ཟིན་ཤིང་གི་སྟོན་པ་བཏུལ་བའི་ཚིགས་བཅད།

༼བ༽

༄༅། །ཟིན་ཤིང་གི་སྟོན་པ་བཏུལ་པའི་ཚིགས་བཅད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཡོད་དང་མེད་པ་ལ་སོགས་པ། །ལྟ་ངན་ཐམས་ཅད་རབ་འཇོམས་པ། །སེང་གེའི་སྒྲ་ཡི་དབྱངས་སྒྲོགས་པ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །བསོད་ནམས་དཔལ་འབྱོར་རབ་རྒྱས་ཤིང༌། །རྣམ་དཔྱོད་བློ་གྲོས་ཆེན་པོ་པ། །མི་དབང་ཉིད་ཀྱིས་དབང་མཛད་ཅིང༌། །དེ་ཉིད་ཀྱི་ནི་བཀས་བསྐུལ་ནས། །ཡང་དག་གསུངས་པའི་ལུང་གི་མདའ། །རིགས་པའི་རྡོ་རྗེའི་མདེའུ་རྣོན་ཅན། །རྣམ་པར་དཔྱོད་པའི་གནམ་རུ་ལས། །སྤོབས་པའི་སྐྱེས་བུས་འཕངས་པའི་ཚེ། །དྲང་སྲོང་ལམ་ལ་རབ་འབད་པས། །མངོན་པར་ཤེས་པའི་མིག་དང་ནི། །རྫུ་འཕྲུལ་ཤུགས་དང་རབ་ལྡན་ཡང༌། །ཐོག་མེད་སྲིད་པའི་བག་ཆགས་ཀྱིས །འཇིག་ཚོགས་ལྟ་ལ་རབ་འཆོལ་ཞིང༌། །ཐར་པ་དམ་པ་བསྒྲུབ་པ་ཡི། །ལམ་གྱི་སྣོད་དུའང་མ་གྱུར་པ། །ལ་བགིན་ཞེས་བྱའི་རྗེས་འབྲང་བའི། །ཟིན་ཤིང་རྣམས་ཀྱི་སྟོན་པ་མཆོག །རང་གི་གཞུང་ལ་རབ་མཁས་ཤིང༌། །ཆེ་བར་རབ་གྲགས་རློམ་པ་ཡི། །ཤིན་ཏུ་མྱོས་པར་གྱུར་པ་ཡིས། །གྲུབ་པའི་མཐའ་ཡི་གཞུང་ལུགས་ཀུན། །བཅོམ་ཞིང་རྣམ་པར་བསྲེགས་ནས་ཀྱང༌། །དེ་བློ་དག་པའི་ལྕགས་ཀྱི་ཁམས། །ཡང་དག་གསུངས་པའི་བསྟན་པ་ཡི། །གསེར་འགྱུར་རྩི་ཡིས་རབ་སྦྱར་ནས། །ཐུབ་པའི་བརྟུལ་ཞུགས་ལེགས་འཛིན་པའི། །སྡོམ་བརྩོན་དམ་པར་བདག་གིས་བསྒྱུར། །འདི་ལ་མཁས་རྣམས་རྟག་དགྱེས་མཛོད། །དགེ་བ་དེ་ཡིས་འགྲོ་བ་སྲིད། །ནམ་མཁའི་མཐའ་ཡིས་གཏུགས་གྱུར་པར། །མ་ཞུགས་ལོག་པར་ཞུགས་པ་ཡི། །འགྲོ་ཀུན་བསྟན་ལ་འཇུག་པར་ཤོག །འདི་ལྟར་རྒྱའི་ཡུལ་དུ་སྔོན་བྱུང་བ། ཐ་བོ་ཤང་ལ་བགིན་ཞེས་བྱ་བ། མའི་མངལ་དུ་ལོ་བརྒྱད་ཅུ་རྩ་གཉིས་གནས་ནས། སྐྱེས་པའི་ཚེ་དབེན་པ་ལ་དགའ་ཞིང༌། ཏིང་ངེ་འཛིན་ལ་བརྩོན་པས། འཇིག་རྟེན་པའི་མངོན་པར་ཤེས་པ་དང༌། རྫུ་འཕྲུལ་ཐོབ་ཅིང༌། རང་གི་སློབ་མ་རྣམས་ལའང་ལམ་དེ་ཉིད་འདོམས་པར་བྱེད་པ། གྲངས་ཅན་པའི་གྲུབ་པའི་མཐའ་དང་ཚུལ་མཚུངས་པའི་གཞུང་ལུགས་སྨྲ་བ་ཞིག་བྱུང་ལ། དེའི་རྗེས་སུ་འབྲངས་པ་ཟིན་ཤིང་ཞེས་བྱ་བའི་སྡེ་རབ་ཏུ་མང་པོ་གནས་པ། བདེ་བར་གཤེགས་པའི་བསྟན་པ་ལ་གནོད་པར་འགྱུར་བར་གཟིགས་ནས། མིའི་དབང་པོ་གོ་པེ་ལའི་བཀས་ལོག་པའི་གྲུབ་མཐའ་འདི་ཉིད་སུན་ཕྱུང་ཞིག་ཅེས་བསྐུལ་ནས། ས་ཕོ་རྟའི་ལོ་དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་གསུམ་ལ། འཕགས་པས་ཟིན་ཤིང་གི་སྟོན་པ་རིང་དུ་སྦྱངས་པས་རང་གི་གཞུང་ལུགས་ཀྱི་མཐར་སོན་ལ། བཅུ་བདུན་ཡང་དག་པའི་རིགས་པས་ཕམ་པར་བྱས་ཏེ། རབ་ཏུ་བྱུང་བའི་ཚེ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*