དཔལ་ཀུན་རིག་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་སོགས།

༼ཨ༽༄། །ཛཡེནབིམལཾབྱཱཀརཎོབཛྲདྷརཱནནྡབྷདྲཔཱདསྱཔྲཝཙནཾདྲྀཔུསྟཀོབྷྱཿཤྲཱིསརྦབིདོམཎྜལོསརྦསྱསཱདྷནཱཝརཎཾབིཤུདྡྷབིཧརཏིསྨ།།

༄། །རྒྱལ་བས་དྲི་མེད་ལུང་གིས་བསྔགས་པའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་བཞི་པ་ལས་དཔལ་ཀུན་རིག་གི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་བཞུགས་སོ།།

དཔལ་ཀུན་རིག་གི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་མཁའ་ལ་རྟོགས་པའི་དཀྱིལ་འཁོར་རྒྱས། །ཕྲིན་ལས་ཟེར་གྱིས་འགྲོ་ལ་ཕན་མཛད་པ། །བཅོམ་ལྡན་ཐམས་ཅད་རིག་ལ་གུས་བཏུད་ནས། །བསྙེན་པ་རྒྱས་པའི་ཆོ་ག་བཤད་ཀྱིས་ཉོན། །འདིར་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་གནས་དབེན་པར་ལྷ་བཅུ་གཉིས་བཀོད་པའི་རས་བྲིས་སམ། ལུགས་སྐུ་ལ་སོགས་པའི་མདུན་དུ་ཅི་འབྱོར་པའི་མཆོད་པ་རྒྱ་ཆེན་པོ་བཤམ། རང་གི་མདུན་དུ་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཡང་བཞག་ལ། ཁྲུས་དང་གཙང་སྦྲ་དང་ལྡན་པས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ནས། ཐར་པའི་འདྲ་འབག་ལམ་དུ་བྱ་བའི་ཚུལ་གྱིས། རྣལ་འབྱོར་ཉམས་སུ་བླང་བར་བྱ་བ་ལ་གཉིས་ཏེ། མཉམ་གཞག་དང༌། རྗེས་སྤྱོད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཀྱི་དང་པོ་སྲུང་འཁོར་བསྒོམ་པ་ནི། ཐོག་མར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཅི་ནུས་བྱས་ནས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ། སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཀུན་རིག་གི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་དུ་སེམས་བསྐྱེད་དེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུ་དྡྷོཉ་ཧཾ་གིས་ཆོས་བདག་མེད་པ་བསྒོམ། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་སྔོན། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་འགྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་སྔོན་ཞི་བའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ། དེའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། དབུ་མཐའ་ཡས་པ། ཕྱག་མཐའ་ཡས་པ། སྐུ་མདོག་སྔོན་པོ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རྩ་ཕྱག་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། ཕྱག་ལྷག་མ་རྣམས་ཀྱིས་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་དང༌། རྒྱུ་མ་དང་མགོ་ཐོད་ཤས་གང་བ་བསྣམས་པ། གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམས་ལ། ལག་པ་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད་པའི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བྱས་པ་གནས་གསུམ་དུ་རེག་ཅིང༌། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ། བི་དྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། ཧ་ར་ཧ་ར། པྲཱ་ཎཱཾ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་བདག་བསྲུང༌། ཡང་ལན་གསུམ་བརྗོད་ལ། དང་པོས་འོག་རྡོ་རྗེའི་ས་གཞི་དང༌། གཉིས་པས་ཕྱོགས་རྡོ་རྗེའི་རྭ་བ་མེ་དང་བཅས་པ། གསུམ་པས་དེའི་ནང་དུ་རྡོ་རྗེའི་གུར་བསམས་ལ། གནས་བསྲུང༌། ཡང་ལན་གསུམ་བརྗོད་པས་རྣལ་འབྱོར་བསྲུང་བར་བསམས་ཏེ། སྲུང་བའི་འཁོར་ལོ་བསྒོམ་པའོ། །སྤྲོ་ན་རྡོ་རྗེ་འབྱུང་བ་ལྟར་རྒྱས་པ་བསྒོམས་ཏེ་ལོགས་སུ་བཀོད་ཟིན་ཏོ། །འདི་ནི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་ནས། མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་གྱི་དོན་མཛད་པའི་ཚུལ་རྣམས་རྣལ་འབྱོར་པས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་དབང་དུ་བྱས་ན། ལམ་གྱི་དང་པོ་བདུད་ཀྱི་ལས་སྤོང་བ་དང༌། དགེ་བ་ཆུང་ངུ་ནས་བསྒྲུབ་པ་ཚོགས་ཀྱི་ལམ་མོ། །གཉིས་པ་རྣལ་འབྱོར་དངོས་ལ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་དང་གསུམ་གྱི་དང་པོ་ནི། རང་གི་ལག་མཐིལ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་དག་གི་དབུས་སུ་ཧཱུྃ་དང་ཨ་བསམ། ཐལ་མོ་གཉིས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཽ། ཨཾ་ཨཿརྣམས་ཀྱིས་གང་བ་ལས་འོད་ཟེར་འཕྲོ་བ། གཡས་གཡོན་གྱི་མཐེ་བོང་ལ་ཨོཾ། མཛུབ་མོ་ལ་ཧཱུྃ། གུང་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱིཿ མཐེའུ་ཆུང་ལ་ཨཿབཀོད་དེ། གཡས་པའི་མཐེ་བོང་ལ་རྣམ་པར་སྣང་མཛད། མཛུབ་མོ་ལ་མི་བསྐྱོད་པ། གུང་མོ་ལ་རིན་འབྱུང༌། སྲིན་ལག་ལ་འོད་དཔག་མེད། མཐེའུ་ཆུང་ལ་དོན་ཡོད་གྲུབ་པ། གཡོན་གྱི་མཐེ་བོང་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མཛུབ་མོ་ལ་རྡོ་རྗེ་ཐུགས་མ། གུང་མོ་ལ་རྡོ་རྗེ་དབང་བསྐུར་མ། སྲིན་ལག་ལ་རྡོ་རྗེ་མཚོན་ཆ་མ། མཐེའུ་ཆུང་ལ་རྡོ་རྗེ་ཀུན་མ་རྣམས་ཕོ་མོའི་ཁྱད་པར་མ་གཏོགས་ཞལ་ཕྱག་རིགས་ལྔ་དང་འདྲ་བར་བསམས་པ་ནི་སྦྱོར་ལམ་དྲོད་དོ། །དེ་ནས་ལག་པ་མཉམ་པའི་ཐལ་མོ་དང༌། ཨོཾ་ཨནྱོ྅ནྱ། ཨ་ནུ་ག་ཏཱཿ སརྦ་དྷརྨཱཿ ལྷ་དང་ལྷ་མོ་རྣམས་རེག་པར་བསམས་པ་ནི་རྩེ་མོའོ། །རྡོ་རྗེ་ཐལ་མོ་དང༌། སྥ་ར་སྥ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿབཛྲ་ཨཉྫ་ལིས་རྗེས་སུ་ཆགས་པར་བསམས་པ་ནི་བཟོད་པའོ། །རྡོ་རྗེ་བསྡམ་པ་དང༌། ཨ་དྱནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿབཛྲ་བྷནྡྷས་རོ་གཅིག་ཏུ་འདྲེས་པར་བསམས་པ་ནི་ཆོས་མཆོག་སྟེ། འཆད་བྱེད་ཆ་མཐུན་བཞི་ཉམས་སུ་ལེན་པའི་མན་ངག་གོ །དེ་ནས་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལན་གསུམ་དཀྲོལ་ཞིང༌། བཛྲ་བནྡྷ་ཏྲཊ་ཀྱིས་སྡིག་པ་ཐམས་ཅད་བྲལ་བར་བསམས་པ་ནི་མཐོང་ལམ་སྐྱེ་བའི་སྔོན་དུ་གེགས་བསལ་བའོ། །རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་ལ། ཨོཾ་བཛྲ་ཨ་བེ་ཤ་ཞེས་དང༌། ཨ་བཅུ་ནས་བརྒྱའི་བར་དུ་བཟླས་ནས། སྙིང་གར་དང་པོའི་རྡོ་རྗེ་ཆར་བཞིན་བབས་པར་བསམས་པ་ནི་མཐོང་ལམ་གྱི་རྟོགས་པ་སྐྱེ་བའི་མན་ངག་གོ །དེ་ནས་སྔར་གྱི་ཕྱག་རྒྱ་དེ་བཅའ་ཞིང༌། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡཾ་མེ། ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ཞེས་བརྗོད་ཅིང་ཕྱག་རྒྱ་བཀྲོལ། ཡང་ཕྱག་རྒྱ་དེ་ཉིད་བཅའ་ཞིང༌། བཛྲ་མུཥྚི་བརྗོད། ཨོཾ་བཛྲ་མུཥྚི་བཾ་གྱིས་ཕྱག་རྒྱ་བཀྲོལ་ཞིང་སེ་གོལ་གཏོགས་ཏེ། ཡེ་ཤེས་བབས་པ་རྣམས་བརྟན་པར་བསམས་པ་ནི། སྒོམ་ལམ་ས་དགུར་ཆོས་ཉིད་ཀྱི་རྟོགས་པ་གོམས་པར་བྱེད་པའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་བསམ། དེའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་འགྱུར་པ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་པ་དྲིལ་བུ་ཁ་དཀུར་བརྟེན་པ་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམས་ཏེ། ཕྱག་འཚལ་བའི་ཐལ་མོ་དཔྲལ་བར་བཞག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་སྐུ་དང༌། ཐལ་མོ་སྙིམ་པ་སྦྱར་བ་མགྲིན་པར་བཞག་ལ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་གསུང་དང༌། རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་དང་མཐའ་བཞི་སྦྱར་ཏེ་བརྐྱང་པ་སྙིང་གར་བཞག་ལ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་ཐུགས་བྱིན་གྱིས་བརླབས་པ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་ཉིད་ངེས་དོན་དུ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་རྡོ་རྗེ་འདྲ་བར་གཤིབས། མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་པ་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་པ་སྦྱོང་རྒྱལ་གྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་དབང་བསྐུར་བའི་ཕྱག་རྒྱ་རྣ་བ་གཡས་པའི་སྟེང་དུ་བཞག་ལ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་ལ་ལྷག་མ་ཐམས་ཅད་བརྐྱང་པ། སྡིག་པ་བསྲེག་པའི་ཕྱག་རྒྱ་ལྟག་པར་བཞག་ལ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ཉིད་གཡོན་དུ་བསྒྱུར་བ་ལས་ཐམས་ཅད་པའི་ཕྱག་རྒྱ་རྣ་ལྟག་གཡོན་དུ་བཞག་ལ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ཅིང་གནས་དེ་རྣམས་སུ་མི་བསྐྱོད་པ། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་བཞུགས་པར་བསམས་ཏེ། སངས་རྒྱས་གོང་མ་རྣམས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །དེ་ལྟར་བདག་རྡོ་རྗེ་སེམས་དཔར་གྱུར་པའི་སྨིན་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྤྱིར་སེམས་ཅན་ཐམས་ཅད་དང༌། བྱེ་བྲག་ཏུ་ངན་སོང་གསུམ་དང༌། ཁྱད་པར་དུ་ཚེ་འདས་སོགས་དམིགས་ཡུལ་གང་ཡིན་པ་ལ་ཕོགས་པས་འགྲོ་བ་དེ་དག་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཞི་བར་བསམས་ལ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སོང་གི་རྒྱུད་ཐམས་ཅད་ལས་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་འོད་ཟེར་འཕྲོ་བ་དང་བསྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཀུན་དུ་སྣང་བར་བྱས་སོ། །ཀུན་དུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་དགའ་བའི་ཚལ་ཐམས་ཅད་ཀུན་དུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས་མགོ་བོས་ལན་བརྒྱ་སྟོང་ཕྲག་དུ་མར་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨོ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཅེས་ཆེད་དུ་བརྗོད་པར་བསམས་ཏེ། སྟོན་པ་སངས་རྒྱས་ནས་སྤྱིར་སེམས་ཅན་གྱི་དོན་མཛད་པའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། དེ་ལྟར་སྟོན་པ་ངེས་དོན་དུ་སངས་རྒྱས་ནས་སླར་ཡང་ཞིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འཚང་རྒྱ་བའི་ཚུལ་བསྟན་ནས། གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་པར་སྐུ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལྟར་ཉམས་སུ་ལེན་པ་སྟེ། དེ་ཡང་བདག་ཉིད་ནམ་མཁར་གནས་པས། ཨོཾ་ཤ་ཞེས་སམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས། ཨོཾ་བྷ་ཡོངས་སུ་གྱུར་པ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་རིན་པོ་ཆེའི་ཕ་གུས་བསྐོར་བ་ལ་སྟེང་ནས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང༌། མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོ་དང༌། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་འཕན་ལ་སོགས་པའི་རྒྱན་དུ་མས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་ལྷ་མོ་སྣ་ཚོགས་པས་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། དེའི་ཕྱི་རོལ་དུ་ཁྱམས་ཁ་དོག་སྣ་ཚོགས་པའི་ཕྱི་རོལ་དུ་འཇིག་རྟེན་པའི་འཁོར་ཡུག་སྔོན་པོ། ཕྱི་རོལ་རྡོ་རྗེའི་རྭ་བ་དང་འོད་ཟེར་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ནང་དུ་རྩ་བའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ། ལྟེ་བ་ལེ་ཚེ་དགུ་པའི་ཕྱོགས་བཞི་ནས་ཀ་བ་གཉིས་གཉིས་ཏེ་ཀ་བ་བརྒྱད་ཀྱིས་བཏེག་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པས་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། ཁང་བཟངས་གཉིས་ཀའི་ནང་གི་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་ཀྱི་རེ་མིག་དཀར་པོའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི། ལྷོར་རྟའི། ནུབ་ཏུ་རྨ་བྱའི། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དང༌། ལྷ་ཐམས་ཅད་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན། ཕྱི་སྒོའི་ཁྲོ་བོ་རྣམས་ལ་ཉི་མའི་གདན། འཇིག་རྟེན་པའི་ཁོར་ཡུག་ལ་སྲོག་ཆགས་ལ་སོགས་པ་སོ་སོའི་གདན་བསམས་པ་ནི། མ་དག་པའི་གནས་རྡོ་རྗེའི་གདན་དུ་བྱིན་གྱིས་བརླབ་པའོ། །དེ་ནས་རང་ཉིད་ཕྱག་རྒྱ་ཆེན་པོ་འོག་མིན་ནས་བབས་ཏེ་དབུས་ཀྱི་གདན་གྱི་སྟེང་དུ་འཁོད་པར་བསམ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཐའ་སྐོར་དུ། རྩ་བའི་རིག་པ་སྦྲུལ་འཁྱིལ་བ་ལྟར་བཀོད་པའི་ནང་དུ། ཨོཾ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་བསམ། དེ་གཉིས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས། མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད། ཚུར་འདུས་དབུས་ཀྱི་སྙིང་པོ་ལ་ཐིམ་པས་བདག་ཉིད་གཙོ་བོའི་སྐུར་གྱུར་ཏེ། དེ་ཡང་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། རྩ་ཞལ་ཤར་དུ་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའམ། ཡང་ན་གདན་གྱི་སྟེང་དུ་རང་གི་སེམས་ཉིད་བསྐྱེད་སྔགས་རྩ་རིག་དང་བཅས་པར་འགྱུར། དེ་ལས་འོད་ཟེར་སྤྲོས་བསྡུས་ཡོངས་སུ་གྱུར་པ་ལས་ཀུན་རིག་ཏུ་བསམས་པ་ནི། དེ་བཞིན་གཤེགས་པ་སླར་ཡང་སངས་རྒྱས་པའི་ཚུལ་སྟོན་པའོ། །དེ་ནས་འཁོར་རྣམས་ཐུགས་ཀ་ནས་སྤྲོ་ཞིང་རང་གནས་སུ་འགོད་དེ། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ། ཨོཾ་སོགས་རྩ་བའི་རིག་པ། དེའི་ནང་དུ། ཨོཾ་སརྦ་བིད་ཧཱུྃ། ཞེས་པ་བསམས་པ་ནི་སྙིང་པོ་བསྐྱེད་པའི་སྒོའོ། །དེ་གཉིས་ལས་འོད་ཟེར་འཕྲོས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་པ་ནི་འོད་ཟེར་སྤྲོ་བའི་སྒོའོ། །འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས། མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པར་བསམས་པ་ནི་མཛད་པ་མཛད་པའི་སྒོའོ། །འོད་ཟེར་སླར་འདུས་སྔར་གྱི་ཆོས་ཀྱི་ཡི་གེ་ལ་ཐིམ་པ་ནི་འོད་ཟེར་བསྡུ་བའི་སྒོའོ། །སྔགས་དང་འོད་ཟེར་དབྱེར་མེད་དུ་འདྲེས་པ་ལས་སྦྱོང་བའི་རྒྱལ་པོ་དཀར་ལ་ཅུང་ཟད་དམར་བ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དུ་གྱུར་པ་ནི་ལྷ་བསྐྱེད་པའི་སྒོའོ། །དེ་ཉིད་ཐུགས་ཀ་ནས་ཕྱུང་ནས་ཤར་གྱི་རེ་མིག་གི་གདན་ལ་འཁོད་པར་བསམས་པ་ནི་རང་གནས་སུ་འགོད་པའི་སྒོ་སྟེ། འོག་མ་ཐམས་ཅད་ཀྱང་དེ་ལྟར་སྒོ་དྲུག་ལས་བསྐྱེད་པར་བྱའོ། །དེ་བཞིན་དུ་ཨོཾ་སརྦ་བིད་ཕཊ། རྒྱལ་མཆོག་རིན་ཆེན་སྔོན་པོ་གཡས་མཆོག་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ལྷོར་དགོད། ཨོཾ་སརྦ་བིད་ཨཱཿཤཱཀྱ་རིགས་དབང་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ནུབ་ཏུ་དགོད། ཨོཾ་སརྦ་བིད་ཏྲ་ཐ། མེ་ཏོག་ཆེར་རྒྱས་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པ་བྱང་གི་རྭ་མིག་གི་གདན་ལ་དགོད། དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་ལོ་བསྒྱུར་བའི་ཆ་ལུགས་ཅན་དུ་བསམས་པ་ནི། སངས་རྒྱས་ནས་དེ་བཞིན་གཤེགས་པས་འདུལ་བ་ལ་དེ་བཞིན་གཤེགས་པའི་རྣམ་པས་དོན་མཛད་པའོ། །དེ་ནས་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཐའ་སྐོར་དུ་ཨོཾ་སོགས་རྩ་རིག་གིས་བསྐོར་བ། དེའི་དབུས་སུ། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ། དེ་གཉིས་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ། སྔགས་དང་འོད་ཟེར་དབྱེར་མེད་དུ་འདྲེས་པ་ལས་སྤྱན་མ་དཀར་མོ། གཡས་པ་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པར་གྱུར། ཐུགས་ཀ་ནས་ཕྱིར་སྤྲོས་ཤར་ལྷོའི་གདན་ལ་འཁོད་པར་བསམ། དེ་བཞིན་དུ་ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ། མཱ་མ་ཀཱི་སྔོན་མོ་གཡས་རྡོ་རྗེ་འཛིན་པ་ལྷོ་ནུབ་ཏུ་འཁོད། ཨོཾ་བཛྲ་པཱཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏཱ་རཱཾ་བ་སྭཱ་ཧཱ། གོས་དཀར་མོ་དམར་མོ་གཡས་པདྨ་འཛིན་པ་ནུབ་བྱང་དུ་འཁོད། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱ་ཧཱ། སྒྲོལ་མ་ལྗང་གུ་གཡས་ཨུཏྤལ་འཛིན་པ་བྱང་ཤར་དུ་འཁོད། བཞི་ཀའང་གཡོན་གདན་ལ་བརྟེན་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྒེག་ཅིང་ཆགས་པའི་ཉམས་དང་ལྡན་ཞིང་ནུ་འབུར་ཟུང་གིས་མཛེས་པར་བསམས་པ་ནི་ལྷ་མོས་འདུལ་བ་ལ་དེའི་རྣམ་པས་དོན་མཛད་པའོ། །དེ་བཞིན་དུ་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ། ཨོཾ་སོགས་རྩ་རིག དབུས་སུ་ཧཱུྃ་དཀར་པོ་དེ་ཉིད་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ། སྔགས་དང་འོད་ཟེར་དབྱེར་མེད་དུ་འདྲེས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ཐུགས་ཀ་ནས་ཕྱིར་སྤྲོས། ཤར་གྱི་འཁོར་ལོའི་རྩིབས་དང་པོ་ལ་འཁོད། ཛ་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ་རྩིབས་གཉིས་པར། ཧོ་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ་རྩིབས་གསུམ་པར། དྷུ་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་བ་རྩིབས་བཞི་པར་འཁོད། ཏྲཱཾ་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་གཡོན་དྲིལ་བུ་དཀུར་འཛིན་པ་ལྷོའི་རྩིབས་དང་པོར་འཁོད། རྻ་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ་གཉིས་པར། བྷྲི་རྡོ་རྗེ་རྒྱལ་མཚན་ནམ་མཁའི་མདོག་ཅན་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ་གསུམ་པར། ཧ་རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པ་རྩིབས་བཞི་པར་འཁོད། ཧྲཱིཿརྡོ་རྗེ་ཆོས་དཀར་ལ་ཅུང་ཟད་དམར་བ་གཡོན་པདྨ་འཛིན་ཅིང་གཡས་པས་དེའི་ཁ་འབྱེད་པ་ནུབ་ཀྱི་རྩིབས་དང་པོར་འཁོད། དྷཱིཿརྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་གཡོན་པོསྟི་འཛིན་པ་གཉིས་པར། ཀྲུཾ་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་འཛིན་པ་གསུམ་པར། བྷ་རྡོ་རྗེ་སྨྲ་བ་དམར་སེར་རྡོ་རྗེའི་ལྗགས་འཛིན་པ་བཞི་པར་འཁོད། ཀཾ་རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་སྣ་ཚོགས་རྡོ་རྗེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ་བྱང་གི་རྩིབས་དང་པོར་འགོད། རཾ་རྡོ་རྗེ་སྲུང་བ་སེར་པོ་རྡོ་རྗེའི་གོ་ཆ་འཛིན་པ་གཉིས་པར། ཀྵཾ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་ཞལ་གྱི་གཡས་གཡོན་གྱི་ཐད་ཀར་མཆེ་བ་འཛིན་པ་གསུམ་པར། སཾ་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་འཛིན་པ་བཞི་པར་འཁོད། ཧཱུྃ་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱིས་རྡོ་རྗེ་གཉིས་འཛིན་པ་ནང་གི་གྲྭ་བཞིའི་ཤར་ལྷོར་འཁོད། ཏྲཱཾ་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་ཕྲེང་བ་འཛིན་པ་ལྷོ་ནུབ་ཏུ། ཧྲཱིཿགླུ་མ་དཀར་དམར་པི་ཝང་འཛིན་པ་ནུབ་བྱང་དུ། ཨཿགར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཛིན་པས་གར་བྱེད་པ་བྱང་ཤར་དུ་འཁོད། ཧཱུྃ་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ་ཕྱིའི་གྲྭ་བཞིའི་ཤར་ལྷོར་འཁོད། ཏྲཱཾ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ་ལྷོ་ནུབ་ཏུ། ཧྲཱིཿམར་མེ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ་ནུབ་བྱང་དུ། ཨཿདྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ་བྱང་ཤར་དུ་འཁོད། ཛཿརྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ་ཤར་སྒོར་འཁོད། ཧཱུྃ་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ་ལྷོ་སྒོར། བཾ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ་ནུབ་སྒོར། ཧོཿརྡོ་རྗེ་དྲིལ་བུ་ལྗང་གུ་དྲིལ་བུ་འཛིན་པ་བྱང་སྒོར་འཁོད་པར་བསམས་པ་ནི། ལྷ་དེ་དང་དེས་འདུལ་བའི་སེམས་ཅན་གྱི་དོན་དུ་སོ་སོའི་རྣམ་པས་དོན་མཛད་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན་ཞི་བའི་ཉམས་ཅན་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ། ཨོཾ་སོགས་རྩ་རིག་དབུས་སུ་རྩ་རིག་ཚར་བཞི་སྔོན་པོ། དེ་རྣམས་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཆོས་ཀྱི་ཡི་གེ་རྣམས་ལ་ཐིམ། སྔགས་དང་འོད་ཟེར་དབྱེར་མེད་དུ་འདྲེས་པ་ལས། བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་བཞི་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་འགྱུར། ཐུགས་ཀ་ནས་ཕྱིར་སྤྲོས། སྒོ་ཕྱི་མའི་ལྷ་སྣམ་དང་པོའི་ཤར་ཕྱོགས་ཀྱི་གདན་རྣམས་ལ་འཁོད་པར་བསམ། དེ་བཞིན་དུ་ཨོཾ་ན་མོ་སོགས་དང༌། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ་ལྷོའི་གདན་རྣམས་ལ་འཁོད། རྩ་རིག་དང་འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲྭ་བ་ཅན་གྱི་འོད་བཞི་དམར་པོ་ནུབ་ཀྱི་གདན་རྣམས་ལ། རྩ་རིག་དང༌། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་ལྗང་གུ་བྱང་གི་གདན་རྣམས་ལ་འཁོད། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་དང༌། གཡོན་དྲིལ་བུ་དཀུར་བརྟེན་པ་ཞི་ཞིང་སྒེག་པའི་ཉམས་ཅན་རིན་པོ་ཆེའི་རྒྱན་དང་དར་གྱི་ཤམ་ཐབས་ཀྱིས་མཛེས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམས་ཏེ། བྱང་སེམས་ཀྱིས་འདུལ་བ་ལ་དེའི་རྣམ་པས་དོན་མཛད་པའོ། །ཨོཾ་སོགས་རྩ་རིག་བཅུ་དྲུག་དང༌། འཕགས་པ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མཽད་གལ་གྱི་བུ་དང༌། རབ་འབྱོར། འཆར་ཀ་མ་འགགས་པ། ཀཽཎྜི་ནྱ་དང༌། ཉེ་བར་འཁོར་རྟ་ཐུལ། བ་ལང་བདག