས་བཤད་པའི་རྗེས་གནང་ཙམ་ཞིག་ལས་མ་གསུང་ཞིང༌། དེའི་འགྲེལ་པར་ཡང༌། དབུ་རྒྱན་ལ་སོགས་པའི་དབང་གསལ་བར་མ་གསུངས་ཀྱང༌། ཕྱག་རྡོར་དབང་བསྐུར་གྱི་དབང་ལྔས་ཁ་བསྐང་དགོས་མི་དགོས་དཔྱད་པར་བྱའོ། །གལ་ཏེ་སྤྱོད་པའི་རྒྱུད་ལ་དབང་ལྔ་ཡོད་ན། རྣམ་སྣང་མངོན་བྱང་ལས། དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །དེ་བས་ནན་ཏན་མཉན་པར་གྱིས། །ཕྱག་རྒྱས་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ་སྟེ། །སྐྱོབ་པ་རྣམས་ཀྱི་དབང་བསྐུར་བ། །དེ་ནི་མཆོག་སྟེ་དང་པོ་ཡིན། །གཉིས་པ་ལས་དང་བྱ་བ་ཡི། །ཀུན་ནས་བླང་བར་ཡང་དག་བཤད། །གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ། །ཡུལ་དང་དུས་ནི་སྤངས་བའོ། །ཞེས་བཤད་པ་དང་འགལ་ཞེ་ན། སྐྱོན་མེད་དེ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང༌། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ་བུམ་པ་ལ་སོགས་པའི་ལས་དང་བྱ་བ་སྤངས་པ་ནི་དང་པོ། །ཡང་དཀྱིལ་འཁོར་དེ་གཉིས་བྲིས་ནས་བུམ་པ་ལ་སོགས་པས་དབང་བསྐུར་བ་གཉིས་པ། གསང་བའི་དཀྱིལ་འཁོར་དུ་ཡིད་ཙམ་གྱིས་དབང་བསྐུར་བ་གསུམ་པ་ཡིན་གྱི། ཅོད་པཎ་ལ་སོགས་པ་ལ་དགག་པ་བཤད་པ་མེད་དོ། །ཞེས་མཁས་པ་དག་གསུང་ངོ༌། །གཉིས་པ་ནི་དེ་ལྟར་དབང་བསྐུར་བ་ཐོབ་ནས། དམ་ཚིག་དང་སྡོམ་པ་ཡང་དག་པར་གཟུང་དགོས་པས། དེའི་ཚུལ་ལ་མཁས་པ་དག་སྤྱོད་པའི་རྒྱུད་ཀྱི་རྩ་ལྟུང་ནི་བཅུ་བཞི་སྟེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང༌། ཞེས་པ་ནས། ལོག་པར་ལྟ་བ་ལས་སླར་ལྡོག་པར་བྱའོ། །ཞེས་པའི་བར་མི་དགེ་བ་བཅུ་སྤངས་པ་གསུངས་པ་ལ། འོ་ན་དེ་མུ་སྟེགས་པ་དང་ཉན་ཐོས་ཀྱིས་ཀྱང་བསྲུང་བས་ཁྱད་ཅི་ཡོད་ཞུས་པས། ཉན་རང་གི་ཐབས་ཤེས་རབ་དང་མི་ལྡན། འཇིག་རྟེན་མུ་སྟེགས་པས་དངོས་པོ་ལ་ཞེན་ཅིང་གཞན་གྱི་རྐྱེན་གྱིས་འགྲོ་ལ། བྱང་སེམས་ཐབས་ཤེས་དང་ལྡན་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སྒོ་ནས་གཞན་གྱི་དྲིང་མི་འཇོག་པས་ཁྱད་ཡོད་ལ། འོ་ན་མི་དགེ་བ་བཅུས་སྡོམ་པ་ཉམས་ཤིང་རྩ་བ་ཆད་ན་བྱང་སེམས་ཁྱིམ་པ་རྒྱལ་སྲིད་འཛིན་ཡང་ལྟུང་བར་མི་འགྱུར་བ་ཇི་ལྟར་ཡིན་ཞུས་པས། ཁྱིམ་པས་ཐབས་མཁས་པའི་སྒོ་ནས། རྩ་བ་བཞི་ལོག་ལྟ་དང་ལྔ་སྤང་ཞིང༌། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྤྱོད་པས། འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་རྒྱུ་རྩ་བ་བཞི་བསྲུངས་ཏེ། དེ་ཉིད་ལས་ལྟུང་བའི་རྩ་བ་བཞི་ནི། སྲོག་གི་ཕྱིར་ཡོངས་སུ་ཉམས་པར་མི་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། སེར་སྣ་བྱེད་པ་དང༌། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་པ་རང་བཞིན་གྱི་ཉོན་མོངས་པ་ཅན་ཏེ། སླར་གསོར་མི་རུང་བའོ། །ཞེས་གསུངས་པས། རབ་བྱུང་ལ་མི་དགེ་བ་བཅུས་སྡོམ་པ་ཉམས་ཤིང་རྩ་བ་ནས་ཆད་པར་བཤད་པས། རྩ་ལྟུང་བཅུར་འགྱུར་ལ། ཁྱིམ་པའི་ལྔ་ནི་མཚན་ཉིད་མཐུན་པའི་ཕྱིར། རབ་བྱུང་གི་བཅུའི་ནང་དུ་འདུས་ལ། གཉིས་ཀའི་ཐུན་མོང་གི་བཞི་སྟེ། རྩ་ལྟུང་བཅུ་བཞི་ཡིན་ནོ། །ཞེས་གསུངས་པ་ནི་མི་འཐད་དེ། མི་དགེ་བ་བཅུ་ནི་ཐུན་མོང་བར་བཤད་ཀྱི་དབང་བསྐུར་ཀྱིས་ཐོབ་པའི་དམ་ཚིག་ཏུ་མ་གསུངས་ཏེ། བསྡུས་འགྲེལ་ལས། དེ་ལས་གཞན་པ་དག་ནི། འདི་ལས་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་དང༌། གསང་སྔགས་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྤྱོད་པ་ཐུན་མོང་དུ་བཤད་པ་དག་ཡིན་ཏེ། དེ་ཡང་འདི་ལས་བསླབ་པ་བཟུང་བར་རིམ་པར་ཕྱེ་བ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ཐབས་དང་བཅས་པའི་རྗེས་སུ་བྱེད་པའི་ངོ་བོ་བསྟན་པ་ཡིན་ཏེ། ཞེས་ཐུན་མོང་བར་བཤད་པ་དང་འགལ་བའི་ཕྱིར་རོ། །ཡང་བླ་མ་དག་སྨོན་འཇུག་སེམས་བསྐྱེད་ཀྱིས་བསྡུས་པའི་སྡོམ་པ་ལས་གཞན་པ་མི་འདོད་པའང་མི་འཐད་དེ། །དེ་དག་འདིར་ངེས་པར་བསྲུང་དགོས་ཀྱང་སྤྱོད་རྒྱུད་ཀྱི་ལམ་ལ་མ་ཞུགས་པའི་གང་དུ་དེ་དག་དང་ལྡན་པར་བྱས་ཟིན་པའི་ཕྱིར་དང༌། ཐུན་མོང་མ་ཡིན་པའི་དབང་གིས་ཐོབ་པའི་སྡོམ་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཐུན་མོང་གི་བསླབ་བྱ་ནི་མི་དགེ་བ་བཅུ་སྤང་བ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་འཛིན་པ་རྣམས་ཡིན་ལ། ཐུན་མོང་མ་ཡིན་པ་ནི། རྣམ་སྣང་མངོན་བྱང་ལས། དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་དེང་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱི་སེར་སྣ་དང་ནི་གང༌། །སེམས་ཅན་གནོད་པར་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་བསྲུངས་པ། །དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུང༌། །ཞེས་གསུངས་པ་ལྟར་རྩ་བའི་ལྟུང་བ་བཞི་ཡིན་ནོ། །དེས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྟུང་བ་དེ་དག་གིས་རང་གི་རྒྱུད་ལ་མ་གོས་པར་བྱ། གལ་ཏེ་བག་མེད་པས་ལྟུང་བ་བྱུང་ན། དུས་ཀྱི་དྲུག་ཆ་ལས་ཐལ་དུ་མི་གཞུག་པར་ཕྱིར་བཅོས་པའི་ཐབས་ཀྱིས་སྦྱངས་ལ། རྒྱུད་ལྟུང་མེད་དུ་གནས་པས་ལམ་བསྒོམ་པ་ནི་གནད་ཀྱི་དོན་དུ་གཟུང་ངོ༌། །གཉིས་པ་ལ་གཉིས། རྣལ་འབྱོར་གཉིས་ཀྱི་དབྱེ་བ་དང༌། ཕྱེ་བ་སོ་སོའི་དོན་བཤད་པའོ། །དང་པོ་ནི། བསྡུས་འགྲེལ་ལས། ནང་གི་ནི། སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཉམ་པར་འཇོག་པ་དང་མཐུན་པ་ཁོ་ན་ཡིན་ཏེ། དེ་ཡང་འདི་ལས་སེམས་ཀྱི་རྒྱུན་མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའི་མཉམ་པར་འཇོག་པ་དང༌། མཐུན་པ་ཉིད་དུ་རྣམ་པ་གཉིས་སུ་བསྟན་པས་ཤེས་པར་བྱའོ། །ཞེས་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་སུ་བསྡུས་ཤིང༌། དེ་ལྟར་བསྡུ་བའི་རྒྱུ་མཚན་ཡང༌། རྣམ་སྣང་མངོན་བྱང་ལས། དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱི་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི། མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་སྒྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བརྟེན་པར་བྱ། །ཞེས་གསལ་བར་གསུངས་པའི་རྗེས་སུ་འབྲང་བར་མངོན་ནོ། །ཡང་རྣལ་འབྱོར་དེ་གཉིས་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་འབྱོར་ཞེས་ཀྱང་བྱ་སྟེ། དེ་ཉིད་ལས་ཕྱི་དང་ནང་གི་སྦྱོར་བ་ཡི། །ཡན་ལག་བཞི་པ་ངས་བཤད་པ། །དེ་ཡང་འཇིག་རྟེན་པ་ཡིན་ཏེ། །དམིགས་པ་ཅན་གྱི་བླ་མེད་པ། །སླར་སྡུད་པ་ཡི་ཚིག་གི་ནོན། །ལྷ་ཡི་རྗེས་སུ་སོང་བའི་ཡིད། །ཤུབ་སྟེ་བཟླས་བརྗོད་བྱེད་པའི་མཆོག །དམིགས་པ་ཅན་ལ་བརྟེན་པ་ཡིན། །ཡིད་ཀྱིས་འཇིག་རྟེན་འདས་ཤེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་བྱེད་པ་དང༌། །ཐ་དད་མ་ཡིན་འཛིན་པ་ཡི། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ། །འདིའི་འཇིག་རྟེན་ལས་འདས་པ་ཡང་བདག་མེད་པའི་རྣམ་པ་ཅན་དང༌། དེས་ཟིན་པའི་རྣལ་འབྱོར་ལ་བྱའི། འཕགས་པའི་རྒྱུད་ཀྱི་ཟག་མེད་ལ་སྐབས་འདིར་མི་བཟུང་ངོ༌། །གཉིས་པ་ལ་གཉིས། མཚན་མ་མེད་པའི་རྣལ་འབྱོར་དང༌། མཚན་མ་དང་བཅས་པའི་རྣལ་འབྱོར་རོ། །དང་པོ་ནི། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཞིང༌། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང༌། །ཞེས་མཚན་མ་མེད་པའི་རྣལ་འབྱོར་སྤྱི་དང༌། ཁྱད་པར་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྒྲུབ་པའི་སྐབས་ནས་སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ངམ། ཕུག་གམ། ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང༌། མཚན་མ་མ་བྱུང་གི་བར་དེ་སྲིད་དུ་འདུག་པར་བྱའོ། །ཞེས་གསུངས་ལ། མཚན་མ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་སེམས་ཅི་སྲིད་འདོད་ཀྱི་བར་དུ་བརྟན་པར་གནས་པ་ལ་བྱ་སྟེ། དེ་ཉིད་ལས། སློབ་མས་བསྒྲིམས་ཏེ་བྱང་ཆུབ་ཀྱི། །སེམས་ནི་ཀུན་ཏུ་དག་པར་བྱ། །གང་ཚེ་དམིགས་པ་རྣམས་ཀྱིས་ནི། །སློབ་མ་ནམ་ཡང་མི་གཡོ་བ། །དེ་ཚེ་ནམ་མཁའ་ལྟ་བུ་ནི། །དྲི་མེད་ཀུན་ཏུ་དག་པ་ཡིན། །ཞེས་སོ། །དེ་ཚུལ་ཇི་ལྟར་བསྒོམ་པའི་ཚུལ་ཡང་རྒྱས་པར་གསུངས་ཏེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པས། འདི་ལྟར་བསམ་པར་བྱའོ། །མཚན་མ་རྣམས་གང་ནས་བྱུང༌། ཅི་བདག་གི་ལུས་སམ། བདག་གི་སེམས་སམ་བདག་གི་ཡིད་ལས་བྱུང༌། དེ་ལ་ལུས་ནི་ལས་ལས་སྐྱེས་པ་སྟེ། རྩྭ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱི་བྱ་བ་མེད་པ། བླུན་པོའམ་ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ། བཟོས་བྱས་པའི་གཟུགས་ལྟ་བུར་བརྟག་པར་བྱའོ། །འདི་ལྟར་བཟོས་བྱས་པའི་གཟུགས་དེ་ལ། མི་ཞིག་གིས་ཁྲོས་ཏེ་མེའམ་དུག་གམ། མཚོན་ནམ་ཆུའམ་རྡོས་བཤིག་གམ། བསྲེགས་སམ་བཅད་ཀྱང་མི་དགའ་བ་ཅུང་ཟད་ཀྱང་མེད་ལ། བཟའ་བ་དང་བཏུང་བའམ་བཀྲུ་བའམ་བྱུག་པའམ། སྤོས་སམ་ཕྲེང་བའམ་གོས་སམ། ཙནྡན་ནམ་ག་པུར་ལ་སོགས་པ་ལྷ་དང་མིའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ། རང་གི་ང་རྒྱལ་ཀུན་ནས་བསླང་བའི་ཕྱིན་ཅི་ལོག་གི་ཡང་དག་པར་མ་ཡིན་པའི་རྟོག་པ་ལས་བྱུང་བའི་མཆོད་པའམ། གནོད་པར་བྱེད་པའི་མི་གང་ཡིན་པ་དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ། །གསང་བ་པའི་བདག་པོ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ངོ་བོ་ཉིད་ཀྱིས་སྟོང་པ་བསྒོམ་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང༌། སེམས་ནི་ངོ་བོ་ཉིད་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་པར་བྱའོ། །གསང་བའི་བདག་པོ་སེམས་ལ་ནི་དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི། ངོ་བོ་ཉིད་ཀྱི་མཚན་མ་དང་བྲལ་བའོ་སྙམ་དུ་བསམ་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས། ཡིད་མཚན་མ་དང་བཅས་པར་རྟོགས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དགས་སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ། །ཞེས་བྱ་བར་ནི་རབ་ཏུ་མི་ཤེས་སོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་དེ་ལྟར་བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ་ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ། དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། །ཞེས་གསུངས་པས། ལུས་དང་སེམས་ཚོགས་དྲུག་དང༌། ཡིད་གཟུང་འཛིན་གྱི་རྣམ་པ་ཅན་གྱི་རྣམ་ཤེས་ཏེ། དེ་རྣམས་རང་བཞིན་མེད་པའི་ཚུལ་དུ་གཏན་ལ་དབབ་ཅིང༌། དེ་ལ་བདེན་པར་འཛིན་པའམ། བློས་བརྟགས་པ་ཙམ་དུ་ཤེས་པར་བྱ་སྟེ། དེ་ཉིད་ལས། དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱ། །ཞེས་སོ། །དེ་ལྟར་མཚན་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པའི་ཕན་ཡོན་ཡང༌། དེ་ཉིད་ལས། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བ་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་བྱུང་བ་ཡང་དག་ཐོབ། །ཅེས་སོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམས། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྡམས་པ་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །ཞེས་གསུངས་སོ། །ཐོག་མར་བདག་དང་གནས་བསྲུང་བ་ལ་སོགས་པ་སྔོན་དུ་སོང་བའི་སྒོ་ནས། བདག་གི་དེ་ཁོ་ན་ཉིད་སྟོང་པ་ཉིད་བསྒོམས་ཏེ། དེ་ཡང་འབྱུང་བ་ཆེན་པོ་ལ་བརྟེན་པའི། རང་གི་ཕུང་པོ་འདི་ཐ་སྙད་དུ་གཟུགས་བརྙན་ཙམ་དང༌། དོན་དམ་པར་ནམ་མཁའ་དང་འདྲ་བར་སངས་རྒྱས་རྣམས་ཀྱི་ཐུགས་སུ་ཆུད་ལ། དེ་དག་གི་ཇི་ལྟར་གཟིགས་པ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟོགས་པར་བྱ་སྟེ། འདི་ལྟར་བདག་དང་བསྒོམ་པར་བྱ་བའི་ལྷ་གཉིས་ཀ་ལ་བདེན་པར་གྲུབ་པའི་རང་བཞིན་མེད་དེ། བརྟེན་ནས་བྱུང་བའི་ཕྱིར་གཟུགས་བརྙན་བཞིན་ནོ་སྙམ་དུ་བསམས་ལ། རང་བཞིན་མེད་པར་གཏན་ལ་དབབ་བོ། །དེ་ནས་རང་དང་ལྷ་གཉིས་ཀྱི་རང་བཞིན་མེད་པའི་སྟོང་པ་གཉིས་དབྱེར་མེད་པའོ་སྙམ་དུ་ངེས་པ་བརྟན་པོ་རྙེད་ཀྱི་བར་དུ་བསམས་ནས། དེའི་རྗེས་ལ་བདག་ལྷར་བསྐྱེད་དགོས་ཏེ། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་ལུས་ལ་ལུས་ཀྱི་གཟུགས་བསྐྱེད་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ལྷག་པར་ནི་གང་ཡང་མེད་དེ། ཇི་ལྟར་བདག་གི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་སོགས་པའི་འབྱུང་བ་ཆེན་པོ་བཞིའི་ནང་དུ་གཏོགས་པ་ཡིན་ལ། དེ་དག་ཀྱང་ངོ་བོ་ཉིད་ཀྱི་སྟོང་པ་མིང་ཙམ་གྱིས་བསྡུས་པ། ནམ་མཁའ་དང་མཚུངས་ཤིང་འདྲ་བར་གཟུང་དུ་མེད་པ་རྒྱུ་དང་ལས་ལས་འབྱུང་བ་སྟེ། གཟུགས་བརྙན་དང་འདྲ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་དུ་རྫོགས་པར་སངས་རྒྱས་སོ། །དེ་དག་ཀྱང་ཕན་ཚུན་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུན་མ་ཆད་པར་འབྲེལ་པ་སྟེ། གང་བརྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་དང་འདྲ་བར་འབྱུང་ངོ༌། །དེ་ལྟ་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ལྷ་གང་ཡིན་པ་དེ་བདག་ཡིན། བདག་གང་ཡིན་པ་དེ་ལྷ་ཡིན་ནོ། །ཞེས་དེ་ལྟར་ལུས་ཀྱིས་ལུས་ཀྱི་གཟུགས་ལྷའི་སྐུར་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །བསྡུས་འགྲེལ་ལས་ཀྱང༌། ཕུང་པོ་ལ་སོགས་པ་གཅིག་དང་དུ་བྲལ་གྱི་རིགས་པས། རང་བཞིན་མེད་པར་གཏན་ལ་ཕབ་ནས། ལྷའི་རྣལ་འབྱོར་བྱ་བར་གསུངས་པས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་བཞིན་མེད་པར་གཏན་ལ་ཕབ་པའི་ངང་ནས། ལྷའི་སྐུར་ལྡང་དགོས་པ་ཡིན་ནོ། །དེ་ནི་ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམ་པའོ། །དེའི་རྗེས་ལ་ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང༌། དེ་ལས་གཞི་དང་པོ་རང་སངས་རྒྱས་ཀྱི་སྐུར་བསྐྱེད་ལ། སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཟླ་བར་བྱ་བའི་སྔགས་ཀྱི་ཕྲེང་བ་བཀོད་ནས་དེ་ལ་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །དེ་བཞིན་དུ་མཚན་བཅས་མཚན་མེད་ཐུན་མོང་གི་འཇུག་པ་ཡང་གསུངས་སོ། །དེ་ལྟར་འཇུག་པའི་སྤྱོད་པ་ལ། ཕྱི་ནང་གཉིས་སུ་དབྱེ་བ་ནི། བསྡུས་འགྲེལ་ལས། དེ་ལ་གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་ནི། ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ་ཞེས་གསུངས་སོ།།  །།གཉིས་པ་ལ་གཉིས། མཚན་མ་དང་བཅས་པའི་རྣལ་འབྱོར་དང༌། མཚན་མ་མེད་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཕྱིའི་བཟླས་བརྗོད་ཡན་ལག་བཞི་དང༌། ནང་གི་བཟླས་བརྗོད་ཡན་ལག་བཞིའོ། །དང་པོ་ནི་དབེན་པའི་གནས་སུ་ཁྲུས་དང༌། གཙང་སྒྲ་གཉིས་སྔོན་དུ་འགྲོ་བས་སྟན་བདེ་བ་ལ་འདུག་སྟེ། བདག་གནས་པའི་གཞི་དང་དབང་ཆེན་གྱི་དཀྱིལ་འཁོར། རྡོ་རྗེའི་གདན་དུ་བྱིན་གྱིས་བརླབ། བསྲུང་བ་ཆེན་མོའི་སྔགས་རྒྱས་བདག་བསྲུངས་ནས། གོ་བགོ་བ་དང་སྲུང་བའི་འཁོར་ལོ་བསྒོམས་པ་རྣམས་སྔོན་དུ་འགྲོ་བས་སྔར་བཞིན་སྟོང་པ་ཉིད་ཡུན་རིང་དུ་བསྒོམ། དེ་ནས་ལག་པ་གཉིས་ཀྱི་སོར་མོ་ཐམས་ཅད་བཟློག་སྟེ་བསྣོལ་ལ། མཐེ་བོང་གཉིས་སྤྲད་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང༌། ན་མཿས་མནྟ་བཛྲཱ་ནཱཾ་སཏྭཱ་བཛྲ་ཨཱཏྨ་ཀོཉཧཾ། ཞེས་པས་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ལོགས་ན་མི་འདུག་པས། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་ངོས་གནས་ནས་དཀྲིས་པ་དེ་བཞིན་གཤེགས་པའི་གོ་ཆའི་ཕྱག་རྒྱ་དང༌། ན་མ་ཿས་མནྟ་བཛྲཱ་བཛྲ་ཀ་ཝ་ཙ་ཧཱུྃ། ཞེས་པས་བདག་ཉིད་རྡོ་རྗེ་གོ་ཆའི་སྔགས་ཀྱིས་གོ་ཆ་བསྐོན་ལ། དམ་ཚིག་གི་ཕྱག་རྒྱས་མདུན་དུ་དཀྱིལ་འཁོར་གསལ་བཏབ་ལ། འོག་ནས་འབྱུང་བ་ལྟར་མཆོད་པ་རྣམས་ཀྱི་མཆོད་དོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཨ་བསམས་ལ། དེའི་སྒྲས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའོ། །ཞེས་དམིགས་ཏེ་རང་གི་ཕུང་པོ་ལྔ་གདོད་མ་ནས་མ་བྱུང༌། མ་སྐྱེས་པའི་སྦྱོར་བས། སྟོང་པ་ཉིད་དུ་བཤིགས་ཏེ། སྟོང་པའི་ངང་ལས་ཡི་གེ་དང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རང་གི་སེམས་གསལ་བར་སྣང་གི་བར་དུ་བསྒོམ། དེའི་སྟེང་དུ་ཡི་གེ་གཉིས་པ་ཨཿབསམས་ལ། དེ་ནས་ཡི་གེ་དང་ཟླ་བ་ཉིད་ཀྱང་དམིགས་སུ་མེད་པར་བཤིགས་ཏེ། ཇི་ཙམ་འདོད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱའོ། །དེ་ནས་སྙིང་རྗེའི་དབང་གིས། ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྒྱུ་མ་ལྟ་བུར་མོས་པའི་ཚུལ་གྱིས་སྙིང་གར་ཨ་བསམས་ནས། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་བཞུགས་པ། དབུ་ཐོར་ཚུགས་དང་དབུ་རྒྱན་ཅན། དར་རམ་རས་ཀྱི་སྨད་གཡོགས་དང་དར་ལའི་སྟོད་གཡོགས་བསྣམས་པ། གསེར་གྱི་ཁ་དོག་ཅན་ལྟ་བུར་འབར་བའི་ཕྲེང་བ་འཁྲིགས་པ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པར་བསྒོམས་ལ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ། མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་འབར་བ་ལྟ་བུར་བསྐྱེད། གུང་མོ་དང་སྲིན་ལག་གཉིས་བརྐྱངས་པས་པདྨའི་སྦུབས་ཀྱི་ཕྱག་རྒྱའི་ནང་དུ། དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་འདྲ་བ་པདྨའི་མཚན་མས་མཚན་པ་ཅན་དང་སྔགས་ཀྱི་ཡི་གེ་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་སཾ་ས་སྭཱ་ཧཱས་འོག་དུ་པདྨའི་གདན་བྱིན་གྱིས་བརླབ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་ཕྱེ་སྟེ་ལྷག་མ་རྣམས་ཅུང་ཟད་སྙེམས་པ་ལྟ་བུར་བྱས་པ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱའི་ནང་དུ་དཀྱིལ་འཁོར་ནི་བུམ་པ་ཟླ་བ་དང་འདྲ་བ་རྡོ་རྗེས་མཚན་པ་དང༌། སྔགས་ཀྱི་ཡི་གེ་བསམས་ལ། ན་མ་ཿས་མནྟ་བུདྡྷ་ནཱཾ་ཨོཾ་ཨཱཿསྭཱ་ཧཱ། ལྷའི་སྐུ་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པར་བརྟན་པར་བྱིན་གྱིས་བརླབ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ནས་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་འབར་བ་ལྟ་བུར་བསྐྱེད་པ་གཟི་བརྗིད་འབྱུང་བའི་ཕྱག་རྒྱའི་ནང་དུ། དཀྱིལ་འཁོར་ནི་གྲུ་གསུམ་ལ་སུམ་མདོ་མེ་རི་འབར་བས་མཚན་པ་སྔགས་དང་བཅས་པ་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་རཾ་ར་སྭཱ་ཧཱས་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པར་བྱིན་གྱིས་བརླབ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་སོ་སོར་ཕྱེ་སྟེ་གུང་མོ་གཉིས་བཀུག ལྷག་མ་རྣམས་ཅུང་ཟད་སྙེམས་པ་ལྟར་བྱས་པ་གཟུངས་ཀྱི་ཕྱག་རྒྱའི་ནང་དུ། དཀྱིལ་འཁོར་ནི་དཀྱིལ་འཁོར་བཞི་ཀའི་ཁ་དོག་དང་ལྡན་པས་འཇའ་ལྟ་བུ་རྡོ་རྗེ་དང་པདྨ་ལ་སོགས་པའི་མཚན་མ་དཀྱིལ་འཁོར་གཞན་ལ་ཡོད་པ་ཐམས་ཅད་དང་ལྡན་ཞིང༌། རླུང་གི་དཀྱིལ་འཁོར་གྱི་མཚན་མ་མི་གཡོ་བར་བྱ་བའི་ཕྱིར། རྡོ་རྗེ་ཅན་གྱི་བ་དན་དང་སྔགས་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་བུདྡྷ་དྷ་ར་ཎི་སྨྲྀ་ཏི་བ་ལ་དྷཱ་ན་ཀ་རི་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ། སརྦ་བྷ་ག་ཝ་ཏཱི་ཨཱ་ཀ་ར་བ་ཏཱི་ཨ་ས་མེ་སྭཱ་ཧཱས་ཆོས་མི་བརྗེད་པའི་དྲན་པ་བརྟན་པར་བྱིན་གྱིས་བརླབ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེའུ་ཆུང་གཉིས་འོག་ཏུ་གཞུག མཛུབ་མོ་གཉིས་འབར་བ་ལྟ་བུར་བསྐྱེད་ལ། སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་རྒྱན་གྱི་ཕྱག་རྒྱའི་ནང་དུ། དཀྱིལ་འཁོར་ནི་ཟླ་བ་ཁམ་པ་ལྟ་བུ་བ་དན་དང་བཅས་པ་ཀླད་ཀོར་གཉིས་ཀྱིས་མཚན་མར་བསམས་ལ། ན་མཿས་མནྟ་བུདྡྷ་ནཱཾ་ཧཾ་ཧ་སྭཱ་ཧཱས། ངག་སངས་རྒྱས་གྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པར་བྱིན་གྱིས་བརླབ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་སོ་སོར་ཕྱེ་སྟེ། མཐེའུ་ཆུང་གཉིས་གུང་མོ་གཉིས་ཀྱིས་བཀུག་ལ་སྤྱི་བོར་སྦྱར་བ་ཆོས་གནས་པའི་ཕྱག་རྒྱའི་ནང་དུ། དཀྱིལ་འཁོར་ནི་ནམ་མཁའ་ཁ་དོག་ཐམས་ཅད་དང་ལྡན་པ་སྟོང་པའམ་སྟོང་པར་མཚན་པའི་མཚན་མ་ཀླད་ཀོར་གཉིས་ཀྱི་མཚན་པ་སྔགས་དང་བཅས་པ་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨེ་བེ་ད་བི་དེ་ཨ་སྭཱ་ཧཱས་དེ་བཞིན་གཤེགས་པའི་ཆོས་ཉིད་བརྟན་པར་བྱིན་གྱིས་བརླབ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་སྟེ་མཐེ་བོང་གཉིས་ཕན་ཚུན་དུ་ཕྱེ་ནས། གུང་མོ་གཉིས་བསྣོལ་མར་བཟུང་བ་རྣལ་འབྱོར་འཛིན་པའི་ཕྱག་རྒྱའི་ནང་དུ། དཀྱིལ་འཁོར་ནི་ནམ་མཁའ་ཁྱད་པར་དུ་སྔོ་བ་ཀླད་དཀོར་ཅན་དང་སྔགས་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་མ་ཧཱ་ཡོ་ག་ཡོ་གི་ནི་ཡོ་གཱི་ཤྭ་རི་ཁ་ཛ་རི་ཀི་སྭཱ་ཧཱ། ཏིང་ངེ་འཛིན་ཡོངས་སུ་རྫོགས་ཤིང་བརྟན་པར་བྱིན་གྱིས་བརླབ། བསྡུ་ན་དེ་ཙམ་གྱིས་ཆོག་ལ། རྒྱས་པ་ལ་སྤྲོ་ན། གཙུག་ཏོར་དང༌། སྨིན་མཚམས་ཀྱི་མཛོད་སྤུ་དང༌། སྤྱན་དང༌། ལྗགས་དང༌། ཞལ་དང༌། ཞལ་རས་དང༌། མཆེ་བ་དང༌། ལྟེ་བ་དང༌། རྐེད་པ་དང༌། ཐུགས་རྣམས་བྱིན་གྱིས་བརླབས་ལ། སྔར་གྱི་གོ་ཆའི་སྔགས་ཀྱིས་གོ་བསྐོན་ནོ། །དེ་ལྟར་རང་གི་ལུས་ལྷའི་སྐུར་བསྒྱུར་ནས་ཡན་ལག་ལ་ཡི་གེ་བཀོད་དེ། དེ་ཡང་ཡི་གེ་བཀོད་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ཡི་གེ་སོ་སོའི་སྒྲའི་དེ་ཁོ་ན་ཉིད་དུ་རྟོགས་པས་སེམས་ཚིམ་ཞིང་མགུ་བའི་བར་དུ་བསྒོམ་པར་བྱ་ཞིང༌། སྙིང་གར་རྣམ་སྣང་གི་ས་བོན་ཨ་སྟེ། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པའི་ངོ་བོ་ཉིད་སྟོན་པར་བྱེད་པའོ། །ལྐོག་མར་ཀ་སྟེ་ཆོས་ཐམས་ཅད་དགོས་པ་དང་བྲལ་བར་སྟོན་པའི་དོན་ནོ། །རྐན་ལ་ཁ་སྟེ་ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་དོན་ཏོ། །མགྲིན་པར་ག་སྟེ་འགྲོ་བ་མེད་པའོ། །མགུལ་པར་གྷ་སྟེ་གཅིག་ཏུ་འཕུངས་པ་མེད་པའོ། །ལྕེ་ལ་ཙ་སྟེ་འཆི་འཕོ་བ་དང་བྲལ་བའོ། །ལྕེའི་དབུས་སུ་ཚ་སྟེ་གྲིབ་མའམ། སྤྲིན་དང་མཚུངས་པའོ། །ལྕེའི་རྩེ་མོ་ལ་ཛ་སྟེ་སྐྱེ་བ་མེད་པའོ། །ལྕེའི་རྩ་བ་ལ་ཛྷ་སྟེ་དྲི་མའམ་རྙོག་པ་མེད་པའོ། །བྱིན་པར་ཊ་སྟེ་ང་རྒྱལ་དང་བྲལ་བའོ། །བརླ་ལ་ཋ་སྟེ་བསྐྱོད་པ་དང་བྲལ་བའོ། །རྐེད་པར་ཌ་སྟེ་འཁྲུགས་པའམ་འཁྲུལ་པ་མེད་པའོ། །རྐང་པ་གཉིས་ལ་ཌྷ་སྟེ་བསླུ་བ་དང་བྲལ་བའོ། །ཆུ་སོར་ཏ་སྟེ་དེ་བཞིན་ཉིད་དམིགས་སུ་མེད་པའོ། །ལྟོ་བར་ཐ་སྟེ་གནས་མེད་པའོ། །མཆན་ཁུང་གཉིས་སུ་ད་སྟེ་བྱིན་པ་དང་བྲལ་བའམ། འདུལ་བ་དང་དམིགས་སུ་མེད་པའོ། །རྩིབ་ལོགས་གཉིས་སུ་དྷ་སྟེ་ཁམས་མི་དམིགས་པའོ། །རྒྱབ་ཏུ་པ་སྟེ་དོན་དམ་པའི་བདེན་པ་མི་དམིགས་པའོ། །བྲང་དུ་ཕ་སྟེ་ལྦུ་བ་དང་འདྲ་བར་སྙིང་པོ་མེད་པའོ། །དཔུང་མགོ་གཉིས་སུ་བ་སྟེ་ངག་གི་ལམ་དང་བྲལ་བའོ། །ལག་པ་གཉིས་ལ་བྷ་སྟེ་སྲིད་པ་དམིགས་སུ་མེད་པའོ། །ཡིད་ཀྱི་གནས་སུ་སྟྭ་སྙིང་གར་མ་སྟེ་འཆི་བ་དམིགས་སུ་མེད་པའོ། །མའི་ཁོག་ཏུ་ང་དང་ཉ་དང་ཎ་དང་ན་འདུས་པར་བཤད་དོ། །ཕོ་མཚན་ལ་ཡ་སྟེ། ཐེག་པ་ཐམས་ཅད་དམིགས་སུ་མེད་པའོ། །ནང་མཚམས་སུ་ར་སྟེ་རྡུལ་དང་བྲལ་བའོ། །དཔྲལ་བར་ལ་སྟེ་མཚན་ཉིད་མི་དམིགས་པའོ། །མིག་གཉིས་ལ་ཨི་ཨཱི། མཆུ་གཉིས་ལ་ཨུ་ཨཱུ། རྣ་བ་གཉིས་ལ་ཨེ་ཨཻ། འགྲམ་པ་གཉིས་ལ་ཨོ་ཨཽ། ཨོཾ་རྫོགས་པའི་སངས་རྒྱས་ཀྱི་གནས་སུ། ཨཿནི་མྱ་ངན་ལས་འདས་པ་སྟེ། ཡི་གེ་དེ་རྣམས་ལྷའི་ས་བོན་ཡིན་ཞིང༌། ཡི་གེ་དེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པར་བྱས་པས་སངས་རྒྱས་སུ་འགྱུར་ཞིང༌། མཚན་སོ་གཉིས་ཀྱང་ཡི་གེ་སོ་གཉིས་ལས་བྱུང་ལ། མ་ལས་ཕྱེ་བའི་ང་ཉ་ཎ་ན་རྣམས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བྱེད་པ་ཡིན་པས། དཔེ་བྱད་བཟང་པོ་བརྒྱད་ཅུ་འབྱུང་ངོ༌། །དེ་ལྟར་རང་ལུས་ལྷ་སྐུར་གསལ་བའི་ཐུགས་ཀར་ཨ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུ་བསམས། དེ་ལ་རིག་པའི་རྒྱལ་པོ་ཚིགས་ཡན་ལག་བཅུ་གཉིས་པ་བཀོད་ལ་གསལ་བར་བལྟ་བ་ནི་གཞི་དང་པོ་ཡིན་ནོ། །དེ་ལྟར་སྲོག་རྩོལ་བསྡམས་ཏེ་ཏིང་ངེ་འཛིན་གསལ་བའི་སྒོ་ནས་མིག་ཅུང་ཟད་བཙུམས་ཀྱང་ཡིད་སྣང་བ་དང་བཅས་པའི་སྒོ་ནས་མདུན་དུ་བཏང་ལ་རང་གི་མདུན་དུ་ཅུང་ཟད་མ་ཐོབ་པར་གཞི་གཉིས་པ་རང་གིས་བསྒོམ་པ་དང་འདྲ་བའི་ལྷ་བསྐྱེད། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུ་ལ་རིག་པའི་རྒྱལ་པོ་ཚིགས་ཡན་ལག་བཅུ་གཉིས་པ་བསམ་མོ། །དེ་ནས་རང་དེ་བཞིན་གཤེགས་པར་གསལ་བའི་ཐུགས་ཀའི་ཟླ་བའི་སྟེང་གི་ཡི་གེ་ལ། ལུས་ཐམས་ཅད་རླུང་ལྷར་བསྡུ་བའི་ཚུལ་གྱིས། བདག་གི་སྙིང་གའི་ནང་ན་གནས་པར་དབུགས་ཕྱིར་གཏང་གི་བར་དུ་སྔགས་རེ་རེ་ནས་བརྗོད་པས་བལྟ་ཞིང་སྔགས་བཟླ། རླུང་ཕྱིར་གཏོང་བའི་ཚེ་ལུས་ཐམས་ཅད་ནས་རླུང་འབྱུང་བའི་ཚུལ་དུ། རླུང་དང་བཅས་པའི་ཡིད་ཀྱིས་ཡིག་འབྲུ་རྣམས་དེ་བཞིན་གཤེགས་པའི་ཐུགས་ཀའི་ཕྱོགས་སུ་གཏང༌། དེར་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་གནས་པའི་སྔགས་ཀྱི་ཕྲེང་བ་བལྟ་ཞིང་ཤུབ་བུའམ་ཡིད་ཀྱིས་བཟླས་པ་བྱ། ཡང་དབུགས་ནང་དུ་སྡུད་པ་ན་ཡིག་འབྲུ་རྣམས་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་རང་གི་ཐུགས་ཀར་ལྷག་པར་བསམ་ཞིང༌། སྲོག་རྩོལ་བསྡམས་ཏེ་སྔར་བཞིན་དུ་བཟླས་པ་བྱ་སྟེ། ཟླ་བ་གཅིག་གི་བར་ཤིན་ཏུ་བསྡམས་ལ་བཟླས་པ་བྱ་ཞིང༌། ཟླ་བ་གཉིས་པ་ནས་མཆོད་པ་དང་སྤེལ་ལ་བྱ་སྟེ། འདི་ནི་ཕྱིའི་བཟླས་བརྗོད་ཡན་ལག་བཞིའི་བསྙེན་པ་སྟེ། བསྡུས་འགྲེལ་ལས་བྱུང་བའི་དོན་མདོར་བསྡུས་ཏེ་བྲིས་པའོ། །གཉིས་པ་ནི། སློབ་དཔོན་བྱང་ཆུབ་ཀྱི་སེམས་གོམས་པ་ཤས་ཆེ་ཞིང༌། སྤྲོས་པ་ཤས་ཆུང་བས་ནང་གི་བཟླས་པ་ཡན་ལག་བཞི་བྱེད་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་བསམས་ལ། དེའི་སྒྲས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའོ། །ཞེས་དམིགས་ཏེ། རང་གི་ཕུང་པོ་ལྔ་གདོད་མ་ནས་མ་བྱུང་མ་སྐྱེས་པའི་སྦྱོར་བས་སྟོང་པ་ཉིད་དུ་བཤིགས་ཏེ། སྟོང་པའི་ངང་ལས་ཡི་གེ་དང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རང་གི་སེམས་གསལ་བར་སྣང་གི་བར་དུ་བསྒོམ། དེའི་སྟེང་དུ་ཡི་གེ་གཉིས་པ་ཨ་བསམས་ལ། དེ་ནས་ཡི་གེ་དང་ཟླ་བ་ཉིད་ཀྱང་དམིགས་སུ་མེད་པར་བཤིགས་ཏེ། ཅི་ཙམ་འདོད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱའོ། །དེ་ནས་སྙིང་རྗེའི་དབང་གིས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་སྒྱུ་མ་ལྟ་བུར་མོས་པའི་ཚུལ་གྱིས་སྙིང་གར་ཨ་བསམས་ནས། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུལ་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་བཞུགས་པ། དབུ་ཐོར་ཚུགས་དང་དབུ་རྒྱན་ཅན། དར་རམ་རས་ཀྱི་སྨད་གཡོགས་དང་དར་ལའི་སྟོད་གཡོགས་བསྣམས་པ། གསེར་གྱི་མདོག་ཅན་ལྟ་བུ་འབར་བའི་ཕྲེང་བ་འཁྲིགས་པ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པར་བསྒོམས་ལ། སྔར་བཞིན་དུ་ཡི་གེ་སུམ་ཅུ་རྩ་གཉིས་ལུས་ལ་བཀོད་དེ། ཡི་གེ་དེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་སྟོང་པ་ཉིད་དུ་རྟོགས་པས་སེམས་ཚིམ་ཚིམ་གྱི་བར་དུ་བསྒོམ་མོ། །དེ་ནས་རང་ཉིད་ལྷ་སྐུར་བསྒྱུར་བའི་སྙིང་གར་ཡི་གེ་ཨ་ལས། བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་མེ་ལོང་འདྲ་བ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པ་བརྟན་པར་རབ་ཏུ་མི་གཡོ་བ། རྣམ་པར་མི་རྟོག་པ་རབ་ཏུ་ཕྲ་བ་ལ་མངོན་དུ་བལྟ་ཞིང༌། རྟག་ཏུ་གོམས་པའི་སྦྱོར་བས་རང་གི་ལུས་ལྷའི་སྐུར་མཐོང་གི་བར་དུ་བསྒོམ་པ་ནི་གཞི་དང་པོའོ། །དེ་ནས་གཞི་གཉིས་པ་ནི་ཐུགས་ཀའི་ཟླ་བ་མེ་ལོང་གི་དཀྱིལ་འཁོར་ལྟ་བུ། དེའི་ནང་དུ་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་དབུས་སུ་ཡི་གེ་ཨ་ཡོངས་སུ་གྱུར་པས་རྣམ་པར་སྣང་མཛད་ཀྱི་སྐུར་བསམས་ཏེ། པདྨའི་རྒྱལ་པོ་ཆེན་པོའི་སྟེང་ན། མེ་ལོང་གི་ནང་གི་བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། མེ་ལོང་ལྟ་བུའི་ཟླ་བའི་དཀྱིལ་འཁོར་དེའི་ཕུགས་ཀྱི་ནང་ན། ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་བཞིན་དུ་འདུག་པ་ཐོར་ཚུགས་དང་དབུ་རྒྱན་ཅན། འོད་ཟེར་མཐའ་ཡས་པས་བསྐོར་བ། སྲོག་དང་བཅས་པ་ལྟ་བུ་ཆུ་ཟླ་ལྟར་སེམས་ཅན་ཐམས་ཅད་ཀྱི་མདུན་ན་གནས་པར་སྟོན་པ་རྟོག་པ་དང་བྲལ་ཞིང༌། གཟོད་མ་ནས་ཞི་བའི་རང་བཞིན་ཅན་དུ་བསམ་མོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེ་ལ་ན་མཿས་མནྟ་བུདྡྷ་ནཱཾ། ཨ་ས་མ་བཏ་དྷཱརྨཱ་དྷ་ཏུ་ཀཱརྻ་ག་ཏི་ག་ཏཱ་ནཱཾ། སརྦ་ཐཱ་ཨོཾ་ཁཾ་ཨཾ་ཨཿ སཾ་ས་ཧཾ་ཧ་རཾ་ར་བཾ་སྭཱ་ཧཱ། ཧཾ་ཧ་སྭཱ་ཧཱ། ཞེས་པ་རིག་པའི་རྒྱལ་པོ་ཚིགས་ཡན་ལག་བཅུ་གཉིས་པ་བཀོད་ལ་གསང་བར་བལྟ་སྟེ། འདི་རྣམས་སྔགས་དང་ཕྱག་རྒྱ་ལ་མི་ལྟོས་པར་གོམས་པའི་མཐུས་གསལ་སྣང་འབྱུང་གི་བར་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་གསལ་བར་བསྒོམས་ལ། རུས་སྦལ་གྱི་ཡན་ལག་བསྐུམ་པ་དང༌། ལྕེའི་ཆུ་བཏུང་བ་ལྟར་ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང༌། དབང་པོའི་གྲོངས་ནང་དུ་བསྡུས་ཀྱང༌། ཕུགས་ཀྱི་ནང་ན་གནས་པའི་ཕྱི་རོལ་དུ་བལྟ་བའི་ཚུལ་དུ་མིག་ཟིམ་བྱས་ནས་གདངས་ཅུང་ཟད་བསྟོད་དེ། སྔགས་ཀྱི་ཡི་གེ་དང༌། ཟླ་བ་དང༌། ལྷ་སྐུ་རྣམས་རི་མོ་བཏིང་བ་ལ་ཅིག་ཅར་དམིགས་པའི་ཚུལ་གྱིས་དམིགས་ལ། ཤུབ་བུའམ་ཡིད་ཀྱིས་བཟླས་བརྗོད་བྱའོ། །དེའང་ཟླ་བ་གཅིག་ཏུ་མཉམ་པར་གཞག་པས་བཟླས་པ་འབུམ་བྱ་སྟེ། དེའི་ཚེ་སེམས་ཡེངས་སུ་དོགས་པས། ཕྱིའི་མཆོད་པ་མི་བྱ་བར་བར་མེད་དུ་བཟླས་སོ། །དེ་ནས་གོམས་ཤིང་བརྟན་པར་གྱུར་པས། སེམས་མི་ཡེངས་པའི་ཕྱིར། ཟླ་བ་གཉིས་པ་ལ་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ཅིང༌། སྔ་དྲོ་དང་ཕྱི་དྲོ་ཐུན་རེ་ཉིན་ཕྱེད་ལ་ཐུན་ཕྱེད་དུ་དུས་བཅད་ལ་བཟླ་ཞིང༌། རྗེས་ལ་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱ་སྟེ། རྣམ་སྣང་མངོན་བྱང་ལས། དེ་ནས་སྙིང་པོ་དེ་དག་ལས། །གང་ཡང་རུང་བ་གཅིག་བཟུང་སྟེ། །ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་པོ་སྙིང་གར་བཞག་ནས། ཡིད་བསྒྲུབ་པར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པ། དྲི་མ་མེད་པ། བརྟན་པ། རབ་ཏུ་མི་གཡོ་བ་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུ། རབ་ཏུ་ཕྲ་བ་ལ་མངོན་དུ་བལྟ་ཞིང་རྟག་ཏུ་གོམས་པའི་སྦྱོར་བས། རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་དུ་བྱའོ། །གཞི་གཉིས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ན་པདྨའི་རྒྱལ་པོ་ལ་བཞུགས་པ། ཕུགས་ན་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། ཐོར་ཚུགས་དང་དབུ་རྒྱན་ཅན། འོད་ཟེར་མཐའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང༌། མཉམ་པར་གཞག་པས་བཟླས་བརྗོད་བྱ། དེ་ནས་སྔོན་དུ་བསྙེན་པ་ནི། །འབུམ་ཕྲག་གཅིག་ཏུ་བྱ་བར་བཤད། །དེ་ལས་ཟླ་བ་གཉིས་པ་ལ། །མེ་ཏོག་དྲི་ལ་སོགས་པ་དབུལ། །སེམས་ཅན་རྣམས་ལ་རྣམ་མང་པོའི། །ཕན་པ་ཉེ་བར་སྒྲུབ་བྱེད་ཅིང༌། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཟླ་བ་གཞན་ལ་བཟླས་བརྗོད་བྱ། །དེ་ལ་དེ་རུ་སྦྱོང་བ་འདི། །མཉམ་པར་གཞག་པས་བསམ་པར་བྱ། །ཞེས་སོ། །དེ་ལྟ་བུའི་ཚུལ་གྱིས་མཚན་མ་མ་བྱུང་གི་བར་དུ་བསྙེན་པ་བྱས་ན། འོག་ནས་འབྱུང་བའི་སོ་སོའི་ལས་རྣམས་ཀྱང་འགྲུབ་པར་འགྱུར་རོ། །སྦྱོར་བའི་སྤྱོད་པ་འདི་ནི་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་ཀྱང༌། དེ་ལ་སྦྱོར་བའི་སྤྱོད་པ་ནི། །མཐུན་པའི་གནས་སོགས་དེ་དང་དེར། །དང་པོར་སྟོང་ཉིད་བྱམས་སོགས་དང༌། །རང་འདོད་ལྷ་ཡི་ཆོ་ག་ཡིས། །ཐུན་གསུམ་འམ་ནི་ཐུན་བཞི་རུ། །བསྒོམ་དང་བཟླས་དང་ཁ་ཏོན་དང༌། །གཏོར་མ་སྦྱིན་པའམ་མཆོད་སོགས་བརྩོན། །སྡིག་ཆེན་ཀུན་ལས་གྲོལ་ནས་ནི། །བསྐལ་པ་དུ་མར་སྤྱད་པ་ཡི། །བྱང་ཆུབ་སེམས་དང་མཚུངས་པར་འགྱུར། །འདི་ནི་ཡོངས་འགྱུར་རུང་བའི་རྐྱེན། །གཉིས་པ་ཡིན་པར་བསྟན་པ་ཡིན། །ཞེས་གསལ་བར་བཤད་དོ། །གཉིས་པ་ནི། རང་གི་ལྷ་ཆོས་ཀྱི་མཚན་ཉིད་