ངན་པའི་སྤྱོད་ཚུལ་ལ་ཁྲེལ་བའི་གཏམ།

༼བ༽

༄༅། །ངན་པའི་སྤྱོད་ཚུལ་ལ་ཁྲེལ་བའི་གཏམ་བཞུགས།།

༄༅། །འདིར་སྨྲས་པ། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན། །སྙིགས་མའི་ལམ་ལ་ཀུན་ནས་གཞོལ་གྱུར་པ། །དེ་དག་རྣམས་ཀྱི་བསམ་དང་སྤྱོད་པའི་ཚུལ། །སྙིགས་མར་གྱུར་པའི་ཚུལ་ཡང་འདི་ལྟར་སྣང༌། །བདག་བདེ་གཞན་ཡང་བདེ་བར་འདོད་བཞིན་དུ། །བདེ་བའི་འབྱུང་གནས་བདེ་བར་གཤེགས་པ་ཡི། །གསུང་གི་མཛོད་ལ་བློ་གྲོས་མི་འཇུག་པ། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །དལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིང༌། །དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་བཞིན་དུ། །དོན་ཆེན་མི་བསྒྲུབ་ཕྱི་མར་སྨོན་འདེབས་པ། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །བདེ་མཆོག་བདེ་བླག་ཐོབ་བྱེད་བླ་མ་ལ། །སྐྱབས་སུ་སོང་ནས་ཉེ་བར་བསྟེན་བཞིན་དུ། །འབད་ནས་དེ་གསུང་ལེགས་པར་མི་བསྒྲུབ་གང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །གང་ཞིག་སེམས་ཀྱིས་བླ་མར་གསོལ་འདེབས་བཞིན། །ལུས་དང་ངག་གིས་བྱེ་བ་ཕྲག་བརྒྱ་ཡིས། །ཉེ་བར་སྟོན་པའི་ཐུགས་སུན་འབྱིན་པ་གང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །བརྩེ་བས་གདམས་པའི་ཚིག་གི་ཉིང་ཁུ་གང༌། །ཉེ་བར་བྱིན་པའི་ཚེ་ན་མི་འཐུང་ཞིང༌། །གཞན་དུ་ཇི་ལྟར་བྱ་ཞེས་འདྲི་བ་གང༌། །དེ་འདྲའི་ཚུལ་ལ་ཁོས་བོས་མཚར་དུ་བརྩིས། །ཡོན་ཏན་རྒྱ་མཚོར་མཆོད་པར་མི་བརྩོན་ཞིང༌། །རྐང་གཉིས་དབང་པོའི་གསུང་དོན་མི་གཉེར་བར། །རང་ལ་ལེགས་པར་འབྱུང་བར་རེ་བ་གང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །བློ་མཆོག་རྣམས་ཀྱི་རྗེས་སུ་མི་འཇུག་ཅིང༌། །དམ་པའི་ངག་ལས་ངེས་པར་བརྒལ་བཞིན་དུ། །རང་གི་དོན་ཀུན་འགྲུབ་པར་རེ་བ་གང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །དམ་པ་རྣམས་ལ་རྟག་ཏུ་འཛུར་ཞིང་འབྲོས། །སྐྱེ་བོ་དམན་པ་རྣམས་ལ་བག་ཕབ་ནས། །རང་གི་ཀུན་སྤྱོད་མཛེས་པར་རེ་བ་གང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །ཟབ་དང་རྒྱ་ཆེར་ངག་ཚིག་བརླིང་པོ་ཅན། །བསྒོམ་བྱའི་དོན་ལ་བློ་གྲོས་མི་སྦྱོར་བར། །བསྒོམས་པ་ཙམ་གྱིས་གྲོལ་བར་རེ་བ་གང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །བསྒྲུབ་པར་ནུས་བཞིན་དོན་ཆེན་མི་བསྒྲུབ་པར། །ཁོ་བོ་ལེ་ལོ་ཆེ་བས་མི་འགྲུབ་ཅེས། །སྐྱོན་ལ་ཡོན་ཏན་བཞིན་དུ་སྙེམས་པ་ཡང༌། །དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩིས། །སྐྱེ་བོ་ལོག་པར་སྲེད་པའི་སྲད་བུ་ཡིས། །རྣམ་པར་བཅིངས་པས་སྐྱེ་ངན་ལ་དགའ་བ། །དེ་དག་ཚུལ་བཞིན་སེམས་དཔའི་ཡིད་ལྡན་ཞིང༌། །སྐྱེ་བོ་དམ་པའི་སྤྱོད་ལ་གཞོལ་གྱུར་ཅིག །འདི་ཡང་འདིར་སྨོས་སྤྱོད་ཚུལ་དང་ལྡན་པ། །དུ་མའི་ངང་ཚུལ་མཐོང་བས་དེ་བཟློག་ཕྱིར། །བློ་གྲོས་དམ་པའི་རྒྱལ་མཚན་དཔལ་འཛིན་པས། །མེ་སྦྲུལ་རྒྱལ་གྱི་ཟླ་བར་སྦྱར་བ་ཡིན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*