རལ་གྲི་ལ་སྤྲིང་བ།

༼བ༽

༄༅། །རལ་གྲི་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། མཁའ་དབྱིངས་དག་པར་སྐྱེ་དགུའི་སྒྲོན་མའི་དཔལ། །ཕུན་སུམ་ཚོགས་པ་འབར་བ་ལྷང་ངེ་ལྟར། །ཡོན་ཏན་ཕྲིན་ལས་འོད་སྟོང་འགྱེད་པ་པོ། །རྒྱལ་བ་སྲིད་གསུམ་སྒྲོན་མ་རྒྱལ་གྱུར་ཅིག །འཕགས་པས་རལ་གྲི་ལ་སྤྲིང་བ། ངེད་ལ་ས་སྐྱ་དང་འདི་ཕྱོགས་ན་གནས་པའི་གནས་སྐབས་དག་ཏུ། ཁྱེད་ཀྱིས་བསྐུར་བའི་ཡི་གེ་རྣམས་རིམ་པ་བཞིན་དུ་ཐེངས་ཤིང་མཐོང༌། སྔ་མ་དག་གི་ལན་ཅི་རིགས་སུ་སྤྲིངས་ལ། བར་སྐབས་སུ་འདི་མ་བཟོད་ན་མཁས་པའི་འཁྲུལ་རྟགས་ཡིན་ཞེས་པ་ལ་སོགས་པའི་ལན་བྲིས་མོད་ཀྱི་ཁྱེད་ཀྱི་ཡིད་མ་བཟོད་ཀྱིས་དོགས་ནས་མ་སྤྲིངས། ད་རེས་དཀོན་མཆོག་འབྱུང་གནས་ལ་སྤྲིང་བའི་ཡི་གེ་ནི། རྟོག་པ་དང་མདོ་སྡེ་དག་ལས་འབྱུང་བའི་ལུང༌། བརྩེ་བ་ལྟར་བཅོས་ནས་སྤྲིང་བའི་སྔ་མ་ནི། རང་ཉིད་ཀྱི་ལུང་གི་དོན་མ་ངེས་པས་གནས་མ་ཡིན་པ་ལ་དོགས་པའི་ཕྱིར་གྱི་ན་འགའ་ཞིག་ཏུ་རྟོགས་ལ། གཉིས་པའང་མིའི་སྐྱེ་དགུ་དང་བཅས་པའི་སའི་དཀྱིལ་འཁོར་འདི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པའི་འབྱུང་པོ་ཆེས་ཆེ་བ་དག་གིས་བདག་ཏུ་མ་བཟུང་བ་འགའ་ཡང་མེད་པའི་ཕྱིར་ཡུལ་ཕྱོགས་གང་དང་གང་ལ་འཚེ་བ་བྱས་ན་དེ་དང་དེའི་བདག་པོས་འཚེ་བའི་ལན་བྱེད་པ་ཚུལ་ལུགས་ཡིན་པས། བཟློག་པར་རིགས་ན་ཐམས་ཅད་ལ་ཐམས་ཅད་དུ་བཟློག་པར་རིགས་ཀྱི་ལེའུ་ཚན་ཁོ་ན་ལ་བཀར་ཏེ་ཅིའི་ཕྱིར་རྗོད་པར་བྱེད། གསུམ་པའང་སངས་རྒྱས་ཀྱིས་རྒྱའི་ཡུལ་གྱི་གཙུག་ལག་ཁང་དུ་བཞུགས་ཞེས་པ་ནི་ཡང་དག་པ་མ་ཡིན་ཏེ། དྲི་མ་མེད་པའི་ལུང་དག་ལས། ང་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། རྒྱའི་ཡུལ་དུ་ཆོས་འབྱུང་བར་འགྱུར་རོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱི་མི་ཆོས་ཁྲལ་གྱིས་ཉེན་པ་ལ་ཕན་པའི་ཐབས་ཀྱི་ཁུར་ངེད་གསུམ་ཆར་ལ་མཉམ་པོར་བསྐུར་འདུག་པས་ཁོང་གཉིས་ཀྱིས་ཇི་ལྟར་ཁུར་བའི་ཁུར་གྱི་ཆ་ཤས་ཁོ་བོས་ཀྱང་ཁུར་བ་ཡིན། འདིར་སྨྲས་པ། འགྲོ་ཀུན་ཞབས་འབྲིང་བྱེད་པར་དེ་ཐུགས་བསྐྱེད། །གནས་སྐབས་སྤྲིན་བཞིན་འབྱུང་བར་ཐུབ་པས་གསུངས། །དེ་ཡིས་དེ་མྱོང་དེ་ནི་ལས་ཀྱི་མཐུ། །དེ་ལ་མི་བཟོད་བྱེད་ན་བླུན་པོ་ཡིན། །གང་ཞིག་ཅུང་ཟད་ཤེས་པའི་མངོན་རློམ་གྱིས། །རྣམ་པར་བསྒྲིབས་པས་རང་གི་རང་བཞིན་དང༌། །གཞན་གྱི་ཚུལ་ཡང་ཚུལ་བཞིན་མ་མཐོང་བས། །རྟག་ཏུ་མུན་པར་གྱུར་པ་མ་ཡིན་ནམ། །རང་གི་ཡོན་ཏན་ཀུན་ནས་སྤྱོམས་ཕྱིར་དང༌། །ཁེངས་པས་ཁེངས་པ་གཞན་དག་ཟིལ་མནན་ཕྱིར། །འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་ཡང༌། །ངལ་བ་དོན་མེད་གྱུར་པ་མ་ཡིན་ནམ། །དཔལ་དང་གྲགས་པའི་གཟི་ཡིས་རབ་འབར་ཞིང༌། །གཙུག་ལག་དུ་མ་མཐོང་ཞིང་ཐོས་གྱུར་ཀྱང༌། །སླར་ཡང་དུལ་བའི་དཔལ་གྱིས་རབ་མཛེས་པ། །སྲིད་པ་གསུམ་ན་དཀོན་པ་མ་ཡིན་ནམ། །གཞན་ཡང་ཁྱོད་ཀྱིས་བསྐུར་བའི་ཡི་གེའི་རྟེན་དག་ལུང་དང་རྒྱ་གར་གྱི་དཔེ་དང༌། ཆོས་རྗེ་པས་བསྒྱུར་བའི་བོད་ཀྱི་ཡི་གེ་དང༌། མདོ་དང་མདོ་ལས་བཏུས་པ་ལས་ཡང་ཡང་མཐོང་ཞིང་ངེས་ཟིན་པའི་ཕྱིར། གནས་མ་ཡིན་པ་ལ་ངོ་མཚར་བར་སྟོན་པ་ནི། ངོ་མཚར་བ་ལ་མི་མཚར་དང༌། །མི་མཚར་བ་ལ་ངོ་མཚར་དུ། །རྟོགས་པ་དེ་དག་ངོ་མཚར་ལས། །ཤིན་ཏུ་ངོ་མཚར་གྱུར་པ་ཡིན། །ཡང་ཁྱོད་ཀྱི་ཡི་གེའི་མཇུག་ན། རྒྱ་གར་ཁ་ཆེ་བལ་པོའི་བསྟན་པ་ནུབ། །བོད་ཀྱི་དགེ་སྦྱོང་ཁེ་རྙེད་འདུ་འཛིས་བྲེལ། །ཤཱཀྱའི་བསྟན་པ་ཡུན་རིང་མི་གནས་པས། །ཐར་འདོད་རྣམས་ཀྱིས་བག་ཡོད་བརྩོན་པར་གྱིས། །ཞེས་བྲིས་པའང༌། ཡང་དག་ཁོ་ནར་མ་རྟོགས་ཏེ། བསྟན་པ་ནུབ་སར་གང་ལ་བརྩོན་པར་བྱེད། །རྙེད་པས་གཡེངས་ལ་ཐར་པ་འདོད་པ་ཅི། །དེ་ཕྱིར་ཁྱོད་ཀྱིས་དེ་སྐད་འདོམས་པ་ཡི། །ཡུལ་དེ་གང་ན་གནས་པ་སུ་ཞིག་ཡིན། །ཁྱེད་རང་ཡང་ཁེ་དང་རྙེད་པའི་འདུ་འཛིས་བྲེལ་བར་ཁས་བླངས་འདུག་པས་ཡི་གེའི་རྟེན་དུ་གསེར་ཞོ་དོ་བསྐུར་ཡོད། གཞན་དག་གིས་སྤྲིངས་ཡི་གེའི་ཚུལ་ལས་ཚུལ་གཞན་དུ། །ཁྱོད་ཀྱི་འདི་ནི་ཁོ་བོས་མཐོང་ནས་ཁོ་བོ་ཡི། །སྤྲིང་ཡིག་གཞན་ལས་གཞན་པའི་ཚུལ་གྱིས་ཉེར་སྦྱར་ནས། །ཁྱོད་ལ་སྤྲིངས་འདིའང་འདི་ལྟ་ཁོ་ནར་གཟུང་བར་གྱིས། །བྱ་ལོ་དཔྱིད་ཟླ་འབྲིང་པོའི་ཉི་ཤུ་གསུམ་ལ་ཤིང་ཀུན་དུ་བྲིས་པའི་ཡི་གེ བཀྲ་ཤིས་པར་སྨོན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*