ཀུན་དགའ་བོ་དང༌། མིང་ཆེན། ནོར་སྦྱིན་འཛིན། གང་པོ། འོད་སྲུང་རྣམས་སྤྲོས། ལྷ་སྣམ་གྱི་ཕྱོགས་བཞིར་རང་རང་གི་གདན་ལ་འཁོད། ཉན་ཐོས་བཅུ་དྲུག་པོ་ཐམས་ཅད་ཀྱང་ལྷུང་བཟེད་དང་འཁར་གསིལ་འཛིན་པ། ཆོས་གོས་ངུར་སྨྲིག་གྱོན་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ཏེ། ཉན་ཐོས་ཀྱིས་འདུལ་བ་ལ་དེའི་རྣམ་པས་དོན་མཛད་པའོ། །རྩ་རིག་བཅུ་གཉིས་དང༌། གདུང་བ་སེལ་བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོ་རྒྱལ་བ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། ཡིད་མྱུར་རྣམས་སྤྲོས། སྣམ་བུ་གཉིས་པའི་མཚམས་བཞི་དང་ཕྱོགས་བཞིའི་གཡས་གཡོན་གཉིས་ཏེ་གནས་བཅུ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོད། དེ་ཐམས་ཅད་ཀྱང་དབུའི་གཙུག་ཏོར་ཕྱེད་དང་བཅས་ཤིང་དྲང་སྲོང་གི་ཆ་ལུགས་ཅན་འཁར་གསིལ་དང་པོསྟི་འཛིན་པ། ཆོས་གོས་བསྣམས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ཏེ། རང་སངས་རྒྱས་ཀྱིས་འདུལ་བ་ལ་དེའི་རྣམ་པས་དོན་མཛད་པའོ། །རྩ་རིག་བཅུ་དྲུག་དང༌། ཤར་དུ་ཁྲོ་བོ་འཇིག་རྟེན་གསུམ་སྣང་དེའི་གཡས་སུ་བདུད་རྩི་འཁྱིལ་བ། གཡོན་དུ་དུས་ཀྱི་སྲིན་མོ། རྒྱབ་ཏུ་དུས་ཀྱིས་ལྕགས་ཀྱུ་མ། ལྷོར་འཇིག་རྟེན་གསུམ་འདུལ། གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་མ། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་ཏུ་འཇིག་རྟེན་གསུམ་འཆིང༌། གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོག་མ། བྱང་དུ་འཇིག་རྟེན་གསུམ་འཇིག དེའི་གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ་རྣམས་སྤྲོས། དཀྱིལ་འཁོར་ཕྱི་མའི་སྒོ་བཞིར་རང་རང་གི་གདན་ལ་འཁོད། དེ་ཐམས་ཅད་ཀྱང་སྐུ་མདོག་མ་ངེས་པ་དབུ་དང་ཕྱག་མཐའ་ཡས་པ་སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པར་བསམས་ཏེ། ཁྲོ་བོ་དང༌། བྲན་དང༌། ཕོ་ཉ་དང༌། མངགས་པས་འདུལ་བའི་སེམས་ཅན་ལ་དེ་དང་དེ་དག་གི་རྣམ་པས་དོན་མཛད་པའོ། །གཙོ་བོའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཨོཾ་སོགས་རྩ་རིག་གིས་བསྐོར་བ། དེའི་དབུས་སུ་རྩ་བའི་རིག་པ་ཁ་དོག་སྣ་ཚོགས་པ་ཚར་བཅུ། དེ་དག་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ། སྔགས་དང་འོད་ཟེར་དབྱེར་མེད་དུ་འདྲེས་པ་ལས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་པའི་ཚོགས་བསམ་གྱིས་མི་ཁྱབ་པར་གྱུར། ཐུགས་ཀ་ནས་ཕྱིར་སྤྲོས། ཕྱིའི་ཁོར་ཡུག་གི་གདན་རྣམས་ཀྱི་སྟེང་དུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བཅུ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་བརྒྱད། དགའ་བོ་་དང་འཇོག་པོ་ལ་སོགས་པའི་ཀླུ་ཆེན་བརྒྱད། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་ཆེན་བརྒྱད། སྣར་མ་དང་སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་པའི་རྒྱལ་པོ་ཆེན་པོ་སྡེ་བཞི། མ་ཧཱ་བྷཻ་ར་ཝ་ལ་སོགས་པའི་འཇིགས་བྱེད་ཆེན་པོ་དགུ་སྟེ། གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ་འཁོར་དང་བཅས་པ་དང༌། གང་བ་བཟང་པོ་དང་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་ཚོགས་རྣམས་དང༌། ལངྐ་མགྲིན་བཅུ་ལ་སོགས་པ་སྲིན་པོའི་ཚོགས་དང༌། ལྷ་མོ་སྒྱུ་འཕྲུལ་ལ་སོགས་པ་བུད་མེད་ཀྱི་ཚོགས་དང༌། ཙརྩི་ཀཱ་ལ་སོགས་པ་ཕྲ་མེན་མའི་ཚོགས་དང༌། ཝཱ་རཱ་ཧཱི་ལ་སོགས་པ་རྣལ་འབྱོར་མའི་ཚོགས་དང༌། གཞན་ཡང་རིའི་ལྷ་དང༌། ཤིང་གི་ལྷ་དང༌། གྲོང་གི་ལྷ་དང༌། འབྱུང་བ་བཞིའི་ལྷ་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱང་རང་རང་གི་རྒྱན་ཆ་ལུགས་དང་ལྡན་ཞིང༌། སོ་སོའི་གཡོག་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་འཁོད་པར་གྱུར་ཅེས་བསམས་ཏེ། སངས་རྒྱས་ཉིད་འཇིག་རྟེན་པ་འདུལ་བའི་སེམས་ཅན་རྣམས་ལ་ཚངས་པ་ལ་སོགས་པ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བྱ་སོ་སོའི་དོན་མཛད་པའོ། །གསུམ་པ་ལས་རྒྱལ་མཆོག་ནི། དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་སྤྲོས་ནས་བཀོད་པ་ལ། ཡེ་ཤེས་པ་སྤྱན་དྲངས་པའི་ཕྱིར་དུ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། རྡོ་རྗེ་སེ་གོལ་གྱི་སྒྲས་འོག་མིན་ན་བཞུགས་པའི་སངས་རྒྱས་ཐམས་ཅད་མི་གཡོ་བའི་བསམ་གཏན་ལས་བསླང་བར་བསམ། ཨོཾ་ཛཿཧཱུྃ་བཾ་ཧོཿབྷ་ག་ཝཱན་ཨེ་ཧྱེ་ཧི། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ནས་ནམ་མཁར་བཞུགས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་ཁྲུས་དང༌། ཨོཾ་པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པས་གདན་ཕུལ་ལ། ཨོཾ་བཛྲ་གནྡྷེ་ཧཱུྃ་གིས་དྲི་དང༌། ཨོཾ་བཛྲ་པུཥྤེ་ཧཱུྃ་གིས་མེ་ཏོག་དང༌། ཨོཾ་བཛྲ་དྡྷུ་པེ་ཧཱུྃ་གིས་སྤོས་དང༌། ཨོཾ་བཛྲ་ནཻ་ཝི་ཏྱེ་ཧཱུྃ་གིས་བཤོས་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ་གིས་མར་མེ་རྣམས་ཕུལ་ལ། རྡོ་རྗེ་ཐལ་མོ་དཔྲལ་བར་སྦྱར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་པྲ་ཎ་མྱ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱས་པར་མོས་ལ། སྒོ་བ་བཞིའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨངྐུ་ཤ་ཛཿ ནམ་མཁའི་ལྷ་བདག་བསྐྱེད་ཀྱི་ལྷ་སོ་སོ་དང་ཉེ་བར་དགུག ཨོཾ་བཛྲ་པཱ་ཤ་ཧཱུྃ་གིས་རང་རང་ལ་གཞུག ཨོཾ་བཛྲ་སྥོ་ཊ་བཾ་གྱིས་ཕན་ཚུན་མི་འབྲལ་བར་བཅིང༌། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ ལྷ་རྣམས་དབྱེར་མེད་དུ་དབང་དུ་བྱས་པར་བསམས་པ་ནི་ཡེ་ཤེས་པ་གཞུག་པ་སྟེ། སངས་རྒྱས་ཀྱི་སྤྲུལ་སྐུ་རྣམས་སེམས་ཅན་གྱི་དོན་མཛད་པའི་བཞེད་པ་དང་ལྡན་པའོ། །དེ་ནས་བྱིན་གྱིས་བརླབས་པའི་ཕྱིར་སྔར་གཟུགས་བརྙན་གྱི་སྦྱོར་བའི་སྐབས་སུ་ལག་པ་བྱིན་གྱིས་བརླབས་པ་དེ་དྲན་པར་བྱས་ལ། ཨོཾ་བྷྲི་ཏ་སོགས་རིགས་གསུམ་གྱི་སྔགས་རྒྱས་བདག་བསྐྱེད་ཀྱི་ལྷ་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབ་བོ། །དེ་ནས་ཕྱག་རྒྱ་བཞིའི་རྒྱས་གདབ་པ་ལ། གཞན་ཕན་འོད་ཟེར་དུ་མདུན་བསྐྱེད་ཀྱི་ལྷ་སྒྲུབ་པའི་སྐབས་སུ་ཁ་འཕངས་ཤིང༌། དེར་རྒྱས་འདེབས་དང༌། ལས་སྦྱར་ཅིག་ཅར་དུ་བྱེད་པའི་ཚུལ་དང་རྒྱས་འདེབས་བཞི་རྐྱང་པར་བྱེད་པའི་ཚུལ་གཉིས་ཀ་བཤད་པ་ལས། བདག་བསྐྱེད་ཀྱི་སྐབས་འདིར་ལས་སྦྱར་བྱེད་པའི་དམིགས་གསལ་མ་གསུངས་པས་རྒྱས་འདེབས་རྐྱང་པ་ཉམས་སུ་བླང་པར་བྱའོ། །དེ་ལ་དང་པོ་དམ་རྒྱ་ནི་ལུས་ཀྱི་བཅའ་བ་ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བཅིང༌། ངག་ཏུ། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཞེས་ལན་གསུམ་བརྗོད། སེམས་ཀྱིས་གཙོ་བོའི་ཐུགས་ཀར་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་གཅིག་གིས་རྒྱས་བཏབ་པར་བསམ། དེ་བཞིན་དུ་ཨོཾ་སརྦ་བིཏ་ཧཱུྃ་སོགས་ལན་གསུམ་གསུམ་གྱིས་རིགས་བཞི་དང་ཡུམ་བཞིའི་སྔགས་སྔར་བསྐྱེད་ཆོག་ཏུ་བཤད་པ་ལྟར། ལན་གསུམ་གསུམ་གྱིས་མཚམས་མ་བཞི་དང༌། དེ་ནས་ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རཱ་ཛ་ཛཿ ཨོཾ་བཛྲ་རཱ་ག་ཧོཿ ཨོཾ་བཛྲ་སཱ་དྷུ་དྷུ། ཞེས་པ་ཤར་སེམས་བཞི་དང༌། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་ཏེ་ཛརྻ། ཨོཾ་བཛྲ་ཀེ་ཏུ་བྷྲི། ཨོཾ་བཛྲ་ཧ་ས་ཧ་སྟེ་ལྷོ་སེམས་བཞི་དང༌། ཨོཾ་བཛྲ་དྷརྨ་ཧྲཱིཿ ཨོཾ་བཛྲ་ཏིཀྵྞ་དྷཱིཿ ཨོཾ་བཛྲ་ཧེ་ཏུ་ཀྲུཾ། ཨོཾ་བཛྲ་བྷཱ་ཥ་བྷ་སྟེ་ནུབ་སེམས་བཞི་དང༌། ཨོཾ་བཛྲ་ཀརྨཱ་ཀཾ །ཨོཾ་བཛྲ་རཀྵ་རཾ། ཨོཾ་བཛྲ་ཡཀྵ་ཀྵཾ ཨོཾ་བཛྲ་སནྡྷི་སཾ་སྟེ་བྱང་ཕྱོགས་པ་བཞི་དང༌། ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ནྲྀ་ཏྱེ་ཨཿསྟེ་ནང་གི་ལྷ་མོ་བཞི་དང༌། ཨོཾ་བཛྲ་དྷུཔྤེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཿསྟེ་ཕྱིའི་ལྷ་མོ་བཞི་དང༌། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཿསྟེ་སྒོ་བ་བཞི་རྣམས་ཀྱི་སྔགས་ལན་གསུམ་གསུམ་བརྗོད། རང་རང་གི་དམ་རྒྱ་སྙིང་གར་བཅའ། དེ་ནས་སྒོ་ཕྱི་མའི་ལྷ་རྣམས་ལ་རང་རང་གི་དམ་རྒྱ་བཅའ་ཞིང༌། སེམས་དཔའ་བཅུ་དྲུག་ལ་རྩ་རིག་ལན་གསུམ། ཉན་ཐོས་བཅུ་དྲུག་ལ་གསུམ། རང་རྒྱལ་བཅུ་གཉིས་ལ་གསུམ། ཁྲོ་བོ་བཅུ་དྲུག་ལ་གསུམ་བརྗོད་ཅིང་སོ་སོའི་དམ་རྒྱ་བཅའ། དེ་ནས་ཕྱིའི་ཁོར་ཡུག་ལ་གནས་པ་རྣམས་ལ། དབང་ཕྱུག་ཆེན་པོ་སོགས་ཀྱི་ལྷ་རྣམས་ལ་རྩ་རིག་ལན་གསུམ། ཀླུ་རྣམས་ལ་གསུམ། གནོད་སྦྱིན་རྣམས་ལ་གསུམ། སྲིན་པོ་རྣམས་ལ་གསུམ། བུད་མེད་རྣམས་ལ་གསུམ། གཟའ་རྣམས་ལ་གསུམ། རྒྱུ་སྐར་རྣམས་ལ་གསུམ། ཕྲ་མེན་མ་རྣམས་ལ་གསུམ། རྣལ་འབྱོར་མ་རྣམས་ལ་གསུམ། ཕྱོགས་སྐྱོང་སོགས་ལྷ་ལྷག་མ་རྣམས་ལ་རྩ་རིག་གསུམ་དང་རང་རང་གི་སྤྱིའི་ཕྱག་རྒྱ་རྣམས་བཅའ། ལྷ་ཐམས་ཅད་ཀྱི་ཐུག་ཀར་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་རེ་རེའི་རྒྱས་གདབ་པར་བསམས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་དག་གི་ཕྱག་རྒྱ་ནི། ལག་པ་གཡོན་པ་པང་དུ་གན་རྐྱལ་དུ་བཞག་པའི་སྟེང་དུ་གཡས་བཞག་སྟེ་མཐེ་བོང་གཉིས་ངོས་སྤྲད་པ་ནི་གཙོ་བོའི་དམ་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་དང་མཐའ་བཞི་སྦྱར་ལ་བསྒྲེང༌། མཛུབ་མོ་དང་སྲིན་ལག་གཉིས་པདྨ་འདྲ་བར་བྱས་པ་ནི་ངན་སོང་སྦྱོང་བའིའོ། །ཕྱག་རྒྱ་གོང་མ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་ནི་རྒྱལ་མཆོག་གིའོ། །མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་སྦྱར་ལ། ལྷག་མ་འབར་བ་ལྟར་བྱས་པ་ནི་ཤཱཀ་ཐུབ་ཀྱིའོ། །དེ་ཉིད་གཡོན་དུ་བསྒྱུར་བ་ནི་མེ་ཏོག་ཆེར་རྒྱས་ཀྱིའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྤྲད། མཛུབ་མོ་གཉིས་གུང་མོའི་ལོགས་ལ་མིག་འདྲ་བར་སྦྱར་བ་སྲིན་ལག་དང༌། མཐེའུ་ཆུང་ནང་དུ་བཅུག་པའི་སྟེང་མཐེ་བོས་མནན་པ་ནི་སྤྱན་མའིའོ། །ཐལ་མོ་སྦྱར་བ་ལས་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཅུག མཛུབ་མོ་གཉིས་རྡོ་རྗེའི་རྭ་ལྟར་གུང་མོ་ལ་མ་རེག་པར་ལྟ་བ་ནི་མཱ་མ་ཀཱིའིའོ། །ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་པདྨ་ལྟར་བྱས་ལ་མཐེའུ་ཆུང་གཉིས་སོ་སོར་ཕྲལ་བ་ནི་གོས་དཀར་མོའིའོ། །ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་དཀྲིས། མཐེ་བོང་གུང་མོ་ལ་སྦྱར་ལྷག་མ་བསྣོལ་བ་ནི་སྒྲོལ་མའིའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་བ་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེ་སེམས་དཔའིའོ། །དེ་ཉིད་ལས་མཛུབ་མོ་གཡས་བཀུག་པ་ནི་རྡོ་རྗེ་རྒྱལ་པོའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་མདའ་འདྲ་བར་སྦྱར་བ་ནི་ཆགས་པའིའོ། །དེ་ཉིད་སླར་བཀུག་སྟེ་མཐེ་བོང་གཉིས་ལ་སྦྱར་ནས་སེ་གོལ་གཏོགས་པ་ནི་ལེགས་པའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་རྩེ་སྦྱར་ཏེ་ཚིགས་བར་མ་བཅག་པ་ནི་རིན་ཆེན་གྱིའོ། །དེ་ཉིད་ལས་སོར་མོ་ལྷག་མ་རྣམས་འབར་བ་ལྟར་བྱས་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱིའོ། །དེ་ཉིད་ཁའི་ཐད་ཀར་བསྐོར་ཏེ་བཞག་པ་ནི་བཞད་པའིའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་ཀྱིའོ། །དེ་ཉིད་ལས་རྩེ་མོ་ཅུང་ཟད་བཀུག་པ་ནི་རྣོན་པོའིའོ། །དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་རྡོ་རྗེའི་རྒྱུའོ། །དེ་ཉིད་ལས་རྩེ་མོ་པདྨའི་འདབ་མ་འདྲ་བར་བྱས་ནས་ཅུང་ཟད་ཁ་ཕྱེ་བ་ནི་སྨྲ་བའིའོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་ལས་ཀྱིའོ། །དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་ནི་སྲུང་བའིའོ། །དེ་ཉིད་ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་མདུན་དུ་བཀུག་ལ་བསྡམས་པ་ནི་ཁུ་ཚུར་གྱིའོ། །རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་ནི་སྒེག་མོའིའོ། །དེ་ཉིད་དཔྲལ་བར་བརྐྱང་བ་ནི་ཕྲེང་བ་མའིའོ། །རྡོ་རྗེ་ཐལ་མོ་ཁ་ནས་དབྱུང་བ་ནི་གླུ་མའིའོ། །དེ་ཉིད་སྤྱི་བོར་བཞག་པ་ནི་གར་མའིའོ། །རྡོ་རྗེ་བསྡམས་པ་མདུན་དུ་བཞག་པ་ནི་བདུག་པ་མའིའོ། །དེ་ཉིད་ལས་གྱེན་དུ་འཐོར་བ་ནི་མེ་ཏོག་མའིའོ། །མདུན་དུ་མཐེ་བོང་གཉིས་མཉམ་སྟེ་བསྐོར་བ་ནི་མར་མེ་མའིའོ། །དེ་ཉིད་དབྱུག་པ་ལྟར་བྱས་པ་ནི་དྲིའིའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་པ་ནི་ལྕགས་ཀྱུའིའོ། །དེ་ཉིད་ལས་རྩེ་མོ་གཉིས་སྦྱར་བ་ནི་ཞགས་པའིའོ། །དེ་ཉིད་གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་ལས་མཐེ་བོང་ནང་དུ་བཅུག་སྟེ་བསྐྱོད་པ་ནི་དྲིལ་བུའི་དམ་རྒྱ་སྟེ། རྒྱུད་འདིར་དགུག་གཞུག་གི་ཕྱག་རྒྱའང་དེ་ཉིད་དོ། །ཐལ་མོ་སྦྱར་བ་ལས་གུང་མོ་དང་སྲིན་ལག་སྦྱར་མཐེའུ་ཆུང་ནང་དུ་བཅུག མཐེ་བོང་གཉིས་ཀྱི་རྩེར་མཛུབ་མོ་གཉིས་བཀུག་སྟེ་སྦྱར་བ་ནི་བྱང་སེམས་སྤྱིའིའོ། །ཐལ་མོ་སྙིང་གར་སྦྱར་བ་ནི་ཉན་ཐོས་ཐམས་ཅད་ཀྱིའོ། །གཡོན་ཁུ་ཚུར་ནང་དུ་བསྟན་ཏེ། མཐེབ་མཛུབ་སྦྱར་བ་བསྒྲེང༌། གཡས་མཐེབ་སྲིན་སྦྱར་ཏེ། ལྷག་མ་བརྐྱང་བ་གཡོན་གྱི་མཐེབ་མཛུབ་ཀྱི་སྟེང་དུ་བཞག་པ་ནི་རང་རྒྱལ་རྣམས་ཀྱིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལས་གུང་མོ་གཉིས་བརྐྱང་བརྩེ་སྤྲད་ཐ་མ་བཞི་སོ་སོར་བསྒྲེང་བ་ནི་འཇིག་རྟེན་གསུམ་སྣང་ལ་སོགས་པ་བཅུ་དྲུག་གིའོ། །ཐལ་མོ་སྦྱར་བ་ལས་དབུས་མ་གསུམ་བཀུག་སྟེ་རྩེ་སྤྲད་ཐ་མ་བཞི་བསྐྱེད་པ་ནི་ལྷ་རྣམས་ཀྱིའོ། །ཐལ་མོ་སྦྱར་བ་ལས་གུང་མོ་གཤིབས་པའི་རྒྱབ་ཏུ་མཛུབ་མོས་མ་རེག་པར་བཀུག མཐེ་བོང་གཉིས་གཤིབས་ལ་བསྒྲེང་ལྷག་མ་བསྣོལ་བ་ནི་ཀླུ་རྣམས་ཀྱིའོ། །ལག་པ་གཉིས་མཉམ་དུ་གཤིབས་པའི་སེན་མོ་རྣམས་སོ་ལྟར་གཤིབས་ལ་མཛུབ་མོ་གཉིས་མཆེ་བ་ལྟར་ཅུང་ཟད་བརྐྱང་བ་ནི་གནོད་སྦྱིན་རྣམས་ཀྱིའོ། །གཡས་པའི་སྙིམ་པ་མགོ་ཚལ་ལྟར་སྟོན་པ་ནི་སྲིན་པོ་རྣམས་ཀྱིའོ། །སོར་མོ་བཅུ་ཕན་ཚུན་བསྣོལ་བ་ནི་བུད་མེད་རྣམས་ཀྱིའོ། །གཡོན་ཁུ་ཚུར་སྙིང་གར་བསྡུ་ལ་གཡས་དབྱུག་པ་འཛིན་པ་ལྟར་མཛུབ་མོ་བསྒྲེང་བ་ནི་གཟའ་རྣམས་ཀྱིའོ། །ཐལ་མོ་གཉིས་མདུན་དུ་བཀན་པའི་གུང་མོ་གཉིས་བཀུག་པ་ནི་རྒྱུ་སྐར་རྣམས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་བཅུའི་རྩེ་བཀུག་སྟེ་སྤྲད་པའི་སྙིམ་པ་ནི་ཕྲ་མེན་མ་རྣམས་ཀྱིའོ། །དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་ལྕེ་ལྟར་བྱས་པ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། །ཐལ་མོ་སྦྱར་བ་བརྐྱང་ལ་པད་སྐོར་བྱས་ཏེ་ཐལ་མོ་སྦྱར་བ་ཁ་ཕྱེ་བ་ནི་ཕྱོགས་སྐྱོང་སོགས་འཇིག་རྟེན་པ་ཐམས་ཅད་ཀྱི་ཐུན་མོང་གི་དམ་རྒྱའོ། །དེ་ནས་ཆོས་རྒྱལ་ལུས་ཀྱི་རྐང་པ་རྡོ་རྗེ་སྐྱིལ་ཀྲུང༌། ལག་པ་མཉམ་གཞག་སོགས་ཏིང་ངེ་འཛིན་གྱི་སྤྱོད་ལམ་བྱ། ངག་སེམས་གཉིས་ཀྱིས་ལྷ་ཐམས་ཅད་ཀྱི་མགྲིན་པར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་མདུན་གྱི་འདབ་མ་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་གྱི་ལྟེ་བར་སོ་སོའི་ས་བོན་བཞུགས་པར་བསམས་ལ། རིགས་ལྔ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿདང༌། ཡུམ་བཞི་ལ་ཡང༌། ཧཱུྃ་ཏྲཱཾ་ཧྲཱིཿཨཿདང༌། སེམས་དཔའ་བཅུ་དྲུག་ལ། ཧཱུྃ་ཛཿཧོ་དྷུ། ཏྲཱཾ་རྻ་བྷྲི་ཧ། ཧྲཱིཿདྷཱིཿཀྲུཾ་བྷ། ཀཾ་རཾ་ཀྵཾ་སཾ་དང༌། ཕྱི་ནང་གི་ལྷ་མོ་བརྒྱད་ལ། ཧཱུྃ་ཏྲཱཾ་ཧྲཱི་ཨཿ ཡང་ཧཱུྃ་ཏྲཱཾ་ཧྲཱིཿཨཿདང༌། སྒོ་བ་བཞི་ལ། ཛཿཧཱུྃ་བཾ་ཧོཿདང༌། སྒོ་ཕྱི་མ་མན་ཆད་ཀྱི་ལྷ་ལ། སྡེ་ཚན་གྱི་གྲངས་དང་མཐུན་པའི་ཧཱུྃ་དཀར་པོ་རེ་རེ་བསམ་ཞིང་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་རྒྱའི་ཕྱིར། ལག་པ་རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་ཁ་སྤྲད་པ་དཀུ་གཡོན་དུ་བཞག ངག་ཏུ། ཨོཾ་ན་མོ་སོགས་རྩ་རིག་ཟློས། ཏ་ཏྱ་ཐཱའི་ཚེ་ཁུ་ཚུར་བཀྲོལ་ལ། ནུ་མ་གཡས་དང་གཡོན་དང་སྙིང་ག་གསུམ་དུ་གར་བསྐོར་བྱ་ཞིང༌། སྭཱ་ཧཱའི་བར་བརྗོད་པ་སྔོན་དུ་འགྲོ་བས་གོང་གི་འབྱིན་སྔགས་ལན་རེ་གླུར་བླང་ཞིང༌། ལྷ་སོ་སོའི་ཕྱག་ཆེན་དང་འཇིག་རྟེན་པ་རྣམས་ལ་དམ་རྒྱ་བཅུ་པོ་བཅའ། ཕྱག་མཚན་ནི་མི་བསྒོམ་ལ། སེམས་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཨཿལས་སྣ་ཚོགས་རྡོ་རྗེ་རེ་རེའི་རྒྱས་གདབ་པར་བསམས་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་ཆེན་གྱི་ཕྱིར་རང་རང་གི་ཏིང་ངེ་འཛིན་དང༌། ཕྱག་ཆེན་ཇི་ལྟར་བཞུགས་པ་བཞིན་བཅིངས་ཏེ། ཕྱག་མཚན་ཡོད་པའི་ལྷ་རྣམས་ལ་ཕྱག་མཚན་དང་བཅས་པའི་སྐུར་བསྒོམ་ཞིང༌། འཇིག་རྟེན་པ་རྣམས་ལ་ཐལ་མོ་སྦྱར་བ་ཆོས་ཉན་པའི་ཕྱག་ཆེན་བཅས་ལ། ཆོས་རྒྱའི་སྐབས་ལྟར་སྙིང་པོ་ལན་རེ་བརྗོད། སེམས་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་གདབ་པར་བསམས་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལྟར་ཕྱག་རྒྱ་བཞིས་རྒྱས་གདབ་པ་ནི་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཕྲིན་ལས་དང་བཞི་ལས་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་དཔག་ཏུ་མེད་པ་དང་ལྡན་པའོ། །དེ་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཕྱིར། མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཤཔྟ་དང་བཅས་པས་མཆོད། རྡོ་རྗེ་ཐལ་མོ་སྙིང་གར་བཞག་ལ་གཡས་སུ་བསྐོར་ཞིང༌། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་སོགས་བརྗོད་པས་བསྟོད་པར་བསམས་ཏེ། སྤྲུལ་པའི་སྐུ་ལ་ཚངས་པ་ལ་སོགས་པས་འཁོར་ལོ་རྩིབས་སྟོང་སོགས་ཀྱི་ཡོན་ཕུལ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པའི་ཚུལ་ལམ་དུ་བྱེད་པའོ། །དེ་ནས་བདག་ཉིད་དང་གཙོ་བོ་ཐ་མི་དད་པའི་ང་རྒྱལ་གྱིས་ལྷའི་རྣམ་པ་ལ་སེམས་ཡུན་རིང་དུ་བཟུང་ངོ༌། །བསྒོམས་པས་སྐྱོ་ན། ཆེད་དུ་གཏད་པའི་བཟླས་པ་བྱ་སྟེ། རང་གི་སྙིང་གར་ཟླ་བའི་སྟེང་དུ་རྩ་རིག་བཀོད་ལ། དེ་ལས་འོད་འཕྲོས་ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས། སླར་འདུས་སྙིང་གའི་ཆོས་ཀྱི་ཡི་གེ་ལ་ཐིམ་པར་བསམ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོདྷ་ནེ་ཤོདྷ་ནེ། སརྦ་པཱ་པཾ་བི་ཤུ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོདྷ་ནེ་སྭཱ་ཧཱ། ཞེས་པ་ལྔ་བརྒྱ་ལ་སོགས་པ་བཟླ། དེའི་ཚེ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་ཀྱི་སྒྲ་བྱུང་བར་བསམ། དེ་ནས་འཁོར་གྱི་ལྷ་རང་རང་གི་ཐུགས་ཀར་ཟླ་བ་ལ་རང་རང་གི་སྔགས་དང་མཐའ་སྐོར་དུ་རྩ་རིག་བསམས་པ་ལས་སྔར་བཞིན་འོད་ཟེར་གྱི་སྤྲོ་བསྡུ་བྱས་ལ། ཨོཾ་སརྦ་བིཏ་ཧཱུྃ། ཞེས་སོགས། སོ་སོའི་སྔགས་སུམ་བརྒྱ་ཙམ་དང༌། བསྐལ་བཟང་ནས་འཇིག་རྟེན་པའི་བར་གྱི་ལྷ་རེ་རེ་ལ་རྩ་རིག་ཉེར་གཅིག་ལ་སོགས་པ་བཟླས་ལ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅད་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་བསྒོམ་བཟླས་ཀྱི་བྱིན་རླབས་བརྟན་པར་བསམས་ཏེ། སྤྲུལ་པའི་སྐུས་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཆོས་གསུངས་པས། གདུལ་བྱ་དེ་དག་ཐེག་པ་གསུམ་གྱི་ལམ་ལ་བཀོད་པ་ལ་སོགས་པས་སེམས་ཅན་གྱི་བསམ་པ་ཚིམ་པར་མཛད་པའོ། །སླར་ཡང་བདག་ཉིད་དང༌། དཀྱིལ་འཁོར་པ་ལ་མཆོད་བསྟོད་བྱ་བའི་ཕྱིར། མཆོད་རྫས་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས་ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཚིགས་བཅད་དང་སྔགས་རྣམས་གོ་བརྗེས་ལ། མེ་ཏོག་དང་པུཥྤ། བདུག་སྤོས་དང་དྷཱུ་པེ། སྣང་གསལ་དང་ཨ་ལོ་ཀེ དྲི་མཆོག་དང་གནྡྷེ། ཞལ་བཟས་དང་ནཻ་ཝི་ཏྱེ། རོལ་མོ་དང་ཤཔྟ་རྣམས་ཀྱིས་མཆོད་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙྭ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པས་རོལ་མོ་ཅི་འབྱོར་པ་འབུལ། སྤྲོ་ན་ལྷ་མོ་བརྒྱད་ཀྱིས་མཆོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨོ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་བསྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །བསྒྲུབ་དཀའི་བསྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེད་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །འོད་སྟུག་པས་ནི་སྟུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །དགྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མར་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོན། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་སྟེ། །སེམས་ཀྱི་ཆོས་ལས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་སྲིད་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རབ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང༌། །ཞེས་པས་བསྟོད་དོ། །ཆོས་ཀྱིས་ཚིམ་པའི་གདུལ་བྱ་རྣམས་ཀྱིས་རང་རང་གི་སྟོན་པ་ལ་བསྙེན་བཀུར་དང་ཡོན་ཏན་བརྗོད་པ་སོགས་ཀྱིས་མཉེས་པར་བྱས་པའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ་ལ། གཙོ་བོའི་དམ་རྒྱ་དང༌། རྩ་རིག་ལན་གསུམ་བརྗོད་པས་ཕྱག་རྒྱ་རྣམས་བཀྲོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་དཀྱིལ་འཁོར་རྣམས་རང་ལ་བསྡུས་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ངང་ལ་སེམས་ཡུན་རིང་དུ་མཉམ་པར་གཞག་པ་ནི། སྤྲུལ་པའི་སྐུ་རྣམས་གདུལ་བྱ་སོ་སོའི་དོན་མཛད་ཟིན་ཏེ་སོ་སོའི་ཞིང་ཁམས་སུ་གཤེགས་པ་དང༌། རྒྱལ་བས་ཞིང་འདིའི་མཛད་པ་མཐར་ཕྱིན་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའོ། །གཉིས་པ་རྗེས་སྤྱོད་ཀྱི་རྣལ་འབྱོར་ནི། སླར་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷའི་ང་རྒྱལ་དུ་ལངས་ལ། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་མདོ་བཀླགས་པ། གཏོར་མ་སྦྱིན་པ། ཚ་ཚ་གདབ་པ། ཆོས་བཤད་ཉན་བྱེད་པ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱ་བ་ནི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་འབྱུང་བ་ལམ་དུ་བྱེད་པ་སྟེ། རྣལ་འབྱོར་རྒྱུད་ཀྱི་ལྷའི་རྣལ་འབྱོར་མཐའ་དག་དེ་བཞིན་གཤེགས་པ་ཉིད་དང་པོར་ཚོགས་བསགས་པ་ནས་བརྩམས་ཏེ། མཐར་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་བར་དང༌། སླར་ཡང་མཛད་པ་རྒྱུན་མི་ཆད་པར་སེམས་ཅན་གྱི་དོན་མཛད་པའི་ཚུལ་དང་བསྟུན་ནས་ཉམས་སུ་ལེན་པ་འདི་ནི་ཐར་པའི་འདྲ་འབག་ལམ་དུ་བྱེད་པའི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །གང་གི་ཚེ་ཐུན་བཞིའི་རྣལ་འབྱོར་དུ་བྱེད་པ་དེའི་ཚེ། ཐུན་དང་པོ་ལ་སྔར་བཞིན་བསྟོད་པ་ཡན་ཆད་བྱས་ལ། རང་མར་མེ་གཅིག་ལས་གཉིས་ཆད་པ་ལྟར། གཙོ་བོ་ལས་བྱེ་ནས་བསྒོམས་པའི་ལྷ་ནང་དུ་བཞུགས་པར་བསམས་ཏེ། ཁང་པའི་ཕྱི་རོལ་དུ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ནས་ཐུན་གཉིས་པ་དང་གསུམ་པ་ལ་རྡོ་རྗེ་འཛིན་མའི་སྔགས་དང་ཕྱག་རྒྱས་ཁང་པའི་ནང་དུ་ཞུགས་ལ། སྔར་བསྒོམས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་བདག་ཉིད་ཐ་མི་དད་དུ་བསྒོམས་ནས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཡུད་ཙམ་གྱིས་དྲན་པར་བྱས་ལ་མཆོད་པ་ནས་བཟླས་པའི་བར་སྔར་ལྟར་བྱའོ། །ཐུན་ཐ་མ་ལ་ཡི་གེ་བརྒྱ་པས་བསྒོམ་བཟླས་ཀྱི་ནུས་པ་བརྟན་པར་བྱ་བ་ནས་བརྩམས་ཏེ། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་གནས་པའི་བར་སྔར་ལྟར་བྱའོ། །དེ་ལྟར་ན་རབ་མཚན་མའི་བསྙེན་པ་སངས་རྒྱས་ཀྱི་ཞལ་བསྟན་པ་དང༌། ཆོས་གསུངས་པ་སོགས་དང་རས་བྲིས་ཀྱི་ལྷ་བཞད་པ་དང༌། འོད་འབར་བ་ལ་སོགས་པ་བྱུང་གི་བར་དང༌། འབྲིང་དུས་ཀྱི་བསྙེན་པ་ཟླ་བ་དྲུག་དུ་བསྒོམ་བཟླས་ཀྱིས་དུས་འདའ་བར་བྱ་བ་དང༌། ཐ་མ་གྲངས་ཀྱི་བསྙེན་པ་རྩ་རིག་འབུམ་ཕྲག་གསུམ་མམ་དྲུག་ཐུན་བཞིའི་རྣལ་འབྱོར་གྱི་ཚུལ་དུ་བཟླས་ཏེ། བསྙེན་པ་ལས་སུ་རུང་བར་གྱུར་ན་གནས་སྐབས་སུ་ལས་ཀྱི་སྒྲིབ་པ་ཅི་བསགས་པ་ཐམས་ཅད་བྱང་བ་དང༌། མཐར་ཐུག་ཁྱབ་བདག་རྣམ་སྣང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་འགྱུར་རོ། །རྫོགས་སངས་རྒྱས་ཀྱིས་ཇི་ལྟར་མཛད་པ་ཡི། །རང་དོན་བརྙེས་དང་གཞན་དོན་བསྒྲུབ་པའི་ཚུལ། །རྗེས་འཇུག་སྐྱེ་བོས་ཉམས་སུ་ལེན་པའི་ཐབས། །ཟབ་པའི་ཚུལ་འདི་རྣལ་འབྱོར་རྒྱུད་དུ་བཤད། །འདི་དོན་ཚུལ་བཞིན་ཉམས་སུ་ལེན་པའི་ཐབས། །རྒྱུད་དང་མཁས་པའི་གཞུང་བཞིན་ལེགས་བཀོད་པ། །འདི་ཡི་དགེ་བས་མཁའ་མཉམ་འགྲོ་བ་ཀུན། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་གྱུར་ཅིག །དཔལ་ཀུན་རིག་གི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་པའི་ཐབས་བསྙེན་པ་རྒྱས་པའི་ཚུལ་གསལ་བར་སྟོན་པ་འདི་ནི། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་བསྙེངས་པ་མེད་པའི་མཁྱེན་རབ་ཅན། རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་གཞན་ལ་ཕན་པའི་འོད་ཟེར་གྱི་དགོངས་པ་ཅི་ལྟ་བ་བཞིན་དུ་རྔ་ཆེན་གྱི་ལོ། །ས་གའི་ཟླ་བའི་ཚེས་གཅིག་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་ཡོ་ག་པ་ཆོས་སྐྱོང་བཟང་པོས་བགྱིས་སོ།།  །།ཤུ་བྷཾ།།  །། «༄༅། །དཔལ་ཀུན་རིག་གཞན་ཕན་མཐའ་ཡས་ཞེས་བྱ་བ་བཞུགས་སོ།།  »༈ །དཔལ་ཀུན་རིག་གི་རས་རིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ཕན་མཐའ་ཡས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཐའ་ཡས་ཤེས་བྱའི་ཆོས་ཀུན་མ་ལུས་མཁྱེན། །ནང་གི་ཆོས་སྐུ་ཡེ་ཤེས་མིག་གིས་རིག །དམིགས་མེད་སྙིང་རྗེས་ངན་སོང་འགྲོ་བ་འདྲེན། །ཐུབ་པ་སྐྱེས་མཆོག་རྣམ་སྣང་ཆེ་ལ་འདུད། །དེ་ཡི་གོ་འཕང་འཐོབ་བྱེད་ཆོ་གའི་རིམ། །རྒྱུད་དང་སྔོན་རབས་མཁས་པའི་གཞུང་མང་དང༌། །ཁྱད་པར་རྗེ་བཙུན་མཆོག་གི་དགོངས་པ་ལྟར། །འཁྲུལ་མེད་གོ་བདེའི་ངག་གིས་བཤད་ཀྱིས་ཉོན། །འདིར་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དཔོན་སློབ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་རིམ་པ་ལ་དོན་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། ལས་ཀྱི་རྡོ་རྗེས། ལྷ་ཁང་ལ་སོགས་པའི་དབུས་སུ་ས་གཞི་ལ་གད་བདར་བྱ་ཤིང་དྲི་བཟང་པོའི་ཆུས་བྱུགས། མེ་ཏོག་སིལ་མར་གཏོར། དེར་རས་དང་དར་ལ་སོགས་པ་གཞི་བཟང་པོའི་སྟེང་དུ་ཀུན་རིག་གི་རས་བྲིས་ཀྱི་དཀྱིལ་འཁོར་རབ་གནས་ཅན་མདུན་ཤར་དུ་ཕྱོགས་པར་བཀོད། དེའི་མཐར་གཡས་སྐོར་དུ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་བཤམ། འབྱོར་ན་ལྷ་རེ་རེ་ཞིང་མཆོད་པ་ཅི་ནུས་པ་བཀོད། དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་ཕྱོགས་སྐྱོང་དང་འབྱུང་པོའི་གཏོར་མ་དང༌། རིགས་དྲུག་དང་ཡི་དྭགས་ལ་སིལ་གཏོར་གཉིས་དང༌། བགེགས་གཏོར་ཏེ་ལྔ་བཤམ། མཆོད་པའི་བུམ་པ་བརྒྱད་དམ་བཅུ་དྲུག འབྲུ་དང༌། སྨན་དང༌། དྲི་ཆབ་ཀྱིས་བཀང་བ་ཁ་རྒྱན་དང་བཅས་པས་མཐའ་བསྐོར། མཆོད་བུམ་མ་འབྱོར་ན་འཁར་ཕོར་ལ་སོགས་པ་ལ་ཚབ་བྱ་བར་བཤད། གཞན་ཡང་བླ་བྲེ་དང༌། འཕན་དང༌། རོལ་མོ་སྣ་ཚོགས་པས་བརྒྱན་ནོ། །དེའི་མཐའ་སྐོར་དུ་སྒྲུབ་པ་པོ་རྣམས་ཀྱི་གདན་དང་རྡོ་རྗེ་དྲིལ་བུ་བཤམ། སློབ་དཔོན་གྱི་མདུན་དུ་རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་མཚན་མ་བྲིས་པ་ནང་རྫས་དང་ཆུས་གང་བ་ཁ་རྒྱན་དང་བཅས་པ་བཤམ། འབྱོར་ན་དབང་གི་བུམ་པ་ལྔ་བཀོད། བླ་མ་ཕྱི་མ་རྣམས་ཡོ་ག་གཞན་ལྟར་ལས་བུམ་མཛད་ཀྱང་རྗེ་བཙུན་གྱིས་མ་གསུངས་པས་མི་དགོས་སོ། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་ལས་དང༌། སློབ་མ་ལ་བྱ་བའོ། །དང་པོ་ལ། བདག་གི་རྣལ་འབྱོར། བུམ་པ་བཟླས་པ། མདུན་བསྐྱེད་མཆོད་པའོ། །དང་པོ་ལ་གཉིས་ལས། དང་པོ་སྲུང་འཁོར་བསྒོམ་པ་ནི། སྒྲུབ་པ་པོ་རྣམས། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་དང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱས་དཀྱིལ་འཁོར་ཁང་པའི་ནང་དུ་ཞུགས། སྟན་རྣམས་ལ་འདུག་ནས། ཐོག་མར་མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ་དང༌། དེའི་ཕྱག་རྒྱས་བགེགས་བསལ། རྡོ་རྗེ་མེའི་སྔགས་རྒྱས་གཟི་བྱིན་བསྐྱེད། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང༌། དྷརྨ་ར་ཎི་ཏ་སོགས་བརྗོད་དོ། །དེ་ནས་བླ་མ་དང༌། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཅི་ནུས་བྱས་ནས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ཉམས་སུ་བླང་བར་བགྱིའོ་སྙམ་དུ་སེམས་བསྐྱེད་དེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་ཆོས་བདག་མེད་པར་བསྒོམ། སྟོང་པའི་ངང་ལས་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལྕེའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཉལ་ཐབས་སུ་གནས་པར་བསམས་ལ། ཨོཾ་བཛྲ་ཛི་ཧྭཱ། ཞེས་པས་ལྕེ་རྡོ་རྗེར་བྱིན་གྱིས་བརླབ། ལག་པ་གཉིས་ཀྱི་མཐིལ་དུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེའི་རང་བཞིན་དང༌། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར་པར་བསམ། དེ་ནས་ཧཱུྃ་ལས་བདག་ཉིད་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གསོར་བའི་ཚུལ་དང༌། གཡོན་ཁུ་ཚུར་གྱིས་དྲིལ་བུ་སྙེམས་པའི་ཚུལ་གྱིས་འཛིན་པ་ཅུང་ཟད་ཁྲོ་བ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམས་ལ། ཨོཾ་གྲྀཧྣ་བཛྲ་ས་མ་ཡ་ཧཱུྃ་བྃ་དང༌། ཏི་རཱིནྟི་རིའི་ཕྱག་རྒྱས་ང་རྒྱལ་གཟུང༌། ཕྱག་རྒྱ་དེ་ཉིད་སྤྱི་བོ། དཔྲལ་བ། རྣ་བ་གཡས་པ། ལྟག་པ། རྣ་བ་གཡོན་པ་རྣམས་སུ་བཞག་ལ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ། ཨ་བྷི་ཥིཉྩ་མཱཾ་གྱིས་གནས་དེ་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམས་ལ་དབང་བླངས། ཨོཾ་ཊུཾ་དང༌། རྡོ་རྗེ་ཁུ་ཚུར་གཉིས་མདུད་པ་འཆིང་བཞིན་པའི་ཚུལ་དུ་བྱས་ལ། སྙིང་ག་མགྲིན་པ་ལྟག་པ་དང༌། །སྙིང་ག་ནུ་མའི་བར་དང་ནི། །སྙིང་ག་མགྲིན་པ་རྒྱབ་དཔྲལ་བ། །ཞེས་པའི་གནས་རྣམས་སུ་རེག་ལ། དར་དཀར་པོ་ཞེང་དུ་ཁྲུ་གང་བ། དཀྱུས་སུ་ཁྲུ་ཉི་ཤུ་རྩ་གཅིག་པས་གནས་དགུར་མདུད་པ་བྱ་ཞིང༌། དཔྲལ་བར་ཐལ་མོ་རྩེ་སྤྲད་ནས་གཤམ་བརྡབ་སྟེ། ཨོཾ་བཛྲ་ཏུ་ཥྱ་ཧོཿ ཞེས་པས་རྣ་བ་གཉིས་ཀྱི་སྟེང་དུ་དར་དཔྱངས་ཀྱི་འགུགས་ཕྱུང་ནས་ལྷག་མ་ལུས་དང་མཉམ་པར་བསམས་ཏེ། བདག་ཉིད་རིགས་ཀྱི་ཁྲོ་བོར་བསྐྱེད་པའོ། །དེ་ནས་སྲུང་འཁོར་བསྒོམ་པའི་ཕྱིར། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་གིས་བགེགས་ལ་བསྣུན། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་ཀྱིས་བསྲེག ཨོཾ་བཛྲ་ནེ་ཏྲི་བྷནྡྷ་སརྦ་བིགྷཱཾ་གྱིས་བགེགས་བཅིང་སྟེ་སྔར་ཡོད་ཀྱི་བགེགས་བསལ་བའི་ཆོ་གའོ། །དེ་ནས་ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་བནྡྷ་རཀྵ་སརྦཱན་སྭཱ་ཧཱས་འོག་བཅིང༌། ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་སྟེང་བཅིང༌། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་སྔར་གྱི་འོག་བཅིང༌། ཨོཾ་དྲུཾ་བནྡྷ་ཧཾ་གིས་ཤར་བཅིང༌། ཨོཾ་ཧཱུྃ་བཛྲ་པཱ་ཤ་ཧྲཱིཿཞེས་པས་ཤར་གྱི་ནང་བཅིང༌། ཨོཾ་པ་ཏངྐི་པ་ཏངྐི་ནི་ར་ཊས་ནུབ་བཅིང༌། ཨོཾ་ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊས་བྱང་བཅིང༌། ཨོཾ་བཛྲ་ཤི་ཥ་རེ་རུ་ཊ་མ་ཊས་ལྷོ་བཅིང༌། ཧཱུྃ་བཛྲ་ཀརྨཱས་དཀྱིལ་འཁོར་བཅིང༌། ཧཱུྃ་ཞེས་པས་ཧཱུྃ་མཛད་ཀྱི་རྭ་བ་བསྒོམ། ཨོཾ་བཛྲ་བནྡྷ་བཾ་གྱིས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །དེ་དག་གི་ཕྱག་རྒྱ་ནི་ལག་པ་གཉིས་རྡོ་རྗེ་བསྡམས་པ་ནང་བཅིངས་བྱས་ལ་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་ཁྲོས་པའི་ཚུལ་གྱིས་སྟེང་ནས་བཀབ་པ་ནི་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་སྙིང་གར་བཞག གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བའི་ཚུལ་དུ་བྱ་བ་ནི་བགེགས་ལ་བསྣུན་པའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་ཁ་གྱེན་དུ་བསྟན་པ་ཕྱེ་སྟེ། སོར་མོ་རྣམས་ནང་དུ་བསྣོལ་བ་འབར་བ་ལྟར་བྱས་ལ། མཐེ་བོང་གཉིས་སྲིན་ལག་དང་གུང་མོའི་བར་ནས་བསྒྲེང་ནས་རྩེ་མོ་སྦྱར་བ་ནི་རྡོ་རྗེ་མེའི་ཕྱག་རྒྱ་སྟེ་བགེགས་བསྲེག་པའི་འོ། །རྡོ་རྗེ་བསྡམས་པ་ལས། མཐེ་བོང་གཉིས་བརྐྱང་སྟེ་གཤིབས་པ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་སྟེ་བགེགས་བཅིང་བའི་འོ། །རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བཞག་པ་ནི་འོག་བཅིང་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མགལ་མེའི་འཁོར་ལོ་བཞིན་བསྐོར་ཏེ་མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་སྟེ་སྟེང་བཅིང་བའི་འོ། །རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱངས་ལ་མཛུབ་མོ་གཉིས་མཆེ་བ་ལྟར་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་རྒྱ་སྟེ་སྟེང་གི་འོག་བཅིང་པའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ་བཟློག་ནས་སྤྱི་བོར་བཞག་པ་ནི་རྡོ་རྗེ་གཙུག་ཏོར་གྱི་རྒྱ་སྟེ་ཤར་བཅིང་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་གཅིག་ལ་གཅིག་གིས་མཁྲིག་མའི་གནས་ཀྱི་ཆ་མདུད་པར་བྱས་ཏེ་ཞགས་མིག་གི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཞགས་པའི་རྒྱ་སྟེ་ཤར་གྱི་ནང་བཅིང་བའི་འོ། །རྡོ་རྗེ་བསྡམས་པ་ལས། མཐེ་བོང་གཡོན་པའི་སྟེང་དུ་གཡས་པ་བཞག་ལ་མཛུབ་མོ་གཉིས་མཉམ་པར་གཤིབས་ཏེ་ཅུང་ཟད་ཕྱེ་ལ་མཐེའུ་ཆུང་གཉིས་བསྒྲེང་བ་ནི་རྡོ་རྗེ་བ་དན་གྱི་རྒྱ་སྟེ་ནུབ་བཅིང་བའི་འོ། །སྔར་གྱི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཁར་བཞག་པ་ནི་རྡོ་རྗེ་དུས་ཀྱི་རྒྱ་སྟེ་བྱང་བཅིང་བའི་འོ། །སྔགས་རྒྱ་འདི་ཉིད་ཀྱིས་ཕྱོགས་མཚམས་དང་སྟེང་འོག་གི་བགེགས་རྣམས་ཚར་བཅད་པར་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་ལྟར་བྱ་བ་ནི་རྡོ་རྗེ་རྩེ་མོའི་རྒྱ་སྟེ་ལྷོ་བཅིང་བའི་འོ། །ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་ལས་ཀྱི་རྒྱ་སྟེ་དཀྱིལ་འཁོར་བཅིང་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིང་ནས་གཡོན་པའི་མཁྲིག་མའི་རྒྱབ་ཀྱི་སྟེང་དུ་གཡས་པའི་མཁྲིག་མའི་རྒྱབ་བཞག་ནས་བསྣོལ་བའི་མཐེའུ་ཆུང་གཉིས་སྦྲེལ་ལ་མཛུབ་མོ་གཉིས་བསྒྲེང་བ་ནི་ཧཱུྃ་མཛད་ཀྱི་རྒྱ་སྟེ་དེ་ཉིད་ཀྱི་རྭ་བའོ། །རྡོ་རྗེ་བསྡམས་པ་ནི། ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བསྒོམ་པའི་ཕྱག་རྒྱ་སྟེ་སྔར་གྱི་སྔགས་དང་བཅས་པ་ལན་གསུམ་གསུམ་བྱ་བ་ནི་སྲུང་བའི་འཁོར་ལོའོ། །དེ་ནས་སྤྲོ་ན། རང་མེ་ལྟར་འབར་བའི་ང་རྒྱལ་དང་ལྡན་པས་ཁྲོ་བོའི་ཚོགས་རྣམས་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་གདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་ཨརྒྷཾ། པུཥྤེ། དྡྷུ་པེ། ཨཱ་ལོ་ཀེ གྷནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཧཱུྃ་གིས་མཆོད། ཧཱུྃ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་ཞིང༌། །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་བརྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་སྒྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་པས་བགེགས་ལ་བཀའ་བསྒོ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྙིང་གར་རེག་ཅིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། དཔྲལ་བར། གྲྀཧྞ་གྲྀཧྞ་ཧཱུྃ། ལྐོག་མར། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། སྤྱི་བོར། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ། ཅེས་བརྗོད་ལ་བདག་བསྲུང༌། སྔགས་དང་ཕྱག་རྒྱ་དེ་ཉིད་ཀྱིས་ཤར་ནས་བཟུང་ནས་ཕྱོགས་བཞི་དང༌། མེ་ནས་བཟུང་སྟེ་མཚམས་བཞིར་གཡས་སྐོར་དུ་བྱས་པས་གནས་དང་རྣལ་འབྱོར་བསྲུངས་ཏེ་བགེགས་མེད་པར་བྱས། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཀརྨ་ཀཾ རྡོ་རྗེ་སྲུང་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་སནྡྷི་བཾ་རྣམས་ཀྱིས་བདག་བརྟན་པར་བསྲུང༌། དེ་དག་གི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་རྩེ་སྤྲད་དེ་སྐྱེད་པ་ནི་ལས་ཀྱིའོ། །དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྩེ་སྤྲད་པ་ནི་སྲུང་བའི་འོ། །དེ་ཉིད་ལས་མཐེ་བོང་གཉིས་བསྣོལ་ཏེ་བཞག་པ་ནི་གནོད་སྦྱིན་གྱིའོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་པའི་རྒྱབ་མཛུབ་མོ་གཉིས་ཀྱིས་མནན་པ་ནི་ཁུ་ཚུར་གྱིའོ། །དེ་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙི་ཏཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲིའ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པ་ལན་གསུམ་གྱིས་བརྟན་པར་བྱའོ། །འདི་རྣམས་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་ཅུང་ཟད་ཀྱང་མེད་དོ།།  །།གཉིས་པ་བདག་བསྐྱེད་དངོས་ལ་གསུམ། ལྷ་སྒྲུབ་པའི་རྒྱུ་བསྒོམ་པ། འབྲས་བུ་ལྷ་བསྐྱེད་པ་དངོས། ཆེད་དུ་གཏད་པའི་བཟླས་པ་བྱ་བའོ། །དང་པོ་ནི། རང་གི་ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་དག་གི་དབུས་སུ་ཧཱུྃ་དང་ཨཿབསམ། ཐལ་མོ་གཉིས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿརྣམས་ཀྱིས་གང་བ་ལས་འོད་ཟེར་འཕྲོ་བ་གཡས་གཡོན་གྱི་མཐེ་བོང་ལ་ཨོཾ། མཛུབ་མོ་ལ་ཧཱུྃ། གུང་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱིཿ མཐེའུ་ཆུང་ལ་ཨཿབཀོད་དེ། གཡས་པའི་མཐེ་བོང་ལ་རྣམ་པར་སྣང་མཛད། མཛུབ་མོ་ལ་མི་བསྐྱོད་པ། གུང་མོ་ལ་རིན་ཆེན་འབྱུང༌། སྲིན་ལག་འོད་དཔག་མེད། མཐེའུ་ཆུང་ལ་དོན་ཡོད་གྲུབ་པ། གཡོན་གྱི་མཐེ་བོང་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མཛུབ་མོ་ལ་རྡོ་རྗེ་ཐུགས་མ། གུང་མོ་ལ་རྡོ་རྗེ་དབང་བསྐུར་མ། སྲིན་ལག་ལ་རྡོ་རྗེ་མཚོན་ཆ་མ། མཐེའུ་ཆུང་ལ་རྡོ་རྗེ་ཀུན་མ་རྣམས་ཕོ་མོའི་ཁྱད་པར་མ་གཏོགས་ཞལ་ཕྱག་རིགས་ལྔ་དང་འདྲ་བར་བསམས་ལ། མཉམ་པའི་ཐལ་མོ་དང༌། ཨོཾ་ཨ་ནྱོ྅ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཱཿས་ལྷ་དང་ལྷ་མོ་རྣམས་རེག རྡོ་རྗེ་ཐལ་མོ་དང༌། སྥ་ར་སྥ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿབཛྲ་ཨཉྫ་ལི་རྗེས་སུ་ཞུགས། རྡོ་རྗེ་བསྡམས་པ་དང༌། ཨ་དྱནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿབཛྲ་བནྡྷས་གཅིག་ཏུ་འདྲེས་པར་བསམ་ཞིང་སེམས་འོད་གསལ་བར་བསམས་ལ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལན་གསུམ་དགྲོལ་ཞིང༌། བཛྲ་བནྡྷ་ཏྲ་ཊ་ཀྱིས་སྡིག་པ་ཐམས་ཅད་དྲལ། རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཞེས་དང༌། ཨཿབཅུ་ནས་བརྒྱའི་བར་བཟླས་ནས། སྙིང་གར་དང་པོའི་རྡོ་རྗེ་ཆར་བཞིན་དུ་དབབ་ཅིང༌། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མ་བྷ་ཝ་ཧྲྀ་ད་ཡ་མྨེ། ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿཞེས་བརྗོད་ཅིང་ཕྱག་རྒྱ་དགྲོལ། ཡང་ཕྱག་རྒྱ་དེ་ཉིད་བཅའ་ཞིང༌། བཛྲ་མུཥྚི་བརྗོད། ཨོཾ་བཛྲ་མུཥྚི་བཾ་གྱིས་ཕྱག་རྒྱ་དགྲོལ་ཞིང་སེ་གོལ་གཏོགས་ཏེ་ཡེ་ཤེས་པ་རྣམས་བརྟན་པར་བསམ་མོ། །གཉིས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་བསམ། དེའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བཏོད་དེ་འཛིན་པ། གཡོན་པ་དྲིལ་བུ་ཁ་དཀུར་བསྟན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམས་ཏེ། ཕྱག་འཚལ་བའི་ཐལ་མོ་དཔྲལ་བར་བཞག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་སྐུ་དང༌། ཐལ་མོ་སྙིམ་པར་སྦྱར་བ་མགྲིན་པར་བཞག་ལ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་གསུང་དང༌། རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་དང་མཐའ་བཞི་སྦྱར་ཏེ་བརྐྱང་བའམ། བླ་མ་ཕྱི་མ་རྣམས་རྡོ་རྗེ་བསྡམས་པ་ལས་གུང་མོ་དང་མཐའ་བཞི་སྦྱར་བར་བཞེད་དེ་ཕྱག་རྒྱ་དེ་སྙིང་གར་བཞག་ལ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་བསྡམས་པ་ལས། གུང་མོ་རྡོ་རྗེ་འདྲ་བར་གཤིབས། མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་བ་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་པ་སྦྱོང་རྒྱལ་གྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། དེ་ཉིད་ལས། མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་ལ་དབང་བསྐུར་བའི་ཕྱག་རྒྱ་རྣ་བ་གཡས་པའི་སྟེང་དུ་བཞག་ལ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་ལ། ལྷག་མ་ཐམས་ཅད་བརྐྱང་བ་སྡིག་པ་སྲེག་པའི་ཕྱག་རྒྱ་ལྟག་པར་བཞག་ལ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ཉིད་གཡོན་དུ་བསྒྱུར་བ་ལས་ཐམས་ཅད་པའི་ཕྱག་རྒྱ་རྣ་ལྟག་པ་གཡོན་དུ་བཞག་ལ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ཅིང༌། གནས་དེ་རྣམས་སུ་མི་བསྐྱོད་པ། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་བཞུགས་པར་བསམ་མོ། །དེ་ལྟར་བདག་རྡོ་རྗེ་སེམས་དཔར་གྱུར་པའི་སྨིན་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས། སྤྱིར་སེམས་ཅན་ཐམས་ཅད་དང༌། བྱེ་བྲག་ཏུ་ངན་སོང་གསུམ་དང༌། ཁྱད་པར་དུ་ཚེ་འདས་སོགས་དམིགས་ཡུལ་གང་ཡིན་པ་ལ་ཕོག་པས། འགྲོ་བ་དེ་དག་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཞི་བར་བསམས་ལ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སོང་གི་རྒྱུད་ཐམས་ཅད་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བ་དང་སྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་དགའ་བའི་ཚལ་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས་མགོ་བོས་ལན་བརྒྱ་སྟོང་ཕྲག་དུ་མར་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཅེས་ཆེད་དུ་བརྗོད་ནས། སྡུག་བསྔལ་དང་བྲལ་བའི་འགྲོ་བ་དེ་རྣམས་ཀྱིས་བདག་ལ་མཆོད་པར་བསམས་ལ། སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཤཔྟ་དང་བཅས་པས་མཆོད། རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་གཡས་སུ་བསྐོར་ཞིང༌། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་བརྗོད་པས་བསྟོད་པར་བསམ་མོ། །དེ་ནས་གསུམ་པ་ནི། རང་གི་སྙིང་གར་ཟླ་བའི་སྟེང་དུ་རྩ་རིག་བཀོད་ལ། དེ་ལས་འོད་འཕྲོས། ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས། སླར་འདུས་སྙིང་གའི་ཆོས་ཀྱི་ཡི་གེ་ལ་ཐིམ་པར་བསམ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླས་ལ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་བསྒོམ་བཟླས་ཀྱིས་བྱིན་རླབས་བརྟན་པར་བསམས་ལ། སླར་ཡང་བདག་ཉིད་མཆོད་བསྟོད་བྱ་བའི་ཕྱིར། མཆོད་རྫས་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས་ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཚིགས་བཅད་དང༌། སྔགས་རྣམས་གོ་བརྗེས་ལ། མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། སྣང་གསལ་དང༌། ཨཱ་ལོ་ཀེ དྲི་མཆོག་དང༌། གྷནྡྷེ། ཞལ་ཟས་དང༌། ནཻ་ཝི་ཏྱེ། རོལ་མོ་དང༌། ཤཔྟ་རྣམས་ཀྱིས་མཆོད་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱཿ ཞེས་པས་རོལ་མོ་ཅི་འབྱོར་འབུལ་ལོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨོ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་བྱེད། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །བསྒྲུབ་དཀའི་བསྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །འོད་སྟུག་པས་ནི་སྟུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །དགྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མར་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོན། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ་སྟེ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་སྲིད་མཐར་བྱེད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་དགེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རྣམ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང༌། །ཞེས་པས་བསྟོད་དེ་བདག་བསྐྱེད་དོ། །གཉིས་པ་བུམ་བཟླས་ནི། རྣམ་རྒྱལ་བུམ་པའི་སྟེང་དུ་དུང་ཆོས་དྲི་བཟངས་ཀྱི་ཆུའི་གང་བ་དང༌། རྡོ་རྗེ་མེ་ཏོག་ཕྲེང་བ་དང་བཅས་པ་བཞག་ལ། དེ་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷའི་གོས་ཀྱིས་མགུལ་ཆིངས་དང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། རྣམ་རྒྱལ་བུམ་པའི་ཆུའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི། ལྷོར་རྟའི། ནུབ་ཏུ་རྨ་བྱའི། བྱང་དུ་མཁའ་ལྡིང་གི་ཁྲིའི་སྟེང་དང༌། འཁོར་གྱི་ལྷ་རྣམས་ཀྱི་གནས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད། ཤར་དུ་སྦྱོང་བའི་རྒྱལ་པོ་ནས། བྱང་དུ་རྡོ་རྗེ་དྲིལ་བུའི་བར་ལྷ་སོ་བདུན་ཞལ་ཕྱག་རྫོགས་པར་སྐད་ཅིག་གིས་བསྐྱེད། སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། མ་ལུས་སེམས་ཅན་ཀུན་གྱི་ཅེས་སོགས་ཤླཽ་ཀ་གསུམ་དང༌། ཛཿཧཱུྃ་སོགས་བརྗོད། གདན་དང་མཆོད་པ་མདོར་བསྡུས་ཕུལ་ལ། དམ་ཚིག་པ་དང་དབྱེར་མེད་དུ་བསྲེས། སྔགས་དང་ཕྱག་རྒྱས་གནས་གསུམ་བྱིན་གྱིས་བརླབ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། སོགས་ཀྱིས་སྔགས་རྒྱས་སྤྱི་བོར་རྣམ་པར་སྣང་མཛད། དཔྲལ་བར་མི་བསྐྱོད་པ་ལ་སོགས་པས་དབང་བསྐུར་ལ། མཆོད་ཡོན་ནས་རོལ་མོའི་བར་སྔགས་དང་ཕྱག་རྒྱར་བཅས་པས་མཆོད། ལྷ་ཐམས་ཅད་པའི་བསྟོད་པ་བསྡུས་པས་བསྟོད། མེ་ཏོག་ཕྲེང་བ་ནས་བཟུང་ལ་བཟླས་པ་བྱ་སྟེ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་རྣམས་ཀྱི་རྒྱུད་བསྐུལ། དེ་རྣམས་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམས་ལ། རྩ་རིག་བརྒྱ་རྩ་བརྒྱད་དང་ལྷ་སོ་སོའི་སྔགས་ཅི་ནུས་པ་བཟླས་ཏེ། དེ་ལ། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཞེས་པ་གཙོ་བོའི་སྔགས་དང༌། ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིཏ་ཨཱཿ ཨོཾ་སརྦ་བིཏ་ཏྲ་ཐ། ཞེས་པས་རིགས་བཞི་དང༌། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ། ཨོཾ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱ་ཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱ་ཧཱ། ཡུམ་བཞི་དང༌། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རྭ་ཛ་ཛ། ཨོཾ་བཛྲ་རཱ་ག་ཧོ། ཨོཾ་བཛྲ་སྭ་དྷུ་དྷུ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་ཏེ་ཛ་རྻ། ཨོཾ་བཛྲ་ཀེ་ཏུ་བྷྲི། ཨོཾ་བཛྲ་ཧ་ས་ཧ། ཨོཾ་བཛྲ་དྷརྨ་ཧྲཱིཿ ཨོཾ་བཛྲ་ཏཱིཀྵྞ་དྷཱིཿ ཨོཾ་བཛྲ་ཧེ་ཏུ་ཀྲུཾ། ཨོཾ་བཛྲ་བྷཱ་ཥ་བྷཱ། ཨོཾ་བཛྲ་ཀརྨྨ་ཀཾ ཨོཾ་བཛྲ་རཀྵ་རཾ། ཨོཾ་བཛྲ་ཡཀྵ་ཀྵཾ། ཨོཾ་བཛྲ་སནྡྷི་སཾ། ཞེས་སེམས་དཔའ་བཅུ་དྲུག་དང༌། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནྲྀ་ཏྱེ་ཨཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཿ ལྷ་མོ་བརྒྱད་དང༌། ཨོཾ་བཛྲ་ཨངྐུ་ཤ་ཛ། ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ ཞེས་སྒོ་བ་བཞི་སྟེ་ལྷ་སོ་སོའི་སྔགས་དང༌། ཁྲུས་ཀྱི་དོན་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཉི་ཤུ་རྩ་གཅིག་བཟླས། སླར་ཡང་སྔར་བཞིན་མཆོད་བསྟོད་བྱས་ལ། ཡེ་ཤེས་པ་གཤེགས། དུང་ཆོས་ཀྱི་ཆུ་བླུགས་པས་དམ་ཚིག་པ་ཞུ་བ་ལས་བྱུང་བའི་ཆུ་ནུས་པ་དང་ལྡན་པར་བསམས་ལ། ཡི་གེ་བརྒྱ་པ་བརྗོད་པས་བརྟན་པར་བྱའོ། །དབང་གི་བུམ་པ་ལྔ་ཡོད་ན། བུམ་པ་སོ་སོའི་ནང་དུ་རིགས་ལྔ་པོ་རེ་རེ་བསྐྱེད། རྩ་རིག་དང་རིགས་ལྔའི་སྔགས་བཟླས་པ་ཉིད་དོ། །གསུམ་པ་ལ་བཞི། དཀྱིལ་འཁོར་བསྒྲུབ་པ། དེ་ལ་མཆོད་པ། བདག་འཇུག་བླང་བ། བདག་བསྒྲུབ་ཅིང་བཟླས་པ་བྱའོ། །དང་པོ་ནི། མདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བགེགས་བསལ། ཨོཾ་ཤ་ཞེས་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྟོང་པར་བསམ། སྟོང་པའི་ངང་ལས། ཨོཾ་བྷ་ཡོངས་སུ་གྱུར་པ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་རིན་པོ་ཆེའི་ཕ་གུའི་བསྐོར་བ་ལ་སྟེང་ན་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང༌། མདའ་ཡབ་དང༌། པུ་ཤུས་མཛེས་པར་བྱས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོ་དང༌། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་འཕན་ལ་སོགས་པའི་རྒྱན་དུ་མས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་ལྷ་མོ་སྣ་ཚོགས་པས་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། དེའི་ཕྱི་རོལ་ཏུ་ཁྱམས་ཁ་དོག་སྣ་ཚོགས་པའི་ཕྱི་རོལ་དུ་འཇིག་རྟེན་པའི་འཁོར་ཡུག་སྔོན་པོ། །ཕྱི་རོལ་རྡོ་རྗེའི་རྭ་བ་དང་འོད་ཟེར་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ནང་དུ་རྩ་བའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ། ལྟེ་བ་ལེ་ཚེ་དགུ་པའི་ཕྱོགས་བཞི་ནས་ཀ་བ་གཉིས་གཉིས་ཏེ་བརྒྱད་ཀྱིས་བཏེགས་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང༌། དེའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་པས་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང༌། རིན་པོ་ཆེའི་ཏོག་གིས་བརྒྱན་པ། ཁང་བཟང་གཉིས་ཀའི་ནང་གི་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་ཀྱི་རེ་མིག་དཀར་པོའི་དབུས་སུ། སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི། ལྷོར་རྟའི། ནུབ་ཏུ་རྨ་བྱའི། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དང༌། ལྷ་ཐམས་ཅད་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན། ཕྱི་སྒོའི་ཁྲོ་བོ་རྣམས་ལ་ཉི་མའི་གདན། འཇིག་རྟེན་པའི་ཁོར་ཡུག་ལ་སྲོག་ཆགས་ལ་སོགས་པ་སོ་སོའི་གདན་རྣམས་ཡོངས་སུ་རྫོགས་པར་བསམས་ཏེ་རྟེན་བསྐྱེད་པའོ། །དེ་ནས་ལྷ་རྣམས་སྙིང་པོ་ཚིག་ཙམ་ལས་བསྐྱེད་དེ། དབུས་ཀྱི་གདན་གྱི་སྟེང་དུ། ཨོཾ་སརྦ་བིཏ་སརྦ་ཨཱ་པ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ་རྩ་ཞལ་ཤར་དུ་གཟིགས་པ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཤར་དུ་ཨོཾ་སརྦ་བིཏ་ཧཱུྃ་ལས་སྦྱོང་བའི་རྒྱལ་པོ་དཀར་ལ་ཅུང་ཟད་དམར་བ་ཏིང་ངེ་འཛིན་གི་ཕྱག་རྒྱས་བཞུགས་པ། ལྷོར་ཨོཾ་སརྦ་བིཏ་ཕཊ་ལས་རྒྱལ་མཆོག་རིན་ཆེན་སྔོན་པོ་གཡས་མཆོག་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་སརྦ་བིཏ་ཨཱཿལས་ཤཱཀྱ་རིགས་དབང་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བྱང་དུ་ཨོཾ་སརྦ་བིཏ་ཏྲ་ཐ་ལས་མེ་ཏོག་ཆེར་རྒྱས་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་ལོ་བསྒྱུར་བའི་ཆ་ལུགས་ཅན་ནོ། །ཤར་ལྷོར་ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ་ལས་སྤྱན་མ་དཀར་མོ་གཡས་པས་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ་ལས་མཱ་མ་ཀཱི་སྔོན་མོ་གཡས་རྡོ་རྗེ་འཛིན་པ། ནུབ་བྱང་དུ། ཨོཾ་བཛྲ་པཱཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱ་ཧཱ་ལས་གོས་དཀར་མོ་དམར་མོ་གཡས་པདྨ་འཛིན་པ། བྱང་ཤར་དུ་ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱ་ཧཱ་ལས་སྒྲོལ་མ་ལྗང་གུ་གཡས་ཨུཏྤལ་འཛིན་པ། བཞི་ཀའང་ཕྱག་གཡོན་གདན་ལ་བརྟེན་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྒེག་ཅིང་ཆགས་པའི་ཉམས་དང་ལྡན་ཞིང་ནུ་འབུར་ཟུང་གིས་མཛེས་པའོ། །དེའི་ཕྱི་རོལ་གྱི་འཁོར་ལོའི་ཤར་གྱི་རྩིབས་བཞི་ལ། རིམ་པ་བཞིན་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཛ་ལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། ཧོ་ལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། དྷུ་ལས་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་བའོ། །ལྷོའི་རྩིབས་བཞི་ལ་ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་གཡོན་དྲིལ་བུ་དཀུར་འཛིན་པ། རྻ་ལས་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ། བྷྲི་ལས་རྡོ་རྗེ་རྒྱལ་མཚན་ནམ་མཁའི་མདོག་ཅན་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པའོ། །ནུབ་ཀྱི་རྩིབས་བཞི་ལ། ཧྲཱིཿལས་རྡོ་རྗེ་ཆོས་དཀར་ལ་ཅུང་ཟད་དམར་བ་གཡོན་པདྨ་འཛིན་ཅིང་གཡས་པས་དེའི་ཁ་འབྱེད་པ། དྷཱིཿལས་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་གཡོན་པོསྟི་འཛིན་པ། ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་འཛིན་པ། བྷ་ལས་རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེའི་ལྗགས་འཛིན་པའོ། །བྱང་གི་རྩིབས་བཞི་ལ། ཀཾ་ལས་རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་སྣ་ཚོགས་རྡོ་རྗེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། རཾ་ལས་རྡོ་རྗེ་བསྲུང་བ་སེར་པོ་རྡོ་རྗེའི་གོ་ཆ་འཛིན་པ། ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་ཞལ་གྱི་གཡས་གཡོན་གྱི་ཐད་ཀར་མཆེ་བ་འཛིན་པ། སཾ་ལས་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་འཛིན་པའོ། །ནང་གི་གྲྭ་བཞིའི་ཤར་ལྷོར་ཧཱུྃ་ལས་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱིས་རྡོ་རྗེ་གཉིས་འཛིན་པ། ལྷོ་ནུབ་ཏུ་ཏྲཱཾ་ལས་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་ཕྲེང་བ་འཛིན་པ། ནུབ་བྱང་དུ་ཧྲཱིཿལས་གླུ་མ་དཀར་དམར་པི་ཝང་འཛིན་པ། བྱང་ཤར་དུ་ཨཿལས་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཛིན་པས་གར་བྱེད་པའོ། །དེའི་ཕྱི་རོལ་གྱི་གྲྭ་བཞིའི་ཤར་ལྷོར་ཧཱུྃ་ལས་བདུག་པ་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་ཏྲཱཾ་ལས་མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། ནུབ་བྱང་དུ་ཧྲཱིཿལས་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་ཨཿལས་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །ཤར་སྒོར་ཛཿལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཧཱུྃ་ལས་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། ནུབ་སྒོར་བཾ་ལས་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ཧོཿལས་རྡོ་རྗེ་དྲིལ་བུ་ལྗང་གུ་དྲིལ་བུ་འཛིན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་དེ་དག་ཐམས་ཅད་ཀྱང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། ཞི་བའི་ཉམས་ཅན་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གཞལ་ཡས་ཁང་ཕྱི་མའི་ལྷ་སྣམ་དང་པོ་ལ་ཕྱོགས་བཞིར་ཟླ་བའི་གདན་བཞི་བཞི་གནས་པ་རྣམས་ཀྱི་སྟེང་དུ། ཨོཾ་ན་མོ་སོགས་རྩ་བའི་རིག་པ་སྦྲུལ་འཁྱིལ་བ་ལྟ་བུ་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་བཞི་སྐུ་མདོག་སྔོན་པོ། ལྷོར་སྤོས་ཀྱི་གླང་པོ། །དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲྭ་བ་ཅན་གྱི་འོད་བཞི་དམར་པོ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་ལྗང་གུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀ་དང༌། གཡོན་དྲིལ་བུ་དཀུར་བརྟེན་པ་ཞི་ཞིང་སྒེག་པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་དར་གྱི་ཤམ་ཐབས་ཀྱིས་མཛེས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་ཕྱི་རོལ་གྱི་ལྷ་སྣམ་གྱི་ཕྱོགས་བཞིར། ཟླ་བའི་དཀྱིལ་འཁོར་བཞི་བཞི་སྟེ་བཅུ་དྲུག་གི་སྟེང་དུ། ཨོཾ་སོགས་རྩ་རིག་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་དུ་འཕགས་པ་དགའ་བོ། སྒྲ་གཅན་འཛིན། ཤྭ་རིའི་བུ། མཽངྒལ་གྱི་བུ། ལྷོར་རབ་འབྱོར། འཆར་ཀ མ་འགགས་པ། ཀཽཎྜི་ནྱ་ཡ། ནུབ་ཏུ་ཉེ་བ་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། བྱང་དུ་མིང་ཆེན། ནོར་སྦྱིན་འཛིན། གང་པོ་འོད་སྲུང་སྟེ། ཉན་ཐོས་བཅུ་དྲུག་པོ་ཐམས་ཅད་ཀྱང་ལྷུང་བཟེད་དང་འཁར་གསིལ་འཛིན་པ། ཆོས་གོས་ངུར་སྨྲིག་གྱོན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །སྣམ་བུ་དེ་ཉིད་ཀྱི་མཚམས་བཞི་དང༌། ཕྱོགས་བཞིའི་གཡས་གཡོན་གཉིས་ཏེ་གནས་བཅུ་གཉིས་ཀྱི་ཟླ་བ་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་སོགས་རྩ་བའི་རིག་པ་བཅུ་གཉིས་ཡོངས་སུ་གྱུར་པ་ལས། ཤར་དུ་གདུང་བ་སེལ་བ་དང་སྣང་བ་བརྩེགས་པ། ཤར་ལྷོར་འཇིགས་པ་མེད་པ། ལྷོར་དཔའ་བོ་འདུལ་བ་དང་ཤེས་རབ་མགྱོགས་ཆེན། ལྷོ་ནུབ་ཏུ་རི་བོའི་རྒྱལ། ནུབ་ཏུ་སྨྲ་བའི་སྒྲ་ཆེན་དང༌། བསེ་རུ་ལྟ་བུ། ནུབ་བྱང་དུ་དུག་ཆེན་འཇོམས། བྱང་དུ་རྫུ་འཕྲུལ་ཆེར་སྟོན་དང༌། སེང་གེ་སྒྲ། བྱང་ཤར་དུ་ཡིད་མྱུར་རྣམས་དབུའི་གཙུག་ཏོར་ཕྱེད་དང་བཅས་ཤིང་དྲང་སྲོང་གི་ཆ་ལུགས་ཅན། འཁར་གསིལ་དང་པུསྟི་འཛིན་པ་ཆོས་གོས་བསྣམས་ཤིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །སྒོ་ཕྱི་མ་བཞིའི་དབུས་དང་གཡས་གཡོན་གཉིས་རྒྱབ་རྣམས་སུ་ཉི་མའི་དཀྱིལ་འཁོར་རེ་རེ་སྟེ་བཅུ་དྲུག་གི་སྟེང་དུ། ཨོཾ་སོགས་རྩ་རིག་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་སྒོར་ཁྲོ་བོ་འཇིག་རྟེན་གསུམ་སྣང༌། དེའི་གཡས་སུ་བདུད་རྩི་འཁྱིལ་པ། གཡོན་དུ་དུས་ཀྱི་སྲིན་མོ། །རྒྱབ་ཏུ་དུས་ཀྱི་ལྕགས་ཀྱུ་མ། ལྷོར་འཇིག་རྟེན་གསུམ་འདུལ། དེའི་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་མ། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་ཏུ་འཇིག་རྟེན་གསུམ་འཆིང༌། དེའི་གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོག་མ། བྱང་སྒོར་འཇིག་རྟེན་གསུམ་འཇིག དེའི་གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ་རྣམས་སྐུ་མདོག་མ་ངེས་པ། དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པའོ། །ཡང་ན་ཐམས་ཅད་སྐུ་མདོག་ནག་པོ། ཕོ་བརྒྱད་གཡས་རལ་གྲི་འཕྱར་བའི་ཚུལ་དང༌། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གཡོན་བརྐྱང་བས་བཞུགས་པ། གཡོན་གྱི་མོ་བཞི། གཡས་གྲི་གུག་དང༌། གཡོན་ཐོད་པ། རྒྱབ་ཀྱི་བཞི་ལྕགས་ཀྱུ་སོགས་ནང་སྒོའི་ཕྱག་མཚན་ཅན་དུ་རྩ་སྐྱ་པ་བཞེད་དོ། །ཕྱིའི་ཁོར་ཡུག་གི་གདན་རྣམས་ཀྱི་སྟང་དུ། ཨོཾ་སོགས་རྩ་རིག་རེ་རེ་ཡོངས་སུ་གྱུར་པ་ལས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བཅུ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་བརྒྱད། དགའ་བོ་དང་འཇོག་པོ་ལ་སོགས་པའི་ཀླུ་ཆེན་བརྒྱད། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་ཆེན་བརྒྱད། སྣར་མ་དང་སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་པའི་རྒྱལ་པོ་ཆེན་པོ་སྡེ་བཞི། མ་ཧཱ་བྷཻ་ར་བ་ལ་སོགས་པའི་འཇིགས་བྱེད་ཆེན་པོ་དགུ་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་དང༌། གང་བ་བཟང་པོ་དང༌། ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་རྣམས་དང༌། ལངྐ་མགྲིན་བཅུ་ལ་སོགས་པ་སྲིན་པོའི་ཚོགས་དང༌། ལྷ་མོ་སྒྱུ་འཕྲུལ་ལ་སོགས་པ་བུད་མེད་ཀྱི་ཚོགས་དང༌། ཙརྩི་ཀ་ལ་སོགས་པ་ཕྲ་མེན་མའི་ཚོགས་དང༌། ཝ་རཱ་ཧཱི་ལ་སོགས་པ་རྣལ་འབྱོར་མའི་ཚོགས་དང༌། གཞན་ཡང་རིའི་ལྷ་དང༌། ཤིང་གི་ལྷ་དང༌། གྲོང་གི་ལྷ་དང༌། འབྱུང་བ་བཞིའི་ལྷ་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་ཞིང་སོ་སོའི་གཡོག་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམས་ཏེ་བརྟེན་པ་བསྐྱེད་པའོ། །དེ་ནས་ཡེ་ཤེས་སྤྱན་དྲང་བའི་ཕྱིར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿཞེས་དང༌། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཞིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞད་འགྲོ་དོན་མཛད་དུ་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་ཛཿཧཱུྃ་བཾ་ཧོཿ བྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ནས་ནམ་མཁར་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་འབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་རྗེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟཾ། ཞེས་པས་གདན་དབུལ་ལ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་གནྡྷེ་ཧཱུྃ། ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། ཨོཾ་བཛྲ་པུཥྤེ་ཧཱུྃ། ཕྱོགས་བཅུ་ཀུན་ན་བདུག་སྤོས་ནི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་ནཻ་ཝི་ཏྱེ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་དེ། །ཐུབ་དབང་ལ་ནི་དབུལ་བར་བགྱི། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཞེས་པས་མཆོད་ནས། རྡོ་རྗེ་ཐལ་མོ་དཔྲལ་བར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱ་བར་མོས་ལ། སྒོ་བ་བཞིའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨངྐུ་ཤ་ཛཿས་ནམ་མཁའི་ལྷ་མདུན་བསྐྱེད་དང་ཉེ་བར་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ་གིས་གཞུག ཨོཾ་བཛྲ་སྥོ་ཊ་བཾ་གྱིས་ཕན་ཚུན་མི་འབྲལ་བར་བཅིང༌། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ ལྷ་རྣམས་དབྱེར་མེད་དབང་དུ་བྱས་པར་བསམས་ཏེ། ཡེ་ཤེས་པ་གཞུག་པའི་ཆོ་གའོ། །དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང༌། ལས་ལ་སྦྱར་བའི་ཕྱིར་སྔར་གཟུགས་བརྙན་གྱི་སྦྱོར་བའི་སྐབས་སུ་ལག་པ་བྱིན་གྱིས་བརླབས་པ་དེ་དྲན་པར་བྱས་ལ། ཨོཾ་བྷྲི་ཏ་སོགས་རིགས་གསུམ་གྱི་སྔགས་རྒྱས་ལྷ་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབ། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་ཁ་སྤྲད་པ་དཀུ་གཡོན་དུ་བཞག