དྲན་པ་གསོ་ཐབས།

༼བ༽

༄༅། །དྲན་པ་གསོ་ཐབས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། གང་གི་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས། །སྐྱོན་རྣམས་རྒྱུ་དང་བཅས་པ་རིང་སྤངས་ཤིང༌། །ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་གྱུར་པ། །འགྲོ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་ལྟ་བའི་འཆིང་བ་ཀུན། །རྣམ་པར་བཀྲོལ་ནས་བདེ་ཆེན་ལམ་སྟོན་ཅིང༌། །སྲིད་དང་ཞི་བ་འཇིགས་པ་ཀུན་སྐྱོབ་པ། །འདྲེན་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ལེགས་ཚོགས་རྒྱ་མཚོ་ལས། །ལེགས་པའི་མན་ངག་ནོར་བུ་རིན་ཆེན་ཚོགས། །བཤེས་གཉེན་མཆོག་གིས་བདག་ལ་ལེགས་གནང་བའི། །ཚུལ་འདི་རང་གིས་དྲན་བཞིན་བྲི་བར་བྱ། །སྲིད་པའི་འདི་ནི་སྡུག་བསྔལ་རྒྱ་མཚོ་སྟེ། །ཉོན་མོངས་ཆུ་སྲིན་ཚོགས་ཀྱིས་རབ་ཏུ་གང༌། །སྐྱེ་རྒ་ན་འཆིའི་རྦ་རླབས་རབ་ཏུ་འཁྲུགས། །འདི་ལ་ཐོག་མ་མེད་ཅིང་ཐ་མ་མེད། །མཐའ་དང་དབུས་མེད་ཟད་མེད་འཕེལ་བ་མེད། །དེ་འདྲའི་རྒྱ་མཚོར་ཐོག་མེད་དུས་ནས་འཁྱམས། །ད་དུང་དུ་ཡང་དེ་རྒྱུན་མ་བཟློག་ན། །ཕྱི་མའི་མུར་ཐུག་མེད་པར་འཁྱམས་གྱུར་པས། །འདི་རྒྱུད་གཅད་པའི་ཕྱིར་ན་བརྩོན་པར་བྱ། །སྟོན་པ་སྲེད་པའི་འཆིངས་ལས་མ་གྲོལ་ཞིང༌། །བསྟན་པ་སྲིད་པའི་རྒྱུ་དང་མི་འགལ་ལ། །བཤེས་གཉེན་འཇིག་རྟེན་ཕུན་ཚོགས་དོན་གཉེར་བ། །དེ་ལྟའི་རྗེས་ཞུགས་དེ་ལས་རབ་འདས་ཀྱང༌། །དམུས་ལོང་གྲོགས་བྲལ་རྒྱ་མཚོར་འཇུག་དང་མཚུངས། །སྟོན་པ་གང་ཞིག་སྐྱོན་བྲལ་ཡོན་ཏན་རྫོགས། །བསྟན་པ་བདག་ལྟའི་གཉེན་པོ་ཉིད་གྱུར་ལ། །བཤེས་གཉེན་ངེས་འབྱུང་ལམ་ལ་རབ་མཁས་པ། །དེ་དག་ལ་བརྟེན་སྲིད་ལས་བརྒལ་འདོད་གང༌། །དེད་དཔོན་མཆོག་ལྡན་གྲུ་ཆེན་ནང་ཞུགས་ནས། །རྒྱ་མཚོ་ལས་བརྒལ་རིན་ཆེན་གླིང་ཞུགས་ཏེ། །ཡིད་བཞིན་ནོར་བུས་བདག་གཞན་དོན་གྲུབ་མཚུངས། །ཅེས་པ་འདི་ནི་འཕགས་པས་སྨྲས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*