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་བཟླས་བརྗོད་སྒྲུབ་སྟེ། དེའང་སྔར་བཤད་པ་རྣམས་མངོན་དུ་བྱས་ལ་ལྷའི་སྐུ་དང་བདག་གཉིས་སུ་མེད་པའི་ཁ་དོག་ལ་སོགས་པའི་ངོ་བོ་ཉིད་ཀུན་བརྟགས་པར་སྣང་བ་ལ་ལེགས་པར་བརྟགས་པས་ཇི་ལྟར་རྟོག་པ་བཞིན་སེམས་རང་རིག་པ་ཙམ་རང་གི་ལྷའི་གཟུགས་ཀྱི་སྐུའི་དངོས་པོ་དང་བྲལ་བ་སྣང་བ་མེད་པར་མངོན་དུ་བྱས་ནས། ཅི་རིགས་པར་ཡིད་བཟླས་བྱེད་པ་སྟེ། རྣམ་སྣང་མངོན་བྱང་ལས། ཡིད་ཀྱི་འཇིག་རྟེན་འདས་ཞེས་བྱ། །ཞེས་སོགས་སྔར་དྲངས་པ་ལྟར་རོ། །དོན་འདི་ཉིད་བསྡུས་འགྲེལ་ལས་ཀྱང༌། རང་དང་ལྷ་སྐུ་གཉིས་སུ་མེད་པ་ཁ་དོག་དང་དབྱིབས་སུ་སྣང་བ་མངོན་དུ་བྱས་ནས། དེ་ལ་ཕྲ་རགས་སུ་རྣམ་པར་གཞིག་པར་བརྟག་པའམ་གཟོད་མ་ནས་མ་སྐྱེས་ཤིང༌། སྐྱེ་བ་མེད་པའི་རིགས་པའམ། དེ་བཞིན་དུ་རང་གི་སེམས་ཁ་ནང་དུ་བལྟས་པར་བྱ་བའི་སྒོ་ནས་སྲོག་སླར་བསྡུས་པའི་རིགས་པའམ། དེར་སྣང་བ་ཡིད་ལ་མི་བྱེད་པའི་སྒོ་ནས་ཀྱང་རུང་སྟེ། ཇི་ལྟར་རྟོག་པ་བཞིན་སེམས་རང་རིག་པ་ཙམ། རང་གི་ལྷའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད་པ་མངོན་སུམ་དུ་བྱས་ཏེ། ཅི་རིགས་པར་ཡིད་ལ་རང་གི་རིག་སྔགས་བཟླས་བརྗོད་བྱའོ། །ཞེས་གསུངས་པས་དབུ་མ་ནས་བཤད་པ་ལྟར། གཅིག་དང་དུ་བྲལ་ལམ་རྡོ་རྗེ་གཟེགས་མ་ལ་སོགས་པའི་རིགས་པས་དཔྱད་པའི་རྗེས་སམ། ཡང་ན་སྲོག་སླར་སྡུད་པའི་རིམ་པས། ཕྱི་རོལ་དུ་འགྲོ་བ་བཀག་ནས་ནང་དུ་འཇུག་པའམ། ཡང་ན་སྤྲོས་པའི་སྣང་བ་རྣམས་ལྟ་བ་དྲན་པས་ཡིད་ལ་མི་བྱེད་པའི་སྒོ་ནས། ལྷའི་ཁ་དོག་དང་དབྱིབས་དང་བྲལ་བ་སྣང་བ་མེད་པའི་དོན་བསྒོམ་པར་བཤད་པ་ལྟར་ལ་སེམས་མཉམ་པར་གཞག་པར་བྱའོ། །ཚུལ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྣལ་འབྱོར་བསྒོམ་པའི་རིམ་པ་རྣམས་དང་ཡང་མཐུན་པ་ཡིན་ཏེ། བསྒོམ་རིམ་ཐ་མ་ལས། དེ་ལྟར་བསྐྱང་བ་ལ་མཁས་པ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར། སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱའོ། །དེ་སྟོང་པ་ཉིད་ལ་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་སྤྲོ་ཞིང་མངོན་པར་དགའ་བའི་གནས་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་དུ་བཙལ་ན་སྟོང་པར་རྟོགས་ཏེ་དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །འདིས་ནི་འདི་སྐད་དུ་གང་ཉེ་བར་མི་རྟོག་པ་དེ་ནི་མཚན་མ་མེད་པ་ལ་འཇུག་པར་མི་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་དེ་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་པར་གསུངས་པའི་ཤུགས་ཀྱིས། སོ་སོར་རྟོག་པའི་ཤེས་རབ་སྤངས་ནས་མཚན་མེད་ཀྱི་རྣལ་འབྱོར་ལ་མི་འཇུག་པར་གསུངས་པ་ལྟར། རྒྱུད་འདིར་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པས། ལུས་དང་སེམས་དེ་ཁོ་ནར་མ་གྲུབ་པར་སོ་སོར་བརྟག་པར་གསུངས་པས། དངོས་པོའི་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་ཀྱིས་མ་དཔྱད་ན། མཚན་མེད་ཀྱི་ཏིང་ངེ་འཛིན་མི་སྐྱེ་བར་བསྟན་པ་ཡིན་ནོ། །དེས་ན་ལྟ་བས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་ལེགས་པར་ཁོངས་སུ་ཆུད་པའི་ངེས་ཤེས་ཀྱི་རྒྱུན་བསྐྱང་དགོས་ཀྱི། ལྟ་བ་མ་གོ་བའི་སེམས་མི་རྟོག་པར་བཞག་པ་དང༌། ལྟ་བ་བརྙེས་ཀྱང་བསྒོམ་པའི་དུས་སུ་ལྟ་བ་མ་བསྐྱངས་པར་མི་རྟོག་པ་ཙམ་ཞིག་ལ་སེམས་འཇོག་པ་ནི་སྟོང་པ་ཉིད་བསྒོམ་པ་མ་ཡིན་ནོ། །འདིར་ཡང་ལྷག་མཐོང་གི་དཔྱད་དྲག་པས་སེམས་གཡེངས་ན་ལྷའི་སྐུ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་དང༌། དེ་ལ་སེམས་བརྟན་པས་ཧ་ཅང་གནས་པ་ཤས་ཆེ་ན་དཔྱད་བསྒོམ་བྱ་བ་གཉིས་སྤེལ་བར་བྱའོ། །འདིར་སྤྱོད་པའི་རྒྱུད་རྣམས་ལ་རྣལ་འབྱོར་ཁྱད་པར་དུ་འཕགས་པ་བཞི་ཡོད་དེ། ལྷ་དང༌། སྟོང་པ་དང༌། རླུང་དང༌། བཟླས་པའི་རྣལ་འབྱོར་རོ། །དེ་ལ་དོན་དམ་པ་དང་ཀུན་རྫོབ་པའི་རྣལ་འབྱོར་གཉིས་ནི་སྐུ་གཉིས་ཀྱི་སྒྲུབ་བྱེད་གཙོ་བོ་ཡིན་ལ། བཟླས་པ་ནི་གང་བསྒོམ་པའི་ལྷ་དེའི་ཐུགས་བསྐུལ་བ་ཡིན་པས། ཀུན་རྫོབ་པའི་ལྷའི་རྣལ་འབྱོར་གྱི་ནང་དུ་འདུ་ལ། རླུང་གི་རྣལ་འབྱོར་ནི་རྣལ་འབྱོར་གཉིས་ཀ་ལ་སེམས་བརྟན་པར་བྱེད་པ་ཡིན་པས་གཉིས་ཀའི་ཡན་ལག་ཏུ་འདུས་པས་ན། ལམ་གྱི་ངོ་བོ་མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའི་རྣལ་འབྱོར་གཉིས་སུ་མ་འདུས་པ་མེད་དོ། །ཡང་རླུང་གི་རྣལ་འབྱོར་གྱི་མཐུས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དང༌། དེ་ལ་བརྟེན་པའི་མཚན་མེད་ཀྱི་རྣལ་འབྱོར་སྐྱེ་ཡང༌། དེ་དག་རྣལ་འབྱོར་ཆེན་པོའི་ལུགས་ཀྱི་རྫོགས་རིམ་མ་ཡིན་ཞིང༌། དེ་དག་ཁྱད་ཆེས་ཆེ་བ་ཡང་ཤེས་དགོས་ཏེ། ཞིབ་ཏུ་སློབ་དཔོན་མཁས་པས་འཆད་པ་ལ་རྟོགས་པར་འགྱུར་རོ། །གསུམ་པ་ལ་གཉིས། ཕྱིའི་དངོས་གྲུབ་སྒྲུབ་པ་དང༌། ནང་གི་དངོས་གྲུབ་སྒྲུབ་པའོ། །དང་པོ་ནི། རྣམ་སྣང་མངོན་བྱང་ལས། ཀུན་དུ་གྲུ་བཞི་ལྷམ་པ་སྟེ། །སྒོ་གཅིག་པ་ལ་མུ་རན་ཅན། །ཐམས་ཅད་ཁ་དོག་སེར་པོ་ཡི། །རྡོ་རྗེའི་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་སྦྲེལ་བའི་ཚུལ་གྱིས་སུ། །རྡོ་རྗེ་ཕན་ཚུན་འབྲེལ་བར་བྱ། །ཞེས་གསུངས་པ་ལྟར། ལས་སྒྲུབ་པའི་དཀྱིལ་འཁོར་བྲིས་ནས། །དེར་ནི་བསྲུང་བྱ་དེར་འདུག་སྟེ། །སྦྱངས་པའི་རྫས་ནི་བླངས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་ཤར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན། །ཞེས་པ་ལྟར་རལ་གྲི་ལ་སོགས་པའི་རྫས་བླངས་ནས་བཟླས་བརྗོད་བྱས་པས། རྫས་དེ་འབར་བ་དང་ལག་ཏུ་བླངས་ན་རིག་འཛིན་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གཉིས་པ་ནི་ནང་གི་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་བསྒོམས་པས། ནང་གི་དངོས་གྲུབ་སེམས་ལ་རག་ལས་པས་མངོན་ཤེས་ལྔ་ལ་སོགས་པ་དང༌། ཞར་ལ་མཚན་བཅས་ཀྱི་དངོས་གྲུབ་རྣམས་ཀྱང་འགྲུབ་སྟེ། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་སེམས་ཐོབ་གང་ཡིན་ཏེ། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང༌། །དེ་བཞིན་ས་ནི་གནོན་པ་དང༌། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང༌། །སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་གསུངས་སོ། །ལས་གཞན་ཡང་འཕགས་པ་འཇམ་དཔལ་ལ་སོགས་པའི་སྒྲུབ་པ་བྱས་པས། བྱང་སེམས་དེ་དག་གིས་རང་གི་མགོ་ལ་ཉུག་པའམ། ལེགས་སོ། །ཞེས་བྱ་བའི་སྒྲ་མ་བྱུང་བར་དུ་བཟླས་བརྗོད་བྱས་པའི་མཐར། དེ་དག་བྱུང་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་གསུངས་པ་ལ་སོགས་པ་ལས་ཀྱི་ཚོགས་དུ་མ་ཞིག་བཤད་པ་རྣམས་ཀྱང་ཚུལ་འདི་ཉིད་ཀྱིས་སྒྲུབ་པར་བྱའོ། །གསུམ་པ་ལ་གཉིས། གང་གིས་སྒྲུབ་པའི་རྒྱུ་དང༌། དེས་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་རབ་ཏུ་སིམ་པར་བགྱིད་པ་ལགས་ན། བཅོམ་ལྡན་འདས་ཡེ་ཤེས་འདིའི་རྒྱུ་གང་ལགས། རྩ་བ་ནི་གང་ལགས། མཐར་ཐུག་པ་ནི་གང་ལགས། ཞེས་ཞུས་པའི་ལན་དུ། རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ། །ཞེས་གསུམ་དུ་བསྡུས་ནས་གསུངས་ལ། དེ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཚན་ཉིད་དང༌། དེ་དུས་ཇི་ཙམ་འདས་པས་སངས་རྒྱས་ཐོབ་ཚུལ་ལ་སོགས་པ་ཞུས་པས། དེའི་ལན་རྒྱས་པར་གསུངས་པ་ལ། སྤྱིར་སངས་རྒྱས་ཐོབ་པའི་ལམ་ལ་འཇུག་པ་ལ། འཇིག་རྟེན་པའི་ལམ་གྱིས་འཇུག་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲུབ་པ་གཉིས་ལས། དང་པོ་ནི། འཁོར་བ་པའི་སེམས་ཅན་ངར་འཛིན་པས་བཅིངས་པ་དག་སྡུག་བསྔལ་ལས་ཐར་བར་འདོད་ནས་ས་བོན་ལྟ་བུའི་སེམས་སྨྱུང་བར་གནས་པར་འདོད་པ་ལ་སོགས་པའི་ཆོས་ཀྱི་འདུ་ཤེས་བརྒྱད་འབྱུང་སྟེ། དེ་དག་བདག་འཛིན་ལས་མ་གྲོལ་ཞིང༌། སྟོང་པ་ཉིད་མ་རྟོགས་པས་དངོས་པོར་འཛིན་པ་ཡིན་ཏེ། དེ་ཉིད་ལས་བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ལ། བརྒྱ་ལམ་ན་རེས་འགའ་ཞིག་ན་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་འདི་ལྟ་སྟེ། སྨྱུང་བར་གནས་པ་ལ་གནས་པར་བྱའོ་ཞེས་དེས། དེ་ཙམ་ཞིག་སེམས་ལ་བྱས་ཏེ་མགུ་བ་བསྐྱེད་ནས་ཕྱི་ཕྱིར་ཞིང་དེ་ཉིད་ལ་གོམས་པར་བྱེད་དེ། གསང་བ་པའི་བདག་པོ་དེ་ནི་དགེ་བའི་ལས་བསྐྱེད་པའི་ས་བོན་ལྟ་བུ་སྟེ། སེམས་དང་པོའོ། །ཞེས་སོགས་སེམས་བརྒྱད་གསུངས་ནས། གསང་བ་པའི་བདག་པོ་གཞན་ཡང་ཁྱད་པར་རྟོག་པ་ཇི་སྐད་དུ་ཡོངས་སུ་བསྒྲགས་པའི་ཁྱད་པར་དེ་དང༌། དེ་དག་ལ་ཁྱད་པར་དུ་གནས་པ་རྣམས་ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང༌། དེ་ཡང་ཡོད་དོ་ཞེས་བརྗོད་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། གསང་བ་པའི་བདག་པོ་དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ། །ཞེས་པ་ནས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། ཞེས་པའི་བར་དུ་གསུངས་པས། དགེ་བའི་བཤེས་གཉེན་ལ་བརྟེན་ནས་ལུང་རིགས་ཡང་དག་གིས། འཇིག་རྟེན་པའི་ལམ་དེ་ཐར་པའི་ལམ་མ་ཡིན་པར་རྟོགས་ནས་འདས་པའི་ལམ་ལ་འཇུག་པའི་དོན་དུ་བརྩོན་པར་བྱེད་དོ། །དེ་ལ་དབང་རྟུལ་གང་ཟག་གི་བདག་མེད་རྟོགས་པའི་སྒོ་ནས་འཇུག་པ་དང༌། དབང་རྣོན་བདག་མེད་གཉིས་ཀ་རྟོགས་པའི་སྒོ་ནས། ལམ་ལ་འཇུག་པ་གཉིས་ལས། དང་པོ་ནི། འཇིག་རྟེན་པ་འབའ་ཞིག་པས་ལམ་སྤངས་ནས། གང་ཟག་གི་བདག་མེད་རྟོགས་པའི་ལམ་ལ་ཞུགས་ཏེ། འདོད་ཆགས་ཀྱི་སེམས་ནས་སྐྱེ་བར་འགྱུར་བའི་སེམས་ཀྱི་བར་དྲུག་ཅུ་ལ་རེ་རེ་བགྲང་བ་དང༌། གཉིས་གཉིས་བགྲང་བ་དང༌། གསུམ་གསུམ་བགྲང་བ་དང༌། བཞི་བཞི་བགྲང་བ་དང༌། ལྔ་ལྔ་བགྲང་བ་དང༌། དྲུག་དྲུག་བགྲང་བ་དང༌། བརྒྱད་བརྒྱད་བགྲང་བ་དང༌། ཕྱེད་དང་བརྒྱད་ལ་བདུན་དུ་བརྩིས་པ་དང༌། བཅུ་བཅུ་བགྲང་བ་སྟེ་དེ་རྣམས་བསྡམས་པས་བརྒྱ་དྲུག་ཅུ་པོ་དེ་ལས་བསྐལ་པ་གསུམ་གྱིས་འདས་ནས། འཇིག་རྟེན་ལས་འདས་པའི་སེམས་གང་ཟག་གིས་བདག་མེད་རྟོགས་པའི་ཡེ་ཤེས་སྐྱེ་ལ། དེས་ཞུགས་འབྲས་བརྒྱད་ལ་སོགས་པ་ཅི་རིགས་ཐོབ་ནས། ཕྱིས་ཆོས་ཉིད་རྟོགས་པས་གང་ཟག་གི་བདག་མེད་རྟོགས་པ་ལས་བསྐལ་པ་གཅིག་གིས་འདའ་བར་འགྱུར་ཏེ། དེ་ཉིད་ལས། གསང་བའི་བདག་པོ་དེ་ལ་སེམས་ནི་འདོད་ཆགས་ཀྱི་སེམས་དང༌། ཞེས་སོགས་ནས་གསང་བ་པའི་བདག་པོ་དེ་ལྟར་ན་གཅིག་གཉིས་གསུམ་བཞི་ལྔ་གཉིས་སུ་བསྒྱུར་བར་བྱ་བས་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས། འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། ཞེས་སོགས་ནས་གསང་བ་པའི་བདག་པོ། དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་དག་ལ་ཡོད་དོ། །སྙམ་པའི་བློ་ཉེ་བར་སྐྱེའོ། །ནམ་ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བ་སྐྱེ་བ་དེའི་ཚེ། ལྦུ་བ་དང༌། ཆུའི་ཆུ་བུར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང་མཚུངས་པར་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གཟུང་བ་དང༌། འཛིན་པ་རྣམ་པར་སྤངས་པས། ཆོས་ཉིད་རང་གི་ངོ་བོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ། །གསང་བ་པའི་བདག་པོ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང༌། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ། ལས་དང་ཉོན་མོངས་པའི་དྲྭ་བ་དང་བྲལ་བ་འདི་ནི། རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་འདའ་བར་བྱེད་དོ། །ཞེས་སོ། །གཉིས་པ་དབང་རྣོན་ནི། དང་པོ་ཉིད་དུ་བདག་དང་ཕུང་པོ་སོགས་སུ་འཛིན་པ་བསལ་ཏེ་བདག་མེད་གཉིས་རྟོགས་པ་ལ་འཇུག་སྟེ། ཕྱིས་སེམས་ཀྱི་ངོ་བོ་ཉིད་ཤེས་པའི་ལམ་གྱིས་ཆོས་ཀྱི་བདག་མེད་རྟོགས་པ་ལས་བསྐལ་པ་གཉིས་ཀྱིས་འདའ་བར་བྱེད་དེ། དེ་ཉིད་ལས། གསང་བ་པའི་བདག་པོ་གཞན་ཡང་ཐེག་པ་ཆེན་པོའི་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར། སྒྱུ་མ་དང༌། སྨིག་རྒྱུ་དང༌། གཟུགས་བརྙན་དང༌། བྲག་ཅ་དང༌། མགལ་མེའི་འཁོར་ལོ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ། །གསང་བ་པའི་བདག་པོ་དེའི་ཕྱིར་དེ་དག་གིས་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་སྟེ། རང་གི་སེམས་ནི་གཟོད་མ་ནས་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་མི་དམིགས་ཏེ། རྣལ་འབྱོར་པ་དག་འདིའང་བསྐལ་པ་གཉིས་ཀྱིས་འདའ་བར་བྱེད་དོ། །ཞེས་གསུངས་སོ། །དེ་ལྟར་དབང་པོ་རྣོ་རྟུལ་གཉིས་ཀའི་ལམ་བཤད་པ་ནི། ལམ་སྤྱིའི་རྣམ་གཞག་ཤེས་པའི་དོན་དུ་ཡིན་གྱི། སྟོན་པ་ནི་སྔོན་དབང་པོ་རྣོན་པོའི་ལམ་གྱིས་བགྲོད་པར་ཤེས་པར་བྱའོ། །དེ་ལྟར་དབང་པོ་རྣོ་རྟུལ་གཉིས་ཀའང་བདག་མེད་གཉིས་རྟོགས་ནས་དེ་ཉིད་ལ་འཇུག་གནས་ལྡང་བའི་སེམས་མངོན་དུ་བྱས་པས་བསྒོམ་ཞིང༌། བསྡུ་བ་བཞི་དང་ཕར་ཕྱིན་དྲུག་གི་སྤྱོད་པ་བསྒྲུབ་པ་སྔོན་དུ་འགྲོ་བས་སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་ན། ས་བཅུ་ལ་འཇུག་པར་བྱེད་པ་དང༌། དེ་དག་གི་རྒྱུ་མཐུན་པ་སྒོ་གསུམ་གྱི་ཡོན་ཏན་རྣམས་དངོས་སུ་མ་ཐོབ་ཀྱང༌། ཐོས་བསམ་གྱི་ཤེས་རབ་ཀྱིས་ཇི་ལྟར་ཐ་སྙད་དུ་བསྟན་པ་དེ་ཁོ་ན་ལྟར་ཡིན་ནོ། །ཞེས་གསུངས་པ་ནི་མོས་པ་ཡིན་ལ་དེ་སྔོན་དུ་འགྲོ་བའི་རང་གཞན་གྱི་དོན་སྒྲུབ་པའི་སྤྱོད་པ་ནི། མོས་པས་སྤྱོད་པ་ཡིན་ཞིང༌། དེ་ཉིད་གཞིའི་དོན་གྱི་ས་ཡིན་པས་མོས་སྤྱོད་ཀྱི་ས་སྟེ། གནས་ལུགས་རྟོགས་པའི་སེམས་རྣམ་པར་མི་རྟོག་པའི་སེམས་སྙིང་རྗེ་ཆེན་པོའི་སེམས་ཏེ། སེམས་གསུམ་བསྒོམ་པའི་སྒོ་ནས། ཕར་ཕྱིན་དྲུག་དང་བསྡུ་བ་བཞི་སྤྱོད་ཅིང༌། ཡེ་ཤེས་ཀྱི་ས་བཅུ་རྫོགས་པར་བྱེད་པའི་ཆོས་ལ་མོས་པའི་ཆོས་བཅུ་དང་བཅས་པ་ནི། མོས་སྤྱོད་ཀྱི་ས་ཡིན་ལ། དེ་བསྐལ་པ་གཅིག་གིས་འདའ་བ་ཡིན་ཏེ། དེ་ཉིད་ལས། མོས་པ་ཡིས་ནི་སྤྱོད་པའི་ས། །སེམས་གསུམ་རྣམ་པར་བསྒོམ་པ་སྟེ། །ཕ་རོལ་ཕྱིན་རྣམས་སྤྱོད་པ་དང༌། །བསྡུ་བ་དག་ནི་བཞི་པོ་ཡི། །མོས་པའི་ས་ནི་མཚུངས་པ་མེད། །དཔག་ཏུ་མེད་ཅིང་བསམ་མི་ཁྱབ། །དཔག་མེད་ཡེ་ཤེས་འགྱུར་བ་ནི། །སེམས་བཅུ་དག་གིས་ཐོབ་པར་འགྱུར། །ངས་གང་ཅུང་ཟད་བརྗོད་པ་ནི། །ཐམས་ཅད་འདི་ཡིས་ཐོབ་པར་འགྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །མོས་པ་ཞེས་ནི་བྱ་བར་བཤད། །བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །དེའི་སེམས་གསུམ་དང་སེམས་བཅུ་ནི། དེའི་རྒྱུད་ཕྱི་མ་ལས། དེ་ལ་གསང་བ་པའི་བདག་པོ་མོས་པས་སྤྱོད་པའི་སེམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན། གསང་བ་པའི་བདག་པོ་སེམས་ཀྱི་སྐད་ཅིག་མ་དང་པོ་རྟོགས་པའི་ཕྱིར། སེམས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་ནི་རྟོགས་པ་དང་པོ་ཡིན་ནོ། །གཉིས་པ་ནི། རྟོག་པའི་དྲྭ་བ་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམ་པར་མི་རྟོག་པ་ཡིན་ནོ། །སྒྲིབ་པ་མེད་པར་རྟོགས་ནས། སེམས་ཅན་རྣམས་ཡང་དག་པའི་ལམ་ལ་དགོད་པར་བྱའོ། །སྙམ་པའི་སྙིང་རྗེ་ཆེན་པོ་སྐྱེས་ཏེ། འདི་ནི་འདིའི་སེམས་གསུམ་པ་ཡིན་ནོ། །གསང་བ་པའི་བདག་པོ་སེམས་གསུམ་བསྒྲུབས་པས་ས་དང་ཕ་རོལ་ཏུ་ཕྱིན་པ་དང༌། བསྡུ་བའི་དངོས་པོ་རྣམས་བསྒྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པའི་སྦྱོར་བ་དག་ནི། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང༌། ཐབས་དང་ཤེས་རབ་དང་ཡེ་ཤེས་དང་ལྡན་པ། གང་གི་ཚེ་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་ཡང་དག་པར་ལེན་དུ་བཅུག་སྟེ། ཡིད་རབ་ཏུ་དགའ་བས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི། འདིའི་ས་དང༌། ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་ནོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་རྣམ་པར་དག་པ། འདུས་མ་བྱས་ཀྱི་ཚུལ་ཁྲིམས་ལ་གནས་པ་ནི། ཆོས་དེ་ཉིད་སྦྱིན་ཞིང་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་འགོད་ལ། བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཏེ། འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་འོད་གསལ་ཞིང༌། སེམས་ཀྱིས་ཕྱོགས་བཅུའི་ཆོས་ལ་ཁྱབ་པ་གང་གི་ཚེ་བདག་ཉིད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལ། གཞན་དག་ཀྱང་དེ་ལ་དགོད་པར་བྱེད་པ་དེ་ནི། དེའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ནི་སེམས་དེ་ཉིད་ཀྱིས་ཕྱི་ཕྱིར་ཞིང་གང་ནས་གང་དུ་རྟོགས་པ་ལ་མཁས་པའི་བློས་བརྩོན་འགྲུས་རྩོམ་ཞིང༌། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། གསང་བ་པའི་བདག་པོ་འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་འགྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་གི་ཚེ་སེམས་དེ་ཉིད་བསམ་གཏན་ཐམས་ཅད་ལ་མི་ལྟ་བར། ཡེ་ཤེས་དང་ལྡན་པའི་བློས་ངེས་པར་སེམས་ཤིང༌། གཞན་དག་ཀྱང་དེ་ལ་ཡང་དག་པར་ལེན་དུ་འཇུག་པ་དེའི་ཚེ་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་འགྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་སེམས་དེ་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་བསམ་གཏན་དང་ཚད་མེད་པ་དག་ལ་མི་ལྟ་བར་བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཞིང༌། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དེའི་ཚེ། འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསམ་གཏན་གྱི་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན་པ་ནི་སེམས་དེ་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་བློས་བདག་ཉིད་ཀྱང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་དཔྱོད་པར་བྱེད་པ་ལ་གནས་པར་འགྱུར་ཞིང༌། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། དེ་ལྟ་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ས་མངོན་དུ་གྱུར་གྱི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཡང་དག་པར་བསྡུ་བ་ལ་མཁས་པ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བྱིན་གྱིས་བརླབས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་ལམ་བཏབ་ནས། སེམས་དང་པོ་ནས་བཟུང་སྟེ་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་སྡུད་པར་བྱེད་དེ། འདི་ནི་ཕྱིའི་ཐབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དང༌། ས་རིང་དུ་སོང་བའི་སྦྱོར་བ་འགྲུབ་པ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་ཡེ་ཤེས་དང་ལྡན་པའི་བློ་མི་གཡོ་ཞིང༌། རབ་ཏུ་མི་བསྒུལ་བ་ནི། ཕ་རོལ་གྱི་རྒོལ་བ་ཐམས་ཅད་དང་བདུད་ཀྱི་རིས་ཀྱི་ལྷ་གང་གིས་ཀྱང་ཟིལ་གྱིས་མི་གནོན་ཏེ། འདི་ནི་འདིའི་ས་མི་གཡོ་བ་དང་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པ། ཆོས་ཐམས་ཅད་ལ་སྒྱུ་མའི་ཆོས་དང་མཉམ་པ་ཉིད་དུ་གྱུར་པ་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི། སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དག་ཁྱབ་པར་བྱེད་ཅིང༌། ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱིས་ཡང་དག་པར་མགུ་ནས་ལུས་ཀྱི་སྤུ་ལངས་ཤིང་དགའ་བ་མང་པོས་ཕྱོགས་བཅུ་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་རོ། །སེམས་ཅན་གྱི་མཐར་ཐུག་པའི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང༌། སེམས་ཅན་ཐམས་ཅད་ལ་ནམ་མཁའི་མཐར་ཐུག་པ་དང༌། སེམས་ཅན་གྱི་མཐར་ཐུག་པ་དང༌། ཡེ་ཤེས་ཀྱི་མཐར་ཐུག་པ་དང༌། རྣམ་པར་ཤེས་པའི་མཐར་ཐུག་པས་ཁྱབ་པར་བྱེད་དེ། དེ་ལྟར་དད་པ་དང༌། བརྩོན་འགྲུས་དང༌། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་ན། རྨི་ལམ་མམ་མངོན་སུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་ཞིང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཏེ། །འདི་ནི་བྱང་ཆུབ་སེམས་དཔའ་མོས་པའི་དཀྱིལ་འཁོར་ལ་ཞུགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །མོས་སྤྱོད་ཀྱི་ས་འདིའི་མཇུག་ཏུ་ཡང༌། མོས་སྤྱོད་ཀྱི་སའི་འབྲས་བུར་གྱུར་པའི་ཡོན་ཏན་ཡེ་ཤེས་ཀྱི་རབ་ཏུ་དགའ་བ་ལ་འཇུག་པར་འགྱུར་བ་རྣམས་བསྐལ་པ་བཞི་ཆའི་བར་དུ་གོམས་པས། མོས་སྤྱོད་ཀྱི་ས་ལས་འདས་ནས་ཡེ་ཤེས་ཀྱི་ས་ལ་འཇུག་པར་འགྱུར་ཏེ། རྣམ་སྣང་མངོན་བྱང་ལས། འདི་ཡི་ཡང་ནི་བཞི་ཆ་ཡིས། །མོས་པ་ལ་ནི་འདའ་བར་འགྱུར། །ཞེས་སོ། །དེའི་འོག་ཏུ་བདག་མེད་གཉིས་རྟོགས་པ་དེ་ཉིད་འཇུག་གནས་ལྡང་བའི་སྒོ་ནས་མངོན་དུ་བྱེད་པ་ན། ཕར་ཕྱིན་ལ་གོམས་པའི་ཕྱིར། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་སྒྲུབ་པ་ལྷུར་ལེན་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས། སྒྱུ་མ་ལྟ་བུར་རྟོགས་པའི་ཡང་གཉེན་པོར་འགྱུར་བའི་ས་དང་པོའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་དང་པོ་སྐྱེས་ཏེ། དེ་ཉིད་ལས། གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་རྣམས་ལ། ཤེས་རབ་དང་ཐབས་དཔག་ཏུ་མེད་པས་ཡོངས་སུ་བཟུང་བ། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་ཡང་དག་པར་འདས་པ། བརྒྱ་བྱིན་དང༌། ཚངས་པའི་དབང་པོ་དང༌། ཉེ་དབང་ལ་སོགས་པས་ཕྱག་བྱས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང༌། རྫས་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་པ། ནམ་མཁའ་ལྟར་དཔག་ཏུ་མེད་པ། ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དང་བྲལ་བ། ལས་དང་བྱ་བ་མེད་པ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་དང་བྲལ་བ། ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་སྟེ། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོའོ། །ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ། །ཞེས་སོ། །དེ་ལྟར་ཡེ་ཤེས་ཀྱི་ས་ལ་ཞུགས་ནས་ཇི་ལྟ་བ་བཞིན་གོམས་པར་བྱེད་ཅིང་སྒྲུབ་པ་ལ་ཞུགས་པའི་གང་ཟག་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། དེ་ཉིད་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་སོ། །དེ་ནས་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་བདུད་བཞི་བཅོམ་པ་ཚུན་ཆད་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱས་པ་ཡིན་ཏེ། བསྡུས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ཁོ་ནས། སྤྲུལ་པའི་སྦྱོར་བ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཁམས་ཉིད་དུ་སྐྱེ་བ་ལེན་པ་དང༌། མངོན་པར་འབྱུང་བ་དཀའ་བ་སྤྱད་པ་ལ་སོགས་པ་ཀུན་དུ་བསྟན་ཏེ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་གཤེགས་པ་སྔོན་དུ་འགྲོ་བ་ཅན་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཡན་ལག་ལྔ་པོ་རྟོགས་པའི་སྒོ་ནས་བདུད་བཞི་ལས་རྒྱལ་ནས་བརྙེས་སོ། །ཞེས་འབྱུང་ངོ༌། །ཞེས་དང་རྒྱུད་ལས་ཀྱང༌། ཕྱག་ན་རྡོ་རྗེར་བཀའ་སྩལ་པ། །བྱང་ཆུབ་སྙིང་པོར་འདུག་ནས་ནི། །བདུད་ནི་རྣམ་པ་བཞི་བཅོམ་པས། །དེ་བས་དཔའ་བོ་ཆེན་པོ་ཞེས། །ཞེས་སོ། །ཏིང་ངེ་འཛིན་ཡན་ལག་ལྔར་གྱུར་པའི་སྔགས་ནི། ན་མཿས་མནྟ་བུདྡྷ་ནཱཾ། ཨ་བི་ར་ཧཱུྃ་ཁཾ། ཞེས་སྟེ་དེ་ཡི་གེ་ལྔ་པོ་འདིའི་ཏིང་ངེ་འཛིན་གྱིས་བདུད་བཅོམ་ཚུལ་རྒྱས་པར་རྒྱུད་འགྲེལ་ལས་ཤེས་པར་བྱའོ། །དེ་རྣམས་ཚོགས་ཡིན་པ་ལ་དགོངས་ནས། བསྡུས་འགྲེལ་ལས། དེ་ལྟར་ན་སྔར་བཤད་པའི་འཇིག་རྟེན་གྱི་སེམས་རྣམ་པ་བརྒྱད་ནས་བཟུང་སྟེ་རྫོགས་པར་བྱང་ཆུབ་པའི་གནས་སྐབས་དཔའ་བོ་ཆེན་པོ་ལ་སོགས་པའི་བར་འདི་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གྲུབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་ཀྱི་བདག་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་ས་དང་ལམ་གྱི་རིམ་པས་མངོན་པར་རྫོགས་པར་སངས་རྒྱས་དགོས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མཐུན་པར་སྣང་བས་འདིར་ཚེ་གཅིག་གིས་འགྲུབ་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་མ་ཡིན་ཏེ། ཕར་ཕྱིན་ཐེག་པ་ལྟར་ས་དང་ལམ་རིམ་པར་བགྲོད་དགོས་པ་ནི་ཤིན་ཏུ་ཡང་ཡིན་མོད། དེས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ལ་གནོད་པ་མེད་དེ། དུས་རིང་པོར་ཚོགས་རྫོགས་དགོས་པའི་ལམ་དེ། ཐབས་ཤེས་ཀྱི་ལམ་ཁྱད་པར་ཅན་ལ་བརྟེན་ནས། ཤིན་ཏུ་མྱུར་བར་མངོན་དུ་བྱེད་དེ། དཔེར་ན། ཕྱུགས་ཀྱི་ཤིང་རྟ་ལ་སོགས་པས་དུས་རིང་པོར་བགྲོད་པའི་ལམ་དེར། ཉི་མ་དང་ཟླ་བས་མྱུར་དུ་བགྲོད་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱིས་བདུད་བཅོམ་ནས་ཁམས་གསུམ་ལས་འདས་ཏེ། འོག་མིན་སྟུག་པོ་བཀོད་པར་སྐྱེས་ནས། བྱང་ཆུབ་ཆེན་པོ་མངོན་སུམ་དུ་བྱ་བར་དགོངས་པས། རྣལ་འབྱོར་གྱི་རྒྱུད་ནས་འབྱུང་བ་ལྟར་མངོན་བྱང་ལྔའི་རིམ་པས་སངས་རྒྱ་བར་འགྱུར་ཏེ། བསྡུས་འགྲེལ་ལས། ཇི་སྐད་དུ་བཤད་པའི་འཁོར་བས་སྐྱོ་ཞིང༌། སྨྱུང་བ་དང༌། བརྟུལ་ཞུགས་དང༌། ངེས་པ་ལ་སོགས་པའི་མཚན་ཉིད་ཀྱིས་རྣལ་འབྱོར་པའི་ལམ་ལ་ཞུགས་ཏེ། རིགས་དང་བཤེས་གཉེན་ལ་བརྟེན་པའི་སྒོ་ནས། རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བྱང་ཆུབ་སེམས་དཔའི་ས་བཅུ་རྟོགས་པ་སྔོན་དུ་འགྲོ་བའི་བར་དུ་བསགས་ཤིང༌། རྫོགས་པར་བྱང་ཆུབ་པའི་གནས་སྐབས་འདི་ལྟ་བུའི་བར་རྟོགས་པར་མཛད་ནས། ཁམས་གསུམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་སྟུག་པོ་བཀོད་པ་ན་གནས་པ་རྣམས་དང་བསྐལ་བ་མཉམ་པར་སྐྱེས་པ་དང༌། ཡེ་ཤེས་ཀྱི་སྤྱན་གྱིས་སེམས་ཅན་གྱི་ཁམས་སྡུག་བསྔལ་གསུམ་གྱི་མེ་འབར་བས་དཀྲིས་པ་ལ་གཟིགས་ཏེ། ཐུགས་རྗེ་ཆེན་པོའི་ཡིད་ཀྱིས་ཐུགས་སྤྲོ་བ་བསྐྱེད་ནས་འདི་སྙམ་དུ་སེམས་ཅན་གྱི་ཁམས་འདི་ནི་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་བཀོད་པ་ཕུན་སུམ་ཚོགས་པ་མེད་པར་སྡུག་བསྔལ་གསུམ་དང་འབྲེལ་བ་གསལ་བར་མི་ནུས་ལ། སྐུ་མི་ཟད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དེ་ཡང་བྱང་ཆུབ་རྟོགས་པ་མེད་པར་མི་འགྱུར་བས། དེའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། ཡེ་ཤེས་ཀྱི་སྣང་བ་རྣམ་པར་རྟོག་པའི་དགྲ་ཚོགས་ཐམས་ཅད་དང་བྲལ་བ། སྤྲོས་པའི་བག་ཆགས་ཀྱི་རྟེན་ཐམས་ཅད་མེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་མངོན་དུ་བྱའོ། །དེ་མངོན་དུ་བྱས་པ་ལས་ཀྱང༌། སྔོན་གྱི་སྨོན་ལམ་གྱི་འཕེན་པ་ལས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཀོད་པ། སེམས་ཅན་སྐལ་པ་ཅི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པ་གཅིག་པུའི་མཐར་ཐུག་པ་འདི་དག་འབྱུང་བར་འགྱུར་རོ། །སྙམ་དུ་དགོངས་སོ། །དེ་ལྟར་དགོངས་ནས། ཇི་ལྟར་དགོངས་པ་བསྒྲུབ་པ་ལྷུར་ལེན་པ་གནས་གྱུར་པ་དང༌། སྐུ་བཞིར་ངེས་པར་གྱུར་ཏོ། །ཞེས་སོ། །དེ་ལ་སྐུ་བཞི་ནི། དེ་ཉིད་ལས། འདི་ལྟར་རྒྱུད་འདི་ལས་སྤྲུལ་པའི་སྐུ་རྣམ་པ་གཉིས་སུ་བརྟག་པར་མཛད་ནས། སྐུ་བཞིར་བཞེད་དེ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པའི་སྐུ་དང༌། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན་ནོ། །ཞེས་སོ། །དེ་ལ་ཆོས་ཀྱི་སྐུ་ནི་ཡེ་ཤེས་རྣམ་པར་མི་རྟོག་པའི་རྟེན་ཐམས་ཅད་གསལ་བ་རྣམ་པ་ཐམས་ཅད་ལས་ངེས་པར་གྲོལ་བས། ཤིན་དུ་འོད་གསལ་བ་རང་རིག་པ་ཙམ་གྱིས་མཐར་ཐུག་པས་འཁོར་བ་ཇི་སྲིད་པར་རྒྱུན་མི་ཆད་པ་སྐད་ཅིག་མའི་རྒྱུན་བརྒྱུད་པའི་ཚོགས་ཅན་གྱི་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། འདུ་ཤེས་ཙམ་ཡང་སྤངས་བའི་ཕྱིར། །རང་གི་ངོ་བོ་བསྟན་དུ་མེད། །ཤེས་པར་རང་རིག་བྱ་བ་ནི། །དེ་བཞིན་གཤེགས་པ་ཡིན་ཞེས་བཤད། །ཅེས་སོ། །དེ་ལྟར་ཆོས་ཀྱི་སྐུ་འདིའི་ངོ་བོ་ཉིད་བྱང་ཆུབ་རིགས་ཀྱིས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟགས་པ་སྔོན་དུ་འགྲོ་བའི་ལམ་དངོས་པོར་ཞེན་པ་ཡོངས་སུ་སྤང་བ་ལ་འཇུག་པར་འགྱུར་ཏེ། འདི་ལྟར་ཡོངས་སུ་དག་པ་དང་མ་དག་པའི་ངོ་བོ་ཉིད་དུ་རྣམ་པར་བརྟགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་ཤིང༌། སྐྱེ་བ་མེད་པར་ཤེས་པའི་རིགས་པས་བརྟགས་ན་དངོས་པོ་རྣམས་ཡོད་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། བློ་ཡིས་རྣམ་པར་གཞིག་རྣམས་ཀྱིས། །ངོ་བོ་ཉིད་ནི་ངེས་མི་ཟིན། །དེ་ཕྱིར་འདི་དག་ངོ་བོ་ཉིད། །མེད་ཅིང་སྐྱེ་བ་མེད་པར་བསྟན། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་མེད་དུ་ཤེས་པ་ཡང༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དབུ་མའི་གཞུང་ལུགས་སུ་གཏན་ལ་ཕབ་པ་ལྟར་ཤེས་པར་བྱའོ། །དེའི་ཕྱིར་ཆོས་ཀྱི་སྐུའི་མཚན་ཉིད་ཡོངས་སུ་དག་པ་འདིའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། དོན་དམ་པར་དངོས་པོ་མེད་དོ་སྙམ་དུ་མངོན་པར་ཞེན་པར་མི་བྱ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སྐྱེ་བ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་ནོ། །ཞེས་དང༌། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་དགེ་ཆོས་ཟད་མེད་ཀྱིས། །གཟུགས་བརྙན་དག་ཏུ་གྱུར་པ་ཡིན་ནོ་འདིར། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཡང་དག་སྣང༌། །ཞེས་གསུངས་ཏེ། འདི་ནི་ལོངས་སྐུ་ལ་སོགས་པའི་ཆོས་ཐམས་ཅད་ལ། དངོས་པོར་ཞེན་པ་ཡོངས་སུ་འདོར་བའི་རིགས་པ་ལ་ཉེ་བར་སྦྱོར་རོ། །ཞེས་འཆད་དོ། །མངོན་པར་བྱང་ཆུབ་པའི་སྐུ་ནི། ཆོས་ཀྱི་སྐུ་འདིའི་དབང་གིས་དང་པོ་ཉིད་དུ་འོག་ནས་འབྱུང་བ་ལྟར་ལོངས་སྐུ་དང་སྤྲུལ་པའི་སྐུ་འཇུག་པའི་རིམ་གྱིས་བྱང་ཆུབ་སེམས་དཔའ་རྒྱུད་ཡོངས་སུ་དག་པ་རྣམས་ལ་རྣམ་པར་སྣང་མཛད་ཆེན་པོའི་སྐུར་དུས་རྟག་ཏུ་སྣང་བ་གང་ཡིན་པ་དེ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ། དེ་ཉིད་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ་མཐོང་ངོ་ཞེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། ཆོས་ཀྱི་སྐུ་བརྙེས་པའི་དུས་ན། ཆོས་ཉིད་ཀྱིས་ཐོབ་པ་སྐུ་གསུམ་དུ་མི་ཟད་པ་བཀོད་པ་སེམས་ཅན་མོས་པ་ཇི་ལྟ་བ་བཞིན་དུ་དོན་མཛད་པ་འགྲོ་བ་གསུམ་ལ་སྣང་བར་གྱུར་པ་གང་ཡིན་པ། དེ་དག་གི་ནང་ནས་བྱང་སེམས་ཁོ་ན་ལ་མཚན་དཔེས་སྤྲས་པའི་སྐུར་སྣང་ཞིང༌། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་སྟོན་པར་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ཉིད་ལས། འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུ་པའི་བར་གནས་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང༌། ལས་ཀྱི་ཚེ་འདས་པའི་རྣམ་ཤེས་ཡང་སྲིད་པའི་མྱུ་གུ་མངོན་པར་གྲུབ་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང༌། ཕྱག་ན་པདྨའི་ལུས་འདྲ་བ་ཕྱོགས་བཅུ་ན་གསང་སྔགས་ཀྱི་ཚུལ་གྱིས་ཚིག་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ༌། །ཞེས་སོ། །སྤྲུལ་པའི་སྐུ་ནི། ལྷ་དང་མི་ལ་སོགས་པ་ལ་སྣང་ཞིང་དེ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ལ་སོགས་པར་སྣང་ཞིང་སོ་སོའི་སྐྱེ་བོ་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་གཟུད་པར་མཛད་པ་དེ་ནི་སྤྲུལ་པའི་སྐུའོ། །དེ་ཉིད་ལས། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ་ཚུལ་སྣ་ཚོགས་དང༌། བསམ་པ་སྣ་ཚོགས་དང༌། ཐབས་སྣ་ཚོགས་དག་གིས་བསྟན་ཅིང༌། ཁ་ཅིག་དག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་དག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་དག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་དག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་ཅིག་དག་ལ་ནི་ལྷར་སྐྱེ་བར་བྱ་བ་དང༌། ཁ་ཅིག་དག་ལ་ནི་མིར་སྐྱེ་བར་བྱ་བ་ནས། ལྟོ་འཕྱེ་ཆེན་པོ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་པ་ལགས། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་དག་གིས་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང༌། ལ་ལ་དག་གིས་ནི་ཉན་ཐོས་ཀྱི་གཟུགས་སུ་མཐོང༌། ལ་ལ་དག་གིས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང༌། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ངོར་རོ་གཅིག་པ་ལགས། ཞེས་སོ། །རྣམ་སྣང་མངོན་བྱང་གི་ལུང་འདི་དག་ལ་དངོས་སུ་ཆོས་ཀྱི་སྐུ་ཞེས་སོགས་གསུངས་པ་མི་སྣང་ཡང༌། དོན་སྐུ་བཞིར་སྟོན་པ་བསྡུས་འགྲེལ་ལས་བཤད་དོ། །དེ་ལྟར་འབྲས་བུ་སྐུ་བཞི་ཡིན་པ་ཉིད་ཀྱིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡང་སྐུ་བཞིའི་གཟུགས་རྣམ་པ་ཅན་དུ་བསྟན་ཏེ། དེ་ལ་ཆོས་ཀྱི་སྐུ་ནི་ཕྱག་རྒྱ་གྲུ་གསུམ་པའི་རྣམ་པ་ཅན་དང༌། རྫོགས་པར་བྱང་ཆུབ་པའི་སྐུ་ནི་དཀྱིལ་འཁོར་གྱི་གཙོ་བོ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ནི་འཇིག་རྟེན་དབང་ཕྱུག་ལ་སོགས་པ་རིགས་གསུམ་གྱིས་བསྡུས་པའི་ལྷ་རྣམས་དང༌། སྤྲུལ་པའི་སྐུ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། དབང་པོ་དང༌། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱི་གཟུགས་ཀྱིས་བསྟན་པ་ཡིན་ནོ། །མདོར་ན། གཞི་མཚན་ཉིད་དང་ལྡན་པའི་རྟེན་གྱི་གང་ཟག་གིས། ལམ་འཇུག་པའི་སྤྱོད་པ་ལ་སོགས་པ་གསུམ་ཉམས་སུ་བླངས་པས། འབྲས་བུ་གནས་སྐབས་སུ་ས་བཅུ་དང༌། མཐར་ཐུག་སྐུ་བཞི་པ་རྣམ་པར་སྣང་མཛད་ཡེ་ཤེས་ཀྱི་སྐུ་ཅན་གྱི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པ་ནི་ངེས་པའོ། །སྐལ་བཟང་གང་གི་བརྩོན་པས་བསྒྲུབ་གྱུར་ན། །སྐུ་བཞིའི་དབང་ཕྱུག་རྣམ་སྣང་ཆེན་པོའི་ས། །ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་ལམ། །ཐེག་པ་གཞན་ལས་ཁྱད་པར་འཕགས་གྱུར་པ། །སྤྱོད་པའི་རྒྱུད་ཀྱི་སྤྱི་ཡི་རྣམ་གཞག་དང༌། །ལམ་གྱི་རིམ་པ་རྒྱས་པར་བཤད་པ་འདི། །རང་ཉིད་ཟབ་མོའི་དོན་ལ་གོམས་ཕྱིར་དང༌། །སྐལ་ལྡན་གཞན་ལའང་ཕན་པར་བྱ་ཕྱིར་དུ། །བདག་བློ་བརྩོན་པའི་གསེར་སྣོད་རྣམ་པར་དག །རྒྱུད་མང་ལུང་གི་རྩི་མར་ཀུན་བསྡུས་ཏེ། །ཡང་དག་རིག་པའི་སྡོང་བུ་རབ་རྒྱས་པའི། །ལེགས་པར་བཤད་པའི་སྒྲོན་མེ་ཁོ་བོས་བསྒྲུབས། །འདི་སྦྱར་དགེ་བ་བདག་གི་གང་ཐོབ་དེས། །རྣམ་མང་འགྲོ་ལ་ཕན་བདེ་འབྱུང་བའི་སྒོ། །ཐུབ་བསྟན་རིན་ཆེན་ཡུན་དུ་གནས་པ་དང༌། །མར་གྱུར་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །སྤྱོད་པའི་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བསྙེངས་པ་མེད་པའི་མཁྱེན་རབ་ཅན། རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ཡན་ལག་མཆོག་གིས་གུས་པར་བླངས་པ་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལ་བློ་ཁ་ཅུང་ཟད་ཕྱོགས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བྱ་རྒྱུད་དང་ཐུན་མོང་པའི་ལམ་རྣམས་ལོགས་སུ་གཏན་ལ་ཕབ་ཅིང་སྤྱོད་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ལམ་རིམ་རྣམས་བོད་ན་བཞུགས་པའི་སྤྱོད་རྒྱུད་ཀྱི་རྒྱུད། འགྲེལ་པ་སྒྲུབ་ཐབས། གཞུང་ཕྲན་ཁུངས་ཐུབ་པ་རྣམས་ལ་འདྲིས་པར་བྱས་ཤིང༌། བྱེ་བྲག་ཏུ་རྣམ་སྣང་མངོན་བྱང་དང༌། དེའི་བསྡུས་འགྲེལ་དང༌། ཚིག་འགྲེལ་གཉིས་གཞིར་བཞག བོད་ཀྱི་མཁས་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཆ་རྣམས་ཀྱིས་ཀྱང་བརྒྱན་ནས་ཀུན་ལྡན་གྱི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ཞེས་བྱ་བས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པར་གྱུར་ཅིག།  །། ༄༅། །བྱ་རྒྱུད་སྤྱིའི་རྣམ་པར་བཤད་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།  ༈ །བྱ་བའི་རྒྱུད་སྤྱིའི་རྣམ་པར་བཤད་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདྲེན་པ་གང་གིས་མཁྱེན་རབ་འོད་སྟོང་གིས། །བདག་བློའི་མུན་པ་འཐུག་པོ་རབ་བསལ་ནས། །མ་ནོར་ཆོས་དོན་སྣང་བ་རྒྱས་མཛད་པ། །ཡོངས་འཛིན་མཁས་པ་ནམ་མཁའི་ནོར་བུ་རྒྱལ། །དཔག་ཡས་ཚོགས་གཉིས་ཆུ་གཏེར་ཆེ་ལས་འཁྲུངས། །བྱང་ཆུབ་སྤྱོད་པའི་རིན་ཆེན་ཁམས་ལས་གྲུབ། །རྨད་བྱུང་སྐུ་གཉིས་འབྲས་བུའི་གཟི་འོད་འཕྲོ། །ཐུབ་དབང་ལྷུན་པོའི་ཞབས་ལ་གུས་ཕྱག་འཚལ། །དེ་ཡིས་ལེགས་གསུངས་དེ་བཞིན་གཤེགས་རིགས་དང༌། །པདྨ་རྡོ་རྗེ་ནོར་བུ་ལྔས་རྩེན་སོགས། །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས། །རིགས་དྲུག་རྒྱུད་སྡེའི་ཚོགས་ལ་བདག་སྐྱབས་མཆི། །ཡང་དག་རྒྱུད་སྡེའི་དོན་ཀུན་ཐུགས་སུ་ཆུད། །ཟབ་གསལ་གཉིས་མེད་རྟོགས་པའི་ཡེ་ཤེས་རྒྱས། །རླབས་ཆེན་སྔགས་གཞུང་བསྟན་པ་སྤེལ་མཛད་པ། །རྒྱལ་སྲས་རིག་འཛིན་རྣམས་ལ་གུས་པས་འདུད། །གསུང་རབ་མ་ལུས་མཁྱེན་པའི་པཎྜི་ཏ། །བྱང་ཆུབ་མཆོག་གི་གོ་འཕང་རྗེས་བརྙེས་པས། །འཕགས་ཡུལ་ཤིང་རྟའི་སྲོལ་དུ་གྱུར་པ་པོ། །གཞུང་བཟང་མཛད་པ་དེ་ལ་ཕྱག་འཚལ་ལོ། །རྒྱུད་འགྲེལ་ཀཻ་ལ་ཤ་ལས་ལེགས་འོངས་པའི། །བྱ་རྒྱུད་སྤྱི་ཡི་རྣམ་གཞག་གངྒཱའི་རྒྱུན། །བདག་བློ་དད་པའི་མ་དྲོས་ནང་ཞུགས་ནས། །ལེགས་བཤད་རྦ་རླབས་ཕྲེང་བས་མཛེས་བྱ་ཡི། །རྒྱུད་དོན་བསམ་འཕེལ་ནོར་བུ་ལེན་འདོད་ཅིང༌། །མི་ཤེས་བློ་ཡི་དྲི་མ་སྦྱང་འདོད་པའི། གཟུར་གནས་བློ་ལྡན་ཆོས་ལ་རྟོན་པ་རྣམས། །དད་བརྩོན་སྤྲོ་བའི་བློ་དང་ལྡན་པས་ཉོན། །འདིར་བདག་ཅག་རྣམས་ཀྱི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས། གདུལ་བྱ་རྣམས་ཀྱི་ཉོན་མོངས་པའི་གཉེན་པོར། ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱང༌། ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སུ་འདུ་ལ། ཐེག་ཆེན་ལ་དབྱེ་ན། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པའི་སྡེ་སྣོད་གཉིས་སུ་གསུངས་ཤིང༌། དེ་ལ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་སྟེ་རྒྱུད་སྡེ་བཞིར་གསུངས་པ་ལས། རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བའམ། གཞི་མ་ལྟ་བུར་གྱུར་པ། བྱ་བའི་རྒྱུད་ཀྱི་སྡེ་སྣོད་མཐའ་དག་གི་རྣམ་པར་གཞག་པ་བཤད་པ་ལ། དོན་གསུམ་སྟེ། ཕར་ཕྱིན་ཐེག་པ་ལས་བྱ་རྒྱུད་ཁྱད་པར་དུ་འཕགས་ཚུལ། ཁྱད་པར་འཕགས་པའི་བྱ་རྒྱུད་ཀྱི་དབྱེ་བ། དབྱེ་བ་སོ་སོའི་དོན་གཏན་ལ་ཕབ་པའོ། །དང་པོ་ལ་གསུམ། ཁྱད་པར་དུ་འཕགས་ཚུལ་མདོར་བསྟན། དེ་ཉིད་རྒྱས་པར་བཤད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉིད་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གསུངས་ན། དེ་ལས་བྱ་རྒྱུད་ཇི་ལྟ་བུས་ཁྱད་པར་དུ་འཕགས་སྙམ་ན། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། ཕྱུགས་ཀྱི་ཤིང་རྟས་ཡུན་རིང་ཞིག་གིས་འགྲོ་བར་བྱ་བའི་བར་དེར་རྐང་མགྱོགས་འགྲུབ་པའམ་ཉི་མ་དང་ཟླ་བས་ནི་མྱུར་དུ་འགྲོ་བར་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་རིགས་ཀྱི་བུ་དག་བགས་ཀྱིས་འགྲོ་བས། བསྐལ་པ་རབ་འབྱམས་དག་གིས་འདའ་བའི་ས་དེ་དག རིག་སྔགས་འཆང་བ་རབ་ཏུ་བརྟུལ་པས་འཇུག་པས་ཚེ་འདི་ཉིད་ལ་ཐོབ་པ་ནི་མཐུ་མི་མཉམ་པ་ལ་བརྟེན་པའི་ཕྱིར་ཞེས་བྱའོ་ཞེས་དང༌། དེའི་དོན་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། །ཕྱུགས་ཀྱི་ཤིང་རྟས་དུས་རིང་གིས། །བགྲོད་པར་བྱ་བའི་གནས་དེར་ནི། །རྐང་མགྱོགས་གྲུབ་པའམ་ཟླ་ཉིས་ནི། །མྱུར་བ་ཉིད་དུ་འགྲོ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་པའམ། །ལམ་གཞན་དག་ལ་བརྟེན་ནས་ནི། །ཡུན་རིང་འཇུག་པར་གྱུར་པ་དེར། །སྔགས་པས་ཚེ་འདིར་འཇུག་པ་ནི། །མཉམ་མེད་མཐུ་ལ་བརྟེན་ཕྱིར་རོ། །ཞེས་བཤད་པས། ཕར་ཕྱིན་ཐེག་པར་ནི། བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དང༌། གྲངས་མེད་བཅུ་དང༌། ཉན་རང་སླར་ལོག་ནས། ཐེག་ཆེན་གྱི་ལམ་དུ་ཞུགས་པས་གྲངས་མེད་པ་བཞི་དང༌། གཞན་གྱིས་གྲངས་མེད་གསུམ་ན་འཚང་རྒྱ་བར་གསུངས་ལ། འདིར་རྒྱུ་རྐྱེན་ཐམས་ཅད་འཚོགས་ན། སྐྱེ་བ་གཅིག་དང༌། རྐྱེན་འགའ་ཞིག་མ་ཚང་ན་ཡང༌། ཚེ་གསུམ་གྱིས་འགྲུབ་པར་གསུངས་པས། དུས་མྱུར་པོས་འགྲུབ་པ་འདི་ནི་ཁྱད་པར་དུ་འཕགས་ཆོས་ཡིན་ནོ། །དེ་སྐད་དུ་ཡང༌། འཇམ་དཔལ་རྩ་རྒྱུད་ལས། རྒྱུ་དང་རྐྱེན་ཐམས་ཅད་འཚོགས་པ་ཐོབ་པ་དག་ནི། ཚེ་འདི་ཁོ་ན་ལ་འགྲུབ་བོ། །རྒྱུ་རྐྱེན་ཉིད་ཀྱང་རྐྱེན་འགའ་ཞིག་མ་ཚང་བ་ལ་འཇུག་པ་དང༌། སྦྱོར་བའི་སྤྱོད་པ་བྱས་ན་ངེས་པར་ཚེ་གསུམ་གྱིས་འགྲུབ་པའོ། །ཞེས་སོ། །གལ་ཏེ་ཕར་ཕྱིན་ཐེག་པར་ཡང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ན། ཞག་བདུན་གྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །ཞེས་གསུང་ཞིང༌། དེ་བཞིན་གཤེགས་པ་སྐར་རྒྱལ་ལ་ཚིགས་སུ་བཅད་པ་གཅིག་པས་ཞག་བདུན་དུ་བསྟོད་པས། བསྐལ་པ་དགུའི་ཚོགས་འདུམ་པ་སོགས་བཤད་པས། བརྩོན་འགྲུས་དང་ལྡན་ན་གྲངས་མེད་གསུམ་ལ་སོགས་པའི་ངེས་པ་མེད་ཅིང༌། བརྩོན་འགྲུས་དང་མི་ལྡན་ན་སྔགས་ཀྱི་ཐེག་པས་ཀྱང་མྱུར་དུ་མི་ཐོབ་པའི་ཕྱིར་ཁྱད་པར་མེད་དོ་ཞེ་ན། སྐྱོན་མེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ནི་ས་བརྒྱད་པ་ཡིན་ལ། དེ་ཐོབ་པས་ཞག་བདུན་ནས་འཚང་རྒྱ་བར་ནུས་ཀྱང་དེ་ཐོབ་ཀྱི་བར་ལ་བསྐལ་པ་གྲངས་མེད་གཉིས་དགོས་པར་བཤད་ཀྱི། དེ་བས་མྱུར་བ་མ་བཤད་པའི་ཕྱིར་དང༌། བསྐལ་པ་དགུ་ལ་སོགས་པའི་ཚོགས་དུས་ཐུང་ངུས་རྫོགས་པར་བཤད་ཀྱང༌། བསྐལ་པ་གྲངས་མེད་ཀྱི་ཚོགས་རྫོགས་པར་མ་བཤད་པའི་ཕྱིར་དང༌། འདིར་སྐྱེ་བ་གཅིག་གམ་ཚེ་གསུམ་ལ་འགྲུབ་པར་བཤད་པའི་ཕྱིར། ལམ་འདི་ནི་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་སྐྱེ་བ་འདི་ཉིད་ལ་འགྲུབ་པ་ལ་ལམ་ཁྱད་པར་ཅན་ཞིག་དགོས་པས། དེ་གང་ཡིན་སྙམ་ན་འཇུག་པའི་སྤྱོད་པ་དང༌། སྦྱོར་བའི་སྤྱོད་པ་དང༌། སྒྲུབ་པའི་སྤྱོད་པ་སྟེ་གསུམ་ཡིན་ལ། ལམ་འདི་གསུམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་མ་བཤད་ཅིང་སྔགས་ཀྱི་ཐེག་པར་ནི་སེམས་བསྐྱེད་པ་དང༌། རྟོགས་པའི་ལྟ་བ་དང༌། ཕྱིན་དྲུག་དང༌། བསྡུ་བ་བཞི་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཡོངས་སུ་རྫོགས་པར་བཤད་པའི་སྟེང་དུ། སྤྱོད་པ་འདི་གསུམ་བསྣན་ནས་ཉམས་སུ་ལེན་པས་ན། ཚེ་འདི་ཉིད་ལ་འགྲུབ་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་དེ་ལ་འཇུག་པའི་སྤྱོད་པ་ནི། མདོར་བསྡུས་ན་དངོས་གྲུབ་ཀྱི་ཞིང་ལྟ་བུའོ། །སྦྱོར་བའི་སྤྱོད་པ་ནི། དངོས་གྲུབ་ཀྱི་མྱུ་གུ་ལྟ་བུའོ། །སྒྲུབ་པའི་སྤྱོད་པ་ནི། ཞིང་ལ་གནས་པའི་འབྲས་བུའི་ཚོགས་ལྟ་བུ་སྟེ། འོན་ཀྱང་དེ་དག་ཐམས་ཅད་ལ། གཙོ་བོར་གྱུར་པ་ཉེ་བར་ལེན་པའི་རྒྱུ་ནི། ཁྱད་པར་ཅན་གྱི་རིགས་ཀྱི་སེམས་ལས་བཟང་པོ་དུ་མས་སྨིན་པར་བྱས་པའི་ངོ་བོ་ཉིད་དེ། དེ་ནི་ས་བོན་དང་འདྲ་བའི་ཕྱིར། ཤིན་དུ་ཕུལ་དུ་བྱུང་བ་རྒྱུར་ཉེ་བར་བརྟག་པ་སྟེ་དེ་ལ་རག་ལས་པས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟ་བུའི་ཚུལ་ལ་གནས་པའི་སྔགས་པ་ནི་རྒྱུ་ཁྱད་པར་ཅན་དང༌། རྐྱེན་ཁྱད་པར་ཅན་ཐོབ་པས་ཚེ་འདི་ཉིད་ལ། ས་དེ་དག་གནོན་ཅིང་མངོན་པར་ཤེས་པ་ལྔས་རྩེ་ལ་འོག་མིན་གྱི་ལྷའི་ཁང་པའམ། ཤིན་ཏུ་དག་པའི་སངས་རྒྱས་ཀྱི་ཞིང་གཞན་དུ་ཡང་ཐོགས་པ་མེད་པར་འགྲོའོ། །ཞེས་གསུངས་སོ། །དེ་ལ་འཇུག་པའི་སྤྱོད་པ་ནི། གསང་བ་སྤྱི་རྒྱུད་ལས་གསུངས་པའི་ཆོ་གས། རིགས་གསུམ་སྤྱིའམ་སོ་སོའི་དཀྱིལ་འཁོར་དུ་དབང་བསྐུར་བས་སྔགས་ཀྱི་སྡོམ་ལྡན་དུ་བྱེད་པ་ལ་བྱ་སྟེ། ཛྙཱ་ན་ཨཱ་ཀ་རས། དེ་ལ་འཇུག་པའི་སྤྱོད་པ་ནི། །སྔགས་ལ་དད་པའི་སློབ་མ་ཡིས། །བླ་མ་ཡོན་ཏན་ལྡན་པ་ལ། །དུས་རིང་བསྙེན་པ་སྔོན་འགྲོ་བས། །མཉེས་ནས་གསོལ་བ་བཏབ་བྱས་ལ། །དཀྱིལ་འཁོར་འཇུག་དང་དབང་བསྐུར་ཞིང༌། །རང་གི་འདོད་ལྷ་བཟུང་བས་ཏེ། །དེ་ནི་གཞི་ཡི་རྐྱེན་ཞེས་བྱ། །ཞེས་སོ། །དེས་ན་དབང་བསྐུར་གྱི་ཆོ་གའི་སྒོ་ནས་སློབ་མ་སྔགས་ཀྱི་སྡོམ་ལྡན་དུ་བྱེད་པ་འདི་ནི་ཕར་ཕྱིན་ཐེག་པར་མ་བཤད་པས་ཁྱད་པར་དུ་འཕགས་ཆོས་དང་པོ་ཡིན་ནོ། །སྦྱོར་བའི་སྤྱོད་པ་ནི། ལེགས་པར་གྲུབ་པའི་རྒྱུད་ལས་གསུངས་པ་ལྟར་བདག་གི་དེ་ཁོ་ན་ཉིད་སྟོང་པ་ཉིད་སྔོན་དུ་བྱས་ནས་མདུན་དུ་རང་འདོད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ཏེ། དེ་རྣམས་ལ་མཆོད་པ་དང་བསྟོད་པ་དང་བཟླས་པས་མཉེས་པར་བྱ་བ་ལ་སོགས་པ་མཚན་བཅས་ཀྱི་རྣལ་འབྱོར་ལ་བྱ་སྟེ། ཛྙཱ་ན་ཨཱ་ཀ་རས། དེ་ལ་སྦྱོར་བའི་སྤྱོད་པ་ནི། །མཐུན་པའི་གནས་སོགས་དེ་དང་དེར། །དང་པོར་སྟོང་ཉིད་བྱམས་སོགས་དང༌། །རང་འདོད་ལྷ་ཡི་ཆོ་ག་ཡིས། །ཐུན་གསུམ་འམ་ནི་ཐུན་བཞི་རུ། །བསྒོམ་དང་བཟླས་དང་ཁ་ཏོན་དང༌། །གཏོར་མ་སྦྱིན་པའང་མཆོད་སོགས་བརྩོན། །སྡིག་ཆེན་ཀུན་ལས་གྲོལ་ནས་ནི། །བསྐལ་པ་དུ་མར་སྤྱད་པ་ཡིས། །བྱང་ཆུབ་སེམས་དཔའ་དང་མཚུངས་འགྱུར། །འདི་ནི་ཡོངས་འགྱུར་རུང་བའི་རྐྱེན། །གཉིས་པ་ཡིན་པར་བསྟན་པ་ཡིན། །ཞེས་སོ། །དེས་ན་མདུན་དུ་དེ་བཞིན་གཤེགས་པའི་སྐུ་སྤྱན་དྲངས་ལ། དེ་ལ་དངོས་གྲུབ་ལེན་པ་འདི་ནི་ཕར་ཕྱིན་ཐེག་པར་མ་བཤད་པས་ཁྱད་པར་དུ་འཕགས་ཆོས་གཉིས་པ་ཡིན་ནོ། །སྒྲུབ་པའི་སྤྱོད་པ་ནི། བསམ་གཏན་ཕྱི་མ་ལས་གསུངས་པ་ལྟར། མཐུན་རྐྱེན་འཛོམ་པའི་གནས་སུ་འགལ་རྐྱེན་མཐའ་དག་སྤངས་ནས། མེ་གནས་དང༌། སྒྲ་གནས་དང༌། སྒྲ་མཐའི་དེ་ཉིད་ལ་སོགས་པ་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་བྱ་སྟེ། ཛྙཱ་ན་ཨཱ་ཀ་རས། དེ་ལ་སྒྲུབ་པའི་སྤྱོད་པ་ནི། །དཔེར་ན་ལེགས་པར་བཀྲུས་པའི་རས། །ཁ་དོག་རྣམས་སུ་བསྒྱུར་བ་ན། །ཚིགས་ནི་ཆུང་སྟེ་གཟབས་འོས་ལྟར། །སྒྲུབ་པའི་སྤྱོད་པའང་བསྒྲིམ་དགོས་ཀྱི། །ཧ་ཅང་དཀའ་བ་མ་ཡིན་ནོ། །སྦྱོར་བའི་སྤྱོད་པས་རྒྱུད་སྨིན་པའི། །གང་ཟག་སྒྲུབ་ལ་འཇུག་པ་ན། །གནས་དང་གྲོགས་དང་ལོངས་སྤྱོད་དང༌། །བསམ་པ་མ་ཡིན་པ་རྣམས་སྤང༌། །དམིགས་པའི་དོན་ལ་རྩེ་གཅིག་བཞག །འདིས་ནི་མྱུར་དུ་འཕགས་པའི་རྐྱེན། །གསུམ་པ་ཡིན་པར་གསུངས་པ་ཡིན། །ཞེས་སོ། །དེས་ན་མེ་གནས་ལ་སོགས་པའི་དེ་ཉིད་གསུམ་ལ་བརྟེན་ནས། དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་བྱེད་པ་འདི་ནི་ཕར་ཕྱིན་ཐེག་པར་མ་བཤད་པས་ཁྱད་པར་དུ་འཕགས་ཆོས་གསུམ་པ་ཡིན་ནོ། །འདི་དག་ཀྱང་རྒྱས་པར་འཇམ་དཔལ་རྩ་རྒྱུད་དུ་ཤེས་པར་བྱའོ། །གསུམ་པ་ནི། གལ་ཏེ་ཕར་ཕྱིན་ཐེག་པར་མ་བཤད་པའི་ལམ་གསུམ་པོ་དེ་ཉམས་སུ་བླངས་པའི་མཐུས་ཚེ་འདི་ལ་འབྲས་བུ་འགྲུབ་ན། རྣལ་འབྱོར་བླ་མེད་དང་ཁྱད་པར་མེད་པར་འགྱུར་ལ། དེ་འདོད་ན་རྒྱུད་སྡེ་གོང་འོག་རྣམས་ལ་ལམ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་པར་འགྱུར་རོ། །སྙམ་ན། རྣལ་འབྱོར་བླ་མེད་ཀྱི་ཚེ་གཅིག་ལ་འགྲུབ་པའི་འབྲས་བུ་ནི། སྐུ་གསུམ་དབྱེར་མེད་ཀྱི་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་ལ། འདིར་ནི་ལམ་གསུམ་ལ་བརྟེན་ནས་ས་བཅུ་པ་སྐྱེ་བ་འདི་ལ་མངོན་དུ་བྱེད་ཅིང༌། རྟེན་དེས་སངས་རྒྱས་ཉིད་འགྲུབ་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། གལ་ཏེ་ཐམས་ཅད་དུ་ན་ནི་ཕུལ་དུ་བྱུང་བའི་ལམ་འདིས་ས་བཅུའི་བར་དུ་ཡོངས་སུ་སྦྱང་བ་ཁྱད་པར་ཅན་ཁོ་ནས་ཡོངས་སུ་སྦྱངས་ཏེ་རྣམ་པར་གནོན་ཏོ། །དེའི་ཕྱིར་ཐུབ་པའི་དབང་པོས་ངེས་པར་རིག་པ་དེ་མཐར་སངས་རྒྱས་ཉིད་ལ་གཞོལ་བར་ལུང་བསྟན་པ་མཛད་དོ། །ཞེས་གསུངས་པའི་ཕྱིར་རོ། །ས་བཅུ་པ་འདི་ཉིད་ལ་སྔགས་ཀྱི་ཐེག་པར་རིག་འཛིན་གྱི་དངོས་གྲུབ་ཐོབ་པ་ཞེས་ཀྱང་བྱ་ལ། དེའི་ཡོན་ཏན་གྱི་ཁྱད་པར་ཡང་ཛྙཱ་ན་ཨ་ཀ་རས། གྲུབ་པའི་དངོས་གྲུབ་གང་ཞེ་ན། ལུས་དང་གནས་དང་ལོངས་སྤྱོད་དག །མི་ལས་ཁྱད་པར་འཕགས་པ་སྟེ། །ཚེ་ལ་དབང་བསྒྱུར་མི་ཁོམ་པར། །སྐྱེ་ལས་གཏན་དུ་གྲོལ་བ་དང༌། །སངས་རྒྱས་འབྱུང་དང་ཕྲད་སོགས་དང༌། །འདོད་ཡོན་ལྔ་པོ་ཤེས་བཞིན་དུ། །«འདིར་ཚིག་གཉིས་ཆད་་་་་་»འཆིང་བར་མི་འགྱུར་དང༌། །བདག་གཞན་བདེ་བ་བསྐྱེད་ནུས་པའོ། །ཞེས་སོ། །དེ་ལྟ་བུའི་རིག་འཛིན་གྱི་དངོས་གྲུབ་ཐོབ་ནས། སྤྱོད་པ་ཇི་ལྟ་བུ་བྱ་སྙམ་ན། ཛྙཱ་ན་ཨཱ་ཀ་རས། གྲུབ་པའི་སྤྱོད་པ་གང་ཞེ་ན། །ཡུལ་དང་དུས་ནི་དེ་དང་དེར། །འབྱོར་བའི་བདེ་བ་ལ་སྤྱོད་ཅིང༌། །དེ་བཞིན་འཕགས་པ་རྣམས་ལ་ཡང༌། །ཅི་ནུས་པར་ནི་མཆོད་པ་དང༌། །ཕན་གདགས་ཚར་གཅོད་ཀྱིས་འདུལ་བའི། །སེམས་ཅན་རྣམས་ལ་རྗེས་མཐུན་པར། །རྫུ་འཕྲུལ་སྣ་ཚོགས་ཀྱིས་འདུལ་ཞིང༌། །དམྱལ་ལ་སོགས་པར་ཡུད་ཙམ་ལའང༌། །བསིལ་དང་དྲོད་སོགས་སྦྱིན་པ་དང༌། །དེ་བཞིན་སེམས་ཅན་སྣ་ཚོགས་ལའང༌། །ཆོས་རྣམས་སྣ་ཚོགས་སྟོན་པ་སྟེ། །མཐོང་དང་ཐོས་དང་རེག་པ་དང༌། །དྲན་པས་ཀུན་ལ་ཕན་གྱུར་པའོ། །ཞེས་སོ། །ཡང་གལ་ཏེ་རྣལ་འབྱོར་གྱི་རྒྱུད་དུའང༌། ཚེ་འདིར་འགྲུབ་པར་གསུངས་ཤིང༌། ཐམས་ཅད་གསང་བའི་འགྲེལ་པར་གང་ཡང་རྒྱུའི་རྣལ་འབྱོར་ཉིད་ཀྱིས་འཚང་རྒྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། བྱ་བའི་རྒྱུད་ལ་སོགས་པ་ལས་བཤད་པ་སྟེ། དེ་ནི་དུས་ཤིན་དུ་རིང་བས་འབྱུང་བ་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་རྣམས་སུ་ནི། རྒྱུ་དང་འབྲས་བུའི་སྦྱོར་བ་ལ་སོགས་པའི་ཐེག་པ་ཆེན་པོ་མཐའ་དག་བསྡུས་པ་ཡིན་པའི་ཕྱིར། ཤིན་ཏུ་མྱུར་བ་ཉིད་དུ་བྱང་ཆུབ་ཐོབ་པ་ཡིན་ནོ། །ཞེས་བྱ་རྒྱུད་ཀྱིས་མྱུར་དུ་མི་ཐོབ་པར་བཤད་པ་དང་འགལ་ཞེ་ན། དེ་ནི་རྣལ་འབྱོར་གྱི་རྒྱུད་ལ་ཞུགས་པའི་གང་ཟག་པས་འབྲས་བུ་ཐོབ་པ་བུལ་བ་ལ་དགོངས་པ་ཡིན་ལ། འདིར་ནི་ཕར་ཕྱིན་ཐེག་པ་ལས་སྔར་གྱི་ཐབས་གསུམ་པོའི་སྒོ་ནས་ལམ་ཆེས་མྱུར་བའི་ཕྱིར་རོ། །ཡང་སྤྱོད་པའི་རྒྱུད་དུའང་ཚེ་འདི་ཉིད་ལ་འཚང་རྒྱ་བར་གསུངས་ལ། འདིར་ཡང་དེ་ལྟར་དུ་གསུངས་པས་བྱ་སྤྱོད་གཉིས་ལམ་ལ་ཁྱད་མེད་པར་འགྱུར་རོ། །ཞེ་ན། སྤྱིར་འདི་གཉིས་ཀས་ལམ་གྱི་འབྲས་བུ་ཚེ་འདིར་འབྱིན་ཡང་སྤྱོད་རྒྱུད་ཀྱིས་ནི་ཚེ་འདིར་མྱུར་བར་འབྲས་བུ་འགྲུབ་ལ། བྱ་རྒྱུད་ཀྱིས་ནི་ཚེ་འདིར་ཅུང་ཟད་བུལ་བའི་ཚུལ་གྱི་འབྲས་བུ་མངོན་དུ་བྱེད་དོ། །དེའི་རྒྱུ་མཚན་ཡང༌། རྒྱུད་འདི་གཉིས་ལམ་ཕལ་ཆེར་འདྲ་མོད་འོན་ཀྱང༌། སྤྱོད་རྒྱུད་དུ་བདག་ཉིད་སངས་རྒྱས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམས་ནས། དེའི་མདུན་དུ་ཡེ་ཤེས་པ་སྤྱན་དྲངས་པའམ། སྙིང་གར་བསྒོམ་པ་ལ་སོགས་པ་རང་ཉིད་ལྷར་བསྐྱེད་པའི་སྒོ་ནས་དངོས་གྲུབ་ལེན་པར་བཤད་ལ། བྱ་རྒྱུད་དུ་ནི་མདུན་དུ་ལྷ་སྤྱན་དྲངས་ཤིང་བསྐྱེད་པ་ལ་དངོས་གྲུབ་ལེན་པ་ཙམ་ལས་མ་གསུངས་པའི་ཕྱིར། འབྲས་བུ་འགྲུབ་པ་ལ་མྱུར་བུལ་ཅུང་ཟད་ཡོད་པར་གྲུབ་པ་ཡིན་ནོ། །ཕར་ཕྱིན་ཐེག་པ་དང་ནི་ཁྱད་པར་ཆེས་ཤིན་ཏུ་ཆེ་སྟེ། དེར་མདུན་དུ་ལྷ་སྤྱན་དྲངས་པ་ལ་དངོས་གྲུབ་ལེན་པ་ཙམ་ཡང་གཏན་མ་གསུངས་ལ། འདིར་ནི་མདུན་དུ་བསྐྱེད་པའི་སངས་རྒྱས་ལ། བཟླས་པ་ལ་སོགས་པ་ཆོ་གའི་ཡན་ལག་མང་པོའི་སྒོ་ནས་དངོས་གྲུབ་ལེན་པར་གསུངས་པས་ཁྱད་ཡོད་དེ། དགྲ་ནག་གི་འགྲེལ་པར། བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང༌། སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་འཇུག་སྟེ། དེ་དག་ནི་བརྟགས་པ་ལས་བྱུང་བ་ཉིད་ཡིན་ཏེ། དེར་ནི་འདི་ལྟར་རས་བྲིས་ལ་སོགས་པར་གཏོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཁྱད་པར་འདི་ཡོད་དེ། རང་གི་ལྷའི་རྣལ་འབྱོར་གྱིས་རས་བྲིས་ལ་སོགས་པར་གཏོགས་པའི་ལྷ་ལ་དམིགས་ནས། མཐུན་པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །ཞེས་སོ། །མདོར་ན་ཚེ་གཅིག་ལ་འགྲུབ་པའི་ལམ་ཁྱད་པར་ཅན་འདིས་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་ཆོས་ཡིན་ནོ། །ཞེས་ཤེས་པར་བྱའོ། །གཉིས་པ་ལ་གསུམ། བྱ་བའི་རྒྱུད་ཀྱི་རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བ། དེ་རིགས་གསུམ་དུ་བསྡུ་བ། དེ་ཐབས་ཤེས་གཉིས་སུ་བསྡུ་བའོ། །དང་པོ་ལ་བཞི། རིགས་དྲུག་གི་དབྱེ་བ་དངོས། དེ་དག་གི་ཁྱད་པར། ཁྱད་པར་དེ་ལྡན་གྱི་རྒྱུད་རྣམས་ངོས་གཟུང་བ། ཞར་ལ་གསང་སྔགས་གཞན་བསྟན་པའོ། །དང་པོ་ནི། ཆོ་ག་ཞིབ་མོ་ལས། པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་མཐའ་དག་དང༌། རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས་དང༌། ནོར་བུའི་རིགས་དང༌། གླང་པོ་ཆེའི་རིགས་དང༌། ཞེས་པ་ལྟར། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའམ། དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པ་དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་གཙུག་ཏོར་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རིགས། ཉོན་མོངས་པས་མ་གོས་པས་ཐུགས་རྗེའི་སྤྱན་གྱིས་སེམས་ཅན་ལ་གཟིགས་པས་སྤྱན་རས་གཟིགས་དབང་ཕྱུག དེས་བྱིན་གྱིས་བརླབས་པའི་རིག་སྔགས་ཀྱི་ལྷ་སྒྲོལ་མ་ལ་སོགས་པ་ནི་པདྨའི་རིགས། བྱང་སེམས་ཀུན་བཟང་ལ་ཕར་ཕྱིན་དྲུག་གི་བསྐྱེད་པའི་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་ནས། དབང་བསྐུར་བས་ན་ཕྱག་ན་རྡོ་རྗེ། དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་ཁྲོ་བོ་ལ་སོགས་པ་ནི་རྡོ་རྗེའི་རིགས། ནོར་བུ་བཟང་པོ་ལ་སོགས་པ་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས། དབུལ་བ་སེལ་བའི་ལྷ་ནི་ནོར་བུའི་རིགས་དང༌། བུ་ཚ་འཕེན་པ་དང་ལོངས་སྤྱོད་འཕེལ་བ་ལ་སོགས་པ་རྒྱས་པའི་ལས་འགྲུབ་པར་བྱེད་པ། བུ་ལྔ་བརྒྱ་དང་འགྲོགས་ཤིང་ཆོ་ལང་ལྔས་རྩེ་བ་ལྔས་རྩེན་ལ་སོགས་པ་རྒྱས་པའི་རིགས་ཏེ། འདི་ལ་གླང་པོ་ཆེའི་རིགས་དང༌། བ་གླང་གི་རིགས་ཞེས་ཀྱང་ཟེར་རོ། །ལྔ་པོ་དེ་རྣམས་ལ་མ་གཏོགས་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པས་རང་རང་གི་ཆོ་ག་དང་བཅས་ཏེ་སྟོན་པ་ལ་ཕུལ་ཞིང༌། སྟོན་པས་བཀར་བྱིན་གྱིས་བརླབས་པ་ནི་འཇིག་རྟེན་པའི་རིགས་སུ་ཤེས་པར་བྱའོ། །གཉིས་པ་ནི། དཔུང་བཟང་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་       རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*