ངག་ཏུ། ཨོཾ་ན་མོ་སོགས་རྩ་རིག་ཟློས། ཏདྱ་ཐཱའི་ཚེ། ཕྱག་རྒྱ་བཀྲོལ་ལ་ནུ་མ་གཡས་དང་གཡོན་སྙིང་ག་གསུམ་དུ་གར་བསྐོར་བྱ་ཞིང་སྭཱ་ཧཱའི་བར་བརྗོད་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེའི་རྗེས་སུ་མཉམ་གཞག་གི་ཕྱག་རྒྱ་བཅིངས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ངག་ཏུ། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཞེས་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་བརྗོད་པའི་ཚེ་མདུན་གྱི་གཙོ་བོའི་སྐུ་ལ་རྟོགས་ཤིང་ཡིད་ལ་བྱེད་པ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་བཀྲོལ་ནས་ཐལ་མོ་སྙིང་གར་སྦྱར་ལ། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་སེམས་ཅན་ཐམས་ཅད་ངན་སོང་ལས་འདོན་པའི་ཕྲིན་ལས་མཛོད་ཅིག་ཅེས་དང༌། དཀུ་གཡོན་དུ་ལག་པ་གཉིས་ཀས་སེ་གོལ་གཏོགས་པ་ནི་ལས་ལ་སྦྱར་བའོ། །དེ་བཞིན་དུ། ཨོཾ་སརྦ་བིཏ་ཧཱུྃ། བཅོམ་ལྡན་འདས་སྦྱོང་བའི་རྒྱལ་པོས་ཞེས་སོགས་རིགས་བཞི་དང༌། ཡུམ་བཞིའི་སྔགས་སྔར་བསྐྱེད་ཆོག་ཏུ་བཤད་པ་ལྟར་གདོན་ཞིང་རྒྱས་གདབ། ལས་ལ་སྦྱར། དེ་ནས་ཨོཾ་བཛྲ་ས་ཏྭ་ཧཱུྃ། རྡོ་རྗེ་སེམས་དཔའ་དང༌། ཨོཾ་བཛྲ་རཱ་ཛ་ཛ། རྡོ་རྗེ་རྒྱལ་པོ་དང༌། ཨོཾ་བཛྲ་རཱ་ག་ཧོ། །རྡོ་རྗེ་ཆགས་པ་དང༌། ཨོཾ་བཛྲ་སཱ་དྷུ་དྷུ། རྡོ་རྗེ་ལེགས་པ་སྟེ། ཤར་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་ཞེས་སོགས་དང༌། ཨོཾ་བཛྲ་རཏྣ་ཏྲཱཾ། རྡོ་རྗེ་རིན་ཆེན་དང༌། ཨོཾ་བཛྲ་ཏེ་ཛ་རྻ། རྡོ་རྗེ་གཟི་བརྗིད་དང༌། ཨོཾ་བཛྲ་ཀེ་ཏུ་བྷྲི། རྡོ་རྗེ་རྒྱལ་མཚན་དང༌། ཨོཾ་བཛྲ་ཧ་ས་ཧ། རྡོ་རྗེ་བཞད་པ་སྟེ་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས་དང༌། ཨོཾ་བཛྲ་དྷརྨ་ཧྲཱིཿ རྡོ་རྗེ་ཆོས་དང༌། ཨོཾ་བཛྲ་ཏཱིཀྵྞ་དྷཱིཿ རྡོ་རྗེ་རྣོན་པོ་དང༌། ཨོཾ་བཛྲ་ཧེ་ཏུ་ཀྲུཾ། རྡོ་རྗེ་རྒྱུ་དང༌། ཨོཾ་བཛྲ་བྷཱ་ཥ་བྷཱ། རྡོ་རྗེ་སྨྲ་བ་སྟེ་ནུབ་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་ཞེས་སོགས་དང༌། ཨོཾ་བཛྲ་ཀརྨ་ཀཾ རྡོ་རྗེ་ལས་དང༌། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་སྲུང་བ་དང༌། ཨོཾ་བཛྲ་ཡཀྵ་ཀྵཾ། རྡོ་རྗེ་གནོད་སྦྱིན་དང༌། ཨོཾ་བཛྲ་སནྡྷི་སཾ། རྡོ་རྗེ་ཁུ་ཚུར་ཏེ་བྱང་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས་དང༌། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། རྡོ་རྗེ་སྒེག་མོ་དང༌། ཨོཾ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་ཕྲེང་བ་དང༌། ཨོཾ་བཛྲ་གཱིརྟི་ཧྲཱིཿ རྡོ་རྗེ་གླུ་མ་དང༌། ཨོཾ་བཛྲ་ནྲྀ་ཏྱེ་ཨཿ རྡོ་རྗེ་གར་མ་སྟེ། ནང་གི་ལྷ་མོ་བཞིས་ཀྱང་སོགས་དང༌། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། རྡོ་རྗེ་བདུག་སྤོས་མ་དང༌། ཨོཾ་བཛྲ་པུཥྤེ་ཏྲཱཾ། རྡོ་རྗེ་མེ་ཏོག་མ་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ རྡོ་རྗེ་མར་མེ་མ་དང༌། ཨོཾ་བཛྲ་གནྡྷེ་ཨཿ རྡོ་རྗེ་དྲི་ཆབ་མ་སྟེ་ཕྱིའི་ལྷ་མོ་བཞིས་ཀྱང་སོགས་དང༌། ཨོཾ་བཛྲ་ཨངྐུ་ཤ་ཛཿ རྡོ་རྗེ་ལྕགས་ཀྱུ་དང༌། ཨོཾ་བཛྲ་པཱ་ཤ་ཧཱུྃ། རྡོ་རྗེ་ཞགས་པ་དང༌། ཨོཾ་བཛྲ་སྥོ་ཊ་བཾ། རྡོ་རྗེ་ལྕགས་སྒྲོགས་དང༌། ཨོཾ་བཛྲ་ཨ་བེ་ཤ་ཨཿ རྡོ་རྗེ་འབེབས་པ་སྟེ། སྒོ་བ་བཞིས་ཀྱང་ཞེས་སོགས་སྦྱར། དེ་ནས་སྒོ་ཕྱི་མའི་ལྷ་རྣམས་ཀྱི་ཆོས་རྒྱ་རྩ་རིག་འབའ་ཞིག་ཡིན་པས་དེ་བརྗོད་ཅིང༌། བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲྭ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩིགས་པ། ཀུན་ཏུ་བཟང་པོ་སྟེ་སེམས་དཔའ་བཅུ་དྲུག་གིས་སོགས་དང༌། རྩ་རིག་དང༌། འཕགས་པ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མཽངྒལ་གྱི་བུ། རབ་འབྱོར། འཆར་ཀ མ་འགགས་པ། ཀཽཎྜི་ནྱ། ཉེ་བ་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། མིང་ཆེན། ནོར་འཛིན། གང་པོ། འོད་སྲུང་སྟེ། ཉན་ཐོས་ཆེན་པོ་བཅུ་དྲུག་གིས་སོགས་དང༌། རྩ་རིག་དང༌། གདུང་བ་སེལ་བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོ་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། ཡིད་མྱུར་ཏེ། རང་རྒྱལ་ཆེན་པོ་བཅུ་གཉིས་ཀྱིས་སོགས་དང༌། རྩ་རིག་དང༌། ཁྲོ་བོ་བཞི། ཕོ་ཉ་བཞི། མངགས་པ་བཞི། བྲན་བཞི་རྣམས་ཀྱིས་འགྲོ་བ་རྣམས་ངན་སོང་ལས་འདོན་པའི་ཕྲིན་ལས་མཛོད་ཅིག་ཅེས་བརྗོད། ཡང་རྩ་རིག་བརྗོད་ཅིང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང༌། ཨོཾ་སོགས་དང༌། དགའ་བོ་དང་འཇོག་པོ་ལ་སོགས་པའི་ཀླུ་རྣམས་དང༌། ཨོཾ་སོགས་དང༌། ནོར་བུ་བཟང་པོ་དང་གང་བ་བཟང་པོ་ལ་སོགས་པའི་གནོད་སྦྱིན་རྣམས་དང༌། ཨོཾ་སོགས། ལངྐ་མགྲིན་བཅུ་ལ་སོགས་པའི་སྲིན་པོ་རྣམས་དང༌། ཨོཾ་སོགས། ལྷ་མོ་སྒྱུ་འཕྲུལ་ལ་སོགས་པའི་བུད་མེད་རྣམས་དང༌། ཨོཾ་སོགས། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་རྣམས་དང༌། ཨོཾ་སོགས། སྨིན་དྲུག་དང་སྣར་མ་ལ་སོགས་པའི་རྒྱུ་སྐར་རྣམས་དང༌། ཨོཾ་སོགས། ཙརྩི་ཀ་ལ་སོགས་པའི་རྡོ་རྗེ་ཕྲ་མེན་རྣམས་དང༌། ཨོཾ་སོགས། ཝ་རཱ་ཧཱི་ལ་སོགས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་དང༌། ཨོཾ་སོགས། ཕྱོགས་སྐྱོང་བ་བཅུ་དང༌། རྒྱལ་ཆེན་བཞི་དང༌། འཇིགས་བྱེད་དགུ་ཆུང་མ་དང་བཅས་པ་དང༌། དབང་ཕྱུག་ཆུང་མ་དང་བཅས་པ་དང༌། དྲག་པོ་ཆུང་མ་དང་བཅས་པ་དང༌། རིའི་ལྷ་དང༌། ཤིང་གི་ལྷ་དང༌། གྲོང་གི་ལྷ་དང༌། འབྱུང་བ་བཞིའི་ལྷ་དང༌། མདོར་ན་ལོ་དང༌། ཞག་དང༌། དུས་ཀྱི་ལྷ་ལ་སོགས་པ་འཇིག་རྟེན་པའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག་ཅེས་བརྗོད་དོ། །བྱང་སེམས་ཉན་རང་མན་ཆད་ལ་ལས་རྒྱའི་རྩ་རིག་དང༌། ཆོས་རྒྱའི་རྩ་རིག་གཉིས་མ་ཆད་པ་གལ་ཆེའོ། །དེ་དག་གི་ཕྱག་རྒྱ་ནི། ལག་པ་གཡོན་པང་པར་གན་རྐྱལ་དུ་བཞག དེའི་སྟེང་དུ་གཡས་བཞག་སྟེ་མཐེ་བོང་གཉིས་ངོས་སྤྲད་པ་ནི་གཙོ་བོའི་དམ་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་དང་ཐ་མ་བཞི་སྦྱར་ལ་བསྒྲེང༌། མཛུབ་མོ་དང་སྲིན་ལག་གཉིས་པདྨ་འདྲ་བར་བྱས་པ་ནི་ངན་སོང་སྦྱོང་བའི་འོ། །ཕྱག་རྒྱ་གོང་མ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་ནི་རྒྱལ་མཆོག་གིའོ། མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་སྦྱར་ལ་ལྷག་མ་འབར་བར་བྱས་པ་ནི་ཤཱཀ་ཐུབ་ཀྱིའོ། །དེ་ཉིད་གཡོན་དུ་བསྒྱུར་བ་ནི་མེ་ཏོག་ཆེར་རྒྱས་ཀྱིའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྤྲད་མཛུབ་མོ་གཉིས་གུང་མོའི་ལོག་ལ་མིག་འདྲ་བར་སྦྱར། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཅུག་པའི་སྟེང་མཐེ་བོས་མནན་པ་ནི་སྤྱན་མའི་འོ། །ཐལ་མོ་སྦྱར་བ་ལས་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཅུག་མཛུབ་མོ་གཉིས་རྡོ་རྗེའི་རྭ་ལྟར་གུང་མོ་ལ་མ་རེག་པར་ལྟ་བ་ནི་མཱ་མ་ཀཱིའི་འོ། །ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་པདྨ་ལྟར་བྱས་ལ་མཐེའུ་ཆུང་གཉིས་སོ་སོར་ཕྲལ་བ་ནི་གོས་དཀར་མོའོ། །ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་དཀྲིས། མཐེ་བོང་གུང་མོ་ལ་སྦྱར། ལྷག་མ་བསྣོལ་བ་ནི་སྒྲོལ་མའི་འོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་བ་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེ་སེམས་དཔའི་འོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་རྡོ་རྗེ་རྒྱལ་པོའི་འོ། །དེ་ཉིད་ལས་མཛུབ་མོ་གཉིས་མདའ་འདྲ་བར་སྦྱར་བ་ནི་ཆགས་པའི་འོ། །དེ་ཉིད་སླར་བཀུག་སྟེ་མཐེ་བོང་གཉིས་ལ་སྦྱར་ནས་སེ་གོལ་གཏོགས་པ་ནི་ལེགས་པའི་འོ། །དེ་ཉིད་ལས་མཛུབ་མོ་གཉིས་རྩེ་སྦྱར་ཏེ་ཚིགས་བར་མ་བཅག་པ་ནི་རིན་ཆེན་གྱིའོ། །དེ་ཉིད་ལས་སོར་མོ་ལྷག་མ་རྣམས་འབར་བ་ལྟར་བྱས་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱིའོ། །དེ་ཉིད་ཁའི་ཐད་ཀར་བསྐོར་ཏེ་བཞག་པ་ནི་བཞད་པའི་འོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་ཀྱིའོ། །དེ་ཉིད་ལས་རྩེ་མོ་ཅུང་ཟད་བཀུག་པ་ནི་རྣོན་པོའི་འོ། །དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་རྡོ་རྗེ་རྒྱུའི་འོ། །དེ་ཉིད་ལས་རྩེ་མོ་པདྨའི་འདབ་མ་འདྲ་བར་བྱས་ནས་ཅུང་ཟད་ཁ་བྱེ་བ་ནི་སྨྲ་བའི་འོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་ལས་ཀྱིའོ། །དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་ནི་སྲུང་བའི་འོ། །དེ་ཉིད་ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་མདུན་དུ་བཀུག་ལ་བསྡམས་པ་ནི་ཁུ་ཚུར་གྱིའོ། །རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་ནི་སྒེག་མོའི་འོ། །དེ་ཉིད་དཔྲལ་བར་བརྐྱང་པ་ནི་ཕྲེང་བ་མའི་འོ། །རྡོ་རྗེ་ཐལ་མོ་ཁ་ནས་ཕྱུང་བ་ནི་གླུ་མའི་འོ། །དེ་ཉིད་སྤྱི་བོར་བཞག་པ་ནི་གར་མའི་འོ། །རྡོ་རྗེ་བསྡམས་པ་མདུན་དུ་བཞག་པ་ནི་བདུག་པ་མའི་འོ། །དེ་ཉིད་ལས་གྱེན་དུ་འཐོར་བ་ནི་མེ་ཏོག་གིའོ། །མདུན་དུ་མཐེ་བོང་གཉིས་མཉམ་སྟེ་བསྐོར་བ་ནི་མར་མེ་མའི་འོ། །དེ་ཉིད་བྱུག་པ་ལྟར་བྱས་པ་ནི་དྲིའི་འོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་པ་ནི་ལྕགས་ཀྱུའི་འོ། །དེ་ཉིད་ལས་རྩེ་མོ་གཉིས་སྦྱར་བ་ནི་ཞགས་པའི་འོ། །དེ་ཉིད་གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་ལས་མཐེ་བོང་ནང་དུ་བཅུག་སྟེ་བསྐྱོད་པ་ནི་དྲིལ་བུའི་དམ་རྒྱ་སྟེ་རྒྱུད་འདིར་དགུག་གཞུག་གི་ཕྱག་རྒྱའང་འདི་ཉིད་དོ། །ཐལ་མོ་སྦྱར་བ་ལས་གུང་མོ་དང་སྲིན་ལག་སྦྱར་མཐེའུ་ཆུང་ནང་དུ་བཅུག མཐེ་བོང་གཉིས་ཀྱི་རྩར་མཛུབ་མོ་གཉིས་བཀུག་སྟེ་སྦྱར་བ་ནི་བྱང་སེམས་སྤྱིའི་འོ། །ཐལ་མོ་སྙིང་གར་སྦྱར་བ་ནི་ཉན་ཐོས་ཐམས་ཅད་ཀྱིའོ། །གཡོན་ཁུ་ཚུར་ནང་དུ་བསྟན་ཏེ་མཐེབ་མཛུབ་སྦྱར་བ་བསྒྲེང༌། གཡས་མཐེབ་སྲིན་སྦྱར་ཏེ་ལྷག་མ་བརྐྱང་བ་གཡོན་གྱི་མཐེབ་མཛུབ་ཀྱི་སྟེང་དུ་བཞག་པ་ནི་རང་རྒྱལ་རྣམས་ཀྱིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལས་གུང་མོ་གཉིས་བརྐྱང་བ་རྩེ་སྤྲད་ཐ་མ་བཞི་སོ་སོར་བསྒྲེངས་པ་ནི་འཇིག་རྟེན་གསུམ་སྣང་ལ་སོགས་པ་བཅུ་དྲུག་གིའོ། །ཐལ་མོ་སྦྱར་བ་ལས་དབུས་མ་གསུམ་བཀུག་སྟེ་རྩེ་སྤྲད་ཐ་མ་བཞི་བསྐྱེད་པ་ནི་ལྷ་རྣམས་ཀྱིའོ། །ཐལ་མོ་སྦྱར་བ་ལས་གུང་མོ་གཤིབས་པའི་རྒྱབ་ཏུ་མཛུབ་མོས་མ་རེག་པར་བཀུག མཐེ་བོང་གཉིས་གཤིབས་ལ་བསྒྲེང༌། ལྷག་མ་བསྣོལ་བ་ནི་ཀླུ་རྣམས་ཀྱིའོ། །ལག་པ་གཉིས་གྱེན་དུ་གཤིབས་པའི་སེན་མོ་རྣམས་སོ་ལྟར་གཤིབས་ལ་མཛུབ་མོ་གཉིས་མཆེ་བ་ལྟར་ཅུང་ཟད་བརྐྱང་བ་ནི་གནོད་སྦྱིན་རྣམས་ཀྱིའོ། །གཡས་པའི་སྙིམ་པ་མགོ་ཚལ་ལྟར་སྟོན་པ་ནི་སྲིན་པོ་རྣམས་ཀྱིའོ། །སོར་མོ་བཅུ་ཕན་ཚུན་བསྣོལ་བ་ནི་བུད་མེད་རྣམས་ཀྱིའོ། །གཡོན་ཁུ་ཚུར་སྙིང་གར་བསྡུས་ལ་གཡས་དབྱུག་པ་འཛིན་པ་ལྟར་མཛུབ་མོ་བསྒྲེངས་པ་ནི་གཟའ་རྣམས་ཀྱིའོ། །ཐལ་མོ་གཉིས་མདུན་དུ་བཀན་པའི་གུང་མོ་གཉིས་བཀུག་པ་ནི་རྒྱུ་སྐར་རྣམས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་བཅུའི་རྩེ་བཀུག་སྟེ་བསྐྲད་པའི་སྙིམ་པ་ནི་ཕྲ་མེན་རྣམས་ཀྱིའོ། །དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་ལྕེ་ལྟ་བུར་བྱས་པ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། །ཐལ་མོ་སྦྱར་བ་བརྐྱང་ལ་པད་སྐོར་བྱས་ཏེ་ཐལ་མོ་སྦྱར་བ་ཁ་ཕྱེ་བ་ནི་ཕྱོགས་སྐྱོང་སོགས་འཇིག་རྟེན་པ་ཐམས་ཅད་ཀྱི་ཐུན་མོང་གི་དམ་རྒྱའོ། །གཉིས་པ་མཆོད་པ་ནི། མདུན་གྱི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། ཐལ་མོ་སྦྱར་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མེ་ཏོག་ཅི་སྙེད་དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། སྣང་གསལ་དང༌། ཨཱ་ལོ་ཀེ དྲི་ཆབ་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་ཏྱེ། རོལ་མོ་ཇི་སྙེད་ཡོད་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་དང༌། ཨོཾ་བཛྲ་གྷཎྜེ་ར་ཎི་སོགས་ཀྱིས་རོལ་མོ་དབུལ་ལོ། །དེ་ནས་མཆོད་པ་ཉེར་ལྔ་པ་བྱ་སྟེ། ཐོག་མར་ཨོཾ་གླུར་བླངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་རིན་པོ་ཆེའི་ཅོད་པཎ་དང༌། དེ་བཞིན་དུ། ཀུཎྜ་ལཾ་གིས་རྣ་རྒྱན་དང༌། དརྵས་མགུལ་རྒྱན་དང༌། ཨ་ཝ་ཧཱ་རས་དོ་ཤལ། ཀེ་ཡཱུ་རས་དཔུང་རྒྱན། པ་རི་ཀ་ཌ་ཀཾ་གིས་གདུ་བུ། པ་ཀཾ་ཝ་ལས་སོར་གདུབ། པཱ་ད་བྷ་ར་ཎཾ་གིས་རྐང་རྒྱན། ཙྪ་ཏྲཾ་གིས་གདུགས། དྷྭ་ཛས་རྒྱལ་མཚན། པ་དཾ་ཀས་འཕན། པ་ཌ་ད་མས་ལྡ་ལྡི། ཙཱ་མ་རས་རྔ་ཡབ། བི་ཏཱ་ནཾ་གིས་བླ་བྲེ། སིཾ་ཧ་ཨཱ་ས་ནས་སེང་གེའི་གདན། ཤ་ཡ་ནཱ་ས་ནས་གཟིམས་ཆ། པ་རི་མཎྜ་ལི་དྷ་ནྱེས་ཕོ་བྲང་ཟླུམ་པོ། ཨ་མེ་ཡ་ཙ་ཏུརྠ་པྲས་ཕོ་བྲང་གྲུ་བཞི། དྲི་ཀཱུ་ཊ་གྲཾ་གིས་ཁང་པ་ཉིས་བརྩེགས། ཙནྡྲ་ཨཱ་ས་ནས་ཟླ་གདན། པུཥྤེས་མེ་ཏོག ཝཱི་ནིས་པི་ཝང༌། གནྡྷེས་དྲི། ནཻ་ཝི་ཏྱེས་ཞལ་ཟས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་གོས་དབུལ་ལོ། །དེ་དག་གི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་སྔོན་དུ་འགྲོ་བས་ཁུ་ཚུར་གཉིས་རང་གི་མགོ་བོའི་སྟེང་དུ་འཇོག་ཅིང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རིན་པོ་ཆེའི་ཅོད་པཎ་བཅིངས་པར་བསམ། དེ་བཞིན་དུ། རང་གི་རྣ་བ་ལ་རྣ་རྒྱན། མགུལ་པ་ལ་མགུལ་རྒྱན། བྲང་ལ་དོ་ཤལ། ལག་པ་གཡོན་པས་གཡས་ཀྱི་དཔུང་པར་དཔུང་རྒྱན། མཁྲིག་མ་གཡས་པར་གདུ་བུ། གཡས་པའི་གུང་མོ་ལ་སོར་གདུབ། ལག་པ་གཡས་པས་རྐང་པ་གཡས་པའི་བོལ་ལ་རྐང་རྒྱན་ཏེ་རྒྱན་གྱི་ཁྱད་པར་བརྒྱད་དོ། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཐེ་བོའི་སྟེང་དུ་གཡས་པའི་ཐལ་མོ་གདུགས་ཕུབ་པའི་ཚུལ་དུ་བྱས་པ་གདུགས་དང༌། རྡོ་རྗེ་ཁུ་ཚུར་གཉིས་བརྩེགས་ནས་གཡོན་ཕྱོགས་སུ་རྒྱལ་མཚན་ཕྲག་པ་ལ་ཁུར་བའི་ཚུལ་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་འཕན་འདོགས་པའི་ཚུལ་དང༌། ལག་པ་གཡོན་པ་ཁུ་ཚུར་སྙིང་གར་བཞག གཡས་པ་ཁུ་ཚུར་བཅངས་ནས་གུང་མཛུབ་གཉིས་བརྐྱང་སྟེ་སྟེང་དུ་ལྡ་ལྡི་བྲེ་བའི་ཚུལ་དང༌། ལག་པ་གཉིས་ཀྱི་ཐལ་མོས་རྔ་ཡབ་གཡོ་བའི་ཚུལ་དང༌། གཡོན་པ་མཉམ་བཞག གཡས་སྨིན་མཚམས་ནས་ཁ་ཐུར་དུ་བསྟན་པ་བླ་བྲེ་འབུལ་ཚུལ་ཏེ་ཡོ་བྱད་ཀྱི་ཁྱད་པར་དྲུག་གོ །རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ། སེང་གེའི་གདན་དབུལ་བའི་ཚུལ་དང༌། རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་དུ་དྲང་བ་གཟིམས་ཆས་གཡོགས་པའི་ཚུལ་དང༌། གཡོན་པའི་ཁུ་ཚུར་སྙིང་གར་བཞག གཡས་པའི་གུང་མཛུབ་གཉིས་ཀྱིས་ཕོ་བྲང་ཟླུམ་པོའི་ཚུལ་དང༌། ཕྱག་རྒྱ་དེ་ཉིད་ཀྱིས་ཁང་པ་གྲུ་བཞི་པའི་ཚུལ་དང༌། དེ་ཉིད་ཀྱིས་ཁང་པ་གྲུ་བཞི་ཉིས་བརྩེགས་དབུལ་བའི་ཚུལ་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཟླ་གདན་དབུལ་བའི་ཚུལ་ཏེ་གནས་ཀྱི་ཁྱད་པར་དྲུག་གོ །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འཐོར་བའི་ཚུལ་དང༌། དེ་ཉིད་ཀྱིས་པི་ཝང་དང༌། ཏིང་ཤག་བརྡུང་ཚུལ་དང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཤོས་འབུལ་བའི་ཚུལ་དང༌། དེ་ཉིད་ཀྱིས་གོས་འབུལ་བའི་ཚུལ་ཏེ་མཆོད་པའི་ཁྱད་པར་ལྔའོ། །དེ་ནས་གསང་བའི་མཆོད་པ་བྱ་སྟེ། དྲུག་འགྱུར་གྱི་གླུ་བླངས་ཤིང༌། ལུས་ཀྱི་གར་སྔོན་དུ་འགྲོ་བས་སོ་སོའི་ལས་རྒྱ་རྣམས་བཅིངས་ལ། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཨོཾ་བཛྲ་ལཱ་སྱེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། །ཨོཾ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་ཆོས་ནི་གླུ་བླངས་པ། །ཨོཾ་བཛྲ་གཱིརྟི་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཨོཾ་བཛྲ་ནྲ་ཏྱེ་ཨཿ ཞེས་ནང་གི་ལྷ་མོ་བཞིས་མཆོད། ཡང༌། ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧཾ། ཨོཾ་དྷཱུ་པེ་ཧཱུྃ། བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། བཛྲ་དྷརྨ་གཱ་ཡ་ནཻ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་ཀརྨ་ཀ་རོདྦྷ་ཝཻ། ཨོཾ་བཛྲ་གནྡྷེ་ཨཿ ཞེས་ཕྱིའི་ལྷ་མོ་བཞིས་མཆོད་དོ། །དེ་ལ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དུ་བྱས་པ་དཀུ་གཉིས་སུ་གདེངས་ཏེ་བཞག ལུས་འདུད་པ་ལྟར་བྱས་པ་ནི་སྒེག་མོའི་འོ། །ཁུ་ཚུར་གཉིས་སྨིན་མཚམས་ཀྱི་གཡས་གཡོན་གྱི་ཐད་དུ་ཕྲེང་བ་འཛིན་པའི་ཚུལ་བྱས་པ་ནི་ཕྲེང་བ་མའི་འོ། །ཁུ་ཚུར་གཉིས་ཀྱིས་ཁ་ནས་ཚིག་དབྱུང་བའི་ཚུལ་བྱས་པ་ནི་གླུ་མའི་འོ། །རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་གཡས་སུ་བསྐོར་བ་ནི་གར་མའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་འོག་ཏུ་བླུགས་པ་ལྟར་བྱས་པ་ནི་བདུག་སྤོས་མའི་འོ། །དེ་ཉིད་གྱེན་དུ་འཐོར་བ་ལྟར་བྱས་པ་ནི་མེ་ཏོག་མའི་འོ། །དེ་ཉིད་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་པ་ནི་མར་མེ་མའི་འོ། །དེ་ཉིད་ལས་ཐལ་མོ་གཤིབས་ཏེ་བརྐྱང་པ་དྲིའི་བྱུག་པ་ལྟར་བྱས་པ་ནི་དྲི་ཆབ་མའི་འོ། །དེ་ནས་ཨོཾ་ལས་རིན་པོ་ཆེ་སྣ་བདུན་སྤྲུལ་ཏེ། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཞེས་བརྗོད་ཅིང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཧཱུྃ། ཞེས་པ་འགྲེ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ༴ བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ༴ གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་བཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ༴ རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཏུ་རཾ་ག༴ དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་ཁཌྒ་རཏྣ༴ ཞེས་བརྗོད་ཅིང་དབུལ། དེ་ལ་ལག་པ་གཉིས་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་ལ་སོར་མོ་རྣམས་ཕན་ཚུན་འཁྱུད་ནས་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་པ་ནི་འཁོར་ལོའི་འོ། །ཁུ་ཚུར་གཉིས་སྦྱར་བའི་མཛུབ་མོ་གཉིས་རྩེ་སྤྲད་པའི་ཚིགས་བཅག་ལ་མཐེ་བོང་གཉིས་དང་སྦྱར་བ་ནི་ནོར་བུའི་འོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེངས་པའི་ལོགས་ལ་མཛུབ་མོ་གཉིས་བཅེར་ཏེ་བཞག་པ་ནི་བཙུན་མོའི་འོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་དང་མཐའ་བཞི་གཤིབས་ཏེ་བསྒྲེངས་པ་ནི་བློན་པོའི་འོ། །གཡས་གླང་པོའི་སྣ་ལྟར་བརྐྱང་བའི་གྲུ་མོ་གཡོན་པས་བཟུང་བ་ནི་གླང་པོའི་འོ། །ཁུ་ཚུར་གཉིས་གཤིབས་ལ་གུང་མོ་དང་སྲིན་ལག་གཉིས་བརྐྱངས་ལ་རྩེ་སྦྱར་མཐེ་བོང་གཉིས་རྣ་བ་ལྟར་བྱས་པ་ནི་རྟའི་འོ། །གཡོན་པ་གོ་ཆ་འཛིན་པ་ལྟར་བྱས་ལ། གཡས་པས་མཆོག་སྦྱིན་བྱ་བ་ནི་དམག་དཔོན་གྱི་ཕྱག་རྒྱའོ། །དེ་ནས་འདོད་ཡོན་ལྔ་དབུལ་ཏེ། །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛཱི་ཏེ་ཧཱུྃ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག༴ །ཤཔྟ༴ །ཕྱོགས་དུས་ཀུན་ནས་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ །གནྡྷེ༴ །ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག༴ །ར་ས༴ །ཕྱོགས་དུས་ཀུན་ནས་འཇམ་མཉན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ །སྤརྵེ༴ །ཞེས་པས་མཆོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་སྙན་པས་བསྟོད་དེ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨོ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་དུ་ཡང༌། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནས་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །སེམས་ཅན་དོན་ཡོད་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་བཟླས་པ་རབ་བསྒྲུབ་ཕྱིར། །མི་གསུང་རྡོ་རྗེ་མཆོག་བསྒྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེའི་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་སྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་བཏུད་ཉིད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ཏིང་འཛིན་གནས། །རྡོ་རྗེ་སྒེག་མོའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འགྱིང་མ་ལ། །རྣམ་དག་རྡོ་རྗེ་ཡོན་ཏན་ཏེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང༌། །རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་ཕྲེང་བ་ལ། །རྣམ་དག་རྡོ་རྗེའི་གསུང་མཆོག་མ། །རྡོ་རྗེ་པི་ཝང་འཛིན་པའི་ཚུལ། །རྡོ་རྗེ་གསུང་མཆོག་སྒྲོགས་པའི་དོན། །ཕྱག་འཚལ་རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་རྡོ་རྗེ་ལས་རབ་སྟེར། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །ཚིམ་བྱེད་རྡོ་རྗེ་དང་ལྡན་པའི། །རྡོ་རྗེ་ཕྲེང་བའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། །རྡོ་རྗེ་མཛེས་པའི་ཚུལ་འཛིན་ཅིང༌། །རྡོ་རྗེ་མེ་ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེའི་སྤྱན་གྱིས་མ་རིག་སེལ། །རྡོ་རྗེ་གསལ་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྣང་བྱེད་ལ། །རྡོ་རྗེ་ཙནྡན་བདུད་རྩིའི་ཆུ། །རྡོ་རྗེ་དྲི་ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་མཆོག་ལ། །རྣམ་དག་སྐུལ་བྱེད་རྡོ་རྗེའི་དོན། །རྡོ་རྗེ་སྡུད་མཛད་རྡོ་རྗེའི་དོན། །རྡོ་རྗེ་འགུགས་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། །མི་གཏོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་པ་མི་འགྱུར་དོན། །འཆིང་མཛད་རྡོ་རྗེ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལ། །རྡོ་རྗེ་མི་འགྱུར་བརྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་གློག་བཞིན་འགྱུར། །སྒྲོག་མཛད་རྡོ་རྗེ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལ། །རྡོ་རྗེ་དབབ་པ་བརྟན་པའི་བདག །བསྐྱོད་མཛད་རྡོ་རྗེ་ཀུན་གྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་འབེབས་པ་ལ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །སྟོན་པའི་རྟག་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པོསྟི་ཕྱག །བསླབས་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང༌། །སྟག་ལྤགས་ཀྱིས་ནི་སྨད་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་འཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང༌། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང༌། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། །ཞེས་པས་བསྟོད་དེ། འདས་པའི་ལྷ་མཆོད་པའི་ཆོ་གའོ། །དེ་ནས་གཏོར་མ་རྣམས་ཆུ་གཙང་མས་བྲན་ལ། ༈ །དང་པོ་ཕྱོགས་སྐྱོང་དང༌། གཉིས་པ་འབྱུང་པོ་སྤྱི་ལ་ཆ་གསུམ་ལྟར་དབུལ། ༈ །གསུམ་པ། ཨོཾ་ཨཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ན་མཿསརྦ་ཏ་ཐཱ་ག་ཏ། ཨ་ཝ་ལོ་ཀི་ཏེ། ཨོྃ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པ་བདུན་བརྗོད་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ༴ གཟུགས་དམ་པ་ལ༴ སྐུ་འབྱམ་ཀླས་ལ༴ འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གྱི་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག ཐམས་ཅད་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་འཚང་རྒྱ་བར་གྱུར་ཅིག ཅེས་པས་རིགས་དྲུག་ལ་བསྔོ། བཞི་པ་བྱིན་གྱིས་བརླབ་པ་ནས་སངས་རྒྱས་བཞིའི་མཚན་གྱི་བར་སྔར་བཞིན་བྱས་ལ། མཆོད་སྦྱིན་གྱི་གཏོར་མ་འདི་ཡི་དྭགས་ཀྱི་འགྲོ་བ་ཐམས་ཅད་ལ་སྦྱིན་ནོ། །གནོད་པ་མེད་པར་ཚིམ་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་བ་དང་མྱུར་དུ་འཚང་རྒྱ་བར་གྱུར་ཅིག་ཅེས་བརྗོད་དོ།། ༈ །ལྔ་པ་ཁྲོ་བོའི་ང་རྒྱལ་དང་གསང་སྔགས་ཅུང་ཟད་བཟླས་ལ། ཆ་གསུམ་ལྟར་བགེགས་གཏོར་སྦྱིན། གཏོར་མ་ཕྱི་རོལ་དུ་དོར་ལ། ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ་འཇིག་རྟེན་པ་གཏོར་མས་མཆོད་པའི་ཆོ་གའོ།། ༈ །གསུམ་པ་བདག་འཇུག་བླང་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་རང་གིས་སྔར་ཀུན་རིག་གི་དབང་བསྐུར་ཞུས་པའི་བླ་མར་མོས་ལ། རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུག་ནས་དབང་ཞུ་བར་བསམས་ལ། མཎྜལ་དབུལ་ཞིང་འཇུག་པ་རྣམས་རྫོགས་པར་བླངས། དངོས་གཞི་དབང་བསྐུར་གྱི་ཚིགས་བཅད་དང་སྨོན་ལམ་རྣམས་བོར་ལ། སྔགས་དང་ཏིང་ངེ་འཛིན་ཀྱི་བཀའི་དབང་བསྐུར་བའི་བར་རྫོགས་པར་བླངས་ལ། གཏང་རག་ཏུ་མཎྜལ་འབུལ་ལོ།། ༈ །བཞི་པ་བདག་བསྒྲུབ་ཅིང་བཟླས་པ་བྱ་བ་ནི། དབང་ཐོབ་པའི་སྒྲུབ་པ་པོས་མདུན་གྱི་དཀྱིལ་འཁོར་ལ་དམིགས་ལ་བཟླས་པ་ཅུང་ཟད་བྱ། དེ་ནས་རྡོ་རྗེ་འཛིན་མའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་དུ་ཞུགས་ལ། ཨོཾ་བཛྲ་དྷ་ར། ཞེས་པས་སྦྱོང་རྒྱལ་དང་བདག་ཐ་མི་དད་དུ་བསམ། དེ་བཞིན་དུ་རཏྣ་དྷ་རས་རྒྱལ་མཆོག པདྨ་དྷ་རས་ཤཱཀ་ཐུབ། བི་ཤྭ་དྷ་རས་དཀྱིལ་འཁོར་གྱི་མེ་ཏོག་ཆེར་རྒྱས་དང་བདག་ཐ་མི་དད་པའི་ང་རྒྱལ་གཟུང༌། ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཱཏྨ་ཀོ྅ཧྃ། ཞེས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྲོ་བ་པོ་རྣམ་སྣང་དང་བདག་ཐ་མི་དད་ཅིང་གྲོགས་གཅིག་པར་བསམས་ལ། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་དྷ་ར། ས་མ་ཡ་མཱ་ཏི་ཀྲ་མ། ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཱཏྨ་ཀོ྅ཧཾ། ཞེས་ལན་གསུམ་དུ་བརྗོད་ཅིང༌། ང་རྒྱལ་གཟུང་ངོ༌། །དེ་ནས་རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་གཙོ་བོའི་ཐུགས་ཀ་ནས་འཐོན་ཏེ། སྔར་གྱི་གནས་སུ་འདུག་ལ་དཀྱིལ་འཁོར་བསྟན་པའི་ཆེད་དུ་ལྷ་སོ་སོའི་སྔགས་བརྒྱ་རྩ་བརྒྱད་དང་རྩ་བའི་རིག་པ་ཅི་ནུས་སུ་བཟླས་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་བོ། །གཉིས་པ་སློབ་མ་རྗེས་སུ་གཟུང་བ་ལ་གཉིས། ཚེ་ལྡན་དབང་གིས་རྗེས་སུ་གཟུང་བ། ཚེ་འདས་སྡིག་སྦྱོང་ཐམས་ཅད་ཀྱིས་རྗེས་སུ་གཟུང་བའོ། །དང་པོ་ནི། སློབ་མ་དགེ་བསྙེན་ལ་སོགས་པ་སོ་སོ་ཐར་པའི་སྡོམ་པ་གང་རུང་དང་ལྡན་ཞིང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ཁྲུས་བྱས་ཏེ་གྲལ་ལ་འཁོད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་རྣམ་སྣང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ངན་སོང་ཐམས་ཅད་སྦྱོང་བ་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ལ། དམ་ཚིག་དང་སྡོམ་པ་རྣམས་བསྲུང་སྙམ་པ་གྱིས་ཞེས་བསྒོ། དེ་ལ་སློབ་མ་སྟ་གོན་དང༌། དངོས་གཞིའི་ཆོ་ག་གཉིས་ཀྱི་དང་པོ་ལ་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་བརྗོད་པས་གསོལ་བ་བཏབ་པ་ཁ་བསྐངས་ནས་རྒྱུན་བཤགས་བྱ་སྟེ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རངས་ཡང་ན་བགྱིད་སྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔ་ད་ལྟར་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང༌། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང༌། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་རྭ་བ་སྟེ། །དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེ་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང༌། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེ་རྩ་བ་ཟུག་ཅིང་ཡང་དག་རྟོག །མཉམ་མེད་བྱང་ཆུབ་སེམས་ནི་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ཉིད་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་པ་འདི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་གིས་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་དུ་གཞུག ས་མ་ཡ་ཨཿཞེས་བརྗོད་དེ། སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ལ། རྡོ་རྗེས་རེག་ཅིང༌། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བརྟན་པར་བསམ། དེ་ནས་སྡོམ་པ་མ་ལུས་པ་གཟུང་བའི་བསམ་པས་ཐལ་མོ་སྦྱར་ལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་ནི་གྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་བཅུག་སྟེ་སེམས་བསྐྱེད་པའོ། །དེ་ནས་རིགས་གསུམ་སྤྱིའི་སྔགས་རྒྱས་སློབ་མའི་གནས་གསུམ་བྱིན་གྱིས་བརླབ། ཡང་རྡོ་རྗེ་ཁུ་ཚུར་གཉིས། སྙིང་ག་ལྐོག་མ་ཁ་ཕྱོགས་དང༌། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང༌། །མིག་གཉིས་དང་ནི་གསང་བའི་གནས། །ཞེས་པ་ལྟར་གནས་ཉི་ཤུ་རྩ་གཉིས་སུ་གཏུགས་ཤིང༌། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད་ལ་བྱིན་གྱིས་བརླབས་པས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་པར་བསམས་ལ། བཛྲ་སཏྭ་ཧཾ། ཞེས་ང་རྒྱལ་འཛིན་དུ་བཅུག་སྟེ་བྱིན་གྱིས་བརླབས་པའོ། །དེ་ནས་ཐལ་མོ་སྦྱར་ལ། བདག་གི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་གྱི་གོ་འཕང་ཐོབ་པར་རྒྱུར་ཅིག་ཅེས་བརྗོད་དེ་སྨོན་ལམ་བཏབ་བོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་བསྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བསྒོས་པས་གསང་སྔགས་ལ་སྤྲོ་བ་བསྐྱེད་དེ་ཆོས་བཤད་པའོ། །དེ་ནས། ཨོཾ་བཛྲ་སཏྭ་ཀྲོ་དྷ། ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷཱ། དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱཾ་ཧཱུྃ་ཕཊ། ཞེས་པའི་སྔགས་དང་ཕྱག་རྒྱས་སློབ་མའི་གནས་གསུམ་དུ་གཏུགས་ཏེ། བསྲུང་བར་བྱ་བ་ནི་སློབ་མ་སྟ་གོན་ནོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དུ་ཡོན་ཕུལ་ལ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་དང༌། རས་དམར་པོས་མིག་བཅིང༌། སྔགས་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་གཏད། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ཞེས་པས་སློབ་མ་རྡོ་རྗེ་སེམས་དཔར་བསྒོམས་ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་མཉམ་པས་མེ་ཏོག་བཟུང་ལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ། དེ་ནས་གཙོ་བོ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་གི་རྣམ་པར་བྱོན་ནས། སློབ་མའི་ལུས་ལ་ཆར་བབས་པ་བཞིན་ཞུགས། ཡང་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡེ་ཤེས་ཧཱུྃ་གི་རྣམ་པས་ཞུགས་པར་བསམས་ལ། སློབ་མའི་སྙིང་གར་རྡོ་རྗེ་བསྡམས་པ་བཞག་ཅིང༌། ཨོཾ་བཛྲ་པྲཱ་བེ་ཤ་ཡ་ཧཱུྃ། ཞེས་བཅུ་ནས་བརྒྱའི་བར་བརྗོད་པས་དབབ་བོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡ་ཧཱུྃ་ཞེས་བརྗོད་ཅིང་བརྟན་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་མདུན་དུ་སོང་ལ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །དམན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧཱུྃ། ཞེས་པས་མེ་ཏོག་དཀྱིལ་འཁོར་དུ་ལྟོས་པ་མེད་པར་དོར་ལ། གང་ལ་ཕོག་པའི་ལྷ་ངོ་ཤེས་པར་བྱ། དེ་ནས་སློབ་དཔོན་གྱིས་མེ་ཏོག་བླང་སྟེ། སློབ་མའི་མགོ་བོར་བཞག་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །དེ་ནས། ཨོཾ་བཛྲ་ཧ་སེ་ཨུངྒྷ་ཊཱ་ཡ་ཧཱུྃ་གིས་གདོང་གཡོག་དཀྲལ། ཨོཾ་བཛྲ་པཱ་ཤྱ་ཧོས་དཀྱིལ་འཁོར་བསྟན་ལ། གཞལ་ཡས་ཁང་ལྷ་དང་བཅས་པའི་ཚུལ་མདོར་བསྡུས་པ་བཤད། ཁྱོད་ཀྱི་མེ་ཏོག་ཕོག་པའི་ལྷ་འདི་ཡིན་ནོ་ཞེས་མ་བརྗེད་པ་འཛིན་དུ་གཞུག དེ་ནས་ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཞེས་པས་དམ་ཚིག་ཐམས་ཅད་རྒྱུད་ལ་གནས་པར་བསམ། རྡོ་རྗེའི་ཕྱག་རྒྱ་སྙིང་གར་གཏུགས་ཏེ། ཀུན་རིག་སྙིང་གར་བཞགས་པར་བསམས་ལ། ཨོཾ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་པྲཱ་བེ་ཤ་ཌི་ཌ་ཏིཥྛ་ཧཱུྃ་ཕཊ། ཅེས་པས་བརྟན་པར་བསམ་མོ། །དེ་ནས་རྣམ་རྒྱལ་གྱི་བུམ་ཆུ་བླུད་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །བདུན་རྒྱུད་རིགས་རྣམས་བརླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་དུ་མོས་པས་བསྲུང་བར་བྱ། །ཞེས་པས་དམ་ཚིག་བསྒྲག་ཅིང༌། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པ་ཡང་བླང་མི་བྱ། །རྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤོང༌། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང༌། །དེ་ཡི་གྲིབ་མ་ཡང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལ་དེ་བཞིན་ནོ། །ལྷ་དང་སྔགས་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་ཐེ་ཚོམ་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བརྗོད་པས་སྡོམ་པ་སྦྱིན་ཏེ་འཇུག་པའི་ཆོ་གའོ།།  ༈  །།གཉིས་པ་དབང་བསྐུར་བ་ལ། རྡོ་རྗེ་སློབ་མའི་དབང༌། སློབ་དཔོན་གྱི་དབང་མཐའ་རྟེན་སྦྱིན་པ་དང་གསུམ་གྱི་དང་པོ་ནི། མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ་པ་ཁ་བསྐངས་ལ། མདུན་གྱི་གཞལ་ཡས་ཁང་ལྷ་དང་བཅས་པ་ལས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རྣམ་པ་སྔགས་རྣམས་ཀྱི་ཡིག་འབྲུ་གསེར་བཙོ་མའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། སློབ་མ་མེ་ཏོག་གང་ཕོག་གི་ལྷའམ། རྡོ་རྗེ་སེམས་དཔར་བསྒོམས་པའི་སྤྱི་བོར་ཞུགས་པར་བསམས་ལ། རྩ་རིག་དང༌། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིཏ་ཨཱཿ ཨོ་སརྦ་བིཏ་ཏྲ་ཐ། ཨོཾ་སརྦ་བིཏ་ཨོཾ། ཨོཾ་སརྦ་བིཏ་སྭ། ཨོཾ་སརྦ་བིཏ་ཨཿ ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་ཤ། །ཨོཾ་བྷ། ཞེས་སྔགས་བཅུ་གསུམ་པོ་བརྗོད་ཅིང་སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་སྟེ་སྔགས་ཀྱི་དབང་ངོ༌། །དེ་ནས་ནམ་མཁར་གནས་པའི་སངས་རྒྱས་ཐམས་ཅད་དང་སློབ་དཔོན་ལྷན་ཅིག་ཏུ་སློབ་མ་ལ་དབང་བསྐུར་བར་བསམས་ལ། རིགས་ལྔའི་བུམ་པའམ་མེད་ན་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷིཥཉྩ་ཧྲཱིཿ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ ཞེས་ཆུ་དབང་ལན་ལྔར་བསྐུར། འཐུང་དུ་ཡང་བཅུག་སྟེ་ཆུའི་དབང་ངོ༌། །དེ་ནས་དབུ་རྒྱན་བྱིན་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ཅིང་ཕྱག་རྒྱས་ཀྱང་དབང་བསྐུར། དེ་ནས་རིན་པོ་ཆེའི་ཕྲེང་བ་དབུ་རྒྱན་གྱི་རྩ་ཆིངས་སུ་བྱིན་ལ། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཞེས་བརྗོད་ཁ་དོག་ལྔ་པའི་དར་གྱི་ཅོད་པཎ་བྱིན་ལ། ཨོཾ་བཛྲ་པ་ཊ་ལཾ་པ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་བརྗོད་དེ། དབུ་རྒྱན་ཕྲེང་བ་དར་དཔྱངས་གསུམ་ནི་ཅོད་པཎ་གྱི་དབང་ངོ༌། །དེ་ནས་རིགས་ལྔའི་ཕྱག་མཚན་དང༌། ཕྱག་མཚན་ལྔས་ཡུ་བ་བྱས་པའི་དྲིལ་བུ་བྱིན་ལ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾཿ ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་དེ་རྡོ་རྗེའི་དབང་དང་དྲིལ་བུའི་དབང་ངོ༌། །དེ་ནས། སློབ་དཔོན་དང་ནམ་མཁར་བཞུགས་པའི་སངས་རྒྱས་ཀྱིས་རིགས་ལྔའི་མིང་འདོགས་པར་བསམས་ལ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ཅིང་མེ་ཏོག་གང་ལ་ཕོག་པའི་ལྷའི་མིང་བཏགས་པ་ནི་མིང་གི་དབང་སྟེ། ཡེ་ཤེས་ལྔའི་རང་བཞིན་རིགས་པའི་དབང་ལྔའོ། །དེ་དག་བརྟན་པའི་ཕྱིར་དུ་སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ལ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཞེས་བརྗོད་དེ་རྡོ་རྗེའི་བརྟུལ་ཞུགས་སོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ། ཞེས་དང༌། འཁོར་ལོ་ལག་ཏུ་གཏད་པའམ། འཁོར་ལོའི་ཕྱག་རྒྱ་གཏུགས་པའི་རྐྱེན་གྱིས་སློབ་མ་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། རྣམ་སྣང་ཆེན་པོའི་རང་བཞིན་རྡོ་རྗེ་སེམས་དཔར་གྱུར་པར་བསྒོམ། དེ་ལ་དམ་ཚིག་གསུམ་སྦྱིན་པ་ལ། ཐོག་མར། ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ། ཨོཾ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱི་ཧྲཱི་ཧྲཱིཿ ཨོཾ་ཀརྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨ་ཨ་ཨཿ ཞེས་བརྗོད་ཅིང༌། སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་དཀྲོལ། དཔོན་སློབ་གཉིས་ཀས་རིགས་ལྔའི་ཕྱག་ཆེན་བཅས་པས་སློབ་མ་རིགས་ལྔ་སྤྲོ་བ་པོ་རྣམ་སྣང་རྡོར་སེམས་སུ་གྱུར་པར་བསམས་ཏེ་ཕྱག་རྒྱ་སྐུའི་དམ་ཚིག་གོ །དེ་ནས་རྡོ་རྗེ། ཆོས་འབྱུང༌། པདྨ། སྤྱན། ཨུཏྤལ་སྟེ། ཡུམ་ལྔའི་ཕྱག་མཚན་སྤྱི་བོར་བཞག་ཅིང༌། མཐར་ལག་པ་གཡོན་དུ་གཏད་ལ། ཨོཾ་བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་དྷ་ར་ཎ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ཅིང༌། དྲན་པ་དང་ཤེས་རབ་དང་ལྡན་པར་གྱིས་ཤིག ཅེས་ཏེ་དྲིལ་བུ་གསུང་གི་དམ་ཚིག་གི་དོན་ཏོ། །དེ་ནས་རིགས་ལྔའི་ཕྱག་མཚན་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། མཐར་ལག་པ་གཡས་སུ་བྱིན་ལ། ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ལ་ཐབས་ཡེ་ཤེས་ལྔའི་རྟོགས་པ་སྐྱེད་ཅིག་པར་གདམས་ཏེ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གི་དོན་ཏོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་བྱིན་ལ། ཨོཾ་པྲ་ཛྙཱ་ཨུ་པ་ཡོ་ག་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཿཞེས་བརྗོད་ལ། དེ་ལྟར་ཁྱོད་རྡོ་རྗེ་སློབ་དཔོན་དུ་གྱུར་པས་ཐབས་ཤེས་རབ་སྟོང་པ་དང༌། སྙིང་རྗེ་ཆེན་པོ་མི་འབྲལ་བའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་དང༌། དེ་ནས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཅི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ཞེས་བརྗོད་དོ། །གསུམ་པ་ནི་རིན་པོ་ཆེ་སྣ་བདུན་གྱི་གཟུགས་ལག་ཏུ་གཏད་པའམ་ཕྱག་རྒྱ་བཅས་ལ། ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཝསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་མ་ཧ་ཏ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་པས་གནས་སྐབས་སུ་འཁོར་ལོས་སྒྱུར་བའི། རྒྱལ་སྲིད་དང་མཐར་ཐུག་ཆོས་ཀྱི་རྒྱལ་པོ་རྣམ་སྣང་གི་གོ་འཕང་འཐོབ་པར་འགྱུར་རོ། །ཞེས་བསྒོས་ལ་བཀའི་དབང་བསྐུར་ཏེ། ཚེ་འདིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང༌། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མར་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་བས། །སློབ་དཔོན་ཉིད་ལ་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང༌། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱའོ། །བླ་མ་སྨོད་བརྩོན་མ་རུངས་དང༌། །དམ་ཚིག་ལས་ནི་འདའ་བ་དང༌། །དེ་སོགས་བྱེད་པ་ཚར་བཅད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང༌། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་གྱུར། །ཞེས་པས་དམ་ཚིག་བསྲུང་བར་གདམས་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླངས་ནས། སློབ་དཔོན་ལ་ཅི་ནུས་པའི་ཡོན་དབུལ་ལོ། །དབང་གི་ཚིག་རྒྱས་པ་ལ་སྤྲོ་ན། གཞན་ཕན་འོད་ཟེར་དུ་བལྟའོ།།  ༈  །།གཉིས་པ་ནི། གནས་སྐབས་འགའ་ཞིག་ཏུ་ཚེ་འདས་རྗེས་སུ་འཛིན་ན། སྔར་སྦྱོང་བའི་སྐབས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་སྦྱང་སྟེགས་ཁྲུ་གང་བའི་པདྨ་དཀར་པོ་འདབ་བརྒྱད་ཀྱི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་བྲི། དེ་སྟེང་དུ་རུས་པའམ་མིང་བྱང་བཞག སྦྱང་བའི་ཡོ་བྱད་དང༌། བྱེ་མའམ་ཡུངས་ཀར་སོགས་གཤིན་དོན་ལ་དགོས་པའི་ཡོ་བྱད་ཐམས་ཅད་བཤམ་མོ། །དེ་ནས་བདག་འཇུག་ཡན་ཆད་རྫོགས་པར་བྱ། བཟླས་པའི་སྐབས་རྣམས་སུ་བྱེ་མའམ་ཡུངས་ཀར་ལ་སྔགས་ཀྱི་བྲབས་ལ་བཞག་གོ །དེ་ནས་མིང་བྱང་ལ་སོགས་པའི་རྟེན་དེ། ཡ་ཀྵས་བསང༌། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྦྱང་སྟེགས་ཀྱི་སྟེང་དུ། ཚེ་འདས་ཀྱི་མིང་གི་ཡི་གེ་དང་པོའམ། ནྲྀ་ལས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བལྟས་ལ། རང་གི་སྙིང་གའི་ཧཱུྃ་དང༌། ཚེ་འདས་ཀྱི་སྙིང་གའི་ནྲྀ་ལས་འོད་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་ཁམས་གསུམ་གང་ན་གནས་པ་ནས་བཀུག་པར་བསམ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ་ངག་ཏུ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི༴ གསང་སྔགས་དང༌། རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུྃ་ཛཿ ཞེས་པ་གསུམ་དང༌། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨཱ་པ་ན་ཡེ་ཧཱུྃ། ཞེས་པས་བར་དོའམ་རིགས་དྲུག་གང་ན་གནས་པ་ནས་བཀུག་ནས་རྟེན་ལ་ཐིམ་པར་བསམ་མོ། །དེ་ནས་སྡིག་པ་དྲལ་བའི་ཕྱིར་ལག་པ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྦྱར། ཐ་མ་བཞི་རྩེ་སྤྲད་པར་མཉེ་ཞིང༌། ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦ་ཨཱ་པ་ཡ། བནྡྷ་ནི་པྲ་མོཀྵ་ཡ། སརྦ་ཨཱ་པ་ཡ་ག་ཏི་བྷྱཿསརྦ་ས་ཏྭཱཾ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཐ། ཞེས་བརྗོད་པས་སྡིག་པ་དོར་ལ་རྡོ་རྗེ་བསྡམས་པ་དྲལ་ཞིང༌། ཨོཾ་བཛྲ་བནྡྷ་ཏྲ་ཐས་སྡིག་པ་དྲལ་ནས་རྡོ་རྗེ་ཁུ་ཚུར་གཉིས་སྤྱི་བོ་ལ་སོགས་པར་གཏུགས་པར་བསམ་ཞིང༌། ཨོཾ་སརྦ་བིཏ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུྃ་གིས་རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པར་བསམ་མོ། །དེ་ནས་བགེགས་སྦྱང་བའི་ཕྱིར་གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་ཞི་བས་སྦྱང༌། སུམྦྷ་བརྗོད། རྡོ་རྗེ་གསོར་ཞིང་ཏིང་ལོ་དང་ཆང་བུ་རྟེན་ལ་བསྐོར་བ་གསུམ་གྱིས་ཞི་དྲག་ཕྱེད་མས་སྦྱངས་ནས། ཚེ་ལས་འདས་པ་ཆེ་གེ་མོ་ལ་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང༌། གཤིན་གྱི་དུས་ན་སྡིག་པ་སྦྱང་བ་ལ་བར་ཆད་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ལ་གཏོར་མ་འདི་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག་ཅེས་བརྗོད། དེ་ནས་སྲུང་འཁོར་ལྟར་ཁྲོ་བོ་རྣམས་སྤྱན་དྲང༌། མཆོད་བསྟོད་བྱས་ལ། སངས་རྒྱས་ཀྱི་བདེན་པ་དང༌། ཞེས་པ་ནས། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ལ་གནོད་ཅིང་འཚེ་བར་བྱེད་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོང་བ་རྣམ་པར་དག་པ་བྱས་ཟིན་པས་དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག