སྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི།

༼བ༽

༄༅། །ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །སྲིད་དང་མྱ་ངན་འདས་པའི་གཙོ། །ཐབས་དང་ཤེས་རབ་མཉམ་སྦྱོར་བ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་ཏེ། །རིན་ཆེན་འོད་ཟེར་སྤྲོ་བར་བྱ། །བསིལ་ཟེར་ཅན་ལ་ཞི་བ་སོགས། །འདས་པ་བསྲེས་པ་ལོ་དག་ཡིན། །ཉི་མས་བསྒྱུར་ལ་ནག་སོགས་སྦྱིན། །གནས་གཉིས་འོག་མ་མིག་གིས་བསྒྱུར། །འདོད་སྦྱིན་མདའ་རོས་རྙེད་སྟེང་བསྲེ། །གཉིས་འཕེལ་ཤོལ་ཡིན་ལྷག་མ་ནི། །མིག་གིས་རྙེད་པས་འདས་པ་རྟོགས། །སྟེང་གི་ཟླ་དག་གནས་གསུམ་གཞག །དབུས་སུ་མིག་སྦྱིན་སོ་ཡིས་བསྒྱུར། །རྩ་བར་གཅིག་བསྲེ་དུས་ཀྱིས་བགོ །ལྷག་མ་ཐིག་ལེས་བརྒྱན་པ་ཡི། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་གཟའ་ཡི་ཆུ་སྲང་ཡིན། །ཐོབ་ལ་གཟུགས་བསྲེ་དབུས་སུ་སྦྱངས། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དོ། །ནོར་ལ་བཞི་བསྲེ་སྟེང་དུ་སྦྱིན། །ཐུབ་པས་བགོས་པའི་ལྷག་མ་གཟའ། །ཟླ་དག་གནས་གཉིས་འོག་མ་ལ། །ཟླ་བ་མི་བདག་རྣམས་བསྲེས་ནས། །དུས་ཉིས་བགོས་ལྷག་ཆ་ཤས་ཡིན། །སྟེང་ལ་མེ་བསྲེ་མིག་གིས་བསྒྱུར། །ཐོབ་པ་བྱིན་ལ་ཀླུ་ལག་གིས། །བགོས་པའི་ལྷག་མ་ཚོགས་སུ་འགྱུར། །གནས་གསུམ་དབུས་མ་དྲག་པོས་བསྒྱུར། །རྩ་བར་བདུན་བསྲེ་སོ་དགུས་དབྱེ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །སོ་དགུས་ཕྱེ་ལ་རྙེད་པ་དེས། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་སྐར་མའི་ཆུ་སྲང་ཡིན། །ཐོབ་པ་གོང་མར་མདའ་བསྲེས་པས། །དབུས་སུ་སྤྱི་བཞིན་དྲུག་ཅུས་བགོ །ལྷག་མ་ཆུ་ཚོད་སྟེང་མ་ནི། །མིག་གིས་བསྒྱུར་ལ་ཐོབ་པ་བསྲེ། །འཁོར་ལོས་བགོས་ལྷག་སྐར་མའོ། །གཟའ་ལ་གཅིག་སྦྱིན་དབྱུ་གུར་སོ། །ཆུ་སྲང་ནས་ནི་བཅུད་བྲི་ཞིང༌། །ཚོགས་སུ་གཉིས་བསྲེ་ཆ་ཤས་གཅིག །སྐར་མར་མིག་དང་ཆུ་ཚོད་དྲག །གཟུགས་སམ་ལག་པས་ཆུ་སྲང་ནས། །འབྲིད་པ་ཟླ་རེ་འབྱེད་པ་ཡིན། །ཉིན་རེའི་ངེས་པ་བཙལ་བའི་ཕྱིར། །གཟའ་ལ་ཚེས་སྦྱིན་དབྱུ་གུར་དབྲོག །ཚོགས་སུ་ཚེས་སྦྱིན་བཅུ་བཞིས་བགོ །ཐོབ་པ་མཉམ་སྦྱིན་མི་མཉམ་དོར། །ལྷག་མས་ཟླ་རྐང་གཟུང་བྱ་སྟེ། །འབྱུང་དབང་མདའ་སྡེ་མེ་མིག་གཟུགས། །བཟློག་པ་དང་བཅས་མ་ནུའི་གནས། །འདི་དང་ཉི་མ་གཟའ་ལྔ་ལའང༌། །མཚམས་མ་འདས་ན་ཟོས་ཟིན་དང༌། །འདས་ན་བཟའ་རྒྱུའི་ཆུ་ཚོད་རྣམས། །བསྡོམས་ལ་རྐང་པའི་འོག་ཏུ་གཞག །ཡང་དག་རྒྱུ་བས་ཆ་ཤས་བསྒྱུར། །དུས་ཉིས་ཐོབ་པ་དེ་རྩར་གཞག །དྲུག་ཅུས་བསྒྱུར་ལ་རྙེད་ཆུ་སྲང༌། །དྲུག་གིས་བསྣུན་ནས་ཐོག་པ་དབུགས། །རྐང་པའི་དབྱུ་གུར་ཡང་དག་རྒྱུས། །མཚམས་མ་འདས་ན་སྦྱིན་པ་དང༌། །འདས་ན་རིམ་བཞིན་སྦྱང་བར་བྱ། །དེས་ནི་གཟའ་ཡི་ལོངས་སྤྱོད་དུ། །སྦྱིན་དོར་སྔར་གྱི་མཚན་མས་ཤེས། །ཚེས་གྲངས་གནས་གཉིས་སྟེང་མ་ནི། །ཆུས་བསྒྱུར་འོག་མ་དུས་ལག་གིས། །བསྒྲེལ་ལ་མཁའ་རོས་ཐོབ་སྟེང་སྦྱིན། །དྲུག་ཅུས་ཐོབ་པ་རྒྱུ་སྐར་ཏེ། །རིམ་བཞིན་ཉི་ལོངས་སྤྱོད་དུ་སྦྱིན། །དེ་ཉིད་གནས་གཉིས་གཡོན་ཕྱོགས་ཀྱི། །སྐར་མར་དྲུག་དང་ཆུ་ཚོད་ནས། །ཞེ་ལྔས་དབྲི་སྟེ་འཁོར་ལོ་ཕྱེད། །སྦྱིན་དོར་རིམ་མིན་བྱང་དུ་བགྲོད། །སྦྱིན་དོར་མེད་རིམ་ལྷོ་བགྲོད་དོ། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་ཉི་རྐང་བཟུང༌། །དུས་ཆུ་བསེ་རུ་བཟློག་དང་བཅས། །རོ་ཡི་གནས་སུ་ཡང་དག་རྒྱུས། །ལྷག་མ་བསྒྲེས་ཏེ་མདའ་ཡོན་ཟླས། །རྙེད་པའི་ནོར་ནི་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་ཆུ་སྲང་སྟེ། །དྲུག་གིས་བསྣུན་ནས་ཐོབ་པ་དབུགས། །རྐང་པའི་དབྱུ་གུར་ཡང་དག་རྒྱུས། །སྔ་མར་སྦྱིན་ཞིང་ཕྱི་མ་ལ། །རིམ་བཞིན་སྦྱངས་ནས་དེ་དག་གིས། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །ཉི་དག་གནས་གཉིས་གཡོན་ཕྱོགས་ཀྱི། །སྐར་མར་ཚེས་སྦྱིན་གནས་གཞན་དུ། །ཚེས་ལ་རོས་བསྒྱུར་དེ་ལ་གཟའི། །ཆུ་ཚོད་བསྲེས་ལ་དྲུག་ཅུས་བགོ །ཐོབ་པ་དང་ནི་ལྷག་མ་དང༌། །གཟའ་ཡི་ཆུ་སྲང་དབུགས་རྣམས་ཀྱིས། །གཡོན་གྱི་སྐར་མ་སོགས་ལ་སྦྱོང༌། །ལྷག་ན་འབུད་ཅིང་མ་ལྡང་དབབ། །ཉི་ཟླ་བསྲེས་ལ་འཁོར་ལོ་ཡིས། །ཕྱེ་བའི་ལྷག་མ་སྦྱོར་བའོ། །ཚེས་གྲངས་མིག་གིས་བསྒྱུར་བ་ལ། །ཟླ་བས་སྦྱང་ཞིང་ཐུབ་པས་བགོ །དེ་ཡི་ལྷག་མ་བྱེད་པ་ཡིན། །ཉི་ཟླ་མིག་དམར་གཟའ་ལྷག་དང༌། །ཕུར་བུ་པ་སངས་སྤེན་པའོ། །གཟའ་ནི་དེ་ཉིད་ལོངས་སྤྱོད་ཚེས། །ལོངས་སྤྱོད་དེ་ཡང་མ་འོངས་པ། །ཐ་སྐར་བྲ་ཉེ་སྨིན་དྲུག་སྣར། །མགོ་ལག་ནམ་སོ་རྒྱས་སྐག་མཆུ། །གྲེ་དབོ་མེ་བཞི་ནག་པ་དང༌། །ས་རི་ས་ག་ལྷ་མཚམས་སྣྲོན། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང༌། །གྲོ་བཞིན་མོན་གྲེ་མོན་གྲུ་དང༌། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་སྟེ། །སྐར་མའོ་སྦྱོར་བ་ཉེར་བདུན་ནི། །སེལ་མཛའ་ཚེ་ལྡན་སྐལ་བཟང་བཟང༌། །ཤིན་ཏུ་སྐྲང་དང་ལས་བཟང་འཛིན། །གཟེར་དང་འབྲས་འཕེལ་ཉེས་རྨ་ཆེན། །དགའ་བ་རྡོ་རྗེ་དངོས་གྲུབ་ལྟུང༌། །དཔའ་བོ་ཡོངས་བསྣུན་ཞི་བ་གྲུབ། །བསྒྲུབ་བྱ་དགེ་བ་དཀར་པོ་དང༌། །ཚངས་པ་དབང་པོ་ཤ་ཁོན་འཛིན། །རྒྱུ་སྐར་དང་ནི་སྦྱོར་བ་དག །ལོངས་སྤྱོད་དང་བཅས་འདས་པ་ཡིན། །གདབ་པ་བྱིས་ཅན་ཡེ་ཤེས་ཏིལ། །ཁྱིམ་སྐྱེས་ཚོང་དཀྲིས་བཀྲ་ཤིས་དང༌། །བཞི་མདོ་ཀླུ་དང་མི་སྡུག་པའོ། །ཚེས་གཅིག་ཉིན་ཕྱེད་ནས་བཟུང་སྟེ། །མཚན་ཕྱེད་བར་ལ་གདབ་པའོ། །འདི་ཡི་རིམ་པས་བྱེད་བདུན་པོ། །ལན་བརྒྱད་བསྐོར་རྗེས་བཀྲ་ཤིས་སོགས། །ཐ་མ་བཞི་པོ་ལན་ཅིག་འབྱུང༌། །གཟའ་ཚེས་སྐར་མ་སྦྱོར་བ་དང༌། །བྱེད་པ་དང་ནི་ཡན་ལག་ལྔའོ། །སྒྲ་གཅན་ཟླ་བ་རྣམ་དག་ལ། །སྲིན་བུ་གཟུང་བསྲེ་མིག་གིས་བསྒྱུར། །ཟླ་བར་གཅིག་བསྲེ་ཉི་མར་ལག །མཁའ་དུས་ཆུ་བོས་རྙེད་པ་དོར། །ལྷག་མ་འཁོར་ལོས་བསྒྱུར་བ་ལ། །དཀྱིལ་འཁོར་གྱིས་ཐོབ་སྐར་མ་ཡིན། །ལྷག་མ་རིམ་བཞིན་མཁའ་རོ་དང༌། །དྲུག་ཅུ་དང་ནི་རོས་བསྣུན་ནས། །རྙེད་པ་ཆུ་ཚོད་ཆུ་སྲང་དབུགས། །དེ་ནི་འཁོར་ལོ་ལ་སྦྱངས་པའི། །ལྷག་མ་མུན་ཅན་དེ་ལ་ནི། །འཁོར་ལོ་ཕྱེད་བསྲེས་དུས་ཀྱི་མེ། །ཕྱེད་དག་དབྱུ་གུར་བཞི་བཅུ་གཉིས། །ཆུ་སྲང་ཚེས་དང་དབུགས་སུ་བཞི། །བྱིན་པས་ཟླ་བ་དྲུག་པར་འགྱུར། །སྒྲ་གཅན་ལེགས་པར་བསྟན་ཟིན་ཏོ། །གཟའ་ལྔ་རྟོགས་པར་བྱ་བའི་ཕྱིར། །ཟླ་བ་དག་པ་སུམ་ཅུས་བསྒྱུར། །འདས་པའི་ཚེས་བསྲེ་གནས་གསུམ་བཞག །སྟེང་དབུས་མེ་དང་ནོར་ཟླ་བསྲེ། །འོག་ཏུ་ཆུ་ཟླས་སྦྱངས་པ་ལ། །རི་མཁའ་རིས་ཐོབ་དབུས་སུ་སྦྱིན། །ཆུ་རོས་ཐོབ་པས་སྟེང་ལ་དབྲོག །གནས་གཉིས་འོག་མ་རིས་བགོས་ལྷག །ཚེས་དེའི་གཟའ་དང་མཚུངས་ན་དག །མི་མཚུངས་སྟེང་མར་སྣོན་འབྲིད་ཀྱིས། །མཚུངས་པར་བྱས་པ་གསལ་ཞག་ཡིན། །དེ་ལ་མིག་དམར་དོན་དུ་ནི། །མེ་དང་མི་བདག་རྣམ་བསྲེས་ནས། །རི་ཀླུ་དུས་ཀྱིས་རྙེད་པ་དོར། །གཟའ་ལྷག་སྤྱི་ཉི་བརྒྱ་ཡིས་བསྒྱུར། །ཉི་ཟླ་མེ་དང་མིག་གིས་སྦྱང༌། །རི་བུག་རི་ཀླུས་རྙེད་པ་དོར། །ཕུར་བུ་ཟླ་མིག་གཟུང་རེ་བསྲེ། །དེ་ལ་སོ་མེ་རྒྱ་མཚོས་དབྱེ། །པ་སངས་དོན་དུ་ཕྱོགས་ཀྱིས་བསྒྱུར། །ཐུབ་པ་དུས་དང་ཉི་མས་སྦྱང༌། །རི་རྒྱལ་མིག་གིས་རྙེད་པ་དོར། །སྤེན་པ་རི་བུག་ནོར་མདའ་བསྲེ། །དྲུག་རོ་རི་མཁའ་ཟླས་རྙེད་དོར། །ལྷག་མ་འཁོར་ལོས་བསྒྱུར་བ་ལ། །དཀྱིལ་འཁོར་གྱིས་ཐོབ་སྐར་མ་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཐོབ་པ་ཆུ་ཚོད་ལྷག་མ་ནི། །མཁའ་རོས་བསྒྱུར་ནས་རྙེད་ཆུ་སྲང༌། །དྲུག་གིས་བསྣུན་ནས་ཐོབ་པ་དབུགས། །སོ་སོའི་ལོངས་སྤྱོད་ངེས་པའོ། །མིག་དམར་ཕུར་བུ་སྤེན་པ་ཡི། །ལོངས་སྤྱོད་གནས་གསུམ་དབུས་མ་ལ། །བཀྲ་ཤིས་སྐར་མ་ཕྱེད་བཅས་དགུ། །བླ་མའི་སྐར་མར་ཉི་མ་དང༌། །སྤེན་པ་ནོར་ཟླས་དབྲི་བར་བྱ། །གཟའ་ལྷག་དཀར་པོའི་ལོངས་སྤྱོད་དང༌། །མ་དག་ཉི་མ་གནས་གཉིས་ཀྱི། །གཅིག་གི་སྐར་མར་དཀར་པོ་དུས། །ལྷག་པ་ཕྱེད་བཅས་བཅུ་དྲུག་སྦྱང༌། །ཀུན་གྱི་དལ་མྱུར་བྱེད་པའི་ཚེ། །ལོངས་སྤྱོད་ཉི་མ་དལ་བ་ལ། །སྦྱོང་ཚེ་འཁོར་ལོའམ་དེ་ཕྱེད་ཀྱི། །སྦྱིན་དོར་རིམ་མིན་གཞན་རིམ་པ། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་དལ་རྐང་གཟུང༌། །མིག་དམར་དེ་ཉིད་སྐྱོན་དང་རི། །གཟའ་ལྷག་ཕྱོགས་རི་རྩེ་མོ་ཅན། །ཕུར་བུ་དྲུག་པོ་བུ་ག་མེ། །པ་སངས་མདའ་དང་རིག་བྱེད་ཟླ། །སྤེན་པ་ཉེར་གཉིས་ཚེས་དང་རོ། །ཀུན་ཀྱང་བཟློག་བཅས་དུས་ཀྱི་གནས། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །རྙེད་པ་ཆུ་སྲང་ལྷག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །མཚམས་མ་འདས་ན་སྦྱིན་པ་དང༌། །འདས་ན་རིམ་བཞིན་སྦྱང་བར་བྱ། །ལྷག་མས་ལོངས་སྤྱོད་ཉི་མ་ལ། །རིམ་མིན་སྦྱིན་ལ་རིམ་པ་སྦྱང༌། །དལ་བ་རྣམ་པར་དག་པའོ། །དམར་པོ་བླ་མ་སྤེན་པ་ཡི། །དལ་བ་གནས་གཉིས་གཡོན་ཕྱོགས་ཀྱི། །ཉི་མ་དག་པ་ཉིད་ལ་སྦྱང༌། །ལྷག་དཀར་དལ་བ་གནས་གཉིས་ཀྱི། །གཅིག་གིས་ལོངས་སྤྱོད་ལ་སྦྱངས་པའི། །ལྷག་པའི་སྐར་མས་མྱུར་རྐང་གཟུང༌། །མིག་དམར་རྒྱལ་བ་མེ་མིག་གསུམ། །ཟླ་མིག་གནས་གཉིས་ཉེས་ཚེས་དྲག །མེ་འོ་ཕྱི་མར་དྲག་པོ་དང༌། །སོ་བརྒྱད་བརྒྱད་ཅུ་ལྔ་བཅུ་གསུམ། །གཟའ་ལྷག་རྒྱལ་པོ་མི་བདག་ཚེས། །ཡིད་དང་འདོད་པ་དྲག་པོ་རི། །མདའ་མཁའ་ཕྱི་མར་རིག་བྱེད་དྲག །ཉི་ཤུ་ཉེར་བརྒྱད་སུམ་ཅུ་བཞི། །ཕུར་བུ་ཕྱོགས་བཅུ་བུ་ག་རོ། །དུས་རོ་མིག་ཟླ་ཕྱི་མར་ནི། །མེ་རོ་སྲིན་དྲག་རྒྱལ་པོ་རི། །པ་སངས་དེ་ཉིད་གནས་གསུམ་དང༌། །རྒྱལ་བ་གནས་གཉིས་མིག་ལ་གཉིས། །ཉེས་ཚེས་གདེང་ཅན་ཕྱི་མ་ལ། །དུས་དང་སུམ་ཅུ་དགུ་བཅུ་དགུ། །ཐ་མར་བདུན་ཅུ་རྩ་གསུམ་མོ། །སྤེན་པ་དུས་དབང་མདའ་ཆུ་སྟེ། །མིག་ལག་མཁའོ་ཕྱི་མ་ལ། །ཟུང་ཆུ་མདའ་དུས་ནོར་མེ་སྟེ། །ཀུན་ཀྱང་གནས་གཞན་བཅུ་བཞིའོ། །ཡང་དག་རྒྱུ་བས་ཆུ་ཚོད་བསྒྱུར། །མཁའ་རོས་རྙེད་པ་དེ་རྩར་གཞག །ལྷག་མ་ཆུ་སྲང་འོག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །སྔ་མར་སྦྱིན་ཞིང་ཕྱི་མར་སྦྱང༌། །ལྷག་མས་དལ་བ་གཡས་ཕྱོགས་ལ། །རིམ་མིན་བུ་ལོན་རིམ་པ་ནོར། །མྱུར་བ་རྣམ་པར་དག་པའོ། །དེ་ལྟར་དལ་མྱུར་གཞན་ཡང་ནི། །དྲང་འཁྱོག་འགྲོས་རྣམས་ལེགས་ཤེས་པས། །བཀྲ་ཤིས་ཟླ་སྐྱེས་བླ་མ་དང༌། །དཀར་པོ་དལ་བ་རྟོགས་པར་འགྱུར། །བློ་གྲོས་རིན་ཆེན་ལས་བྱུང་བའི། །ལེགས་བཤད་འོད་ཟེར་དྲི་མེད་ཕྲེང༌། །མི་ཤེས་མུན་པ་བསལ་ཕྱིར་སྤྲོས། །མཁྱེན་པའི་ཡེ་ཤེས་རྒྱས་གྱུར་ཅིག །ཡན་ལག་ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པ་རྣམས། ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པར་བྱེད་པ། རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བ། ཤཱཀྱའི་དགེ་ཚུལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ས་མོ་བྱའི་ལོ་ལ་སྦྱར་བ་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*