གང་དག་མི་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་དང༌། རྟེན་ལ་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱའོ། །སུམྦྷ་སོགས་དྲག་སྔགས་མང་དུ་བརྗོད་པས་བགེགས་དང་བྲལ་བར་བསམ་མོ། །དེ་ནས་ཚེ་འདས་ཀྱི་སྡིག་པ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་འཐོན། སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ། དེ་གཡས་སུ་མེ་དང༌། གཡོན་དུ་ཆུར་དོར་བས་སྡིག་སྒྲིབ་ཐམས་ཅད་བསྲེག་ཅིང་སྦྱང་བར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས་མེར་བསྲེག་ཅིང་ཆུར་དོར་རོ། །དེ་ནས་བྱེ་མའམ་ཡུངས་ཀར་ལ་རྩ་རིག་ལ་སོགས་པ་ལྷ་ཐམས་ཅད་ཀྱི་སྔགས་མང་དུ་བཟླས་པ་དེའི་ནུས་པ་བསྟིམས་ལ། རུས་པའམ་མིང་བྱང་མདུན་དུ་བཞག་པ་ལ་བྲབས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནེ་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་ཝ་ར་ཎཱ་ནི་བྷསྨི་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་ཏ་ཀ་ཏ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ་ན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུ་ན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུ་ན་ཧཱུྃ་ཕཊ། ཞེས་དང༌། ཆེ་གེ་མོའི་སྡིག་པ་དག་པར་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་ཁྲུས་བྱས་ཏེ། དབང་གི་བུམ་པ་ཡོད་ན་མེ་ཏོག་ཆེར་རྒྱས་ཀྱི་བུམ་པས་བཀྲུ་ཞིང༌། མེད་ན་རྣམ་རྒྱལ་བུམ་པ་ཐོགས་ལ་ཐོག་མར་དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐ་ག་ཏ་སོགས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་ཁྲུས་བྱས་པའི་ཆུ་དེ་སླར་ཡང་བུམ་པའི་ནང་དུ་བླུགས་ལ། དེ་ནས་བུམ་ཆུས་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ། ཐ་མ་ལ་རྟེན་ལ་དངོས་སུ་བཀྲུ་ཞིང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བྱའོ། །དེ་བཞིན་དུ་ཚིག་རྐང་པ་དང་པོ་དང་གསུམ་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་གཞུག རྐང་པ་གཉིས་པའི་སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ་རྣམས་བཅུག་ལ། ཚིག་བཞི་པ་ལྔ་དང༌། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བྱ་བའི་ཚིག་བཞི་པ་རེ་རེ་དང་རྩ་རིག་རེ་སྤེལ་ཞིང་བཀྲུས་ནས། མཐར་ཚེ་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དག་ནས། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཚིག་རྐང་གསུམ་པ་དང་བཞི་པར། བཅོམ་ལྡན་དམ་ཆོས། དམ་ཆོས་བདེན་པས་དང༌། འཕགས་པའི་དགེ་འདུན། དགེ་འདུན་བདེན་པས། ཞེས་སོགས་སྦྱར་བའི་ཚིག་བཞི་པ་གཉིས་བརྗོད་ཅིང༌། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་རླབས་ཀྱིས། ཆེ་གེ་མོའི་ཉོན་མོངས་པ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་བཅོམ་ནས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང༌། །ཆུ་མེ་རླུང་དུ་འདོན་པ་བསྒྱུར་བའི་ཚིག་བཞི་པ་གསུམ་བརྗོད་པའི་རྗེས་སུ། ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་བཞི་ལ་བརྟེན་ནས་སྐྱེས་པའི་ཉོན་མོངས་པ་དང༌། རྣམ་རྟོག་རྒྱུ་དང་བཅས་པ་ཐམས་ཅད་འབྱུང་བ་བཞིའི་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་ཅེས་བྱ་བ་དང༌། བུམ་པའི་ཆུས་གཏོར། དྲིལ་བུ་གསིལ་ཞིང༌། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ལ་བདེ་བ་མངའ་མཛད་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འགྲོ་བ་ཡིས། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་གང་འབྱོར་ཅིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཆོས་ཀུན་དབང་དུ་མཛད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་དུ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་དུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཚེ་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་ལ། དེ་ནས་བུ་ལ་སོགས་པའི་ཉེ་དུ་ཡོད་ན་མིང་བྱང་འཛིན་དུ་བཅུག་ཅིང༌། ཕྱག་བྱེད་དུ་གཞུག་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབས་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་རྣམ་སེལ་བ། །བདག་ནི་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེར་མཐོང་ནས། །ཀུན་དུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །ཕྱག་འཚལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲགས་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིག་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་པ་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་ཅིང་གསོལ་བ་འདེབས་པར་བསམ་མོ། །དེ་ནས་གཤིན་པོ་ལ་དབང་མི་བསྐུར་ན་འོག་གི་བྱང་བུ་བསྲེག་པ་དང༌། ལམ་སྦྱང་བསྟན་སོགས་རྫོགས་པར་བྱ། དབང་བསྐུར་ན་སྐབས་འདིར་བྱ་དགོས་པས་མཎྜལ་ཕུལ་ནས་རྗེས་ཟློས་བྱེད་པར་བསམ་ཞིང༌། དབང་མེད་བདག་གིས་སོགས་རྒྱུན་བཤགས་བྱ་བ་ནས་བརྩམས་ཏེ། འཇུག་པའི་ཆོས་བཅུ་བདུན་དབང་བཅུ་དགུ་པོ་ཐམས་ཅད་རྫོགས་པར་བསྐུར་རོ། །དེ་ལྟར་དབང་བསྐུར་བས་ཚེ་འདས་ལྷའི་རང་བཞིན་དུ་གྱུར་པ་ལ་མཆོད་ཡོན་ལ་སོགས་པ་སྔགས་ཙམ་གྱིས་མཆོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ལ་སོགས་པ་ཤླཽ་ཀ་གཅིག་གིས་བསྟོད་ལ། ལམ་སྦྱང་བསྟན་བྱའོ། །ཡུལ་ཁ་ཅིག་ན་ཟས་གཏད་དང༌། གོས་ལྷྭམ་གཏོད་པ་སོགས་ཀྱི་ལུགས་ཡོད་པ་དེ་ལྟར་བྱེད་དགོས་བྱུང་ན། སྔར་ལྟར་མཆོད་བསྟོད་བྱས་པའི་རྗེས་ལ་འདོད་ཡོན་སྣ་ཚོགས་པས་ཚེ་འདས་ལྷར་གྱུར་པ་ལ་མཆོད་པར་བསམ་ཞིང༌། ཁ་དོག་དབྱིབས་ལེགས་སོགས་འདོད་ཡོན་གྱིས་ཚིག་གིས་མཆོད་དོ། །ནུབ་ཐ་མ་ལ་བྱང་བུ་བསྲེག་པར་བྱེད་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་ཞིང་མེ་སྦར་ལ། སྟོང་ཉིད་ཡེ་ཤེས་འབར་བའི་མེས། །ཚེ་འདས་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང༌། རྩ་རིག་བརྗོད་ཅིང་བསྲེག་གོ །དེ་ནས་ལམ་སྦྱང་བསྟན་བྱ་སྟེ། ནུབ་གོང་མ་རྣམས་ལ་མཆོད་པའི་རྗེས་ལ་བྱ། ནུབ་ཐ་མ་ལ་བྱང་བུ་བསྲེགས་པའི་རྗེས་ལ་བྱ་སྟེ། དྲིལ་བུ་གསིལ། མེ་ཏོག་གཏོར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣེ་སཾ་བྷ་ཝེ། རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲ་ཐ། ཞེས་དང༌། རོལ་མོ་བྱ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མ་ཧཱ་སུ་ཁ་ཝ་ཏཱི་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ནས་རོལ་མོ་བྱས་ཏེ། བདེ་བ་ཅན་དུ་སྐྱེས་པར་བསམ། དེར་སྐྱེས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས་ཕྱིས་ཀྱི་དེ་ལ་མཆོད་པར་བསམས་ལ། མཆོད་ཅིང་རོལ་མོ་བྱ། དེས་ཀྱང༌། སངས་རྒྱས་འོད་དཔག་མེད་འཁོར་བཅས་ལ་མཆོད་ཅིང་རོལ་མོ་བྱ། དེར་སྐྱེས་པའི་རྒྱུ་བརྟགས་པས། རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་ནུས་པ་ཡིན་པར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོངས་ནས། བདག་དང་དཀྱིལ་འཁོར་ལ་མཆོད་ཅིང་རོལ་མོ་བྱས་ལ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པར་བསམ། བདག་གིས་ཀྱང་སླར་དེ་ལ་མཆོད་པས། མཆོད་ཅིང་རོལ་མོ་བྱ། སླར་བདེ་བ་ཅན་དུ་སོང་བར་བསམས་ལ་མེ་ཏོག་དོར་རོ། །དེ་ནས་ཚེ་འདས་ཀྱི་དོན་དུ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པར་བརྗོད་ཅིང༌། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་རྒྱས་བཏབ་སྟེ། གཤིན་པོ་རྗེས་སུ་གཟུང་བའི་ཆོ་གའོ། །གསུམ་པ་རྗེས་ནི། གཤིན་དོན་ཡིན་ན། ལམ་སྦྱང་བསྟན་ཚར་བའི་རྗེས་དང༌། སློབ་མ་དབང་བསྐུར་ཡིན་ན་དབང་ཆོག་ཚར་བའི་རྗེས་སམ། སྒྲུབ་མཆོད་རྐྱང་པ་ཡིན་ན། མདུན་བསྐྱེད་བརྟན་བྱེད་ཀྱི་བཟླས་པ་ཚར་བའི་རྗེས་སུ། ཆོ་ག་འདི་རྣམས་བྱ་སྟེ། བདག་བསྐྱེད་ལྟར་བུདྡྷ་ཨ་བྷི་ཥིཉྩ་སོགས་ཀྱི་སྔགས་རྒྱས་དབང་བསྐུར་ཞིང་བྱིན་གྱིས་བརླབ། བྷྲི་ཏ་སོགས་ཀྱི་སྔགས་རྒྱས་བྱིན་རླབས་བརྟན་པར་བསྒོམ། ཁམས་གསུམ་རྣམ་རྒྱལ་གྱི་སྔགས་རྒྱས་བདག་དང་གནས་ལ་སོགས་པའི་བར་ཆད་བསྲུང༌། དེ་ནས་མདུན་བསྐྱེད་ཀྱི་མཐར་ཅི་འབྱོར་བའི་མཆོད་པ་གསར་པ་བཤམས་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས་མདུན་བསྐྱེད་ལ་ཕུལ་བར་བསམ་ཞིང༌། ངག་ཏུ། གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱོད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཛྲ་པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཛྲ་དྷཱུ་པེ། མུན་པའི་ཚོགས་རྣམས་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཛྲ་ཨཱ་ལོ་ཀེ ལྷན་ཅིག་སྐྱེས་དང་སྦྱང་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་ལགས་ཀྱིས། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །བཛྲ་གནྡྷེ། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །བཛྲ་ནཻ་ཝི་ཏྱེ། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཅིང༌། །ཤེས་རབ་མཆོག་གིས་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཤབྡ་ཞེས་དང་རོལ་མོ་དབུལ། དེ་ནས་དྲིལ་བུ་གསིལ་ཞིང༌། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་སོགས་ནས། རྒྱུད་བཞིན་བདག་གིས་བསྟོད་པར་བགྱིའི་བར་ཤློཽཀ་བདུན་གྱི་རྗེས་སུ། སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་མཆོད་པའི་ལྷ་མོ་དང༌། །སྦོས་མ་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །སྒོ་བཞིའི་དབུས་ན་ལེགས་བཞུགས་ཤིང༌། །དད་སོགས་ངོ་བོ་རྣམ་དག་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་རྣམས་བྱང་ཞིང་དག་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད་པའི་རྗེས་སུ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་འཚལ་བ། །འདིར་ནི་བགྱི་པ་གང་བགྱིས་རྣམས། །དེ་དག་ཐམས་ཅད་བཟོད་པར་མཛོད། །ཅེས་སོགས་ཀྱིས་ཆོ་ག་ལྷག་ཆད་ཁ་བསྐང་ཞིང༌། ནོངས་པ་བཟོད་པར་གསོལ་ནས། རས་བྲིས་ཀྱི་དཀྱིལ་འཁོར་ལ་དམིགས་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ། རྒྱལ་བ་ཐམས་ཅད་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང༌། སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བརྟན་པར་བྱས་ཤིང་མེ་ཏོག་དོར་རོ། །དེ་ནས་དྲིལ་བུ་གསིལ་ཞིང༌། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་གྱུར་ཅིག ཅེས་བརྗོད་ནས། རོལ་མོ་བྱས་ཤིང་མེ་ཏོག་དོར་རོ། །སླར་ཡང་བསྔོ་བ་རྣམ་པར་དག་པ་བཏབ་ལ། རས་བྲིས་བཀུར་སྟི་དང་བཅས་པས་བསྡུས་ལ་དབེན་པར་བཞག མཆོད་རྫས་དམན་པ་རྣམས་མགོན་མེད་པ་དང་ཕོངས་པ་ལ་སྦྱིན། གོས་ཟུང་སོགས་མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་ལ་ཕུལ་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དཔལ་ལྡན་ངན་སོང་ཀུན་སྦྱོང་ཆོ་གའི་རིམ། །རྒྱུད་དང་རིན་ཆེན་བཟང་པོའི་བཤད་སྲོལ་དང༌། །རྡོ་རྗེ་འཆང་དངོས་རྗེ་བཙུན་གསུང་རབ་ལྟར། །འཁྲུལ་མེད་གོ་བདེའི་ངག་གིས་རྣམ་པར་སྦྱར། །དགེ་བ་གང་དེས་མ་གྱུར་འགྲོ་བ་རྣམས། །སྡུག་བསྔལ་རྒྱུ་དང་བཅས་ལས་རྣམ་གྲོལ་ཞིང༌། །རྣམ་དག་བྱང་ཆུབ་སྤྱོད་པས་རྒྱུད་སྦྱངས་ནས། །ཁྱབ་བདག་རྡོ་རྗེ་སེམས་དཔར་འགྱུར་བར་ཤོག །ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ཕན་མཐའ་ཡས་ཞེས་བྱ་བ་འདི་ནི། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན་རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ། ལྷ་རིགས་བྱང་ཆུབ་སེམས་དཔའ་གུ་གེ་ཆོས་ཀྱི་རྒྱལ་པོས་ཐོག་མར་བཀའ་སྩལ་ཞིང༌། བར་དུ་དགེ་བའི་བཤེས་གཉེན་རབ་ཏུ་མང་པོས་བསྐུལ་བ་དང༌། མཐར་མདོ་དང་སྔགས་ཀྱི་སྡེ་སྣོད་རབ་ཏུ་མང་པོ་ལ་སྦྱངས་ཤིང་ཟབ་མོའི་དོན་ལ་དད་པ་ཐོབ་པ། སྡེ་སྣོད་འཛིན་པ་བསམ་འགྲུབ་བཟང་པོས་ཡང་ཡང་དུ་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། རྔ་ཆེན་གྱི་ལོ་ཐ་སྐར་གྱི་ཟླ་བའི་ཉེར་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་མཐའ་ཡས་པ་ལ་ཕན་ཐོག་པར་གྱུར་ཅིག།  །། ༄༅། །རྡུལ་ཚོན་ཁ་སྐོང་ངམ་ཉེར་མཁོ་བཞུགས་སོ།།  ༈ །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མཐའ་མེད་པའི་སེམས་དཔའ་མཆོག །ཁྱབ་བདག་རྣམ་པར་སྣང་མཛད་ལ། །བཏུད་དེ་ངན་སོང་སྦྱོང་བ་ཡི། །དཀྱིལ་འཁོར་ཆོ་གའི་ཁ་སྐོང་བྲི། །འདིར་ཀུན་རིག་གི་ཆོག་ལ་རས་བྲིས་དང༌། རྡུལ་ཚོན་ལ་བརྟེན་པ་གཉིས་ལས། དང་པོ་ཤེས་སླ་བ་དང་ཉིན་གཅིག་ལ་ཆོ་ག་རྫོགས་པའི་དབང་དུ་བྱས་པ་སྟེ། དེའི་ཚུལ་ཁོ་བོས་གཞན་ཕན་མཐའ་ཡས་སུ་བཀོད་ཟིན་ལ། འདིར་གཞུང་དེ་ལ་ལྟོས་པའི་དབང་དུ་བྱས་ནས་རྡུལ་ཚོན་གྱི་ཕྱོགས་བརྗོད་ན་དོན་གཉིས་ཏེ། སྔོན་དུ་བསྙེན་པ་དང་དཀྱིལ་འཁོར་ལས་རིམ་མོ། །དང་པོ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ། རྩ་རིག་འབུམ་ཕྲག་གསུམ་མམ་དྲུག་བཟླ། ཐུན་མཚམས་སུ་མཆོད་བསྟོད་བྱས་པའི་རྗེས་ལ་བསྔོ་བ་དང་སྨོན་ལམ་བྱ། གནས་སྐབས་སུ་གཏོར་མ་དང༌། བསྐོར་བ་དང༌། ཚ་ཚ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ལ་སའི་ཆོ་ག སྟ་གོན་གྱི་ཆོ་ག དངོས་གཞིའི་ཆོ་ག་དང་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་གང་དུ་བྲི་བའི་གནས་སུ། ཆ་གསུམ་ལྟར་གཏོར་མ་གསུམ་བཤམ། མཆོད་པ་ལྔ་དང༌། ཡུངས་ཀར་དང༌། གུ་གུལ་སོགས་དགོས་པའི་ཡོ་བྱད་རྣམས་བཤམས་ལ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། གཏོར་མ་དང་པོ་ཕྱོགས་སྐྱོང་ལ་དབུལ་བའི་མཐར། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་སའི་ཕྱོགས་འདི་བདག་ལ་སྩལ་ཞིང་དཀྱིལ་འཁོར་གྱི་ཆོ་ག་མཐར་ཕྱིན་པའི་སྟོང་གྲོགས་མཛད་དུ་གསོལ། ཞེས་བརྗོད་དེ། ཕྱོགས་སྐྱོང་ལ་བསླང་བའོ། །དེ་ནས་གཏོར་མ་གཉིས་པ་འབྱུང་པོ་སྤྱི་ལ་ཕུལ་ལ། འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་སའི་ཕྱོགས་འདི་བདག་ལ་གནང་ཞིང་ཞེས་སོགས་བརྗོད་པས་བསླང་སྟེ། འདི་གཉིས་ནི་ཞི་བས་བསླང་བའོ། །དེ་ནས་བགེགས་གཏོར་བསྔོས་ལ། གདོན་ཁྱོད་རང་གི་གནས་སུ་སོང༌། །ཞེས་པའི་མཇུག་ཏུ་ས་ཕྱོགས་འདི་ཉིད་ན་གནས་པའི་འབྱུང་པོ་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་དང༌། དཀྱིལ་འཁོར་གྱི་ཆོ་ག་བསྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་དང་ལོག་འདྲེན་གྱི་རིགས་གང་ཡོད་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག་ཅེས་བརྗོད་ལ། གཏོར་མ་སྒོ་དྲུང་དུ་དོར། ཁྲོ་བོའི་སྔགས་བརྗོད་ཅིང་རོལ་མོ་དྲག་ཏུ་བྱ། ས་ཕྱོགས་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབས་པས་བགེགས་རྣམས་བྱེར་བར་བསམ་པ་ནི་དྲག་པོས་བསླང་བ་སྟེ་ས་བསླང་བའི་ཆོ་གའོ། །དེ་ནས་འབྱུང་པོ་དང་ཕྱོགས་སྐྱོང་རྣམས་གཤེགས་སུ་གསོལ། རང་རྡོར་སེམས་ཀྱི་ང་རྒྱལ་གྱིས། རྩ་རིག་ཟློས་བཞིན་དུ་དཀྱིལ་འཁོར་གྱི་སའི་དབུས་སུ་ལག་པ་གཉིས་བཞག་ལ། ཨོཾ་བྷཱུ་ཁཾ། ཞེས་ཉེར་གཅིག་སོགས་བརྗོད་པས་ས་གཞི་ནམ་མཁའི་རང་བཞིན་དུ་བསམ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་མང་དུ་བཟླས་པས་ས་གཞི་རྡོ་རྗེའི་རང་བཞིན་དུ་བསམས་ཏེ་སྔགས་དང་ཕྱག་རྒྱས་སྦྱང་བའོ། །དེ་ནས་རྩ་རིག་ཟློས་བཞིན་དུ་དཀྱིལ་འཁོར་ཇི་ཙམ་བྱེད་པའི་ས་གཞི་མཆོད་པའི་གཞི་དང་བཅས་པ་དྲི་བཟངས་ཀྱི་ཆུས་བྱུག ག་དར་ལེགས་པར་བྱ་བ་ནི་ལས་དང་བྱ་བས་སྦྱང་བ་སྟེ་ས་སྦྱང་བའི་ཆོ་གའོ། །དེ་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་དང་བཅས་པས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། བཛྲ་ས་ཏྭ་ཧཱུྃ། ཞེས་པས་རྡོ་རྗེ་སེམས་དཔའི་ང་རྒྱལ་བཟུང་ལ། བདག་གིས་སའི་ཕྱོགས་འདིར་འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་བྲིས་ལ། སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱའོ་ཞེས་སེམས་བསྐྱེད་པ་ནི་བློས་བཟུང་བའོ། །དེ་ནས་རྗེས་ཆོག་ཏུ་བཤད་པ་ལྟར་བདག་ཉིད་ལ་དབང་བསྐུར་ལ། བྱིན་གྱིས་བརླབ་པ། མེ་ལྟར་འབར་བས་བསྲུང་བ་རྣམས་བྱས་ནས། བཀྲ་ཤིས་བརྗོད་དེ་ནུབ་དང་པོ་སའི་ཆོ་གའོ། །གཉིས་པ་སྟ་གོན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ས་ཆོག་བྱས་པའི་གནས་སུ་ཐིག་ཆེན་བརྒྱད་ཙམ་མམ་འོག་ནས་འབྱུང་བ་ལྟར་ལས་ཐིག་རྫོགས་པར་བཏབ་ལ། ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་ཚང་བར་བཀོད། མཐའ་སྐོར་དུ་མཆོད་པ་དང༌། གཏོར་མ་དང་བུམ་པ་རྣམས་བཤམ། དེ་ནས་དཔོན་སློབ་རྣམས་སྟན་ལ་འཁོད་དེ། མཆོད་པ་བྱིན་གྱིས་བརླབ་པ་དང༌། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་རྫོགས་པར་བྱའོ། །གཉིས་པ་ལ་བཞི། བུམ་པ་སྟ་གོན། ལྷ་སྟ་གོན། སྦྱིན་སྲེག་སྟ་གོན། སློབ་མ་སྟན་གོན་ནོ། །དང་པོ་ནི། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་ཡོངས་རྫོགས་དང༌། དབང་གི་བུམ་པར་རིགས་ལྔ་བསྐྱེད་ཅིང་བཟླས་པ་ཉིད་དོ། །གཉིས་པ་ནི། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་བསང་སྦྱངས་ཏེ་གཞལ་ཡས་ཁང་གདན་བཅས་བསྐྱེད། མེ་ཏོག་ཚོམ་བུ་རྣམས་གདན་དུ་བསམ་པའི་སྟེང་དུ། ལྷ་རྣམས་སྙིང་པོ་ཚིག་ཙམ་ལས་བསྐྱེད། ཡེ་ཤེས་པ་བཅུག་རྒྱས་གདབ་ལས་ལ་སྦྱར་བ་རྣམས་བྱ། དེ་ནས་མཆོད་པ་རྒྱས་པ་དང་གཏོར་མའི་བར་བྱས་ལ། མདུན་གྱི་དཀྱིལ་འཁོར་ལ་བལྟ་ཞིང༌། པུས་མོ་གཡས་བཙུགས་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས་ནང་པར་སྤྱན་དྲང་བའི་ཕྱིར་སྙན་གསན་དབབ་སྟེ། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་སྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །ངན་སོང་སྦྱོང་བ་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་རྣམས་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །གསུམ་པ་ནི་སྟ་གོན་གྱི་ལྷ་མཆོད་པའི་ཕྱིར་ཞི་བའི་སྦྱིན་སྲེག་བྱ། མ་གྲུབ་ན་འགལ་བ་མེད་དོ། །བཞི་པ་ནི་སློབ་མ་ལ་དབང་བསྐུར་བྱེད་ན། མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་གྲལ་ལ་འཁོད་པ་ལ། རྒྱུན་བཤགས་དང༌། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ། སྨོན་ལམ་གདབ་པ། ཆོས་བཤད་པ། བསྲུང་བ་བྱ་བ་རྣམས་བྱས་ལ་བཏང་ངོ༌། ཚེ་འདས་ཀྱི་དོན་བྱེད་ན། རྟེན་བསྐྱེད་པ་ནས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའི་བར་བྱས་ལ། དེའི་རྗེས་སུ་ལམ་སྦྱང་བསྟན་བྱའོ། །གསུམ་པ་རྗེས་ནི། བདག་ཉིད་ལ་དབང་བསྐུར་བ་ནས་བརྩམས་ཏེ་མཆོད་པ་དང་བསྟོད་པ། དངོས་གྲུབ་བླང་བ། ནོངས་པ་བཟོད་པར་གསོལ་བ་རྣམས་བྱས་ལ། ཚོམ་བུའི་དཀྱིལ་འཁོར་ལ་བཞུགས་པའི་ལྷ་རྣམས་ལ། རྣམ་སྣང་གི་དམ་རྒྱ་དང་རྩ་རིག་ལན་གསུམ་གྱི་མཐར་བཛྲ་མུཿཅེས་ཕྱག་རྒྱ་དཀྲོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེག་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་གཤེགས་པར་གསོལ་བ་བཏབ་ལ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཟུང་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ལན་གསུམ་དང༌། བཛྲ་མུཿཞེས་སེ་གོལ་གཏོགས་པས་ལྷ་རྣམས་སང་འབྱོན་པར་ཞལ་གྱིས་བཞེས་བཞིན་པའི་སྒོ་ནས་གཤེགས་པར་བསམ་མོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ། །ནུབ་གཉིས་པ་སྟ་གོན་དུ་གནས་པའི་ཆོ་གའོ། །གསུམ་པ་དངོས་གཞིའི་ཆོ་ག་ལ། རྡོ་རྗེ་སློབ་དཔོན་གྱི་ལས་དང༌། སློབ་མ་གཞུག་པའི་བྱ་བ་གཉིས། དང་པོ་ལ། དཀྱིལ་འཁོར་བྲི་བ་དང༌། བསྒྲུབ་པའི་ཆོ་ག་གཉིས་ཀྱི་དང་པོ་ལ། ཐིག་གིས་བྲི་བ་ནི། དང་པོ་ཐིག་ཆེན་བརྒྱད་བཏབ་ལ། །དེ་ལ་ཆ་ཆེན་བཅུ་དྲུག་བྱ། །ཕྱི་ནས་ཐིག་ཐུང་ཆ་རེ་བསྣན། །དབུས་ནས་ཆ་ཆེན་གསུམ་པའི་མཐར། འཁོར་ལོའི་ཕྱི་ཐིག་ཟླུམ་པོར་བསྐོར། །སླར་ཡང་དབུས་ནས་ཆ་ཕྲན་བདུན། །གདུང་ཟླུམ་ཕྱི་ཐིག་ཟླུམ་པོར་བསྐོར། །ཚངས་པའི་མདུན་དུ་ཆ་ཕྲན་གཉིས། །གཙོ་བོའི་གནས་ཡིན་ཆ་ཕྲན་ཕྱེད། །ཀ་བའི་དོན་དུ་གདབ་པར་བྱ། །ཆ་ཕྲན་བཞི་དོར་སྦྱང་རྒྱལ་གནས། །རྡོ་རྗེའི་གདུང་ཟླུམ་ཆ་ཕྲན་ཕྱེད། །ཕྱི་རོལ་འཁོར་ལོའི་རྩིབས་སྟེང་ལ། །སླར་ཡང་ཆ་ཕྲན་ཕྱེད་ཉིད་དོ། །འཁོར་ལོ་ཆ་ཕྲན་བཞི་ཡིས་བསྐོར། །མུ་ཁྱུད་ཆ་ཕྲན་ཕྱེད་ཉིད་དོ། །ཆ་ཆེན་བཞི་པ་ཕྱེད་དུ་གདབ། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་མའང་ཕྱེད། །སྒོ་དང་ཡ་ཕུབ་ཀ་རྒྱན་སོགས། །ཐམས་ཅད་སྤྱི་དང་མཐུན་པར་གདབ། །ཆ་ཆེན་ལྔ་པ་ཕྱེད་མར་བྱ། །དབུས་སུ་ནང་མའི་རྟ་བབས་ཏེ། །གཡས་གཡོན་ཕྱི་མའི་ལྷ་སྣམ་ཡིན། །དྲུག་པ་དབུས་དོར་མཐའ་གཉིས་གདབ། །བདུན་པ་ཕྱེད་གདབ་ཕྱི་མ་ཕྱེད། །བརྒྱད་ཆའི་སྒོ་དང་ཡ་ཕུབ་དང༌། །མུན་པ་ཀ་བ་ཀ་རྒྱན་སོགས། །དཀྱིལ་འཁོར་སྤྱི་དང་མཐུན་པའོ། །བརྒྱད་པ་རྟ་བབས་ཆ་བཞི་སྟེ། །དགུ་པ་དབུས་དོར་མཐའ་གཉིས་གདབ། །ཟུར་ཐིག་རྩེ་ནས་ཆ་ཆེན་གཅིག །ཟླུམ་པོར་བསྐོར་བ་ཁོར་ཡུག་སྟེ། །ཆ་ཕྲན་གཉིས་ཀྱིས་རྡོ་རྭ་དང༌། །ཆ་ཆེན་གཅིག་གིས་མེ་རི་བྱ། །ཞེས་པ་ལྟར་རོ། །དེའི་སྟེང་དུ། ཡེ་ཤེས་ཐིག་གིས་བྱིན་གྱིས་བརླབ་པའི་ཕྱིར་རས་ཀྱི་ཐིག་སྐུད་ཁ་དོག་ལྔ་པ་རིང་བ་ལ་དཀྱིལ་འཁོར་གྱི་ཉིས་འགྱུར། སྦོམས་སུ་སྒོའི་ཉི་ཤུ་ཆའི་ཚད་དང་ལྡན་པ་རྣམས་མདུན་དུ་གསེར་སྣོད་ལ་སོགས་པའི་ནང་དུ་བཞག་སྟེ། བསང་སྦྱངས། སྟོང་པའི་ངང་ལས། ཐིག་སྐུད་དཀར་པོ། ཨོཾ་ལས་ཀུན་རིག སྔོན་པོ་ཧཱུྃ་ལས་སྦྱོང་རྒྱལ། སེར་པོ་ཏྲཱཾ་ལས་རྒྱལ་མཆོག དམར་པོ་ཧྲཱིཿལས་ཤཱཀྱ་རིགས་དབང༌། ལྗང་གུ་ཨཿལས་མེ་ཏོག་ཆེར་རྒྱས་རྣམས་སུ་བསྐྱེད། རང་གི་མིག་གཉིས་ཛཿལས་ཉི་མ་དང་ཟླ་བ་བསམས་ལ། དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿཞེས་པས་མིག་ལ་བཀོད་དེ། བཅོམ་ལྡན་འདས་བདག་ལ་རྡོ་རྗེའི་ཐིག་སྩོལ་ཅིག་ཅེས་དང༌། དཱིཔྟ་སོགས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་བཀུག་སྟེ། མདུན་གྱི་སྲད་བུ་ལ་ཐིམ་པས་སྲད་བུ་ཡི་ཤེས་ཀྱི་ངོ་བོར་བསམ། དེ་ནས་རིགས་ལྔ་ཞུགས་ཏེ་སྲད་བུ་སོ་སོ་ལ་ཐིམ་པར་བསམ་ཞིང་རྩ་རིག་གསུམ་ལ་སོགས་པ་བཟླས། དེ་ནས་སློབ་མ་དང་ལྷན་ཅིག་ཏུ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་པྲ་ཝིཥྚཿ སརྦ་དྷརྨཿ ཨ་དྱནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཞེས་བརྗོད་ཅིང༌། དང་པོ་སོ་སོར་བསྒྲིལ། དེ་ནས་གཅིག་ཏུ་བསྒྲིལ། རྩ་རིག་ཟློས་ཤིང་དྲི་བཟངས་ཀྱིས་བྱུག རྡོ་རྗེ་བསྡམས་པའི་ཕྱག་རྒྱས་བཟུང་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་དྲིལ་བུ་དང་ཐིག་སྐུད་བཟུང་ལ། རང་དཀྱིལ་འཁོར་གྱི་བདེན་བྲལ་དང༌། གྲོགས་དབང་ལྡན་དུ་གནས་ཏེ། སརྦ་བིཏ། ཞེས་པས་རང་ཀུན་རིག་དང༌། བཛྲ་ཀརྨས་གྲོགས་རྡོ་རྗེ་ལས་སུ་མོས་ལ། ཛཿཛཿཛཿཞེས་བརྗོད་ཅིང་ཐིག་སྣ་གཏད། དེས་ཀྱང་ཛཿབརྗོད་ཅིང་བླངས་ལ། གཉིས་ཆར་གྱི་གཡོན་པའི་ཁུ་ཚུར་དྲིལ་བུ་དང་བཅས་པས་ལྟེ་བའི་ཐད་ཀར་བཟུང་ངོ༌། །དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ། རང་ཉིད་བཛྲ་སཏྭ་ཅེས་རྡོར་སེམས་ཀྱི་ང་རྒྱལ་གྱིས་ནུབ་དང༌། གྲོགས་ཤར་དུ་སོང་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང༌། གཡས་རྡོ་རྗེ་དང་བཅས་པས་ནམ་མཁའ་དང་ས་གཞི་ལ་ཚངས་ཐིག་དང་པོ་བཏབ། དེ་བཞིན་དུ་རང་ལྷོ་དང༌། སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ། མེ་དང་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག རླུང་དང་བདེན་བྲལ་དུ་གནས་པས་ནུབ། དེ་ཉིད་དང་དབང་ལྡན་དུ་གནས་པས་བྱང༌། མེ་དང་བདེན་བྲལ་དུ་གནས་པས་ལྷོ། རང་དེ་ཉིད་དང༌། སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ། བདེན་བྲལ་དང་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ། ལོགས་ཐིག་འདེབས་པའི་རྩིག་ཐིག་ཕྱི་ནང་གཉིས་འདོད་སྣམ་གྱི་ཐིག་སྟེ་གསུམ་གསུམ་བཏབ་པོ། །དེ་ནས་སློབ་དཔོན་གྱིས་ནུབ་སྒོ་ནས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་ཐིག་ནམ་མཁར་བཏེག་ལ། རང་འཇིག་རྟེན་གསུམ་རྒྱལ་དུ་མོས་པའི་མིག་གཉིས། ཧྲཱིཿལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེར་མོས་ལ། ཀྲོ་དྷ་དྲྀཥྚི་ཧྲཱིཿ ཞེས་བརྗོད་ཅིང་སྒོ་བཞིར་བལྟས་པས་ཐར་པའི་སྒོའི་བར་ཆད་བསལ་བར་བསམས་ལ། སྒོ་ཕྱི་ནང་གི་ཐད་ཀྱི་རྩ་ཐིག་དབྱེ་སྟེ་ཐིག་གི་ཆོ་གའོ། །དེ་ནས་རྡུལ་ཚོན་དཀར་པོ་ལ་ཨོཾ། སྔོན་པོ་ལ་ཧཱུྃ། སེར་པོ་ལ་ཏྲཱཾ། དམར་པོ་ལ་ཧྲཱིཿ ལྗང་གུ་ལ་ཨཿབྲིས་ལ་ཕྱོགས་མ་ནོར་བར་བཀོད་པ་བསང་སྦྱངས། སྟོང་པའི་ངང་ལས་ཚོན་དཀར་པོ་ཨོཾ་ལས་ཀུན་རིག་སོགས་ཐིག་སྐུད་ལྟར་བསྐྱེད། འབར་བའི་ལྟ་སྟངས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་རིགས་ལྔའི་རང་བཞིན་ཅན་སྤྱན་དྲངས་ལ་བསྟིམས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་ཉེར་གཅིག་དང༌། རིགས་ལྔའི་སྔགས་བདུན་བདུན་བཟླས་ཏེ་བྱིན་གྱིས་བརླབས། རིགས་ལྔ་ལ་མཆོད་ནས། ཞུ་བ་ལས་བྱུང་བའི་རྡུལ་ཚོན་དུ་བསམ་མོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། རྡོ་རྗེ་དྲིལ་བུ་འཛིན་པས། གཡོན་པའི་ཁུ་ཚུར་གྱིས་ཚོན་བླངས་ལ། ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། ཟློས་ཤིང་དཀྱིལ་འཁོར་ཕྱི་མའི་རྩིག་པ་ལྔའི་སར་ཕྱི་ནས་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དབང་ལྡན་ནས་གཡས་སྐོར་གྱིས་སྒོ་ཚད་གཅིག་གི་བར་དུ་བྲི། དེ་ལ་མཆོད་ནས། རིན་པོ་ཆེའི་སྣོད་ཀྱིས་བཀབ་ལ་སྟེང་དུ་རྡོ་རྗེ་བཞག་པས་བསྲུང༌། ཕྱིས་སྦྲེལ་རན་པ་དང༌། སྣོད་བསལ་ལ་ངན་ན་ཕྱིར་བཟློག་བྱ། བཟང་ན་སྤྲོ་བ་བསྐྱེད་དོ། །དེ་ནས་སློབ་མ་སོགས་ཐམས་ཅད་ཀྱིས་བྲིས་ཏེ། ཚོན་གྱི་ཁ་དོག་ཕལ་ཆེ་བ་མངོན་རྟོགས་ཀྱིས་ཤེས་ལ། ནང་གི་ཀ་བ་སྔོན་པོ་ལ་ཤར་གྱི་ཀ་བ་གཉིས་ལ་རྡོ་རྗེ་སྔོན་པོ། ལྷོའི་ཀ་བ་གཉིས་ལ་རིན་པོ་ཆེ་སེར་པོ། ནུབ་ཀྱི་ལ་པདྨ་དམར་པོ། བྱང་གི་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། གདུང་ཟླུམ་སྔོན་པོ་ལ་རྡོ་རྗེ་སེར་པོས་མཚན་པ་བྲི། འཁོར་ལོའི་རྩིབས་ཕྱི་ནང་གཉིས་ཀྱི་བར་སྔོན་པོ། དཀྱིལ་ཕྱོགས་མདོག མུ་ཁྱུད་ཕྱི་ནང་གཉིས་སྔོན་པོ། འདོད་ཡོན་དམར། ཕ་གུ་སེར། དྲྭ་ཕྱེད་གཞི་སྔོན་པོ་ལ་ཕྲེང་བ་ཅི་མཛེས། མདའ་ཡབ་དང་པུ་ཤུ་ཁྲ་བོ། རྟ་བབས་ཀྱི་ཀ་བ་ཕྱོགས་མདོག་ཀ་རྒྱན་སྣ་ཚོགས། རྟ་བབས་ཀྱི་སྣམ་བུ་དང་པོ་དམར། གཉིས་པ་སྔོན་པོ། གསུམ་པ་ལྗང་གུ། བཞི་པ་སེར་པོ་བྲི། གླང་རྒྱབ་ཀྱི་ནང་སྔོན་པོ་ལ་དྲྭ་ཕྱེད་སྣ་ཚོགས་པདྨ་དཀར་དམར་ཆོས་འཁོར་སེར་པོ། གདུགས་སྣ་ཚོགས། ཁང་བཟངས་ཕྱི་མའི་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག ཁྱམས་ལྗང་གུ། ཁོར་ཡུག་གི་ཕྱིའི་རྡོ་རྗེའི་རྭ་བའི་གཞི་ནག་པོ་ལ། རྡོ་རྗེ་སེར་པོའམ་དཀར་པོ། དེའི་ཕྱི་རོལ་མེ་རི་སྣ་ཚོགས་སུ་བྲི། དེ་ནས་ལྷ་རྣམས་ཀྱི་གནས་སུ། རང་རང་གི་སྐུ་དངོས་སུ་བཞག་པའམ་མ་འབྱོར་ན་མིང་ངམ། ཐིག་ལེའམ། གདན་ཙམ་བཀོད་དོ། །བྲི་ཚར་བ་དང༌། ཐིག་ཚོན་གྱི་ལྷ་ལ་མཆོད་བསྟོད་བྱས་ནས་གཤེགས་སུ་གསོལ་བ་ནི། ཚོན་གྱིས་བྲི་བ་སྟེ་དཀྱིལ་འཁོར་བྲི་བའི་ཆོ་གའོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ནི། རྡུལ་ཚོན་གྱི་མཐར་དྲི་བཟང་པོའི་ཆུས་བྱུག དེར་མཆོད་པ་དང་གཏོར་མ་བཤམ་པ་སོགས་བྱས་ལ། སྒྲུབ་པ་པོ་ཐམས་ཅད་དཀྱིལ་འཁོར་གྱི་མཐའ་སྐོར་དུ་འདུག་ལ་མཆོད་པ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ་བདག་བསྐྱེད་བསྒོམ། བུམ་པ་བཟླས། རྡུལ་ཚོན་གྱི་དཀྱིལ་འཁོར་སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པའམ་རྒྱས་པ་སྤྲོ་བསྡུས་ལས་བསྐྱེད་ན། དབུས་ཀྱི་གདན་གྱི་སྟེང་དུ། ཨོཾ་སརྦ་བིཏ་སོགས་དང༌། མཐའ་སྐོར་དུ་རྩ་རིག་སྦྲུལ་འཁྱིལ་བ་ལྟ་བུས་བསྐོར་བ་དེ་དག་ལས་འོད་ཟེར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས། སེམས་ཅན་གྱི་དོན་བྱས་ཚུར་འདུས་སྙིང་པོ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་ཀུན་རིག་སོགས་བསྐྱེད་པ་ནས་བརྩམས་ཏེ་བྱང་སྒོའི་གདན་གྱི་དབུས་སུ་ཧོ་ལྗང་གུའི་མཐའ་སྐོར་དུ་ཨོཾ་སོགས་རྩ་རིག་ལས་འོད་ཟེར་འཕྲོས་བསྡུས་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་དྲིལ་བུ་སྐུ་མདོག་ལྗང་གུ་ཞེས་སོགས་ཀྱིས་བསྐྱེད། སྒོ་ཕྱི་མ་དང་ཁོར་ཡུག་གི་ལྷ་རྣམས་རྩ་རིག་ཁོ་ནའི་འོད་ཟེར་སྤྲོ་བསྡུ་ལས་བསྐྱེད། མདངས་གཤེགས་སུ་གསོལ་བའི་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། རྒྱས་གདབ། ལས་ལ་སྦྱར་ཏེ་དཀྱིལ་འཁོར་བསྒྲུབ་པའོ། །དེ་ལ་མཆོད་པ་འབུལ། གཏོར་མ་རྣམས་གཏོང༌། བདག་འཇུག་བྱ། བདག་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ཐ་མི་དད་དུ་བསྐྱེད་ཅིང་བརྟན་བྱེད་དུ་བཟླས་པ་བྱ། གྲུབ་ན་དཀྱིལ་འཁོར་མཆོད་པའི་ཕྱིར་རྒྱས་པའི་སྦྱིན་སྲེག་གམ་ཞི་བའི་སྦྱིན་སྲེག་བྱ་སྟེ། སྒྲུབ་མཆོད་འཁོར་དང་བཅས་པའོ། །གཉིས་པ་སློབ་མ་གཞུག་པའི་བྱ་བ་ནི། སློབ་མ་ཚད་ལྡན་ཡིན་ན་དབང་རྫོགས་པར་བསྐུར། དམ་ཚིག་བསྲུང་དུ་བཅུག་ནས་ལམ་ལ་རིམ་པ་བཞིན་དུ་སློབ་དུ་གཞུག་གོ །གཤིན་དོན་བྱེད་ན་ལྷོ་སྒོའི་ཆོ་ག་དབང་བསྐུར་དང་བཅས་པ་བྱའོ། །དེ་ལྟར་ཐམས་ཅད་གྲུབ་པ་ན། བདག་ཉིད་ལ་དབང་བསྐུར་བ་སོགས་དང༌། མདུན་གྱི་ལྷ་ལ་མཆོད་བསྟོད་བྱས་པའི་རྗེས་སུ་དངོས་གྲུབ་བླང༌། ནོངས་པ་བཟོད་པར་གསོལ་ནས་རྡུལ་ཚོན་གྱི་ལྷ་རྣམས། ཨོཾ་ཁྱེད་ཀྱིས་སོགས་དང༌། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཟུང་ལ། ཨོཾ་བཛྲ་སཏྭ་ཧཱུྃ། གསུམ་དང༌། བཛྲ་མུཿལྷ་རྣམས་ཀྱི་ཕྱག་རྒྱ་བཀྲོལ་ལ་གཤེགས་སུ་གསོལ། དེ་ནས་རོལ་མོ་དང་བཅས་པས་རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་བཤིག་ཅིང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བརྗོད་ལ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་དྲན་པར་བྱ། ལྷའི་གདན་ལ་སོགས་པའི་མཚན་མ་རྣམས་བསྡུ་ཞིང༌། རྡུལ་ཚོན་མཐའ་ནས་དབུས་སུ་ཕྱགས་ལ། བུམ་པའམ་ཟ་མ་ཏོག་ཏུ་བླུགས། ཐིག་རྗེས་རྣམས་དྲི་བཟངས་ཀྱི་ཆུས་མི་མངོན་པར་བྱས་ལ། བཀྲ་ཤིས་བྱའོ། །གལ་ཏེ་སྒྲུབ་མཆོད་ཞག་མང་པོ་བྱེད་ན། གཤེགས་གསོལ་གྱི་ཚབ་ཏུ་བརྟན་བཞུགས་བྱེད་དེ། རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ཉིད་ལ་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་ཞེས་སོགས་བརྗོད། ནུབ་ཐ་མལ་སྔར་ལྟར་གཤེགས་གསོལ་བྱའོ། །འདི་ནི་གཞན་ཕན་མཐའ་ཡས་ལ། །ཟུར་འདེབས་ཚུལ་དུ་ལེགས་སྦྱར་བས། །རྡུལ་ཚོན་དཀྱིལ་འཁོར་ཆོ་གའི་རིམ། །ཚང་ལ་མ་ནོར་ཤེས་པར་འགྱུར། །ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག་ལ་ཉེ་བར་མཁོ་བ་འདི་ནི་གཞན་ལ་ཕན་པའི་འོད་ཟེར་གྱི་དགོངས་པ་ལྟར། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བསམ་འགྲུབ་བཟང་པོས་བགྱིས་པའོ།།  །། ༄༅། །རྒྱུད་སྡེ་འོག་མ་གསུམ་ལ་ཉེ་བར་མཁོ་བའི་ཆ་གསུམ་གཏོར་མ་བཞུགས་སོ།།  ༈ །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཆོ་ག་བྱེད་པའི་སྐབས་སུ་གཏོར་མ་ཆ་གསུམ་མདོར་བསྡུས་ཏེ་གཏོང་བར་འདོད་ན། གཏོར་མ་གསུམ་བཤམས་པའི་དང་པོ་ཕྱོགས་སྐྱོང་བཅུ་ལ་དབུལ་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བརྗོད་པས་མ་དག་པ་བསང་ཞིང༌། རྡོ་རྗེ་མེའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་བརྗོད་པས་གཟི་བྱིན་བསྐྱེད་ལ་རིན་པོ་ཆེའི་སྣོད་ཡངས་པ་བདུད་རྩིའི་ཚོགས་ཀྱིས་གང་བར་བསམས་ནས། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་ཚུལ་དུ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་ཅི་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་བསམ་ཞིང༌། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཅིང༌། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སུ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟཾ་གྱིས་གདན་ཕུལ་ལ། ཨོཾ་ཨིནྡྲཱ་ཡ། ཨགྣ་ཡ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། ཝ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤྭ་རཱ་ཡ། ཨུདྡྷཾ་བྲཧྨཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨདྷྭ་པྲྀ་ཐི་ཝི་བྷྱཿ ཨ་སུ་རེ་བྷྱཿ ནྱ་གེ་བྷྱཿ ས་པ་རི་ཝཱ་ར། བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་པས་དམ་ལ་བཞག དེ་ནས་སྔར་གྱི་སྔགས་ཀྱི་རྗེས་ལ། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། པུཥྤཾ་སྭཱ་ཧཱ། དྷཱུ་པཾ་སྭཱ་ཧཱ། དཱི་པཾ་སྭཱ་ཧཱ། གནྡྷཾ་སྭཱ་ཧཱ། ཞེས་པས་མཆོད་ནས། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོའི་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྐྱོང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང༌། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། སྔར་གྱི་སྔགས་རྣམས་ཀྱི་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ། ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་གང་དག་ས་སྟེངས་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །སྭཿསྭཿསོ་སོར་གཏོར་མ་འབུལ་བ་ནི། །རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང༌། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕྲིན་ལས་བཅོལ་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ། སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ལ། སྔར་གྱི་ད་ཤ་དིཀ་སོགས་ཀྱི་རྗེས་ལ་གཙྩ་བཏགས་པས་གཤེགས་སུ་གསོལ་ལོ། །གཉིས་པ་འབྱུང་པོ་རྣམས་ལ་འབུལ་ཏེ། སྔ་མ་ལྟར་བྱིན་གྱིས་བརླབས་ནས། སྙིང་གའི་འོད་ཟེར་གྱིས་ལྷ་ཐམས་ཅད་སྤྱན་དྲང་བར་བསམ་ཞིང༌། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ཨོཾ་སརྦ་ལོ་ཀ་ཀཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད་ལ་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་དེ་ཝ། ནཱ་ག ཡཀྵ། གནྡྷརྦྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་རཱ་ག མ་ནུཥྱ། ཨ་མ་ནུཥྱ། ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ། ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲི་ཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང༌། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང༌། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང༌། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང༌། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང༌། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང༌། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་སོལ་ཞིང་ལེགས་པར་བཞེས་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕྲིན་ལས་བཅོལ་ཞིང༌། སྔ་མ་ལྟར་ཆོས་ཀྱི་སྦྱིན་པ་དང༌། འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཨོཾ་སརྦ་ལོ་ཀ་ཀཱ་ར་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ་གཙྪ། ཞེས་པས་གཤེགས་སུ་གསོལ་ལོ། །གསུམ་པ་བགེགས་རྣམས་ལ་སྦྱིན་ཏེ། རང་ཉིད་རིགས་ཀྱི་ཁྲོ་བོ་གང་ཡིན་གྱི་ང་རྒྱལ་དང་ལྡན་པས། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས། བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུང་ཙམ་ཉིད་ལ་འདིར་མཆིས་པར་གྱུར་ཅིག ཊཀྐི་ཧཱུྃ་ཛ། ཞེས་བརྗོད་པས་བགེགས་རྣམས་གཏོར་མ་ལེན་པའི་ཕྱིར་དུ་འོངས་པར་བསམས་ལ། ཨོཾ་གུང་ཀ་རེ་གུང་ཀ་རེ་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། སརྦ་བིགྷྣཱ་ན་གྲིཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད་ལ། གོང་གི་སྔགས་གསུམ་གྱི་རྗེས་སུ། སརྦ་བི་གྷྣཱ་ན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་སོགས་བཏགས་ལ་ལན་གསུམ་གྱིས་གཏོར་མ་བྱིན་པས་ཚིམ་པར་བསམས་ལ། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡིས། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཞེས་བསྔོས་ལ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པ། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང༌། །ཞེས་བརྗོད་ཅིང༌། ཨོཾ་སརྦ་བིགྷྣཱན་གཙྪ། ཞེས་པས་གཤེགས་སུ་གསོལ་ལ། གཏོར་མས་གཙང་སར་དོར་ཞིང༌། རོལ་མོའི་སྒྲ་དྲག་པོ་དང་བཅས་པས། ན་མསྶ་མནྟ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾ་ཥྚོཏྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ནཱཾ། མ་ཧཱ་ག་ཎ་པ་ཏི། ཛཱི་ཝི་ཏ། ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་པས་མཚམས་བཅད་པར་བྱའོ། །དེ་བཞིན་དུ་བྱ་བ་དང༌། སྤྱོད་པའི་རྒྱུད་ཀྱི་ཆོ་ག་རྣམས་ཀྱི་སྐབས་སུ་ཡང༌། གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་པ་རྣམས་སོ་སོའི་ཆོ་ག་བཞིན་སྦྱར་ལ། གཏོར་མའི་ཆོ་ག་ནི་འདི་ཁོ་ན་ལྟར་ཉམས་སུ་བླངས་པས་འགྲུབ་པོ། །འོན་ཀྱང་བྱ་བའི་རྒྱུད་ལ་ལྷའི་ང་རྒྱལ་གྱིས་མགྲོན་དགུག་པ་མེད་པས། སྔོན་དུ་བདག་མེད་གཉིས་ཀྱི་རྣལ་འབྱོར་ལ་སེམས་བཞག་ལ། དེའི་ངང་ལས་མགྲོན་དགུག་པ་སོགས་བྱ་བ་ཉིད་དོ། །དེ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱི་ཆོ་ག་ལ་ཉེ་བར་མཁོ་བའི་ཡན་ལག་གཏོར་མ་ཆ་གསུམ་གྱི་ཆོ་ག་བསྡུས་པ་འདི། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སློབ་དཔོན་ཤྲདྡྷ་ཀཱ་ར་ཝརྨྨའི་གཞུང་དང་མཐུན་པར་སློབ་མ་དག་གི་དོན་དུ་བྲིས་པའོ།།  །། ༄༅། །དཀྱིལ་འཁོར་སྒོ་སྦྲག་གི་བཤད་པ་བཞུགས་སོ།།  ༈ །ན་མོ་བཛྲ་སཏྭཱ་ཡ། དཀྱིལ་འཁོར་སྒོ་སྦྲག་གི་དོན་ལ། ཀུན་མཁྱེན་གཉིས་པ་བུ་སྟོན་ཞབས་ཀྱི་བཞེད་པས། རྡོ་རྗེ་རྩེ་མོར། དཀྱིལ་འཁོར་ནང་མའི་དབང་དུ་མཛད་ནས། །རིམ་གཉིས་སྒོ་དང་ཡང་དག་ལྡན། །རྟ་བབས་སྣ་ཚོགས་དང་ལྡན་པ། །དཀར་ཞིང་གསལ་ལ་རྡོ་རྗེ་དང༌། །ཉི་ཟླ་དག་གིས་རྣམ་པར་སྤྲས། །འདབ་མ་བཞི་དང་ཡང་དག་ལྡན། །སྒེ་བཞི་དག་ནི་མཆོག་ཏུ་མཛེས། །མཐོ་ཞིང་ཡངས་ལ་མཛེས་པ་སྟེ། །རྡོ་རྗེ་རྡོ་རྗེ་ཡང་དག་ལྡན། །ཞེས་གསུངས་ཏེ། མཆོད་རྟེན་གྱི་བུམ་པའི་བུམ་རྟེན་ལ་འདབ་མ་ཞེས་བཤད་པའི་རིགས་པས་འདིར་ཡང་བུམ་རྟེན་ལྟ་བུའི་འདབ་མ་རིམ་པ་བཞིས་འཕགས་པའི་སྟེང་དུ་ཕྱི་མའི་ཕྱེད་ཀྱི་ཚད་ཀྱི་དཀྱིལ་འཁོར་ནང་མ་བྱའོ། །དེས་ན་མཐོ་ཞིང་ཞེས་གསུངས་པས་ཕྱི་མ་ལས་ནང་མ་མཐོ་བར་བསྟན་གྱི། བྲི་བྱ་ལ་མཐོ་དམན་གསུངས་པའི་ཕྱིར་ཞེས་བཤད་མོད། ལུགས་འདིར་རྒྱུད་འགྲེལ་རྣམས་ཀྱི་དགོངས་པ་ནི་མ་ཡིན་ཏེ། གཞུང་འདིར་དཀྱིལ་འཁོར་ནང་མའི་དབང་དུ་བྱས་པ་ཡིན་ན། རིམ་གཉིས་སྒོ་དང་བཅས་པ་འདི་དོན་མེད་པར་འགྱུར་ལ། འདབ་མ་བཞི་ཞེས་པ་མཆོད་རྟེན་གྱི་བུམ་རྟེན་ལྟ་བུ་ཡིན་ན། དེ་ལྟ་བུའི་འདབ་མ་བཞི་བརྩེགས་དེ་དཀྱིལ་འཁོར་ཕྱི་མའི་ཕྱེད་ཀྱི་ཚད་དུ་བྱས་ན་དཀྱིལ་འཁོར་ནང་མ་དཀྱིལ་འཁོར་ཕྱི་མའི་ཕྱེད་དུ་མི་འགྱུར་ཞིང༌། ཕྱེད་པས་ལྷག་པར་བྱས་ན་ཕྱིའི་ཐིག་ཐམས་ཅད་འཆུགས་པར་འགྱུར་ལ། མཐོ་ཞིང་ཞེས་གསུངས་པས་ཕྱི་མ་ལས་ནང་མ་མཐོ་བར་བསྟན་ན་ཡངས་ལ་མཛེས་པ་སྟེ། ཞེས་གསུངས་པས། ཕྱི་མ་བས་ནང་མ་མཛེས་པ་དང་ཡངས་པ་གཅིག་དགོས་པར་སྣང་སྟེ་ཤིན་ཏུ་དཀའོ། །གཞན་ཡང་དཀྱིལ་འཁོར་སྒོ་སྦྲག་ཡོད་པའི་བསྒྲུབ་དཀྱིལ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་རྣམས་ལས། དཀྱིལ་འཁོར་ནང་མ་ཞེས་དང༌། དེའི་ནང་དུ་སྙིང་པོའི་དཀྱིལ་འཁོར་ཞེས་གསུངས་ཀྱི། དཀྱིལ་འཁོར་སྟེང་མ་ཞེས་དང༌། དེའི་སྟེང་དུ་ཞེས་མ་གསུངས་སོ། གལ་ཏེ་དེ་ནི་མི་འགལ་ཏེ། ཁང་པ་ཆེ་གེ་མོ་ན་མི་ཆེ་གེ་མོ་ཞེས་པ་ཡོད་དོ་ཞེས་གྲགས་ཀྱང་མི་དེ་ཁང་པའི་འོག་ཁོ་ནར་མི་གནས་པ་བཞིན་ནོ། །ཞེས་ལྐུགས་པའི་རིགས་པ་སྨྲ་མོད། འཐད་པ་མ་ཡིན་ཏེ། དེ་ལྟར་ན་ཁང་པར་མི་དུས་ཐམས་ཅད་དུ་མི་གནས་པ་བཞིན་གཞལ་ཡས་ཁང་དུ་ལྷ་ཡང་དུས་ཐམས་ཅད་དུ་གནས་པའི་ངེས་པ་མེད་པར་འགྱུར་ལ། ནང་དང་སྟེང་མི་འགལ་ན་རྩིག་པ་རིམ་པ་ལྔ་པོ་གཞན་དག་འདོད་པ་ལྟར་སྟེང་ནས་སྟེང་དུ་བརྩེགས་པ་ཡིན་པར་འགྱུར་རོ། །གཞན་ཡང་དཀྱིལ་འཁོར་ཕྱི་མའི་ཐོག་ལ་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པར་གསུངས་པ་ལ། གཞལ་ཡས་ཁང་ཕྱི་མའི་ཕྱེད་ནང་མ་རྡོ་རྗེའི་གདུང་གི་བར་ལ་མི་ཤོང་བའི་སྐྱོན་ཡོད་དོ། །དེས་ན་དཀྱིལ་འཁོར་སྒོ་སྦྲག་རྣམས་ནི་བྲེ་ནང་གི་བྲེ་བཅུག་པ་ཁོ་ན་ཡིན་པར་མཁས་པ་ཤོང་ལོཙྪ་བ་སོགས་བཞེད་ཀྱི། རྒྱུད་འགྲེལ་རྣམས་ཀྱི་དགོངས་པའང་དེ་བཞིན་དུ་སྣང་ལ། རྡོ་རྗེ་རྩེ་མོའི་ལུང་དེའི་དགོངས་པ་ནི། གཞལ་མེད་ཁང་བྱིངས་ཀྱི་རྣམ་གཞག་འཆད་པ་ཡིན་གྱི། གཞལ་ཡས་ནང་མ་ཁོ་ན་འཆད་པ་མ་ཡིན་ལ། ཁྱད་པར་དུ་འདབ་མ་བཞི་ཞེས་པའི་དོན་སྒོའི་ཐེམ་སྐས་ཡིན་པར་ཟངས་དཀར་ལོཙྪ་བའི་ཊཱི་ཀར་བཤད་དེ་རྒྱུད་ཀྱི་དགོངས་པར་སྣང་ཞིང༌། སྦྱོང་རྒྱུད་དུ། ཐེམ་སྐས་བཞི་དང་ཡང་དག་ལྡན། །ཞེས་པ་དང་མཐུན་ནོ། །ཞེས་པ་འདི་ཡང་གསང་སྔགས་པར་རློམ་པའི་རྨོངས་པ་ཁ་ཅིག་ཐེ་ཚོམ་བསལ་བའི་ཕྱིར་དུ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱོར་བའོ།།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*